དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๕ · หน้า 134a
པའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་བོ། །ཇི་ལྟར་གསོལ་བ་གདབ་ཅེ་ན། འདི་ལྟར་སེམས་ཅན་འདི་དག་ནི་བཟའ་བ་དང་བཏུང་བ་སྟེ། ཟས་དང་རོ་ལ་བརྐམ་པ་ལགས་ཏེ། སྲེད་པ་དེས་འཇིག་རྟེན་པའི་དཀྱིལ་
འཁོར་ངན་སོང་གི་སྒོར་གྱུར་པ་དེ་དག་ཏུ་འཇུག་པར་འགྱུར་ལ། འདི་ན་ཡང་བཟའ་བ་དང་བཏུང་བ་ལ་སོགས་པ་ཡོད་དོ་ཞེས་བཅོམ་ལྡན་འདས་ཀྱིས་སྔར་དམ་བཅས་པ་མཛད་པ་ལགས་ཏེ། དེ་བས་ན་འདིར་ཇི་ལྟར་ཕུལ་བའི་ཞལ་ཟས་ལ་སོགས་པ་དེ་རྣམས་ལ་
སྩལ་དུ་གསོལ་ཞེས་གསོལ་བ་གདབ་པར་བྱའོ། །ཇི་ལྟར་ཞུགས་པ་རྣམས་ཞེས་བྱ་བ་ནི་བསམ་པ་གང་དང་གང་གིས་ཞུགས་པའོ། །འདི་སྐད་སྟོན་ཏེ། གང་བཟའ་བ་དང་བཏུང་བ་ལ་སོགས་པ་འདོད་པས་ཞུགས་པ་དེ་རྣམས་ལ་དེ་དང་དེ་དག་ཉིད་ཀྱིས་ཀུན་ཏུ་ཚིམ་
པར་བྱའོ། །གང་ཚུལ་ཁྲིམས་ལ་སོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དེ་རྣམས་ལ་ནི། དེ་ལྟ་བུའི་དངོས་པོ་ལ་འདོད་པ་མེད་དོ་ཞེས་སྔར་བྱེ་བྲག་ཏུ་ཕྱེ་སྟེ་སྨྲས་ཟིན་པ་ཡིན་ནོ། །དེ་བས་ན་ཐམས་ཅད་ལ་བཟའ་བ་དང་བཏུང་
བ་ལ་སོགས་པ་ངེས་པར་མི་སྦྱིན་དུ་མི་རུང་བ་ནི་མེད་དོ། །ཅི་འབྱོར་པའི་ཞེས་བྱ་བ་ནི་ཅི་བདོག་པ་ལས་སོ། །རོ་ཐམས་ཅད་ཅེས་བྱ་བ་ནི་བཏུང་བ་ལ་སོགས་པས་སོ། །ཁ་ཟས་ཞེས་བྱ་བ་ནི་བཟའ་བ་དང་བཅའ་བའོ། །གནས་པ་ནི་གླུ་དང་གར་ལ་སོགས་པས་
སོ། །ཡོ་བྱད་ཐམས་ཅད་ཅེས་བྱ་བ་ནི། གོས་དང་། གདུགས་དང་། བུམ་པ་ལ་སོགས་པས་སོ། །མགུ་བར་བྱས་ཏེ་ཞེས་བྱ་བ་ནི་དགའ་བར་བྱས་པའོ། །དེ་ལྟར་ལྷ་རྣམས་མཆོད་པ་དང་། སློབ་མ་རྣམས་ཡང་དག་པར་མགུ་བར་བྱས་ནས། ད་ནི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་ནོ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དག་གི་དངོས་གྲུབ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་པོ། །དེའི་
เล่ม ๕๕ · หน้า 134b
མཚན་མར་གང་ཞིག་ཐོགས་ནས་སློབ་དཔོན་དཀྱིལ་འཁོར་ལ་སོགས་པའི་ལས་བྱེད་པ་སྟེ། རྩེ་གསུམ་པའི་རྡོ་རྗེ་ཡིན་ལ། དེའི་བརྟུལ་ཞུགས་ཏེ་རྟག་ཏུ་འཆང་བའོ། །ཇི་ལྟར་བྱིན་པར་བྱ་ཞེ་ན། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཅེས་བྱ་བ་ལ་སོགས་པའི་
ཚིག་གིས། འདི་ཞེས་བྱ་བ་ནི་ལག་ན་གནས་པའོ། །དེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ལག་ན་འདུག་པ་གང་ཡིན་པ་དེའོ། །སངས་རྒྱས་ཐམས་ཅད་ཉིད་ཅེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཞེས་བྱ་
བ་ནི་སློབ་མ་ལ་བསྒོ་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་ནི་ལག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན་ཞེས་བྱའོ། །འདི་སྐད་སྟོན་ཏེ། འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་མ་རུངས་པ་ཐམས་ཅད་འདུལ་བར་མཛད་པ་ལ་མི་ཕྱེད་པའི་བརྟུལ་ཞུགས་ཡིན་ནོ། །དེ་ལྟར་
སློབ་དཔོན་གྱིས་བསྒོ་བར་བྱ་ཞིང་། སློབ་མས་ཀྱང་རྡོ་རྗེ་བླངས་ལ་ཇི་སྐད་དུ་བཤད་པའི་སྙིང་པོ་བརྗོད་པར་བྱའོ། །འདི་ནི་ལས་ཀྱི་རྡོ་རྗེ་ཡིན་ནོ། །དབང་བསྐུར་བའི་ཚེའི་རྡོ་རྗེ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་རྡོ་རྗེ་ཡིན་ནོ། །དེ་ནས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་
ནི་ཡང་སྔར་བཤད་པའི་མནའི་སྙིང་པོ་ཉིད་སྟོན་ཏོ། །འགའ་ཞིག་འདི་སྙམ་དུ་སེམས་ཏེ། དཀྱིལ་འཁོར་དུ་མ་ཞུགས་ཤིང་དམ་ཚིག་མ་ཐོབ་པ་རྣམས་ལ་ཕྱག་རྒྱ་འབའ་ཞིག་བསྟན་པར་མི་བྱའོ། །སླར་གཤེགས་སུ་གསོལ་བ་ལ་སོགས་པའི་ཆོ་གའི་ཚོགས་
རྣམས་ནི་མ་གཏོགས་སོ་སྙམ་དུ་རྟོགས་པར་མ་གྱུར་ཅིག་སྙམ་དུ་དགོངས་ནས། སླར་ཡང་མནའི་སྙིང་པོ་བསྟན་ཏེ་བྱིན་ཅིག་པར་གསུངས་པ་ཡིན་ནོ། །མཐར་མནའི་སྙིང་པོ་བྱིན་པས་ནི་འདི་ལྟར་སྟོན་ཏེ། །ཅུང་ཟད་ཀྱང་སྨྲས་པར་མི་བྱའོ་ཞེས་སྨྲས་པ་
ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །ཇི་ལྟར་ཞུགས་པ་རྣམས་སླར་བཀྱེ་སྟེ་ཞེས་བྱ་བ་ནི་ཡང་དག་པར་སླར་བཏང་བ་སྟེ། ཞུགས་པའི་རྣམས་བསམ་པ་རྫོགས་པར་བྱས་ལ་སླར་གཏང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཡང་དེ་བཞིན་གཤེགས་
เล่ม ๕๕ · หน้า 135a
པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །གསོལ་བ་ཇི་ལྟར་གདབ་ཅེ་ན། སྔར་གསོལ་བ་བཏབ་པ་བཞིན་དུ་ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ལ་རྗེས་སུ་བརྩེ་བས་བཀའ་སྩལ་ཅིང་། དཀྱིལ་འཁོར་བྱིན་གྱིས་བརླབས་ཏེ་སེམས་ཅན་
གྱི་དོན་མཛད་ན། སོ་སོའི་སྐྱེ་བོ་རྣལ་འབྱོར་ལ་དབང་མ་ཐོབ་པ་རྣམས་བསྐྱུང་ངས་པའམ། ཡོ་བྱད་མ་ཚང་བ་ལ་སོགས་པས་ཉེས་པ་གང་ཅུང་ཟད་ཅི་བགྱིས་པ་དེ་དག་བཟོད་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ལ། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་
ནས་ཁ་གྱེན་དུ་བསྟན་ཏེ་བཀྲོལ་ལ། དཀྱིལ་འཁོར་པའི་སེམས་དཔའ་ཐམས་ཅད་དགྲོལ་ཏེ། གང་དུ་དགྱེས་པར་གཤེགས་པར་བསམ་ཞིང་། །རྒྱུད་ལས་གསུངས་པའི་སྙིང་པོ་ཀྲྀ་ཏོ་བ་སརྦ་སཏྭཱརྠ་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ། །ཁྱེད་ཀྱིས་
སེམས་ཅན་དོན་ཀུན་མཛད། །ཅེས་བྱ་བ་ལ། ཁྱེད་ཅེས་བྱ་བ་ནི་ཁྱེད་རྣམས་ཀྱིས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་ནི་སེམས་ཅན་དོན་ཀུན་ཏེ། །སློབ་དཔོན་དང་སློབ་མ་ལ་སོགས་པ་རྣམས་ཀྱིའོ། །མཛད་པ་ནི་བསྒྲུབས་པའོ། །རྗེས་སུ་མཐུན་པར་དངོས་
གྲུབ་སྩོལ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཅི་རིགས་པར་བྱ་བའི་དོན་ཏོ། །སངས་རྒྱས་ཡུལ་དུ་བཞུད་པར་མཛོད། །ཅེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཡུལ་ཡིན་པས་ན་སངས་རྒྱས་ཡུལ་ཏེ། འཇིག་རྟེན་
གྱི་ཁམས་ཡོངས་སུ་དག་པ་རྣམས་སོ། །ཇི་ལྟར་ཡེ་མི་གཤེགས་པར་རམ་ཞེ་ན། དེ་ནས་སླར་ཡང་གཤེགས་པར་གསོལ། །ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། སེམས་ཅན་གྱི་དོན་མཛད་ཅིང་ཅི་ནས་ཀྱང་སླར་གཤེགས་པ་དེ་ལྟ་བུར་གཤེགས་སུ་གསོལ་གྱི།
སླར་ཡེ་མི་བྱོན་པར་གཤེགས་སུ་གསོལ་བ་ནི་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་གང་འདིར་གསུངས་པའི་ཆོ་ག་ནི་སྤྱི་ཡིན་ནོ་ཞེས་བསྒྲེ་བ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་ལ་ཞེས་བྱ་བ་ནི། གཟུངས་ཀྱི་དཀྱིལ་འཁོར་ལ་སོགས་པ་འོག་ནས་བཤད་པ་རྣམས་དང་།
เล่ม ๕๕ · หน้า 135b
འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལ་སོགས་པ་རྣམས་ལ། དཀྱིལ་འཁོར་སླར་གཤེགས་སུ་གསོལ་བ་ལ་སོགས་པ་ནི། སྤྱིའི་ཆོ་ག་ཡིན་པར་ཤེས་པར་བྱའོ། །དམ་ཚིག་མཆོག་ཅེས་བྱ་བ་ལ་སོགས་པ་ལ་ཁྱད་པར་འདི་ཡོད་དོ། །དཀྱིལ་འཁོར་གང་དང་གང་
དུ་དམ་ཚིག་མཆོག་གི་ཕྱག་རྒྱ་གང་དང་གང་འབྱུང་བ་དེ་དང་དེར་ཁ་གྱེན་དུ་བསྟན་ཏེ། བཀྲོལ་ན་དཀྱིལ་འཁོར་བའི་སེམས་དཔའ་རྣམས་བཀྲོལ་བ་བྱས་པར་འགྱུར་རོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་བཞིན་
གཤེགས་པ་དེ་དག་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི་དེ་ཐུགས་སུ་ཆུད་པའོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ་ཆེན་པོ་རྣམས་ཀྱི་ཐེག་པ་སྟེ། ཆེ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཉིད་དོ། །ཐེག་པ་ནི་འདིས་ནི་འགྲོ་བར་བྱེད་པས་ན་
ཐེག་པ་སྟེ་ས་བཅུའོ། །ཡང་ན་བགྲོད་པར་བྱ་བ་ཡིན་པས་ན་ཐེག་པ་སྟེ། སངས་རྒྱས་ཀྱི་ས་ཀུན་དུ་བཟང་པོའོ། །དེ་བས་ན་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་ལ། དེ་སྟོན་པར་བྱེད་པའི་གཞུང་ལ་ཡང་ཐེག་པ་ཆེན་པོ་ཞེས་
བྱའོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ་སྟེ། དེའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོ་དངོས་གྲུབ་ཀྱི་དོན་དུ་འདིར་བརྟགས་པའི་ཆོ་ག་རྣམས་ནི་རྟོག་པ་སྟེ། རྟོག་པ་ཡང་
ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྟོག་པ་ཆེན་པོའོ། །རྟོག་པ་གཞན་རྣམས་ལས་ཤིན་ཏུ་ཕུལ་དུ་བྱུང་བས་ན་རྒྱལ་པོ་སྟེ། དེའི་ཕྱིར་དེ་ལས་སོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྡོ་རྗེ་དབྱིངས་ཀྱིས་ཉེ་བར་མཚོན་པའི་དཀྱིལ་འཁོར་
ཡིན་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ། །དེའི་ཆོ་ག་ནི་ཐབས་ཏེ། གང་གིས་འདི་རབ་ཏུ་སྒྲུབ་པར་བྱེད་པའོ། །རྒྱས་པ་ནི་དེའི་བྱེ་བྲག་གོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་འགྲེལ་པ་རྫོགས་སོ།། །།
เล่ม ๕๕ · หน้า 136a
རྒྱུད་འདིར་ཕྱག་རྒྱ་བཞི་བསྟན་པ་ལས། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་བསྟན་ཟིན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་དམ་ཚིག་གི་དོན་དུ་དཀྱིལ་འཁོར་བཤད་པར་བྱ་དགོས་ཏེ། དེ་བས་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ནས་
ཞེས་བྱ་བ་ནི་གནས་སྐབས་ཀྱི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐལ་བ་ཕུན་སུམ་ཚོགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུངས་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུངས་ཏེ། རྡོ་རྗེ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། གཟུངས་ཞེས་བྱ་བ་གཉི་ག་དང་སྦྱར་བར་བྱའོ། །གཟུངས་ཞེས་བྱ་བའི་སྒྲ་ནི་སྔགས་ཀྱི་གཟུངས་ཡོངས་
སུ་གཟུང་ངོ་། །དེ་རྣམས་ཀྱི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའོ། །དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པར་མཛད་དོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་སྙོམས་པར་
ཞུགས་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །ཡང་དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་དེ་ནས་སྐད་ཅིག་མ་དེ་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་བཞིའི་ཐུགས་ལས་སོ། །དྲིས་པས་དཀྱིལ་འཁོར་སླར་བཀྱེ་བས། དེ་བཞིན་གཤེགས་པ་རྣམས་
སླར་གཤེགས་སུ་གསོལ་བ་ཡིན་ན། ཇི་ལྟར་ན་དེ་རྣམས་སླར་ཡང་སྙོམས་པར་ཞུགས་པར་མཛད། གླེང་གཞི་མེད་པར་ཡང་སྔགས་ལ་སོགས་པ་ཡང་ཇི་ལྟར་གསུང་། དེ་ནི་བདེན་མོད་ཀྱི་གང་སླར་གཤེགས་སུ་གསོལ་བ་དེ་ནི་དེ་ལྟར་དཀྱིལ་འཁོར་གྱི་སློབ་དཔོན་དག་དཀྱིལ་འཁོར་གཅིག་གི་དགོས་པ་
མངོན་པར་འདོད་པ་རྣམས་ཀྱི་ཡིན་པར་ཟད་ཀྱི། གང་རྒྱུད་ཀྱི་དོན་སྟོན་པར་མངོན་པར་བཞེད་པའི་བཅོམ་ལྡན་འདས་དེ་རྣམས་ནི་སོ་ན་བཞུགས་བཞིན་དུ། བརྟག་པ་གཞན་རྣམས་དང་དཀྱིལ་འཁོར་གཞན་རྣམས་སུ་ཐུགས་བསྐྱེད་པ་ཙམ་གྱིས་བྱོན་ནས་དགོངས་པར་མཛད་དོ། །དེ་ལྟ་བས་ན་དེ་བཞིན་
เล่ม ๕๕ · หน้า 136b
གཤེགས་པ་ལྔ་ནི་རྟག་ཏུ་ཡང་དེ་ན་བཞུགས་པའི་ཕྱིར། གླེང་གཞི་མ་སྨོས་སུ་ཟིན་ཀྱང་དཀྱིལ་འཁོར་ཆེན་པོར་གསུངས་པའི་གླེང་གཞི་དེ་ཉིད་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་དཀྱིལ་འཁོར་ཆེན་པོར་སླར་གཤེགས་པའི་ཆོ་ག་བསྟན་ལ། དེ་ལྟར་གཟུངས་ཀྱི་དཀྱིལ་འཁོར་ལ་འཇུག་པའི་ཆོ་ག་བརྩམས་པ་
ཡིན་ནོ། །དེ་ལྟ་བས་ན་དཀྱིལ་འཁོར་ཐམས་ཅད་དུ་ཡང་དཀྱིལ་འཁོར་སྔ་མ་ལས་སླར་གཤེགས་སུ་གསོལ་ཞིང་། ཕྱི་མའི་མགོ་རྩོམ་པ་འདི་ཉིད་ནི་རྣལ་འབྱོར་གྱི་གནས་ཡིན་པར་ཤེས་པར་བྱའོ། །གདུལ་བྱའི་བྱེ་བྲག་རྣམས་རྗེས་སུ་གཟུང་བའི་དབང་དང་། དགོས་པའི་ཁྱད་པར་སོ་སོར་བསྒྲུབ་པར་བྱ་བའི་
ཕྱིར། བརྟག་པ་གཞན་དང་དཀྱིལ་འཁོར་གཞན་དུ་ཏིང་ངེ་འཛིན་གཞན་དག་ལ་སྙོམས་པར་ཞུགས་པར་མཛད་ཅིང་སྙིང་པོ་བརྗོད་ཅིང་། འཇིག་རྟེན་གསུམ་པོ་དམ་ཚིག་འཛིན་པ་ལ་བཙུད་ནས་རྒྱུད་ཡོངས་སུ་སྟོན་པར་མཛད་དེ། དེ་བས་ན་གླེང་གཞི་ནི་གཅིག་ཁོ་ནར་ཟད་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཕྱག་
ན་རྡོ་རྗེ་དེ་ཉིད་ཅེས་བྱ་བ་ནི་གང་སྔར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བསྟན་པ་དེས་ཇི་སྐད་གསུངས་པའི་དགོས་པ་དག་མཛད་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་པའི་གཟུགས་འཛིན་པ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་བར་མཛད་པས་ན་རྡོ་རྗེ་འཛིན་པའོ། །འདི་ནི་
དེའི་གཟུགས་འཛིན་པའི་ངང་ཚུལ་ཅན་ཡིན་པས་ན་རྡོ་རྗེ་འཛིན་པའི་གཟུགས་འཛིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཀུན་དུ་འབར་བའི་སྙིང་པོ་ཡང་ཡིན་ཏེ། ཀུན་ནས་འབར་བས་བསྐོར་བས་ན་ཀུན་དུ་འབར་བའི་སྙིང་པོ་སྟེ། འབར་བའི་ཕྲེང་བས་ཀུན་ནས་འཁྲུག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་དེ་གང་ཞིག་ཡིན་
ཞེ་ན། རྡོ་རྗེ་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དེ་རྣམས་ཀྱི་གཟུངས་ཡིན་པས་ན་རྡོ་རྗེའི་གཟུངས་སོ། །ཡང་ན་རྡོ་རྗེས་ཉེ་བར་མཚོན་པའི་གཟུངས་ཡིན་པས་ན་རྡོ་རྗེའི་གཟུངས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་
དམ་ཚིག་ཅེས་བྱ་བའི་སྒྲས་འདིར་དཀྱིལ་འཁོར་ལ་བྱ་བར་བཤད་ལ། དེའི་ཕྱག་རྒྱ་སྟེ། དེའི་ལྷ་མོར་གྱུར་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཕྱག་རྒྱའི་ལྷ་མོར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་སྤྲོ་བ་
เล่ม ๕๕ · หน้า 137a
སྟོན་ཏོ། །སངས་རྒྱས་ཀུན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུངས་ཀྱི་ཡེ་ཤེས་བསྒྲུབས་ཏེ་ཞེས་བྱ་བ་ནི་རྡོ་རྗེའི་གཟུངས་མ་ཐམས་ཅད་ཀྱི་དགོས་པ་རྣམས་བྱས་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའི་གཟུགས་སུ་གྱུར་ནས།
ཞེས་བྱ་བ་ནི་བདག་ཉིད་ཀྱི་ལྷ་མོའི་གཟུགས་མི་སྣང་བར་བྱས་ནས་ཕྱག་རྒྱའི་གཟུགས་སུ་གནས་ཏེ་སླར་བྱོན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྟོགས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཇི་སྐད་གསུངས་པ་དེའི་བཀོད་པའི་ཚུལ་གྱིས་ཟླ་བའི་དཀྱིལ་འཁོར་རྣམས་ལ་འཁོད་དེ། ཆེད་དུ་བརྗོད་
པ་འདི་ཆེད་དུ་བརྗོད་པ་སྟེ། ཟླ་བའི་དཀྱིལ་འཁོར་རྣམས་ཀྱིས་དགོས་པ་དང་། སྒྲུབ་པ་རྣམས་ཀྱང་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་བྱང་ཆུབ་སེམས། སེམས་ཅན་ཀུན་ལ་ཕན་བཞེད་པ། །ཞེས་བྱ་བ་སྟེ། གང་ཕྱིར་
ཞེས་བྱ་བ་ནི་སེམས་ཅན་ཀུན་ལ་ཕན་མཛད་པ་གང་གི་ཕྱིར་རོ། །གདུལ་བའི་དབང་གིས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤྱོད་པའི་སེམས་ཅན་རྣམས་ཀྱི་དབང་གིས་སོ། །དཔའ་བོ་གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟེ། ཀུན་དུ་བཟང་པོ་ལ་སོགས་པའོ། །བུད་མེད་
གཟུགས་སུ་འང་མཛད་པར་གྱུར། །ཞེས་བྱ་བ་ནི་འཇིག་རྟེན་ན་ཤིན་ཏུ་སྨད་པའི་བུད་མེད་ཀྱི་གཟུགས་སུ་ཡང་ཞལ་གྱིས་བཞེས་པར་མཛད་པ་འདི་ནི་ངོ་མཚར་ཆེའོ། །དེ་ལྟར་དཀྱིལ་འཁོར་སྤྲུལ་པར་མཛད་ནས། ད་ནི་དེ་རྣམས་ཀྱི་རིག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་
གཞུང་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སོ། །དེ་རྣམས་ཀྱི་ཕྱག་རྒྱ་ཡིན་ཞིང་དེའི་དམ་ཚིག་སྟེ། དམ་ཚིག་ཀྱང་ཡིན་ལ་རྡོ་རྗེ་དབྱིངས་ཀྱང་ཡིན་ཏེ། རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་དཀྱིལ་འཁོར་དབུས་མ་ལ་བྱའོ། །དེ་བྱིན་
གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་མིང་འདི་སྐད་ཅེས་བྱ་བ་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ། རིག་པ་འདི་གསུངས་པའོ། །ད་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པས་ཀྱང་རང་གི་རིག་པ་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་སེམས་དཔའ་ཡང་
เล่ม ๕๕ · หน้า 137b
ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཡེ་ཤེས་སོ། །དེའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་དག་གི་དཀྱིལ་འཁོར་
རོ། །དེ་བྱིན་གྱིས་རློབ་པར་བྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་གསུངས་སོ། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་
ཡིན་ལ་རྡོ་རྗེ་རིན་པོ་ཆེ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེའི་ཡེ་ཤེས་ཡིན་ཞིང་དེའི་དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་
ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་གསུངས་སོ། །དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ཆོས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་སོ། །དེའི་དམ་ཚིག་ནི་སྙིང་པོ་
དང་ཕྱག་རྒྱ་ལ་སོགས་པའོ། །དེའི་ཡེ་ཤེས་ཡིན་ཞིང་དེའི་ཕྱག་རྒྱ་སྟེ་དམ་ཚིག་གི་ཕྱག་རྒྱའོ། །དེའི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་ལྡན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས་རང་གི་རིག་པའི་མཆོག་འདི་གསུངས་
སོ། །དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ལས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་སོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེའི་ཡེ་ཤེས་ཡིན་ཞིང་དེའི་ཕྱག་རྒྱ་སྟེ། དམ་
ཚིག་གི་ཕྱག་རྒྱའོ། །དེ་དག་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར། ཏིང་ངེ་འཛིན་གང་དོན་དང་ལྡན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པའི་མཆོག་འདི་གསུངས་སོ། །ད་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་
เล่ม ๕๕ · หน้า 138a
ཀྱིས་ཀྱང་རང་རང་གི་རིག་པ་བཤད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཆེན་མོ་ཞེས་བྱ་བ་ནི་མཐུ་ཆེན་པོ་དང་ལྡན་པས་གཟུངས་ཆེན་མོའོ། །དམ་ཚིག་གི་ཕྱག་རྒྱ་བཞི་པོ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་བཞིའི་རིག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱག་
རྒྱའི་རིག་པ་བསྟན་ནས། དེའི་མིང་བསྟན་པར་བྱ་བའི་ཕྱིར་ཀུན་དུ་བཟང་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རྣམ་པ་ཐམས་ཅད་དུ་བཟང་བས་ན་ཀུན་དུ་བཟང་མོའོ། །དེ་བཞིན་གཤེགས་པ་རྣམས་བསྡུ་བའི་ཚེ་མངོན་དུ་ཕྱོགས་པར་སྤྱན་འདྲེན་པའི་གཙོ་མོ་ཡིན་པས་
ན་དེ་བཞིན་གཤེགས་པའི་ལྕགས་ཀྱུ་མའོ། །དགའ་བ་ལ་ཆགས་པ་ཞེས་བྱ་བ་ལ་དགའ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། གང་རྣལ་འབྱོར་པ་རྣམས་ཀྱི་མཉམ་པ་མེད་པར་སྡུག་པའོ། །དེ་ལ་དེའི་ཆགས་པ་ནི་མངོན་པར་འདོད་པ་སྟེ། དེ་ལྟ་བུའི་ངོ་བོ་ཉིད་ཀྱི་ཆོས་གཉིས་སྟོན་པར་བྱེད་པའི་
ཕྱག་རྒྱ་གང་ཡིན་པ་དེ་ལ་ནི་དགའ་བ་ལ་ཆགས་མ་ཞེས་བྱའོ། །ལེགས་ལྡན་མ་ཞེས་བྱ་བ་ལ། རྟག་ཏུ་ལེགས་སོ་ཞེས་བྱ་བ་བྱིན་པའི་བློ་མངའ་བ་གང་ཡིན་པ་དེ་ནི་ལེགས་ལྡན་མའོ། །གཟུངས་ཆེན་མོ་ཞེས་བྱ་བ་ལ་རང་གི་ཆོས་འཛིན་པར་བྱེད་པས་ན་གཟུངས་ཡིན་ལ། དོན་ཆེན་པོ་
རྫོགས་པར་བྱེད་པས་ན་འདི་རྣམས་ནི་ཆེན་མོ་ཡང་ཡིན་ལ། དེ་བས་ན་གཟུངས་ཆེན་མོ་རྣམས་སོ་ཞེས་གསུངས་པ་ཡིན་ནོ། །རིན་པོ་ཆེའི་གཙོ་མོ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེའི་རིགས་ཀྱི་དམ་པ་ཡིན་པས་ན་རིན་པོ་ཆེའི་གཙོ་མོའོ། །རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་ནི་དངོས་པོ་རྣམ་པ་སྣ་
ཚོགས་པ་གསལ་བར་བྱེད་པའི་དོན་གྱིས་ན། སྒྲོན་མ་དང་ཆོས་མཐུན་པའི་སྒྲོན་མ་དང་འདྲ་ཞིང་། རིན་པོ་ཆེའི་རིགས་ཀྱི་སྒྲོན་མ་ཡིན་པས་ན་རིན་པོ་ཆེའི་སྒྲོན་མའོ། །རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་མ་ཞེས་བྱ་བ་ནི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པའི་ནོར་བུ་དང་རིན་པོ་ཆེ་དང་དཔུང་རྒྱན་གྱིས་
བརྒྱན་པས་ན་ཉེ་བར་མཚོན་པས་ན་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་མའོ། །དགོད་པ་དང་ལྡན་མ་ཞེས་བྱ་བ་ལ་བཞད་པས་ན་དགོད་པ་སྟེ། སངས་རྒྱས་རྣམས་ཀྱི་འཛུམ་པ་ཡང་དག་པར་སྟོན་པར་བྱེད་པ་རྡོ་རྗེ་གཉིས་ཀྱི་བར་དུ་ཆུད་པའི་སོའི་ཕྲེང་བ་གཉིས་ཀྱི་རང་བཞིན་ནོ། དེ་ཉིད་ལ་མངའ་བས་དགོད་པ་དང་ལྡན་
เล่ม ๕๕ · หน้า 138b
མའོ། །རྡོ་རྗེ་རིན་པོ་ཆེའི་གཟུངས་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་གཟུངས་འཛིན་པས་ན་རྡོ་རྗེ་རིན་པོ་ཆེའི་གཟུངས་རྣམས་ཏེ། ཐ་མའི་ཚིག་མི་མངོན་པར་བྱས་པའོ། །རྡོ་རྗེ་པདྨོ་ཞེས་བྱ་བ་ལ་སོགས་པ་ལ། པདྨ་སྟེ་ཆུ་སྐྱེས་ལ་རྡོ་རྗེས་མཚན་པ་གང་ལ་མངའ་བ་དེ་ནི་རྡོ་རྗེ་པདྨའོ། །ཀུན་འཛིན་
མ་ཞེས་བྱ་བ་ནི་ཀུན་ནས་འཛིན་པས་ན་ཀུན་འཛིན་ཏེ་སྔགས་དང་ཚིག་དང་དོན་དང་མངོན་པར་རྟོགས་པ་འཛིན་པས་ན་ཀུན་འཛིན་མའོ། །ཀུན་དུ་འཁོར་ལོ་མ་ཞེས་བྱ་བ་ལ་འཁོར་ལོ་ནི་དཀྱིལ་འཁོར་ལ་བྱ་བར་བཤད་དེ། རྒྱུད་ཐམས་ཅད་དུ་གཏོགས་པའི་འཁོར་ལོ་འདིའི་ནང་དུ་འདུས་པས་ན་
ཀུན་དུ་འཁོར་ལོ་མའོ། །སྟོང་དུ་ཟློས་མ་ཞེས་བྱ་བ་ནི་དགོས་པ་གྲུབ་པར་བྱ་བའི་ཕྱིར། ལན་སྟོང་གི་སྟེང་དུ་བརྒྱད་ཀྱིས་བསྣན་པ་ཚིག་ཏུ་འདོན་ཞིང་ཟློས་པ་གང་ཡིན་པ་དེ་ནི་སྟོང་དུ་ཟློས་མ་ཞེས་བྱའོ། །ཆོས་ཀྱི་གཟུངས་ཞེས་བྱ་བ་ནི་ཆོས་ཀྱིས་ཉེ་བར་མཚོན་པའི་གཟུངས་མ་ཡིན་པས་ན་
ཆོས་ཀྱི་གཟུངས་མ་རྣམས་སོ། །དངོས་གྲུབ་ཀྱི་གཙོ་མོ་ཞེས་བྱ་བ་ལ་སོགས་པ་ལ། མཆོད་པ་ཐམས་ཅད་ཀྱི་ལས་སྣ་ཚོགས་པའི་དངོས་གྲུབ་ཀྱི་རབ་ཀྱི་མཐར་ཐུག་པ་བརྙེས་པས་ན་དངོས་གྲུབ་ཀྱི་གཙོ་མོའོ། །ཐམས་ཅད་སྲུང་མ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་།
སེམས་ཅན་གཞན་རྣམས་ཀྱང་བཅིངས་པ་ཙམ་གྱིས་ཁྱད་པར་མེད་པར་སྲུང་བར་མཛད་པས་ན་ཐམས་ཅད་སྲུང་མའོ། །མདངས་སླར་འཕྲོག་མ་ཞེས་བྱ་བ་ལ་སོ་སོ་སོ་སོའི་མདངས་འཕྲོག་པར་མཛད་པས་ན་མདངས་སླར་འཕྲོག་མ་སྟེ། སེམས་ཅན་མི་བགྲུངས་པ་རྣམས་སྐྲག་པར་མཛད་
ཅིང་། སྙིང་སྟོབས་ཉམས་པར་མཛད་པས་ན་མདངས་འཕྲོག་མ་ཞེས་སྟོན་པ་ཡིན་ནོ། །གཟུངས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ། གཟུངས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའི་ནང་དུ་འདུས་པས་ན་རིག་པ་དེ་ལ་གཟུངས་ཀྱི་ཕྱག་རྒྱ་ཞེས་གསུངས་སོ། །ཐམས་ཅད་ཀྱི་གཟུངས་ཞེས་
བྱ་བ་ལ། ལས་ཀྱི་རིགས་ཀྱི་རྩེ་མོ་ཐམས་ཅད་པའི་རྡོ་རྗེས་ཉེ་བར་མཚོན་པའི་གཟུངས་ཡིན་པས་ན་ཐམས་ཅད་ཀྱི་གཟུངས་རྣམས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་
เล่ม ๕๕ · หน้า 139a
ཅད་ཀྱི་རྡོ་རྗེ་གསང་བ་སྟེ། གསང་བའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེའི་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་པས་ན་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱའོ། །དུ་ཞིག་ཅེ་ན། དེའི་ཕྱིར་བཞི་པོ་ཞེས་བྱ་བ་གསུངས་སོ། །རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་
དེ་དག་ཉིད་ལ་སོགས་པ་ཞེས་བྱ་བ་ལ་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཅེས་བྱ་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པའོ། །སོགས་པ་ཞེས་སྨོས་པ་ནི་རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཟུང་ངོ་། །དེ་བཞིན་གཤེགས་པ་ཐམས་
ཅད་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་ཉིད་རྡོ་རྗེ་ཡིན་ལ་དེ་རྣམས་ཀྱི་གསང་བ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གསང་བའོ། །དེའི་དམ་ཚིག་ནི་གཞུང་ལུགས་ཏེ། ཐ་ཚིག་ལ་རྣམ་པར་གཞག་པའོ། །དེ་ལྟ་བུ་ཡང་ཡིན་ལ་
གཟུངས་ཀྱང་དེ་རྣམས་ཡིན་པས་ན་རྡོ་རྗེ་གསང་བའི་དམ་ཚིག་གི་གཟུངས་སོ། །དེ་རྣམས་སྡུད་པ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་ཡིན་ནོ། །གང་གི་ཕྱིར་དེ་རྣམས་ནི་རིགས་ཀྱི་ཡུམ་ཡིན་པས་རེ་རེའི་ཕྱག་རྒྱ་བྲིས་པས་ཀྱང་རིགས་སྟོན་པར་བྱེད་པ་ཡིན་ཏེ།
དེ་བས་ན་སྡུད་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཞེས་གསུངས་སོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ཆེན་པོ་ཡིན་པས་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དཀྱིལ་འཁོར་ཆེན་པོ་སྟེ། རྡོ་རྗེ་
དབྱིངས་ཀྱི་དབང་ཕྱུག་མའི་དཀྱིལ་འཁོར་ཆེན་པོ་དེར་ཇི་སྐད་གསུངས་པའི་ཚུལ་བཞིན་དུ་གཞག་པར་བྱའོ། །ད་ནི་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་མཆོད་པའི་ཕྱག་རྒྱ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བའི་མཆོད་པ་ཡིན་པས་ན་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རྡོ་རྗེ་གསང་བའི་མཆོད་པའོ། །དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཞི་པོ་བཤད་པའོ། །དེ་དག་ནི་རང་གི་མཚན་མའི་ཕྱག་རྒྱ་དང་བཅས་པར་དགོད་དོ་ཞེས་བྱ་བའི་དོན་ཏོ། །རང་གི་མཚན་མ་ནི་རྡོ་རྗེ་ལ་སོགས་པའོ། །བདུག་པ་ལ་སོགས་པ་དང་། སྒོ་སྲུང་རྣམས་ཀྱི་ནི་རྡོ་རྗེ་
เล่ม ๕๕ · หน้า 139b
དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་ཡིན་ཏེ། དེ་དག་ལ་དགོད་པའི་སྔགས་ཀྱང་དེ་རྣམས་ཉིད་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ནི་གསང་བའི་དགོས་པ་དངོས་གྲུབ་ཀྱི་མན་ངག་སྟོན་པས་ན་གསང་བ་ཞེས་བཤད་དོ། །རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་ཆེན་པོ་སྟེ།
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། གང་གི་ཕྱིར་དཀྱིལ་འཁོར་མ་མཐོང་བར་ཕྱག་རྒྱ་རྣམས་ཀྱིས་དམ་ཚིག་མི་འགྲུབ་པས་དེའི་ཕྱིར་ཡང་དག་པར་རབ་ཏུ་བཤད་པས་ན་རབ་ཏུ་བཤད་པར་བྱའོ། །རྡོ་རྗེའི་ཕྱག་
རྒྱ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན་དམ་པའོ། །ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་རྡོ་རྗེ་དབྱིངས་དང་འདྲ་བས་ན་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེ་གསང་བ་ཞེས་བཤད་དོ་ཞེས་བྱ་བའོ། །
དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོའི་དབྱིངས་སུ་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ། །དཀྱིལ་འཁོར་ཀུན་གྱི་དབུས་སུ་ནི། །ཞེས་བྱ་བ་ནི་དཀྱིལ་འཁོར་ལྔ་ཆར་གྱི་ཡང་ངོ་། །སངས་རྒྱས་ཕྱག་རྒྱ་བྲི་བར་བྱ། །ཞེས་བྱ་བ་ལ་སངས་
རྒྱས་རྣམས་ཀྱི་ཕྱག་རྒྱ་ཡིན་པས་ན་སངས་རྒྱས་ཕྱག་རྒྱའོ། །མཆོད་རྟེན་ཁྲི་ལ་ལེགས་འདུག་པ། །ཞེས་བྱ་བ་ནི་ཁྲིར་བྱས་པའི་སྟེང་དུ་མཆོད་རྟེན་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བརྩེགས་ཞེས་བྱ་བ་ནི་མི་བསྐྱོད་པའི་གནས་སུ་རྡོ་རྗེ་རྩེ་ལྔ་པ་ཆུར་གནས་པའི་སྟེང་དུ་
རྡོ་རྗེ་རྩེ་ལྔ་པ་འགྲེང་བ་བྲི་བར་བྱའོ། །རྡོ་རྗེ་སེམས་དཔའ་བཤད་པའོ། །ཞེས་བྱ་བ་ནི་ཕྱག་རྒྱའི་མིང་གསུངས་པ་ཡིན་ནོ། །རྡོ་རྗེས་མཚན་པའི་རིན་པོ་ཆེ་ནི་རྡོ་རྗེ་རིན་ཆེན་ནོ། །རྡོ་རྗེས་མཚན་པའི་པདྨ་ནི་རྡོ་རྗེ་པདྨའོ། །མཚོན་བྱ་ཞེས་ནི་བྱ་བར་བཤད། །ཅེས་བྱ་བ་ནི་མིང་དུ་གྲགས་སོ་
ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གོ་སླའོ། །ཡང་སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་བསྟན་ཟིན་ནས། ཁྲི་ཡི་སྟེང་དུ་རྡོ་རྗེ་བྲི། །ཞེས་བྱ་བ་ལ་སོགས་པས་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏོ། །རྡོ་རྗེ་རྒྱལ་པོ་ལ་སོགས་པའི་ཕྱག་རྒྱ་ཡང་ཁྲི་ཡི་སྟེང་དུ་བྲི་བར་བྱའོ། །
เล่ม ๕๕ · หน้า 140a
ལྕགས་ཀྱུ་འགྲེང་བ་གཉིས་ཞེས་བྱ་བ་ནི་རྩ་བ་ཐུར་དུ་ལྟ་བ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྡོ་རྗེ་ལ་སྙེས་པར། །ཞེས་བྱ་བ་ནི་རྡོ་རྗེ་གཉིས་ཀྱི་རྩེ་མོ་གཅིག་ལ་གཅིག་འབྱོར་བར་བྲི་བར་བྱ་བའོ། །ཉི་མའི་ཕྱག་རྒྱའང་དེ་བཞིན་ནོ། །ཞེས་བྱ་བ་ནི་འོད་ཟེར་འབར་བ་ཞེས་བྱ་
བའི་དོན་ཏོ། །རྒྱལ་མཚན་རྩེ་མོ་འབར་དང་བཅས། །ཞེས་བྱ་བ་ནི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པའི་རིན་པོ་ཆེ་འབར་བ་དང་བཅས་པའོ། །རྡོ་རྗེ་གཉིས་བར་སོ་ཡི་ཕྲེང་། །ཞེས་བྱ་བ་ནི་རྡོ་རྗེ་གཉིས་ཆུར་གནས་པར་བྲིས་ལ། དེའི་དབུས་སུ་སོ་ཡི་ཕྲེང་བ་གཉིས་བྲི་བའོ། །རྡོ་
རྗེའི་དབུས་སུ་པདྨོ་བྲི། །ཞེས་བྱ་བ་ནི་རྡོ་རྗེ་ནས་ཀྱི་དབྱིབས་ལྟ་བུ་རྒྱ་ཆེ་བ་བྲིས་ལ། དེའི་དབུས་སུ་པདྨོ་བྲི་བའོ། །རྡོ་རྗེ་འཁོར་ལོ་རྡོ་རྗེ་རྩིབས། །ཞེས་བྱ་བ་ནི་འཁོར་ལོ་བྲིས་ལ་རྩིབས་རྣམས་རྡོ་རྗེའི་རང་བཞིན་ལྟ་བུར་བྲིའོ། །འབར་བའི་འོད་ཟེར་ཅན་གྱི་ལྕེ། །ཞེས་བྱ་བ་ནི་ལྕེ་རྡོ་
རྗེའི་འོད་ཟེར་དང་ལྡན་པ་བྲི་བའོ། །རྡོ་རྗེ་ཀུན་དུ་ཞེས་བྱ་བ་ནི་རྡོ་རྗེ་ཁ་བཞི་པའོ། །གོ་ཆ་རྡོ་རྗེ་ཡང་དག་ལྡན། །ཞེས་བྱ་བ་ནི་གོ་ཆའི་གྲྭ་རྣམས་སུ་རྡོ་རྗེ་བྲི་བའོ། །རྡོ་རྗེ་མཆེ་བ་དེ་བཞིན་བྲི། །ཞེས་བྱ་བ་ནི་མཆེ་བའི་ངོས་གཉིས་སུ་རྩེ་མོ་གཉིས་བསྟན་ན་རྡོ་རྗེ་མཆེ་བར་འགྱུར་རོ། །
ལག་གཉིས་ཁུ་ཚུར་ཕྱག་རྒྱར་བྱ། །ཞེས་བྱ་བ་འདིས་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟོན་ཏོ། །སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ནི་གོ་སླའོ། །མཚན་མའི་ཕྱག་རྒྱ་ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པའི་རྡོ་རྗེ་དང་རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་གར་བྱེད་པའི་ལག་
པ་རྣམས་རིམ་བཞིན་དུ་བྲི་བར་བྱའོ། །ཕྱི་རོལ་དུ་ཡང་ཅི་རིགས་པར། །ཞེས་བྱ་བ་ནི་ཕྱག་རྒྱའི་དོན་བརྟགས་ཏེ། བདུག་པའི་ནི་སྤོས་ཁང་ངོ་། །མེ་ཏོག་གི་ནི་མེ་ཏོག་གི་ཟ་མ་ཏོག་གོ། །མར་མེའི་ནི་མར་མེའི་ཀོང་བུའོ། །དྲིའི་ནི་དྲིའི་སྣོད་རྣམས་སོ། །སྒོ་བ་རྣམས་ཀྱི་ནི་ལྕགས་
ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་རྣམས་སོ། །བྱམས་པ་ལ་སོགས་པ་ཕྱི་རོལ་གྱི་སྣམ་བུ་ལ་གནས་པ་རྣམས་ཀྱི་ནི་རང་གི་མཚན་ཞེས་བྱ་བ་ནི་གེ་སར་གྱི་མེ་ཏོག་ལ་སོགས་པའོ། །ཇི་ལྟར་དགའ་བ་བཞིན་དུ་བྲི། །ཞེས་བྱ་བ་ནི་ཡང་ན་པདྨའི་གདན་དུ་བྲི་བར་བྱ་བའོ། །
เล่ม ๕๕ · หน้า 140b
དཀྱིལ་འཁོར་བྲི་བའི་བྱ་བ་རྣམས་རྫོགས་པར་བྱས་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་བྱ་བ་གཞན་ཏེ། འཇུག་པ་ལ་སོགས་པ་ཆོ་ག་རྒྱས་པ་ཡིན་ཏེ་ཞེས་བྱ་བ་ནི་དང་པོར་འཇུག་པར་བྱ་བ་ལ་སོགས་པའི་ཆོ་ག་རྒྱས་པ་གང་ཡིན་པ་དེ་ནི་འཇུག་པ་ལ་སོགས་པའི་ཆོ་ག་
རྒྱས་པ་སྟེ། སོགས་པ་ཞེས་སྨོས་པས་ནི་དངོས་གྲུབ་དང་ཕྱག་རྒྱའི་ཡེ་ཤེས་བསྟན་པ་ལ་སོགས་པ་བསྡུའོ། །སློབ་མ་གཞུག་པའི་ཆོ་གའི་དུས་ལ་བབ་པ་དང་། སློབ་དཔོན་ཉིད་འཇུག་པའི་ཆོ་ག་དང་པོར་བྱ་དགོས་ཏེ། གང་གི་ཕྱིར་གང་ལ་ལ་དག་བརྗེད་ངས་པ་དག་སོགས་
པས་དམ་ཚིག་ལས་འདས་པ་འགའ་ཞིག་འབྱུང་བ་དག་སྲིད་པས་ན། དེའི་ཕྱིར་སློབ་དཔོན་ཉིད་དང་པོར་འཇུག་པར་བྱའོ། །དེར་ལྷ་སྤྱན་དྲངས་པ་ལྟ་མ་བྱས་མོད་ཀྱི། འོན་ཀྱང་ཕྱག་རྒྱ་རྣམས་དེ་ན་རྣམ་པར་བཀོད་པ་དང་། དཀྱིལ་འཁོར་རྩོམ་པའི་ཚེ་ཉིད་ན་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་རྣམས་ཀྱིས་ཡོངས་སུ་གཟུང་བ་ཡིན་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཡང་ཡིན་པས། སློབ་དཔོན་ཉིད་དེར་དང་པོ་ཁོ་ནར་འཇུག་པར་བྱའོ། །གཞན་དུ་ན་ཕྱག་རྒྱ་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕུལ་ནས་ཞེས་བྱ་བ་མི་རིགས་པར་འགྱུར་རོ། །སེམས་
དཔའ་རྡོ་རྗེ་མའི་ཕྱག་རྒྱ་རང་གིས་བཅིངས་ཏེ་འཇུག་པར་བྱའོ་ཞེས་བྱ་བ་ལ། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་གྱི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་རྡོ་རྗེ་ཐལ་མོ་ལས་བྱུང་བ་དེ་འདིར་གཟུང་བར་བྱ་སྟེ། དེ་བཅིངས་ནས་འཇུག་པར་བྱའོ། །རང་གི་ཞེས་བྱ་
བ་ནི་སློབ་དཔོན་ནོ། །ཞུགས་ནས་ལྷན་ཅིག་བསྐོར་ཏེ་ཞེས་བྱ་བ་ནི་ནང་གི་འཁོར་ལོའོ། །ཕྱག་ན་རྡོ་རྗེ་ལ་ཕུལ་ནས། །ཞེས་བྱ་བ་ནི་ཕྱག་རྒྱ་བྱས་ལ་བཅོམ་ལྡན་འདས་འདི་ནི་ཁྱེད་ཀྱི་བཙུན་མོའི་ཕྱག་རྒྱ་ལགས་ཀྱིས། རྣམ་པ་ཐམས་ཅད་དུ་བདག་ལ་སྩོལ་ཅིག་ཅེས་བྱ་བའོ། །དེ་ལྟར་
བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སློབ་དཔོན་དུ་ཡིད་ཀྱིས་རྣམ་པར་བཞག་ལ། བདག་ཉིད་སློབ་མར་བསམས་ཏེ། སློབ་མ་གཞུག་པའི་ཆོ་ག་ཐམས་ཅད་དེས་མཛད་ཅིང་། དེའི་ཕྱག་རྒྱ་ཡང་མནོས་ལ། རང་གི་སྙིང་གར་ཇི་ལྟ་བ་བཞིན་དུ་དགྲོལ་བ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཞེས་
เล่ม ๕๕ · หน้า 141a
བྱ་བ་ལ་སོགས་པ་དང་། དབང་བསྐུར་བའི་ཆོ་ག་རྩ་བའི་དཀྱིལ་འཁོར་དུ་གསུངས་པའི་ཆོ་གས་བྱ་ཞིང་། བཀའ་ཡང་ནོད་པར་བྱའོ། །དེ་ནས་སྒོ་བཞིར་ཡང་ཕྱག་རྒྱ་བཞི་དང་། སྙིང་པོ་བཞི་པོ་རྩ་བའི་དཀྱིལ་འཁོར་ལས་གསུངས་པས་ཇི་ལྟ་བའི་
ལས་རྣམས་བྱས་ཏེ་ཞེས་བྱ་བ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་སྟེ། འདིར་ནི་རྡོ་རྗེ་འཛིན་པའི་ལྷ་མོ་གང་ཡིན་པ་དེ་འདིར་བཀུག་ནས་རང་གི་ཕྱག་རྒྱ་རྣམས་ལ་གཞུག་པར་བྱའོ། །དེ་ལྟར་བཅུག་པའི་འོག་ཏུ་མཆོད་པ་ལ་སོགས་པ་རྩ་བའི་དཀྱིལ་འཁོར་ལས་
གསུངས་པའི་ཆོ་ག་རྣམས་བྱའོ། །དེ་ནས་རྡོ་རྗེ་སློབ་མ་རྣམས། །ཞེས་བྱ་བ་ནི་རྡོ་རྗེས་ཉེ་བར་མཚན་པའི་སློབ་མ་ཡིན་པས་ན་རྡོ་རྗེ་སློབ་མ་སྟེ། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་པའི་ཕྱིར་རོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གཟུང་བའི་
ཚུལ་དུ་གཟུང་ངོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་འཇུག་པའི་ཆོ་གས་གཞུག་གོ་ཞེས་བྱ་བའི་དོན་ཏོ། །བཙུད་ནས་དངོས་གྲུབ་ཀྱི་གསང་བའི་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཀྱི་རྒྱུར་གྱུར་པའི་མཚན་ནི་དངོས་གྲུབ་ཀྱི་གསང་བ་སྟེ། དེའི་རྡོ་རྗེ་ཡིན་
པས་ན་དངོས་གྲུབ་ཀྱི་གསང་བའི་རྡོ་རྗེའོ། །དེའི་མཚན་མ་ནི་དེའི་རང་བཞིན་གྱི་རྡོ་རྗེ་ཕྲ་མོ་ཅི་ནས་ཀྱང་ཆང་པས་ཁེབས་པ་དེ་བྱིན་ཏེ་བསླབ་བོ་ཞེས་བྱ་བར་སྦྱར་རོ། །ཆང་པས་གཡོགས་ཏེ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སློབ་མའི་ལག་པར་རྡོ་རྗེ་མངོན་དུ་ཕྱུང་ནས་
བྱིན་པ་འདིར། དེ་ལྟར་བྱ་བ་མ་ཡིན་གྱི། ཅི་ནས་སུས་ཀྱང་མི་མཐོང་བར་གཡོགས་ནས་སྦྱིན་པར་བྱ་སྟེ། དོན་འདི་ཉིད་ཀྱིས་ན་ཆང་བས་གཡོགས་ལ་བྱིན་ཏེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །མངོན་སུམ་དུ་ཕྱུང་ན་གསང་བའི་དངོས་གྲུབ་ཏུ་མི་འགྱུར་བའི་ཕྱིར་དངོས་གྲུབ་འདོད་
པས་རྡོ་རྗེ་དེ་དེ་ལྟར་སྦྱིན་པར་བྱའོ། །དེས་ཀྱང་མངོན་དུ་འབྱུང་བར་མི་བྱ་སྟེ། དེ་ལྟ་བུས་ནི་དེའི་གསང་བའི་དངོས་གྲུབ་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །རྡོ་རྗེ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ། རྡོ་རྗེ་གསང་བའི་དཀྱིལ་འཁོར་དེ་དེའི་ལས་ཀྱི་
เล่ม ๕๕ · หน้า 141b
ཕྱག་རྒྱ་གང་ཡིན་པས། ཡིད་ལ་འདོད་པའི་དགོས་པ་བྱེད་པ་གང་ཡིན་པ་དེ་བསླབ་པར་བྱ་ཞིང་ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་རྣམས་ནི་རྣམ་པ་མང་བས་ན་དེ་ལ་དང་པོར་ཞེས་བྱ་བ་གསུངས་ཏེ། དང་པོར་ཞེས་བྱ་བ་ནི་གོ་རིམས་ཀྱིས་སོ། །ལས་ཀྱི་
ཕྱག་རྒྱའི་ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་གང་ལ་ལུས་ཀྱི་ཕྱག་རྒྱ་བསྒོམས་པ་དེ་ནི་ལུས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཏེ་དེ་བསླབ་པོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གསང་བའི་དཀྱིལ་འཁོར་དུ་ཞུགས་ནས་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་བསྒོམ་པ་གོམས་པར་
བྱས་ཏེ། གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ཆོ་གས་ཕྱག་རྒྱ་འདི་དག་ཉིད་ཀྱིས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། དགོས་པ་སྒྲུབ་པའི་སྙིང་པོ་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་གམ་འབུམ་ཕྲག་གཉིས་སམ་འབུམ་ཕྲག་གསུམ་ཡོངས་སུ་བཟླས་ཏེ།
ལས་བྱེད་པའི་དུས་སུ་ཡང་སྙིང་པོ་བརྒྱ་སྟོང་བཟླས་ན་དགོས་པ་འདི་དག་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །ཟླ་བའི་དཀྱིལ་འཁོར་བསྒྲུབ་པར་བྱ་བའི་སྙིང་གར་བསམས་ལ། དེར་བདག་ཉིད་རྡོ་རྗེ་ཆེན་པོར་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། ཁ་གླལ་ཞིང་ཞེས་བྱ་
བ་སྟེ། གླལ་བ་དང་བཅས་པའི་ཁ་བསམས་ལ། བདག་ཉིད་དེར་རང་གི་ལྷའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ནི་ལག་ངར་སྤྱི་བོའི་སྟེང་དུ་ཐལ་མོ་སྦྱར་བར་བྱ་ཞིང་། རྐང་པ་གཉིས་ཀྱང་ཐལ་མོ་ལྟ་བུར་བསམས་ལ། རྐང་མཐིལ་གཅིག་
ལ་གཅིག་ཐལ་མོ་སྦྱར་བ་ལྟ་བུ་ཉིད་དུ་བསམ་པར་བྱ་སྟེ། འདི་ནི་ཁ་གླལ་བ་དང་བཅས་པའི་རྡོ་རྗེ་ཆེན་པོའོ། །རྡོ་རྗེ་མ་ཡང་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བཙུན་མོ་ནི་རྡོ་རྗེ་མ་སྟེ། དེ་ཡང་ཆགས་པར་བྱེད་པར་འགྱུར་རོ། །དཔུང་པ་ཞེས་བྱ་བ་ལ་
སོགས་པ་ལ། དེ་བཞིན་དུ་བསྒྲུབ་པར་བྱ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེ་ནས་དེར་བདག་ཉིད་ལྕགས་ཀྱུར་བསམ་པར་བྱའོ། །ཕྱི་རོལ་དུ་ཡང་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དཔུང་པ་བསྐུམ་པའི་ལྕགས་ཀྱུ་དང་། །ཞེས་བྱ་བ་གསུངས་ཏེ། དཔུང་
เล่ม ๕๕ · หน้า 142a
པ་གཡས་པ་བརྐྱང་ལ་ལག་པ་བཀུག་ནས་ལྕགས་ཀྱུ་ལྟ་བུར་གཞག་པར་བྱའོ། །མགོ་ལ་རྡོ་རྗེ་བསྒོམ་པར་བྱ། །ཞེས་བྱ་བ་ནི་བདག་ཉིད་ཀྱི་མགོའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་བསྒོམ་པར་བྱའོ། །ལག་པ་ཡིས་ནི་འབོད་བྱེད་ཅིང་། །ཞེས་བྱ་བ་ནི་
གཡོན་པས་སེ་གོལ་གཏོགས་ཤིང་སྙིང་པོས་ཀྱང་དེའི་མིང་ནས་བརྗོད་པར་བྱའོ། །ལྕགས་ཀྱུ་མ་ཡང་འགུགས་པར་བྱེད། །ཅེས་བྱ་བ་ནི་དེའི་སྙིང་པོ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལག་པ་གཡས་པའི་སོར་མོ་བཞིས་བཟུང་ལ། ཟླ་བའི་དཀྱིལ་འཁོར་དགུག་ཅིང་བསྒྲུབ་
པར་བྱ་བ་ཡང་ངེས་པར་འོངས་པར་བསམ་པར་བྱའོ། །བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་ལྷག་མ་རྣམས་ནི་སྦྱོར་བ་འདི་དང་། འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །མདའ་འཕེན་པའི་ཚུལ་གྱིས་ཞེས་བྱ་བ་ནི་དཔེར་ན་འགའ་ཞིག་མདའ་འཕེན་པར་བྱེད་པ་དང་འདྲ་བར་མཐུན་
པའི་རྐང་སྟབས་དང་། ས་གའི་འདུག་སྟངས་དང་། ཟླུམ་པོའི་འདུག་སྟངས་དང་། གཡས་བརྐྱང་བ་དང་གཡོན་བརྐྱང་བའི་ཐབས་རྣམ་པ་ལྔས་འདུག་སྟེ། མདའ་འཕེན་པ་ཇི་ལྟ་བ་དེ་བཞིན་དུ་བྱའོ། །དེ་ལ་མཐུན་པའི་རྐང་སྟབས་ནི་རྐང་པ་གཉིས་བར་མཚམས་མེད་པར་མཉམ་པོར་
གཤིབས་ཏེ། ལུས་དྲང་པོར་བྱའོ། །ས་གའི་འདུག་སྟངས་ནི་རྐང་པ་གཉིས་ཀྱི་བར་མཐོ་གསུམ་ཙམ་གྱིས་ཆོད་པར་བྱས་ལ་ལུས་དྲང་པོར་བྱའོ། །ཟླུམ་པོའི་འདུག་སྟངས་ནི་པུས་མོ་གཉིས་ཡང་ངོས་གཉིས་སུ་བཀུག་ལ་བར་མཐོ་བཞིས་ཆོད་པ་ཙམ་དུ་བྱས་ན་ཟླུམ་པོའི་འདུག་
སྟངས་སུ་འགྱུར་རོ། །རྐང་པ་གཡོན་པ་བསྐུམ་ལ་གཡས་པའི་པུས་མོ་རྒྱབ་ཏུ་ཅི་རན་ཙམ་དུ་བརྐྱང་ན་གཡས་བརྐྱང་བར་འགྱུར་རོ། །གཡས་པ་བསྐུམ་ལ་གཡོན་པ་མདུན་ལོགས་སུ་ཅི་འོས་ཙམ་དུ་བརྐྱང་ན་གཡོན་བརྐྱང་བར་འགྱུར་རོ། །དེ་ལྟ་བུ་གང་ཡང་རུང་བ་ཅིག་གིས་
གནས་ལ། གཞུ་ལས་མདའ་འཕེན་པའི་ཚུལ་གྱིས་མེ་ཏོག་གི་རྩེ་མོ་ཅན་གྱི་མདའ་གླལ་བ་དང་བཅས་པས་བསྒྲུབ་པར་བྱ་བའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་འཕངས་པར་བསམ་མོ། །འཕངས་ན་ནི་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་མདའི་རྩེ་མོ་ལ་གནས་པའི་མེ་ཏོག་
เล่ม ๕๕ · หน้า 142b
གི་མདོག་གིས་ཟླ་བའི་དཀྱིལ་འཁོར་མདོག་དམར་པོར་གྱུར་པར་བསྒོམ་པར་བྱའོ། །ཉིད་ཀྱིས་ཞེས་བྱ་བ་ནི་སྔགས་པས་སོ། །རྡོ་རྗེ་དགའ་མ་ཡང་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་བཙུན་མོ་ཡང་ཞེས་བྱ་བའི་དོན་ཏོ། །བདུད་ཀྱི་ཚུལ་གྱིས་མཉེས་པར་བྱེད། །ཅེས་བྱ་བ་ནི་ལྷ་
མོ་རྡོ་རྗེ་ཆགས་པ་མོའི་ཚུལ་གྱིས་མཉེས་པར་བྱེད་པའོ། །བདག་གི་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྔགས་པ་གང་སུ་ཡང་རུང་བ་ཞིག་སྲུང་བར་འདོད་ན་དེའི་ཚེ་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ཆོ་གས་དམ་ཚིག་བརྟན་པ་ལ་སོགས་པ་ཐམས་ཅད་
བྱས་ལ། སེམས་ཅན་དེ་ཉིད་དམ། ཁྱིམ་མམ་གྲོང་ངམ་གྲོང་ཁྱེར་རམ། ཡུལ་ཕྱོགས་གང་ཡང་རུང་བ་ཞིག་བདག་གི་ལུས་ཀྱི་ནང་དུ་ཞུགས་པར་བསམས་ལ། བདག་ཉིད་ཀྱི་སྙིང་གར་དཔུང་པ་བསྣོལ་བ་བཅིང་བར་བྱའོ། །ཇི་ལྟར་བཅིང་བར་བྱ་ཞེ་ན། རྡོ་རྗེ་ཁུ་ཚུར་
གཉིས་བཅིངས་པས། རྡོ་རྗེ་ཁུ་ཚུར་གཡོན་པ་གཡས་པའི་མཆན་འོག་ཏུ་གཞུག །དེ་ནས་གཡས་པས་ལག་ངར་གཡོན་པ་མནན་ལ། གཡོན་པའི་མཆན་ཁུང་གི་འོག་ཏུ་གཞུག་པ་འདི་ནི་སྙིང་གར་དཔུང་པ་བསྣོལ་བའོ། །རྡོ་རྗེ་གོ་ཆའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་བཅོམ་ལྡན་
འདས་རྡོ་རྗེ་གོ་ཆའི་སྦྱོར་བ་བྱས་ཏེ་བསྲུང་ནའོ། །སངས་རྒྱས་ཉིད་ཀྱང་སྲུང་བར་བྱེད། །ཅེས་བྱ་བ་ནི་འདི་སྐད་སྟོན་ཏེ། ཐམས་ཅད་སྲུང་ནུས་པར་འགྱུར་རོ་ཞེས་པ་སྟེ། ཇི་སྲིད་དཔུང་པ་བསྣོལ་ནས་སྙིང་པོ་ཟློས་ཤིང་འདུག་པ་དེ་སྲིད་དུ་དེ་བསྲུང་བར་འགྱུར་ཏེ། དབང་པོ་དང་བཅས་
པའི་ལྷ་རྣམས་ཀྱིས་ཀྱང་ཅི་ཡང་བྱེད་པར་མི་ནུས་པར་འགྱུར་རོ། །ལུས་ཀྱི་ཕྱག་རྒྱའི་འོག་ཏུ་ལྟ་བའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་གསང་བ་ནི་བཤད་ཟིན་ཏོ། །ལྟ་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ། ལྟ་བའི་ཕྱག་རྒྱ་ཡིན་པས་ན་ལྟ་བའི་ཕྱག་རྒྱའོ། །དེའི་ཡེ་ཤེས་ཡིན་པས་
ན་ལྟ་བའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་བསླབ་པ་ནི་བསྟན་པའོ། །རྡོ་རྗེ་ལྟ་བ་ཞེས་བྱ་བ་ནི་ལྟ་བའི་ཕྱག་རྒྱའོ། །དེའི་མཚན་ཉིད་ནི་ཆགས་པས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཆགས་པ་ནི་འདོད་པའོ། །དེ་ལས་བྱུང་བའི་རབ་ཏུ་དགའ་བ་ནི། ཆགས་པས་རབ་ཏུ་དགའ་བ་སྟེ།
เล่ม ๕๕ · หน้า 143a
དགའ་བ་ནི་ཡིད་བདེ་བའོ། །དེས་མིག་རབ་ཏུ་བགྲད་ཅིང་བྱེད་པའི་ལྟ་བའི་ཕྱག་རྒྱ་གང་ཡིན་པ་དེ་ནི། ཆགས་པས་ནི། དགའ་བས་མིག་ནི་རབ་ཏུ་བགྲད། །ཅེས་བྱ་བའོ། །རྟག་ཏུ་ཞེས་བྱ་བ་ནི་ངེས་པར་ཞེས་བྱ་བའི་དོན་ཏོ། །རབ་ཏུ་མྱུར་བར་ཞེས་བྱ་བ་ནི་
ཤིན་ཏུ་མྱུར་བ་ན་རབ་ཏུ་མྱུར་བ་སྟེ་སྐྱེན་པར་ཞེས་བྱ་བའི་དོན་ཏོ། །མིག་རབ་ཏུ་བསྐུལ་བས་ན་མིག་བསྒུལ་བའོ། །མིག་གི་རྫི་མ་འགུགས་པར་བྱེད་པ་ཞེས་བྱ་བ་ལ་རྫི་མ་ནི་མིག་གི་རྫི་མའོ། །དེ་ཉིད་ཀྱིས་གང་དུ་འགུགས་པར་བྱེད་པ་དེ་ནི། མིག་གི་རྫི་མ་འགུགས་བྱེད་པ། །ཞེས་བྱ་སྟེ།
འདི་ནི་མཚན་ཉིད་ཡིན་ནོ། །ལྟ་བ་གཟི་ཅན་ཡིན་པར་བཤད། །ཅེས་བྱ་བ་ནི་འཇིག་རྟེན་དུ་གྲགས་པ་སྟེ། ལྟ་བ་ཡང་ཡིན་ལ་གཟི་ཅན་ཡང་ཡིན་པས་ན་ལྟ་བ་གཟི་ཅན་ནོ། །དེ་ཡང་གཟི་བརྗིད་ཅན་ཞེས་བྱ་བའི་དོན་ཏོ། །འདི་ནི་ལྟ་བའི་ཕྱག་རྒྱའོ། །འགྲོ་བ་ཐམས་ཅད་འགུགས་བྱེད་
པའོ། །ཞེས་བྱ་བའི་རེ་ཞིག་བསྒྲུབ་པར་བྱ་བ་གཅིག་ལྟ་ཞོག་གི། །འགྲོ་བ་ཐམས་ཅད་ཀྱང་འགུགས་པར་བྱེད་པའོ། །ཁྲོ་གཉེར་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་གཉེར་གཉེར་མ་ནི་ཁྲོ་གཉེར་གྱི་གནས་ཀྱི་གཉེར་མ་སྟེ་འཕྲལ་བའི་རི་མོའི། རབ་བསྡུས་པ་ནི་དེ་མེད་པའོ། །དེ་ཡང་ཁྲོ་བ་གང་
གིས་ཁྲོ་གཉེར་གྱི་གཉེར་མ་རབ་ཏུ་བསྡུས་པ་གང་ཡིན་པ་དེ་ནི་ཁྲོ་གཉེར་གྱི་གཉེར་མ་རབ་ཏུ་བསྡུས་པའི་ཁྲོ་བ་སྟེ། དེས་མིག་བཙུམས་པའི་ལྟ་བ་གང་ཡིན་པ་དེ་ནི། ཁྲོ་གཉེར་གཉེར་མ་རབ་བསྡུས་པ། །ཁྲོ་བའི་མིག་ནི་བཙུམས་པ་སྟེ། ཞེས་བྱ་བའོ། །དེ་ལ་ཁྲོ་བོའི་ལྟ་བ་ཞེས་བྱ་བ་ནི་ཁྲོ་བའི་
ལྟ་བ་དེ་ལེགས་པར་བྱས་ན་ནི། ཁམས་གསུམ་ཡང་འཇིགས་པར་བྱེད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །རི་རབ་རི་ཞེས་བྱ་བ་ལ་སོགས་པ་ལ་རི་རབ་ནི་རིའི་རྒྱལ་པོའོ། །རི་ནི་མནྡ་ར་སྟེ་དེ་དང་འདྲ་བའོ། །བྲག་དེ་ཉིད་དང་འདྲ་བར་མིག་གི་རྫི་མ་མི་འགྱུར་ཞིང་བརྟན་ལ། མི་
འཛུམས་པར་ལྟ་བའི་མིག་གང་ཡིན་པ་དེ་ནི། རི་རབ་རི་ཡི་བྲག་འདྲ་བར། །བརྟན་པས་འཛུམས་པ་མེད་པའི་མིག །ཅེས་བྱ་བའོ། །བྱམས་པའི་ལྟ་བ་ཡིན་པར་བཤད། །ནད་དང་གདོན་དང་དུག་སེལ་ཏོ། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ལ་
เล่ม ๕๕ · หน้า 143b
བྱམས་པའི་སེམས་བརྟན་པར་བྱས་ནས། མིག་གདངས་ཏེ། རྫི་མ་མི་གཡོ་བར་བྱས་ནས་རིམ་གྱིས་ལས་རྣམས་གྲང་བ་དང་ཚ་བ་དང་འདར་བ་ལ་སོགས་པའི་རྟགས་དང་དེ་བཞིན་དུ་འདྲེན་མ་ལ་སོགས་པའི་རིམ་གྱིས་མཚན་ཉིད་ཤེས་པར་བྱས་ལ། དེ་དང་དེ་འདྲ་བའི་སྤྱི་བོ་ནས་བརྩམས་ཏེ་
གང་དང་གང་དུ་བལྟས་པ་དེ་དང་དེར་རིམས་ཀྱི་རྣམ་པ་འོག་ཏུ་ཕབ་ཅིང་སྤྲོས་ལ་བལྟས་པ་ཡན་ཆད་ནད་གསོས་ནས་ཐ་མལ་པར་གནས་པར་བསྒོམ་པར་བྱའོ། །དེ་ལྟར་བྱེད་ཅིང་དེ་དང་དེ་ནས་ངེས་པའི་སེམས་ཀྱིས་རིམས་དབབ་ཅིང་བསལ་བར་བྱ་སྟེ། གདོན་དང་དུག་ལ་ཡང་དེ་དང་འདྲའོ། །
དེ་ནི་ངག་གི་ཕྱག་རྒྱ་སྟོན་ཏེ། ཧོ་ཞེས་བྱ་བ་ཟློས་ཤིང་རྒྱུན་མི་འཆད་པར་འདོན་པ་དང་། སྒྲ་དང་བྲལ་བས་ཞེས་བྱ་བ་ལྕེ་རྐན་ལ་བཅར་བའི་སྨྲ་བས་རྣ་བའི་རྣམ་པར་ཤེས་པའི་ཡུལ་དུ་མ་གྱུར་པའི་ཚུལ་གྱིས་གདོན་པར་བྱའོ། །དེ་མ་ཐག་ཅེས་བྱ་བ་ནི་སྐད་ཅིག་གིས་སོ། །རྡོ་རྗེའི་ཚིག་ཅེས་
བྱ་བ་ནི། རྡོ་རྗེའི་ཚིག་ནི་སྒྲ་སྤངས་པ་ཞེས་བྱ་བ་འོག་ནས་བཤད་པའོ། །གསལ་བའོ་ཞེས་བྱ་བ་ནི་སྙིང་པོ་ཐམས་ཅད་ལ་བྱེ་བྲག་མེད་པར་འདོན་པས་སྙིང་པོ་རྒྱུན་མི་འཆད་པར་ཟློས་པ་སྟེ། སྦྱོར་བ་འོག་མ་གསུམ་ཆར་ལ་ཡང་བྱའོ། །ཚིག་ཏུ་བརྗོད་པ་གསལ་བ་ཡིས། །ཞེས་བྱ་བ་ནི་རྣ་
བའི་རྣམ་པར་ཤེས་པས་གཟུང་དུ་རུང་བའོ། །རི་རབ་དང་ནི་འདྲ་བ་ཡིས། །ཞེས་བྱ་བ་ནི་ཆེ་བ་ཉིད་དང་བརྟན་པ་ཉིད་ཀྱི་རི་རབ་དང་འདྲ་བ་ཡང་འདུད་པར་བྱེད་ན་སེམས་ཅན་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །ཕྲ་བའི་ཚིག་ནི་ཆོས་ཀྱི་ཚིག་སྟེ། ཤིན་ཏུ་གཟུང་མིན་མི་གཟུང་
མིན། །ཞེས་བྱ་བའོ། །དེ་ནས་རྡོ་རྗེ་གསང་བའི་སེམས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཞེས་བྱ་བ་ནི་རྣམ་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་རྣམ་པ་ཐམས་ཅད་དོ། །མཆོག་ཀྱང་དེ་ཉིད་ཡིན་ཏེ། དམ་པར་གྱུར་
པས་སོ། །དེ་དང་ལྡན་པས་ན་ཐམས་ཅད་མཆོག་ལྡན་པ་སྟེ། ལྡན་པ་ནི་བཅས་པའོ། །དེ་ཡང་ཡན་ལག་དང་ཉིང་ལག་དང་ཁ་དོག་དང་མདངས་ལ་སོགས་པའོ། །དེ་ལྟ་བུར་སུ་ཞིག་བསྒོམ་ཞེ་ན། ཕྱག་ན་རྡོ་རྗེའོ། །གང་དུ་བསྒོམ་ཞེ་ན། །བདག་ཉིད་ལ་སྟེ་གལ་ཏེ་གཞན་དག་གི་ཡང་
เล่ม ๕๕ · หน้า 144a
བདག་སྲིད་པས་དེའི་ཕྱིར་བདག་ཉིད་ལ་ཞེས་བྱ་བ་གསུངས་ཏེ། འདིས་ནི་ལས་ཀྱི་ཚུལ་དུ་སྟོན་ཏོ། །བདག་ཉིད་ཀྱིས་ནི་ཞེས་བྱ་བ་འདིས་ནི་བྱེད་པ་པོའི་ཚུལ་དུ་སྟོན་པའོ། །བསྒོམ་བྱས་ན་ཞེས་བྱ་བ་ནི་ཡིད་ལ་བྱ་བའོ། །སངས་རྒྱས་ཐམས་ཅད་དབང་དུ་བྱེད། །ཅེས་བྱ་བ་
ནི་དཀྱིལ་འཁོར་གྱི་ལས་ལ་སངས་རྒྱས་ཐམས་ཅད་ཀྱང་དབང་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །ཞེས་བྱ་བ་ནི་འོག་ནས་བཤད་པ་གསུམ་ཆར་ལ་ཡང་འདྲ་བར་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོ་བདག་ཉིད་དུ་བདག་ཉིད་ཀྱིས་བསྒོམ་པར་བྱས་ལ། འབར་
བའི་ལྟ་བས་ཀྱང་ཕྱག་ན་རྡོ་རྗེ་འགུགས་པར་བྱེད་དོ། །རྡོ་རྗེ་སྤྱན་བདག་ཉིད་ལ་བསྒོམས་ལ་ཆོས་རྣམས་ཐམས་ཅད་ཅེས་བྱ་བ་སེམས་ཅན་ཐམས་ཅད་དེ། དེས་བསད་དོ་ཞེས་བྱ་བ་ཁྲོ་བོའི་ལྟ་བས་དེ་བསད་ཅིང་བསྒྱེལ་བར་བྱ་བ་སྟེ། ཇི་སྲིད་འདོད་ཀྱི་བར་དུ་འདུ་ཤེས་མེད་པར་བྱའོ་ཞེས་
བྱ་བའི་དོན་ཏོ། །རྡོ་རྗེ་ཐམས་ཅད་བདག་ཉིད་དུ་བསྒོམས་ན་རྡོ་རྗེ་ཐམས་ཅད་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱམས་པའི་ལྟ་བས་དེ་སྲུང་བར་མཛད་པའོ། །ལུས་དང་ལྟ་བ་དང་ཚིག་དང་ཡིད་ཀྱི་ཕྱག་རྒྱ་རྣམས་ལ། ལན་འགའ་ནི་བཞི་ཆར་གྱིས་ཀྱང་
དགོས་པ་བྱེད་དོ། །ཆེད་འགའ་ནི་གསུམ་གྱིས་སོ། །ཆེད་འགའ་ནི་ཡིད་དང་ལྟ་བའི་ཕྱག་རྒྱ་གཉིས་ཀྱིས་སོ། །ཆེད་འགའ་ནི་གང་ཡང་རུང་བས་བྱེད་དེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལས་ཕྱག་རྒྱ་རེ་རེ་ཞིང་ཡང་ཕྱག་རྒྱ་བཞི་དང་སྙིང་པོ་སྦྱར་བར་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ནས་ཞེས་བྱ་བ་ནི་
གཞན་ཡང་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ནི་རྡོ་རྗེ་གསང་བའི་དཀྱིལ་འཁོར་རོ། །དེའི་ཕྱག་རྒྱ་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའོ། །དེའི་ཡེ་ཤེས་ནི་དེ་རྣམས་ཀྱི་སྦྱོར་བའི་ཡེ་ཤེས་སོ། །བསླབ་པོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་དཔའི་རྡོ་རྗེ་
བཅིངས་བྱས་ལ། །ཞེས་བྱ་བ་ནི་བཅིང་བའོ། །གང་དུ་ཞེ་ན། སྙིང་གར་རོ། །གང་གིས་ཤེ་ན། བདག་གིས་སོ། །གང་གི་ཞེ་ན། བདག་གིའོ། །རྡོ་རྗེ་ལྟ་བ་ནི་བཤད་ཟིན་ཏོ། །དེས་བལྟས་ནས་སྣོད་ལ་དབབ་པར་བྱ་བ་ནི་གཅིག་གམ་གཉིས་སམ་མང་པོ་ནས་འགྲོ་བ་ཐམས་ཅད་ཀྱི་བར་དུའོ། །
เล่ม ๕๕ · หน้า 144b
འབར་བའི་ལྟ་བས་བལྟས་ནས་ནི། །ཞེས་བྱ་བ་དེ་ལྟ་གང་དབབ་པར་བྱ་བ་དེ་འབར་བའི་ལྟ་བས་དེར་དགུག་པའོ། །ཐམས་ཅད་དབང་དུ་བྱེད་པར་འགྱུར། །ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་དབང་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོའི་ལྟ་བས་རབ་བལྟས་ན། །འགྲོ་བ་ཐམས་ཅད་དེས་འདུད་བྱེད། །ཅེས་བྱ་
བ་སྟེ། འདུ་ཤེས་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རང་གི་སྙིང་གར་ལས་ཀྱི་རྡོ་རྗེ་བསམས་ལ། བྱམས་པའི་ལྟ་བས་བལྟས་ན་དེས་ཐམས་ཅད་བསྲུང་བ་བྱས་པར་འགྱུར་རོ། །དེ་ལྟར་སྦྱོར་བ་དེ་རྣམས་ཀྱིས་ཇི་སྐད་དུ་གསུངས་པའི་ལས་རྣམས་སོ་སོར་བྱས་ཀྱང་རུང་། སྤྱིར་བསྡུས་ཏེ་དབབ་པ་བྱས་ཀྱང་རུང་ངོ་། །
དེ་ནས་ཞེས་བྱ་བ་ནི་གཞན་ཡང་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་རོ། །ཕྱག་རྒྱ་ཆེན་པོ་བཅིང་བ་བསླབ་པོ་ཞེས་བྱ་བ་ནི་འདིར་དམ་ཚིག་གི་ཕྱག་རྒྱ་ཉིད་ལ་ཕྱག་རྒྱ་ཆེན་པོའི་སྒྲར་གསུངས་ཏེ། གང་གི་ཕྱིར་འདི་ནི་ཕྱག་རྒྱའི་དཀྱིལ་འཁོར་ཡིན་ཏེ། དེ་བས་ན་འདི་རྣམས་
ཉིད་འདིར་གཙོ་བོ་ཡིན་ནོ། །འདི་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཉིད་ནི་འོག་ནས་འབྱུང་སྟེ། རྡོ་རྗེ་གསང་བ་དེ་རྣམས་ནི། །ཞེས་གང་བཤད་པའོ། །རྡོ་རྗེ་ཐལ་མོ་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐལ་མོ་སྨོས་པ་ནི་རྡོ་རྗེ་བསྡམས་པ་ལས་དགར་བའི་དོན་ཏོ། །བྱུང་བ་ཞེས་བྱ་
བ་ནི་སྐྱེས་པའོ། །གསང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་གསང་བ་ཆེན་པོ་སྟེ། མུ་སྟེགས་བྱེད་གཞན་རྣམས་ཀྱིས་མི་ཤེས་པས་ན་གསང་བའོ། །མཐུ་ཆེ་བས་ན་ཆེན་པོའོ། །རབ་ཏུ་ཕྱེ་བ་སྟེ་བཤད་པས་ན་རབ་ཏུ་བཤད་ཅེས་པའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་འདིར་དེ་གཙོ་བོ་ཡིན་
པའི་ཕྱིར་རོ། །མདོར་བསྡུས་པ་ཞེས་བྱ་བ་ནི་མདོར་བྱས་པའོ། །དེ་དག་གིས་ནི་བཅིང་བ་བཤད། །ཅེས་བྱ་བ་ནི་རབ་ཏུ་ཕྱེ་སྟེ་བཤད་པའོ། །རྡོ་རྗེ་ཐལ་མོ་ལས་བྱུང་བ། །ཞེས་གསུངས་པས་ན་རྡོ་རྗེ་ཐལ་མོ་བྱས་ལ། མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །ཞེས་བྱ་བ་སྟེ། གཡོན་པའི་མཐེ་བོང་གཡས་
པས་མནན་ལ། མཛུབ་མོ་གཡས་པའི་རྩ་བ་མཐེ་བོང་གཡོན་པས་མནན་པའོ། །མཛུམ་མོ་རྩེ་མོ་བཀུག་པས་ནི། །ཞེས་བྱ་བ་ནི་མཛུམ་མོ་གཉིས་ཀྱི་རྩེ་མོ་སྟེ། ཚིགས་གསུམ་པ་བཀུག་པ་གང་ཡིན་པ་དེ་ནི་མཛུམ་མོའི་རྩེ་མོ་བཀུག་པའོ། །མཛུམ་མོ་བཀུག་པ་དེ་ཡང་གུང་མོ་མཉམ་པའི་ཚིགས་
เล่ม ๕๕ · หน้า 145a
གསུམ་པར་སྦྱར་བར་བྱ་སྟེ། གུང་མོ་མཉམ་པའི་ཚིགས་གསུམ་པ་དེ་དང་མཛུབ་མོའི་རྩེ་སྤྲད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱིངས་ཀྱི་དབང་པོ་ནི་རྣམ་པར་སྣང་མཛད་ཀྱི་གནས་ཀྱིའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་ཐལ་མོའོ། །གུང་མོ་རྡོ་རྗེར་བྱ་བ་ནི་གུང་མོ་
གཉིས་གཞིབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མི་བསྐྱོད་པའི་གནས་དང་། སེམས་དཔའ་རྡོ་རྗེ་མའི་གནས་ཀྱིའོ། །གུང་མོ་གཉིས་ནི་ནོར་བུར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་དེ་ཉིད་ལས་གུང་མོ་གཉིས་རིན་པོ་ཆེའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་རིན་ཆེན་མའི་གནས་དང་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱིའོ། །
རྡོ་རྗེ་ཐལ་མོ་དེ་ཉིད་ལས་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་པདྨ་ཁ་མ་བྱེ་བ་ལྟ་བུར་བྱ་བ་ནི་པདྨོ་ཞེས་བྱ་བ་སྟེ། འོད་དཔག་ཏུ་མེད་པའི་གནས་དང་རྡོ་རྗེ་ཆོས་མའི་གནས་ཀྱིའོ། །རྡོ་རྗེ་ཐལ་མོའི་ལག་མཐིལ་གཉིས་སྤྲད་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་གཞིབས་ཏེ། སོར་མོ་ལྷག་མ་དྲུག་མ་འབྱར་
བར་གཅིག་ལ་གཅིག་ཕན་ཚུན་བལྟ་བར་བྱས་པ་ནི་གདོན་མི་ཟ་བར་གྲུབ་པའི་གནས་དང་རྡོ་རྗེ་ལས་མའི་གནས་ཀྱིའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་གཤིབ་པ་བྱས་པ་ནི་རྡོ་རྗེ་སེམས་དཔའི་གནས་ཀྱིའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་རྒྱལ་པོའི་གནས་
ཀྱིའོ། །དེ་ཉིད་མཐེ་བོ་གཉིས་ཀྱིས་སྦས། །ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་པའོ། །མཐེ་བོ་གཉིས་ཀྱི་རྩེ་མོ་ནོན་ཅིག་ཅེས་བྱ་བའི་དོན་ཏོ། །འདི་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱ་སྟེ་མདའི་སྒྲོ་ལྟ་བུའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་བཀུག་ལ་རྩེ་མོ་མཐེ་བོས་
མནན་ནས་སེ་གོལ་གཏོགས་པའི་ཚུལ་དུ་བརྡབ་པ་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་རིན་པོ་ཆེར་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་རིན་ཆེན་ཞེས་བྱ་བ་སྟེ། རིན་པོ་ཆེ་དང་བཅས་པའི་མཛུབ་མོ་གང་ཡིན་པ་དེ་ནི་མཛུབ་མོ་རིན་ཆེན་
ཅན་ཏེ། མཛུབ་མོ་རིན་པོ་ཆེ་ལྟ་བུར་གནས་པ་ཞེས་བྱ་བའི་དོན་ཏོ། །འོད་འབར་བ་ཞེས་བྱ་བ་ནི་གུང་མོ་གཉིས་འོད་དེ་འོད་ཟེར་གྱི་ཚུལ་དུ་བརྐྱང་བ་ནི་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་དེ་ཉིད་ལས་སྲིན་ལག་གཉིས་གཞིབས་ལ། མཐེའུ་ཆུང་རིན་པོ་ཆེའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་དཔལ་གྱི་
เล่ม ๕๕ · หน้า 145b
ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་ཁའི་ཕྱོགས་སུ་དྲངས་ལ་སྒེག་པས་དགྲོལ་ཞིང་སོ་སོར་དབྱེ་བ་ནི་རྡོ་རྗེ་བཞད་མོའི་ཕྱག་རྒྱའོ། །ཀུན་གྱི་རྩེ་མོ་རབ་ཏུ་དགྱེད། །ཅེས་བྱ་བ་ནི་རྡོ་རྗེ་ཐལ་མོ་ལས་སོར་མོ་རྣམས་ཀྱི་རྩ་བ་ཕན་ཚུན་སྦྱར་ལ་བརྐྱང་བ་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་ལས་མཐེ་བོ་གཉིས་
གཞིབས་ཏེ། །སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མཐེ་བོ་གཉིས་ཀྱི་རྩེ་མོ་གཞུག་པ་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་འཁོར་ལོའི་ཚུལ་དུ་བརྐྱང་བ་ནི་རྡོ་རྗེ་རྒྱུའི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་ཐལ་མོ་དེ་ཉིད་དོ། །ཁ་ནས་འབྱུང་བ་ནི་ཁ་ནས་གྱེན་དུ་དྲངས་པ་སྟེ། རྡོ་རྗེ་སྨྲ་བའི་ཕྱག་
རྒྱའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་ཀྱི་སྟེང་དུ་མཐེ་བོ་གཉིས་ཀྱིས་མནན་ན་མཐེ་བོས་རྡོ་རྗེ་བཀག་པར་འགྱུར་ཏེ་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་བསྙམས་ལ་མཐེ་བོའི་དྲུང་དུ་གཞུག་ཅིང་མཐེ་བོ་གཉིས་ཀྱིས་མནན་ན་མཛུབ་མོ་དེ་གཉིས་ནང་དུ་གཞུག་པ་ཡིན་ཏེ།
རྡོ་རྗེ་སྲུང་བའི་ཕྱག་རྒྱའོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་དབྱེ་ཞིང་བརྐྱང་བ་སྟེ། ཁར་གཏུག་ཅེས་མ་སྨོས་ཀྱང་དོན་གྱི་དབང་གིས་ན་ངེས་པར་འདི་ལྟར་ཤེས་པར་བྱ་དགོས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་དང་མཐེའུ་
ཆུང་གཉིས་ཀྱི་བར་དུ་མཐེ་བོ་གཉིས་ཀྱི་རྩེ་མོ་བཅུག་སྟེ་བཞག་ན་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱར་འགྱུར་རོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བསྟན་ཟིན་ནས་ད་ནི་རྡོ་རྗེ་གསང་བ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་རྣམས་སྟོན་ཏེ། རྡོ་རྗེ་གསང་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གསང་བ་གང་
ཡིན་པ་དེ་ནི་རྡོ་རྗེ་གསང་བ་ཞེས་བཤད་དེ། དེ་ནི་སྔར་རྡོ་རྗེ་ཐལ་མོ་ལས་བྱུང་བར་གསུངས་པ་གང་ཡིན་པ་དེ་ད་འདིར་ནི་རྡོ་རྗེ་བཅིངས་པ་ལས་བྱུང་བ་ཡིན་ནོ། །ཆོས་ཀྱི་གསང་བ་ཞེས་བྱ་བ་ལ་ཆོས་ཀྱི་དཀྱིལ་འཁོར་གྱི་གསང་བ་ཡིན་པས་ན་ཆོས་ཀྱི་གསང་བའོ། །མཚན་རྣམས་ཀྱིས་ཞེས་བྱ་བ་ནི་
འདིར་རྡོ་རྗེ་ཐལ་མོ་ལས་བྱུང་བའི་མཚན་མ་རྣམས་ཀྱིས་སོ། །ཐལ་མོ་ནང་དུ་བཀུག་པས་སོ། །ཞེས་བྱ་བ་ནི་ཐལ་མོའི་ནང་ནི་ཐལ་མོ་ཁོང་སྟོང་དུ་ཁ་སྦྱར་བའི་ནང་དུའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་ཐལ་མོ་ལས་བྱུང་བའི་གསང་བ་ཆེན་པོའི་མཚན་མ་གང་ཡིན་པ་དེ་ཉིད་ནི་ཐལ་མོ་ཁོང་སྟོང་ངོ་ཞེས་བྱ་བ་
เล่ม ๕๕ · หน้า 146a
ནི་མན་ངག་གོ། །ལས་ཀྱི་གསང་བ་ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་གྱི་གསང་བ་ནི་ལས་ཀྱི་གསང་བ་སྟེ། དེ་ཉིད་ནི་ཕྱག་རྒྱ་ཆེན་པོའོ། །ནང་གནས་པའི་མཚན་མས་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་ནང་ནས་ཕྱག་རྒྱའི་མཚན་མས་བསྟན་པར་བྱ་སྟེ། དེ་ཉིད་ནི་
གསང་བའི་གསང་བ་ཡིན་ནོ། །རིན་པོ་ཆེའི་རིགས་ཀྱི་ཁྱད་པར་མ་སྨོས་པ་ནི་བྱེ་བྲག་ཏུ་མ་ཕྱེ་བ་ལས་ན་གཉིས་པོ་དེ་གཉིས་ཀའི་ཚུལ་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་ཕྱུགས་མང་པོ་མཚན་མ་བཏབ་པ་ལས་གཅིག་ལ་མཚན་མ་མ་བཏབ་ན་མཚན་མ་མེད་པ་དེ་ཉིད་དེའི་མཚན་མར་གྱུར་པ་
ཡིན་ནོ། །དེ་བཞིན་དུ་འདིར་ཡང་ཁྱད་པར་དུ་མ་ཕྱེད་པ་ཉིད་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་ནི་བཤད་ཟིན་ཏོ། །དེ་ནས་གཞན་ཡང་རབ་བཤད་པ། །ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་ཕྱག་རྒྱ་ཡང་བསྟན་པ་ཡིན་ནོ། །སངས་རྒྱས་
རྣམས་དང་མཆོད་པ་རྣམས་དང་སྒོ་བ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ཉིད་རྒྱུད་ཐམས་ཅད་དུ་ཡང་ཤེས་པར་བྱའོ། །ད་ནི་ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ་དགོས་པས། གསང་བའི་ཕྱག་རྒྱ་གཉིས་བྱས་ནས། །ཞེས་
བྱ་བ་ལ་སོགས་པའི་ཉེ་བར་དགོད་པ་མཛད་པ་ཡིན་ཏེ། གསང་བའི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོར་བསྟན་པ་གང་ཡིན་པ་དེ་ཉིད་གཉིས་སུ་བྱས་ལ་སྔར་གསུངས་པའི་ཚུལ་གྱིས་སོ་སོའི་ལས་ཀྱི་ཕྱག་རྒྱ་བརྟག་པར་བྱ་སྟེ། ཕྱག་རྒྱའི་ལྷ་མོ་རྣམས་ཀྱི་ལས་འདི་ནི་དཀྱིལ་འཁོར་ལ་
སོགས་པ་ཤིན་ཏུ་གསང་བ་ཡིན་པས། དཀྱིལ་འཁོར་དུ་གཟུགས་ཀྱི་སྐུར་མི་སྣང་བའི་ཕྱིར། ཕྱག་རྒྱ་ཆེན་པོ་མ་གསུངས་མོད་ཀྱི། འོན་ཀྱང་ལྷ་མོ་དེ་དག་ཉིད་འདིར་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཤིན་ཏུ་གསང་བའི་ལས་རྣམས་ལ་གསང་བའི་གསང་བར་གསུངས་པ་གང་ཡིན་པ་དེ་
རྣམས་ཀྱི་ལས་སྟོན་པར་བཞེད་ནས། དམ་ཚིག་མཆོག་ནི་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་མཆོག་ནི་ཇི་སྙེད་པ། །ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་དམ་ཚིག་གི་ཕྱག་རྒྱ་གསུངས་པ་དེ། ཐམས་ཅད་ཀྱང་གཉིས་སུ་ཕྲལ་ནས་ལས་ཀྱི་ཕྱག་རྒྱར་བརྟག་
เล่ม ๕๕ · หน้า 146b
པར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བརྟག་པ་འདི་ལྟར་བྱའོ་ཞེས་འདས་མ་ཐག་པར་ཡང་མ་བཤད། འདིར་ཡང་མ་བཤད་པས་ན་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་མཚན་
ཉིད་ཇི་ལྟར་གསུངས་པ་ཡང་དེ་བཞིན་དུ་བྱ་སྟེ། དེ་རྣམས་ནི་རྡོ་རྗེ་ཁུ་ཚུར་གཉིས་ལས་འབྱུང་། འདི་དག་ནི་དམ་ཚིག་མཆོག་ཉིད་གཉིས་སུ་བྱས་པ་ལས་བྱུང་བ་ཙམ་འབའ་ཞིག་གི་ཁྱད་པར་ཡོད་པ་ཡིན་ནོ། །དཀྱིལ་འཁོར་ཆེན་པོར་ཕྱག་རྒྱ་རྣམ་པ་བཞིའི་སྒྲུབ་པ་ཡང་རྣམ་པ་བཞིར་
གསུངས་པ་བཞིན་དུ་འདིར་ཡང་དེ་བཞིན་དུ་བཤད་དགོས་པས་ན། དེ་ནས་འདི་རྣམས་སྒྲུབ་པ་བཤད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། སྦྱོར་བ་གང་ཞིག་བཅིངས་པར་གྱུར་ན་རང་ཉིད་ཁོ་ན་དངོས་གྲུབ་སྟེར་བར་འགྱུར་བ་དེ་ནི་འདི་རྣམས་ཀྱི་སྒྲུབ་པ་ཡིན་ནོ། །དེ་གང་ཞིག་ཡིན་ཞེ་ན། ས་མ་ཡ་སྟྭཾ།
ཞེས་སྨྲ་ཞིང་ཞེས་བྱ་བ་གསུངས་ཏེ། ས་མ་ཡ་སྟྭཾ་ཞེས་བསྐུལ་བའོ། །དེ་ཡང་སྙིང་པོ་འདི་བརྗོད་ནས་བཅིངས་པར་འགྱུར་ན་རང་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གང་གིས་གྲུབ་པར་འགྱུར་ཞེ་ན། འདོད་ལ་ཆགས་པ་བདེ་བའི་བདག །ཅེས་བྱ་བ་གསུངས་ཏེ།
འདོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །ཆགས་པ་ནི་དེའི་ཕྱག་རྒྱ་དེ་རྣམས་ལ་ཤིན་ཏུ་ཆགས་པའོ། །བདེ་བའི་བདག་ཅེས་བྱ་བ་ནི་བདེ་བ་དང་ལྡན་པ་ཁོ་ན་ཡིན་གྱི་སྡུག་བསྔལ་དང་ལྡན་པ་མ་ཡིན་པའོ། །འདི་སྐད་སྟོན་ཏོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཕྱག་
རྒྱ་དེ་རྣམས་ལ་མཆོག་ཏུ་སྡུག་པར་བདེ་བའི་སེམས་ཀྱིས་རྣལ་འབྱོར་བསྒོམ་པ་རིམ་བཞིན་དུ་བཅིངས་པར་གྱུར་ན་ངེས་པར་དངོས་གྲུབ་སྦྱིན་པར་འགྱུར་རོ། །དམ་ཚིག་མཆོག་ནི་ཇི་སྙེད་པ། །གཉིས་སུ་ཕྲལ་ནས་དེ་བཞིན་ནོ། །ཞེས་གསུངས་པ་ཐམས་ཅད་དུ་དེ་རྣམས་དང་འདི་
འདྲ་བ་ཉིད་ཡིན་ནོ་སྙམ་དུ་འགའ་ཞིག་རྟོག་པར་འགྱུར་ན། དེ་བཟློག་པའི་ཕྱིར། འདི་རྣམས་ལྷག་པར་གཅིག་ཀྱང་ནི། །ཞེས་གསུངས་པ་ཡིན་ནོ། །ལྷག་པ་དེ་ཡང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར། དུས་ཀུན་དུ་ནི་བཅིང་མི་བྱ། །ཞེས་གསུངས་སོ། །ཅི་ནམ་ཡང་བཅིང་བར་མི་བྱའམ་
เล่ม ๕๕ · หน้า 147a
ཞེ་ན། གསང་བའམ་ནི་དོན་ཆེན་ལ། ཞེས་བྱ་བ་གསུངས་ཏེ། གསང་བ་ནི་གང་སུ་ལ་ཡང་མི་སྙད་པའོ། །དོན་ཆེན་ནི་སྲོག་བསྲུང་བ་ལ་སོགས་པ་སྟེ། དེའི་ཚེ་བཅིང་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གལ་ཏེ་རྟག་ཏུ་བཅིངས་ན་ཉེས་པ་ཅི་
ཡོད་ཅེ་ན། དེའི་ཕྱིར། འདི་རྣམས་ཀུན་གྱི་བདག་ཉིད་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འདི་རྣམས་ནི་ཐམས་ཅད་ཀྱི་བདག་ཉིད་དུ་གནས་ཏེ་ཐམས་ཅད་ཀྱི་བདག་ཉིད་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་གཤེགས་པའི་ཕྱག་རྒྱའི་
མཛོད་ཡིན་པའི་ཕྱིར། དེ་ལ་འདི་རྣམས་གནས་སོ། །འདི་རྣམས་སུ་ཞིག་གི་ཡིན་ཞེ་ན། རང་བྱུང་རྣམས་ཀྱི་ལྷ་མོ་བརྟན། །ཞེས་བྱ་བ་གསུངས་ཏེ། རང་འབྱུང་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱིས་གསོ་བར་བྱ་ཞིང་བསྲུང་བར་བྱ་བ་ཡིན་པས་ན་ལྷ་མོ་སྟེ་བཙུན་
མའོ། །བརྟན་པ་ཞེས་བྱ་བ་ནི་གཞན་ལ་མི་འགྲོ་བའོ། །སྒྲུབ་པ་རྣམས་ལ་རབ་ཆགས་ན། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྣལ་འབྱོར་ལ་གནས་པ་དང་། རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་ཕྱིན་ཅི་མ་ལོག་པར་གནས་པ་ལ། རབ་ཆགས་ན་ཞེས་བྱ་བ་ནི་དགའ་བ་ཞེས་བྱ་བའི་དོན་ཏོ། །
དེ་ལྟར་སྒྲུབ་པ་པོ་རྣམས་ལ་རབ་ཏུ་ཆགས་པའི་ལྷ་མོས་རང་གི་བདག་པོ་བཏང་ང་རེ་ཞེས་བྱ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པས་ན་སྒྲུབ་པ་པོ་ཉིད་ནི་རང་གི་བདག་པོའོ། །དེ་བས་ན་གང་འདི་སྒྲུབ་པ་པོས་ཕྱག་རྒྱ་འདི་དག་དགོས་པ་ཅི་ཡང་རུང་བ་ལ་
སྦྱར་ན། དེ་བས་ན་འདི་ནི་ཁྱད་པར་མི་ཤེས་པས་བདག་ཅག་རྣམས་ཀྱི་གནས་སུ་འོས་པ་མ་ཡིན་ནོ་སྙམ་ནས་ཕྱག་རྒྱ་དེ་དག་གིས་རྟག་པའི་བདག་པོ་བཏང་ང་རེ་ཞེས་བྱ་བའོ། །དེ་ལྟ་བུའི་དོན་གྱིས་ན་གསང་བའམ་དོན་ཆེན་པོ་ལ་སྦྱར་བར་བྱའི་ཐམས་ཅད་དུ་ནི་མ་ཡིན་ནོ། །ཆོ་ག་ལྷག་
མ་རྣམས་ཀྱི་ཆོ་གར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་ཕྱག་རྒྱ་འདི་རྣམས་ཞེས་བྱ་བ་ནི་ཕྱག་རྒྱ་རྣམ་པ་བཞི་རྣམས་ཀྱིའོ། །བཅིང་བ་ལ་སོགས་པའི་ལས་ཡིན་པས་ན་བཅིང་བའི་རྒྱུ་ལ་བཅིང་བ་ཞེས་གསུངས་སོ། །བཅིང་བ་ཐོག་མར་བྱས་པ་གང་
เล่ม ๕๕ · หน้า 147b
ཡིན་པ་དེ་ནི་བཅིང་བ་ལ་སོགས་པ་སྟེ། བཅིང་བ་དེ་ལ་སོགས་པའི་ལས་རྣམས་བཤད་དོ། །བདག་གམ་འོན་ཏེ་གཞན་ཡང་རུང་། །ཞེས་བྱ་བ་ནི་ནམ་བདག་ཉིད་ཕྱག་རྒྱ་འཆིང་བར་འདོད་པ་དེའི་ཚེ་བདག་ཉིད་ལ་རྡོ་རྗེ་དབབ་པ་བསྐྱེད་པར་བྱའོ། །ནམ་གཞན་ལ་འཆིང་བར་འདོད་པ་
དེའི་ཚེ་དེ་ལ་རྡོ་རྗེ་དབབ་པ་བསྐྱེད་པར་བྱའོ། །རྡོ་རྗེ་དབབ་པ་བྱས་ནས་ནི། །ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ཚུལ་གྱིས་རྡོ་རྗེ་དབབ་པ་བསྐྱེད་པའོ། །སྙིང་པོར་བྱ་བ་འདི་ཡིས་ནི། །ཞེས་བྱ་བ་ནི་གསུང་རབ་ལས་གསུངས་པའི་སྙིང་པོས་གསང་བའི་དཀྱིལ་འཁོར་དུ་སེམས་དཔའ་
རྡོ་རྗེ་མའི་ཕྱག་རྒྱ་བཅིང་བར་བྱའོ། །བཅིང་ངམ་འཆིང་དུ་གཞུག་ཀྱང་རུང་། །ཞེས་བྱ་བ་ནི་ནམ་བདག་ལ་རྡོ་རྗེ་དབབ་པ་བསྐྱེད་པ་དེའི་ཚེ་ན་བཅིང་བའོ། །ནམ་གཞན་ལ་སྐྱེད་པར་བྱེད་པ་དེའི་ཚེ་ནི་འཆིང་དུ་གཞུག་པར་བྱའོ། །ད་ནི་མདོར་ན་ཕྱག་རྒྱ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་
པས་ཕྱག་རྒྱ་དགྲོལ་བ་སྟོན་པ་ཡིན་ཏེ། ཆོས་ཀྱི་ཕྱག་རྒྱ་ནི་ལྕེ་ལའོ། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱས་པ་ལས། དང་པོ་ནི་ཕྱག་རྒྱ་ཆེན་པོ་དགྲོལ་བར་བྱའོ། །གཉིས་པ་ནི་དམ་ཚིག་གི་ཕྱག་རྒྱ་དགྲོལ་བར་བྱའོ། །གསང་བའི་གསང་བ་རྡོ་རྗེའི་དཀྱིལ་འཁོར་དུ་གསུངས་པ་ནི་རྡོ་རྗེ་བསྡམས་
པ་དགྲོལ་བར་བྱའོ། །ཆོས་ཀྱི་གསང་བ་ནི་ཐལ་མོ་ཁོང་སྟོང་དུའོ། །ལས་ཀྱི་གསང་བ་ནི་རྡོ་རྗེ་ཐལ་མོའི་ནང་དུའོ། །རིན་པོ་ཆེའི་གསང་བ་ནི་རིན་པོ་ཆེའི་ཐལ་མོའི་ནང་དུ་དགྲོལ་བར་བྱའོ། །ཕྱག་རྒྱ་ཆེན་པོ་ནི་ཐལ་མོར་དགྲོལ་བར་བྱ་སྟེ། རིམ་གྱིས་གང་དང་གང་ནས་བྱུང་བ་དེ་དང་དེར་
ཡིད་ཀྱིས་བཀྲོལ་ལ། ཐ་མར་རྡོ་རྗེ་ཐལ་མོ་སྙིང་གར་དགྲོལ་བར་བྱའོ། །ད་ནི་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་བརྟན་པར་བྱ་བའི་ཆོ་ག་སྟོན་ཏེ། རིན་ཆེན་རྡོ་རྗེ་ནི་གསང་བའི་དཀྱིལ་འཁོར་བསྟན་པ་གང་ཡིན་པ་དེ་ཉིད་འདིར་གཟུང་བར་བྱའོ། །དེ་བརྟན་བྱས་ཏེ་ཞེས་བྱ་བ་ནི་སྙིང་གའི་
གནས་སུ་བཅིངས་ཏེ། སྤྱི་བོར་དབང་བསྐུར་བའི་གནས་སུ་དགྲོལ་བའོ། །དགྲོལ་ནས་ཀྱང་མཛུབ་མོ་གཉིས་ཀྱིས་སྔར་གསུངས་པའི་ཚུལ་བཞིན་དུ་གོ་ཆ་བཅིང་བར་བྱའོ། །འདི་ཉིད་ཅེས་བྱ་བ་ནི་སྙིང་པོ་འདིར་གསུངས་པ་འདིས་སོ། །བཅིང་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་བཀྲོལ་ནས་
เล่ม ๕๕ · หน้า 148a
ཡང་ཐལ་མོ་བརྡབས་པས་མཉེས་པར་བྱ་བ་ནི་བཅིང་བ་ཞེས་བྱ་བའོ། །དམ་ཚིག་ནི་གཞུང་ལུགས་སུ་རྣམ་པར་གཞག་པའོ། །ཇི་ལྟར་གནས་པ་བཞིན་དུ་དགྲོལ། །ཞེས་བྱ་བ་ནི་གནས་ཇི་ལྟ་བ་བཞིན་དུ་བཀྲོལ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ཏེ་དེ་ལྟར་
ཕྲེང་བ་བཅིངས་ཤིང་གོ་ཆ་བཅིངས་ནས། ཐལ་མོ་བརྡབས་པས་མཉེས་པར་བྱ་བ་ཇི་སྐད་གསུངས་པའི་ཚུལ་དུ་བསྟན་པར་བྱ་བ་ཉིད་ནི་བཅིངས་པ་ཞེས་བྱ་བར་བཤད་དོ། །ཐལ་མོ་བརྡབས་པས་ཀུན་བཅིངས་པ། །ཞེས་བྱ་བ་ནི། ཐལ་མོ་བརྡབས་པས་མཉེས་པར་བྱ། །ཞེས་རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་ལས་ཇི་སྐད་གསུངས་པ་བཞིན་དུ། རྡོ་རྗེ་སེམས་དཔའ་ཅི་དགར་བཟླས། །ཞེས་བྱ་བ་ནི་ཇི་སྲིད་དུ་འདོད་ཀྱི་བར་དུ་བཟླ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་དུ་ཞེ་ན། དཀྱིལ་འཁོར་དང་ནི་ལས་ཀུན་ལ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། དཀྱིལ་འཁོར་གྱི་ལས་ལ་སོགས་
པ་ལས་ཐམས་ཅད་ལ་ཞེས་བྱ་བའི་དོན་ཏོ། །དུས་འདི་ཉིད་དུ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་གྱི་དུས་སུའོ། །སྦྱར་བར་བྱ་ཞེས་བྱ་བ་ནི་ལས་ལ་སྦྱར་བའོ། །ཇི་ལྟར་སྦྱར་བར་བྱ་ཞེ་ན། ཐམས་ཅད་གྲུབ་པར་བྱེད་པའི་མཆོག །ཅེས་བྱ་བ་གསུངས་ཏེ། ཐམས་ཅད་གྲུབ་པར་
བྱེད་པའི་དམ་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་དུ་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རྡོ་རྗེ་དབྱིངས་ཀྱི་བརྟག་པའི་གཟུངས་མའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་བསྟན་ཟིན་ནས་ཆོས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་སྟོན་
པར་བཞེད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་གཞན་སྟོན་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཐམས་ཅད་དོ། །དེ་རྣམས་ཀྱི་རྡོ་རྗེ་ཕྲ་མོ་ནི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། གང་མི་མཐོང་ཞིང་མི་ཤིགས་པ་ཡིད་ལས་བྱུང་བའི་ཕྱིར། སུས་ཀྱང་གཞོམ་དུ་མེད་པ་དེ་ལ་ནི་རྡོ་རྗེ་ཕྲ་མོ་ཞེས་གསུངས་སོ། །རྣལ་འབྱོར་གྱི་རྒྱུད་ལ་གསང་སྔགས་ཀྱི་སྒོར་སྤྱོད་པའི་རྣལ་འབྱོར་པ་རྣམས་ལ་ཏིང་ངེ་འཛིན་
เล่ม ๕๕ · หน้า 148b
གྱི་ཡེ་ཤེས་ཀྱི་མཚན་མར་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཡེ་ཤེས་གང་ཡིན་པ་དེ་ནི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་སོ། །དེ་ཉིད་ནི་ཕྱག་རྒྱ་སྟེ། རྩེ་མོ་ལྔ་པའི་རྡོ་རྗེའི་ཕྱག་རྒྱའི་ཚུལ་དུ་ཡོངས་སུ་བསྒོམ་པར་བྱའོ། །དེའི་དམ་ཚིག་ནི་དཀྱིལ་འཁོར་རོ། །དེ་བསྒོམ་པའི་ཕྱིར་དཀྱིལ་འཁོར་
གང་གིས་དམ་ཚིག་སྦྱིན་པར་བྱེད་པ་དེ་ནི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱའི་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་ལ་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ། འོག་ནས་འབྱུང་བའི་རིག་པའི་མཆོག་འདི་
གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་སེམས་དཔའ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའོ། །དེའི་ཡེ་ཤེས་ཕྲ་མོ་དེ་བསྒོམ་པར་བྱ་བའི་ཕྱིར་དམ་ཚིག་ནི་དཀྱིལ་འཁོར་དེ་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་
ངེ་འཛིན་དེ་ལ་བཅོམ་ལྡན་འདས་མི་བསྐྱོད་པ་ཡང་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་རིན་པོ་ཆེ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའོ། །དེའི་ཡེ་ཤེས་ཕྲ་མོ་དེ་བསྒོམ་པར་བྱ་བའི་ཕྱིར་དམ་
ཚིག་གི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡང་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ཡིན་ལ་རྡོ་རྗེ་ཆོས་ཀྱང་དེ་ཡིན་པས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་སོ། །དེའི་ཡེ་ཤེས་ཕྲ་མོ་དེ་བསྒོམ་པར་བྱ་བའི་ཕྱིར། དམ་ཚིག་གི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཡང་སྙོམས་པར་ཞུགས་ཏེ་རང་གི་རིག་པའི་མཆོག་འདི་གསུངས་
སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ཡིན་ལ་རྡོ་རྗེ་ལས་ཀྱང་དེ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་སོ། །དེའི་ཡེ་ཤེས་ཕྲ་མོ་དེ་བསྒོམ་པར་བྱ་བའི་ཕྱིར་དམ་ཚིག་གི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་བཅོམ་
เล่ม ๕๕ · หน้า 149a
ལྡན་འདས་གདོན་མི་ཟ་བར་གྲུབ་པ་ཡང་སྙོམས་པར་ཞུགས་ཏེ་རང་གི་རིག་པའི་མཆོག་འདི་གསུངས་སོ། །སྔགས་འདི་ལྔ་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་
ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་རྡོ་རྗེ་སེམས་དཔའ་ཡང་དག་པར་སྐུལ་བར་བྱེད་པའི་ཏིང་ངེ་འཛིན་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཡེ་ཤེས་ཕྲ་མོའི་རྡོ་རྗེ་ཏིང་ངེ་འཛིན་གང་
ལ་རབ་ཏུ་སྣང་བ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཐུགས་ཀ་ལ་གནས་པའི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡེ་ཤེས་བསྐུལ་བ་དེ་ལས་རྡོ་རྗེ་ཡེ་ཤེས་ཕྲ་མོའི་འོད་ཟེར་རྣམས་བྱུང་ནས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ་ཞེས་བྱ་བ་འདིས་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་འཕྲོ་བ་སྟོན་ཏོ། །སྣང་བར་བྱས་པ་ནི་གསལ་
བར་བྱས་པའོ། །ལས་གཉིས་པ་བསྟན་པ་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཕྲ་མོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བསྟན་པར་བྱས་ཏེ་ཞེས་བྱ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་འབྲེལ་པ་རྡོ་རྗེའི་ཡེ་ཤེས་ཕྲ་མོའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་པ་གང་ཡིན་པ་དེ་བརྟན་པར་བྱས་ཤིང་མི་གཡོ་བར་བྱས་པའོ། །ཡང་གཅིག་ཏུ་གྱུར་ནས་ཞེས་བྱ་བ་འདིས་ནི་བསྡུས་པ་སྟོན་ཏོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྐུར་དམིགས་ཏེ་ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་སོ། །
ཏིང་ངེ་འཛིན་གྱི་ཡེ་ཤེས་ཉིད་ནི་རྡོ་རྗེ་ཡིན་པས་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའོ། །དེའི་སྐུ་ནི་གཟུགས་ཅན་ནོ། །དམིགས་པ་ནི་སྤྲུལ་པའོ། །གཅིག་ཏུ་འདུས་ནས་ཞེས་བྱ་བ་ལ། གཅིག་ནི་ཐ་མི་དད་པའོ། །འདུས་པ་ཞེས་བྱ་བའི་སྒྲས་ནི་བརྟན་པ་ལ་བྱ་བར་བཤད་དེ། དེ་བཞིན་གཤེགས་
เล่ม ๕๕ · หน้า 149b
པ་རྣམས་ཀྱི་ཡེ་ཤེས་གཅིག་ཏུ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གྱུར་ཏེ་ཞུགས་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཕྲ་
མོའི་ཏིང་ངེ་འཛིན་གྱིས་བསྐུལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་དམ་ཚིག་ཆེན་པོའི་རྡོ་རྗེ་བརྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཀྱི་འོད་ཟེར་དུ་གྱུར་ནས་བྱུང་སྟེ། ཏིང་ངེ་འཛིན་
ལ་དབང་ཐོབ་པ་བསྒྲུབ་པའི་ཕྱིར། སྤྲོ་བ་དང་བསྡུ་བ་བྱས་ནས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་དམ་ཚིག་ཆེན་པོའི་རྡོ་རྗེ་འདི་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་
འདིར་དེ་བཞིན་གཤེགས་པ་ལྔ་པོ་གཟུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པ་ཡང་ཡིན་ལ་ཡེ་ཤེས་ཕྲ་མོ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོ་ཡང་ཡིན་ལ་དམ་ཚིག་ཆེན་པོའི་རྡོ་རྗེ་ཡང་
ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོ་དམ་ཚིག་ཆེན་པོའི་རྡོ་རྗེའོ། །དམ་ཚིག་ནི་གཞུང་ལུགས་སུ་རྣམ་པར་གཞག་སྟེ། སྔགས་དང་ཕྱག་རྒྱ་ལ་སོགས་པ་རྣམ་པར་བརྟགས་པའི་མཚན་ཉིད་དོ། །ཆེན་པོ་ནི་རྒྱུད་ཀྱི་དོན་མ་ལུས་པ་དང་། རྒྱུད་གཞན་རྣམས་ཀྱི་དོན་ཀྱང་
ཡེ་ཤེས་ཕྲ་མོའི་རྡོ་རྗེར་གཏོགས་པས་ན་དམ་ཚིག་ཆེན་པོ་ཞེས་བཤད་དོ། །རྡོ་རྗེ་ནི་དམ་ཚིག་ཆེན་པོའི་དོན་སྒྲུབ་པར་བྱེད་པའི་རྡོ་རྗེ་ཡིན་པས་ན་དམ་ཚིག་ཆེན་པོའི་རྡོ་རྗེའོ། །དེ་སྟོན་པར་བྱེད་པའི་སྒྲའི་གཟུགས་ལ་ཡང་དམ་ཚིག་ཆེན་པོའི་རྡོ་རྗེ་ཞེས་བཤད་དེ། དེ་གསུངས་པའོ། །དེ་ནས་ཞེས་བྱ་བ་
ལ་སོགས་པ་ལ། སྨྲས་མ་ཐག་ཏུ་ཞེས་བྱ་བ་ནི་བསྟན་པའི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་བྱུང་ནས་ཞེས་བྱ་བ་ནི་མངོན་པར་འཐོན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོ་དེ་ཉིད་རྡོ་རྗེའི་
เล่ม ๕๕ · หน้า 150a
དབྱིབས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་རྡོ་རྗེའི་དབྱིབས་སོ། །བདག་ཉིད་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་དེར་བྱས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོའི་ཕྱོགས་སུ་གནས་ནས་ཆེད་དུ་བརྗོད་པ་
འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་ལ། མ་དྲིས་ཀྱང་སེམས་ཅན་རྣམས་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་གང་གསུངས་པ་དེ་ནི་ཆེད་དུ་བརྗོད་པ་ཞེས་བྱའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །དེ་ཡང་གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། རྡོ་རྗེ་ཕྲ་མོ་བདག་སྟེ་ཆེ། །ཞེས་བྱ་བ་སྟེ། ཕྲ་བ་ཞེས་བྱ་
བའི་སྒྲས་ནི་ཆུང་བ་དང་མི་ཤིགས་པ་གཉི་ག་ལ་བྱ་ན། ཕྲ་བའི་རྡོ་རྗེའི་བདག་ཉིད་ཀྱང་བདག་ཡིན་ལ། ཆེ་བ་ཡང་ཡིན་པ་འདི་ནི་ངོ་མཚར་ཏེ། ཇི་ལྟར་ན་ཆེ་བ་ཉིད་ཡིན་ཞེ་ན། གང་ཕྱིར་ཕྲ་ཡང་ཆེ་བའི་ཕྱིར། །ཁམས་གསུམ་ཡང་ནི་རྒྱས་པར་བྱེད། །ཅེས་བྱ་བ་གསུངས་ཏེ། སྣའི་རྩེ་མོ་ལ་གནས་
ཤིང་ཕྲ་མོ་ཡིན་པ་ལས་ཀྱང་དེ་ལྟར་སྣང་བའོ། །ཤིན་ཏུ་ཕྲ་བའི་རྡོ་རྗེ་དེའི་གནས་སྣའི་རྩེ་མོ་ཡིན་པའི་ཏིང་ངེ་འཛིན་གྱི་དམིགས་པར་བསྟན་ནས། ད་ནི་རབ་ཏུ་ཕྲ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་མཚན་མ་རྒྱས་པར་བྱ་བའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པ་རྣམས་ལ་བསྒོམ་པའི་ཚེ་མཚན་
མ་གང་ཞིག་སྐྱེ་བར་འགྱུར་བ་དེ་སྟོན་ཏོ། །ཤིན་ཏུ་ཕྲ་བས་ན་རབ་ཏུ་ཕྲ་བའོ། །རབ་ཏུ་ཕྲ་བ་ཡང་དེ་ཡིན་ལ་རྡོ་རྗེ་ཡང་དེ་ཡིན་པས་ན་རབ་ཏུ་ཕྲ་བའི་རྡོ་རྗེའོ། །རབ་ཏུ་ཕྲ་བའི་རྡོ་རྗེ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་རབ་ཏུ་ཕྲ་བའི་རྡོ་རྗེ་ཡེ་ཤེས་སོ། །དེའི་མཚན་མ་ཡིན་པས་ན་རབ་ཏུ་ཕྲ་བའི་རྡོ་རྗེའི་
ཡེ་ཤེས་ཀྱི་མཚན་མའོ། །མཚན་མ་ལ་ཡང་རྣམ་པ་གཉིས་ཏེ། རིག་པའི་མཚན་མ་ནི་ལུས་དང་ཡིད་ཀྱི་དབང་པོས་གཟུང་བར་བྱའོ། །གཟུགས་ཀྱི་མཚན་མ་ནི་མིག་དང་ཡིད་ཀྱི་དབང་པོས་གཟུང་བར་བྱའོ། །དེ་ལ་རེག་པའི་མཚན་མ་ནི་རྣལ་འབྱོར་པས་སྣའི་རྩེ་མོར་བསྒོམས་པ་ན། སྣའི་
རྩེ་མོ་དེ་ཁོ་ན་ཉིད་དུ་རེག་པའི་ཁྱད་པར་བསིལ་བ་སྐྱེ་ཞིང་གང་ཤིན་ཏུ་ཡང་ལུས་ཀྱི་དབང་པོ་ལ་ཕན་པར་བྱེད་པ་སྟེ། འདི་ནི་རེག་པའི་མཚན་མའོ། །གཟུགས་ཀྱི་མཚན་མ་ནི་སྣའི་རྩེ་མོར་རྡོ་རྗེ་གངས་ལྟར་དཀར་བ་ལ་སོགས་པ་ཇི་ལྟ་བུར་བསྒོམས་པ་དེ་ལྟ་བུའི་རྡོ་རྗེ་ཉིད་སྣའི་རྩེ་མོ་ལས་ལོགས་
เล่ม ๕๕ · หน้า 150b
ཤིག་པའི་ཉེ་འཁོར་གཞན་ན་ཡང་སྣང་བར་འགྱུར་ལ། དེ་མིག་གིས་ཀྱང་མཐོང་དུ་རུང་བ་འདི་ནི་གཟུགས་ཀྱི་མཚན་མའོ། །དེ་ལྟར་ན་རབ་ཏུ་ཕྲ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་མཚན་མ་ནི་རྣམ་པ་གཉིས་སོ། །དེའི་སྤྲོ་བར་བྱ་བ་ནི་རབ་ཏུ་ཕྲ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་མཚན་མ་རྒྱས་པར་བྱ་བ་དང་། དེའི་
ངོ་བོ་ཉིད་ཡིན་པས་ན་རབ་ཏུ་ཕྲ་བའི་ཡེ་ཤེས་ཀྱི་མཚན་མ་རྒྱས་པར་བྱ་བའི་ཚུལ་ཏེ། མཚན་མ་རྒྱས་པར་བྱ་བའི་ཚུལ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་ཁྱབ་པར་བྱས་ནས་ཞེས་བྱ་བ་ནི་རེག་པའི་མཚན་མ་ལུས་ཐམས་ཅད་ལ་ཕན་འདོགས་པ་ལུས་ཀྱི་གནས་ངན་ལེན་ལ་སོགས་པ་
བར་ཆད་རྣམས་སེལ་བར་བྱེད་ནུས་པས་ནང་གི་རེག་པའི་ཁྱད་པར་དབང་པོ་ཐམས་ཅད་ལ་ཁྱབ་པར་ཕན་པར་བྱེད་པའི་རེག་པའི་ཁྱད་པར་གང་ཞིག་མངོན་པར་འཕེལ་ན་ཏིང་ངེ་འཛིན་ཀྱང་མངོན་པར་འཕེལ་བར་འགྱུར་ཞིང་། ཁམས་གསུམ་གྱི་བར་དུ་ཁྱབ་པར་བྱར་རུང་བ་དེས། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུས་ཁྱབ་པར་བྱས་ལ། དེ་ནས་གཟུགས་ཀྱི་མཚན་མ་རྣམས་ཀྱིས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱ་བའི་ཚུལ་གྱིས་ཞེས་བྱ་བ་ལ། ཐམས་ཅད་དེ་མ་ལུས་པའི་ཆོས་ཀྱི་དབྱིངས་ཁྱབ་པར་བྱས་ཤིང་། སྤྲོས་པའི་སྦྱོར་བས་ཞེས་བྱ་བ་རྣལ་འབྱོར་
ཏེ། གང་གི་ཚེ་ཏིང་ངེ་འཛིན་རྫོགས་པར་གྱུར་པ་ན། དེས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱ་བའི་ཚུལ་གྱིས་ཁམས་གསུམ་ཡང་ཁྱབ་པར་བྱེད་དོ། །དེ་ལྟར་རིམ་གྱིས་ནམ་མཁའི་དབྱིངས་ཐམས་ཅད་རབ་ཏུ་ཕྲ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་མཚན་མ་རྣམས་ཀྱིས་ཁྱབ་པར་བྱས་སོ་
ཞེས་བྱ་བ་ནི་སྤྲོས་པས་ཁྱབ་པའོ། །ནམ་མཁའི་དབྱིངས་ཐམས་ཅད་ནི་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པར་བྱས་པས་ན་ཁྱབ་པར་བྱས་པ་ཞེས་བྱའོ། །ཡེ་ཤེས་ཀྱི་རྡོ་རྗེའི་དབྱིངས་སུ་བདག་ཉིད་བྱིན་གྱིས་བརླབས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྣལ་
འབྱོར་གྱི་སྟོབས་ཀྱིས་རྫོགས་པར་བསྒྲུབས་ནས་ཞུགས་པའོ། །དེ་ནས་དེ་ཉིད་ཀྱི་ཚེ་ན་ཞེས་བྱ་བ་ནི་ཕྲ་བའི་རྡོ་རྗེ་ཡེ་ཤེས་ཀྱི་སྐུས་ཁྱབ་པའི་དུས་ཉིད་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་ཆོས་ཉིད་དུ་དམིགས་ནས་ཞེས་བྱ་བ་ནི་བདག་ཉིད་ཡེ་ཤེས་ཀྱི་རྡོ་རྗེའི་ངོ་བོ་
เล่ม ๕๕ · หน้า 151a
ཉིད་དུ་བསམས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་རྡོ་རྗེའི་ཡེ་ཤེས་ཕྲ་མོ་གང་ཡིན་པ་དེ་བྱིན་གྱིས་བརླབ་པའི་ཕྱིར། ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་བཞུགས་པའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ལས་ཞེས་བྱ་བ་ལ། ཡེ་ཤེས་ཕྲ་མོ་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ། དེ་སྒྲུབ་པར་བྱེད་པའི་སྙིང་པོ་འདི་ཕྱུང་ངོ་། །སྙིང་པོ་འདིས་བཅོམ་ལྡན་
འདས་ཕྱག་ན་རྡོ་རྗེ་བསྐུལ་བ་དང་། ཕྲ་མོའི་རྡོ་རྗེའི་ཡེ་ཤེས་ཀྱི་དབྱིབས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་ཀྱི་ཚད་དུ་ཁྱབ་པར་བྱེད་པ་གང་ཡིན་པ་དེ་བྱིན་གྱིས་བརླབ་པའི་ཕྱིར། དེ་བཞིན་དུ་ཡེ་ཤེས་ཀྱི་རྡོ་རྗེའི་དབུས་དེ་ཉིད་ན་བཞུགས་པའི་དེ་བཞིན་གཤེགས་པ་སྔར་བཤད་པའི་གདན་དེ་ཁོ་ན་
ཉིད་ལ་བཞག་ནས། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཐུགས་སུ་ཞུགས་སོ། །ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་གྱིས་ཞེས་བྱ་བ་ལ། ཡེ་ཤེས་ཕྲ་མོ་ནི་རྡོ་རྗེའི་ཡེ་ཤེས་ཏེ། དེར་འཇུག་པའི་རྣལ་འབྱོར་ནི་ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་ལོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་
ཞེས་ཁྱད་པར་མེད་པར་གསུངས་མོད་ཀྱི། འོན་ཀྱང་དོན་གྱི་དབང་གིས་ན་མི་བསྐྱོད་པ་ལ་སོགས་པའི་ཐུགས་སུ་རིམ་གྱིས་ཞུགས་པར་ཁོང་དུ་ཆུད་པར་བྱའོ། །ཕྱག་རྒྱ་རྣམས་ཀྱི་རིགས་ཀྱི་རྣམ་པར་དབྱེ་བ་དགོས་པས་ན་རིམ་གྱིས་ཡང་དང་ཡང་དུ་འཇུག་པ་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཐུགས་ལ་སེམས་དཔའ་སྟེ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཕྲ་མོའི་རྡོ་རྗེའོ། །ཡེ་ཤེས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཡེ་ཤེས་ཆེན་པོ་སྟེ། ཐམས་ཅད་ཁྱབ་པའི་ཕྱིར་ཆེན་པོ་ཡིན་ཏེ། བསྒོམས་པའི་སྟོབས་ཀྱིས་ཡེ་ཤེས་རེ་རེས་ཀྱང་ཁམས་གསུམ་པ་ཐམས་ཅད་ཁྱབ་
པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་བསྐུལ་བའི་སྙིང་པོ་བཞི་ཡིན་པས་ན་ཡེ་ཤེས་ཆེན་པོའི་སྙིང་པོ་བཞིའོ། །རྡོ་རྗེ་སེམས་དཔའི་ཡེ་ཤེས་ཡིན་པས་ན་རྡོ་རྗེ་སེམས་དཔའི་ཡེ་ཤེས་སོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་སྐུལ་བར་བྱེད་པའི་སྙིང་པོའོ། །དེ་བཞིན་གཤེགས་པ་ཐམས་
เล่ม ๕๕ · หน้า 151b
ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་བསྡུ་བའི་བྱིན་གྱི་རླབས་ནི་འདུས་པར་བྱེད་པ་སྟེ།། དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་བྱིན་གྱི་རླབས་ཀྱི་ཡེ་ཤེས་སོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་སྐུལ་བར་བྱེད་པའི་སྙིང་པོའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་མཉེས་པར་བྱེད་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་སྟེ། དེའི་ཡེ་ཤེས་སོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་སྐུལ་བར་བྱེད་
པའི་སྙིང་པོའོ། །དགའ་བ་ཆེན་པོ་ཡིན་པས་ན་དགའ་བ་ཆེན་པོ་སྟེ་དེའི་ཡེ་ཤེས་སོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་སྐུལ་བར་བྱེད་པའི་སྙིང་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཆེན་པོ་རྣམས་སོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་
ལ་སོགས་པ་བཞིའོ། །དེ་རྣམས་ཀྱི་ཏིང་ངེ་འཛིན་ཆེན་པོ་རྣམས་ནི་དམ་ཚིག་གི་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར་ཏེ། དེའི་ཕྱག་རྒྱ་རྣམས་ལས་ཕྱག་རྒྱ་ཆེན་པོ་ལ་དམིགས་པ་ལས་སེམས་རྩེ་གཅིག་པའི་ཁྱད་པར་ལ་ནི་ཏིང་ངེ་འཛིན་ཆེན་པོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་
ལས་མི་བསྐྱོད་པའི་རིགས་བསྐྱེད་ཟིན་ནས། ད་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་བསྐྱེད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་སྨོས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡིན་
པའོ། །ཡང་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ལ་ལྟོས་པའོ། །ཡེ་ཤེས་ཕྲ་མོ་འཇུག་པའི་ཚུལ་གྱིས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །རང་གི་ཐུགས་སུ་ཞེས་བྱ་བ་ནི་ཕྲ་མོའི་རྡོ་རྗེའི་གཟུགས་སུ་བཞུགས་པའི་རིན་ཆེན་འབྱུང་ལྡན་གྱི་ཐུགས་སོ། །སྙིང་གའི་རྡོ་རྗེ་དབྱིབས་ཞེས་བྱ་བ་ནི་སྙིང་པོ་
འབྱུང་བའི་མཚན་མའི་རྡོ་རྗེ་དབྱིབས་ཡིན་པས་ན་སྙིང་གའི་རྡོ་རྗེའི་དབྱིབས་ཏེ། དེའི་གཟུགས་སུ་བདག་ཉིད་མཛད་ནས་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་དེ་བཞིན་
เล่ม ๕๕ · หน้า 152a
གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའོ། །དེ་རྣམས་ཀྱི་དབང་བསྐུར་བ་སྟེ་དེའི་ཡེ་ཤེས་སོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་སྐུལ་བར་བྱེད་པའི་སྙིང་པོའོ། །འོད་ཀྱི་དཀྱིལ་འཁོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འོད་ཀྱི་དཀྱིལ་འཁོར་ཆེན་པོའོ། །དེ་རྣམས་ཉིད་
ཀྱི་བཀོད་པ་ལ་རྒྱན་ཞེས་བྱ་སྟེ། དེའི་ཡེ་ཤེས་སོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་སྐུལ་བར་བྱེད་པའི་སྙིང་པོའོ། །ཡང་ན་ཆེན་པོ་རྣམས་ཀྱི་འོད་ཀྱི་དཀྱིལ་འཁོར་ཡིན་པས་ན་འོད་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །ལྷག་མ་རྣམས་ནི་
སྔར་བཤད་པ་དང་མཚུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་གང་གིས་སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་མཛད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་སྟེ་དེའི་ཡེ་ཤེས་སོ། །ལྷག་མ་རྣམས་ནི་འདྲའོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་བཞད་པ་ཆེན་པོ་ཡིན་པའམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་བཞད་པ་ཆེན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོ་སྟེ། བཞད་པ་ཆེན་པོས་དོན་ཆེན་པོ་མཛད་པའི་ཕྱིར་ཏེ། དེའི་ཡེ་ཤེས་སོ། །ལྷག་མ་རྣམས་ནི་གོ་སླའོ། །རྡོ་རྗེ་
རིན་པོ་ཆེས་མཚན་པའི་ཏིང་ངེ་འཛིན་ཡིན་པས་ན་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །རིན་པོ་ཆེའི་རིགས་བསྐྱེད་ཟིན་ནས་ཆོས་ཀྱི་རིགས་བསྐྱེད་པའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་སྨོས་པ་ཡིན་ཏེ། ཡང་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ལ་ལྟོས་པའོ། །ཡེ་
ཤེས་ཕྲ་མོས་འཇུག་པའི་ཚུལ་བཤད་ཟིན་ཏོ། །རང་གི་སྙིང་ག་ནི་སྔར་བཤད་པའི་རྡོ་རྗེ་ཕྲ་མོས་ཁྱབ་པའོ། །རྡོ་རྗེ་སྙིང་པོ་ནི་དེ་བཞིན་གཤེགས་པ་དང་རྡོ་རྗེ་རྣམས་ཀྱི་སྙིང་པོ་སྟེ། རང་གི་སྙིང་ག་དང་རྡོ་རྗེའི་སྙིང་པོ་ནི་རང་གི་སྙིང་ག་དང་རྡོ་རྗེའི་སྙིང་པོའོ། །དེར་ཞུགས་ནས་སྙིང་པོ་བཞི་འབྱུང་
བའི་རྣལ་འབྱོར་རྡོ་རྗེའི་དབྱིབས་སུ་བདག་ཉིད་བྱིན་གྱིས་བརླབས་ནས་ཞུགས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པས་ན་ཆོས་ཐམས་ཅད་མཉམ་པ་ཉིད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟེ་དེའི་ཡེ་ཤེས་སོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དེ་བཞིན་
เล่ม ๕๕ · หน้า 152b
གཤེགས་པ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་སོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་ལ་སོགས་པའོ། །འཁོར་ལོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་འཁོར་ལོ་ཆེན་པོ་སྟེ། དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེར་འཇུག་པ་དང་དེའི་
ཡེ་ཤེས་སོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་ཕྱག་རྒྱ་གང་བཅིངས་ན་ཆོས་ཀྱི་འཁོར་ལོར་འཇུག་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་ཆོས་ཀྱི་ཚིག་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚིག་སྟེ། དགོངས་པ་གསུང་བ་ཞེས་བྱ་བའི་དོན་
ཏོ། །དེ་ཉིད་ཀྱིས་ན་སྤྲོས་པ་མེད་པ་སྟེ། དེའི་ཡེ་ཤེས་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རིགས་ཀྱི་ཏིང་ངེ་འཛིན་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཏིང་ངེ་འཛིན་ཏོ། །དེ་ལྟར་ཆོས་ཀྱི་རིགས་སུ་གཏོགས་པ་བསྐྱེད་ནས། ད་ནི་ལས་ཀྱི་
རིགས་སུ་གཏོགས་པའི་སྙིང་པོ་བསྐྱེད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཡང་ཞེས་བྱ་བ་ནི་ཆོས་ཀྱི་རིགས་ལ་ལྟོས་པའོ། །རང་གི་སྙིང་པོ་དང་རྡོ་རྗེའི་ཐུགས་ཀ་ནི་རང་གི་སྙིང་པོ་རྡོ་རྗེའི་ཐུགས་ཀའོ། །དེ་ཉིད་རྡོ་རྗེ་ཡིན་པས་ན་རང་གི་སྙིང་པོ་རྡོ་རྗེའི་ཐུགས་ཀའི་རྡོ་རྗེ་སྟེ། དེ་
ལས་བྱུང་ངོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་གྱིས་ཞེས་བྱ་བ་ནི་སྣའི་རྩེ་མོ་ལས་སྣའི་བུ་ག་གཡས་པར་ཅི་ནས་ཀྱང་མི་རེག་པར་འཇུག་པ་དེ་ལྟ་བུའི་གཟུགས་སུ་བདག་ཉིད་སྤྲུལ་ནས། རྣལ་འབྱོར་གང་གིས་འཇུག་པ་དེ་ནི་ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་ལོ། །རྡོ་རྗེའི་
ཐུགས་དེར་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་ཐམས་ཅད་དུ་སོང་བ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཞུགས་པའོ། །ཡང་རྡོ་རྗེ་ཤིན་ཏུ་ཕྲ་མོའི་དབྱིབས་སུ་ཞེས་བྱ་བ་ནི་རང་གི་སྙིང་པོ་བསྐྱེད་པའི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱང་ཡིན་ལ་ལས་སྣ་ཚོགས་པ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་སྣ་ཚོགས་པ་སྟེ་དེའི་ཡེ་ཤེས་སོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་སྣ་ཚོགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །ཐུབ་པར་དཀའ་བ་ནི་
เล่ม ๕๕ · หน้า 153a
བཅོམ་ལྡན་འདས་རྡོ་རྗེ་གོ་ཆ་སྟེ། དེའི་བརྩོན་འགྲུས་དང་དེའི་ཡེ་ཤེས་དང་དེའི་ཕྱག་རྒྱའོ། །བདུད་ཐམས་ཅད་ཀྱི་དཀྱིལ་འཁོར་འཇོམས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ཏེ་དེའི་ཡེ་ཤེས་སོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་འཆིང་
བའི་ཡེ་ཤེས་ནི་རྡོ་རྗེ་ཁུ་ཚུར་ཏེ། དེའི་ཡེ་ཤེས་དང་དེའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་རིགས་ཀྱི་ཏིང་ངེ་འཛིན་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཏིང་ངེ་འཛིན་ཏོ། །ལྷག་མ་རྣམས་ཀྱི་སྙིང་པོ་དང་ཕྱག་རྒྱ་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་
གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་སྙིང་པོ་བཅུ་དྲུག་བསྐྱེད་ནས། ད་ནི་སེམས་དཔའ་བཅུ་དྲུག་བསྐྱེད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། ཡང་ཞེས་བྱ་བ་ནི་སྙིང་པོ་བསྐྱེད་པ་ལ་ལྟོས་པའི་ཚིག་གོ། །བར་སྐབས་
འདིར་འཇུག་པ་མ་སྨོས་སུ་ཟིན་ཀྱང་། འོན་ཀྱང་དོན་གྱི་དབང་གིས་ཤེས་པར་བྱ་དགོས་ཏེ། གང་གི་ཕྱིར་གདོན་མི་ཟ་བར་གྲུབ་པའི་ཐུགས་ཀ་ནས་སྙིང་པོ་བཞིར་གྱུར་ཏེ་བྱུང་བ་སྨོས་མོད་ཀྱི། དེའི་འཇུག་པ་ནི་མ་གསུངས་སོ། །དེ་བས་ན་བྱུང་བར་གསུངས་པ་ལས་ན་འདིར་འཇུག་པར་འགྱུར་བར་ཡང་
ཤེས་པར་བྱའོ། །ཇི་ལྟར་འབྱུང་ཞེ་ན། ཡེ་ཤེས་ཕྲ་མོའི་མཚན་མས་ཁྱབ་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་ཕྲ་བས་ན་རབ་ཏུ་ཕྲ་བའོ། །རབ་ཏུ་ཕྲ་བ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་ན་རབ་ཏུ་ཕྲ་བའི་ཡེ་ཤེས་སོ། །དེའི་མཚན་མ་ནི་བསྒོམ་པའི་དུས་སུའོ། །དེའི་ཁྱབ་པ་ནི་སྤྲོས་པ་
སྟེ། དེའི་རྣལ་འབྱོར་ཅི་འདྲ་བ་དེ་འདྲ་བའི་རྣལ་འབྱོར་གྱི་ཚུལ་དེས་བྱུང་བའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་ཕྲ་མོས་ཁྱབ་པར་བྱེད་པའི་ཚེ། རྣལ་འབྱོར་ཇི་ལྟ་བུས་དེ་བཞིན་གཤེགས་པའི་ཐུགས་ལས་བྱུང་བ་དེ་བཞིན་དུ་སེམས་དཔའ་རྣམས་བསྐྱེད་པར་བྱ་བའི་ཕྱིར། དེ་ལྟ་བུའི་ཚུལ་གྱིས་དེ་བཞིན་
གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་བའོ། །ཅིར་གྱུར་ཅེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེའི་སྐུར་གྱུར་ནས་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་ཕྱག་ན་རྡོ་རྗེ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེའོ། །དེའི་སྐུ་ཡིན་པས་ན་བྱང་ཆུབ་
เล่ม ๕๕ · หน้า 153b
སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེའི་སྐུའོ། །གྱུར་པ་ནི་རེད་པའོ། །དེ་ནས་ཕྱག་ན་རྡོ་རྗེའི་སྐུ་ལས་སླར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐུར་གྱུར་ཏེ། རང་རང་གི་མཚན་མ་རྡོ་རྗེ་ལ་སོགས་པ་ཉིད་ཀྱི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་བཞག་ནས་རྡོ་རྗེ་
དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དགོས་པའི་ཚུལ་གྱིས་ཞེས་བྱ་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབྱིབས་སུའོ། །རང་གི་སྙིང་པོའི་ཏིང་ངེ་འཛིན་ནི་རང་གི་སྙིང་པོའི་དོན་དང་། རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ནི་རང་གི་སྙིང་པོའི་ཏིང་ངེ་འཛིན་ཏེ་ཏིང་ངེ་འཛིན་དུ་མཛད་པ་ཞེས་བྱ་བའི་དོན་
ཏོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་སོ། །དེ་ཉིད་ནི་མངོན་
པར་ཤེས་པ་ཡིན་པས་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་མངོན་པར་ཤེས་པའོ། །དེ་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་དེ་བསྟན་པའི་ཕྱིར་རོ། །རྡོ་རྗེ་ཕྲ་མོ་ནི་ཕྲ་བའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་འདི་བཤད་དོ་ཞེས་བྱ་བ་ནི། །ཡེ་ཤེས་ཀྱི་དཀྱིལ་འཁོར་ཐུགས་
ལ་གནས་པ་འདི་བཀའ་སྩལ་པའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་མེད་པར་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་འགྲུབ་པར་མི་འགྱུར་ཏེ། དེ་བས་ན། དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་གསུངས་སོ། །ཆོས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཡིན་པས་ན་ཆོས་ཀྱི་
དཀྱིལ་འཁོར་རོ། །དམ་པ་ནི་མཆོག་གོ། །རྡོ་རྗེ་དབྱིངས་དང་འདྲ་བ་ནི་རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེ་ཕྲ་མོ་ཞེས་བཤད་དེ་ཞེས་བྱ་བ་གསུངས་པའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ནི་སྐུའི་ཕྱག་རྒྱ་ལ་སོགས་པའི་རིམ་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་
འཁོར་ཆེན་པོ་དང་འདྲ་བའོ། །རྡོ་རྗེའི་དབུས་སུ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་དབུས་སུའོ། །སངས་རྒྱས་བྲི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །སངས་རྒྱས་དཀྱིལ་འཁོར་རྣམས་སུ་ཡང་། །ཞེས་བྱ་བ་ནི་མི་འཁྲུགས་པའི་དཀྱིལ་འཁོར་དུ་ཡང་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེའི་
เล่ม ๕๕ · หน้า 154a
དབུས་སུ་བྲིས་ཤིག་ཅེས་བྱ་བའི་དོན་ཏོ། །སེམས་དཔའ་ཆེན་པོ་རྣམས་བྲི་ཞིང་། །ཞེས་བྱ་བ་ནི་སེམས་དཔའ་ལ་སོགས་པའོ། །དེ་བཞིན་ཞེས་བྱ་བ་ནི་སངས་རྒྱས་རྣམས་རྡོ་རྗེའི་དབུས་སུ་ཇི་ལྟར་བྲིས་པས་དེ་བཞིན་དུ་སེམས་དཔའ་ཆེན་པོ་རྣམས་ཀྱང་རྡོ་རྗེའི་དབུས་
སུ་བྲིས་ཤིག་ཅེས་བྱ་བའི་དོན་ཏོ། །ཐུགས་ཀར་ཉིད་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་སྟེ། འདི་རྣམས་ཀྱི་ཉིད་ཀྱི་ཐུགས་ཀའི་ཕྱག་རྒྱ་ཡིན་པས་ན་ཐུགས་ཀར་ཉིད་ཕྱག་རྒྱའོ། །བཞུགས་པའི་ཚུལ་ཇི་ལྟ་བུར་བྲི་ཞེ་ན། ཏིང་ངེ་འཛིན་དུ་བཞུགས་པ་དང་། །ཞེས་གསུངས་པ་ཡིན་ཏེ་
ཏིང་ངེ་འཛིན་གྱི་ཚུལ་གྱི་སྤྱོད་ལམ་གྱིས་བཞུགས་པ་ཞེས་བྱ་བའི་དོན་ཏོ། །ཕྱག་གཉིས་རྡོ་རྗེ་བཅིང་བར་བཅིངས། །ཞེས་བྱ་བ་ནི་འདི་རྣམས་ཀྱི་ཕྱག་གཉིས་རྡོ་རྗེ་བསྡམས་པས་གནས་པ་ཡིན་པས་ན། ཕྱག་གཉིས་རྡོ་རྗེ་བཅིང་བར་བཅིངས། །ཞེས་བྱ་བ་སྟེ། པདྨའི་སྟེང་དུ་རྡོ་རྗེ་
བསྡམས་པ་བཀན་ཏེ་བརྐྱང་ནས་བཞག་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྣམས་བྱ་བར་སྟོན་ཏོ། །རྡོ་རྗེ་ཕྲ་མོས་མཚན་པའི་ཆོས་ཀྱི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེ་
ཕྲ་མོའི་ཆོས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཡིན་པས་ན་ཆོས་ཀྱི་དཀྱིལ་འཁོར་རོ། །ཡེ་ཤེས་ཀྱི་མཚན་མ་ལག་ཏུ་བྱིན་ནས་ཞེས་བྱ་བ་ནི་ཡེ་ཤེས་ཡོངས་སུ་སྨིན་པར་བྱ་བའི་དོན་གྱི་མཚན་མ་ནི་ཡེ་ཤེས་ཀྱི་མཚན་མ་སྟེ། རྡོ་རྗེ་ཕྲ་མོ་ཞེས་བྱ་བའི་དོན་ཏོ། །
རང་གི་སེམས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་སེམས་ཡིན་པས་ན་རང་གི་སེམས་སོ། །དེའི་ལུས་སུ་བྱ་བ་ནི་བསྒོམ་པ་ལ་གོམས་པར་བྱའོ། །དེའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ལ་ཡེ་ཤེས་ཀྱི་མཚན་མ་སྟེ། འཇུག་པ་ལ་སོགས་པའི་ཆོ་གས་རྡོ་རྗེ་ཕྲ་མོའི་དབང་བསྐུར་བ་དང་
ལྷན་ཅིག་ཏུ་དབང་བསྐུར་བ་ལྔ་བྱིན་ནས། བསྒོམ་པ་ལ་མངོན་པར་བརྩོན་པར་འདོད་པས། དང་པོ་ཁོ་ནར་མན་ངག་ལེགས་པར་བླང་བ་དང་། ཏིང་ངེ་འཛིན་གྱི་དམིགས་པ་ལེགས་པར་མནོད་པར་བྱའོ། །མཚན་མ་དེའི་ཁ་དོག་དང་དབྱིབས་ལ་སོགས་པ་ཡང་ལེགས་པར་ཤེས་པར་བྱས་ལ། བྱ་བ་
เล่ม ๕๕ · หน้า 154b
ཐམས་ཅད་རྫོགས་པར་བྱས་ནས་སྒྲའི་གླག་ཅོར་མེད་ཅིང་། དབེན་པའི་ཕྱོགས་སུ་འདུག་ལ། སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ཅིང་ལུས་དྲང་པོར་བསྲངས་ནས་བློ་གསལ་ཞིང་མ་རྨུགས་པས་དྲན་པ་ཉེ་བར་གཞག་སྟེ། ཇི་ལྟར་མནོས་པའི་བསྒོམ་པར་བྱས་པའི་དམིགས་པ་སྣའི་རྩེ་མོར་བཞག་ལ་
བསྒོམ་པར་བྱ་བ་ནི། ལྕེ་ནི་རྐན་ལ་གཞར་བྱ་ཞིང་། །སྣ་ཡི་རྩེ་མོར་བསམ་བྱ་བ། །ཞེས་བྱ་བ་སྟེ། ལྕེ་ནི་རྐན་ལ་གཞར་བྱ་ཞིང་། །ཞེས་བྱ་བ་ནི་ལྕེའི་རྩ་བ་ནས་མདུན་སོའི་བར་དུ་རྣམ་པ་འདིས། ལྕེ་སྟེང་གི་ཕྱོགས་སུ་སྦྱར་བར་བྱའོ། །འདི་སྐད་སྟོན་ཏེ། ཁའི་ཕྱི་དང་ནང་དུ་བཅས་པ་མཉམ་
པར་གཞག་པར་བྱའོ། །སྣ་ཡི་རྩེ་མོར་བསམ་བྱ་བ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དམིགས་པ་རྡོ་རྗེ་ཕྲ་མོ་སྣའི་རྩེ་མོར་གཞག་པ་གང་ཡིན་པ་དེ་ལ་བསམ་པར་བྱའོ། །འདི་སྐད་སྟོན་ཏེ། མཚན་མ་དེས་སེམས་ཀྱི་རྒྱུན་རྒྱུན་མི་འཆད་པར་བསྐྱེད་པར་བྱ་བ་སྟེ། ཉིན་རེ་ཞིང་ཏིང་ངེ་འཛིན་གྱི་
དམིགས་པ་ལེགས་པར་རྟོགས་པར་བྱས་ནས། རྟོག་པ་ངན་པ་དང་ཁྱིམ་དང་། རབ་ཏུ་བྱུང་བ་དང་འདྲེ་བ་ལ་སོགས་པ་རྣམ་པར་རྟོག་པའི་མཚན་མ་རྣམས་སྤང་བར་བྱའོ། །དེ་ཡང་ཇི་སྐད་དུ། ཡིད་ཀྱི་གླང་སྨྱོན་ལམ་ལོག་སྤྱོད། །དྲན་པའི་ཐག་པས་དམིགས་པ་ཡི། །ཀ་བ་ལ་གདགས་
རིམ་གྱིས་ནི། །ཤེས་རབ་ལྕགས་ཀྱུས་དབང་དུ་བྱ། །ཞེས་བཤད་པ་ལྟ་བུ་སྟེ། དེ་ལྟར་ན་སྣའི་རྩེ་མོར་བསམ་པ་ཡིན་ནོ། །རྡོ་རྗེ་ཕྲ་མོར་སྣའི་རྩེ་མོར་བསྒོམ་པ་བརྟན་པར་གྱུར་ནས་བདེ་བའི་རེག་པའི་མཚན་མ་སྐྱེ་སྟེ། བདེ་བའི་རྒྱུའི་རེག་པ་ཡིན་པས་ན་བདེ་བའི་རེག་པའོ། །རྡོ་རྗེ་ཕྲ་མོ་ཡོད་ན་བདེ་
བ་ལ་རེག་པས་ན་རྡོ་རྗེ་ཕྲ་མོར་བདེར་རེག་པ་སྟེ། རྡོ་རྗེ་ཕྲ་མོའི་བདེ་བའི་རེག་པ་དེ་ལས། སེམས་ནི་མཉམ་པར་གཞག་པར་འགྱུར། ཞེས་བྱ་བ་སྟེ། ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། རྡོ་རྗེ་ཕྲ་མོ་བསྒོམས་པར་གྱུར་ན། སྣའི་རྩེ་མོའམ་དེ་མ་ཡིན་པའི་
ཕྱོགས་གཞན་དུ་བདེ་བའི་རེག་པའི་མཚན་མའི་ཁྱད་པར་གང་གིས་ལུས་ཀྱི་གནས་ངན་ལེན་ལ་སོགས་པའི་ཉེས་པ་སེལ་བར་ནུས་པ། ལུས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་སྐྱེ་བར་འགྱུར་རོ། །ལུས་ཀྱི་གནས་ངན་ལེན་དང་བྲལ་བར་གྱུར་ན་ལུས་ལས་སུ་རུང་བར་འགྱུར་ཏེ། མངོན་པར་
เล่ม ๕๕ · หน้า 155a
བརྩོན་པར་བྱེད་ནུས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་པས་ནི་སེམས་ཤིན་ཏུ་སྦྱང་བ་སྐྱེད་དེ། ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་འགྱུར་ལ། བདེ་བ་དང་ལྡན་པ་ནི་སེམས་རྩེ་གཅིག་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །རྡོ་རྗེ་ཕྲ་མོའི་
བདེ་རེག་པའི། །མཚན་མ་གང་ཚེ་བྱུང་བ་ན། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམས་པར་གྱུར་པ་ལས་གང་གི་ཚེ་ལུས་ཀྱིའམ་སེམས་ཀྱི་བདེ་བའི་རེག་པ་བསྐྱེད་པར་གྱུར་པ་དེའི་ཚེ། མཚན་མ་དེ་ནི་ཁྱབ་བྱ་བ། །ཞེས་བྱ་བ་སྟེ། རྣམ་པར་སྤྲོ་ཞིང་རྒྱ་ཆེར་གྱིས་ཤིག་པའོ། །སེམས་དེ་ཞེས་བྱ་བ་
ནི་གང་ཕྱི་རོལ་གྱི་གཟུགས་ཀྱི་མཚན་མ་དཀར་པོའམ། སེར་པོ་ལ་སོགས་པ་སེམས་སོ་སོར་སྣང་བའི་རང་བཞིན་དེ་ལ་སེམས་དེ་ཞེས་བྱའོ། །ཀུན་དུ་ཁྱབ་པར་བྱེད་པ་ཞེས་བྱ་བ་ནི་ཕྱོགས་བཅུ་རྣམས་སུ་ཡང་གཏང་བར་བྱ་བའི་དོན་ཏོ། །ནང་གི་མཚན་མ་ནི་བདེ་བའི་ཚོར་བའི་རྒྱུ་རེག་པའི་ཁྱད་པར་ཏེ། དེ་ལ་ཡང་
སེམས་ཞེས་བྱའོ། །ཀུན་དུ་ཁྱབ་པར་བྱ་ཞེས་བྱ་བ་ནི་རང་གི་ལུས་ཐམས་ཅད་དུ་བདེ་བའི་རེག་པའི་མཚན་མ་དེས་ཁྱབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ཙམ་འདོད་པར་སེམས་ཁྱབ་ནས། །ཁམས་གསུམ་དུ་ཡང་ཁྱབ་པར་འགྱུར། །ཞེས་བྱ་བ་ལ། ཇི་ཙམ་འདོད་པར་ཁྱབ་པར་བྱ་བ་ནི་གནས་ཁང་དང་
ཀུན་དགའ་ར་བ་དང་ཡུལ་ལ་སོགས་པར་སྤྲོ་བ་ནི་ཇི་ཙམ་འདོད་པར་ཁྱབ་པར་བྱ་བའོ། །དེ་ལྟར་ཇི་ཙམ་འདོད་པར་ཁྱབ་པར་བྱ་བས་སེམས་ཞེས་བྱ་བ་མཉམ་པར་གཞག་པའི་སེམས་གཟུགས་སུ་སྣང་བའོ། །ཁམས་གསུམ་དུ་ཡང་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་ལ་དབང་ཐོབ་པས།
ནམ་མཁའི་ཁམས་རྣམས་སུ་ཡང་ཁྱབ་པར་བྱ་བའོ། །དེ་ནས་དེ་ཡང་བསྡུ་བ་ནི། །ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སེམས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་ཁྱབ་པ་ལ་ལྟོས་པའོ། །བསྡུ་བ་ནི་ཞེས་བྱ་བ་ནི་བརྟུལ་བའོ། །ཇི་ཙམ་གྱི་བར་དུ་བསྡུ་བར་བྱ་ཞེ་ན། དེའི་ཕྱིར། སྣ་ཡི་རྩེ་མོའི་བར་དུ་གནས། །
ཞེས་བྱ་བ་གསུངས་པ་སྟེ། ཁྲུ་གང་དང་ཁྲུ་དོ་དང་ཁྲུ་གསུམ་ལ་སོགས་པ་འདོར་ཞིང་། ཇི་སྲིད་དུ་སྣའི་རྩེ་མོར་ཕྱིན་པ་དེ་སྲིད་ཀྱི་བར་དུ་བསྡུ་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་ཐོབ་པ་ནས་བརྩམས་ཏེ། གང་ཅུང་ཟད་ཅེས་བྱ་བ་ནི་མཆོད་པ་ལ་སོགས་པའི་ལས་རྣམས་སོ། །
เล่ม ๕๕ · หน้า 155b
ཤིན་ཏུ་མཉམ་གཞག་ཅེས་བྱ་བ་ནི་སེམས་རྩེ་གཅིག་པས་སོ། །བསྒོམ་བྱ་བ་ཞེས་བྱ་བ་ནི་གོམས་པར་བྱ་བའོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་མཆོད་པ་ལ་སོགས་པའི་ལས་དེ་དག་ཐམས་ཅད་བརྟན་པར་བྱ་བའོ། །ཏིང་ངེ་འཛིན་ཤེས་པ་བརྟགས་པའོ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་སེམས་
ཀྱིས་མཉམ་པར་གཞག་པའོ། །སྙིང་པོ་དང་པོས་ནི་བསྒོམ་པའི་ཚེ་སྙིང་ག་ནས་སྣའི་རྩེ་མོར་དྲངས་ཏེ་གཞག་པའོ། །གཉིས་པས་ནི་ཁྱབ་པར་བྱ་བའོ། །གསུམ་པས་ནི་བསྡུ་བའོ། །བཞི་པས་ནི་སྣའི་རྩེ་མོ་ནས་སྣའི་བུ་ག་གཡས་པར་བཅུག་སྟེ་སྙིང་གར་བཞག་ཅིང་བརྟན་པར་བྱའོ། །རྣལ་འབྱོར་པས་
སྒྲུབ་པའི་དབང་དུ་བྱ་ན་ཐམས་ཅད་ཀྱི་ནང་ན་ཚད་མེད་པ་བཞི་བསྒོམ་པ་ནི་དོན་ཆེན་པོ་བྱེད་པ་ཡིན་ཏེ། དེ་བས་ན་ཐོག་མར་བསྟན་ལ། དེ་ལས་ཀྱང་བྱམས་པ་ནི་ཤིན་ཏུ་ཡང་སེམས་ཅན་རྣམས་ལ་རྗེས་སུ་ཕན་འདོགས་པར་བྱེད་པ་ཡིན་པས་ན། དེ་ནི། སེམས་དཔའ་གང་གིས་བྱམས་པ་ནི། །ཞེས་བྱ་
བ་ལ་སོགས་པས་དང་པོར་སྟོན་ཏེ། གང་ལ་ལ་ཞིག་གང་ཞིག་ལ་རྒྱུ་མེད་པར་བདེ་བ་ལ་ཉེ་བར་སྦྱོར་བར་བྱེད་ན། དེ་ནི་དེའི་མཛའ་བོ་ཞེས་བྱ་བ་ལ། མཛའ་བོའི་ངོ་བོ་ཉིད་ཡིན་པས་ན་བྱམས་པའོ། །སེམས་དཔའ་གང་གིས་བྱམས་པ་ནི། །མཉམ་པར་འགྱུར་ཞེས་བྱ་བ་ལ། །སེམས་
དཔའ་གང་གིས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་སོ། །མཉམ་འགྱུར་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་པའི་ཟླ་གཉིས་པ་ལ་ལྟོས་པ་སྟེ། གང་དང་ལྷན་ཅིག་ཏུ་མཉམ་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། བརྟན་པ་ཆེན་པོ་ཡིས་ཞེས་བྱ་བ་སྟེ། ཤིན་ཏུ་བརྟན་པ་ཞེས་བྱ་བའི་
དོན་ཏོ། །སེམས་ཀྱི་ཁྱབ་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་ཕྲ་མོའི་ཕྱོགས་གཅིག་ནས་སྤྲོ་བར་བྱ་བ་ཇི་སྐད་བསྟན་པ་ནི་སེམས་ཏེ། དེའི་ཚུལ་གྱིས་བདེ་བ་ལ་ཉེ་བར་སྦྱོར་བར་བྱེད་པའི་བྱམས་པས་སེམས་ཅན་གཅིག་དང་གཉིས་དང་གསུམ་དང་། ཁྱིམ་དང་གྲོང་དང་གྲོང་ཁྱེར་དང་ཡུལ་རྣམས་
དང་། དེ་བཞིན་དུ་ཕྱོགས་གཅིག་དང་གཉིས་དང་གསུམ་ནས་ཕྱོགས་བཅུའི་བར་གྱི་སེམས་ཅན་ཐམས་ཅད་ལ་དེས་རིམ་བཞིན་དུ་ཁྱབ་པར་བྱའོ། །འདི་སྐད་སྟོན་ཏེ། དགྲ་བོ་དང་མཛའ་བོ་དང་ཐ་མལ་པའི་བྱེ་བྲག་གིས་སེམས་ཅན་གྱི་ཚོགས་གསུམ་དུ་བྱས་ལ་དེ་ལས་ཀྱང་ཆེན་པོ་དང་འབྲིང་དང་ཐ་མལ་
เล่ม ๕๕ · หน้า 156a
པའི་ཁྱད་པར་གྱིས་རེ་རེ་ཞིང་ཡང་གསུམ་གསུམ་དུ་བྱའོ། །དེ་ལ་ཐོག་མ་ཁོ་ནར་མཛའ་བོ་ཆེན་པོ་བདེ་བ་ལ་ཉེ་བར་སྦྱར་བར་བསམ་པར་བྱའོ། །དེ་ནས་ནི་འབྲིང་ལའོ། །དེ་ནས་ནི་ཐ་མ་ལའོ། །དེ་ནས་ཐ་མལ་པ་ཆེན་པོ་དང་འབྲིང་དང་ཐ་མ་ལའོ། །དེ་ནས་དགྲ་བོ་ཐ་མ་ལའོ། །དེ་ནས་
འབྲིང་ལའོ། །དེ་ནས་ཆེན་པོ་ལ་བདེ་བ་ལ་ཉེ་བར་སྦྱར་བའི་བསམ་པ་མཛའ་བོ་རབ་ལ་སྐྱེད་པ་བཞིན་དུ་དེ་ལ་བྱེད་པར་གྱུར་པ་དེའི་ཚེ། དེས་བྱམས་པ་ཐོབ་པར་གྱུར་པ་ཡིན་ནོ། །དེ་ནས་དེའི་འོག་ཏུ་ཇི་སྐད་གསུངས་པ་བཞིན་དུ་ཁྱབ་པར་བྱའོ། །བྱམས་པས་ཁྱབ་པའི་ཚུལ་གྱིས་ནི། །ཞེས་བྱ་བས་ནི་བྱམས་
པས་ཁྱབ་པའི་སྦྱོར་བས་སེམས་ཅན་དང་ཕྱོགས་ལ་སོགས་པར་ཁྱབ་པ་བཞིན་ནོ། །སྙིང་རྗེ་ཅན་ནི་གང་ཡིན་པ། །ཞེས་བྱ་བ་ལ། སྙིང་རྗེ་ནི་ཀཱ་རུ་ཎ་སྟེ། ཀཱ་ནི་བདེ་བ་ལ་བྱའོ། །རུ་ནི་འགོག་པ་ལ་བྱ་སྟེ། བདེ་བ་འགོག་པར་བྱེད་པས་ན་སྙིང་རྗེའོ། །དེ་ཡང་གཞན་གྱི་རྒྱུད་དུ་གཏོགས་པའི་སྡུག་བསྔལ་
མཐོང་ན་རང་གི་རྒྱུད་ལས་ཡོད་པའི་བདེ་བ་འགོག་པར་བྱེད་དོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །སྙིང་རྗེའི་བདག་ཉིད་ཅན་ཡིན་པས་ན་སྙིང་རྗེ་ཅན་ནོ། །གང་ཡིན་པ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །སེམས་ཅན་ཀུན་དོན་ལྡན་པ་ཡིས། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་བྱེད་པའི་
བསམ་པའོ། །བསམ་པ་འབའ་ཞིག་ཏུ་མ་ཟད་ཀྱི། བསྒྲུབ་པ་སྟེ་བསྒྲུབ་པར་བྱ་བའོ། །ཁྱབ་པར་བྱ་ཞེས་བྱ་བ་ནི་རིམ་པ་དེ་ཉིད་ཀྱིས་སྤྲོ་བར་བྱའོ། །འདི་སྐད་སྟོན་ཏེ། སྙིང་རྗེའི་སེམས་བསྐྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གང་གི་ཕྱིར་སྡུག་བསྔལ་དང་བྲལ་བར་བྱེད་པ་དེ་ནི་སྙིང་རྗེ་ཡིན་པས།
ཅི་ནུས་པར་སྡུག་བསྔལ་བསལ་བར་ཡང་བྱ་དགོས་སོ། །དེ་བས་ན་སེམས་ཅན་གཅིག་ལ་སོགས་པའི་རིམ་གྱིས། སྡུག་བསྔལ་དང་བྲལ་བར་བསམ་པར་བྱའོ། །ནུས་པ་ཡོད་བཞིན་དུ་སེམས་ཅན་སྡུག་བསྔལ་དང་ལྡན་པ་རྣམས་ལ་བཏང་སྙོམས་མི་བྱའོ། །དེ་ལྟར་ན་བསྒྲུབ་པས་ཁྱབ་པར་
བྱས་པ་ཡིན་ནོ། །འདིར་ཡང་སྙིང་རྗེའི་རྗེས་ལ་དགའ་བ་བསྟན་པར་བྱ་དགོས་ཏེ། དེ་བས་ན། ཀུན་ཀྱང་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ལ་སོགས་པས་དགའ་བའི་ཡུལ་སྟོན་པ་ཡིན་ནོ། །དེ་ཡང་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་འོད་གསལ་ཞིང་དག་པ་ཡིན་པས་ན་རང་བཞིན་འོད་གསལ་བའོ། །
เล่ม ๕๕ · หน้า 156b
ཇི་ལྟར་ན་རང་བཞིན་གྱིས་འོད་གསལ་བ་ཡིན་ཞེ་ན། དེའི་ཕྱིར་གདོད་ནས་དག་པ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་གཟོད་མ་ཉིད་ནས་རྣམ་པར་དག་པས་ན་གདོད་ནས་དག་པའོ། །ཇི་ལྟ་བུར་གདོད་ནས་དག་པ་ཡིན་ཞེ་ན། དེའི་ཕྱིར་ནམ་མཁའ་བཞིན་ཞེས་གསུངས་ཏེ། ནམ་མཁའ་དང་འདྲ་བས་ན་ནམ་
མཁའ་བཞིན་ཏེ། དོན་དམ་པར་སྟོང་པ་ཉིད་ཡིན་པས་ན་ནམ་མཁའ་ལྟར་གོས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །འདི་དང་མཚུངས་པ་དེ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར། ཆོས་སམ་ཡང་ན་ཆོས་མིན་པ། །ཞེས་བྱ་བ་གསུངས་ཏེ། ཆོས་ཞེས་བྱ་བ་ནི་དགེ་བ་བཅུའི་ལས་ཀྱི་ལམ་མོ། །ཆོས་མ་ཡིན་
པ་ཞེས་བྱ་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། དེ་དག་ཀྱང་དོན་དམ་པར་སྟོང་པ་ཉིད་ཡིན་པས་ན་ཆོས་ཐམས་ཅད་བདག་མེད་པ་ཡིན་ནོ། །བསམ་པས་ཁྱབ་ཅིང་དགའ་བར་འགྱུར། །ཞེས་བྱ་བ་ནི་བསམ་པ་ཞེས་བྱ་བ་གཞན་གྱི་ངོར་བྱེད་པའི་ལྷག་པའི་བསམ་པས་ཁྱབ་ཅིང་ཞེས་བྱ་བ་སྟེ། སྤྲོས་
པས་ཁྱབ་པར་བྱེད་ལ་དགའ་བར་འགྱུར། །ཞེས་བྱ་བ་རངས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་ནི་དགའ་བའི་མཆོག་སྟེ་དམིགས་པ་མེད་པའོ། །དེས་ན་འདི་ཕྱོགས་ཀྱི་ཆས་ཁྱབ་པར་བྱ་བར་མ་གསུངས་ཏེ། ཆོས་རྣམས་བདག་མེད་པས་ཁྱབ་པར་བྱ་བ་ཉིད་ཀྱིས་ཆོས་ཐམས་ཅད་སྣང་བ་མེད་པར་
བྱས་པ་ཉིད་ཡིན་པའི་ཕྱིར་རོ། །དགའ་བའི་འོག་ཏུ་བཏང་སྙོམས་བསྟན་པར་བྱ་དགོས་པས། ད་ནི། དེ་གདུལ་དཀའ་དང་མཚུངས་འདྲ་བ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གདུལ་དཀའ་བ་ནི་ལོག་པར་ལྟ་བའོ། །དེ་དང་མཚུངས་ཞེས་བྱ་བ་ནི་ཡོད་པར་ལྟ་བ་ཡང་མི་དགེ་བ་ལ་མངོན་
པར་དགའ་བར་འགྱུར་ན། དེ་དང་འདྲ་བ་ཡིན་ལ། དགེ་བ་ལ་མངོན་པར་དགར་ཟིན་ཀྱང་ཐེག་པ་ཆེན་པོ་ལ་མི་འཇུག་ན་དེ་དང་འདྲ་སྟེ། གདུལ་དཀའ་བ་དང་མཚུངས་པ་ཡང་ཡིན་ལ་དེ་དང་འདྲ་བ་ཡང་ཡིན་པས་ན་གདུལ་དཀའ་བ་དང་མཚུངས་འདྲ་བའོ། །སངས་རྒྱས་བྱང་ཆུབ་སྣོད་མ་
ཡིན། །ཞེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་སངས་རྒྱས་བྱང་ཆུབ་བོ། །དེའི་སྣོད་མ་ཡིན་པ་ནི་དེ་རྟོགས་པར་བྱ་བ་བསྟན་པའི་སྣོད་དུ་མ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་དག་རྟོགས་པར་བྱ་བའི་ཕྱིར། །ཞེས་བྱ་བ་ལ་དེ་དག་ནི་སྣོད་མ་ཡིན་
เล่ม ๕๕ · หน้า 157a
པ་རྣམས་སོ། །རྟོགས་པར་བྱ་བ་ནི་སྣོད་དུ་རུང་བར་བྱ་བའོ། །ཕྱིར་ཞེས་བྱ་བ་ནི་དེའི་རྒྱུར་རོ། །བཏང་སྙོམས་ཆེན་པོ་གོམས་པར་བྱ། །ཞེས་བྱ་བ་ལ། བཏང་སྙོམས་སུ་འཇོག་པས་ན་བཏང་སྙོམས་ཏེ། དེ་དག་སྨིན་པར་བྱ་བའི་ཕྱིར་དུས་གཞན་ལ་སྡོད་ཅིང་། བརྩོན་
འགྲུས་ཀྱི་བློ་གྲོས་ལས་ལྡོག་པའོ། །དེ་ཡང་བཏང་སྙོམས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་བཏང་སྙོམས་ཆེན་པོ་སྟེ། དེ་གོམས་པར་བྱ་བ་ནི་ཡང་དང་ཡང་དུ་མངོན་སུམ་དུ་གྱིས་ཤིག་པའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་དུས་གཞན་ལ་བསྡད་དགོས་པ་དེ་ནི་དུས་དེར་སྣོད་དུ་བྱ་བའི། ད་ལྟར་ཕན་པ་
བསྟན་ཀྱང་ལེན་པར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། བླ་མ་ལ་འཁུ་བ་དག་ཀྱང་བྱེད་པར་འགྱུར་ཏེ། དེ་བས་ན་དེ་དག་ལ་བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །སརྦ་ཤུདྡྷ་པྲ་མོ་ད་ཞེས་བྱ་བ་ནི་ཐམས་ཅད་དག་པར་རབ་ཏུ་དགའ་བ་ཞེས་ཟེར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་
དག་པ་ཉིད་དུ་རབ་ཏུ་དགའ་བ་སྟེ། རབ་ཏུ་དགའ་བ་ནི་རབ་ཏུ་མགུ་བའོ། །སརྦ་ས་ཏྭ་ཏྭཾ་སཾ་བོ་དྷ་ཡ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་རྟོགས་པར་བྱ་ཞེས་ཟེར་ཏེ། གལ་ཏེ་སེམས་ཅན་ཐམས་ཅད་རྟོགས་པར་བྱེད་འདོད་ན། དུས་གཞན་ལ་སྣོད་དུ་རུང་བར་འགྱུར་བ་རྣམས་ལ་བཏང་སྙོམས་གྱིས་ཤིག་ཅེས་
བྱ་བའི་དོན་ཏོ། །དེ་ལྟར་ཚད་མེད་པ་བསྒོམ་པ་བསྟན་ཟིན་ནས། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པར་བྱ་བའི་མན་ངག་བསྟན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཟུང་
ངོ་། །དེ་དག་རྗེས་སུ་དྲན་པ་ནི་རྗེས་སུ་དྲན་པར་བྱ་བ་སྟེ། དེའི་ཡེ་ཤེས་དེ་བསླབ་པར་བྱ་ཞིང་བསྟན་པར་བྱ་བའོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་ལ། ནམ་མཁའ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །ཕྱོགས་གཞན་དུ་ཞེས་བྱ་བ་སྨོས་པས་ནི་རས་དང་རྩིག་པ་ལ་སོགས་པ་གཟུང་ངོ་། །
རྡོ་རྗེ་ཕྲ་བའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ། རྡོ་རྗེ་ཕྲ་མོའི་སྦྱོར་བ་ནི། །ལྕེ་ནི་རྐན་ལ་གཞར་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པར་བཤད་ཟིན་ཏོ། །འགྲེང་ངམ་ཡང་ན་འདུག་ཀྱང་རུང་། །ཞེས་བྱ་བ་ནི་འཆག་པའམ་ཉལ་བ་ཞེས་རྣམ་པར་རྟོག་པའོ། །འདི་སྐད་སྟོན་ཏེ། སྤྱོད་ལམ་བཞི་ཆར་དུ་ཡང་བསྒོམ་
เล่ม ๕๕ · หน้า 157b
པ་གོམས་པར་བྱེད་པ་ལ་ཡང་དགག་པ་མེད་པ་ཡིན་ནོ། །རྡོ་རྗེ་དབྱིབས་ནི་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པའོ། །གོམས་པར་བྱ་ཞེས་བྱ་བ་ནི་བསྒོམ་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡང་གནས་ཀུན་དུ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ་ཞེས་བྱ་བ་དང་
སྦྱར་རོ། །རྡོ་རྗེ་ཕྲ་མོ་སྦྱོར་བ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་སྦྱོར་བ། །ལྕེ་ནི་རྐན་ལ་གཞར་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པས་སོ། །རབ་མཉམ་གཞག་པས་ཞེས་བྱ་བ་ནི་ཤིན་ཏུ་མཉམ་པར་གཞག་པས་ན་རབ་མཉམ་གཞག་པ་སྟེ་མི་གཡེང་བའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །སྙིང་གར་ནི་
རྡོ་རྗེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་གང་གི་ཐུགས་ཀ་ན་རྡོ་རྗེ་མངའ་བ་དེ་ནི་སྙིང་གར་རྡོ་རྗེ་སྟེ། སྙིང་གར་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །ཇི་ལྟ་བའི་རིམ་བཞིན་དུ་ཞེས་བྱ་བ་ནི་གོམས་པ་སྔོན་དུ་འགྲོ་བའི་ཁྱབ་པ་སྟོན་ཏེ། ཕྱག་ན་རྡོ་རྗེའི་གཟུགས་གཅིག་དང་གཉིས་དང་མང་པོ་ནས་ནམ་མཁའི་ཁམས་
ཀྱི་བར་དུ་སྤྲོ་བ་སྟོན་ཏོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ཕྱག་ན་རྡོ་རྗེའི་དབྱིབས་ཆེན་པོ། །ཞེས་བྱ་བ་ལ། ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །དབྱིབས་ཆེན་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །གནས་རྣམས་ཀུན་དུ་བསྒོམ་
པར་བྱ། །ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པའི་གནས་ཐམས་ཅད་དུའོ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པས་རྣམ་པ་ཐམས་ཅད་མཆོག་སྟེ། མཚན་དང་དཔེ་བྱད་ལ་སོགས་པའོ། །དེ་དང་ལྡན་པ་ནི་དེ་དང་བཅས་པའོ། །
སངས་རྒྱས་སྐུ་ནི་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའོ། །དུས་ཀུན་དུ་ཞེས་བྱ་བ་ནི་ཕྱོགས་བཅུ་ཐམས་ཅད་ཀྱི་ནམ་མཁའི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུས་ཁྱབ་པར་བྱེད་པའོ། །ཇི་ལྟ་བ་ཡི་གོ་རིམས་བཞིན། །ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་བདག་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་
སུ་རྫོགས་པར་བསགས་པ་ཡིན་པར་བསམས་ལ་དགའ་ལྡན་གྱི་གནས་སུ་སྐྱེས་ནས། རིགས་ལ་རྟོག་པ་དང་སྐྱེ་བ་ཡོངས་སུ་གཟུང་བ་ལ་སོགས་པ་དང་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་མངོན་པར་བྱང་ཆུབ་པ་བྱས་ནས་སངས་རྒྱས་སུ་བདག་ཉིད་བསྒོམ་པར་
เล่ม ๕๕ · หน้า 158a
བྱའོ། །དེ་ནས་མདུན་དང་ངོས་གཉིས་དང་རྒྱབ་ཏུ་སྟེ། དེ་ལྟར་དཀྱིལ་འཁོར་སྤྲོ་བའི་ཚུལ་གྱིས་ཤིན་ཏུ་མཉམ་པར་གཞག་པས་བསྒོམ་པར་བྱ་ཞིང་གོམས་པར་བྱའོ། །བཛྲ་ཨཱ་མུ་ཁཱི་བྷཱ་བ་ཞེས་བྱ་བ་ནི་རྡོ་རྗེ་མངོན་དུ་བྱ་བ་ཞེས་ཟེར་ཏེ། ཏིང་ངེ་འཛིན་དེ་ནི་དེའི་ཡུལ་ཡིན་པས་སྙིང་གར་རྡོ་རྗེའི་
ཕྱག་རྒྱ་མངོན་སུམ་དུ་བྱ་བར་གསུངས་སོ། །མ་ཧཱ་བོ་དྷི་སཏྭ་ཨཱ་བེ་ཤ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དབབ་པ་ཞེས་ཟེར་ཏེ། དེའི་ནང་ན་གནས་པས་ན་རྡོ་རྗེ་སེམས་དཔའ་དབབ་པར་གསུངས་སོ། །བཛྲ་པཱ་ཎི་དཪྵ་ཡ་སྭ་རུ་པཾ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་རང་གི་ངོ་བོ་ཉིད་སྟོན་ཅིག་ཅེས་ཟེར་ཏེ། ཕྱི་རོལ་དུ་
གྱུར་པའི་ཕྱག་ན་རྡོ་རྗེ་ཡིན་པས་ན་ངོ་བོ་ཉིད་སྟོན་ཅིག་ཅེས་གསུངས་སོ། །བུདྡྷ་ནུ་སྨྲྀ་ཏཱ་བེ་ཤ་ཞེས་བྱ་བ་ནི་སངས་རྒྱས་རྗེས་སུ་དྲན་པ་དབབ་པ་ཞེས་ཟེར་ཏེ། སེམས་རྟོགས་པ་ལ་སོགས་པའི་རིམ་གྱིས་ནང་ཡོངས་སུ་རྫོགས་པར་བྱས་པས་ན་སངས་རྒྱས་ཀྱི་གཟུགས་དབབ་པར་གསུངས་སོ། །མངོན་པར་བྱང་ཆུབ་པའི་རིམ་
གྱིས་དང་པོའི་རྣལ་འབྱོར་བསྟན་ནས། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་གྱི་ཁྱད་པར་བསྟན་པ་སོ་སོར་སྟོན་ཏེ། རྡོ་རྗེ་ཕྲ་མོ་བསྒོམ་པའི་སྦྱོར་བ་ཇི་སྐད་གསུངས་པའི་སྦྱོར་བ་དེས་སྣའི་རྩེ་མོར་བསམ་པར་བྱའོ་ཞེས་གསུངས་པ་ཡིན་
ཏེ། འདི་ནི་ལུས་རྣམ་པར་བསྒོམས་ནས་བསྒོམ་པ་གོམས་པར་བྱའོ་ཞེས་སྟོན་ཏོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་གྱི་སྟོན་པར་ཡང་འགྱུར་བ་སྲིད་པས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བདག་ཉིད་ཅེས་གསུངས་པ་ཡིན་ནོ། །ཅི་ཞིག་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་ཟླ་བའི་དབྱིབས་སུ་ཞེས་
གསུངས་པ་ཡིན་ཏེ། ཟླ་བའི་གཟུགས་ཅན་དུ་བསྒོམ་པའོ། །གལ་ཏེ་སློབ་མའམ་བུས་ཀྱང་བྱེད་པ་སྲིད་པས། དེའི་ཕྱིར་བདག་ཉིད་ནི་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེའི་བསྒོམ་པ་ནི་འདི་ཡིན་ཏེ། ཟླ་བའི་དཀྱིལ་འཁོར་སྔར་བསྒོམས་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དེའི་སྟེང་དུ་རྡོ་རྗེ་རྩེ་
ལྔ་པའི་དབྱིབས་སུ་བདག་ཉིད་བསྒོམ་པར་བྱའོ། །སེམས་དཔའ་རྡོ་རྗེ་བསྒོམ་པའོ། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ལ་ནི་སེམས་དཔའ་ཞེས་བྱ་ལ། རྡོ་རྗེ་ནི་འདི་ཉིད་དེ། དེ་ལྟ་བས་ན་དེ་ཉིད་བསྒོམ་པ་ནི་སེམས་དཔའ་རྡོ་རྗེ་བསྒོམ་པའོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་སྦྱོར་
เล่ม ๕๕ · หน้า 158b
བ་གོམས་པར་བྱ་བའོ། །བདག་ཉིད་སྙིང་གར་རྡོ་རྗེ་སེམས། །ཞེས་བྱ་བ་ནི་བཤད་མ་ཐག་པའི་སེམས་དཔའ་རྡོ་རྗེ་བདག་ཉིད་ཀྱི་སྙིང་གར་བསྒོམ་ཞིང་གཟུགས་ཀྱི་སྐུ་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ་སྟེ། འདི་ནི་རྡོ་རྗེ་སེམས་དཔའ་བསྒོམ་པའོ། །རྡོ་རྗེ་སེམས་
དཔའ་བསྒོམས་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སུ་བསྒོམ་ཞིང་ལྷག་པར་མོས་པར་བྱའོ། །སུ་ལ་ཞེ་ན། །བདག་ཉིད་ལ་སྟེ། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །ཏིང་ངེ་འཛིན་གསུམ་གྱི་སྙིང་པོ་གསུམ་གྱིས་ནི་དབབ་པ་གསུངས་པ་ཡིན་ལ། སྙིང་
པོ་བཞི་པས་ནི་དགོས་པ་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ང་རྒྱལ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་ནས་གཞན་ཡང་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོར་བསྒོམ་པའི་དོན་གྱི་བྱ་བ་རྫོགས་པར་ནུས་
པའི་ཆོས་ཉིད་དོ། །དེ་ཉིད་ནི་གསང་བ་སྟེ་གཞན་ལ་བསྙད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་སོ། །བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་པའོ། །སྔགས་དང་སྨན་རྣམས་ནི་གསང་ན་སྟོབས་ཅན་དུ་འགྱུར་བས་ན། དེའི་ཕྱིར་དངོས་གྲུབ་འདོད་པས་ཆོ་ག་འདི་དག་གཞན་ལ་
བསྒྲགས་པར་བྱ་བ་མ་ཡིན་པས་ན་གསང་བའི་ཕྱག་རྒྱ་ཞེས་བྱའོ། །བདག་ནི་དེ་བཞིན་གཤེགས་དང་མཉམ། །ཞེས་བྱ་བ་ནི། ཨ་ཧཾ་ཏ་ཐཱ་ག་ཏ་ས་མ་ཞེས། རྡོ་རྗེའི་ཚིག་ཏུ་ལྷན་ཅིག་བརྗོད། །ཅེས་བྱ་བ་ང་རྒྱལ་བསྐྱེད་པར་བྱ་བ་སྟེ། རྡོ་རྗེའི་ཚིག་ནི་སྒྲ་སྤངས་པ། །ཞེས་འོག་ནས་འཆད་དོ། །དབང་པོ་གཉིས་ནི་
མཉམ་པར་སྦྱར། །ཞེས་བྱ་བ་ནི་ལྷའི་སྐུ་དང་བདག་ཉིད་ཐ་མི་དད་པར་ལྷག་པར་མོས་པའོ། །སེམས་ཅན་ཐམས་ཅད་ཆགས་པར་བྱེད། །ཅེས་བྱ་བ་ནི་ཇི་སྐད་གསུངས་པའི་རིམ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱར་བསྒྲུབས་ལ། རྣམ་པར་སྨིན་པ་ལས་བྱུང་བའི་ལུས་འདི་དང་། དེ་བཞིན་གཤེགས་པའི་སྐུ་དེ་གཉིས་
སུ་ཐ་མི་དད་པར་མོས་པའི་དབང་པོ་གཉིས་མཉམ་པར་སྦྱོར་བས་སངས་རྒྱས་ཀྱི་བྱ་བ་བྱེད་ཅིང་། སེམས་ཅན་ཐམས་ཅད་ཆགས་པར་བྱེད་པ་སྟེ་དགའ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཆེན་མོ་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའོ། །དབང་པོ་གཉིས་ནི་མཉམ་སྦྱར་བ། །ཞེས་བྱ་བ་ནི་དགུག་པ་དང་
เล่ม ๕๕ · หน้า 159a
གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བྱས་ནས་དེ་དང་ལྷན་ཅིག་ཐ་མི་དད་པར་བསྒོམ་ཞིང་མོས་པར་བྱེད་པས་ན། །དབང་པོ་གཉིས་ནི་མཉམ་པར་སྦྱར། །ཞེས་གསུངས་སོ། །དེ་དང་ལྷན་ཅིག་ཐ་མི་དད་པར་མོས་པར་དབང་པོ་གཉིས་མཉམ་པར་སྦྱར་ན། ནམ་མཁའི་སྙིང་པོ་དང་འདྲ་བར་
ནོར་སྦྱིན་པས་འཇིག་རྟེན་ཐམས་ཅད་འགུགས་པར་འགྱུར་རོ། །གདོན་མི་ཟ་བ་ཞེས་བྱ་བ་ནི་ངེས་པ་ཉིད་དུའོ། །བདག་ནི་རྡོ་རྗེ་ཆོས་དང་མཉམ། །ཞེས་བྱ་བ་ལ། རྡོ་རྗེ་ཆོས་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གོ། །དེའི་ཕྱག་རྒྱ་བསྐྱེད་ལ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བྱས་
ནས་དེ་དང་ལྷན་ཅིག་ཐ་མི་དད་པའི་དབང་པོ་གཉིས་མཉམ་པར་སྦྱར་བས། །དེ་ཡིས་འཇིག་རྟེན་ཐམས་ཅད་འཇིག །ཅེས་བྱ་བ་སྟེ། འཇིག་པ་ནི་རང་དབང་མེད་པར་བྱེད་ཅིང་སེམས་མེད་པར་བྱེད་པའོ། །བདག་གི་སྣ་ཚོགས་ལས་དང་མཉམ། །ཞེས་བྱ་བ་ལ་སྣ་ཚོགས་པས་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་ཏེ།
དེའི་ཕྱག་རྒྱ་ཆེན་པོ་ཇི་སྐད་གསུངས་པའི་ཚུལ་གྱིས་བསྒོམས་ན། ལས་རྣམས་ཐམས་ཅད་དེས་འགྲུབ་བོ། །ཞེས་བྱ་བ་སྟེ། མཆོད་པ་ལ་སོགས་པའི་ལས་རྣམས་རྣལ་འབྱོར་པ་དེས་གྲུབ་ཅིང་རྫོགས་པར་བྱེད་དོ། །འདིར་དབང་པོ་གཉིས་མཉམ་པར་སྦྱར་བ་ཞེས་སྨོས་པས་ནི་ལྷའི་ལུས་དང་། བདག་གི་ལུས་
གཉིས་སུ་ཐ་མི་དད་པར་ལྷག་པར་མོས་པར་བྱ་སྟེ། ང་རྒྱལ་དེ་དགོས་པ་འགྲུབ་པར་འགྱུར་བའི་ཕྱིར་རོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་རྩོམ་པའི་ཚེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པར་མཛད་པ་དེའི་
བསྒོམ་པའི་ལུང་ཡང་དབོག་པར་བཞེད་ནས་དེ་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཡེ་ཤེས་རྡོ་རྗེ་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་ཡིན་པ་དེ་ཉིད་ནི་ཕྱག་རྒྱ་སྟེ། དེ་བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའོ། །རྡོ་རྗེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་
ཕྲ་མོའི་སྦྱོར་བ་མངོན་དུ་བྱས་ལ་རྡོ་རྗེ་ཕྲ་མོའི་སྦྱོར་བ་རྒྱུར་གྱུར་པ་དེས་དུས་ཕྱི་མར་བསྒོམ་པར་བྱ་བ་སྟེ། གོམས་པར་བྱ་བ་རྡོ་རྗེའི་དབུས་སུ་བདག་ཉིད་སངས་རྒྱས་ཀྱི་སྐུ་ཉིད་དུ་བསམས་ན་སྔགས་པ་དེ་ནི་སངས་རྒྱས་ཉིད་དུ་འགྲུབ་པ་སྟེ། འཚང་རྒྱ་བ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་
เล่ม ๕๕ · หน้า 159b
ནི་དེ་ནས་གཞན་ཡང་ཞེས་བྱ་བ་སྟེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་ཡེ་ཤེས་སྟོན་པའོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་དང་པོར་བྱས་ནས། རང་གི་ལྷའི་རྣལ་འབྱོར་དུ་གནས་ལ། སྙིང་གར་རྡོ་རྗེ་ལ་སོགས་འཁོར། །ཞེས་བྱ་བ་རྡོ་རྗེ་ལ་སོགས་པའི་འཁོར་གང་ཡིན་པ་དེ་དག་ནི་རྡོ་རྗེ་
ལ་སོགས་ཏེ། དམ་ཚིག་གི་ཕྱག་རྒྱ་རྣམས་སྙིང་གར་བསྒོམས་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས། རང་གི་དངོས་གྲུབ་སྦྱིན་པར་བྱེད། །ཅེས་བྱ་བ་སྟེ། སོ་སོ་ནས་རང་རང་གི་དངོས་གྲུབ་རྣམས་སྩོལ་བར་མཛད་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་
རྒྱའི་མཚན་ཉིད་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་རྣམས་གཟུང་ངོ་། །རིགས་ཞེས་སྨོས་པས་ནི་རིགས་བཞི་གཟུང་ངོ་། །ཏིང་ངེ་འཛིན་གྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པས་ན་ཏིང་ངེ་འཛིན་གྱི་དམ་
ཚིག་གི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་སོ། །དེ་བསླབ་པོ་ཞེས་པ་ནི་བསྟན་ཏོ་ཞེས་པའོ། །རྡོ་རྗེ་བཅིངས་ལས་ལེགས་འབྱུང་བར། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བཅིངས་པ་ནི་བཤད་ཟིན་ཏོ། །ཡང་དག་པར་འབྱུང་བས་ན་ལེགས་པར་འབྱུང་བའོ། །ཇི་སྙེད་ཅིག་ཅེ་ན། བཅུ་དྲུག་རྣམས་སུ་བཤད་པ་
སྟེ། ཞེས་བྱ་བ་གསུངས་ཏེ། རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་བཤད་པའོ། །དེ་རྣམས་ཀྱང་གང་ཞིག་ཡིན་ཞེ་ན། ཏིང་ངེ་འཛིན་ནི་དམ་ཚིག་མཆོག །ཅེས་བྱ་བ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་དམ་ཚིག་ཀྱང་ཡིན་ལ། མཆོག་ཀྱང་ཡིན་པས་ན་ཏིང་ངེ་འཛིན་ནི་དམ་ཚིག་མཆོག་གོ། །དེ་ནས་དེ་
རྣམས་ཀྱི་ནི་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དམ་ཚིག་གི་མཆོག་དེ་རྣམས་ཀྱིའོ། །བཅིང་བ་བཤད་ཅེས་བྱ་བ་ནི་བཅིང་བའི་མཚན་ཉིད་རབ་ཏུ་ཕྱེ་སྟེ་བཤད་པས་ན་བཅིང་བ་བཤད་ཅེས་བྱའོ། །དེ་བས་ན། རྡོ་རྗེ་བཅིངས་ལས་ལེགས་འབྱུང་བར། །ཞེས་གསུངས་པའི་ཕྱིར། རྡོ་རྗེ་བསྡམས་པ་བཅིངས་ལ་
སྐྱིལ་མོ་ཀྲུང་དུ་གནས་པས་ན་སྐྱིལ་མོ་ཀྲུང་དུ་འདུག་སྟེ། ལེགས་པར་བཀན་ན་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དེ་ཉིད་གཡས་ཕྱོགས་སུ་བཅུག་སྟེ་བཞག་ན་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་གང་ཡིན་པ་དེ་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་དྲངས་ལ་གཅུ་
เล่ม ๕๕ · หน้า 160a
ཞིང་གཅུ་ཞིང་བཞག་པ་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱའོ། །དེ་ཉིད་སྙིང་གར་བཞག་ན་རྡོ་རྗེ་ལེགས་པའི་ཕྱག་རྒྱ་སྟེ་བཞི་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེ་སེམས་སོགས་དཀྱིལ་འཁོར་རོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་
དཔྲལ་བར་གནས་པས་ན་དཔྲལ་བར་བཞག་པ་སྟེ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །ལྟག་པར་བཞག་ན་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱར་འགྱུར་རོ། །ཕྲག་པ་གཡས་པའི་ཕྱོགས་སུ་བཞག་པ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱའོ། །དགོད་པའི་ཚུལ་དུ་ཁའི་གཡས་ལོགས་སུ་འགྱིང་བག་གིས་བསྐོར་བ་ནི་རྡོ་རྗེ་
བཞད་པ་མའི་ཕྱག་རྒྱའོ། །ཆོས་རྣམས་ཁ་ཐོན་དུ་འཛིན་ཅིང་འཆང་བས་ན་ཁར་བཞག་སྟེ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་ཁར་བཞག་པ་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །སྙིང་གར་རལ་གྲི་ཡིན་པས་ན་སྙིང་གར་རལ་གྲི་སྟེ། སྙིང་གར་ལག་པ་གཉིས་རལ་གྲི་འཛིན་པའི་ཚུལ་དུ་བཟུང་བ་ནི་རྡོ་རྗེ་
རྣོན་པོའི་ཕྱག་རྒྱའོ། །སྙིང་གར་བརྐྱང་སྟེ་བཞག་ལ་རྡོ་རྗེ་རྒྱུའི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་ཁའི་གནས་སུ་བཞག་ལ་གྱེན་དུ་དྲངས་ན་ཁ་ནས་འབྱུང་བར་འགྱུར་ཏེ་རྡོ་རྗེ་སྨྲ་བའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་སྤྱི་བོར་བཞག་ན་རྡོ་རྗེ་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །ཐོང་
ཀའི་གནས་སུ་བཞག་ན་རྡོ་རྗེ་གོ་ཆའི་ཕྱག་རྒྱར་འགྱུར་རོ། །མཛུབ་མོ་གཉིས་ཕྲལ་ཏེ་བཞག་པ་ནི་བཀུག་སྟེ། མཛུབ་མོ་གཉིས་བཀུག་ཅིང་བཞག་པ་དེ་ཡང་མཆེ་བའི་ཚུལ་དུ་བརྐྱང་ན་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱར་འགྱུར་རོ། །མདུན་དུ་ཞེས་བྱ་བ་ནི་སྔོན་དུའོ། །དེ་བཞིན་ཞེས་བྱ་བ་ནི་མཛུབ་མོའི་སོར་མོ་གཉིས་རྡོ་རྗེ་
བསྡམས་པའི་ཚུལ་དུ་བཞག་ལ། མདུན་དུ་བཞག་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །དེ་ནས་གཞན་ཡང་ཆོས་ཀྱི་ཕྱག་རྒྱ་ནི་ཇི་སྐད་གསུངས་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ནི་གཞན་ཡང་ངོ་། །ཆོས་ནི་ཆོས་ཀྱི་དཀྱིལ་འཁོར་གྱིའོ། །ལས་ཀྱི་ཕྱག་རྒྱ་ཡང་ཡིན་ལ། ཏིང་ངེ་འཛིན་གྱི་ལས་སྟོན་པས་མཆོག་
ཀྱང་ཡིན་པས་ན་ཆོས་དང་ལས་ཀྱི་མཆོག་གོ། །གང་གི་ཞེ་ན། ཕྲ་བའི་རྡོ་རྗེ་ཅན་རྣམས་བསླབ། །ཅེས་བྱ་བ་སྟེ། ཕྲ་མོའི་དཀྱིལ་འཁོར་གྱི་རྡོ་རྗེ་ཅན་ཡིན་པས་ན་ཕྲ་མོའི་རྡོ་རྗེ་ཅན་ཏེ། ཕྲ་བའི་རྡོ་རྗེ་ཅན་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བསླབ་ཅིང་བསྟན་པར་བྱའོ། །ཡེ་ཤེས་ཁུ་ཚུར་ནི་ཡེ་ཤེས་ཀྱི་དཀྱིལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด