དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སརྦ་ཏ་ཐཱ་ག་ཏ་ཏཏྟྭ་སྃ་གྲ་ཧ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་ནཱ་མ་ཏནྟྲ་ཏཏྟྭ་ཨཱ་ལོ་ཀ་ཀཱ་རི་ནཱ་མ་བྱཱ་ཁྱཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๗ · หน้า 29b
ལ་མངའ་བ་དེ་ནི་སྐུ་དང་གསུང་དང་། ཐུགས་རྡོ་རྗེའོ། །དེ་ཉིད་ནི་དེ་བཞིན་གཤེགས་པ་ཡིན་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་སྟེ། དངོས་པོ་ཐམས་ཅད་ཇི་ལྟར་གནས་པ་དེ་བཞིན་ཐུགས་སུ་ཆུད་པ་དང་། དེ་བཞིན་དུ་གཞན་དག་ལ་ཡང་སྟོན་པར་མཛད་པས་ཀྱང་
སངས་རྒྱས་ནི། དེ་བཞིན་གཤེགས་པ་ཞེས་བྱའོ། །འདིས་ཀྱང་གང་ལ་ཐོབ་པའི་སྟོན་པ་པོ་འདི་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་རྣམ་པར་སྣང་མཛད་ཡིན་ནོ་ཞེས་བཤད་དེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་མདོ་ལས་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡིན་
པར་སྟོན་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཡོན་ཏན་བཤད་པ་སྔོན་དུ་འགྲོ་བས་བསྟན་པར་བྱས་ནས། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་གང་ན་བཞུགས་ཞེས་རྟོག་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་ནི་བཞུགས་པར་མཛད་པའོ། །དེ་བས་ན་བསྔགས་པ་ཡིན་ལ་བསྔགས་པ་ཉིད་ཀྱིས་ནི་བསྟོད་པའོ། །དེར་ནོར་བུ་ཆེན་པོ་ནི་ཡིད་བཞིན་གྱི་ནོར་བུ་རྣམས་སོ། །རིན་པོ་ཆེ་ནི་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱིས་སྤྲས་པ་ནི་
གང་དུ་མཛེས་པར་བྱ་བའི་ཕྱིར་སྤེལ་ཞིང་བཀོད་པའོ། །དེར་ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་བཏགས་པ་དང་། དར་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གིས་བསྐྱོད་པ་རྣམས་ཀྱིས་མཛེས་པར་བྱས་ཤིང་བརྒྱན་པའོ། །
འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་པ་ནི་གནས་པར་མཛད་པའོ། །འོག་མིན་ཀྱང་ཡིན་ལ་ལྷའི་རྒྱལ་པོ་ཡང་ཡིན་པས་ན་འོག་མིན་ལྷའི་རྒྱལ་པོ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་པོའི་ཐུ་བོར་གྱུར་པའི་ཕྱིར་རོ། །གནས་དེ་ནི་དེ་ཉིད་ཀྱི་ཡིན་གྱི་གཞན་
གྱི་མ་ཡིན་ཏེ། དེ་བས་ན་རང་གི་གནས་ན་བཞུགས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དུ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རང་བཞིན། མི་མཉམ་པ་མེད་པས་ཟུར་བཞི་པ་ཞེས་བྱ་བ་ལ་སོགས་པས་གཞལ་ཡས་ཁང་སྟོན་པ་ཡིན་ཏེ། འདི་
เล่ม ๕๗ · หน้า 30a
དག་ཀྱང་འདིའི་འོག་ནས་བཤད་པར་བྱའོ། །དེ་ཡང་གཞན་དག་ལ་མི་སྲིད་དོ། །འདིས་ནི་གང་དུ་ཐོས་པ་དེས་སྟོན་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་བཞུགས་གནས་ཀྱི་ཕུན་སུམ་ཚོགས་པ་བསྟན་ནས། འཁོར་ཕུན་སུམ་ཚོགས་པ་བསྟན་
པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིའི་ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །གཟིགས་པས་ན་ཀུན་དུ་སྤྱན་རས་གཟིགས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་སོ་སོར་རྟོགས་པར་མཛད་པ་དང་།
སེམས་ཅན་རྣམས་བསྐྱབ་པའི་ཕྱིར་གཟིགས་པར་མཛད་པའོ། །དེའི་དབང་པོ་ནི་གཙོ་བོའོ། །ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྙིང་པོ་ནི་སྐྱེ་བ་མེད་པའི་གནས་ཏེ། དེ་གང་ལ་ཡོད་པ་དེ་ནི་ནམ་མཁའི་སྙིང་པོའོ། །ཆོས་རྣམས་ནི་རང་བཞིན་གྱིས་འོད་གསལ་
བའོ་ཞེས་བྱ་བ་འདིས་ཆོས་ཐམས་ཅད་གཅིག་ཏུ་བྱེད་པའི་མི་ཕྱེད་པའི་ཁུ་ཚུར་གང་ལ་མངའ་བ་དེ་ནི་རྡོ་རྗེ་ཁུ་ཚུར་ཏེ། གང་ཞིག་མི་སླུ་བདེན་དེ་ཉིད། །རྡོ་རྗེའི་ཁུ་ཚུར་དེ་བཤད་དོ། །ཞེས་ལུང་ལས་གསུངས་པ་ཡིན་ནོ། །འཇམ་ཞིང་མཉེན་པའི་དཔལ་གང་ལ་མངའ་བ་དེ་ནི་
འཇམ་དཔལ་ཏེ། གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་རྒྱུ་ལས་ངེས་པར་འབྱུང་བའི་དེ་ཁོ་ན་ཉིད་ཀྱིས་ཉོན་མོངས་པ་སྲ་ཞིང་རྩུབ་པ་དང་བྲལ་ལ། ན་ཚོད་ལོ་བརྒྱད་པའི་གཞོན་ནུའི་གཟུགས་མངའ་བའི་ཕྱིར་རོ། །སེམས་བསྐྱེད་པའི་རྗེས་ཐོགས་
ཉིད་ལ་ཆོས་ཀྱི་འཁོར་ལོ་དཀྱིལ་འཁོར་དུ་འཇུག་པའི་ངང་ཚུལ་གང་ལ་མངའ་བ་དེ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ནམ་མཁའ་ནི་གོ་འབྱེད་པ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་མཛོད་འདི་ལ་མངའ་བས་ན་ནམ་མཁའི་མཛོད་དོ། །ཕུང་པོ་དང་།
ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུ་ནི་བདུད་ཐམས་ཅད་དེ། དེའི་སྟོབས་ནི་ནུས་པའོ། །དེ་རབ་ཏུ་འཇོམས་ཤིང་བཟློག་པར་མཛད་པའི་ངང་ཚུལ་གང་ལ་མངའ་བ་དེ་ནི་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པའོ། །བྱང་ཆུབ་སེམས་དཔའ་འདི་རྣམས་
เล่ม ๕๗ · หน้า 30b
ནི་སྒྲུབ་པའི་ཡན་ལག་ཏུ་གྱུར་པ་ཡིན་ཏེ། ལུང་ལས་དམ་པའི་ཆོས་ཀྱི་གྲོང་ཁྱེར་སྐྱོང་བར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཞེས་གསུངས་པ་ཡིན་ནོ། །གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་དང་ཞེས་བྱ་བ་འདིས་ཀྱང་སྒྲུབ་པའི་ཡན་ལག་ཏུ་གྱུར་པའི་དེ་
བཞིན་གཤེགས་པ་རྣམས་བསྟན་པ་ཡིན་ཏེ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ། ལུས་ལ་སངས་རྒྱས་ཀུན་གཞུག་གོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་དུས་དེའི་ཚེ་འོག་མིན་གྱི་གནས་ན་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གང་བ་
དང་། ལྷན་ཅིག་བཞུགས་ཤེ་ན། དེ་ཡང་འདི་ལྟར་ཞེས་བྱ་བ་ལ་སོགས་པས་དཔེ་གསུངས་པ་ཡིན་ཏེ། ལྕང་ལོ་ཅན་ན་བཞུགས་པའི་ས་བཅུའི་དབང་ཕྱུག་གི་ཚུལ་འཛིན་པའི་རྡོ་རྗེ་འཆང་བས་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམས་ལ་ཇི་ལྟར་བདག་ནི་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་ན་ཡང་དག་པར་སྡུད་པའི་དུས་སུ་འཛམ་བུའི་གླིང་ཏིལ་གྱི་གང་བུ་ཏིལ་གྱི་ས་བོན་གྱིས་ཡོངས་སུ་གང་བ་བཞིན་དུ་འཛམ་བུའི་གླིང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀུན་དུ་གང་བར་བདག་ཅག་ལ་སྣང་ལ། འོག་མིན་གྱི་
གནས་སུ་སྟོན་པར་མཛད་པའི་དུས་སུ་ཡང་བདག་ཅག་གིས་དེ་བཞིན་དུ་མཐོང་ངོ་ཞེས་གསུངས་པ་ཡིན་ནོ། །ཅི་དེ་བཞིན་གཤེགས་པའི་སྐུ་གཅིག་ཏུ་བཞུགས་སམ་ཞེ་ན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ཚད་མེད་པ་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བུ་ཞེ་ན་དེ་རྣམས་དང་
ཞེས་བྱ་བ་སྨོས་སོ། །ཀྱང་ཞེས་བྱ་བའི་སྒྲས་ནི་གཞན་དག་ཀྱང་ཞེས་སྟོན་ཏེ། འདི་ཉིད་བཤད་པ་ན་དེ་བཞིན་གཤེགས་པ་རེ་རེའི་སྐུ་ལས་ཀྱང་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཡང་ན་ཇི་བཞིན་ཐུན་མོང་དུ་གྱུར་པས་ན་ཐབས་ཅིག་པ་ཡིན་ཞེ་ན། སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དེ་དག་ནི་ཞེས་བྱ་བ་བྱེད་པ་པོར་གྱུར་པ་དེ་རྣམས་ཀྱི་དབང་ལས་ཞེས་བྱ་བའི་བར་དུའོ། །ཇི་ལྟར་ན་དེ་དག་གི་དབང་ལས་རག་ལས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་རེ་རེའི་སྐུ་ལས་ཀྱང་ཞེས་པ་ལ་སོགས་པ་དང་། ཆོས་ཀྱི་ཚུལ་འདི་ཉིད་འཆད་དོ་ཞེས་བྱ་
เล่ม ๕๗ · หน้า 31a
ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པ་ནི་རྒྱུད་དེ་དེ་བཞིན་གཤེགས་པ་རྣམས་དགོངས་པ་གཅིག་གིས་སྟོན་པར་མཛད་པ་ཡིན་ནོ། །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་ཀྱང་མན་ངག་ཕན་ཚུན་ལས་ངེས་
པ་སྐྱེད་དེ་བསམ་པ་གཅིག་གིས་དཀྱིལ་འཁོར་འདྲི་བ་ལ་སོགས་པ་ལ་འཇུག་པར་བྱའོ་ཞེས་སྟོན་ཏོ། །རང་ཉིད་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པའི་རྣམ་པར་སྣང་མཛད་བསྟན་ནས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་རྣམ་པར་སྣང་མཛད་ཆེན་པོ་སྨོས་པ་ཡིན་ནོ། །འདི་གཉིས་ཀྱི་ཁྱད་པར་ཅི་ཞིག་ཡིན་ཞེ་ན། འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་གཤེགས་པ་ལྔའི་སྐུའི་ངོ་བོ་ཉིད་ནི་
རྣམ་པར་སྣང་མཛད་ཡིན་ལ། དེ་ཉིད་ཀྱིས་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་བསྐྱེད་པའི་རྒྱུར་གྱུར་པ། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་མཚན་ཉིད་ཅན་ནི་རྣམ་པར་སྣང་
མཛད་ཆེན་པོ་ཡིན་ནོ། །དེ་ནི་དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཆོས་བདག་མེད་པའི་ཡེ་ཤེས་ཀྱི་མཐུས་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཕྱི་མའི་མཐར་ཐུག་པ་མེད་པའི་བར་གྱི་དུས་ཐམས་ཅད་དུ་རྣམ་པར་སྣང་
མཛད་ལ་སོགས་པའི་སྐུས་བཞུགས་པར་མཛད་པས་དེའི་ཕྱིར་ནམ་མཁའི་དབྱིངས་བཞིན་དུ་རྟག་པར་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་འབྱུང་། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ནམ་མཁའི་
དབྱིངས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། ནམ་མཁའི་དབྱིངས་ཐམས་ཅད་དེ། དེར་རྟག་པར་བཞུགས་ཤིང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་ནམ་མཁའི་དབྱིངས་ཐམས་ཅད་བཞིན་དུ་རྟག་པར་བཞུགས་ཤིང་སྐུ་དང་གསུང་དང་
เล่ม ๕๗ · หน้า 31b
ཐུགས་རྡོ་རྗེ་ལྟ་བུར་གྱུར་པ་ཞེས་བྱའོ། །ཇི་ལྟར་ན་འདི་ནམ་མཁའི་དབྱིངས་བཞིན་དུ་རྟག་ཏུ་བཞུགས་ཤིང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དང་གདུལ་བྱ་
རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་རིགས་ཀྱི་ཚུལ་གྱིས་བཞུགས་པར་གྱུར་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་
ཉིད་དུ་འཇུག་པར་གྱུར་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པ་ཉིད་དེ་ད་རྒྱུར་གྱུར་པས་སོ། །དེ་བཞིན་གཤེགས་པ་རྣམས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་རྡོ་རྗེའི་དབྱིངས་སོ། །རྡོ་རྗེའི་དབྱིངས་ཀྱང་ཡིན་
ལ་ཐམས་ཅད་ཀྱང་ཡིན་པས་ན། རྡོ་རྗེའི་དབྱིངས་ཐམས་ཅད་དེ། དེ་རྣམས་ཀྱི་ཐུགས་སུ་ཆུད་པ་ནི་གདུལ་བྱ་རྣམས་ཀྱི་རྒྱུད་རྟོགས་པའོ། །ཡེ་ཤེས་སེམས་དཔའ་ནི་གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་ལ། དེ་བས་ན་བཅོམ་ལྡན་འདས་འདི་ནི་ནམ་མཁའི་དབྱིངས་
ཐམས་ཅད་བཞིན་དུ་རྟག་པར་བཞུགས་ཤིང་། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡིན་ནོ། །ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་འདི་ནི་རྡོ་རྗེ་སེམས་དཔའི་ཚུལ་འབའ་ཞིག་ཏུ་མ་ཟད་ཀྱི། རྡོ་རྗེ་རིན་ཆེན་གྱི་ཚུལ་གྱིས་ཀྱང་བཞུགས་པས་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་
སོགས་པ་སྨོས་པ་ཡིན་ཏེ། ནམ་མཁའི་དབྱིངས་ཐམས་ཅད་ནི་ནམ་མཁའ་སྔོ་བ་དང་། དམར་བ་དང་། སེར་བ་དང་། ཤེལ་གྱི་མདོག་ཅན་གྱི་འོད་ཟེར་རྣམས་ཏེ། དེ་རྣམས་ཀྱི་ཤིན་ཏུ་ཕྲ་མོ་ནི་ཕྲ་རབ་རྣམས་སོ། །དེ་ཉིད་ནི་རྡུལ་ཏེ་གཅིག་ཏུ་བྱས་ནས་རྡོ་རྗེ་རིན་ཆེན་
གྱི་གཟུགས་སུ་བསྐྱེད་པ་ནི་རྡོ་རྗེའི་བྱིན་གྱི་རླབས་སོ། །དེ་འབྱུང་བའི་ཡེ་ཤེས་དེ་ནི་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོའི་རྡོ་རྗེའི་བྱིན་གྱི་རླབས་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཉིད་ནི་སྙིང་པོ་སྟེ། བསྐྱེད་པའི་གནས་སུ་གྱུར་པ་གང་ཡིན་པ་དེ་ནི་ནམ་མཁའི་
เล่ม ๕๗ · หน้า 32a
དབྱིངས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་རྡོ་རྗེའི་བྱིན་གྱི་རླབས་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ་སྟེ། རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུའི་གཟུགས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའི་རང་བཞིན་ནོ། །རྡོ་རྗེ་རིན་ཆེན་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་
ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་འབྱུང་བར་འགྱུར་ལ། དེས་ཀྱང་སེམས་ཅན་གྱི་དོན་མཛད་ནས་གཅིག་ཏུ་གྱུར་པ་སྟེ་ནམ་མཁའི་སྙིང་པོའི་སྐུས་རིན་པོ་ཆེའི་རིགས་ཀྱི་འཁོར་ལོས་སྒྱུར་བར་མཛད་དོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་
པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་རྣམས་ཀྱི་མཐའ་ཡས་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་དེ། དེ་རྒྱུར་གྱུར་པ་ཉིད་ཀྱིས་ན། རྡོ་རྗེ་ཆེན་པོའི་ཡེ་ཤེས་
དབང་བསྐུར་བའི་རིན་པོ་ཆེ་ཡིན་ཏེ། རིན་པོ་ཆེའི་རིགས་ནི་རྡོ་རྗེ་རིན་པོ་ཆེའི་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེའི་རྒྱུའི་རིན་པོ་ཆེ་ནི་འཕགས་པ་ནམ་མཁའི་སྙིང་པོའི་རིགས་ཀྱི་བདག་པོའི་ཚུལ་ཏེ་འདི་དག་ཐམས་ཅད་ཡིན་པར་ཤེས་པར་བྱའོ། །ཇི་སྐད་དུ་བཤད་པའི་
བཅོམ་ལྡན་འདས་འདི་ནི་པདྨའི་རིགས་ཀྱི་བདག་པོའི་རང་བཞིན་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་སྤྲོས་ཤིང་ཁྱབ་པ་ཡང་ཡིན་ལ། དེ་བཞིན་ཉིད་
ཀྱང་ཡིན་པས་ནམ་མཁའི་དབྱིངས་ཐམས་ཅད་དུ་སྤྲོས་པའི་དེ་བཞིན་ཉིད་དོ། །དེའི་ཡེ་ཤེས་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་སྤྲོས་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ། པདྨ་ལྟ་བུའི་འོད་ཟེར་གྱི་ཚུལ་གྱིས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་ཅིང་དངོས་པོ་ཐམས་ཅད་
ངེས་པར་བསྐྱེད་པའོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་པ་ནི་མངོན་སུམ་དུ་མཛད་པའོ། །དེས་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་པ་ནི་མངོན་པར་བྱང་ཆུབ་པའི་རང་བཞིན་རྡོ་རྗེ་པདྨའི་ཕྱག་རྒྱའི་གཟུགས་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱའི་གཟུགས་དེ་ལས་
เล่ม ๕๗ · หน้า 32b
དེ་བཞིན་གཤེགས་པ་མཐའ་ཡས་པ་བྱུང་ནས་འགྲོ་བའི་དོན་རྣམས་མཛད་དེ། གཅིག་ཏུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་ཏུ་གྱུར་ཏོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ངོ་བོ་ཉིད་ནི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོའོ། །དེའི་དག་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་མེད་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དག་པའོ། །ངོ་བོ་ཉིད་དག་པ་དེས་འགྲོ་བའི་དོན་གྱི་བྱ་བ་དང་།
སངས་རྒྱས་ལ་མཆོད་པའི་མཚན་ཉིད་ཅན་གྱི་ཆོས་ཐམས་ཅད་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་ཆོས་ཀྱི་སྐུར་དབང་བསྐུར་བ་དང་། པདྨའི་རིགས་ཀྱི་བདག་པོའི་རང་བཞིན་ཡིན་པར་སྟོན་ཏོ། །དེ་ནི་པདྨའི་རིགས་ཀྱི་སྤྲུལ་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་
གདུལ་བྱའི་སྤྱོད་པའི་གཞུང་གིས་སེམས་ཅན་གྱི་དོན་མཛད་པར་སྟོན་པ་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ནི་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པ་ཡང་ཡིན་ལ། གཟུགས་ཐམས་ཅད་དུ་ཡང་དག་པར་བསྟན་པ་
ཡང་ཡིན་པས་དེ་སྐད་ཅེས་བྱ་བ་དང་། དེ་མཁྱེན་པ་ནི་དེར་ངེས་པའོ། །དེས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་འདུལ་བ་ནི་ཕན་པ་མ་ཡིན་པ་ལས་བཟློག་ནས་ཕན་པ་ལ་ངེས་པར་སྦྱོར་བའོ། །དེ་ཉིད་ནི་སྤྱོད་པའོ། །དེའི་མཆོག་ཏུ་གྱུར་པ་ནི་ཟླ་མེད་
པའོ། །འདིས་ནི་བཅོམ་ལྡན་འདས་པདྨའི་རིགས་ཀྱི་རང་བཞིན་ཡིན་པར་སྟོན་ཏོ། །ལས་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་པས་ཀྱང་། དེ་ནམ་མཁའ་ཐམས་ཅད་ཁྱབ་པར་བསྟན་པ་ནི། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་དོན་ཡོད་པ་ནི་འབྲས་བུ་ཡོད་པའི་བཀའ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱིས་ཤིག །མཆོད་པ་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིག་ཅེས་བྱ་བའོ། །དེ་མཛད་པའི་ངང་ཚུལ་གང་ལ་ཡོད་
เล่ม ๕๗ · หน้า 33a
པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་དོན་ཡོད་པར་མཛད་པ་སྟེ། དེའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་དོན་ཡོད་པར་མཛད་པ་ཉིད་དོ། །དེས་ཐམས་ཅད་མཉམ་པ་མེད་པ་ཡིན་ལ་མཉམ་པ་མེད་པ་ཉིད་ཀྱིས་ན་
བླ་ན་མེད་པ་ཡང་ཡིན་ཏེ། རྣམ་པ་ཐམས་ཅད་པའི་ཕྲིན་ལས་འདི་ལ་མངའ་བས་ན་ཐམས་ཅད་དང་མཉམ་པ་མེད་ཅིང་བླ་ན་མེད་པའི་ཕྲིན་ལས་སྣ་ཚོགས་མཛད་པའོ། །འདིས་ནི་འདི་ན་སྣ་ཚོགས་རྡོ་རྗེ་བསྣམས་ཤིང་ལས་ཀྱི་རིགས་སུ་ལས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བ་
ཡིན་པར་སྟོན་ཏོ། །དེ་བཞིན་དུ་སྣ་ཚོགས་རྡོ་རྗེ་བསྣམས་ཏེ་དེར་སེམས་ཅན་སྣ་ཚོགས་ཀྱི་བྱ་བ་མཛད་དོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྙིང་པོའི་དོན་བསྟན་པའི་སྒོ་ནས་དེའི་སྙིང་པོ་རྣམས་བསྟན་པ་
དང་། ཚུལ་དེས་རྣམ་པར་སྣང་མཛད་ཆེན་པོ་ཡིན་པར་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །བྱང་ཆུབ་ཆེན་པོ་ནི་མི་བསྐྱོད་པའི་རང་བཞིན་དུ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་
ཏེ། དེའི་ངོ་བོ་ཉིད་དུ་སེམས་དཔའ་བརྟན་པའི་སེམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར་སེམས་དཔའ་བརྟན་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དེ་ཉིད་ནི་བརྟན་ཞིང་མི་གཡོ་བ་སྟེ། དེ་ལས་སྤྲུལ་པའི་སེམས་
དཔའ་ནི་བརྟན་པའི་སེམས་དཔའ་སྟེ། བཛྲ་སཏྭ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་ནི་སྤྱན་འདྲེན་པའོ། །དེའི་དམ་ཚིག་ནི་འདའ་བར་མི་བྱ་སྟེ། བཛྲ་རཱ་ཛ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒོམ་པ་ནི་དེའི་རྗེས་སུ་མཉེས་པར་བྱ་བ་
སྟེ། དེའི་ཡེ་ཤེས་ནི་ངེས་པའོ། །དེའི་དབང་ཕྱུག་ནི་གཙོ་བོ་སྟེ། བཛྲ་རཱ་ག་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་ཅིང་ཡང་དག་པའི་བྱང་ཆུབ་ཀྱི་སྤྱོད་པའི་ཚུལ་གྱིས་ཏེ། བཛྲ་སཱ་དྷུ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་
เล่ม ๕๗ · หน้า 33b
ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཁོར་གསུམ་ཡོངས་སུ་དག་པའི་ངོ་བོ་ཉིད་རིན་ཆེན་འབྱུང་ལྡན་གྱི་ཚུལ་གྱིས་སེར་སྣའི་དྲི་མ་སྤངས་པ་ནི་དབང་བསྐུར་བ་ཆེན་པོ་དེའི་དོན་གྱིས་རིན་པོ་ཆེ་ནི་བཅོམ་ལྡན་འདས་བཛྲ་རཏྣ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་
བཤད་མ་ཐག་པའི་དེ་ཉིད་ཡིན་ནོ། །དེའི་ཡེ་ཤེས་ནི་མུན་པ་ཐམས་ཅད་སེལ་བའི་ཚུལ་གྱིས་ཉི་མའི་འོད་ཀྱི་དཀྱིལ་འཁོར་དུ་གྱུར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ནི་བཛྲ་ཏེ་ཛ་ཞེས་བྱ་བའོ། །སྒྲིབ་པ་
མེད་པའི་ཡེ་ཤེས་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་བསམ་པ་ནི་ཆོས་རྟོགས་པར་བྱེད་པར་བཞེད་པའོ། །བསམ་པ་དེའི་སྟོབས་དང་། མི་འཇིགས་པ་ལ་སོགས་པའི་ཆོས་རྣམས་བརྙེས་པ་ནི་འབར་ཞིང་མཛེས་པས་ན་བསམ་པའི་རྒྱལ་པོའོ། །དེ་ལས་
བྱུང་བའི་ནོར་བུ་རིན་པོ་ཆེ་དེས་ཉེ་བར་མཚན་པའི་དཔལ་ཏེ། རྒྱལ་མཚན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བཛྲ་ཀེ་ཏུ་ཞེས་བྱ་བའོ། །ཆོས་ཐམས་ཅད་བརྙེས་པའི་དགྱེས་པའི་ཚུལ་སྐྱེས་པས་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བཞད་པ་
ཆེན་པོ་ནི་དགྱེས་པ་ལས་བྱུང་བའི་འཛུམ་པ་གང་ཡིན་པ་དེ་ནི་བཞད་པ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་བཞད་པ་ཆེན་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོ་སྟེ། བཛྲ་ཧཱ་ས་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་རང་བཞིན་གྱི་སེམས་དང་སེམས་ལས་བྱུང་བའི་འོད་དཔག་ཏུ་མེད་པའི་ཚུལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དག་པའི་ཆོས་ཆེན་པོ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དག་པའི་ཆོས་ཆེན་པོ་སྟེ།
བཛྲ་དྷརྨ་ཞེས་བྱ་བའོ། །གང་གི་ཡེ་ཤེས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཆེན་པོ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཆེན་པོའི་ཡེ་ཤེས་ཏེ། བཛྲ་ཏཱིཀྵྞ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཞེས་བྱ་བའི་
เล่ม ๕๗ · หน้า 34a
དཀྱིལ་འཁོར་ཆེན་པོ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྟེ་བཛྲ་ཧེ་ཏུ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པས་དྲང་བའི་དོན་གྱི་གསུང་སྟོན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
དགོངས་པ་འཆད་པ་སྟེ། བཛྲ་བྷཱ་ཥ་ཞེས་བྱ་བའོ། །དོན་ཡོད་པར་གྲུབ་པའི་རང་བཞིན་འཁོར་གསུམ་ཡོངས་སུ་དག་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་སེམས་ལ་སོགས་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ཀྱི་གདོན་མི་ཟ་ཞིང་ཐམས་ཅད་དེ། རྣམ་པ་སྣ་
ཚོགས་པའི་སེམས་ཅན་གྱི་དོན་བྱ་བ་དང་། སངས་རྒྱས་ལ་མཆོད་པའི་མཚན་ཉིད་ཅན་གྱི་དགོངས་པ་མཛད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བར་ཐམས་ཅད་ཀྱི་དགོངས་པ་མཛད་པ་སྟེ། བཛྲ་ཀརྨ་ཞེས་བྱ་བའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་འཇུག་པའི་སེམས་བསྲུང་བར་སྤྲོ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཆེན་པོའོ། །དེ་ཉིད་ཀྱི་གོ་ཆ་ཤིན་ཏུ་བརྟན་པོ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཆེན་པོའི་གོ་ཆ་ཤིན་ཏུ་བརྟན་པོ་སྟེ། བཛྲ་རཀྵ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་
ཅད་ནི་བཤད་མ་ཐག་པའོ། །དེ་རྣམས་ཀྱི་བསྲུང་བ་ནི་གང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་སོ་སོར་རྟོགས་པས་ཡོངས་སུ་སྐྱོང་བ་རྡོ་རྗེ་ལྟར་མི་ཕྱེད་པ་གང་ཡིན་པ་དེ་ནི་གནོད་སྦྱིན་ཏེ། བཛྲ་ཡཀྵ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་ཇི་སྐད་དུ་བཤད་
པ་སྟེ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །དེ་བཅིང་བ་ནི་མ་སྐྱེས་པའི་སྦྱོར་བས་གཅིག་ཏུ་བྱེད་པའོ། །དེ་ཉིད་ནི་ཕྱག་རྒྱ་སྟེ། དེའི་ཡེ་ཤེས་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཅིང་བའི་ཡེ་ཤེས་རྣམས་ཏེ། བཛྲ་མུཥྚི་ཞེས་བྱ་བའོ། །འདིས་ནི་བཛྲ་ས་ཏྭ་ཞེས་
བྱ་བ་ལ་སོགས་པའི་སྙིང་པོའི་དོན་གྱི་སྒོ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོའི་ཚུལ་གང་ཡིན་པ་དེ་བསྟན་ནས། གཞན་ཡང་དེ་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་གྱིས་སྐུའི་དབྱེ་བ་བསྟན་པ་ནི་ཀུན་དུ་བཟང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ལས་ཀུན་ནས་བཟང་ཞིང་དགེ་བར་གྱུར་པས་ན་ཀུན་དུ་
เล่ม ๕๗ · หน้า 34b
བཟང་པོ་ཡིན་པའམ། རྣམ་པ་ཐམས་ཅད་དུ་བཟང་བས་ན་ཀུན་དུ་བཟང་པོ་སྟེ། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། །གང་ཕྱིར་སེམས་ཅན་དོན་གྱུར་པས། །དེས་ན་འདི་ནི་ཀུན་དུ་བཟང་། །བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའོ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀུན་ནས་རབ་ཏུ་སྤྱན་འདྲེན་པ་ལ་གདོན་མི་ཟ་ཞིང་དོན་ཡོད་པས་རབ་ཏུ་གདོན་མི་ཟ་བའོ། །གདུལ་བྱ་རྣམས་ཉན་ཐོས་དང་རང་སངས་རྒྱས་སུ་བློས་བསམ་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒོམས་པས་བར་དུ་གཅོད་ཅིང་གསོད་པས་ན་བདུད་དོ། །རབ་ཏུ་དགྱེས་
པ་ནི་ཡིད་བདེ་བ་སྟེ་དེ་བརྙེས་པའོ། །ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ནི་ནམ་མཁའ་སྟེ་ནམ་མཁའ་ཞེས་བྱ་བ་དེ་ཉིད་སྙིང་པོ་སྟེ་གང་གི་སྐྱེས་པའི་གནས་ཡིན་པ་དེ་ནི་ནམ་མཁའ་སྟེ། དེ་ལས་སྐྱེས་པའི་ཕྱིར་རོ། །ཤིན་ཏུ་གཟི་བརྗིད་
ཆེན་པོ་དང་ལྡན་པས་ན་ཤིན་ཏུ་གཟི་ཆེན་ཏེ། ནམ་མཁའ་ཐམས་ཅད་དུ་ཁྱབ་པའི་རྡོ་རྗེ་ཉི་མའི་འོད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་དུ་སྤྲོས་པའི་ཕྱིར་རོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་ཉེ་བར་མཚོན་པའི་ཏོག་གི་མཚན་མ་གང་ལ་ཡོད་པ་དེ་ནི་རིན་ཆེན་དབལ་ལོ། །འཛུམ་པ་ཆེན་པོ་
མངའ་བས་ན་འཛུམ་པ་ཆེ་སྟེ། འཛུམ་ཞིང་བཞད་པས་ན་ནམ་མཁའ་ཐམས་ཅད་ཁྱབ་པའོ། །གཏི་མུག་སྤངས་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པའམ། སེམས་ཅན་རྣམས་སྤྱན་རས་ཀྱིས་འཚོ་བས་ན་ཀུན་དུ་
གཟིགས་པའོ། །དེ་ཉིད་ནི་ཉེས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རང་དབང་མངའ་བས་ན་དབང་ཆེན་ནོ། །ཀུན་དུ་གཟིགས་པ་ཡང་ཡིན་ལ་དབང་ཆེན་ཡང་ཡིན་པས་ཀུན་དུ་གཟིགས་པའི་དབང་ཆེན་ནོ། །འཇམ་དཔལ་ནི་བཤད་ཟིན་ཏོ། །རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གྱི་ཚུལ་
གྱིས་བཞུགས་བས་ན། དཀྱིལ་འཁོར་ཐམས་ཅད་དོ། །ཚིག་གི་རྣམ་པར་རྟོག་པ་མི་མངའ་བས་ན་མི་གསུང་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གསུང་གིས་སྤྲོས་པ་མེད་པའི་ཆོས་ཉིད་ལ་ངེས་པར་སྦྱོར་བའོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །མ་ལུས་ཤིང་ལུས་པ་མེད་པའི་
เล่ม ๕๗ · หน้า 35a
དེ་བཞིན་གཤེགས་པའི་མཆོད་པའི་ལས་མཛད་པས་ན་ཐམས་ཅད་ལས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་སྤྲོ་བའི་བརྩོན་འགྲུས་ཆེན་པོ་འདི་ལ་མངའ་བས་ན་བརྩོན་འགྲུས་སོ། །གཏུམ་པས་ན་མ་རུངས་པའོ། །མི་ཕྱེད་པས་
ན་དམ་པའོ། །དེ་ཉིད་ནི་སྐུ་དང་གསུང་དང་ཐུགས་གཅིག་ཏུ་བྱས་པའི་ཁུ་ཚུར་གྱི་ཚུལ་ཅན་ཡིན་པས་ན་དམ་དུ་གཟུང་བ་སྟེ། རྡོ་རྗེ་ཁུ་ཚུར་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་འདི་དག་གིས་ནི་གོ་རིམས་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་པོ་དེ་དག་གི་སྐུའི་
གསང་བ་གསུངས་པ་ཡིན་ནོ། །འདི་དག་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་ཡང་དེ་དག་ཉིད་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་རྩེ་ལྔ་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་མཚན་ཉིད་ཡིན་ཏེ་གཞན་དག་ཀྱང་དེ་བཞིན་དུ་
ཤེས་པར་བྱའོ། །རྒྱུད་ལས་འདི་དག་གི་ཕྱག་མཚན་སྨོས་པ་ནི་འོག་ནས་ཀྱང་སྟོན་ཏོ། །སེམས་དཔའ་ཆེན་པོ་བཅུ་དྲུག་པོ་འདི་དག་ནི་རྣམ་པར་སྣང་མཛད་ཆེན་པོའི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་ངོ་བོ་ཉིད་ཡིན་པར་ནི་སྟོན་ཏོ། །ཐོག་མ་ཐ་མ་མེད་ཅིང་ཞི། ཞེས་བྱ་བ་ལ་
སོགས་པས་ཏེ། དེ་ཉིད་ཆོས་ཀྱི་དབྱིངས་ལ་སོགས་པའི་རང་བཞིན་དུ་གསུངས་སོ། །དེ་ལ་ཐོག་མ་ནི་དང་པོར་སྐྱེས་པའོ། །ཐ་མ་ནི་ཉིང་མཚམས་སྦྱོར་བ་མེད་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའོ། །གང་ལ་འདི་དག་མི་མངའ་བ་དེ་ནི་ཐོག་མ་དང་
ཐ་མ་མེད་པ་སྟེ། དེ་བཞིན་ཉིད་དུ་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་འདི་ཉིད་ཀྱིས་ནི་ཞིང་ཞེས་བྱ་བ་དང་། ཞི་བའི་ཚུལ་ཀྱིས་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། ཞི་བའི་སྐུ་སྟོན་པར་
མཛད་པས་ན་ཞི་བའོ། །གདུག་ཅིང་གཏུམ་པའི་སེམས་ཅན་གདུལ་བར་བྱ་བའི་ཕྱིར་དྲག་པོའི་སྐུར་སྟོན་པར་མཛད་པས་ན་མ་རུངས་པ་སྟེ། འདི་དག་ཀྱང་ཁམས་གསུམ་པའི་མཆོག་ལས་རྣམ་པར་རྒྱལ་བ་ལས་སྟོན་ཏོ། །སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་འཇོམས་ཤིང་ཁྲོ་བས་འདུལ་
เล่ม ๕๗ · หน้า 35b
བ་རྣམས་ཀྱི་ཕྱིར་དེའི་རྗེས་སུ་འཇུག་པའི་ཚུལ་སྟོན་པར་མཛད་པས་ན་ཁྲོ་བའོ། །བཟོད་པར་སྨྲ་བ་ལ་སོགས་པར་སྤྲུལ་པས་སེམས་ཅན་འདུལ་བས་ན་བཟོད་པ་ཆེ་བའོ། །གནོད་སྦྱིན་གྱིས་འདུལ་བ་རྣམས་ལ་ནི་གནོད་སྦྱིན་ནོ། །སྲིན་པོས་འདུལ་བ་རྣམས་ལ་ནི་སྲིན་པོ་དམ་པའོ། །བརྟན་
པོས་འདུལ་བ་རྣམས་ལ་ནི་བརྟན་པའོ། །གཟི་ཆེན་རྣམས་ལས་ཀྱང་གཟི་བརྗིད་ཆེ་བ་ནི་གཟི་ཆེན་ནོ། །དཔའ་བས་མངོན་པར་རློམ་པ་རྣམས་ལ་ནི་དཔའ་བའོ། །ཁྱབ་པ་པོ་ཐམས་ཅད་པས་ཀྱང་ཐམས་ཅད་ཤིན་ཏུ་ཁྱབ་པས་ན་ཁྱབ་བདག་ཆེན་པོའོ། །ཨུ་མའི་བདག་པོའི་ཚུལ་
གྱིས་སེམས་ཅན་འདུལ་བར་མཛད་པས་ན་ཨུ་མའི་བདག་པོའོ། །སེམས་ཅན་གྱི་ཁམས་རྣམས་ནི་སྐྱེ་དགུ་སྟེ། དེའི་མགོན་པོ་ནི་བསྲུང་བའོ། །ཁྱབ་འཇུག་གིས་འདུལ་བའི་སེམས་ཅན་རྣམས་ལ་ཁྱབ་འཇུག་གི་གཟུགས་སྟོན་པར་མཛད་པས་ན་གཏོགས་འདོད་དོ། །རྒྱལ་
བའི་ངང་ཚུལ་ཅན་ནི་རྒྱལ་འདོད་དེ་ཉི་མའོ། །ཐུབ་པ་རྣམས་ཀྱི་ནང་ན་ཤཱཀྱ་ཐུབ་པའི་ཚུལ་སྟོན་པས་ན་ཐུབ་པ་ཆེན་པོའོ། །འཇིག་རྟེན་སྐྱོང་བ་བཞིའི་གཟུགས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ན་འཇིག་རྟེན་སྐྱོང་ངོ་། །ནམ་མཁའ་ལྟར་སྒྲིབ་པ་མེད་པའི་ངོ་བོ་ཉིད་ཀྱིས་
ན་ནམ་མཁའོ། །རྒྱ་མཚོ་ཆེན་པོ་ལ་སོགས་པར་ལྟུང་བ་རྣམས་ས་གཞིའི་ཚུལ་གྱིས་འཛིན་པར་མཛད་པས་ན་སའོ། །མིང་པོ་གསུམ་གྱི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པས་ན་འཇིག་རྟེན་གསུམ་མོ། །ཁམས་གསུམ་པོ་རྡོ་རྗེ་སེམས་དཔའ་ཡིན་པའི་ཚུལ་གྱིས་ན་ཁམས་
གསུམ་པའོ། །ས་དང་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་ཆེན་པོའི་གཟུགས་འཛིན་པར་མཛད་པས་ན་འབྱུང་ཆེན་ནོ། །ནོར་འགྲུབ་པ་ལ་སོགས་པའི་ཚུལ་ཉིད་ཀྱིས་ན། སེམས་ཅན་དོན་རབ་མཛད་དོ། །དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་དུ་གྱུར་པས་ན་ཐམས་ཅད་དོ། །གུ་ལང་
སྟེ་ལྷ་ཆེན་པོའི་གཟུགས་འཛིན་པར་མཛད་པས་ན་གུ་ལང་ངོ་། །ཚངས་པའི་གཟུགས་སུ་བཞུགས་པས་ན་ཚངས་པའོ། །ཆགས་པ་དང་འཇིག་པའི་བསྐལ་པའི་ཚུལ་གྱིས་སེམས་ཅན་འདུལ་བར་མཛད་པ་དང་། སྐྱེ་བ་མེད་པའི་སྦྱོར་བས་འཁོར་བའི་ཆོས་ཉིད་ཡིན་པས་ན་འཁོར་
เล่ม ๕๗ · หน้า 36a
བའོ། །མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པས་ན་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་བརྟག་པའམ་རྟག་པས་ན་རྟག་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་མངའ་བས་ན་ཡང་དག་འཚོ་བའོ། །ལས་ཀྱི་དཀྱིལ་འཁོར་
གྱི་རང་བཞིན་གྱིས་མཆོད་པ་ཆེན་པོ་ཡིན་པས་ན་མཆོད་པ་ཆེན་པོའོ། །སངས་རྒྱས་བསྒོམ་པའི་ངོ་བོ་ཉིད་ཡིན་པས་ན་སངས་རྒྱས་ཏེ། རང་ཉིད་སངས་རྒྱས་རབ་བསྒོམས་པས། །སངས་རྒྱས་ཞེས་ནི་བྱ་བ་ཡིན། །ཞེས་བསྟན་པས་སོ། །པདྨའི་རིགས་ཀྱི་ངོ་བོ་ཉིད་ཡིན་པའི་
ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་ན་དགའ་བའོ། །བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའི་ངོ་བོ་ཉིད་ཡིན་པས་ན་ཐེག་པ་ཆེན་པོའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་ཡང་དག་པར་སྟོན་པ་དང་། དེའི་ཆོས་ཉིད་ཀྱིས་ན་སྲིད་
གསུམ་མོ། །རྟག་པ་ནི་ལྷ་ཆེན་པོའི་གཟུགས་ཏེ་དེར་སྟོན་པས་ན་རྟག་པའོ། །དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུའི་སྒོ་ནས་འཇིག་རྟེན་གསུམ་རྒྱལ་ལོ། །ཤམ་ནི་བདེ་བ་སྟེ་དེ་ལ་སྤྱོད་པས་ན་བདེ་སྤྱོད་དོ། །བདེ་སྤྱོད་ནི་ལྷ་ཆེན་པོ་སྟེ་དེ་བྱང་ཆུབ་ལ་བཀོད་པས་མགོན་པོ་
མཛད་པའི་ཕྱིར། བདེ་སྤྱོད་མགོན་པོའོ། །ཡི་གེ་ཧཱུཾ་གཅིག་པུ་ཙམ་གྱིས་འཇིག་རྟེན་གསུམ་འདུལ་བར་མཛད་པས་ན་རབ་ཏུ་འདུལ་མཛད་དོ། །བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ནི་རྡོ་རྗེའི་རིགས་ཀྱི་བདག་པོ་ཡིན་པས་ན་རྡོ་རྗེ་གཙོ་བོའོ། །ས་རབ་ནི་མོས་པ་སྤྱོད་པའི་ས་ལ་སོགས་པ་སྟེ་
དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་འཆང་གི་ས་ཡིན་ལ། དེའི་རང་བཞིན་ཡིན་པས་ན་ས་རབ་མཆོག་གོ། །ཆོས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་ནི་ཡེ་ཤེས་སོ། །ཡེ་ཤེས་ཡིན་པ་ཉིད་ཀྱིས་ན་ཕ་རོལ་ཏུ་ཕྱིན་པ་བཅུ་དྲུག་ཐོབ་པའི་ཐབས་སུ་གྱུར་པས་ན། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །
ཇི་ལྟར་ན་ཡེ་ཤེས་ཉིད་ཡིན་པས་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡིན་ཞེ་ན། དེ་ནས་བརྩམས་ཏེ་གང་ཅི་ཡང་རུང་། །མཉམ་པར་གཞག་པས་བསྒོམས་ནས་ནི། །དེ་དག་ཐམས་ཅད་བརྟན་འགྱུར་ཏེ། །ཏིང་འཛིན་ཡེ་ཤེས་ཀྱིས་བརྟགས་པའོ། །ཞེས་གསུངས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་
เล่ม ๕๗ · หน้า 36b
རང་བཞིན་ཡིན་པས་ན་བྱང་ཆུབ་སེམས་དཔའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་པས་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བར་མཛད་པས་ན་རྣམ་པར་ཐར་པའོ། །གསང་སྔགས་ཀྱི་སྤྱོད་པའི་ངོ་བོ་ཉིད་ཡིན་པས་ན་སྤྱོད་པའོ། །རྣམ་པར་སྣང་མཛད་དང་། མི་བསྐྱོད་
པ་དང་། རིན་ཆེན་འབྱུང་ལྡན་དང་། འཇིག་རྟེན་དབང་ཕྱུག་དང་། དོན་ཡོད་གྲུབ་པའི་མཚན་ཉིད་ཅན་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ནོ། །ནོར་བུའི་རིགས་ཀྱི་རང་བཞིན་ཡིན་པས་ན་སངས་རྒྱས་དོན་ནོ། །ཏིང་ངེ་འཛིན་སྒྲུབ་པར་བྱེད་པས་ན་རང་སངས་རྒྱས་ཐུགས་ཏེ།
ཏིང་ངེ་འཛིན་སྒྲུབ་པ་སྙིང་ལ་གནས་ཏེ་དེས་ན་སྙིང་པོ་ཞེས་བཤད་དོ་ཞེས་གསུངས་པའི་ཕྱིར་རོ། །ཉན་ཐོས་དང་རང་བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་ཉིད་ཡིན་པས་ན་བྱང་ཆུབ་ཀུན་ནོ། །འདིའི་གོང་ན་ཡོད་པ་མ་ཡིན་པས་ན་བླ་ན་མེད་པའོ། །
རྣམ་པར་སྣང་མཛད་ནི་ཇི་ལྟར་གྲགས་པ་ཉིད་དོ། །བདུད་ལས་རྒྱལ་བས་ན་རྒྱལ་བའོ། །རིགས་བཞིའི་བདག་པོར་གྱུར་པས་ན་མགོན་ནོ། །རང་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པས་ན་རང་བྱུང་ངོ་། །རིགས་བཞིའི་འཛིན་པར་མཛད་པའི་རང་བཞིན་ཡིན་པས་
ན་གཟུགས་སོ། །དམིགས་པ་བསྙེལ་བ་མེད་པའི་རང་བཞིན་ཡིན་པས་ན་དྲན་པའོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་མཛད་པས་ན་སེམས་དཔའ་ཆེན་པོའོ། །ཕྱག་རྒྱ་ཆེན་པོ་མངའ་བས་ན་ཕྱག་རྒྱ་ཆེན་པོ་སྟེ། གང་ཕྱིར་སེམས་ནི་བཅོམ་ལྡན་འདས། །འདོད་ཆགས་
ཆེན་པོ་འདི་ཡི་ལྷ། །ཞེས་གསུངས་པའི་ཕྱིར་རོ། །སེམས་དཔའ་དང་ཕྱག་རྒྱ་ཆེན་པོ་དེ་དང་འབྲེལ་བའི་བདག་མེད་པ་བསྒོམས་པས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཏེ། མཉམ་པར་གཞག་པས་ཏིང་ངེ་འཛིན་ཡིན་ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་རྣམས་
ཀྱི་ཕྲིན་ལས་ནི་སངས་རྒྱས་ཀྱི་ཕྲིན་ལས་ཏེ། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་མཆོད་པའི་མཚན་ཉིད་དོ། །དེས་མཛད་པས་ན་སངས་རྒྱས་ཕྲིན་ལས་མཛད་དོ། །འདི་དག་མཛད་པར་ཇི་ལྟར་སྤྱོད་པ་ཡིན་ཞེ་ན། དེའི་ཕྱིར། ཡང་དག་སངས་རྒྱས་ཀུན་བདག་ཉིད། །
เล่ม ๕๗ · หน้า 37a
ཅེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་པས་ན་ཡང་དག་པ་ཉིད་དོ། །སེམས་ཅན་རྣམས་ཀྱི་དོན་ལ་ཆགས་པས་ན་སེམས་ཅན་ཏེ། སེམས་ཅན་གྱི་དོན་ལ་ཆགས་པས་ན་སེམས་ཅན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཐོག་མ་དང་ཐ་མ་
མེད་པའི་ཆོས་ཀྱི་དབྱིངས་སྟོན་པར་མཛད་པས་ན། རྟག་ཏུ་དོན་རྟོགས་མཛད་པའོ། །སྔོན་པོ་ནི་ལྷ་ཆེན་པོའི་གཟུགས་སུ་སེམས་ཅན་གྱི་དོན་དུ་བྱིན་གྱིས་བརླབས་པའོ། །དེའི་གཉེན་པོར་གྱུར་པའི་སྐུ་ཆེན་པོ་ནི་སྡོང་པོ་ཆེན་པོའོ། །ནག་པོ་ཆེན་པོའི་གཟུགས་ཀྱིས་སེམས་
ཅན་འདུལ་བར་མཛད་པས་ན་ནག་པོ་ཆེན་པོའོ། །དཔལ་མཆོག་དང་པོ་ལས་བཤད་པའི་ལྷ་མོ་བཞི་ཡང་དག་པར་འདུས་པ་ལ་སོགས་པའི་སྦྱོར་བའི་ཚུལ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་ནི་འདོད་ཆགས་ཆེན་པོའོ། །དེ་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་
ཡིན་པས་ན་བདེ་བ་ཆེ་སྟེ། མི་འགྱུར་བདེ་བ་ཀུན་གྲུབ་པ། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་ལུང་ལས་བཤད་པའི་ཕྱིར་རོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ཚུལ་གྱིས་དངོས་གྲུབ་ཐམས་ཅད་བསྡུས་པ་ཡིན་པས་ན་ཐབས་ཆེན་ནོ། །རྒྱུ་འདི་ཉིད་ཀྱིས་ན་མཆོག་ཆེན་
མཆོག་གོ། །ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ན་ཀུན་གྱི་མཆོག་གོ། །དེ་ཉིད་ཀྱི་ཕྱིར་གནས་ཀྱི་དབང་པོའོ། །དེ་ལྟ་བུ་དེ་སུ་ཞིག་ཡིན་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལྟོས་ན་
འདི་ནི་བྱང་ཆུབ་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བྱང་ཆུབ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ནི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་མཚན་ཉིད་དོ། །དེ་ལྟ་བུའི་རང་བཞིན་ཅན་གྱི་ཐུགས་འདི་ལ་མངའ་བས་ན་བཅོམ་
ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས་ཞེས་བཤད་དོ། །ཀུན་དུ་བཟང་པོ་ནི་བཤད་ཟིན་ཏོ། །དེ་ཉིད་ནི་བྱང་ཆུབ་ཆེན་པོའི་རང་བཞིན་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
เล่ม ๕๗ · หน้า 37b
ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ལ། དང་པོའི་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཀྱིས་གནས་སོ་ཞེས་བྱ་བ་ནི་བཞུགས་པའོ། །དང་པོའི་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཀྱིས་ནི་སྐུ་དང་ལྡན་པ་མ་ཡིན་ཏེ། འདི་གང་ལས་ཤེས་ཤེ་ན། གང་གི་ཕྱིར། བཅོམ་ལྡན་དེ་ཉིད་སེམས་
དཔའ་ཡི། །རྡོ་རྗེའི་ངོ་བོའི་ཐུགས་ཀར་ནི། །རྡོ་རྗེ་སེམས་དཔའ་ཞེས་བཤད་པ། །རྡོ་རྗེ་དེར་ནི་རབ་ཏུ་གནས། །དེ་ཉིད་ཡེ་ཤེས་སྦྱོར་བ་ཡིས། །སངས་རྒྱས་ཞེས་ནི་བཤད་པ་སྟེ། །ཐུགས་ལས་སྣ་ཚོགས་བྱུང་ནས་ནི། །སྣ་ཚོགས་གཟུགས་སུ་འང་གྱུར་པ་ཡིན། །ཁམས་
ཀུན་རྡུལ་གྱི་གྲངས་སྙེད་དག །དེ་ཉིད་རྒྱལ་བར་གྱུར་པ་ཡིན། །རྡོ་རྗེའི་སྐུ་ནི་དེ་རྣམས་ལས། །རྡོ་རྗེ་སེམས་དཔའ་འང་འབྱུང་བ་ཡིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ཡིན་ནོ། །འདིས་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོ་
མཆོག་གི་ཏིང་ངེ་འཛིན་གཉིས་ཀྱི་མདོ་འདིས་རིགས་བཞིའི་མདོ་བཤད་པ་ཡིན་ནོ། །གླེང་གཞིའི་རྣམ་པར་འགྲེལ་པ་རྫོགས་སོ།། །།དེ་ལྟར་རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོ་བསྟན་པས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་
འབྲས་བུའི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པས་འདུལ་བའི་སྐྱེ་བོའི་མངོན་པར་འདོད་པ་སྐྱེས་པ་ཡིན་ལ། མངོན་པར་འདོད་པ་སྐྱེས་པར་གྱུར་པ་རྣམས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་འབྲས་བུའི་མཚན་ཉིད་ཅན་བཅོམ་ལྡན་འདས་དེ་ཇི་ལྟར་འཐོབ་པར་འགྱུར་
ཞེས་རྣམ་པར་རྟོག་པར་འགྱུར་བ་ལ། ངོ་བོ་ཉིད་དེ་མངོན་སུམ་དུ་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས། དེ་ཐོབ་པར་བྱེད་པའི་ཐབས་སུ་རྒྱུད་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། གདུལ་བྱ་རྣམས་ཀྱི་རྣམ་པར་རྟོག་
པའི་རྗེས་ཐོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ། །སངས་རྒྱས་ཀྱི་ཞིང་འདི་ཞེས་བྱ་བ་
เล่ม ๕๗ · หน้า 38a
ནི་མི་མཛེད་ཀྱི་འཇིག་རྟེན་གྱི་ཁམས་གླིང་བཞི་པ་ཕྲག་བརྒྱ་ལ་སོགས་པའི་རྣམ་གྲངས་ཡོད་པའོ། །དཔེར་ན་ཞེས་བྱ་བའི་སྒྲ་ནི་དཔེ་བསྟན་པའི་དོན་ཏོ། །ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སངས་རྒྱས་རྗེས་སུ་
དྲན་པ་སྟེ། དེས་མངོན་སུམ་དུ་བྱས་ནས་ཞེས་སྟོན་པར་བྱེད་པ་ཡིན་ནོ། །སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཉིད་རྗེས་སུ་དྲན་པར་བྱའོ་ཞེས་རྟོགས་པར་
བྱ་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་ནས་ཅི་ཞིག་མཛད་ཅེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །འདུས་ཏེ་ཞེས་བྱ་བ་ནི་བསྡུ་བའི་ཚུལ་གྱིས་རྫོགས་པར་མཛད་པ་སྟེ། དེ་ལྟ་བུ་མཛད་ནས་སོ། །བྱང་ཆུབ་
ལ་དགོངས་ཤིང་སེམས་དཔའི་ཐུགས་འདི་ལ་མངའ་བས་ན་བྱང་ཆུབ་སེམས་དཔའོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་ཆེན་པོ་མཛད་པ་ལ་རབ་ཏུ་འཇུག་པས་ན་སེམས་དཔའ་ཆེན་པོའོ། །དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་
རྫོགས་པས་དོན་ཐམས་ཅད་གྲུབ་པར་བྱ་བ་བཞེད་པ་ཙམ་ལ་རག་ལས་པ་འདི་ལ་མངའ་བས་ན་དོན་ཐམས་ཅད་གྲུབ་པའོ། །བྱང་ཆུབ་ཀྱི་རྒྱུའི་སྙིང་པོ་ནི་བྱང་ཆུབ་ཀྱི་སྙིང་པོ་སྟེ། མར་གྱི་སྙིང་པོ་དང་འདྲ་བར་གནས་ཀྱི་སྙིང་པོར་གྱུར་པའོ། །དེར་བཞུགས་པ་ནི་ཉེ་བར་གནས་པར་
མཛད་པའོ། །གང་ན་བར་ཞེས་བྱ་བའི་རྒྱུ་གསུམ་པའོ། །དེའི་དོན་ནི་འདི་ཡིན་ཏེ་གང་གིས་བསྐལ་པ་གྲངས་མེད་པ་གསུམ་དུ་སྐྱེ་བ་སྣ་ཚོགས་པ་བཞེས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་ནས། བསམ་གཏན་དང་གཟུགས་མེད་པའི་
སྙོམས་པར་འཇུག་པ་བསྐྱེད་དེ། བསམ་གཏན་བཞི་པའི་ཆེན་པོའི་ཡང་ཆེན་པོ་བསྐྱེད་ནས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་གྱི་སྲིད་པ་ཐ་མ་པར་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལས་ཅོད་པན་དང་། དར་དཔྱངས་ཀྱི་དབང་བསྐུར་བ་ཐོབ་
เล่ม ๕๗ · หน้า 38b
ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་འཚང་རྒྱ་བར་བྱའོ་ཞེས་དགོངས་ནས་དབུགས་རྔུབ་པ་དང་། དབུགས་དབྱུང་བ་བཀག་སྟེ་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་འོག་མིན་གྱི་གནས་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པ་གང་ན་བ་དེར་གཤེགས་ཤིང་བཞུད་
ནས་འདི་སྐད་ཅེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་བསྐལ་པ་བསམ་གྱིས་མི་ཁྱབ་པར་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བ་སྟོན་པར་མཛད་དོ་ཞེས་གསུངས་པས་ན། ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་ནས་ཞེས་བྱ་བ་འདི་ལ་མི་རིགས་སོ།
གཤེགས་ནས་ཀྱང་དེ་རྣམས་ཀྱིས་དེ་ལ་ཅི་ཞིག་མཛད་ཅེ་ན། ཆེད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྫོགས་ལོངས་སྤྱོད་པའི་སྐུ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་
རྣམས་ཀྱི་ཆོས་ཀྱི་རྫོགས་ལོངས་སྤྱོད་པ་ཉམས་སུ་མྱོང་བའི་ཕྱིར། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་ཚུལ་གྱིས་བཞུགས་པ་གང་ཡིན་པ་འདི་ནི་ཆོས་ཀྱི་རྫོགས་ལོངས་སྤྱོད་པའི་སྐུ་དགོངས་པ་ཡིན་པས་རྫོགས་ལོངས་སྤྱོད་པ་ཞེས་བྱའོ། །དེ་རྣམས་ཀྱིས་རྫོགས་ལོངས་སྤྱོད་པའི་སྐུ་
བསྟན་ནས་ཇི་སྐད་དུ་གསུངས་ཤེ་ན། རིགས་ཀྱི་བུ་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ཀྱི་བུ་ཞེས་བྱ་བ་ནི་བོད་པའོ། །ཅི་ལྟར་ཞེས་བྱ་བ་ནི་སྤོང་བའོ། །དེའི་གོང་ན་ཁྱད་པར་དུ་གྱུར་བ་གཞན་མེད་པས་ན་བླ་ན་མེད་པ་སྟེ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའོ། །གང་གི་ཕྱིར་
ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་དེ་ཁོ་ན་ཉིད་བསྒོམ་པ་མེད་པར་མི་གཡོ་བའི་ཏིང་ངེ་འཛིན་འདིས་ནི་ཁྱོད་མངོན་པར་རྫོགས་པར་བྱང་ཆུབ་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པར་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པ་དེ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན་ཡང་ཁྱེད་ནི་མི་གཡོ་བའི་ཏིང་ངེ་འཛིན་ལ་སྦྱོར་བས་བདག་ཉིད་གཟིར་ཅིང་དཀའ་བ་སྤྱོད་པ་ལ་ཞུགས་པ་ཡིན་ལ། དེ་བས་ན་
เล่ม ๕๗ · หน้า 39a
དེ་ཁོ་ན་ཉིད་མེད་པས་མངོན་པར་རྫོགས་པར་བྱང་ཆུབ་པར་མི་འགྱུར་རོ་ཞེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བས་ཞེས་བྱ་བས། ཇི་སྐད་གསུངས་པའི་ཚིག་གིས་བསྐུལ་བར་གྱུར་པ་ཡིན་ནོ། །དེ་ནས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་
ཏེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལས་ལྡང་བར་མཛད་པ་སྟེ་འདིས་ནི་དབུགས་བཀག་པས་གནས་པ་ཡིན་ནོ་ཞེས་དོན་གྱི་ཤུགས་ལས་ཤེས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་ཏིང་ངེ་འཛིན་ལ་དྲེགས་པ་འཆང་བར་གྱུར་ནས་ནི། དབུགས་རྔུབ་པ་དང་འབྱུང་བ་བཀག །
ཅེས་བྱ་བ་ནས། ཨོཾ་བཛྲོ་ཏྟིཥྛ་ཞེས་བསྐུལ་བར་བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་ཞེས་བྱ་བ་ནི། ཨོཾ་ས་རྦྦ་ཏ་ཐཱ་ག་ཏ་བཱ་ད་བནྡྷ་ནཾ་ཀ་རོ་མི་ཞེས་བྱ་བས་སོ། །འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་ཇི་
སྐད་དུ་ཞུས་ནས་ཅི་ཞིག་སྨྲས་པ་དག་གི་རང་གི་ངོ་བོ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་
པར་མ་རྟོགས་པར་ཞེས་ཁྱེད་རྣམས་ཀྱིས་གསུངས་པའི་འོ། །ཇི་ལྟར་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་ཇི་ལྟ་བུའི་དེ་ཁོ་ན་ཉིད་བསྒོམས་པས་སོ། །གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་དགོངས་པ་གཅིག་གིས་དེ་ཁོ་ན་ཉིད་སྟོན་པར་མཛད་པ་ཡིན་ནོ། །སྒྲུབ་
པར་གྱིས་ཤིག་ཅེས་བྱ་བ་ནི་ཉམས་སུ་བླང་བར་གྱིས་ཤིག་པའོ། །ཇི་ལྟར་ཞེ་ན། རང་གི་སེམས་ལ་སོ་སོར་རྟོག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཉིད་ཀྱི་སེམས་ནི་རང་གི་སེམས་ཏེ་དེ་ལ་སོ་སོར་རྟོག་པ་ནི་རྒྱུད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་
ཀྱིས་དག་པའོ་ཞེས་སོ་སོར་རྟོག་པའོ། །དེའི་དོན་དུ་མཉམ་པར་འཇོག་པ་ནི་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་ཞོག་ལ་ཞེས་བྱ་བ་སྟེ། སེམས་རྩེ་གཅིག་པ་ཉིད་དུའོ། །མཉམ་པར་གཞག་པས་སྒྲུབ་པར་གྱིས་ཤིག་ཅེས་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་
เล่ม ๕๗ · หน้า 39b
གཞན་ཡང་རང་བཞིན་གྱིས་ཞེས་བྱ་བའི་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་རང་བཞིན་གྱིས་གྲུབ་པ་སྟེ། རང་བཞིན་གྱིས་གྲུབ་པའི་སྔགས་ཅི་དགར་ཟློས་ཤིག་ཅེས་བྱ་བའི་གྲངས་ཀྱི་ངེས་པ་མེད་པ་སྟེ། གང་གི་ཕྱིར་འཚང་རྒྱ་བ་ཐོབ་པར་བྱ་བ་ལ་ནི་བསྒོམ་པར་བྱ་བ་ཉིད་གཙོ་བོར་
གྱུར་པ་ཡིན་པའི་ཕྱིར་རོ། །ཅི་དགར་བ་ཟླས་པའི་སྔགས་འདི་ཡང་གང་ཞིག་ཡིན་ཞེ་ན། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་གསུངས་པ་ཡིན་ཏེ། སེམས་ཞེས་བྱ་བ་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པའི་རང་བཞིན་སོ་སོར་གཟུང་བ་དང་འཛིན་པ་པོ་མེད་པ་ཉིད་དུ་ངེས་པར་བྱ་
བ་ནི། ཙི་ཏྟ་པྲ་ཏི་བེ་དྷ་ཞེས་པ་སོ་སོར་རྟོག་པའོ། །ཡང་ན་བག་ཆགས་དང་བཅས་པའི་ཉོན་མོངས་པ་རབ་ཏུ་སྤངས་པས་ཤེས་པའོ། །དེ་ལྟར་ཇི་སྐད་དུ་བཤད་པའི་བཟླས་པ་དང་བསྒོམས་པས་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་མངོན་སུམ་དུ་བྱས་པས་ན། བདག་
གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལྟ་བུར་བདག་གིས་མཐོང་ངོ་ཞེས་བྱ་བ་རང་གི་སྙིང་ག་ན་ངེས་པའི་ཡེ་ཤེས་སོ། །གཟུང་བར་བྱ་བའི་རང་གི་ངོ་བོ་ཟླ་བའི་དབྱིངས་ཀྱི་ཡི་གེ་བཅུ་དྲུག་ལས་བྱུང་བ་ནང་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་སྟོན་པར་བྱེད་པ་འཇིག་རྟེན་ལས་འདས་
པའི་རྗེས་ལས་སྐྱེས་པའི་ཡེ་ཤེས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མཐོང་ངོ་ཞེས་པ་སྟེ། ཟླ་བའི་དཀྱིལ་འཁོར་ཉིད་མིག་ཡོར་ཙམ་དུ་སོ་སོར་སྣང་བས་ན་ཟླ་བའི་དཀྱིལ་འཁོར་ལྟ་བུར་སྒོམ་པར་བཤད་པའི་རྒྱུད་ལས་བསྟན་པས་ན་སོམ་ཉི་མི་བྱའོ། །ཁ་ཅིག་ནི་ཚེས་གཅིག་
པའི་ཟླ་བའི་རི་མོ་འདྲ་བའི་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ནི་མི་རིགས་ཏེ། དེ་ཡང་། གང་འདི་ཟླ་བ་རྫོགས་པ་འདི། །དག་ཅིང་གསལ་ལ་རྙོག་པ་མེད། །དེ་བཞིན་ཚོགས་ནི་རྫོགས་པའི་ཕྱིར། །སེམས་ནི་ཟླ་བ་རྒྱས་པ་འདྲ། །ཞེས་
གསུངས་པའི་ཕྱིར་རོ། །འདིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་མི་བསྐྱོད་པའི་རང་བཞིན་དུ་གསུངས་པ་ཡིན་ནོ། །རང་བཞིན་གྱིས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སོ། །འོད་གསལ་བ་ཞེས་བྱ་བ་ནི་དྲི་མ་མེད་པའི་དོན་ཏེ་གཟུང་བ་དང་འཛིན་པ་པོའི་བག་ཆགས་ཀྱི་ནག་ནོག་དང་
เล่ม ๕๗ · หน้า 40a
བྲལ་བ་ལ་གློ་བུར་བའི་དྲི་མས་དྲི་མ་ཅན་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཇི་ལྟར་སྦྱངས་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པའི་སྐུར་བསྒོམས་པས་གང་དང་གང་དག་གིས་སོ། །དེ་ལྟར་འགྱུར་ཏེ་ཞེས་བྱ་བ་ནི་དེ་དང་དེས་ཤིན་ཏུ་
གསལ་བར་འགྱུར་བའོ། །ཇི་ལྟ་བུར་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རས་དཀར་པོ་དྲི་མ་ཐམས་ཅད་དང་བྲལ་བ་ཚོན་གྱིས་ཁ་བསྒྱུར་བ་ནི། པདྨ་རཱ་ག་ལ་སོགས་པའི་མདོག་ཏུ་མདོག་ཤིན་ཏུ་གསལ་བར་དེའི་མདོག་ཅན་དུ་འགྱུར་ཏེ། དེ་དང་
འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། རང་བཞིན་གྱིས་འོད་གསལ་བ་ནི་ངོ་བོ་ཉིད་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་གང་ཞིག་ཅེ་ན་སེམས་སོ། །དེའི་ཤེས་པ་ནི་མངོན་པར་རྟོགས་པའོ། །དེ་རྒྱས་པར་བྱ་བ་ནི་
ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྐྱེད་པར་བྱ་བ་ནི་རྒྱས་པར་བྱ་བ་སྟེ། རྒྱུ་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་འཇུག་པར་བྱའོ་ཞེས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་སྟོན་
པར་བྱེད་པའི་ཡི་གེ་ཀ་ལ་སོགས་པ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྐྱེད་པ་ནི། བྱང་ཆུབ་སེམས་བསྐྱེད་པ་ཡིན་ཏེ། ཡི་གེ་ཀ་ལ་སོགས་པ་སྐར་མ་ལྟ་བུའི་གཟུགས་ཅན་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྐྱེད་པར་བསམ་མོ་ཞེས་བཤད་པའི་རྒྱུད་ལས་
གསུངས་པ་ཡིན་ནོ། །ཟླ་བའི་དཀྱིལ་འཁོར་ལྟ་བུར་མཐོང་བ་གང་ལགས་པ་དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་བྱ་བ་ནི། འདི་སྐད་སྟོན་པ་ཡིན་ཏེ། སེམས་སོ་སོར་རྟོག་པའི་ཡེ་ཤེས་གང་ཡིན་པ་དེ་ཟླ་བའི་དཀྱིལ་འཁོར་ལྟ་བུར་སོ་སོར་སྣང་བ་གང་ཡིན་པ་དེ་ལ་
བྱང་ཆུབ་ཀྱི་སེམས་བསྐྱེད་པ་བསྒོམས་པས་ཟླ་བའི་དཀྱིལ་འཁོར་ཆེན་པོའི་གཟུགས་ཅན་གཉིས་པ་ཉིད་དུ་མཐོང་ངོ་ཞེས་པའོ། །དེ་ཡང་ཟླ་བའི་དབུས་སུ་འང་ཟླ་བའི་དཀྱིལ་འཁོར་གཉིས་པ་མཐོང་བ་ཡིན་ཞེས་གསུངས་པ་ཡིན་ནོ། །འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
เล่ม ๕๗ · หน้า 40b
པའི་བདག་ཉིད་ཅན་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དུ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་དེར་ངེས་པའོ། །ཀུན་དུ་བཟང་པོ་ནི་འདོད་ཆགས་ལ་སོགས་པ་དང་བྲལ་ཞིང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་
པའི་རྒྱུར་གྱུར་པའོ། །དེ་གང་ཞིག་ཡིན་ཞེ་ན། སེམས་བསྐྱེད་པ་ཞེས་བྱ་བའོ། །ཇི་ལྟར་ཞེ་ན་ཁྱོད་ཀྱིས་མངོན་སུམ་དུ་གྱུར་གྱིས་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་མཉམ་པ་ཉིད་ཐོབ་པ་དེས་ན། འདི་ནི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུགས་སུ་གྱུར་པའོ། །བརྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པ་སོ་སོར་བརྟགས་པས་དངོས་པོར་གཟུང་བར་བྱ་བ་ཉེ་བར་མི་དམིགས་པ་ནི་བརྟན་པར་བྱ་སྟེ་དེའི་ཕྱིར་རོ། །རང་གི་སྙིང་གའི་ཟླ་བའི་དཀྱིལ་
འཁོར་ལ་ཞེས་བྱ་བ་ནི། དང་པོའི་ཟླ་བའི་དཀྱིལ་འཁོར་དང་། གཞིའི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ་སོམས་ཤིག་ཅེས་པ་ནི་སྒོམས་ཤིག་པའོ། །བསྒོམས་པ་འབའ་ཞིག་ཏུ་ཟད་དམ་ཞེ་ན་མ་ཡིན་ཏེ། སྔགས་འདིས་ཞེས་བྱ་བ་གསུངས་སོ། །
ཟླ་བའི་དཀྱིལ་འཁོར་གཉིས་པར་རྡོ་རྗེ་ར་བ་བསྒོམས་པས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་དམིགས་པར་གསུངས་པ་ཡིན་ཏེ། སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་འབྱུང་བས་ན་རྡོ་རྗེའི་ཕྱག་རྒྱ་ནི་སྟོང་པ་ཉིད་ཀྱི་རྡོ་རྗེ་ནི་རང་བཞིན་དུ་སྟོན་བར་བྱེད་པ་ཡིན་ནོ། །
འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་འོད་དཔག་ཏུ་མེད་པའི་རང་བཞིན་གསུངས་པ་ཡིན་ནོ། །ཟླ་བའི་དཀྱིལ་འཁོར་གཉིས་པར་རྡོ་རྗེ་རྣམ་པར་བསྒོམ་པར་བྱའོ་ཞེས་བྱ་བ་འདི་གང་ལས་ཤེས་ཤེ་ན། གང་གི་ཕྱིར། དཀྱིལ་འཁོར་གཉིས་པའི་དབུས་སུ་ནི། །རྡོ་རྗེ་
ཆེན་པོ་རྣམ་བསམས་ལ། །ཡིད་ཙམ་སོ་སོར་བརྟགས་པ་ནི། །ཐེག་པ་ཆེན་པོ་བརྟན་པ་ཡིན། །ཞེས་གསུངས་སོ། །འདི་བརྟན་པར་བྱ་སྟེ། རང་བཞིན་གྱིས་འོད་གསལ་བར་བསྒོམས་པས་སྟོང་པ་ཉིད་རྡོ་རྗེའི་བདག་ཉིད་ཅན་དུ་སྦྱོར་བས་འཛིན་པ་པོ་མི་དམིགས་པ་ནི་
เล่ม ๕๗ · หน้า 41a
བརྟན་པར་བྱའོ། །དེ་གསུངས་པ་ནི། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའོ། །ནམ་མཁའི་དབྱིངས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ཐམས་ཅད་དུ་ཡང་དག་པར་མཉམ་པར་འཇུག་ཅིང་ཁྱབ་པ་གང་ཡིན་པ་དེ་ནི་ནམ་
མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པའོ། །དེ་གང་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་རྟག་པ་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་
དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པའི་རང་བཞིན་ཅན་གྱི་རྡུལ་ཕྲ་རབ་རྣམས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་སོགས་པའི་རྒྱུར་གྱུར་པས་ན་དབྱིངས་རྣམས་ཏེ། འདིར་ཁམས་ཀྱི་དོན་ནི་རྒྱུའི་དོན་ཡིན་པར་འདོད་དོ། །དེ་ལ་སྐུའི་གསང་བ་ནི་སྐུའི་དབྱིངས་སོ། །གསུང་གི་གསང་
བ་ནི་གསུང་གི་དབྱིངས་སོ། །དེ་རྣམས་ཀྱི་ཐུགས་ཀར་གནས་པའི་སེམས་དཔའ་རྡོ་རྗེ་གང་ཡིན་པ་དེ་ནི་ཐུགས་རྡོ་རྗེའི་དབྱིངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སེམས་དང་
སེམས་ལས་བྱུང་བ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་བྱིན་གྱི་རླབས་ནི་ཁབ་ལོང་གིས་ལྕགས་འདྲེན་པ་དང་འདྲ་བར་ནུས་པ་སྐྱེད་པའོ། །སེམས་དཔའི་རྡོ་རྗེ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེའོ། །དེར་ཞུགས་སོ་ཞེས་བྱ་བ་
ནི་བྱེ་མ་ལ་བུམ་པའི་ཆུ་བླུགས་པ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཇི་སྐད་བཤད་པ་ཉིད་རྣམ་པར་སྣང་མཛད་ཀྱི་སྐུ་མངོན་པར་གྲུབ་པའི་རྒྱུ་ཡིན་པས་ན་རྡོ་རྗེ་དབྱིངས་ཏེ། འདིས་ཀྱང་རྣམ་པར་ཐར་པའི་སྒོའི་རང་བཞིན་གྱིས་འོད་
གསལ་བ་ཉིད་ཡིན་པས་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉིད་ཀྱིས་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་སྟོན་ཏོ། །ཁ་ཅིག་ནི་གནས་སྐབས་འདིར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ཡིན་ནོ་ཞེས་ཟེར་མོད་ཀྱི་གཞན་དག་ན་རེ་དེ་ནི་མ་ཡིན་ཏེ། ཁྱད་པར་གྱི་
เล่ม ๕๗ · หน้า 41b
ཚིག་མེད་པའི་ཕྱིར་དང་། འོག་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལྟ་བས་ན། སེམས་དཔའི་རྡོ་རྗེ་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བདག་ཉིད་སྒོམས་ཤིག་ཅེས་གསུངས་པའི་ཕྱིར་རོ། །སེམས་དཔའི་རྡོ་རྗེའི་སྒྲས་ནི་རྡོ་རྗེ་སེམས་
དཔའི་ཕྱག་རྒྱ་ཆེན་པོ་ཡིན་པར་བཤད་དོ་ཞེས་བཤད་པར་ནུས་པ་ཡང་མ་ཡིན་ཏེ། ཡོངས་སུ་འཆད་པར་བཤད་པ་མེད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི། སངས་རྒྱས་རྣམས་ཀྱི་ཆོས་ཉིད་དགོངས། །ཞེས་བྱ་བ་གཏན་ཚིགས་ཡིན་ནོ་ཞེ་ན། སྔར་བཤད་
པའི་ཚུལ་གྱིས། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །སྙིང་གར་རྡོ་རྗེ་བསྒོམས་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་བཤད་ལ། །རྡོ་རྗེ་སེམས་དཔའ་དེར་ཞུགས་སོ། །ཞེས་བྱ་བ་ལ་སོགས་པའི་ངེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་འདུས་པ་ལས་
རྡོ་རྗེ་རྩེ་ལྔ་པའི་གཟུགས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟེ། དེའི་ངོ་བོ་ཉིད་ཀྱི་བདག་ཉིད་དེ། དེ་ལྟ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་རྡོ་རྗེའི་གཟུགས་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་བདག་ཉིད་དུ་མཐོང་གི་མཚན་
དང་དཔེ་བྱད་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གཅིག་པུར་ནི་མ་ཡིན་ཏེ། དེ་བས་ན་སེམས་དཔའི་རྡོ་རྗེ་དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའི་གསང་བའི་བདག་ཉིད་ཅན་ཡིན་ནོ། །དེ་བས་ན་འདི་ནི་
སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པར་གྱུར་པ་རྣམ་པར་སྣང་མཛད་དུ་གྱུར་པ་ཡིན་ནོ། །མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་འདི་ལ་འང་། མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སེམས་སོ་སོར་རྟོགས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་
དང་། རྡོ་རྗེ་དང་རྡོ་རྗེའི་བདག་ཉིད་ཅན་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསྒོམ་པའི་དུས་སུ། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ་ཞེས་བཤད་
เล่ม ๕๗ · หน้า 42a
པའི་རྒྱུད་ལས་བསྟན་པ་ཡིན་ནོ། །བྱིན་གྱིས་བརླབས་ལ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་དུ་བྱ་བར་ནུས་པ་བརྟན་པར་མཛོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །བརྟན་པར་མཛོད་ཅེས་བྱ་བ་ནི། མི་ཕྱེད་པར་བྱ་བ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་
མས་བྱིན་གྱིས་བརླབས་པ་དང་། ཡི་གེ་བརྒྱ་པས་བརྟན་པར་བྱ་བ་ནི་འོག་ནས་འཆད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་སེམས་དཔའི་རྡོ་རྗེ་དེར་ཞུགས་སོ་ཞེས་བྱ་བ་ནི། ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ་ཞེས་བྱ་བའི་བསྒོམས་པའི་སྟོབས་ལས་བྱུང་བའི་
བཅོམ་ལྡན་འདས་རང་གི་སྙིང་གར་གནས་པའི་སེམས་དཔའི་རྡོ་རྗེ་དེར་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྐུ་གསུང་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པའི་དུས་དེའི་ཚེ་ཉིད་དེ་བཞིན་གཤེགས་པར་གྱུར་པ་ཡིན་ནོ། །དེ་ནས་ཞུགས་པ་དང་རྒྱུད་ཕྱི་མ་ལས་གསུངས་
པའི་ཚུལ་གྱིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས། སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེས་དེ་ལ་བསྐྱེད་པར་བྱའོ། །དེ་ནས་ཡི་གེ་བརྒྱ་ཕས་བརྟན་པར་བྱ་བ་འདིས་ནི་རང་གི་རྒྱུད་ལས་
གསུངས་པའི་ཆོ་ག་ཡིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་སཾ་བོ་དྷི་དྲྀ་ཌྷ་བཛྲ་ཏིཥྛ་ཞེས་བྱ་བ་བཤད་པའི་རྒྱུད་ལས་གསུངས་པས་ཀྱང་བྱིན་གྱིས་བརླབས་པ་བརྟན་པར་ཤེས་པར་བྱའོ། །སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་གྱིས་མངོན་པར་བྱང་ཆུབ་པ་དང་བྱིན་གྱིས་
བརླབས་པ་དང་། བརྟན་པར་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་མ་འོངས་པའི་གསང་སྔགས་ཀྱི་སྒོ་ལ་སྤྱོད་པ་སྤྱད་པ་རྣམས་ཀྱི་སྒོམ་པའི་ལུང་འབོགས་པ་སྦྱིན་པའི་ཕྱིར་སྟོན་པར་མཛད་པ་ཡིན་ཏེ། མ་འོངས་པ་རྣམས་ཀྱིས་རིམ་པ་འདིས་སྒོམ་པ་ལ་འཇུག་པར་བྱའོ་ཞེས་
སྟོན་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་སྐད་ཅིག་མ་གཅིག་ཉིད་ལ་ལྡོག་པའི་དབྱེ་བས་མི་བསྐྱོད་པ་ལ་སོགས་པའི་སྐུས་ཐ་དད་པར་སྣང་བས་སམ་ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་སོ་སོར་མངོན་དུ་མཛད་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་སྐད་ཅིག་མ་དེ་ཉིད་ཀྱི་
เล่ม ๕๗ · หน้า 42b
ཚེ་ན་ཞེས་བྱ་བ་གསུངས་ཏེ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ནའོ། །འདི་གང་ལས་ཤེས་ཤེ་ན་གང་གི་ཕྱིར་ཡང་རྣམ་པར་རྟོག་པ་འབྱུང་བ་ན་ནི་བྱང་ཆུབ་ལས་ཉམས་པར་འགྱུར་ན། དེ་ལྟར་ནི་མི་འདོད་དོ། །དེ་བཞིན་གཤེགས་པ་ཐམས་
ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རང་བཞིན་ཅན་རྣམས་ཏེ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་དོན་དམ་པར་དེ་བཞིན་ཉིད་དུ་ཚུལ་གཅིག་པ་ཉིད་དོ། །འདི་ཉིད་ཀྱི་དཀྱིལ་འཁོར་ལ་སོགས་པའི་ཚུལ་ཡང་དབྱེ་བ་མེད་པས་ཕྱེ་བ་ཉིད་ནི་ཀུན་
རྫོབ་ཀྱི་མཉམ་པ་ཉིད་དོ། །འདིའི་ངེས་པ་ནི་ཡེ་ཤེས་ཏེ། དེ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཐུགས་སུ་ཆུད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ནི་རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཀྱི་མཉམ་པ་ཉིད་ཀྱང་སྔ་མ་དང་འདྲ་སྟེ། དེའི་
ཡེ་ཤེས་སོ། །དེ་ཉིད་ནི་ཕྱག་རྒྱའོ། །གསང་བ་ཡང་དེ་ཉིད་དོ། །དེའི་དམ་ཚིག་ནི་དབང་བསྐུར་བ་ལ་སོགས་པའི་སྦྱིན་པས་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའོ། །དེར་ཞུགས་པ་ནི་ཐུགས་སུ་ཆུད་པས་དེའི་ངོ་བོ་ཉིད་དུ་སྐྱེད་པར་རྫོགས་པའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་པདྨའི་རིགས་ཀྱི་རང་བཞིན་ནོ། །དེ་རྣམས་ཀྱི་མཉམ་པ་ཉིད་ཀྱང་དེ་བཞིན་ནོ། །དེའི་ཡེ་ཤེས་ནི་ངེས་པའོ། །དེའི་རྟོགས་པ་ནི་མངོན་སུམ་དུ་མཛད་པའོ། །རྫོགས་པས་དེར་རང་བཞིན་གྱིས་དག་པ་ནི་པདྨའི་རིགས་ཀྱི་ངོ་བོར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་
ཅད་ནི་ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་ཐམས་ཅད་མཉམ་པ་ཉིད་ནི། འཁོར་གསུམ་ཡོངས་སུ་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ནི་རང་གི་རྒྱུད་དང་གདུལ་བྱའི་རྒྱུད་ལ་གོང་ནས་གོང་དུ་ཁྱད་
པར་དུ་གྱུར་པའོ། །དེའི་འབྱུང་གནས་སུ་གྱུར་པ་ནི་རིགས་སུ་གྱུར་པའི་ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏོ་ཞེས་བྱ་བ་ནི། ཡེ་ཤེས་བཞི་ཐུགས་སུ་ཆུད་པའི་རྗེས་ཐོགས་ཉིད་ཀྱི་སྐད་ཅིག་
เล่ม ๕๗ · หน้า 43a
མ་གཅིག་ལ། ཨོཾ་ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏཱ་ཏསྟ་ཐཱ་ཨ་ཧཾ་ཞེས་བྱ་བའི་སྒོམ་པ་འདིས་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་བཞུད་པ་དེ་ལྟར་གཤེགས་ཤིང་སངས་རྒྱས་པས་ན་དེའི་ཕྱིར་དེ་བཞིན་གཤེགས་པའོ། །བདུད་བཞིའི་དགྲ་བཅོམ་པས་ན་དགྲ་བཅོམ་
པའོ། །དེ་ཉིད་ཀྱི་ཕྱིར་ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་ཀུན་ནས་ཐུགས་སུ་ཆུད་ཅིང་སངས་རྒྱས་པར་གྱུར་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏོ་ཞེས་བྱ་བ་ནི་རྫོགས་པའོ། །འདི་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པར་གྱུར་པ་རྣམ་པར་སྣང་མཛད་
ཀྱི་ངོ་བོ་ཉིད་ཡིན་པར་སྟོན་ཏོ། །གདུལ་བྱའི་ངོར་མཛད་ནས་བྱིན་གྱིས་བརླབས་པ་ཇི་ལྟར་མཛད་པ་ལྟར་དབང་བསྐུར་བ་ལ་སོགས་པ་ཡང་དེ་བཞིན་དུ་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་
དཔའ་རྡོ་རྗེ་དེ་ལས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་གནས་པ་དེ་ལས་སོ། །ནམ་མཁའི་སྙིང་པོའི་ནོར་བུ་རིན་པོ་ཆེའི་དབང་བསྐུར་བ་ནི། བཛྲ་རཏྣ་ཞེས་བྱ་བའི་སྙིང་པོ་འདིས་རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱི་དབང་བསྐུར་བའོ། །ཀུན་དུ་སྤྱན་རས་གཟིགས་ཀྱི་
དབང་པོ་ཆོས་ཀྱི་ཡེ་ཤེས་ནི་བསྐྱེད་ཅེས་བྱ་བ་ལ་སྤྱན་རས་གཟིགས་དབང་ཕྱུག་ནི་བཤད་ཟིན་ཏོ། །དེའི་ཆོས་ནི་ཇི་སྐད་དུ་བཤད་པའི་རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོ་བསྟན་པ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཀྱིལ་འཁོར་སྤྲུལ་པའི་ཡུལ་ལོ། །དེའི་
ཡེ་ཤེས་ནི་ངེས་པ་སྟེ་དེ་བསྐྱེད་པའོ། །འདི་སྐད་དུ་སྟོན་ཏེ་དབང་བསྐུར་ནས་མདོར་ན་འཇིག་རྟེན་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་གནང་བ་ལྔ་པོ་དཀྱིལ་འཁོར་ལ་འཇུག་པ་དང་། ཆོས་ཀྱི་འཁོར་ལོ་ལ་འཇུག་པའི་ཕྱིར་བྱིན་པའོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཕྲིན་ལས་ཐམས་ཅད་ལ་རབ་ཏུ་བཞག་ནས་ཞེས་བྱ་བ་ནི། དཀྱིལ་འཁོར་བྲི་བའི་ཆོ་གས་འགྲོ་བའི་དོན་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་དེ། དབང་བསྐུར་བ་དང་རྗེས་སུ་གནང་བ་བྱིན་ནས་དཀྱིལ་འཁོར་བྲི་བའི་ལས་ལ་འཇུག་པར་
เล่ม ๕๗ · หน้า 43b
བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ལྟར་མཛད་ནས་དེ་རྣམས་ཀྱིས་ཅི་ཞིག་མཛད་ཅེ་ན། རི་རབ་ཀྱི་རྩེ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁང་པ་བརྩེགས་པ་ནི་གཙོ་བོའི་བཞུགས་གནས་ཀྱི་གཞལ་ཡས་ཁང་ངོ་། །རྩེ་མོ་ནི་སྟེང་གི་ཆའོ། །རྡོ་རྗེ་ནི་རྡོ་རྗེ་རྩེ་ལྔ་པའོ། །
ནོར་བུ་ནི་ཡིད་བཞིན་གྱི་ནོར་བུ་སྟེ། དེ་དག་ནི་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལས་བྱས་པ་སྟེ། དེས་ཁང་པ་བརྩེགས་པའི་རྩེ་མོ་བརྒྱན་པ་གང་ཡིན་པ་དེ་ནི་ཁང་པ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལས་བྱས་པ་ཞེས་བྱ་བ་སྟེ། དེ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་
ཞེས་བྱ་བར་སྦྱོར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞི་པོའི་སྐུར་བྱིན་གྱིས་བརླབས་པས་ཞལ་བཞི་བསྐྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ལ་ཞེས་བྱ་
པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་ལུས་སེང་གེར་གྱུར་པའི་གདན་དེ་ལའོ། །ཞལ་ཀུན་དུ་བསྟན་ནས་ཞེས་བྱ་བ་ནི་ཞལ་བཞི་པའོ། །བཞག་པར་གྱུར་ཏོ་ཞེས་བྱ་བ་ནི་སོ་སོར་གནས་པར་མཛད་པའོ། །
ཞལ་ཀུན་དུ་བསྟན་པ་ཞེས་བྱ་བ་ཞལ་མཐའ་ཡས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྩ་བའི་རྒྱུད་ལས་རྣམ་པར་སྣང་མཛད་ཞལ་བཞི་པར་བྲིའོ་ཞེས་གསུངས་པས། ཞལ་བཞི་པོ་འདི་དག་ནི། བྱང་ཆུབ་ཀྱི་སེམས་དང་། སྦྱིན་པ་དང་། ཤེས་རབ་དང་། བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མི་བསྐྱོད་པ་ལ་སོགས་པར་སྟོན་པར་བྱེད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་ཀྱིས་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ཀྱི་ཕྱོགས་བཞིར་བཞུགས་སོ་ཞེས་བྱ་བར་སྦྱོར་རོ། །དེ་
ནས་ཞེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཞག་པར་གྱུར་པའི་རྗེས་ཐོགས་ལའོ། །སྔར་གྲུབ་པ་རྣམས་ཀྱིས་བཅོམ་ལྡན་འདས་བྱིན་གྱིས་བརླབས་ནས་སེང་གེའི་གདན་གང་ཡིན་པ་ལ་བཞག་པར་གྱུར་པ་དེས་ན་ཐུན་མོང་དུ་སེམས་ཅན་ཐམས་ཅད་ཀྱི་
เล่ม ๕๗ · หน้า 44a
དོན་མཛད་པ་ཡིན་ལ། མི་བསྐྱོད་པ་ལ་སོགས་པ་ཡང་དེའི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་དེའི་ཡན་ལག་ཏུ་གྱུར་པ་ཉིད་ཡིན་ཏེ། དེ་མེད་པར་མི་འབྱུང་བས་དེ་རྣམས་ཀྱང་རང་ལ་བྱིན་གྱིས་བརླབ་པ་མཛད་ནས་བཞུགས་སོ། །གལ་ཏེ་དེ་
རྣམས་དེའི་ངོ་བོ་ཉིད་ཡིན་ན་དེ་རྣམས་ཀྱི་བྱིན་གྱིས་བརླབ་པ་ཡང་རྣམ་པར་སྣང་མཛད་ཉིད་ཀྱིས་མཛད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བྱིན་གྱིས་བརླབ་པ་ཉིད་ཀྱང་དེ་རྣམས་ཀྱིས་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་རྣམས་རང་ཉིད་ཀྱིས་མཛད་པ་ཡིན་ནོ་ཞེ་ན་སློབ་དཔོན་གྱིས་བྱིན་
གྱིས་བརླབས་སུ་ཟིན་ཀྱང་ཉིན་རེ་ཞིང་རང་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་བཟླས་པ་དང་བསྒོམ་པར་བྱའི། དེ་མེད་པར་ནི་མི་བྱའོ་ཞེས་བསྟན་པའི་དོན་ཉིད་ཡིན་ནོ། །མི་བསྐྱོད་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་བསྐྱོད་པས་ན་མི་བསྐྱོད་
པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཀྱི་རང་བཞིན་ནོ། །འདི་ཡོད་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་རིན་པོ་ཆེ་རྣམས་དང་། རིན་པོ་ཆེའི་རིགས་འབྱུང་བས་ན་རིན་ཆེན་འབྱུང་བ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་
མཚན་ཉིད་ཅན་ནོ། །འཇིག་རྟེན་ནི་འཁོར་བའོ། །དབང་ཕྱུག་ནི་དབང་མཛད་པས་ན་འཇིག་རྟེན་དབང་ཕྱུག་སྟེ། གཟུགས་ཐམས་ཅད་ཡང་དག་པར་སྟོན་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཕྱིར་རོ། །དེ་ཉིད་ཀྱི་རྒྱལ་པོར་གྱུར་ཅིང་། གཟི་བརྗིད་འབར་
བས་ན་འཇིག་རྟེན་དབང་ཕྱུག་གི་རྒྱལ་པོའོ། །ཡང་ན་འཇིག་རྟེན་དབང་པོའི་རྒྱལ་པོ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱལ་པོའོ། །དེའི་དབུ་ལ་བཞུགས་པས་འཇིག་རྟེན་དབང་པོའི་རྒྱལ་པོ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྟེ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །གདོན་མི་ཟ་བ་ནི་དོན་ཡོད་པ་སྟེ། དོན་ཡོད་པ་ཉིད་གྲུབ་པས་ན་གདོན་མི་ཟ་བ་གྲུབ་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །མ་འོངས་པའི་དུས་ན་ཤཱཀྱའི་རིགས་སུ་སྐྱེ་བ་ཡོངས་སུ་བཟུང་ནས་འདི་ལྟར་བྱའོ་
เล่ม ๕๗ · หน้า 44b
ཞེས་ཐུགས་དམ་བཅས་པས་ན་ཤཱཀྱ་ཐུབ་པ་ཞེས་སྨོས་སོ། །ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐམས་ཅད་མཉམ་པ་ཉིད་དེ་གཉིས་སུ་མེད་པའི་རང་བཞིན་ནོ། །དེ་རབ་ཏུ་རྟོགས་པ་ནི་ཁོང་དུ་ཆུད་པ་
སྟེ་དེ་ཁོ་ན་ཉིད་དེ་ལྟ་བུ་ཤིན་ཏུ་རྟོགས་པ་ཉིད་ཀྱིས་ན་རབ་ཏུ་རྟོགས་པའི་ཕྱིར་རོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་ཞེས་བྱ་བ་ནི་ཕྱོགས་ཀྱི་དབྱེ་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཙམ་ཉིད་དུ་ཟད་པའི་ཕྱིར་ཕྱོགས་ཐམས་ཅད་ནི་མཉམ་པ་ཉིད་
ཡིན་ནོ། །དེ་བས་ན་སེམས་དཔའ་འབྱུང་བ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དེ་བདག་མེད་པའི་ཡེ་ཤེས་ནི་ཀུན་དུ་འགྲོ་བ་ཡིན་པ་དང་དེའི་འབྲས་བུ་ཡང་ཀུན་དུ་འགྲོ་བར་འགྱུར་བ་ཡིན་ནོ། །དེ་ལ་ཤར་ཕྱོགས་ཀྱི་ཆར་ནི་མི་བསྐྱོད་པ། ལྷོ་ཕྱོགས་
སུ་ནི་རིན་ཆེན་འབྱུང་ལྡན། ནུབ་ཕྱོགས་སུ་ནི་འོད་དཔག་ཏུ་མེད་པ། བྱང་ཕྱོགས་སུ་ནི་དོན་ཡོད་གྲུབ་པ་བཞུགས་སོ། །དེ་ཡང་། གདུག་པ་ཀུན་གྱི་དབང་ཕྱུག་རྒྱལ། །ཐུབ་པའི་སྐྱེས་བུ་མི་བསྐྱོད་པ། །སངས་རྒྱས་ཐམས་ཅད་སྲ་མཛད་པ། །ཤར་ཕྱོགས་སུ་
ནི་ཡང་དག་བཞུགས། །དབང་བསྐུར་བ་ཡི་རྒྱལ་པོ་ཆེ། །ཐུབ་པའི་སྐྱེས་བུ་ནམ་མཁའ་འདི། །སངས་རྒྱས་ཐམས་ཅད་སྲ་མཛད་པ། །ལྷོ་ཕྱོགས་སུ་ནི་ཡང་དག་བཞུགས། །དགེ་བའི་ཆོས་ནི་འཛིན་པའི་རྒྱལ། །ཁྱབ་བདག་པདྨ་ཆེ་བསྣམས་པ། །སངས་རྒྱས་
ཐམས་ཅད་སྲ་མཛད་པ། །ནུབ་ཕྱོགས་སུ་ནི་ཡང་དག་བཞུགས། །སངས་རྒྱས་མཛད་པ་འཛིན་པའི་རྒྱལ། །དོན་ཡོད་གྲུབ་པ་རྣམ་པར་རྒྱལ། །སངས་རྒྱས་ཐམས་ཅད་སྲ་མཛད་པ། །བྱང་ཕྱོགས་སུ་ནི་ཡང་དག་བཞུགས། །ཆོས་དབྱིངས་མཁྲེགས་པ་གང་ཡིན་
པ། །གང་ཡང་གསང་བ་ཤིན་ཏུ་མཁྲེགས། །དེ་ཉིད་མགོན་པོ་རྣམ་སྣང་མཛད། །སངས་རྒྱས་ཀུན་བདག་ཡིན་པར་བཤད། །ཅེས་གསུངས་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཞེས་བྱ་བ་ནས་བརྩམས་ཏེ་ཕྱོགས་བཞིར་
เล่ม ๕๗ · หน้า 45a
བཞུགས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི། དང་པོ་སྦྱོར་བའི་ཏིང་ངེ་འཛིན་སྟོན་ཅིང་རྣམ་པར་སྣང་མཛད་སྟོན་པར་བྱེད་པའི་གླེང་གཞིའི་མདོའི་འགྲེལ་པ་བཤད་པ་ཡིན་ནོ། །ད་ནི་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ནས། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བྱ་བའི་བར་དུ་གང་གསུངས་པ་དེ་སྟོན་པར་བཞེད་པས། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀུན་དུ་བཟང་པོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱང་ཡིན་ལ། ཀུན་དུ་བཟང་པོ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་དུ་བཟང་པོ་སྟེ། བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའོ། །དེ་ཉིད་ནི་གང་གི་ཐུགས་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཀུན་དུ་བཟང་པོའི་ཐུགས་ཏེ། འདིས་ནི་སེམས་སོ་སོར་རྟོག་པའི་ཡེ་ཤེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ལས་བྱུང་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་ནི་རིན་པོ་ཆེའི་ཅོད་པན་ཏེ། དེའི་དབང་གིས་
དབང་བསྐུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ཆོས་རྣམས་དང་། རྣམ་པར་སྣང་མཛད་ལ་སོགས་པ་སྟོན་པའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ལ་ངེས་པ་ནི་ཡེ་ཤེས་སོ། །དེའི་མཐར་
ཐུག་པ་བརྙེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བརྙེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་སྣ་ཚོགས་པའི་ངོ་བོ་ཉིད་ནི་ཕྲིན་ལས་ཐམས་ཅད་ཉིད་དེ། འདོད་པའི་ཁམས་སུ་དཀྱིལ་འཁོར་ལ་སོགས་པ་སྤྲུལ་ཞིང་བྲིས་པས་སེམས་ཅན་གྱི་དོན་བྱེད་ཅིང་དགའ་ལྡན་
ལ་སོགས་པར་རྣམ་པར་འཕྲུལ་པ་སྟོན་པ་ནི་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བྱ་བ་བསྟན་པས་དེས་གདོན་མི་ཟ་བའི་དོན་ཡོད་པ་ཉིད་དང་། ཐོགས་པ་མེད་པར་སྟོན་པ་ཡིན་པར་ཤེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཕྱིར་དེ་ལྟར་སྔར་བཤད་པའི་ཚུལ་གྱིས་བཅོམ་ལྡན་འདས་རྣམ་
เล่ม ๕๗ · หน้า 45b
པར་སྣང་མཛད་འདི་ཡེ་ཤེས་བཞིའི་བདག་ཉིད་ཅན་ཡིན་པ་དེས་ན། དགོངས་པ་ཡོངས་སུ་རྫོགས་པ་ཡིན་ལ་དུས་ཡུན་རིང་པོར་མངོན་པར་བཞེད་པའི་སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་མཛད་པར་སྤྱོད་པའི་ཕྱིར་རོ། །ཡིད་ལ་རེ་བ་ཡོངས་སུ་རྫོགས་ནས་ཅི་ཞིག་
མཛད་པར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་དུ་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུའོ། །རང་ཉིད་ཅེས་བྱ་བ་ནི་
བདག་ཉིད་དོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་རང་ཉིད་ཀྱི་རྒྱུད་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་། ཐ་མི་དད་པར་བདག་ཉིད་ཀྱིས་མཛད་དོ་ཞེས་བྱ་བའི་
ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་དུ་བཟང་པོ་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་དུ་བཟང་པོ་ཞེས་བྱ་བ་འམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། ཀུན་དུ་བཟང་
པོ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་བྱང་ཆུབ་ཆེན་པོའི་རང་བཞིན་ཡིན་པས། བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་སེམས་དཔའི་རྡོ་རྗེའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དམ་ཚིག་ནི་ཀུན་
རྫོབ་ཏུ་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་ཚུལ་ལོ། །དེ་ལས་བྱུང་བ་ནི་སེམས་དཔའ་རྡོ་རྗེ་སྟེ་ཐུགས་ལས་བྱུང་ནས་སེམས་དཔའི་རྡོ་རྗེའི་རྣམ་པར་གྱུར་པའོ། །དེའི་བྱིན་གྱི་རླབས་ནི་བརྟན་པར་བྱ་བའི་ཕྱིར་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་སྤྲུལ་པའི་དོན་དུ་བརྟན་པར་བྱ་བའི་
เล่ม ๕๗ · หน้า 46a
ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་ཀྱི་རྡོ་རྗེ་སེམས་དཔའ་རྣམ་པར་འཕྲུལ་པ་ལྟ་བུ་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་ནས་དེ་ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོའོ། །དེའི་མངོན་པར་རྟོགས་པ་ནི་
ཐུགས་སུ་ཆུད་པ་ཡིན་ལ། དེའི་རྒྱུར་གྱུར་པ་བཛྲ་སཏྭ་ཞེས་བྱ་བའི་སྒྲའི་ཚུལ་ལ་ཡང་ཉེ་བར་གདགས་པས་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲར་བཤད་དོ། །དེ་ཉིད་ནི་དེའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དེ་ཉིད་ཀྱི་ཐུགས་ཀ་ནས་རང་ཉིད་ཕྱུང་བས་ན་རང་གི་ཐུགས་ཀ་ནས་ཕྱུང་སྟེ་ཞེས་བྱ་བ་སྟེ་སྟོན་པར་གྱུར་པའོ། །བཛྲ་སཏྭ་ཞེས་བྱ་བ་འདི་ཉིད་རྒྱུ་ལ་འབྲས་བུ་བཏགས་པའི་ཚུལ་
གྱིས་སྒྲ་ལ་ཡང་སྙིང་པོ་ཞེས་བཤད་དོ། །བཅོམ་ལྡན་འདས་ཀུན་དུ་བཟང་པོ་དེ་ཉིད་ཅེས་བྱ་བ་ནི་གང་སྔར་བསྟན་པའི་རྡོ་རྗེ་སེམས་དཔའི་གཟུགས་སོ། །སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་གང་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་
དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་གྱུར་པ་ལ་མངོན་པར་དགའ་བ་དེ་རྣམས་ལ། རྡོ་རྗེ་སེམས་དཔའི་ཡེ་ཤེས་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཡང་དག་པར་སྦྱངས་པ་ཡིན་ཏེ། བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པར་དེ་རྣམས་ཀྱི་
སེམས་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱོགས་ཕྱོགས་སུ་འཁོད་དོ་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱོགས་དང་མཚམས་རྣམས་ན་ལྷའི་གནས་རྣམས་ཡོད་པ་ལ་གནས་པའོ། །དེ་བཞིན་གཤེགས་པ་
เล่ม ๕๗ · หน้า 46b
ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པའི་རྡོ་རྗེ་རྩེ་ལྔ་པ་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དེ་རྣམས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཞུགས་ཏེ། རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་གྱུར་ཏོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །ཐུགས་ཀར་རྡོ་རྗེ་བསྒོམས་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་བཤད་དོ། །རྡོ་རྗེ་དེར་ནི་རབ་ཏུ་གནས། །ཞེས་ལུང་ལས་གསུངས་པ་ཡིན་ནོ། །དེ་ཉིད་ཤིན་ཏུ་
བརྟན་པ་ཉིད་ནི་མང་པོའི་གཟུགས་སུ་གཅིག་ཏུ་གྱུར་པར་ཤིན་ཏུ་ཡང་ཡོངས་སུ་བསྒོམས་པ་ཉིད་ཀྱིས་རྡོ་རྗེ་གཅིག་གི་གཟུགས་སུ་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཀྱང་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། མི་ཕྱེད་པའོ། །ཚད་ཇི་ཙམ་ཞེ་
ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་ཀུན་ནས་མཉམ་པར་འཇུག་པར་འགྲོ་བའི་རྡོ་རྗེའི་གཟུགས་ཀྱིས་ཁྱབ་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །གང་ལ་ནམ་མཁའི་དབྱིངས་ཐམས་ཅད་དང་མཉམ་པར་འཇུག་པའི་ཚད་
ཡོད་པ་དེ་ནི། ནམ་མཁའི་དབྱིངས་ཐམས་ཅད་ཀྱི་ཚད་དང་མཉམ་པར་འཇུག་པའོ། །འོད་ཟེར་གྱི་ཕྲེང་བ་ཅན་ཞེས་བྱ་བ་ལ། འོད་ཟེར་རྣམས་ཀྱི་ཕྲེང་བ་ནི་འོད་ཟེར་གྱི་ཕྲེང་བ་སྟེ། དེ་འདི་ལ་ཡོད་པས་ན་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །རྩེ་མོ་ལྔ་པ་ཞེས་བྱ་བ་ནི་རྩེ་མོ་ལྔ་པའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་ཞེས་བྱ་བ་ནི། དེའི་རྒྱུ་ཅན་ནམ་དེའི་རང་བཞིན་ནོ། །བྱུང་སྟེ་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བ་ནི། བསྡུས་པའི་ཚུལ་གྱིས་ཚད་གཞལ་དུ་རུང་བར་གྱུར་ཏེ། རྣམ་པར་སྣང་མཛད་ཀྱི་ཐུགས་
ཀ་ནས་ཕྱུང་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་གཉིས་སུ་གནས་སོ། །རྡོ་རྗེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དེ་ལས་རྡོ་རྗེ་རྩེ་ལྔ་པ་ལྟ་བུ་ནི་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཅན་གྱི་འོད་ཟེར་རྣམས་བྱུང་བར་གྱུར་པའོ། །དབྱིབས་ཇི་ལྟ་བུ་ཁ་དོག་ཇི་ལྟ་བུ་ཞེ་ན། གཟུགས་དང་ཞེས་བྱ་བ་
เล่ม ๕๗ · หน้า 47a
ལ་སོགས་པ་གསུངས་ཏེ། གཟུགས་ནི་དབྱིབས་སོ། །སྣ་ཚོགས་ནི་དབྱིབས་མཛེས་པའོ། །ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་ལ་སོགས་པ་སྟེ། དེ་ལྟར་གཟུགས་སྣ་ཚོགས་པ་དང་ཁ་དོག་སྣ་ཚོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་རྟེན་གྱི་
ཁམས་ཐམས་ཅད་དུ་སྣང་བས་ཁྱབ་པར་བྱེད་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རང་གི་ངོ་བོ་ཡང་དག་པར་སྟོན་པའི་སྣང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྤྲོས་པའི་སྣང་བ་གང་ལ་ཡོད་པ་དེ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་བྱེད་
པའོ། །རྡོ་རྗེ་ལྟ་བུའི་འོད་ཟེར་དེ་དག་གི་རྩེ་མོ་ལས་ཞེས་བྱ་བ་ལ། འོད་ཟེར་རྣམས་ཀྱི་སྒོ་ནི་འོད་ཟེར་གྱི་རྩེ་མོ་སྟེ། དེ་རྣམས་ཀྱི་མཐའ་མའི་རྩེ་མོའི་ཆའོ། །དེ་རྣམས་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཤིན་ཏུ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་བྱུང་སྟེ་ཞེས་
བྱ་བ་ལ་དེ་བཞིན་གཤེགས་པའི་སྐུ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བྱུང་ཞིང་མཐོང་ནས། འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོའི་སྤྲིན་ཐམས་ཅད་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བསྟན་ནས་གཅིག་ཏུ་འདྲེས་པར་གྱུར་པ་ལས།
བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྐུར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་དོ་ཞེས་བྱ་བ་དང་སྦྱར་རོ། །འཇིག་རྟེན་གྱི་ཁམས་ཇི་ལྟ་བུ་དག་ཏུ་ཞེ་ན། ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཕྱོགས་བཅུའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པའི་ཚུལ་གྱིས་མ་ལུས་པར་ཆོས་ཀྱི་དབྱིངས་ཡིན་པས་ཆོས་ཀྱི་དབྱིངས་ཐམས་ཅད་དེ། དེས་ཀུན་དུ་ཁྱབ་པ་ནི་དེ་ལྟར་འཇུག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འཇིག་རྟེན་གྱི་ཁམས་
རྒྱ་མཚོ་ཐམས་ཅད་དེ་དེ་རྣམས་དང་། ནམ་མཁའི་ཁམས་ཀྱང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་ན། ནམ་མཁའི་ཁམས་ཐམས་ཅད་དེ། དེ་ཉིད་ནི་མཐས་གཏུགས་པ་སྟེ། ཡོངས་སུ་མཐར་ཐུག་པ་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་ཐམས་ཅད་ཀྱི་མཐས་གཏུགས་
เล่ม ๕๗ · หน้า 47b
པ་ཐམས་ཅད་དོ། །འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོའི་སྤྲིན་ཐམས་ཅད་དུ་ཞེས་བྱ་བ་ནི། དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་འབྱམ་ནི་རྒྱུན་རྣམས་སོ། །དེ་རྣམས་ཀྱིས་བསྡུས་པ་ཉིད་ནི་སྤྲིན་ནོ། །དེ་རྣམས་ཀྱིས་ཡང་དག་པར་བསྡུས་པ་ནི་རྒྱ་མཚོའོ། །
འདིས་ནི་འཇིག་རྟེན་གྱི་ཁམས་རྣམས་མཐའ་ཡས་པ་ཉིད་དུ་སྟོན་ཏོ། །ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་སེམས་ཅན་རྣམས་ལ་སྟོན་པར་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ཤེས་པ་ནི་དྲུག་སྟེ། ལྷའི་སྤྱན་དང་། ལྷའི་སྙན་དང་། གཞན་གྱི་སེམས་
མཁྱེན་པ་དང་། སྔོན་གྱི་གནས་རྗེས་སུ་དགོངས་པ་དང་། རྫུ་འཕྲུལ་དང་། ཟག་པ་ཟད་པའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མངོན་པར་ཤེས་པ་འདི་དག་ཉིད་ནི། མངོན་པར་བྱང་ཆུབ་པ་སྟེ། འདི་དག་ཐུགས་སུ་ཆུད་
པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། བྱང་ཆུབ་ཀྱི་སེམས་ཆེན་པོའི་རང་བཞིན་གྱི་ཐུགས་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེ་བསྐྱེད་པ་ནི་སྒོམ་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་བྱས་པའོ། །
དེ་ཡང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་དབང་དུ་མཛད་ནས་བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་བཤད་པ་ཡིན་ནོ། །ཀུན་དུ་བཟང་པོའི་སྤྱོད་པ་སྣ་ཚོགས་པ་ནི་འཇིག་རྟེན་གསུམ་གྱི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པ་སྟེ་གྲུབ་པའོ། །དེ་ཡང་ཇི་ལྟར་ན་བཅོམ་
ལྡན་འདས་ཀུན་དུ་བཟང་པོའི་སྤྱོད་པ་ཡིན་ཞེ་ན། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། །གང་ཕྱིར་སེམས་ཅན་དོན་འགྱུར་བས། །དེས་ན་འདི་ནི་ཀུན་དུ་བཟང་། །བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའོ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་
เล่ม ๕๗ · หน้า 48a
པ་ཐམས་ཅད་ཀྱི་རིགས་མཉེས་པར་མཛད་པ་དང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རིགས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེ་རྣམས་མཉེས་པར་མཛད་པ་ནི་དབང་དུ་མཛད་པའོ། །
བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་བདུད་ཐམས་ཅད་བཏུལ་བ་ནི་འོག་མིན་གྱི་གནས་དང་མིའི་ཡུལ་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་གཟུང་བ་དང་འཛིན་པ་པོ་དང་བྲལ་བ་ཉིད་དོ། །དེ་ཉིད་ནི་
བྱང་ཆུབ་ཆེན་པོའོ། །དེའི་མངོན་པར་བྱང་ཆུབ་པ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་གྱིས་འོག་མིན་དང་མིའི་ཡུལ་དུ་བརྙེས་པའོ། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི། དམ་པ་རྣམས་ཀྱི་ཆོས་ཡིན་པས་དམ་པ་རྣམས་ཀྱི་ཆོས་ཏེ། ལུང་དང་
རྟོགས་པའི་བདག་ཉིད་ཅན་ནོ། །དེ་ཉིད་གདུལ་བྱའི་རྒྱུད་ལ་འཕོ་བའི་ཚུལ་གྱིས་ན་འཁོར་ལོའོ། །དེ་བསྐོར་བ་ནི་དཀྱིལ་འཁོར་ལ་སོགས་པའི་ཚུལ་གྱིས་སོ། །ཇི་སྲིད་ཀྱི་སྒྲས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་དག་ཀྱང་བསྡུའོ། །སེམས་ཅན་གྱི་ཁམས་
མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་སྐྱོབ་ཅིང་ཞེས་བྱ་བ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་ངན་སོང་ལ་སོགས་པའི་སྡུག་བསྔལ་ལས་བཟློག་པ་ནི་ཀུན་ནས་ཡོངས་སུ་སྐྱོབ་པའོ། །ཐམས་ཅད་ལ་ཕན་པ་ནི་མ་འོངས་པའི་བདེ་བར་སྨིན་པའི་ལས་ལ་སྦྱར་བའོ། །
ཐམས་ཅད་བདེ་བ་ནི་ཚེ་འདི་ཉིད་ལ་མྱོང་བའི་ལུས་ཀྱི་བདེ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་དཔལ་རྡོ་རྗེ་སེམས་དཔས་ངེས་པར་སྦྱར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ཤེས་པ་ནི་གནས་སྐབས་འདིར་དཔལ་རྡོ་རྗེ་སེམས་དཔའི་
མངོན་པར་ཤེས་པ་ཉིད་ཡིན་ནོ། །དེ་ཉིད་ནི་དམ་པའི་དངོས་གྲུབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་། དམ་པའི་དངོས་གྲུབ་དེ་རྣམས་གྲུབ་པ་ལ་སོགས་པ་གང་ཡིན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་
เล่ม ๕๗ · หน้า 48b
འཕྲུལ་དང་ཆོ་འཕྲུལ་མཐའ་ཡས་པ་རྣམས་རབ་ཏུ་བསྟན་པས་ན་དེ་སྐད་ཅེས་བྱའོ། །སོགས་པའི་སྒྲས་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་མངོན་པར་ཤེས་པ་རྣམས་བསྡུའོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་
སོགས་པའོ། །ཆོ་འཕྲུལ་ནི་མཐུ་ཡང་དག་པར་སྟོན་པ་སྟེ། ལོང་བ་རྣམས་ཀྱིས་མིག་འཐོབ་བོ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཀུན་དུ་བཟང་པོ་ཡིན་པ་དང་ཞེས་བྱ་བ་ནི། འདི་ལས་ཀུན་ནས་བཟང་ཞིང་དགེ་བ་འདི་ལས་འཚེ་བ་
མེད་པས་ནི་ཀུན་དུ་བཟང་པོའི་སྐུར་གྱུར་པ་སྟེ། དེ་བས་ན་ཀུན་དུ་བཟང་པོའོ། །དེ་ཉིད་ཀྱི་ངོ་བོ་ནི་ཀུན་དུ་བཟང་པོ་ཉིད་ཡིན་པའོ། །སུའི་ཞེ་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཞེས་བྱ་བ་སྟེ། ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་
མཛད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྐུ་ནི་རྡོ་རྗེ་སེམས་དཔའི་སྐུ་སྟེ། དེ་ལྟ་བུའི་ཀུན་དུ་བཟང་པོར་གྲུབ་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། དེ་གྲུབ་པར་བྱེད་པ་ལ་ཐུགས་རྩེ་གཅིག་པའོ། །ཤིན་ཏུ་བརྟན་པའི་ཕྱིར་ཞེས་བྱ་
བ་ནི། སྒྱུ་མ་དང་འདྲ་ཞིང་མིག་ཡོར་ལྟ་བུར་སྣང་བའི་ཚུལ་གྱིས་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུས་པའི་ཕྱིར་དང་། དངོས་པོར་འཛིན་པས་བསྐྱོད་པར་མི་ནུས་པ་ནི་ཤིན་ཏུ་བརྟན་པ་སྟེ། དེའི་ངོ་བོ་ཉིད་ནི་ཤིན་ཏུ་བརྟན་པ་ཉིད་དོ། །དེ་ལྟར་ཤིན་ཏུ་བརྟན་ཞིང་དངོས་པོར་
འཛིན་པ་དང་བྲལ་བ་དེའི་ཕྱིར། དེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་སྐུ་གཅིག་ཏུ་གྱུར་པ་ཀུན་དུ་བཟང་པོའི་སྐུ་གཅིག་པུའོ། །ཤིན་ཏུ་བརྟན་པ་དང་གཅིག་ཏུ་གྱུར་པ་ཉིད་ཀྱིས་གཅིག་ཏུ་གྱུར་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་
མཛད་ལས་གཞན་པ་དགའ་བ་ཉིད་དུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་དབང་ཉིད་ཀྱིས་སོ། །དུ་མའི་ཚུལ་གྱིས་བཞུད་པ་དང་བྱོན་པར་སྟོན་པ་
เล่ม ๕๗ · หน้า 49a
ནི་ཐུགས་ལ་ཞུགས་པ་ཡིན་ནོ། །གཞན་དག་གིས་ཀྱང་སེམས་དབང་དུ་བྱ་བར་འདོད་ན་འདི་ལྟ་བུར་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །ཆད་དུ་བརྗོད་པ་ཞེས་བྱ་བ་ནི། ཆེད་ཀར་ཉེ་བར་བརྗོད་པས་ན་ཆེད་དུ་བརྗོད་པ་སྟེ། གཞན་གྱིས་མི་བསྐུལ་བས་རངས་
པའི་ཡིད་ཀྱིས་བརྗོད་ཅིང་སྨྲས་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །བདག་ཅེས་བྱ་བ་ནི་བདག་ཉིད་དོ། །རང་ཉིད་བྱུང་བས་ན་རང་འབྱུང་སྟེ་སངས་རྒྱས་བཅོམ་ལྡན་འདས་སོ། །སེམས་དཔའ་བརྟན་ཞེས་བྱ་བ་ནི་མི་ཕྱེད་པའི་སེམས་དཔའོ། །གལ་ཏེ་ཁྱོད་
སངས་རྒྱས་རྣམས་ཀྱི་ཀུན་དུ་བཟང་པོ་ཡིན་པ་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན། དེ་ནི་བརྟན་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ནི་རྒྱུ་གང་གིས་སོ། །བརྟན་པས་ལུས་མིན་ཀྱང་ཞེས་བྱ་བ་ནི། གཉིས་སུ་མེད་པའི་སེམས་ཀྱི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་།
སེམས་དཔའི་ལུས་སུ་ཞེས་བྱ་བ་ནི། སེམས་དཔའི་སྐུའི་ངོ་བོ་ནི་སེམས་དཔའི་ལུས་ཉིད་དོ། །གྱུར་པ་ཡིན་ཞེས་བྱ་བ་ནི། ཐོབ་ཅིང་གྲུབ་པ་འདི་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གཟུགས་མེད་པ་ཡིན་
ན། སྔོན་གྱི་འཕེན་པའི་ཤུགས་ཀྱི་མཐུས་གདུལ་བྱས་བདག་གཟུགས་ཀྱི་སྐུར་མཐོང་བ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྐུ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི། རྣམ་པར་སྣང་
མཛད་ཀྱི་ཐུགས་ཀ་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་ན་ཞེས་བྱ་བ་ནི། བཅོམ་ལྡན་འདས་མི་བསྐྱོད་པའི་མདུན་ནའོ། །བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི། བདག་གིས་ཅི་ཞིག་བགྱི་ཞེས་བཀའ་ནོད་པར་གྱུར་པའོ། །བཅོམ་
ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔ་ན་རྣམ་པར་སྣང་མཛད་ལ་མངོན་པར་ཕྱོགས་ན་ནི། འདི་ཞལ་གཅིག་པ་དང་ཕྱག་གཉིས་པ་ཡིན་ཏེ། ཞལ་དུ་མའི་ཚིག་མེད་དོ། །གང་ཡང་ཞལ་དུ་མ་མངའ་བ་དེར་ནི་ཁྱད་པར་ཉིད་དུ་གསུང་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་
เล่ม ๕๗ · หน้า 49b
ལ་སོགས་པ་ལ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ། རྡོ་རྗེ་དེ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ནས་ཞེས་བྱ་བའི་སྒྲ་ནི། དེ་མ་ཐག་པ་སྟོན་པའི་ཚིག་སྟེ་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཞེས་བྱ་
བ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་ན་གནས་པའི་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་དེ་ཉིད། ཀུན་རྫོབ་ཀྱི་རང་བཞིན་ཡིན་པས་ན་དམ་ཚིག་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་ཉིད་ཀྱིས་ན་ཀུན་རྫོབ་ཀྱི་ཚུལ་གྱིས་རྡོ་རྗེ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་མིང་དེ་སྐད་ཅེས་བཤད་དོ་ཞེས་བསྟན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དམ་ཚིག་རྡོ་རྗེ་ཞེས་བྱ་
བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རྩེ་ལྔ་པ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་དེ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པ་ཕས་ཕམ་པ་བཅུ་བཞི་ལས་ལྡོག་པའི་མཚན་ཉིད་ཅན་ནོ། །དེ་བཞིན་གཤེགས་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་
པའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཏོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཤེས་རབ་བོ། །དེས་ལམ་གྱི་ཚུལ་གྱིས་ཉོན་མོངས་པ་ཐམས་ཅད་སྤངས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་
པར་བྱང་ཆུབ་པ་ནི་རྣམ་པར་གྲོལ་བའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་ནི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །དེ་ནས་དཀྱིལ་འཁོར་སྤྲུལ་པ་ནི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །རྫུ་འཕྲུལ་
เล่ม ๕๗ · หน้า 50a
དང་ཆོ་འཕྲུལ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་རྣམ་པར་སྦྱོང་བ་ནི་སེམས་ཅན་གྱི་དོན་ནོ། །བཅོས་མའི་ཁྲོ་བོ་ཡང་དག་པར་སྟོན་པ་ནི་ཐབས་ཆེན་པོ་སྟེ། ཐབས་ཆེན་པོའི་ཡེ་ཤེས་ཀྱི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་སོ་ཞེས་བསྟན་པའི་ཕྱིར་རོ། །དེ་ཉིད་གདུག་པ་ཐམས་ཅད་ཚར་གཅོད་པར་སྦྱོར་བས་སྟོབས་སོ། །རྟ་མཆོག་ལ་སོགས་པའི་གཟུགས་ཅན་དུ་གྱུར་པས་བརྩོན་འགྲུས་སོ། །ཚིག་རེ་རེར་ཐམས་ཅད་བདག་ཡིན་པར་བྱ་བའི་ཡེ་ཤེས་ཆེན་པོའོ། །དེ་ལྟར་ན་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་གྱི་དོན་བྱ་བ་དང་། ཐབས་ཆེན་པོ་དང་། སྟོབས་ཆེན་པོ་དང་།
བརྩོན་འགྲུས་དང་། ཡེ་ཤེས་ཆེན་པོ་སྟེ། དེ་རྣམས་བསྐྱེད་པའི་རྒྱུར་གྱུར་པས་ན། རྡོ་རྗེ་ནི་དམ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱབ་
པ་དང་། ཐམས་ཅད་ཀྱི་དབང་པོར་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དེ་ཡང་བདེ་བ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །ཡིད་བདེ་བ་ཐམས་ཅད་ནི་དགའ་བ་སྟེ་དེ་དག་ཀྱང་དེ་བཞིན་ནོ། །དེ་རྗེས་སུ་མྱོང་བར་བྱ་བ་ནི་མངོན་
སུམ་དུ་བྱ་བ་སྟེ། དེའི་དོན་དུ་རྗེས་སུ་སྦྱིན་ནོ། །ཇི་སྲིད་ཅེས་བྱ་བའི་སྒྲས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་རྣམས་ཀྱང་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མི་བསྐྱོད་པ་ལ་སོགས་པའི་ཐུགས་ཏེ། དེའི་ཡེ་ཤེས་ནི་མངོན་པར་རྟོགས་
པའོ། །མངོན་པར་ཤེས་པ་ནི་ཇི་སྐད་དུ་བཤད་པའི་མངོན་པར་ཤེས་པ་དྲུག་ཉིད་དོ། །ཡེ་ཤེས་དང་མངོན་པར་ཤེས་པ་དྲུག་ཉིད་ནི་བླ་ན་མེད་པའི་ཐེག་པ་ཆེན་པོའོ། །དེ་མངོན་པར་རྟོགས་པ་ནི་ཐུགས་སུ་ཆུད་པའོ། །དེ་ཉིད་ནི་གྲུབ་པའི་མཆོག་སྟེ། དངོས་གྲུབ་ཀྱི་
เล่ม ๕๗ · หน้า 50b
མཆོག་གོ། །དེ་ཐོབ་པ་ནི་བརྙེས་པའོ། །དེ་ཉིད་ནི་འབྲས་བུ་སྟེ་དེ་དག་གི་རྒྱུའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེ་བྱིན་པ་ནི་སྩལ་བའོ། །འདི་སྐད་སྟོན་ཏེ། ཇི་སྲིད་རྡོ་རྗེ་སེམས་དཔའི་ཡེ་ཤེས་དང་མངོན་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་དེའི་ལག་
པར་བྱིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནི་རྡོ་རྗེ་དབྱིངས་ཀྱི་དུམ་བུར་གསུངས་པའི་དཀྱིལ་འཁོར་རྣམས་ཏེ། འཁོར་ལོ་ནི་དཀྱིལ་འཁོར་ཞེས་གསུངས་པའི་ཕྱིར་རོ། །དེ་སྒྱུར་བའི་
ངང་ཚུལ་འདི་ལ་མངའ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྤྲུལ་པ་དང་བྲི་བའི་ཆོ་གས་ཐུན་མོང་དུ་བྱ་བའི་ཕྱིར་དེའི་ངོ་བོ་ཉིད་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་
སྒྱུར་བ་ཉིད་དུ་བྱ་བ་དེས་ཀྱང་ཅི་ཞིག་མཛད་ཅེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་སྐུ་ནི་སངས་རྒྱས་
ཐམས་ཅད་ཀྱི་སྐུའོ། །དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་ན་རིན་པོ་ཆེའོ། །དེ་དང་ལྡན་པའི་དབུ་རྒྱན་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རིན་པོ་ཆེའི་དབུ་རྒྱན་ནོ། །དེས་དབང་བསྐུར་བ་ནི་དེ་ལྟ་བུའི་དབུ་རྒྱན།
དེའི་དབུ་ལ་བཞག་ནས། དར་དཀར་པོ་ཞང་དུ་ཁྲུ་གང་ལ། དཀྱུས་ཁྲུ་ཉི་ཤུ་པ་བཅིངས་པའི་དབང་གིས་དབང་བསྐུར་ནས་རྡོ་རྗེ་དེ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བ་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་དྲིལ་བུ་དང་བཅས་པ་ནི་གཡོན་པའི་རྡོ་རྗེ་སྟེ། དེ་ཁ་ནང་དུ་བསྟན་པར་
གཡོན་པའི་རྐེད་པའི་ཕྱོགས་སུ་བཀན་ཏེ་བཞག་པ་ནི་གཡོན་པའི་རྡོ་རྗེ་བསྒྱིངས་པའོ། །དེས་བཞུགས་ནས་ཕྱག་གཡས་པ་འདེགས་ཤིང་འཛིན་པར་མཛད་པས་ན་གསོར་བ་ཉིད་ཀྱིས་ཏེ་དེས་རྡོ་རྗེ་དེ་ཞེས་བྱ་བ་གང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སྩལ་
เล่ม ๕๗ · หน้า 51a
བ་གང་ཡིན་པ་དེ་ཐུགས་ཀར་བསྟོད་པའི་ཚུལ་གྱིས་ཞེས་བྱ་བ་རང་གི་ཐུགས་ཀའི་གནས་སུ་སོར་མོ་གསུམ་བསྒྲེང་བའི་གུང་མོ་ལ་རྡོ་རྗེ་དེ་ཁ་གྱེན་དུ་བལྟ་བར་འཇོག་པའི་ཚུལ་གྱིས་འཛིན་ཅིང་འཆང་ངོ་། །འདི་ཞེས་བྱ་བ་ཐུགས་ལ་གཞག་པར་མཛད་ནས་འདི་
སྐད་གསུངས་སོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །གྲུབ་པའི་རྡོ་རྗེ་ཞེས་བྱ་བ་ནི་གྲུབ་པའི་ཕྱིར་དང་དངོས་གྲུབ་ཀྱི་རང་བཞིན་ཡིན་པས་སོ། །བླ་ན་མེད་པ་ཞེས་བྱ་བ་ནི། སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་གསུངས་པའི་ཕྱིར་རོ། །
རིགས་ལྔའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་ནི་ཕུལ་དུ་བྱུང་བ་ཡིན་པས་སོ། །འདི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིས་སྩལ་བ་གང་ཡིན་པའོ། །བདག་སྟེ་ཞེས་བྱ་བ་ནི་རྡོ་རྗེ་གང་ཡིན་པ་དེ་ནི་བདག་ཡིན་པའོ། །བདག་གི་ལག་ཏུ་བྱིན་ཞེས་བྱ་བ་ནི།
བདག་གི་རང་བཞིན་ཅན་གྱི་རྡོ་རྗེའི་གཟུགས་གང་ཡིན་པ་དེ་བདག་གི་ལག་ཏུ་བྱིན་པའོ། །དེ་ལྟ་ཡིན་པ་དེས་ན་བདག་རྡོ་རྗེ་ལ་ནི་རྡོ་རྗེ་གནས་ཞེས་བྱ་བའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་སེམས་དཔའི་གདུལ་བྱ་རྣམས་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གཞག་པའི་དོན་དུ།
རྡོ་རྗེ་སེམས་དཔའ་བསྐུལ་བའི་ཕྱིར་ཏིང་ངེ་འཛིན་མངོན་དུ་མཛད་པ་དང་། དེའི་ཆེད་དུ་བརྗོད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་རྡོ་རྗེ་དང་། རྡོ་རྗེ་ཆེན་པོའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་དང་། སེམས་ཅན་གྱི་དོན་དང་། ཀུན་དུ་བཟང་པོ་དང་། དེའི་ཆེད་དུ་
བརྗོད་པ་དང་། བཀའ་ནོད་པ་དང་། དབང་བསྐུར་བ་དང་། རྫོགས་པའི་ཆེད་དུ་བརྗོད་པས་བསྐྱེད་པ་དང་། སྤྲོ་བ་དང་། བསྡུ་བ་དང་། གནས་པ་དང་། བརྟན་པར་བསྒོམ་པ་གསུངས་པ་ཡིན་ནོ། །དེ་ལྟར་ཚུལ་འདིས་དཔལ་རྡོ་རྗེ་སེམས་དཔས་འདུལ་བའི་རང་བཞིན་ལ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སུ་གཞག་པ་ཡིན་ནོ། །རྡོ་རྗེ་རྒྱལ་པོས་འགུགས་པ་ཡིན་པས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཡང་ཞེས་བྱ་བའི་སྒྲ་ནི་གཞན་ཡང་ཞེས་བྱ་
เล่ม ๕๗ · หน้า 51b
བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་ལ། གདོན་མི་ཟ་བ་ཡང་ཡིན་ལ་རྒྱལ་པོ་ཡང་ཡིན་པས་ན་གདོན་མི་ཟ་བའི་རྒྱལ་པོའོ། །དེ་ཉིད་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་ཟླ་བའི་དཀྱིལ་
འཁོར་གྱི་སྟེང་ན་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པར་གང་སྔར་བཤད་པའོ། །གདོན་མི་ཟ་བ་ནི་དོན་ཡོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་རྡོ་རྗེ་རྒྱལ་པོའི་གཟུགས་ཀྱིས་དེ་ཉིད་མཛེས་ཤིང་འབར་བའི་
གདོན་མི་ཟ་བའི་རྒྱལ་པོའོ། །དེའི་དམ་ཚིག་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའོ། །གང་གི་ཕྱིར་དེ་ལས་བྱུང་བས་ན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་གཟུགས་
ཀྱི་རྣམ་པར་སྤྲུལ་པ་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་དམ་ཚིག་ཅེས་བྱ་བ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་ནི་སྤྱན་འདྲེན་པའོ། །དེ་
ཉིད་ནི་དམ་ཚིག་སྟེ་རྒྱུའོ། །མིང་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་དེ་རང་གི་ཐུགས་ཀ་ནས་རང་ཉིད་ཀྱིས་ཕྱུང་བར་གྱུར་པ་ནི་བཛྲ་རཱ་ཛེ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་
པ་ལྔའི་ཐུགས་ཀ་ནས་སོ། །ཕྱུང་མ་ཐག་པ་ཞེས་བྱ་བ་ནི་སྒྲའི་གཟུགས་སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཅེས་བྱ་བ་ནི། གང་སྔར་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་ཀྱིས་བྱུང་བ་དེ་ཉིད། དེ་ནི་རྡོ་རྗེ་ལྕགས་ཀྱུ་ལྟ་བུར་བྱུང་བར་གྱུར་ནས་ཕྱག་གཉིས་སུ་
གནས་སོ་ཞེས་བྱ་བར་སྦྱོར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྕགས་ཀྱུ་ཆེན་པོ་སྟེ། ལྕགས་ཀྱུ་ཚད་མེད་པའི་གཟུགས་སུ་གྱུར་ཅིང་གྲུབ་པ་སྟེ། དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་ནས་བྱུང་ནས།
เล่ม ๕๗ · หน้า 52a
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་བཞུགས་ཏེ་སྔར་བཤད་པའི་རྒྱུད་ཉིད་ཀྱིས་གཅིག་ཏུ་འདྲེས་ནས། རྡོ་རྗེའི་རང་བཞིན་ཅན་གྱི་རྡོ་རྗེ་ལྕགས་ཀྱུ་ཆེན་པོའི་དབྱིབས་སུ་གྱུར་ཅིང་བྱུང་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་
ཀ་ནས་ཕྱུང་སྟེ། དེ་ཉིད་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་ལ་སོགས་པ་བྱས་ནས་ཐུགས་ཀར་གནས་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ལྕགས་ཀྱུའི་
དབྱིབས་ཆེན་པོ་དེ་ལས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་ན་གནས་པ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་།
འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་སྐུ་རྣམས་བྱུང་ཞིང་འཐོན་པར་གྱུར་པའོ། །དེས་ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་ནི་འདིའི་ལས་ཀྱི་
གཙོ་བོ་ཡིན་པར་སྟོན་ལ་དེ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་སོ། །སོགས་པའི་སྒྲས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་
པ་ལ་སོགས་པ་བསྡུས་ཏེ། དེ་རྣམས་བྱས་ནས་སོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་ལ་ཤིན་ཏུ་གདོན་མི་ཟ་ཞིང་དོན་ཡོད་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་རང་བཞིན། རྡོ་རྗེ་རྒྱལ་པོའི་གཟུགས་སུ་འདི་ལས་
འགྱུར་བས་ན་ཤིན་ཏུ་གདོན་མི་ཟ་བའོ། །དེ་ཉིད་ཀྱིས་ནི་རྒྱལ་པོ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་རྒྱལ་པོ་དེ་ཉིད་དོ། །དེ་ལྟར་ཤིན་ཏུ་གདོན་མི་ཟ་བའི་རྒྱལ་པོ་ཉིད་དོ། །གང་གི་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཞེས་བྱ་བ་སྟེ། སྔར་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་
เล่ม ๕๗ · หน้า 52b
འཛིན་ཏོ། །རྒྱུ་དེ་ལས་དེ་བཞིན་གཤེགས་པའི་སྐུ་དེ་དག་ཐམས་ཅད་གཅིག་ཏུ་གྱུར་པ་ལས་རྡོ་རྗེ་རྒྱལ་པོའི་ལུས་གཅིག་ཏུ་གྱུར་ཏོ། །ཤིན་ཏུ་བརྟན་པའི་ཕྱིར་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ཏེ། གང་གིས་རྡོ་རྗེའི་རང་བཞིན་ཁོང་སྟོང་མ་ཡིན་པའོ། །བྱང་ཆུབ་སེམས་
དཔའ་ཆེན་པོ་གདོན་མི་ཟ་བའི་ལུས་སུ་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ནས་དེ་ཉིད་དུ་གནས་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པར་གྱུར་ཏོ། །ཨེ་མའོ་རྡོ་རྗེ་ལས་བྱུང་བ། །ཞེས་བྱ་བ་ལ། ཨེ་མའོ་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །
རྡོ་རྗེ་ལས་བྱུང་བའི་ལྕགས་ཀྱུ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལས་བྱུང་བས་ན་དེའི་ཕྱིར་རྡོ་རྗེ་ལས་བྱུང་བའོ། །ཡན་ལག་གང་ལས་གཟུང་བ་སྟེ་འདྲེན་པའི་དོན་གྱིས་ནི་ལྕགས་ཀྱུ་སྟེ། འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་ཚུལ་
གྱིས་ན་ལྕགས་ཀྱུ་དང་འདྲ་བས་ལྕགས་ཀྱུ་ཞེས་སྨོས་པ་ཡིན་ནོ། །ངེས་པའི་རྒྱལ་པོ་བདག་ཅེས་བྱ་བ་སྨོས་པ་ནི། གདོན་མི་ཟ་བའི་རྒྱལ་པོ་ནི་བདག་ཡིན་པའོ། །འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར་ཀུན་དུ་སངས་རྒྱས་ཁྱབ་ཅེས་བྱ་བ་ལ་སོགས་པ་གསུངས་
ཏེ། གང་གི་ཕྱིར་ཏེ་གཏན་ཚིགས་གང་གིས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བདག་མེད་པའི་ཡེ་ཤེས་ཀྱི་མཐུས་ནམ་མཁའི་དབྱིངས་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་དངོས་གྲུབ་གྲུབ་པའི་ཕྱིར། ཀུན་ནས་སྤྱན་འདྲེན་ཅིང་ཐམས་
ཅད་དུ་ཁྱབ་པ་ལས་འགུགས་པ་འདི་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་ཏེ། བདག་དང་དེ་རྣམས་ཐ་མི་དད་པས་ཐམས་ཅད་དུ་ཁྱབ་པ་ལྟ་བུ་ལས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་ཡིན་ནོ་ཞེས་གདུལ་བྱ་རྣམས་ཀྱིས་དེ་ལྟར་མཐོང་གི །དེའི་རང་བཞིན་བདག་དང་ཐ་དད་པ་ནི་
མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཤིན་ཏུ་གདོན་མི་ཟ་བའི་རྒྱལ་པོའི་སྐུ་ཞེས་བྱ་བ་ནི་གང་གིས་བཤད་མ་ཐག་པའི་ཆེད་དུ་བརྗོད་པ་གསུངས་སོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཕྱུང་སྟེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་སོ། །དེ་བཞིན་གཤེགས་པ་
เล่ม ๕๗ · หน้า 53a
ཐམས་ཅད་ཀྱི་གཡས་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་མི་བསྐྱོད་པའི་གཡས་ལོགས་སུའོ། །ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏེ་ཞེས་བྱ་བ་ནི། ཀུན་དུ་བཟང་པོའི་ཚུལ་གྱིས་བཀའ་ནོད་པ་ནི་བྱང་ཆུབ་ཀྱི་
སེམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡིན་ལ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་ཕྱིར་ཡིན་པས་ཞེས་བྱ་བའི་སྒྲས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་སྤྱན་འདྲེན་པའི་
ཕྱིར་དམ་ཚིག་སྟེ། རྡོ་རྗེ་ལྕགས་ཀྱུའི་སྐུ་ལ་དམིགས་པ་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ལྕགས་ཀྱུ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེས་ཅི་ཞིག་མཛད་ཅེ་ན། དེ་བཞིན་
གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་དམ་ཚིག་རྡོ་རྗེ་ལྕགས་ཀྱུ་དེ་དེའི་ལག་པར་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་དམ་ཚིག་ནི་རྒྱུའོ། །དེ་
ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་དོ། །ཐམས་ཅད་འགུགས་པ་དང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་
དྲངས་པས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བར་བྱ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་འདུ་བའི་བྱིན་གྱི་རླབས་ནི་གཅིག་ཏུ་འདུས་པར་མཛད་པའོ། །དེ་ཉིད་ནི་དམ་པའི་དངོས་གྲུབ་སྟེ་དེའི་ཕྱིར་རོ། །བར་གྱི་ཞེས་བྱ་བའི་སྒྲས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་
པ་བསྡུའོ། །རྡོ་རྗེ་ལྕགས་ཀྱུ་དེ་རྣམས་བྱང་ཆུབ་སེམས་དཔའ་ཆེན་པོ་གདོན་མི་ཟ་བའི་རྒྱལ་པོ་དེའི་ཞེས་བྱ་བ་ནི་སྔར་གྲུབ་པའོ། །ལག་པར་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལྔའི་རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱི་དབང་གིས་དབང་བསྐུར་
เล่ม ๕๗ · หน้า 53b
ནས། རྡོ་རྗེ་འགུགས་པ་ཞེས་བྱ་བ། རྡོ་རྗེ་ལྟར་མི་ཕྱེད་པའི་འགུགས་པས་སྤྱན་འདྲེན་པ་འདི་ལ་མངའ་བས་ན་རྡོ་རྗེ་འགུགས་པའོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །རྡོ་རྗེའི་ཡེ་ཤེས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །
དེ་ཉིད་ཀྱིས་ན་བླ་ན་མེད་པ་སྟེ་མཆོག་ཏུ་གྱུར་པའོ། །འདི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་རྙེད་པ་གང་ཡིན་པའོ། །ཅིའི་ཕྱིར་བླ་ན་མེད་པ་ཡིན་ཞེ་ན། སངས་རྒྱས་ཀུན་གྱི་དོན་གྲུབ་ཕྱིར། །ཀུན་ནས་སྤྱན་དྲངས་དམ་པའོ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་སངས་
རྒྱས་ཐམས་ཅད་ཀྱི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པས་སེམས་ཅན་གྱི་དོན་གང་ཡིན་པ་དེ་གྲུབ་ཅིང་རྫོགས་པར་གྱུར་ཏེ། དེའི་ཕྱིར་ཀུན་ནས་ཏེ། ཕྱོགས་བཅུ་ནས་སྤྱན་འདྲེན་པ་ཡིན་ལ། དེ་ལྟར་ཀུན་ནས་སྤྱན་དྲངས་པ་ཉིད་ཀྱིས་ན་དམ་པའོ། །
བསྐྱེད་པ་དང་། སྤྲོ་བ་དང་། བསྡུ་བ་དང་། གནས་པ་དང་། བརྟན་པར་བསྒོམས་པ་ལ་སོགས་པ་ནི་ཐམས་ཅད་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་རྡོ་རྗེ་རྒྱལ་པོས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས། དེ་རྣམས་རྡོ་རྗེ་ཆགས་པས་ཇི་ལྟར་རྗེས་སུ་
མཉེས་པར་བྱ་བ་དེ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པར་སྟོན་པའི་ཚིག་གོ། །ཡང་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོ་ལ་ལྟོས་ནས་ཡང་གི་སྒྲ་སྨོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བདུད། །ཅེས་བྱ་བ་ནི། །བྱང་ཆུབ་སེམས་
དཔའ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ནི་ཆོས་བདག་མེད་པའི་ཆགས་པས་གསོད་པས་ན་བདུད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བདུད་ཀྱང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་དོ། །དེ་ཉིད་ནི་རྡོ་རྗེ་སེམས་དཔའ་ལྟ་བུའོ། །དེའི་
དམ་ཚིག་ནི་མེ་ཏོག་གི་མཚོན་ཆ་ལ་སོགས་པའི་གཟུགས་སོ། །དེ་གང་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ལ་སྙོམས་པར་ཞུགས་པ་ནི་མེ་ཏོག་གི་མཚོན་ཆ་ལ་སོགས་པའི་གཟུགས་ཀྱི་རྣམ་པར་འཕྲུལ་པ་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་
เล่ม ๕๗ · หน้า 54a
མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་པོ་འདི་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་ཞེས་པ་ནི་ཡང་དང་
ཡང་དུ་མངོན་དུ་བྱེད་པའོ། །དེའི་དོན་གྱི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་དམ་ཚིག་སྟེ་རྒྱུའོ། །གང་ལ་མིང་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྙིང་པོ་དེ་རང་གི་ཐུགས་ཀའི་ངེས་པའི་ཡེ་ཤེས་ལས་བྱུང་ངོ་ཞེས་པ། ཕྱུང་བར་གྱུར་པ་ནི་བཛྲ་རཱ་ག་ཞེས་བྱ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་
བྱ་བ་ནི། དེ་བཞིན་གཤེགས་པ་ལྔའི་ཐུགས་ལས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་དེ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེ་གཟུགས་གང་ཡིན་པ་སྔར་བཤད་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་གཟུགས་སུ་བྱུང་བ་གང་ཡིན་པ་དེ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་མེ་ཏོག་གི་མངར་གྱུར་ནས་ཞེས་བྱ་བ་ནི་མེ་ཏོག་གི་མདའ་དང་བཅས་པའི་གཞུའི་གཟུགས་སུ་གྱུར་ནས། ཕྱག་གཉིས་སུ་གནས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་
པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་སོགས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པ་ནི་སྒོམ་པ་སྟེ།
འདོད་ཆགས་དམ་ཚིག་ཅེས་བཤད་པ། །ཆོས་ཀྱི་འདོད་པ་ཡིད་དུ་འོང་། །དེ་ཡི་ལམ་གྲུབ་རྣལ་འབྱོར་ནི། །རྗེས་སུ་ཆགས་པ་ཞེས་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་སོགས་
เล่ม ๕๗ · หน้า 54b
པ་སྟེ། སོགས་པའི་སྒྲས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྡུའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་བདུད་བྱེད་པ་ཉིད་དང་ཞེས་བྱ་བ་ནི། རབ་ཏུ་བདུད་བྱེད་པས་ན་ཤིན་ཏུ་བདུད་བྱེད་པ་སྟེ། དེའི་ངོ་བོ་ཉིད་ནི་ཤིན་ཏུ་བདུད་བྱེད་པ་ཉིད་དོ། །དེའི་ཕྱིར་ཤིན་ཏུ་བདུད་
བྱེད་པ་ཉིད་ཀྱིས་ནི། འདི་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ཏེ། རྡོ་རྗེ་ཆགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བློ་ཅན་སངས་རྒྱས་ཀྱི་བྱང་ཆུབ་སེམས་ཀྱི་ངོ་བོ་ཆོས་བདག་མེད་པའི་འདོད་ཆགས་ཀྱིས་ཤིན་ཏུ་གསོད་ཅིང་བར་དུ་གཅོད་པར་
བྱེད་པས་ཤིན་ཏུ་བདུད་བྱེད་པ་ཉིད་དེ་དེ་རྫོགས་པར་བྱེད་པའི་སེམས་རྩེ་གཅིག་པ་ནི་ཤིན་ཏུ་བདུད་བྱེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་བས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཤིན་ཏུ་བདུད་བྱེད་པ་ལས་ནི་དེ་དེ་བཞིན་གཤེགས་པའི་སྐུ་གཅིག་ཏུ་གྱུར་ནས། ཤེས་པ་བྱང་ཆུབ་
སེམས་དཔའ་ཆེན་པོ་བདུད་ཀྱི་སྐུར་གྱུར་ནས་སོ། །ཤིན་ཏུ་བརྟན་པའི་ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གཅིག་ཏུ་འདྲེས་པར་གྱུར་པ་ནི་རྡོ་རྗེའི་རང་བཞིན་ཁོང་སྟོང་མ་ཡིན་པའོ། །བདུད་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བསྒོམ་པའི་ལམ་གྱི་ཚུལ་
གྱིས་གཟུང་བ་དང་འཛིན་པ་པོའི་རྣམ་པར་རྟོག་པ་གསོད་པས་ན་བདུད་ཅེས་བྱ་སྟེ། སངས་རྒྱས་ཐམས་ཅད་མཉེས་བྱེད་པ། །རྗེས་སུ་ཆགས་པ་ཞེས་བཤད་དོ། །རྡོ་རྗེ་འདོད་པ་འདོད་ཆགས་ཆེ། །རྡོ་རྗེ་ཆགས་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་
པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་ཏོ། །བདག་གི་རང་བཞིན་དག་ཅེས་བྱ་བ་ནི། རང་བཞིན་གྱིས་ཡང་དག་པའི་ལམ་བསྒོམ་པའི་ཚུལ་གྱིས་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་དག་པ་སྟེ་རྗེས་སུ་ཆགས་པའི་སྒོམ་པའོ། །གང་གིས་སྒོམ་པ་ཡིན་ཞེ་ན། རང་བྱུང་
བདག་ཅེས་བྱ་བ་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར། འདོད་ཆགས་བྲལ་རྣམས་དག་བྱའི་ཕྱིར། །ཞེས་གསུངས་ཏེ། འདོད་ཆགས་དང་བྲལ་བ་ནི་ཉོན་མོངས་པ་བག་ཆགས་
เล่ม ๕๗ · หน้า 55a
དང་བཅས་པ་སྤངས་པས་ཁམས་གསུམ་ལ་རྒྱབ་ཀྱིས་ཕྱོགས་ཤིང་དེར་འདོད་ཆགས་དང་བྲལ་བའོ། །སངས་རྒྱས་བཅོམ་ལྡན་འདས་ནི་རྣམ་པར་རྟོག་པ་མི་མངའ་བས་དེ་རྣམས་ལ་འདོད་ཆགས་ཀྱིས་ཞེས་བྱ་བ། ཆོས་ལ་བདག་མེད་པའི་འདོད་
ཆགས་རྒྱུར་གྱུར་པས་སོ། །འདུལ་བར་བྱེད་ཅེས་བྱ་བ་སེམས་ཅན་གྱི་ཁམས་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འཇོག་པར་བྱེད་པ་འདི་ནི་ངོ་མཚར་ཆེའོ། །གང་འདོད་ཆགས་དང་བྲལ་བ་ཇི་ལྟར་འདོད་ཆགས་ཅན་ཡིན། ཇི་ལྟར་འདོད་ཆགས་ཅན་འདོད་ཆགས་དང་
བྲལ་བར་འགྱུར་ཞེས་བྱ་བ་ནི་མི་མཐུན་པའི་རྒྱན་ནོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཕྱུང་སྟེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། མི་བསྐྱོད་པའི་གཡོན་ཕྱོགས་སུའོ། །ཡང་བཀའ་ནོད་ཅིང་བཞུགས་
སོ་ཞེས་བྱ་བ་ནི། གདོན་མི་ཟ་བའི་རྒྱལ་པོའི་གཟུགས་ཀྱིས་ནི། དེ་བཞིན་གཤེགས་པ་རྣམས་སྤྱན་འདྲེན་པའི་ཕྱིར་བཀའ་ནོད་པ་ཡིན་ལ། དེ་ལྟ་ནི་དེའི་རྗེས་སུ་མཉེས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི། ཡང་གི་སྒྲའི་དོན་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་
བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་མདའ་དེ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་ནི་སྔ་མ་བཞིན་ནོ། །དེའི་དོན་དུ་བྱིན་གྱིས་བརླབས་པ་ནི། དེའི་རྒྱུ་མདའི་གཟུགས་སུ་དེ་ལ་དམིགས་པ་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་
འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། རྡོ་རྗེ་མདའི་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ནི། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་གདུལ་བྱ་དམིགས་པ་ལ་སྤྱོད་པ་དེ་རྣམས་ཀྱི་ཉེ་བར་དམིགས་པ་ལས་ངེས་པར་ཟློག་པར་བྱེད་པ་ནི་གསོད་པ་ཡིན་ལ། དེའི་དོན་ནི་མི་ཕྱེད་པའི་དམ་ཚིག་གི་རྒྱུ་མདའི་གཟུགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་ཀྱི་རྡོ་རྗེའི་དམ་ཚིག་གོ། །དེ་
เล่ม ๕๗ · หน้า 55b
ཅིའི་ཕྱིར་བརྩལ་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་བསྒོམ་པ་ནི་མགུ་བར་བྱ་བའོ། །དེས་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བའི་དོན་དུའོ། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་བདུད་ཀྱི་ལས་ཡིན་པས་ན་བདུད་ཀྱི་ལས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལ་རྗེས་སུ་ཆགས་པའོ། །དེ་ཉིད་ནི་དངོས་གྲུབ་ཀྱི་མཆོག་སྟེ། དེ་ཐོབ་ཅིང་རེག་པར་བྱ་བ་དེ་དག་གི་རྒྱུའི་ཕྱིར་ཏེ། སེམས་ཅན་གྱི་ཁམས་རྣམས་ཀྱི་རྡོ་རྗེ་ཆགས་པའི་ཏིང་ངེ་འཛིན་ཐོབ་པའི་
དོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །བར་དུ་ཞེས་བྱ་བའི་སྒྲས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡང་ཞེས་སྟོན་ཏོ། །རྡོ་རྗེའི་མདའ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདུད་བྱེད་ཅིང་ཞེས་བྱ་བ་ནི་བདག་ཉིད་དང་མཉམ་པར་བྱེད་ཅེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་
གང་བཅོམ་ལྡན་འདས་ཀྱིས་སྩལ་པ་གང་ཡིན་པའོ། །འདི་ཅི་ཞིག་ཡིན་ཞེ་ན། སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི་ཡེ་ཤེས་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་སུ་ངེས་པ་ནི་འདོད་ཆགས་ཀྱི་ཡེ་ཤེས་སོ། །དྲི་མ་མེད་ཅེས་བྱ་བ་ནི་ངེས་པའི་ཚུལ་ཡིན་པ་ཉིད་ཀྱིས་ན་འདོད་
ཆགས་ལ་སོགས་པའི་དྲི་མ་དང་བྲལ་བས་དྲི་མ་མེད་པའོ། །འདིས་ཅི་ཞིག་བྱེད་ཅེ་ན། འདོད་ཆགས་ཀྱིས་ནི་ཆགས་བྲལ་བཅོམ། །ཞེས་བྱ་བ་གསུངས་ཏེ། འདོད་ཆགས་འདིས་སངས་རྒྱས་ཀྱི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ཅན་བཅོམ་ནས། བདེ་
བ་ཐམས་ཅད་སྦྱིན་པར་བྱེད། །ཅེས་བྱ་བ། སེམས་ཅན་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ཅན་གྱིས་བདེ་བ་ཐམས་ཅད་ངེས་པར་སྦྱིན་པར་བྱེད་ཅིང་སྩོལ་བར་མཛད་པའོ། །དེ་ལྟར་རྡོ་རྗེ་ཆགས་པས་དེ་བཞིན་གཤེགས་པ་ཐམས་ཅད་
རྗེས་སུ་མཉེས་པར་བྱ་བ་གསུངས་ནས། དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ལེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་བྱ་བར་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བ་ནི་
เล่ม ๕๗ · หน้า 56a
རྡོ་རྗེ་ཆགས་པ་ལ་ལྟོས་པའོ། །རབ་ཏུ་དགའ་ཞེས་བྱ་བ་ནི་ཡིད་བདེ་བ་སྟེ། ཟག་པ་མེད་པའི་དགའ་བའོ། །དེས་ནི་མཛེས་ཤིང་འབར་བས་ན་རྒྱལ་པོའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོ་དེ་ཉིད་ནི་རྡོ་རྗེ་སེམས་དཔའི་ཚུལ་
ལོ། །དེའི་དམ་ཚིག་ནི་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་ཚུལ་ལོ། །དེ་བྱུང་བ་ནི་སེམས་དཔའ་སྟེ་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀར་གནས་པའི་སེམས་དཔའ་གང་ལས་སེམས་དཔའི་རྡོ་རྗེར་གྱུར་པ་དེ་བྱིན་གྱིས་བརླབས་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་
པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཏེ། དགའ་བའི་ཕྱག་རྒྱ་ལ་སོགས་པའི་རྣམ་པར་འཕྲུལ་པ་རྫོགས་པར་མཛད་པར་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་
དགའ་བའི་དམ་ཚིག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགའ་བ་ནི་མགུ་བའོ། །དེའི་དམ་ཚིག་ནི་རྒྱུའོ། །གང་ལ་མིང་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པའི་སྙིང་པོ་དེ་རང་གི་ཐུགས་ཀ་ནས་ཕྱུང་བར་གྱུར་པ་ནི་བཛྲ་སཱ་དྷུ་ཞེས་བྱ་བ་སྟེ། ལེགས་
སོ་ཞེས་བྱ་བ་ལ་སོགས་པའི་ཚུལ་གང་བཤད་མ་ཐག་པ་དང་ཕྱིས་སྟོན་པ་སྟེ། བཛྲ་སཱ་དྷུ་ཞེས་བྱ་བའི་སྒྲའི་ཚུལ་དུ་ཕྱུང་བར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་དགྱེས་པའི་དབྱིབས་སུ་གྱུར་ཏེ། ཕྱག་གཉིས་
སུ་གནས་སོ་ཞེས་བྱ་བར་སྦྱོར་རོ། །བཛྲ་སཱ་དྷུ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཕྱུང་མ་ཐག་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལྔའི་ཐུགས་ལས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་ཟླ་བ་དང་རྡོ་རྗེའི་རྣམ་པའོ། །ལེགས་སོ་ཞེས་བྱ་བར་
གྱུར་ནས་ཞེས་བྱ་བ་ནི་མགུ་བའི་ཕྱག་རྒྱའི་གཟུགས་སུ་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་གཉིས་ན་གནས་པའི་རྡོ་རྗེ་དགྱེས་པའི་དབྱིབས་ཕྱག་རྒྱའི་གཟུགས་ལས་དེ་བཞིན་གཤེགས་པའི་སྐུ་རྣམས་
เล่ม ๕๗ · หน้า 56b
བྱུང་ནས་ལེགས་སོ་ཞེས་བྱ་བ་ལ་སོགས་པ་བྱས་ནས། དེ་བཞིན་གཤེགས་པའི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་ནི་རྡོ་རྗེ་ལེགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་
རྡོ་རྗེ་སེམས་དཔའ་ལ་སོགས་པ་གཞན་རྣམས་ཀྱི་ཡང་བསྡུས་ཏེ། དེ་ལ་སོགས་པ་བྱས་ནས་སངས་རྒྱས་ཀྱི་སྐུ་དེ་རྣམས་ལས་རྡོ་རྗེ་ལེགས་པའི་སྐུ་གཅིག་པུར་གྱུར་ཏོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་དགའ་བར་བྱེད་པ་ཉིད་དང་ཞེས་བྱ་བ་གསུངས་
ཏེ། ཤིན་ཏུ་རབ་ཏུ་དགའ་ཞིང་ཡིད་བདེ་བ་གང་ཡིན་པ་དེ་ནི་ཤིན་ཏུ་དགའ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོ་སྐྱེད་པར་བྱེད་པའི་རྣམ་པར་མི་རྟོག་པའི་ཡིད་བདེ་བའི་རང་བཞིན་ཉིད་ནི་ཤིན་ཏུ་དགའ་བར་བྱེད་པའོ། །དེའི་ངོ་བོ་ཉིད་ནི་ཤིན་ཏུ་
དགའ་བར་བྱེད་པ་ཉིད་དེ་གང་གི་ངོ་བོ་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་སེམས་དཔའ་ནི་འདིར་སྔ་མ་བཞིན་དུ་སེམས་དཔའི་རྡོ་རྗེའོ། །དེ་ཉིད་ནི་ཐམས་ཅད་འབྱིན་པ་ཡིན་པར་ཤེས་པར་བྱའོ། །རབ་ཏུ་དགའ་བའི་རྒྱལ་པོའི་སྐུར་གྱུར་པ་གཅིག་པུ་
ནི་སྟོང་པ་ཉིད་ཀྱིས་ན་རབ་ཏུ་བརྟན་པའི་ཕྱིར་རོ། །དེ་བས་ན་འདྲེས་ཤིང་སྲ་བར་གྱུར་པ་སྟེ། རབ་ཏུ་དགའ་བའི་རྒྱལ་པོ་ནི་རྡོ་རྗེའི་རང་བཞིན་ནོ། །ཨེ་མའོ་ཐམས་ཅད་མཁྱེན་ཀུན་གྱི། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་སྟེ་སངས་རྒྱས་རྣམས་ཀྱིའོ། །ལེགས་སྦྱིན་ནང་
ན་བདག་མཆོག་པས། །ཞེས་བྱ་བ་ནི་མ་ཚང་བ་མེད་པ་ཀུན་གྱིས་ལེགས་པར་སྦྱིན་པ་ཉིད་ནི་བདག་ཉིད་ཡིན་ཏེ། རྣམ་པར་རྟོག་པ་མེད་དུ་ཟིན་ཀྱང་སྔོན་གྱི་འཕེན་པའི་ཤུགས་ཀྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་མགུ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན།
རྣམ་རྟོག་བྲལ་བ་དེ་དག་གིས། །ངེས་པར་དགྱེས་པ་བསྐྱེད་པ་ཡིན། །ཞེས་གསུངས་ཏེ། གང་གི་ཕྱིར་རྣམ་རྟོག་དང་བྲལ་ཞིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སངས་རྒྱས་རྣམས་ཀྱང་ངེས་པར་དགྱེས་པ་སྟེ། དགའ་བ་བསྐྱེད་པར་ནུས་པ་འདི་ནི་ངོ་མཚར་ཏོ། །
เล่ม ๕๗ · หน้า 57a
འདི་སྐད་སྟོན་ཏེ། སངས་རྒྱས་རྣམས་ཀྱི་སྔོན་གྱི་འཕེན་པའི་ཤུགས་ཀྱིས་ཟད་པ་མེད་པའི་མགུ་བའི་ངོ་བོ་ནི་བདག་ཡིན་ཏེ། བདག་གིས་དེ་རྣམས་རྣམ་པར་མི་རྟོག་པའི་རང་བཞིན་གྱིས་དགྱེས་པ་བསྐྱེད་དོ་ཞེས་བྱ་བ་འདི་གདུལ་བྱ་རྣམས་ཀྱིས་དེ་ལྟར་མཐོང་
བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོའི་སྐུ་དེ་ཞེས་བྱ་བ་ནི་གང་གིས་འདས་མ་ཐག་པའི་ཆེད་དུ་བརྗོད་པ་གསུངས་སོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རྒྱབ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་མི་བསྐྱོད་པའི་རྒྱབ་ནའོ། །ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་སྔར་ནི་རྡོ་རྗེ་ཆགས་པའི་གཟུགས་ཀྱིས་རྗེས་སུ་མཉེས་པར་བྱ་བའི་ཕྱིར་བཀའ་ནོད་པ་ཡིན་ལ་ད་ལྟར་
ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགྱེས་པ་བསྐྱེད་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་དགྱེས་པ་དེའི་ལག་པ་གཉིས་སུ་དེ་བཞིན་དུ་སྦྱིན་ནོ་ཞེས་བྱ་བར་སྦྱོར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་
པར་བྱེད་པའི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉེས་པར་བྱེད་པ་ནི་དགྱེས་པ་བསྐྱེད་པ་སྟེ་དོན་དེས་ནི་རྡོ་རྗེ་དགྱེས་པའི་ཕྱག་རྒྱ་ལ་དེ་སྐད་ཅེས་བྱའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་ལྟར་མི་ཕྱེད་པས་མིང་དེ་སྐད་ཅེས་བྱ་སྟེ། དེ་ལ་
སྙོམས་པར་འཇུག་པ་ནི་རྡོ་རྗེ་མགུ་བ་སྦྱིན་པའི་རྣམ་པར་ཐུགས་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགྱེས་པ་བླ་ན་མེད་པ་ནི་ཟག་པ་མེད་པའི་དགའ་བའོ། །དེའི་ཡེ་ཤེས་ནི་མངོན་སུམ་དུ་བྱས་པ་ཡིན་པས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རབ་ཏུ་དགྱེས་པ་བླ་ན་མེད་པའི་ཡེ་ཤེས་སོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུ་དགྱེས་པའི་རྡོ་རྗེའི་ཕྱག་རྒྱའོ། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་མགུ་བར་བྱས་པས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བར་བྱ་བ་ནི་མངོན་སུམ་དུ་བྱ་
เล่ม ๕๗ · หน้า 57b
བ་སྟེ་དེའི་དོན་དུ་དགྱེས་པའི་ཕྱག་རྒྱ་བྱིན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགྱེས་པའི་རོ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟག་པ་མེད་པའི་ཡེ་ཤེས་དགྱེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགྱེས་པ་བླ་ན་
མེད་པ་སྟེ་ཡིད་བདེ་བ་ཡིན་ལ། དེའི་རོ་ནི་དགྱེས་པའི་ཉམས་སོ། །དེ་ཉིད་ནི་དངོས་གྲུབ་ཀྱི་དམ་པ་སྟེ་ཐོབ་པ་ཉིད་འབྲས་བུ་ཡིན་ཏེ་དེའི་ཕྱིར། རྡོ་རྗེ་ལེགས་པ་ཉིད་ཐོབ་པའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མ་གསུངས་པ་རྣམས་ཀྱང་བསྡུའོ། །
རབ་ཏུ་དགའ་བའི་རྒྱལ་པོ་དེའི་ཞེས་བྱ་བ་ནི་རབ་ཏུ་དགའ་བས་འབར་བར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་ལྔའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་ནས་རྡོ་རྗེ་དགྱེས་པ་ཞེས་བྱ་བ་མི་ཕྱེད་པའི་དགའ་བ་མངའ་བས་ན་རྡོ་རྗེ་དགྱེས་པའོ། །དེ་བཞིན་གཤེགས་པ་
ཐམས་ཅད་རབ་ཏུ་དགྱེས་པར་བྱེད་པའི་རང་བཞིན་དུ་བྱེད་ཅིང་ཆེད་དུ་བརྗོད་པ་འདི་གསུངས་པ་ཡིན་ཏེ། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཐད་ནས་བདག་གིས་རྙེད་པ་གང་ཡིན་པ་འདིའོ། །ཅི་ཞིག་ལས་ཅན་ཞེ་ན། ལེགས་པ་སྦྱིན་པ་རབ་ཏུ་འཇུག་བྱེད་པས། །
ཞེས་བྱ་བ་སྨོས་ཏེ། དགའ་བ་བསྐྱེད་པའོ། །དེ་བས་ན་རྡོ་རྗེ་ཐམས་ཅད་དགྱེས་པར་བྱེད་ཅེས་བྱ་བ་སྟེ་མི་ཕྱེད་པའོ། །ལྷ་རྫས་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་ཡིན་པས་ན་ལྷ་རྫས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་ལྷ་རྣམས་ཀྱི་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །
དགྱེས་པ་སྤེལ་བའོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡིད་བདེ་བའི་རྒྱུ་མངོན་པར་འཕེལ་བར་བྱེད་པའོ། །དེ་ལྟར་ན་རྡོ་རྗེ་ལེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ཞེས་བྱ་བས་མཉེས་པར་བྱེད་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཆེན་པོ་དང་ཞེས་བྱ་བ་ནི་མི་བསྐྱོད་པའི་ཐུགས་
ཏེ། དེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཡང་དབྱེར་མེད་པའི་ཉེ་བར་གདགས་པས་བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་དམ་ཚིག་དང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་ནི་སྤྱན་དྲངས་པའོ། །དེའི་དམ་ཚིག་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด