དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སརྦ་ཏ་ཐཱ་ག་ཏ་ཏཏྟྭ་སྃ་གྲ་ཧ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་ནཱ་མ་ཏནྟྲ་ཏཏྟྭ་ཨཱ་ལོ་ཀ་ཀཱ་རི་ནཱ་མ་བྱཱ་ཁྱཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๗ · หน้า 58a
ནི་རྒྱུ་སྟེ་བཅོམ་ལྡན་འདས་རྡོ་རྗེ་རྒྱལ་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་དོན་གྱི་ཡེ་ཤེས་ཏེ་རྡོ་རྗེ་ཆགས་པའོ། །དགྱེས་པ་ཆེན་པོ་ནི་དགྱེས་པ་ཆེ་བ་སྟེ། རྡོ་རྗེ་
ལེགས་པའོ། །འདི་ནི་སྡོམ་པ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་སེམས་དཔའོ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་ཚུལ་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་སེམས་དཔའ་ཡིན་པས་ན་དམ་ཚིག་
ཆེན་པོའི་སེམས་དཔའ་སྟེ། དེ་རྣམས་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཐོག་མ་དང་ཐ་མ་མེད་པའི་དམ་ཚིག་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སེམས་དཔའ་ནི་དམ་ཚིག་ཆེན་པོའི་སེམས་དཔའ་སྟེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ་ཞེས་
གསུངས་པའི་ཕྱིར་རོ། །གཞན་དུ་ཡང་བཤད་པར་བྱ་སྟེ། བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་བསྐྱེད་པ་ནི། མི་བསྐྱོད་པའི་རང་བཞིན་ཡིན་ནོ། །དེ་ཡང་བརྟགས་པ་ལས་ལྡོག་པའི་དབྱེ་བས་རྣམ་པ་བཞིའོ། །དེ་ལ་དབྱེ་བ་ནི་འདི་ཡིན་ཏེ། རྣམ་པར་རྟོག་པ་ཐམས་ཅད་
ཀྱིས་མི་གཡོ་བའི་མི་བསྐྱོད་པའི་ཐུགས་ཏེ་དེ་ཉིད་རྣམ་པར་རྟོག་པའི་ཆུ་བོ་ལས་གྲོལ་བར་བྱེད་པས་གྲོལ་བའི་སེམས་སོ། །གྲོལ་བར་བྱེད་པ་ཉིད་ཀྱིས་གྲོལ་བར་བྱེད་པས་ན་དེའི་ཕྱིར་གྲོལ་བའི་སེམས་སོ། །རྣམ་པར་རྟོག་པ་མེད་པས་ནི་དབུགས་འབྱིན་པའི་ངོ་བོ་སྟེ། དབུགས་
འབྱིན་པའི་ཚུལ་དེ་ཉིད་ཀྱིས་མཆོག་ཏུ་ཡིད་བདེ་བ་ཐོབ་པ་མྱ་ངན་ལས་འདས་པའི་ཚུལ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པའི་ཚུལ་ཡིན་པར་བཤད་དོ། །དེ་བས་ན་འདི་དག་ཉིད་ལ་དམ་ཚིག་ཆེན་པོའི་སེམས་དཔའ་
ཞེས་བཤད་དེ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལས་བྱུང་བའི་ཕྱིར་རོ། །དེ་ཡང་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་ཞེས་བཤད་དོ། །དམ་ཚིག་ཆེན་པོ་ཞེས་སུ་ཞིག་ལ་བཤད་ཅེ་ན། ཐོག་མཐའ་མེད་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་
เล่ม ๕๗ · หน้า 58b
ཞེས་གསུངས་པས་ཆོས་བདག་མེད་པའི་ཚུལ་གྱིས་ཐམས་ཅད་དུ་ཁྱབ་པས། དེའི་ཕྱིར་དམ་ཚིག་ཆེན་པོའོ། །གཞན་ཡང་། བྱང་ཆུབ་སེམས་བཟང་གང་ཡིན་ཏེ། །རྡོ་རྗེ་སེམས་དཔའ་ཡང་དག་འབྱུང་། །བསྡུ་བའི་དངོས་པོ་བཞི་རྣམས་ན། །རྡོ་རྗེ་རྒྱལ་པོར་དེ་བྱུང་ངོ་། །སེམས་
ཅན་སྨིན་བྱེད་འདི་ཆགས་པ། །ཡང་དག་བྱང་ཆུབ་སྤྱོད་ལེགས་པ། །དམ་ཚིག་ཆེ་སེམས་ཞེས་བྱ་བ། །བྱང་ཆུབ་སེམས་ལས་ཡང་དག་བྱུང་། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་ལེགས་པའི་ཚུལ་གྱིས་སེམས་ཅན་ཡང་དག་པའི་བྱང་ཆུབ་ཀྱི་སྤྱོད་པས་དྲི་མ་ཐམས་ཅད་དང་
བྲལ་བར་གྱུར་ནས། དབང་བསྐུར་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རང་གི་ཐུགས་ཀ་ནས་བྱུང་ངོ་ཞེས་བྱ་བར་སྦྱར་རོ། །ལེགས་སོ་ཞེས་བྱ་
བའི་ཚུལ་ལ་ལྟོས་ན་ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྙིང་པོ་ནི་བསྐྱེད་པའི་གནས་ཏེ་དེ་ལྟ་བུའི་སེམས་དཔའི་རྡོ་རྗེ་གང་ལ་མངའ་བ་དེ་ནི་ནམ་མཁའི་སྙིང་པོའོ། །དེའི་དམ་ཚིག་ནི་ནམ་མཁའ་ཐམས་ཅད་ཀྱི་ཟེར་ལ་སོགས་པའི་
ཚུལ་ལོ། །དེ་བྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་རིན་པོ་ཆེ་ལྟ་བུར་གྱུར་པའོ། །དེ་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱ་བའི་ཕྱིར་སྤྲུལ་པའི་དོན་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་མིང་དེ་སྐད་ཅེས་བྱ་བའི་ཚུལ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ། བྱང་ཆུབ་
སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་འོད་ཟེར་ལ་སོགས་པས་སྤྲུལ་པ་རྣམས་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་པར་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་དབང་བསྐུར་བ་ནི་ནམ་མཁའི་སྙིང་པོའོ། །དེ་ཉིད་ནི་འདའ་བར་མི་བྱ་བ་ཡིན་པས་ན་དམ་ཚིག་སྟེ། དེ་ལས་བྱུང་བ་ཉིད་ཀྱིས་ན་མིང་དེ་སྐད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ན་དེའི་རང་གི་ཐུགས་ཀ་ནས་བྱུང་བར་གྱུར་པ་ན།
เล่ม ๕๗ · หน้า 59a
བཛྲ་རཏྣ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་བཅོམ་ལྡན་འདས་ནམ་མཁའ་ཐམས་ཅད་ཀྱི་འོད་ཟེར་དུ་གྱུར་ནས་བྱུང་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་
སོགས་པ་དེ་བཞིན་གཤེགས་པ་ལྔའི་ཐུགས་ལས་སོ། །བྱུང་མ་ཐག་པ་ཞེས་བྱ་བ་ནི། བཛྲ་རཏྣ་ཞེས་བྱ་བའི་སྒྲའི་ཚུལ་བྱུང་མ་ཐག་ཏུའོ། །ཐམས་ཅད་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱང་ཡིན་ལ་ནམ་མཁའ་ཡང་ཡིན་པས་ན་ཐམས་ཅད་ནམ་མཁའོ། །དེའི་
མཉམ་པ་ཉིད་ནི་ཕྱོགས་བཅུ་ཐམས་ཅད་མེད་པར་བསྒོམ་པ་དང་། དོན་དམ་པར་ནི་རིན་པོ་ཆེའི་རིགས་སྒོམ་པའོ། །དེའི་ཡེ་ཤེས་ནི་ནམ་མཁའ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་གང་གིས་ཤིན་ཏུ་རྟོགས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་
ཤིན་ཏུ་རྟོགས་པ་ཡིན་པའི་ཕྱིར་ཞེས་བྱའོ། །དེ་སུ་ཞིག་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞེས་གང་གསུངས་པ་ཡིན་ཏེ། ནམ་མཁའི་འོད་ཟེར་སྐྱེད་པར་བྱེད་པར་སེམས་རྩེ་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་
དེ་ཉིད་དེ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེའི་རང་བཞིན་ནོ། །ནམ་མཁའ་ཐམས་ཅད་ཀྱི་འོད་ཟེར་དུ་གྱུར་ནས་བྱུང་ངོ་ཞེས་བྱ་བ་ལ། ནམ་མཁའ་ཐམས་ཅད་ཀྱི་འོད་ཟེར་ནི། སྔོན་པོ་དང་། དམར་པོ་དང་། སེར་པོ་དང་། ཤེལ་གྱི་མདོག་ཅན་ནི་ནམ་མཁའ་ཐམས་ཅད་ཀྱི་འོད་ཟེར་ཏེ།
རིའི་རྒྱལ་པོ་རི་རབ་ཀྱི་གྲགས་པ་ཉིད་བཤད་པ་ཡིན་ནོ། །རིན་པོ་ཆེ་སྣ་བཞིའི་རང་བཞིན་དེའི་འོད་ཟེར་གྱིས་ཁྱབ་པ་ཡིན་ཏེ། འདི་ལྟ་སྟེ། འཛམ་བུའི་གླིང་འདི་ནི་ནམ་མཁའ་གཅིག་ཏུ་སྔོ་བར་སྣང་ངོ་། །དེ་བཞིན་དུ་ཤར་གྱི་ལུས་འཕགས་པོ་ནི་ཤེལ་གྱི་མདོག་ཅན་ནོ་ཞེས་བྱ་བའི་
བར་དུའོ། །ནམ་མཁའ་ཐམས་ཅད་ཀྱི་འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་པ་ནི་གསལ་བར་བྱས་པའོ། །ཐམས་ཅད་ནམ་མཁའི་དབྱིངས་ལྟ་བུ་ནི་ནམ་མཁའི་འོད་ཟེར་གྱི་རང་བཞིན་ནོ། །གྱུར་པ་ནི་གྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་
เล่ม ๕๗ · หน้า 59b
ལ། ནམ་མཁའི་ཁམས་ཐམས་ཅད་ཀྱི་འོད་ཟེར་གྱི་ཚོགས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ནས་རྡོ་རྗེ་རིན་པོ་ཆེའི་དབྱིབས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །རྒྱུ་གང་གིས་ཤེ་ན། རྡོ་རྗེ་སེམས་དཔའི་
ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་ཡོངས་སུ་བསྒོམས་པས་ན་ཤིན་ཏུ་བསྒོམས་པ་སྟེ། དེ་བས་ན་ཤིན་ཏུ་བསྒོམས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །སུ་ཞིག་གི་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ་ནམ་མཁའི་ཁམས་ཐམས་
ཅད་ཀྱི་འོད་ཟེར་བསྡུས་པའི་ཚུལ་གྱིས་རྡོ་རྗེ་རིན་པོ་ཆེ་གཅིག་ཏུ་གྲུབ་པར་བྱེད་པས་སེམས་རྩེ་གཅིག་པ་ནི། འདིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། དེ་ཤིན་ཏུ་བསྒོམས་པར་གྱུར་པའི་ཕྱིར་རོ། །ནམ་མཁའི་ཁམས་ཐམས་ཅད་ཀྱི་སྙིང་པོའི་རང་བཞིན་ཞེས་བྱ་བ་ལ་ནམ་མཁའི་
ཁམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། ནམ་མཁའི་ཁམས་ཐམས་ཅད་དེ། རྡོ་རྗེ་རིན་པོ་ཆེ་བསྐྱེད་པའི་རྒྱུའི་འོད་ཟེར་བསྡུས་པའི་ཚུལ་གྱིས་རྡོ་རྗེ་རིན་པོ་ཆེ་བསྐྱེད་པའི་རྒྱུའི་འོད་ཟེར་སྤྲོས་པ་ཐམས་ཅད་དོ། །དེ་ཉིད་ནི་སྙིང་པོ་སྟེ་བསྐྱེད་པའི་གནས་གང་ལ་ཡོད་པའི་རྡོ་རྗེ་རིན་
པོ་ཆེའི་དབྱིབས་དེ་ནི། ནམ་མཁའི་ཁམས་ཐམས་ཅད་ཀྱི་སྙིང་པོའི་རང་བཞིན་ཏེ། དེའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཚད་ཇི་ཙམ་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་དུ་ཁྱབ་པར་སོང་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཉམ་པར་འཇུག་པའོ། །དེ་ཉིད་ཀྱི་
ཚད་གང་ལ་ཡོད་པ་དེ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཉམ་པར་འཇུག་པའི་ཚད་ཙམ་མོ། །དེ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་རིན་པོ་ཆེའི་དབྱིབས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རིན་པོ་ཆེའི་དབྱིབས་ཀྱང་ཡིན་ལ་རིན་པོ་ཆེ་ཡང་ཡིན་པས་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་དབྱིབས་ཏེ་རྡོ་རྗེ་རྩེ་ལྔ་
པའི་རྩེ་མོ་ཅན་གྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ནི། རྡོ་རྗེས་ཉེ་བར་མཚན་པས་ན་རྡོ་རྗེ་རིན་པོ་ཆེའི་དབྱིབས་ཞེས་བྱ་བ་ལ། ནམ་མཁའ་ཐམས་ཅད་ཁྱབ་པས་ན་ཆེན་པོའོ། །བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བ་ནི་བསྡུ་བ་མཛད་ནས་བཅོམ་ལྡན་འདས་རྣམ་
เล่ม ๕๗ · หน้า 60a
པར་སྣང་མཛད་ཀྱི་ཐུགས་ཀ་ནས་བྱུང་སྟེ་དེ་ཉིད་ཀྱི་ཕྱག་གཉིས་སུ་གནས་པའོ། །དེ་ནས་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རིན་པོ་ཆེའི་དབྱིབས་དེ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་། བྱང་ཆུབ་སེམས་དཔའི་སྐུར་གྱུར་
ནས་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནས་རིན་པོ་ཆེའི་དབྱིབས་དེ་ལས་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་ཕྱག་ན་གནས་པ་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ལ་སོགས་པ་ཞེས་བྱ་བ་ནི་
རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་། གདུལ་བྱ་རྣམས་ལ་ནམ་མཁའི་སྙིང་པོའི་གཟུགས་སུ་གྱུར་པ་ནི་དབང་བསྐུར་བའོ། །དེ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་
དེ་དག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱས་ནས་སོ། །སོགས་པའི་སྒྲས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བསྡུའོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོ་འཕྲུལ་རྣམས་མཛད་ནས་གཅིག་ཏུ་གྱུར་ཏེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་སྐུར་གྱུར་ཏོ། །རྒྱུ་ཅི་ཞིག་གི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ནམ་མཁའི་ཁམས་ཐམས་ཅད་ཀྱི་སྙིང་པོ་ལས་ཤིན་ཏུ་བྱུང་བ་དང་ཞེས་བྱ་བ་གསུངས་ཏེ། ནམ་མཁའི་ཁམས་ཀྱང་ཡིན་ལ་ཐམས་ཅད་
ཀྱང་ཡིན་པས་ན་ནམ་མཁའི་ཁམས་ཐམས་ཅད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་ཉིད་ནི་གང་གིས་བསྐྱེད་པའི་རྒྱུ་ཡིན་པ་དེ་ལ་ནམ་མཁའ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་སྟེ།
འཕགས་པ་ནམ་མཁའི་སྙིང་པོའོ། །དེ་ཏིང་ངེ་འཛིན་གང་ལས་ཤིན་ཏུ་བྱུང་བར་གྱུར་པ་དེ་ནི་ཤིན་ཏུ་བྱུང་བའོ། །དེའི་ངོ་བོ་ཉིད་ཡིན་པས་ན་བྱུང་བ་ཉིད་དོ། །དེ་ལྟར་ནམ་མཁའི་ཁམས་ཐམས་ཅད་ཀྱི་སྙིང་པོ་ལས་ཤིན་ཏུ་བྱུང་བ་ཡིན་པའི་ཕྱིར་སེམས་དཔའི་ཏིང་ངེ་འཛིན་ཏེ། དེ་བཞིན་
เล่ม ๕๗ · หน้า 60b
གཤེགས་པ་ཐམས་ཅད་གཅིག་ཏུ་མཛད་པའི་ཚུལ་གྱིས་འཕགས་པ་ནམ་མཁའི་སྙིང་པོ་སྐྱེད་པར་བྱེད་པར་ཐུགས་རྩེ་གཅིག་ཏུ་མཛད་པའི་ཐ་ཚིག་གོ། །གཅིག་པའི་རྒྱུད་བཤད་ནས་ཅིའི་ཕྱིར་འདྲེས་པར་གྱུར་ཞེ་ན་ཤིན་ཏུ་བརྟན་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རྣམ་པར་
རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཨེ་མའོ་དབང་བསྐུར་མཆོག་ནི་བདག་ཡིན་ནོ། །ཞེས་བྱ་བ་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་ལོངས་སྤྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བག་ཆགས་དང་བཅས་པའི་ཉོན་མོངས་
པའི་དྲི་མ་འཁྲུད་པས་ན་དབང་བསྐུར་མཆོག་སྟེ། དབང་བསྐུར་བཟང་པོ་ནི་དབང་བསྐུར་བའི་མཆོག་གོ། །བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ། །ཁྱེད་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་རིན་ཆེན་བླ་ན་མེད་པའི་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་
ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་ན་རིན་པོ་ཆེ་དང་འདྲ་བའི་ཕྱིར་ན་རིན་ཆེན་ནོ། །དེ་ཉིད་བླ་ན་མེད་པ་སྟེ། འདིའི་གོང་ན་དམ་པ་གཞན་མེད་པའི་ཕྱིར་རོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། ཆགས་མེད་རྒྱལ་བ་ཡང་། ཁམས་གསུམ་
དབང་པོར་དགོངས་པས་ན་ཞེས་བྱ་བ་གསུངས་ཏེ། འདི་ནི་ངོ་མཚར་ཆེའོ། །ཇི་སྐད་དུ་བཤད་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་གང་ཁམས་གསུམ་པར་ཞེན་པ་མི་མངའ་ཞིང་ཆགས་པ་མེད་པའི་རྒྱལ་བ་སྟེ། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་
ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱུ་རིན་པོ་ཆེའི་རིགས་སུ་བསྐྱེད་པ་འདི་ནི་ཁམས་གསུམ་གྱི་དབང་པོའོ། །འདི་སྐད་སྟོན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེས་ན་
དེ་རྣམས་དང་བདག་ཐ་མི་དད་པའི་ཚུལ་གྱིས་དབང་བསྐུར་བར་གྱུར་པས་ན་ཁམས་གསུམ་གྱི་བདག་པོར་གྱུར་པ་ཡིན་མོད་ཀྱི། ཀུན་རྫོབ་ཏུ་དེ་རྣམས་ལས་ཐ་དད་པར་གདུལ་བྱ་རྣམས་ཀྱིས་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་རྣམས་ཀྱང་སྔོན་གྱི་འཕེན་པའི་ཤུགས་ཀྱིས་རྣམ་པར་མི་རྟོག་
เล่ม ๕๗ · หน้า 61a
པའི་སྦྱོར་བས་བདག་པོ་མཛད་པས་གདུལ་བྱ་རྣམ་པར་རྟོག་པ་དང་བཅས་པས་དེ་ལྟར་མཐོང་བ་འདི་ཡང་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་ན་ཞེས་བྱ་བ་ནི། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་མདུན་ནའོ། །ཡང་བཀའ་ནོད་ཅིང་
བཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་རྡོ་རྗེ་ལེགས་པའི་གཟུགས་ཀྱིས་ནི་དགྱེས་པ་བསྐྱེད་པའི་ཕྱིར་བཀའ་ནོད་པ་ཡིན་ལ། ད་ལྟར་ནི་རིན་པོ་ཆེའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་ཡིན་པས་ན་ཡང་གི་སྒྲས་སྨོས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་ལག་ཏུ་
རྡོ་རྗེ་ནོར་བུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་རིན་པོ་ཆེ་རྡོ་རྗེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་ན་གནས་པའི་རྡོ་རྗེ་རིན་པོ་ཆེ་ཆེན་པོ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་
ཞུགས་པ་ནི་རྡོ་རྗེ་རིན་པོ་ཆེ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ནི་རིན་པོ་ཆེའི་རིགས་ཀྱི་ཚུལ་གྱིས་སེམས་
ཅན་གྱི་དོན་མཛད་པར་བཞེད་པའོ། །དེ་ཡོངས་སུ་རྫོགས་པར་བྱ་བ་ནི་སེམས་ཅན་གྱི་དོན་མངོན་པར་འདོད་པའི་དོན་རྫོགས་པར་བྱ་བའོ། །དེའི་དམ་ཚིག་ནི་རྒྱུ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་དམ་ཚིག་ཅེས་བྱའོ། །ཅིའི་
ཕྱིར་རྗེས་སུ་བརྩལ་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་དོན་ཐམས་ཅད་ཡོངས་སུ་གྲུབ་པར་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ཐོབ་པའོ། །དེས་ན་འདིའི་བདེ་བ་
ཐམས་ཅད་མྱོང་བར་བྱ་བའི་དོན་དུ་བྱིན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་ནི་འཕགས་པ་ནམ་མཁའི་སྙིང་པོའོ། །དོན་ཕུན་སུམ་ཚོགས་པ་ཉིད་ནི་དངོས་གྲུབ་དམ་པའོ། །དེའི་མངོན་དུ་བྱས་པ་ནི་ཐོབ་པའོ། །ཐོབ་པར་བྱ་བའི་ཕྱིར་དེ་ཐོབ་པར་བྱ་
เล่ม ๕๗ · หน้า 61b
བའི་དོན་དུའོ། །རྡོ་རྗེ་རིན་པོ་ཆེའི་འཁོར་ལོས་སྒྱུར་བ་ཉིད་དུ་ཞེས་བྱ་བ་ལ། རྡོ་རྗེ་རིན་པོ་ཆེ་ནི་རིན་པོ་ཆེའི་རིགས་སོ། །དེ་རྣམས་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་སྤྲུལ་པ་དང་བྲི་བ་དག་གོ། །དེ་བསྐོར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་འཁོར་ལོ་བསྐོར་བའོ། །དེའི་ངོ་བོ་ཉིད་ཡིན་པས་ན་རིན་པོ་
ཆེའི་འཁོར་ལོ་བསྐོར་བ་ཉིད་དོ། །དེ་ལ་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་བསྐོར་བ་ཉིད་དུ་ཅི་ཞིག་གིས་བྱ་ཞེ་ན། རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་དབང་གིས་དབང་བསྐུར་ནས་ཞེས་བྱ་བ་ཡིན་ཏེ། རྡོ་རྗེ་རིན་པོ་ཆེའི་མྱུ་གུ་ནི་དུམ་བུ་བཞི་ལས་འོག་ནས་བཤད་པའི་ཨོཾ་བཛྲ་རཏྣ་ཀུ་རུ་ཧཱུཾ་ཞེས་བྱ་བ། རྡོ་རྗེ་
རིན་པོ་ཆེའི་མྱུ་གུས་དབང་བསྐུར་བ་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་དབང་བསྐུར་ཏེ། དེས་དབང་བསྐུར་བའོ། །འདིས་ནི་འདི་སྐད་སྟོན་ཏེ། དུམ་བུ་བཞི་པ་ལས་འཁོར་ལོས་སྒྱུར་བར་སྤྲུལ་པ་ཡང་། འོག་མིན་དུ་མངོན་པར་བྱང་ཆུབ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་
པ་བཞིས་ཡོངས་སུ་བསྐོར་ཏེ་བབས་ནས། དེ་བཞིན་གཤེགས་པའི་རིགས་སུ་ནམ་མཁའི་སྙིང་པོ་ལ་ཡང་དེ་ཉིད་ཀྱིས་མི་བྱའོ། །ཁྱད་པར་ནི་འདི་ཡོད་དེ། འདི་ལྟར་འདིར་ནི་སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་དང་། དར་དཔྱངས་ཀྱིས་དབང་བསྐུར་ལ། ནོར་བུའི་རིགས་ཀྱི་
འཁོར་ལོས་སྒྱུར་བར་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུས་རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་ཀྱིས་དབང་བསྐུར་བའོ། །གང་གི་ཕྱིར་འདིའི་རྒྱུད་ཕྱི་མ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དབང་བསྐུར་བ་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་དེ་བཞིན་གཤེགས་པ་
ལྔའི་ཕྱག་རྒྱས་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་གྱི་ཚུལ་གྱིས་བྱ་བར་བསྟན་ལ། ནོར་བུའི་རིགས་ཀྱི་དབང་བསྐུར་བར་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུས་སོ། །གང་རྡོ་རྗེ་དབྱིངས་ཀྱི་དུམ་བུར་མི་བསྐྱོད་པའི་རིགས་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་རིགས་ཡིན་ལ། རིན་ཆེན་འབྱུང་
ལྡན་གྱི་རིགས་གང་ཡིན་པ་དེ་ནི་རིན་པོ་ཆེའི་རིགས་སོ། །དེ་བཞིན་དུ་དོན་ཡོད་པར་གྲུབ་པའི་རིགས་གང་ཡིན་པ་དེ་ནི་ལས་ཀྱི་རིགས་ཡིན་ནོ་ཞེས་བྱ་བའི་བར་དུ་དེ་ལྟར་ནི་སྨྲ་བར་ནུས་པ་ཡང་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་དབྱིངས་ཀྱི་དུམ་བུ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རིགས་
เล่ม ๕๗ · หน้า 62a
སོ་ཞེས་བྱ་བ་ནས། དོན་ཐམས་ཅད་གྲུབ་པའི་དུམ་བུ་ཐམས་ཅད་ནི་ནོར་བུའི་རིགས་སོ་ཞེས་རྒྱུད་ཕྱི་མ་ལས་བཤད་པ་དང་། བཤད་པའི་རྒྱུད་ལས་ཀྱང་དེ་བཞིན་གཤེགས་པའི་རིགས་དབང་དུ་མཛད་ནས། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཆོས་
དང་། རྡོ་རྗེ་ལས་རྣམས་སངས་རྒྱས་ལྔའི་དབུ་རྒྱན་དང་དར་དཔྱངས་ཀྱིས་དབང་བསྐུར་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་ནོར་བུ་དེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཕྱག་ན་གནས་པའོ། །ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བ་ནི་ལག་པ་གཉིས་ཀར་ཡང་ངོ་། །འདིས་ནི་རིན་
པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་སྤྲུལ་པའི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་བསྟན་པ་ཡིན་ནོ། །གཞུང་བསྡུས་པས་གཞུང་རྒྱས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། གཞན་དུ་ནི་གླེང་གཞི་དང་བཅས་པར་བརྗོད་དགོས་པར་འགྱུར་རོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་རྒྱལ་པོ་
མཆོག་སྒོམ་པ་པོས་ནི་སངས་རྒྱས་ལྔའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་བར་བྱའོ། །རྡོ་རྗེ་རིན་པོ་ཆེའི་མྱུ་གུས་ནི་མ་ཡིན་ཏེ། དེ་ནི་དོན་གཞན་ཡིན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གཡོན་པ་བསྙེམས་པས་བཞུགས་ནས་གཡས་པའི་ཁུ་ཚུར་
གྱིས་རྡོ་རྗེ་ནོར་བུ་འཛིན་པ་དང་། དཔྲལ་བའི་གནས་སུ་འཇོག་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་དང་། རིན་པོ་ཆེ་དང་། ཆོས་དང་། ལས་ནི་བསྙེམས་པའི་ཚུལ་གྱིས་བཞུགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སངས་རྒྱས་ཀུན་གྱི་འདི་ཞེས་བྱ་བ་ནི་
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལས་ཐོབ་པ་གང་ཡིན་པ་དེའོ། །འདི་ཅི་ཞིག་ཡིན་ཞེ་ན། སེམས་ཅན་ཁམས་ལ་དབང་བསྐུར་བ། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པའི་རིན་པོ་ཆེས་སེམས་ཅན་གྱི་ཁམས་རྣམས་ནམ་མཁའི་སྙིང་པོར་བྱེད་པ་
ནི་དབང་བསྐུར་བའོ། །བདག་ཡིན་ཏེ་བདག་གི་ལག་ཏུ་བྱིན་པས་ན་ཞེས་བྱ་བ་ནི་རིན་པོ་ཆེའི་ཕྱག་རྒྱ་གང་ཡིན་པ་ནི་བདག་ཡིན་ལ། བདག་དེ་རིན་པོ་ཆེའི་ཕྱག་རྒྱ་ཡིན་ནོ། །དེ་ལྟར་ཡིན་པ་དེའི་ཕྱིར། རིན་ཆེན་ལ་ནི་རིན་ཆེན་བཞག །ཅེས་བྱའོ། །དེ་ལྟར་རྡོ་རྗེ་རིན་ཆེན་གྱིས་དེ་
เล่ม ๕๗ · หน้า 62b
བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་ལ་དབང་བསྐུར་བར་གྱུར་པས་ནི་ཉོན་མོངས་པའི་མུན་པའི་གནས་མེད་པས་ཉི་མར་གྱུར་པའི་ཡེ་ཤེས་སུ་འགྱུར་བ་ཡིན་པས། དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཉི་མའི་འོད་ཀྱིས་སྣང་བར་བྱས་སོ་ཞེས་སྟོན་པ་ཡིན་ནོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་བྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བའི་སྒྲས་ནི་འདས་མ་ཐག་པའོ། །ཡང་ཞེས་བྱ་བའི་སྒྲས་ནི་འཕགས་པ་ནམ་མཁའི་སྙིང་པོ་ལ་ལྟོས་པས་སོ། །བྱང་ཆུབ་སེམས་དཔའ་
ཆེན་པོ་ཡང་ཡིན་ལ། གཟི་བརྗིད་ཆེན་པོ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེན་པོའོ། །དེ་ཉིད་ནི་སེམས་དཔའི་སྟེ། རྡོ་རྗེ་ལྟ་བུའི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེའི་དམ་ཚིག་ནི་ཉི་མའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་སོ། །དེ་འབྱུང་བ་ནི་
རིན་པོ་ཆེ་ལྟ་བུའི་སེམས་དཔའི་རྡོ་རྗེ་གང་ལས་དེ་འབྱུང་བའོ། །དེ་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས་ཉི་མའི་དཀྱིལ་འཁོར་ལ་སོགས་པ་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་ཏེ། ཉི་མའི་དཀྱིལ་འཁོར་ལ་སོགས་པའི་རང་བཞིན་ནོ། །དེའི་དམ་ཚིག་ནི་རྒྱུའོ། །གང་ལ་མིང་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གང་ཡིན་པ་དེ་
རང་གི་ཐུགས་ཀ་ནས་བྱུང་བ་ནི་རང་ཉིད་ཀྱིས་སྟོན་པར་གྱུར་པ་སྟེ། བཛྲ་ཏེ་ཛ་ཞེས་བྱ་བའོ། །དེ་ནས་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེའི་གཟུགས་སོ། །ཉི་མའི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་
ནམ་མཁའ་ཐམས་ཅད་ཀྱི་ཚད་དང་མཉམ་པ་ཡིན་པས་དེའི་ཕྱིར་ཉི་མའི་དཀྱིལ་འཁོར་ཆེན་པོ་ཞེས་བྱའོ། །དེ་ནས་བསྡུ་བ་བྱས་ནས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ།
เล่ม ๕๗ · หน้า 63a
ནམ་མཁའ་ཐམས་ཅད་ཁྱབ་པ་རྣམས་རྡོ་རྗེ་ཉི་མའི་དབྱིབས་གཅིག་ཏུ་གྱུར་ལ། དེ་ལྟར་གྱུར་ནས་བྱུང་སྟེ། དེ་ཉིད་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ལ་གནས་ཏེ་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་འགྱེད་པ་ལ་སོགས་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་མ་ལུས་པར་རྡོ་རྗེ་ཉི་མའི་ཏིང་ངེ་འཛིན་བསྐྱེད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་འགྱེད་པའོ། །དེ་ལྟར་དེ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་
འཕྲུལ་དང་ཆོ་འཕྲུལ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་འགྱེད་པ་ལ་སོགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་ཏེ། དེ་རྣམས་བྱས་ནས་སོ། །སོགས་པའི་སྒྲས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣམ་པར་
འཕྲུལ་པ་རྣམས་གཟུང་ངོ་། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་གཟི་བརྗིད་ཆེ་བ་ཉིད་དང་ཞེས་བྱ་བ་འདི་ལ་རབ་ཏུ་ཆེ་བའི་གཟི་བརྗིད་མངའ་བས་ན་ཤིན་ཏུ་གཟི་བརྗིད་ཆེ་བ་སྟེ། དེའི་ངོ་བོ་ཉིད་ཤིན་ཏུ་གཟི་བརྗིད་ཆེ་བ་ཉིད་དོ། །ཤིན་ཏུ་གཟི་བརྗིད་ཆེ་བ་ཉིད་གང་ཡིན་ཞེ་ན།
སེམས་དཔའི་ཏིང་ངེ་འཛིན་ནི་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་མཛད་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཉི་མའི་གཟུགས་ཀྱི་རང་བཞིན་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བརྟན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་གཡོ་བར་
མི་ནུས་པའི་ཕྱིར་རོ་གཅིག་ཏུ་འདྲེས་པ་ནི་འདུས་པར་གྱུར་པ་སྟེ་རྡོ་རྗེའི་རང་བཞིན་ནོ། །ཨེ་མའོ་དཔེ་མེད་གཟི་བརྗིད་ནི། །ཞེས་བྱ་བ་ནི་འདི་ལ་མཚུངས་པ་ཡོད་པ་ཡིན་པས་ན་དཔེ་མེད་གཟི་བརྗིད་དོ། །སེམས་ཅན་ཁམས་ཀུན་སྣང་བྱེད་བདག །ཅེས་བྱ་བ་ནི། ཉོན་མོངས་པའི་མུན་ནག་
ཐམས་ཅད་སེལ་བར་བྱེད་པའི་ཡེ་ཤེས་ཀྱི་ཉི་མ་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཅན་གྱི་སེམས་ཅན་གྱི་ཁམས་རྣམས་ཀྱི་སྣང་བ་མཛད་པས་ན་ཀུན་དུ་སྣང་བྱེད་དོ། །འདིའི་ཕྲིན་ལས་བསྟན་པ་ཡིན་ནོ། །འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
เล่ม ๕๗ · หน้า 63b
གང་གི་ཕྱིར་སྦྱོང་བར་བྱེད་པའི་གཟི་བརྗིད་ཡིན་ཞེས་བྱ་བར་སྦྱར་རོ། །གང་གི་ཞེ་ན། སངས་རྒྱས་དག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པས་དག་པར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་གཟི་བརྗིད་ཀྱང་སྤྱོད་
པར་བྱེད་པའི་ཡེ་ཤེས་ཀྱི་ཉི་མ་འབར་བ་ཡིན་པ་འདི་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་པ་ཡིན་ཏེ། མ་དག་པ་དང་ཐ་དད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་སྦྱོང་བ་ཡིན་ནོ། །དེ་རྣམས་ཤིན་ཏུ་དག་པ་ཡིན་པའི་ཕྱིར་བདག་དང་རང་བཞིན་ཐ་མི་དད་པ་ཡིན་པས་བདག་ཉིད་ལ་བྱེད་པ་པོར་
འགྱུར་བ་ནི་འགལ་བ་ཡིན་པའི་ཕྱིར། བདག་དེ་རྣམས་སྦྱོང་བར་བྱེད་པ་མ་ཡིན་མོད་ཀྱི་འོན་ཀྱང་གདུལ་བྱ་རྣམས་ཀྱིས་དེ་ལྟར་མཐོང་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་དེ། བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ་
ཞེས་པར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་དྲི་མ་མེད་པའི་གཟི་བརྗིད་ཀྱང་ཡིན་པས། བྱང་ཆུབ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡས་ཕྱོགས་སུ་གནས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་
ཆེན་འབྱུང་ལྡན་གྱི་གཡས་ཕྱོགས་སུའོ། །ཡང་ཞེས་བྱ་བ་ནི་ནམ་མཁའི་སྙིང་པོ་ལ་ལྟོས་ནས་ཡང་གི་སྒྲས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཉི་མའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་རྡོ་རྗེ་ཞེས་བྱ་བ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་རྡོ་རྗེ་ཉི་མ་སྦྱིན་པའི་རྣམ་པར་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་ཏེ། ཉི་མའི་
เล่ม ๕๗ · หน้า 64a
འོད་ཟེར་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་རྒྱུ་སྟེ། རྡོ་རྗེ་ཉི་མའི་དཀྱིལ་འཁོར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་གཟི་བརྗིད་མཚུངས་པ་མེད་པ་སྟེ། ཉི་མའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་
གཟུགས་ཀྱིས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བར་བྱ་བའི་ཕྱིར། འདི་ལ་དཔེ་ཡོད་པ་མ་ཡིན་པས་ན་མཚུངས་པ་མེད་པ་སྟེ། རྒྱུར་གྱུར་པ་དེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་འོད་འབར་བའོ། །དེ་ཐོབ་པ་ནི་ཐོབ་པར་གྱུར་པའོ། །
དེ་ཉིད་ནི་དངོས་གྲུབ་དམ་པ་སྟེ། དེའི་ཕྱིར་ནི་དེའི་དོན་དུ་སྟེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཉི་མ་གྲུབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །བར་གྱི་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བསྡུའོ། །དེ་བཞིན་དུ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་དབུ་རྒྱན་
དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་ནས་སོ། །རྡོ་རྗེའི་འོད་ཅེས་བྱ་བ་ནི་འདི་ལ་མི་ཕྱེད་པའི་འོད་མངའ་བས་ན་རྡོ་རྗེའི་འོད་དེ། གང་གི་ཕྱིར་ཉི་མའི་ཕྱག་རྒྱ་དེ་ནི་རི་བོ་ཡང་བརྟོལ་ཏེ་སྣང་བར་བྱེད་པ་ཡིན་པས་དེས་འབད་པར་བྱེད་པའི་ཕྱིར་རྡོ་རྗེའི་འོད་དོ། །རྡོ་རྗེ་ཉི་མ་དེས་ཞེས་
བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་བྱེད་ཅིང་སེམས་ཅན་རྣམས། དེ་བཞིན་གཤེགས་པ་ལ་སོགས་པའི་རང་བཞིན་དུ་བྱེད་པའོ། །སངས་རྒྱས་ཀུན་གྱི་སྣང་བ་འདི། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་གསལ་བ་གང་ཡིན་པ་དེའོ། །འདི་ཇི་ལྟ་བུ་
ཡིན་ཞེ་ན། མི་ཤེས་མུན་ནག་འཇོམས་བྱེད་པ། །ཞེས་བྱ་བ་གསུངས་ཏེ། མི་ཤེས་པ་ནི་མ་རིག་པའོ། །མི་ཤེས་པ་དེ་ཉིད་ནི་མུན་པ་མུན་ནག་གོ། །དེ་འཇོམས་པར་བྱེད་པ་ནི་འཇིག་པར་བྱེད་པའོ། །ཤིན་ཏུ་རྡུལ་ཕྲན་ཇི་སྙེད་པ། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་
ཅད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའོ། །ཉི་མའི་འོད་པས་ཤིན་ཏུ་ལྷག །ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཀྱི་ཉི་མ་བས་ལྷག་པ་ཡོད་པའི་རྡོ་རྗེ་ཉི་མའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རང་བཞིན་གྱི་
เล่ม ๕๗ · หน้า 64b
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དེ་ལས་བྱུང་བའི་རྡོ་རྗེ་ཉི་མ་མཐའ་ཡས་པ་ཡིན་པས་ན། ཤིན་ཏུ་རྡུལ་ཕྲན་ཇི་སྙེད་པའི། །ཉི་མའི་འོད་བས་ཤིན་ཏུ་ལྷག །ཅེས་བྱའོ། །དེ་ལྟར་རྡོ་རྗེ་ཉི་མའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་བྱས་ནས། སྒྲིབ་པ་
ཐམས་ཅད་དང་བྲལ་བའི་བྱམས་པའི་བདག་ཉིད་ཅན་དུ་གྱུར་པ་ཡིན་པས། དེ་ནས་ཞེས་བྱ་བ་ལ་སོགས་པས་བྱམས་པའི་སྦྱིན་པའི་ཚུལ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་
སྦྱར་རོ། །ཡང་ཞེས་བྱ་བ་ནི་རྡོ་རྗེ་ཉི་མ་ལ་ལྟོས་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་ཞེས་བྱ་བ་ནི་རིན་པོ་ཆེའི་ཏོག་ཅན་གྱི་རིན་པོ་ཆེ་ཡང་དག་པར་བསྒྲེང་ཞིང་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱིས་ན་ཐམས་ཅད་ལས་མཆོག་ཏུ་གྱུར་
པའི་རིན་པོ་ཆེ་བསྒྲེང་བའི་བཅོམ་ལྡན་འདས་ནི། བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ཏེ་དེ་ཉིད་ནི་སེམས་དཔའི་རྡོ་རྗེའོ། །དེའི་དམ་ཚིག་ནི་རྒྱལ་མཚན་ལ་སོགས་པའི་གཟུགས་སོ། །དེ་འབྱུང་བ་ནི་སེམས་དཔའི་རྡོ་རྗེའི་གཟུགས་ཀྱི་རིན་པོ་ཆེ་གང་ལས་སོ། །དེ་བྱིན་གྱིས་
བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་ནི་རྒྱལ་མཚན་ལ་སོགས་པ་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ནི་
བྱམས་པའི་སྦྱིན་པས་སེམས་ཅན་གྱི་ཁམས་མགུ་བར་བྱ་བར་མངོན་པར་བཞེད་པའོ། །དེ་ཡོངས་སུ་རྫོགས་པར་བྱེད་པ་ནི་ཕྱོགས་བཅུར་མི་དམིགས་པའི་བྱམས་པའི་མཐུས་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བས་བསྡུས་པ་གྲུབ་པར་ཡོངས་སུ་དགའ་བའི་བྱང་ཆུབ་སེམས་
དཔའི་རྡོ་རྗེ་དབལ་གྱི་རང་བཞིན་ནོ། །དེའི་དམ་ཚིག་ནི་རྒྱུ་སྟེ་མིང་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གང་ཡིན་པའི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་བར་གྱུར་པ་ནི། བཛྲ་ཀེ་ཏུ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་
เล่ม ๕๗ · หน้า 65a
ལྡན་འདས་རྡོ་རྗེ་འཛིན་པ་སེམས་དཔའི་རྡོ་རྗེའི་གཟུགས་ཀྱིས་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་ལ་ཁ་དོག་སྣ་ཚོགས་པ་ནི་དཀར་པོ་ལ་སོགས་པའོ། །དེ་ཉིད་ནི་གཟུགས་ཏེ་རང་བཞིན་ནོ། །རྒྱན་ནི་དར་དང་མུ་ཏིག་
ཆུན་འཕྱང་ལ་སོགས་པའི་རྒྱན་ནོ། །དབྱིབས་སྣ་ཚོགས་པ་ནི་རིང་པོ་ལ་སོགས་པ་རྣམ་པ་བརྒྱད་དོ། །དེ་ཐམས་ཅད་གང་ལ་ཡོད་པ་དེ་ནི་ཁ་དོག་གཟུགས་དང་རྒྱན་དང་དབྱིབས་སྣ་ཚོགས་པ་སྟེ། དེ་ལྟ་བུ་རྒྱལ་མཚན་དུ་གྱུར་ཏེ་བྱུང་ཞིང་འཐོན་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་
སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས་རྡོ་རྗེ་རྒྱལ་མཚན་གྱི་དབྱིབས་སུ་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེ་དཔལ་གྱི་སྐུར་གྱུར་ནས། ཐུགས་ལ་གནས་ནས་
ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱལ་མཚན་མངོན་པར་བསྒྲེང་བ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དཔལ་གྱི་
རང་བཞིན་རྫོགས་པར་བྱེད་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབལ་བསྒྲེང་བ་ཞེས་བྱའོ། །དེ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་གང་དག་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱལ་མཚན་བསྒྲེང་བ་ལ་
སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་ཏེ་དེ་བྱས་ནས་སོ། །སོགས་པའི་སྒྲས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་རྣམས་ཀྱང་བསྡུ་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་རིན་པོ་ཆེའི་
དབལ་ཉིད་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་དབལ་གྱི་ཏིང་ངེ་འཛིན་དེ་ལ་དམིགས་པ་ཉིད་ཀྱིས་ན་རིན་པོ་ཆེ་ཆེན་པོའི་དབལ་གྱི་ཏིང་ངེ་འཛིན་ཏོ། །དེའི་ངོ་བོ་ཉིད་ཡིན་པས་ན་རིན་པོ་ཆེ་ཆེན་པོའི་དབལ་ཉིད་དོ། །དེ་ཉིད་ཀྱིས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་
เล่ม ๕๗ · หน้า 65b
ཞེས་བྱ་བ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་མཛད་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དབལ་གྱི་སྐུར་བསྐྱེད་པ་གང་ཡིན་པ་འདི་ནི། འདིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་རིན་པོ་ཆེ་ཆེན་པོའི་
དབལ་ཏེ། འདིས་ནི་མང་པོ་གཅིག་ཏུ་བྱས་པ་གསུངས་པ་ཡིན་ནོ། །ཤིན་ཏུ་བརྟན་པའི་ཕྱིར་ཞེས་བྱ་བ་འདིས་ཀྱང་རྣམ་པར་རྟོག་པ་མེད་པས་མི་ཕྱེད་པ་ཉིད་དང་། འདྲེས་ཤིང་གཅིག་ཏུ་གྱུར་པའི་རྒྱུད་གསུངས་པ་ཡིན་ནོ། །ཨེ་མའོ་འདྲ་མེད་དཔལ་གྱི་བདག་ཡིན་ནོ། །
ཞེས་བྱ་བ་ལ། འདྲ་བ་མེད་པ་ནི་གཉིས་པ་མེད་པའོ། །སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱིས་ཉེ་བར་མཚོན་པའི་ཕྱིར་དཔལ་ལོ། །བདག་ཡིན་ནོ་ཞེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ། །ཁྱོད་སུ་ཞིག་གི་ཡིན་ཞེ་ན། དོན་
ཀུན་གྲུབ་པ་སྟེ་ཞེས་བྱ་བ་གསུངས་ཏེ། དོན་ཐམས་ཅད་གྲུབ་པ་གང་ཡིན་པ་དེ་ནི་དོན་ཀུན་གྲུབ་པ་སྟེ། དེ་རྣམས་ཀྱི་འདྲ་བ་མེད་པའི་དཔལ་བདག་ཡིན་ནོ། །འདི་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན། གང་གི་ཕྱིར་དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་། དོན་རྣམས་ཐམས་
ཅད་རྫོགས་པར་བྱེད་པ་ཞེས་བྱ་བ་སྨོས་ཏེ། འདི་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་གི་རང་བཞིན་དུ་གྲུབ་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ། དེ་རྣམས་བདག་དང་ཐ་མི་དད་ཀྱང་བྱང་
ཆུབ་སེམས་དཔའ་ཆེན་པོ་རིན་ཆེན་དབལ་གྱི་ཏིང་ངེ་འཛིན་གྲུབ་པའི་རང་བཞིན་ནི་དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ་ཞེས་གདུལ་བྱ་རྣམས་ཀྱིས་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་
འབྱུང་ལྡན་གྱིའོ། །གཡོན་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ནི་གཡོན་ལོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པའོ། །ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་རྡོ་རྗེ་གཟི་བརྗིད་ཀྱི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལས་རྡོ་རྗེ་ཉི་
เล่ม ๕๗ · หน้า 66a
མའི་འོད་ཀྱིས་སྣང་བར་བྱ་བའི་ཕྱིར། རྗེས་སུ་གནང་བ་ནོད་པ་ཡིན་ལ། དེ་ལྟར་ནི་བྱམས་པའི་བདག་ཉིད་ཅན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་བ་ཡིན་ནོ་ཞེས་བྱ་བ་ན་ཡང་གི་སྒྲའི་དོན་ཡིན་ནོ། །དེ་
ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་རྒྱལ་མཚན་དེ། དེའི་ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་མཚན་བསྒྲེང་བ་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ནོ། །དེ་བྱིན་གྱིས་བརླབས་པ་ལ་དམིགས་
པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་བྱིན་གྱི་རླབས་རྡོ་རྗེ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་
ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་ཡིད་བཞིན་གྱི་རྒྱལ་པོ་ཞེས་བྱ་བ་ལ། ནོར་བུ་ནི་ཡིད་བཞིན་གྱི་ནོར་བུའོ། །དེས་ཉེ་བར་མཚོན་པའི་བྱང་ཆུབ་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེས་བསྒྲེང་བ་ནི་བྱང་ཆུབ་སེམས་དཔའི་ནོར་བུ་
ཡིད་བཞིན་གྱི་ནོར་བུའི་རྒྱལ་པོའི་རྒྱལ་མཚན་བསྐྱེད་པའོ། །དེའི་དམ་ཚིག་ནི་རྒྱུའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་ཀྱི་རེ་བ་ཐམས་ཅད་ཡོངས་སུ་བསྐང་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པའི་དོན་རྣམས་ཐོབ་པའོ། །དེས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བར་བྱ་བ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཆེན་པོ་དང་དངོས་གྲུབ་དམ་པ་ཐོབ་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རིན་ཆེན་དབལ་དུ་གྲུབ་
པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་ནས་སོ། །རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ནི་རྡོ་རྗེ་དབལ་དང་བཅས་པའི་རྒྱལ་མཚན་འཛིན་པས་ཉེ་བར་མཚན་པའི་ཕྱིར་རྡོ་རྗེ་རྒྱལ་མཚན་ཞེས་གསུངས་སོ། །
เล่ม ๕๗ · หน้า 66b
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་དུ་བཅུག་ནས་ཞེས་བྱ་བའི་བར་གྱི་ཏིང་ངེ་འཛིན་གྱིས་རང་གི་རྣམ་པར་ཐར་པ་ལ་ངེས་པར་སྦྱར་བས། དེ་བཞིན་གཤེགས་པ་ལ་སོགས་པ་དང་། དེ་བཞིན་གཤེགས་པ་དང་སེམས་ཅན་གྱི་ཁམས་རྣམས་རང་གི་རང་བཞིན་ལ་སྦྱོར་བར་བྱེད་
ཅེས་བྱ་བའི་དོན་ཏོ། །མགུ་བར་གྱུར་ནས་ཆེད་དུ་བརྗོད་པ་འདི་གསུངས་པ་ཡིན་ཏེ། སངས་རྒྱས་ཀུན་གྱི་འདི་ཞེས་བྱ་བ་ནི་ལག་ན་གནས་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གསུངས་པ་ཡིན་ནོ། །ལས་ཅི་ཞིག་བྱེད་པ་ཡིན་ཞེ་ན་དགོངས་པ་ཀུན་ཡོངས་སུ་རྫོགས་
པར་བྱེད་པ་ཡིན་ཞེས་བྱ་བ་གསུངས་ཏེ། རིན་ཆེན་དབལ་སྐྱེད་པར་བྱེད་པའོ། །ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཞེས་བྱ་བ་ནི་བྱམས་པའི་སྦྱིན་པའི་རང་བཞིན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དང་། བསམ་པ་དང་བསྒོམ་པའི་རང་བཞིན་ཐོབ་པར་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུའི་
རྒྱལ་མཚན་ནོ། །དེ་ཉིད་ཀྱིས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་དབལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་ནས། རྡོ་རྗེ་བཞད་པ་ཆོས་སྨྲ་བའི་ཚུལ་གྱིས་ཇི་ལྟར་དེ་རྣམས་འཛུམས་
པར་འགྱུར་བ་ལ་རབ་ཏུ་གཞག་པ་དེ་ལྟར་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བ་ནི་རྡོ་རྗེ་དཔལ་ལ་ལྟོས་པས་སོ། །རྟག་པར་དགའ་ཞིང་མགུ་བའི་
དབང་པོ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་རྣམས་ཀྱིས་རྟག་པར་དགའ་ཞིང་མགུ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རྟག་པར་དགའ་ཞིང་མགུ་བའི་དབང་པོ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་པར་དགའ་ཞིང་མགུ་བའི་དབང་
པོའོ། །དེ་ཉིད་ནི་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཉིད་ནི་དམ་ཚིག་སྟེ་འཛུམ་པར་གྱུར་པ་ཞེས་བྱ་བའོ། །དེ་ལས་བྱུང་བ་ནི་རིན་པོ་ཆེ་ལྟ་བུའི་སེམས་དཔའ་རྡོ་རྗེ་གང་ལས་གྱུར་པའོ། །དེ་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་
เล่ม ๕๗ · หน้า 67a
གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་ནས་འཛུམ་པར་གྱུར་པ་ལ་སོགས་པ་སྤྲུལ་པ་སྐྱེད་པར་བྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །འདི་ཞེས་བྱ་བ་ནི་སྙིང་པོ་ཐུགས་ལ་གནས་པ་གསུངས་པའོ། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་དགྱེས་པ་ནི་རྡོ་རྗེ་བཞད་པའོ། །དེ་སྐྱེད་པར་བྱེད་པའི་རྒྱུ་ནི་དགྱེས་པའི་དམ་ཚིག་གོ། །མིང་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གང་ཡིན་པ་དེ་རང་གི་ཐུགས་ཀ་ནས་ཕྱུང་བར་གྱུར་པ་ནི། བཛྲ་ཧཱ་ས་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་
པ་ལ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་རྡོ་རྗེ་འཛུམ་པའི་དབྱིབས་སུ་གྱུར་ཏེ་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་སེམས་དཔའ་རྡོ་རྗེའི་ཚུལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཛུམ་པར་གྱུར་
ཏེ་ཞེས་བྱ་བ་ནི་རྡོ་རྗེ་གཉིས་ཀྱི་བར་དུ་ཆུད་པའི་སོའི་ཕྲེང་བ་ནི་འཛུམ་པའི་ཕྱག་རྒྱའི་མཚན་ཉིད་དོ། །དེ་ལྟ་བུའི་གཟུགས་སུ་གྱུར་ཏེ་བྱུང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས། རྡོ་རྗེ་འཛུམ་པའི་དབྱིབས་ནམ་
མཁའ་ཐམས་ཅད་ཁྱབ་པར་ཡང་དག་པར་གྱུར་ནས་བསྡུ་བ་མཛད་དེ་ཐུགས་ལས་བྱུང་ནས་དེ་ཉིད་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་གྱུར་པ་སྟེ། བཅོམ་ལྡན་འདས་
ཀྱི་ཐུགས་ལ་གནས་ཏེ་ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་
བ་སྟེ། འཛུམ་པ་ཞེས་བྱ་བ་ནི་ཅུང་ཟད་བཞད་པའི་ཚུལ་ལོ། །འཛུམ་པ་ནི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ལ། རྣམ་པར་རྟོག་པ་དེ་ཡང་སངས་རྒྱས་ལ་མི་མངའ་བ་ལས། དེ་མེད་པར་དེ་མི་འབྱུང་བ་འདི་ནི་རྨད་དུ་བྱུང་བ་ཡིན་ཏེ། གདུལ་བྱ་རྣམས་ལ་རྡོ་རྗེ་བཞད་པའི་ཏིང་
เล่ม ๕๗ · หน้า 67b
ངེ་འཛིན་བསྐྱེད་པ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་མཛད་དོ་ཞེས་བྱ་བའི་དོན་ཏོ། །སོགས་པའི་སྒྲས་ནི་གཞན་དག་ཀྱང་བསྡུའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་རྟག་ཏུ་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་ཡིན་པ་ཉིད་དང་ཞེས་བྱ་བ་ནི་འཇིག་
རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་མཛད་ནས་རྡོ་རྗེ་བཞད་པའི་སྐུ་གཅིག་པུར་བསྐྱེད་པ་གང་ཡིན་པ་དེ་ནི་རྟག་ཏུ་དགའ་ཞིང་རབ་ཏུ་མགུ་བའི་དབང་པོའོ། །དེའི་ངོ་བོ་ཉིད་ཡིན་པས་ན་དེར་དེ་ལ་རྟག་ཏུ་དགའ་ཞིང་རབ་ཏུ་
མགུ་བའི་དབང་པོ་ཉིད་དང་ཞེས་བྱའོ། །སུ་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞེས་བྱ་བ་གསུངས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ཡིན་པས་ན་ཞེས་བྱ་བའི་ཐ་
ཚིག་གོ། །བདག་ནི་ཞེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ། །ཁྱེད་སུའི་ཡིན་ཞེ་ན། ཀུན་མཆོག་གི་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་རྣམས་ཀྱིའོ། །བཞད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བཞད་ཆེན་ཏེ། ནམ་མཁའ་ཐམས་ཅད་ཁྱབ་པའོ། །རྨད་དུ་
བྱུང་བ་ཆེན་པོ་ཡིན། །ཞེས་བྱ་བ་ནི་གཞན་རྣམས་ལ་སྔོན་མ་བྱུང་བ་ཡིན་པས་ན་རྨད་དུ་བྱུང་བ་ཆེན་པོའོ། །འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་རྟག་ཏུ་མཉམ་གཞག་རྣམས། །སངས་རྒྱས་དོན་ལ་རབ་ཏུ་སྦྱོར། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཕྱི་མའི་མཐའི་
བར་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པ་དེ་རྣམས་ཀྱང་། སངས་རྒྱས་ཀྱིས་སེམས་ཅན་དོན་བྱ་བའི་བཞད་པ་མཛད་པར་སྟོན་པ་ལ་རབ་ཏུ་སྦྱོར་ཞིང་འཛུམ་པ་ཉེ་བར་སྟོན་པར་མཛད་པ་འདི་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་ཏེ། སྔོན་གྱི་འཕེན་པའི་ཤུགས་ཀྱིས་
གདུལ་བྱ་རྣམས་ཀྱི་རྣམ་པར་རྟོག་པའི་དབང་གིས་སངས་རྒྱས་རྣམས་འཛུམ་པ་མཛད་དོ་ཞེས་དེ་ལྟར་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱབ་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་
เล่ม ๕๗ · หน้า 68a
རྒྱབ་ཏུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་དེའི་ལག་པ་གཉིས་སུ་རྡོ་རྗེ་འཛུམ་པ་དེ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བ་ནི་འཛུམ་པའི་ཕྱག་རྒྱའོ། །དེ་བྱིན་གྱིས་བརླབ་པ་ལ་
དམིགས་པའི་ཏིང་ངེ་འཛིན་རྡོ་རྗེ་ལྟར་མི་ཕྱེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བའི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་ལ་སྙོམས་པར་ཞུགས་པ་ནི་འཛུམ་པའི་ཕྱག་རྒྱ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་
པའོ། །ཇི་ལྟ་བུ་ཞིག་དེའི་ལག་པ་གཉིས་སུ་བྱིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བའི་བསྐྱེད་པའི་དམ་ཚིག་དང་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་བསྐྱེད་པའི་རྒྱུར་གྱུར་པའོ། །ཅིའི་ཕྱིར་བརྩལ་ཞེ་ན།
སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་དད་པ་ལ་སོགས་པ་དང་། མིག་ལ་སོགས་པའི་དབང་པོ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་བླ་ན་མེད་པ་ཐམས་ཅད་མྱང་བར་བྱ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་དབང་པོ་ཡོངས་སུ་སྦྱོང་བའི་ཡེ་ཤེས་ནི་རྡོ་རྗེ་བཞད་པའི་ཡེ་ཤེས་སོ། །མངོན་པར་ཤེས་པ་ཡང་དེ་ཉིད་ཀྱི་སྟེ། དེ་དག་ཐོབ་པ་ཉིད་ནི་འབྲས་བུའོ། །དེ་དག་གི་ཕྱིར་ཞེས་བྱ་བ་ནི་རྡོ་རྗེ་བཞད་པ་གྲུབ་པའི་རྒྱུར་ཞེས་བྱ་བའི་དོན་ཏོ། །བར་དུ་ཞེས་བྱ་བའི་སྒྲ་ནི་སྔ་མ་དང་
འདྲའོ། །དེ་བཞིན་དུ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་ནས། རྡོ་རྗེ་དགའ་བ་ཞེས་བྱ་བ་སྔོན་གྱི་འཕེན་ཤུགས་ཀྱི་མཐུས་རྣམ་པར་རྟོག་པ་མི་མངའ་བ་ཉིད་ཀྱིས་རྡོ་རྗེ་ལྟར་མི་ཕྱེད་པའི་དགའ་བ་མངའ་བས་ན་རྡོ་རྗེ་དགའ་
བའོ། །དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་བྱེད་ཅིང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་རྣམས་རང་གི་རང་བཞིན་ཐུགས་སུ་ཆུད་ཅིང་རྟོགས་པས་དགྱེས་པར་གྱུར་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་གསུངས་ཤིང་ཆེད་
เล่ม ๕๗ · หน้า 68b
དུ་བརྗོད་པའོ། །རྨད་དུ་བྱུང་སྐྱེད་སྟོན་པ་པོ། །ཞེས་བྱ་བ་ནི་རྡོ་རྗེ་བཞད་པ་སྐྱེད་པར་བྱེད་པའོ། །རྒྱུ་འདི་ཉིད་ཀྱིས་ན་དགྱེས་ཆེན་བྱེད་པའི་ཡེ་ཤེས་སོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་འདི་ཉིད་ཐུན་མོང་མ་ཡིན་པར་བསྟན་པར་བྱ་བའི་ཕྱིར། གཙུག་ལག་གཞན་གྱིས་ཤེས་
མི་ནུས། །ཞེས་བྱ་བ་གསུངས་ཏེ། མུ་སྟེགས་པ་གཞན་གྱིས་བསྟན་ཅིང་རང་གི་སྒོམ་པ་ལ་སྦྱོར་བ་ནི་གཞན་གྱི་གཙུག་ལག་སྟེ། དབང་ཕྱུག་ལ་སོགས་པ་གཞན་གྱི་གཙུག་ལག་དེ་དག་གིས་ཤེས་པར་མི་ནུས་སོ། །དེ་ལྟར་རྡོ་རྗེ་བཞད་པས་དེ་བཞིན་གཤེགས་པ་ཐམས་ཅད་འཛུམ་པ་
རྨད་དུ་བྱུང་བ་ལ་གཞག་པ་ཡིན་ནོ། །དབང་བསྐུར་བ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པས་ནི་སྡོམ་གསུངས་པ་ཡིན་ཏེ། དབང་བསྐུར་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དབང་བསྐུར་བ་ཆེན་པོ་སྟེ། འཕགས་པ་ནམ་མཁའི་སྙིང་པོའོ། །འོད་ཀྱི་དཀྱིལ་འཁོར་
འདོམ་གང་བ་ནི་རྡོ་རྗེ་ཉི་མའི་འོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་དོན་ནི་རིན་ཆེན་དཔལ་ལོ། །བཞད་པ་ཆེན་པོ་ནི་རྡོ་རྗེ་བཞད་པའོ། །འདི་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་སེམས་དཔའ་ཆེན་པོའོ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་
པོའི་དོན་ལ་འཛིན་པ་དང་སེམས་ཅན་རྣམས་འཇིགས་པ་སྐྱེད་པར་བྱེད་པ་དང་། སེམས་ཅན་ལ་རྣམ་པར་སྡང་བ་དང་། ཆོས་ཡོངས་སུ་སྤོང་བའི་འཛིན་པ་པོའི་དྲི་མ་དོན་དང་མི་འཇིགས་པ་དང་བྱམས་པ་དང་། ཆོས་ཀྱི་སྦྱིན་པའི་རང་བཞིན་གྱིས་འཁྲུད་པར་བྱེད་པས་
ན་འདི་དག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཆེན་པོའི་སེམས་དཔའོ། །དེ་ཡང་། སྔོན་ཆད་སྦྱིན་པའི་སྤྱོད་གྲུབ་གང་། །རྡོ་རྗེ་རིན་ཆེན་དུ་བཤད་དེ། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །རྡོ་རྗེ་གཟི་བརྗིད་དུ་དེ་བཤད། །འབྱུང་པོ་ཀུན་ལ་
བྱམས་པ་ཡི། །རྡོ་རྗེ་དབལ་ཏེ་རྒྱལ་མཚན་ཆེ། །ཆོས་ཀྱི་སྦྱིན་པ་བཞད་པ་ཆེ། །བཞི་པོ་དབང་བསྐུར་ཡིན་པར་བཤད། །ཅེས་གསུངས་པ་ཡིན་ནོ། །འདིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རིན་ཆེན་འབྱུང་ལྡན་གྱི་ཐུགས་སོ། །དེ་ཡང་ལྡོག་པའི་དབྱེ་བས་རྣམ་པ་
เล่ม ๕๗ · หน้า 69a
བཞིར་གཞག་སྟེ། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པའི་སྤྱི་ཉིད་ནི་རིན་ཆེན་འབྱུང་ལྡན་གྱི་ཐུགས་སོ། །དེ་ལྟར་ན་གང་གི་ཕྱིར་གཟུང་བར་བྱ་བ་དང་། འཛིན་པ་པོའི་དོན་ལ་མངོན་པར་ཞེན་པ་སྤངས་པ་འདིས་བྱེད་
པས། དེའི་ཕྱིར་ནོར་བུ་སྦྱིན་པའི་རང་བཞིན་ནི་རྡོ་རྗེ་རིན་ཆེན་གྱི་ཐུགས་སོ། །དེས་ཀྱང་གཟུང་བ་དང་། འཛིན་པ་པོའི་རྣམ་པར་རྟོག་པའི་འཇིགས་པ་མེད་པ་ནི་མི་འཇིགས་པའི་སྦྱིན་པ་སྟེ། སེམས་དང་སེམས་ལས་བྱུང་བ་དུལ་བ་ཞེས་བྱ་བའི་མི་འཇིགས་པ་སྦྱིན་པ་ནི་
རྡོ་རྗེ་གཟི་བརྗིད་ཀྱི་རང་བཞིན་ནོ། །དེས་ཀྱང་སྒྲིབ་པའི་མུན་པ་ཐམས་ཅད་དང་བྲལ་བས་མི་དམིགས་པའི་བྱམས་པ་གྲུབ་པ་ཡིན་ལ། དེའི་ཕྱིར་བྱམས་པ་སྦྱིན་པའི་རང་བཞིན་ནི་རྡོ་རྗེ་དབལ་གྱི་ཐུགས་སོ། །མི་དམིགས་པའི་བྱམས་པའི་མཐུ་དང་སྔོན་གྱི་འཕེན་པའི་
ཤུགས་ཀྱི་སྟོབས་ཀྱིས་ཇི་ལྟར་མངོན་པར་རྟོགས་པའི་ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་མགུ་བར་བྱེད་པའི་ཆོས་ཀྱི་སྦྱིན་པའི་རང་བཞིན་ནི་རྡོ་རྗེ་བཞད་པའི་ཐུགས་སོ། །དེ་ཡང་། སྒྲོལ་དང་གྲོལ་དང་དབུགས་འབྱིན་པ། །མྱ་ངན་འདས་ལ་འཇོག་པ་ནི། །རྡོ་རྗེ་རིན་ཆེན་
ལ་སོགས་སེམས། །ཞེས་གསུངས་པ་ཡིན་ཏེ། སྒྲོལ་བ་ནི་ཇི་སྐད་དུ་བཤད་པའི་དོན་འཛིན་པ་སྟེ་རྡོ་རྗེ་རིན་ཆེན་གྱིས་སོ། །གྲོལ་བ་ནི་ཇི་སྐད་དུ་བཤད་པའི་མི་འཇིགས་པས་ཏེ་རྡོ་རྗེ་ཉི་མས་སོ། །དབུགས་འབྱིན་པ་ནི་ཞེ་སྡང་མེད་པ་སྟེ། རྡོ་རྗེ་དབལ་གྱིས་སོ། །མི་གནས་
པའི་མྱ་ངན་ལས་འདས་པའི་དོན་ནི་རྡོ་རྗེ་བཞད་པའི་རང་བཞིན་གྱིས་ཆོས་ཀྱི་སྦྱིན་པའི་ཐུགས་ཀྱིས་སོ། །དེ་ལྟར་རྡོ་རྗེ་བཞད་པའི་ཚུལ་གྱིས་སེམས་རབ་ཏུ་དགའ་བ་ཐོབ་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་ཐོབ་པར་བྱ་བ་ཡིན་པས། དེ་ནས་
ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཆོས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཏིང་ངེ་འཛིན་ལ་ངེས་པར་སྦྱོར་རོ་ཞེས་སྟོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བའི་
เล่ม ๕๗ · หน้า 69b
སྒྲ་ནི་རྡོ་རྗེ་བཞད་པ་ལ་ལྟོས་པའོ། །ཀུན་དུ་ལྟ་བ་ནི་ཀུན་དུ་སྤྱན་རས་ཀྱིས་གཟིགས་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་སོ་སོར་རྟོག་པ་དང་། སེམས་ཅན་བསྐྱབ་པ་ལ་གཟིགས་པའོ། །དེའི་དབང་ཕྱུག་སྟེ་གཙོ་བོ་ཡིན་པས་ན་ཀུན་
དུ་སྤྱན་རས་གཟིགས་ཀྱི་དབང་པོའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་སྟེ། ཇི་སྐད་དུ་བཤད་པའི་སེམས་དཔའི་རྡོ་རྗེའོ། །
དེའི་དམ་ཚིག་ནི་དམ་པའི་ཆོས་ཀྱི་འོད་ཟེར་ལ་སོགས་པའོ། །དེ་འབྱུང་བ་ནི་སེམས་དཔའི་རྡོ་རྗེའི་ཚུལ་གྱིས་ཆོས་ལས་བྱུང་བ་སྟེ། དེ་བྱིན་གྱིས་བརླབས་པའི་ཕྱིར་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ། དམ་པའི་ཆོས་ཀྱི་འོད་ཟེར་བསྐྱེད་པའི་རྣམ་པར་
ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་རྣམ་པར་འཕྲུལ་པའོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུའོ། །མིང་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
སྙིང་པོ་རང་གི་ཐུགས་ཀ་ནས་ཕྱུང་བ་ནི་བཛྲ་དྷརྨྨ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་དེ་ཉིད་པདྨ་ཆེན་པོའི་དབྱིབས་སུ་གྱུར་ཏེ་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི། སེམས་
དཔའི་རྡོ་རྗེ་རང་བཞིན་གྱིས་དག་པའི་ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་རབ་ཏུ་རྟོགས་པའི་ཕྱིར་སེམས་དཔའ་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ནི་རང་བཞིན་གྱིས་དག་པ་ཡིན་ལ་ཆོས་ཀྱང་ཡིན་པས་ན་རང་བཞིན་གྱིས་དག་པའི་ཆོས་དེ་དམ་པའི་ཆོས་ཀྱི་འོད་ཟེར་ལྟ་བུའི་འཇིག་
རྟེན་དབང་ཕྱུག་གི་རྣམ་པར་འཕྲུལ་པའི་ཚུལ་ལོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཡེ་ཤེས་ནི་ངེས་པའོ། །དེ་གང་གིས་རབ་ཏུ་རྟོགས་པར་གྱུར་པ་དེ་ནི་རབ་ཏུ་རྟོགས་པར་གྱུར་པ་ཉིད་ཀྱི་
เล่ม ๕๗ · หน้า 70a
ཕྱིར་ཏེ། རབ་ཏུ་རྟོགས་པ་དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་དམ་པའི་ཆོས་ཀྱི་འོད་ཟེར་བྱུང་ལ། དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་དུ་སྣང་བར་བྱས་ཤིང་གང་ལས་དེའི་རང་བཞིན་དུ་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །ནམ་
མཁའ་ཐམས་ཅད་ཁྱབ་པའི་པདྨ་ལྟ་བུའི་དམ་པའི་ཆོས་ཀྱི་འོད་ཟེར་བསྡུས་ནས་པདྨའི་གཟུགས་ཇི་ལྟ་བུར་གང་གིས་མཛད་པ་དེ་ལྟ་བུར་ནི་འདིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞེས་བཤད་ལ། པདྨ་ལྟ་བུའི་འོད་ཟེར་རྣམས་ནི་འདིར་དམ་པའི་ཆོས་ཀྱི་འོད་ཟེར་གྱི་སྒྲར་
བཤད་དེ། པདྨའི་དབང་དུ་བྱས་ནས། ཆོས་ལ་ཆོས་ནི་གནས་པར་འགྱུར། །ཞེས་པ་ཡང་། འདིར་ཆོས་ཀྱི་སྒྲས་ནི་པདྨའི་ཕྱག་རྒྱ་ལ་བྱ་བར་བཤད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་ཏོ་ཞེས་བྱ་བ་ནི་ཆོས་ནི་པདྨའི་དབྱིངས་ཞེས་བྱ་བ་རྒྱུ་ཡིན་པས་ན་
ཆོས་ཀྱི་དབྱིངས་ཏེ་པདྨ་ལྟ་བུའི་འོད་ཟེར་རོ། །དེའི་རང་བཞིན་ནི་ངོ་བོ་ཉིད་གྱུར་པ་ནི་གྲུབ་པའོ། །ཆོས་ཀྱི་དབྱིངས་དེ་ཐམས་ཅད་ཀྱང་ཞེས་བྱ་བ་ནི་པདྨ་ལྟ་བུའི་འོད་ཟེར་གྱི་ཚོགས་སོ། །དེ་ནས་རྡོ་རྗེ་པདྨོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཆེན་པོའི་
སྐུས་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་། ཆོ་འཕྲུལ་རྣམས་བྱས་ནས་ཞེས་བྱ་བ་ནི།
གདུལ་བྱ་རྣམས་ལ་འཇིག་རྟེན་དབང་ཕྱུག་གི་ཡེ་ཤེས་ལ་སོགས་པ་བསྐྱེད་ནས། དེ་ཐམས་ཅད་སངས་རྒྱས་ཀྱི་སྐུ་གཅིག་ཏུ་བསྡུས་པར་གྱུར་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཅིག་ཏུ་གྱུར་ཏོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་
ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་ཡིན་པ་ཉིད་དང་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་གཟིགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་ཡང་ཡིན་པས་དེ་བསྐྱེད་པ་ཉིད་ཀྱིས་ན་དེའི་
เล่ม ๕๗ · หน้า 70b
དབང་ཕྱུག་ཡིན་པའི་ཕྱིར། ཤིན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་ཡིན་པའོ། །དེའི་ངོ་བོ་ཉིད་ནི་ཤིན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་ཡིན་པ་ཉིད་དོ། །དེ་བས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་དེ་ཉིད་དང་ཞེས་བྱའོ། །
ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་ན་དམ་པའི་དོན་ཏེ། ཟག་པ་མེད་པའི་ཆོས་བདག་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ཉིད་ནི་རྣམ་པ་ཐམས་ཅད་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་གདོད་ནས་དག་པའོ། །
སུའི་ཡིན་ཞེ་ན་རང་བྱུང་སྟེ་སངས་རྒྱས་རྣམས་ཀྱིའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། །གང་ཕྱིར་གཟིངས་འདྲའི་ཆོས་རྣམས་ལས། །རྣམ་པར་དག་པ་དམིགས་པར་གྱུར། །ཞེས་བྱ་བ་གསུངས་ཏེ། གཟིངས་ནི་ཆུ་བོ་ལས་རྒལ་བར་བྱ་བའི་ཕྱིར་སྒྲོལ་བའི་ཐབས་སུ་བྱེད་
དེ། དེ་ལས་བརྒལ་ནས་ནི་དེ་དོར་བར་བྱེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོན་པར་བྱེད་པའི་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་མཚན་ཉིད་ཅན་གྱི་ཆོས་རྣམས་ནི་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་ལས་རྒལ་
བའི་ཕྱིར་གཟིངས་དང་འདྲ་བ་ཡིན་ཏེ། ལོག་པ་དེ་རྣམ་པར་དག་ནས། ཐོས་པ་དང་། བསམ་པ་དང་། བསྒོམ་པ་དང་བྲལ་བའི་ཚུལ་གྱིས་དེ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་གཟིངས་དང་འདྲ་བ་ཡིན་པས་ན་གཟིངས་དང་འདྲ་བ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ན་
གཟིངས་འདྲའི་ཆོས་རྣམས་སོ། །དེའི་རྣམ་པར་དག་པ་ནི་ཇི་སྐད་དུ་བཤད་པའི་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་མཚན་ཉིད་ཅན་གྱི་ཆོས་དེ་རྣམས་ཀྱང་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དོན་དམ་པར་སྐྱེ་བ་མེད་པ་ཉིད་ཡིན་
ན། དེ་རྣམས་ལས་རྣམ་པར་དག་པར་དམིགས་པར་ཇི་ལྟར་འགྱུར་ཞེ་ན། འདི་སྐད་སྟོན་པ་ཡིན་ཏེ། ཕྱག་དང་ཞབས་ལ་སོགས་པ་དང་ལྡན་པའི་འཇིག་རྟེན་དབང་ཕྱུག་ནི་བདག་ཡིན་ནོ་ཞེས། ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རང་བཞིན་ནི་ཟག་པ་མེད་
เล่ม ๕๗ · หน้า 71a
པའི་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཕྱིར་སྒྲོལ་བར་བྱེད་པའི་ཐབས་ལྟ་བུ་ཡིན་ལ། རྟག་པའི་ངོ་བོ་གང་ཡིན་པ་བདག་ཡིན་ནོ་ཞེས་བྱ་བ་དེ་ནི། དོན་དམ་པར་སྐྱེ་བ་མེད་པ་ལ་བདག་གིས་ཐོས་པ་ལ་སོགས་པ་དེ་ཇི་ལྟར་ཡོད་པར་འགྱུར་ཏེ། ཆོས་
མེད་ན་ཆོས་ཅན་མེད་པའི་ཕྱིར་རོ། །དེ་བས་ན་བདག་གིས་ཐོས་པ་ལ་སོགས་པ་ནི་ཡོད་པ་མ་ཡིན་པ་དང་། གདུལ་བྱ་རྣམས་ཀྱིས་རྣམ་པར་དག་པ་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་ན་ཞེས་བྱ་བ་ནི། བཅོམ་ལྡན་འདས་
འོད་དཔག་ཏུ་མེད་པའི་མདུན་ནའོ། །ཡང་བཀའ་ནོད་ཅིང་ཞེས་བྱ་བ་ནི་རྡོ་རྗེ་བཞད་པ་ལ་ལྟོས་ན་ཡང་གི་སྒྲ་སྨོས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་དེའི་ལག་ཏུ་རྡོ་རྗེ་པདྨོ་དེ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་ཡེ་ཤེས་ཏེ། དེའི་དམ་ཚིག་ནི་རྒྱུའོ། །དེ་ལ་དམིགས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་རྣལ་འབྱོར་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ། པདྨའི་ཕྱག་རྒྱ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་
མཛད་ཅེས་བྱ་བའི་ཐ་ཚིག་གོ། །ཚུལ་ཇི་ལྟ་བུ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་བྱང་བའི་དམ་ཚིག་ཅེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་བྱང་བ་ནི་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་བསྐྱེད་པ་སྟེ། དེའི་དོན་
གྱི་དམ་ཚིག་ནི་སྐྱེད་པར་བྱེད་པའི་རྒྱུའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་པས་སྟོན་ཏོ། །སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བདག་ཉིད་ཡོངས་སུ་དག་པ་ནི་གཟུང་བ་དང་འཛིན་པའི་དོན་དང་འབྲལ་བ་གཉིས་སུ་མེད་པའི་ཡེ་
ཤེས་རྟོགས་པ་སྟེ། དེས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱང་བར་བྱ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པ་དྲུག་ཐོབ་པ་ནི་འཇིག་རྟེན་དབང་ཕྱུག་ཉིད་ཐོབ་པའོ། །བར་དུ་ཞེས་བྱ་བའི་སྒྲས་ནི་རྡོ་རྗེ་སེམས་
เล่ม ๕๗ · หน้า 71b
དཔའ་ལ་སོགས་པ་བསྡུའོ། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དང་ཞེས་བྱ་བ་ལ། དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡིན་པས་དམ་པའི་ཆོས་ཏེ། འགྲོ་བ་འདུལ་བའི་དུམ་བུ་ལས་བཤད་པའི་པདྨའི་རིགས་སོ། །དེའི་འཁོར་
ལོ་ནི་དཀྱིལ་འཁོར་ཏེ་སྤྲུལ་པ་དང་བྲི་བ་དག་གིས་བསྐོར་བའི་ངང་ཚུལ་གང་ཡིན་པ་དེ་ནི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེའི་ངོ་བོ་ཉིད་ནི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དོ། །ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཆོས་ཀྱི་སྐུའི་དབང་བསྐུར་ནས་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལས་བྱུང་བའི་ཕྱིར་ཆོས་ཀྱི་སྐུའོ། །དེས་ཉེ་བར་མཚོན་པའི་དབུ་རྒྱན་གྱི་དབང་སྟེ། དེས་
དབང་བསྐུར་བ་ནི་དབུ་རྒྱན་ཏེ་དེའི་དབུ་ལ་བཞག་སྟེ། ཆོས་ཀྱི་རྡོ་རྗེ་བཅིངས་ནས་ཀྱང་། །མགོ་བོར་བཞག་སྟེ་དེ་དབང་བསྐུར། །སངས་རྒྱས་ཀུན་གྱིས་འཇིག་རྟེན་གྱི། །དབང་ཕྱུག་གིས་ནི་དབང་བསྐུར་རོ། །ཞེས་འགྲོ་བ་འདུལ་བའི་དུམ་བུ་ལས་བསྟན་པ་འདིས་
དབང་བསྐུར་བའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དང་། ཆོས་ཀྱི་སྐུའི་དབང་གིས་དབང་བསྐུར་བ་དག་གིས་འདི་ནི་པདྨའི་རིགས་ཀྱི་བདག་པོའི་ངོ་བོ་ཉིད་དུ་སྟོན་ཏོ། །དེ་བས་ན་རྡོ་རྗེ་ནོར་བུ་དང་། རིན་པོ་ཆེའི་རྩེ་མོའི་ཁང་
པ་བརྩེགས་མར་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་སྤྲུལ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པས་ཡོངས་སུ་བསྐོར་བ་ཡིན་གྱི་རྣམ་པར་སྣང་མཛད་ཀྱིས་ནི་མ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་སྤྱན་དང་། རྡོ་རྗེ་
ལས་རྣམས་དང་། བཛྲ་དྷརྨྨ་ཞེས་བྱ་བ་དང་། ཡང་རྡོ་རྗེ་སྤྱན་སྤྲུལ་ལ་པདྨའི་རིགས་ཀྱི་བདག་པོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འོད་དཔག་མེད་ཀྱི་དབང་བསྐུར་བས་དབང་བསྐུར་ནས། འགྲོ་བ་འདུལ་བའི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར། འཕགས་པ་སྤྱན་
เล่ม ๕๗ · หน้า 72a
རས་གཟིགས་དབང་ཕྱུག་ལ་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་བཏབ་བོ་ཞེས་བྱ་བས། པདྨའི་རིགས་ཀྱི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་བསྟན་པ་ནི། མདོར་བསྡུས་པས་རྒྱ་ཆེན་པོའི་དོན་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ། །གཞན་དུ་ན་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་དགོས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་ཀྱི་རང་བཞིན་དུ་ཡང་བཛྲ་ནཻ་ཏྲ་ཞེས་བྱ་བ་སྙིང་པོ་འདིས་བསྐྱེད་ལ་སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་
གིས་དབང་བསྐུར་བས་དབང་བསྐུར་བར་བྱའི་ཆོས་ཀྱི་སྐུ་ཙམ་གྱིས་ནི་མ་ཡིན་ནོ། །དེའི་དོན་གཞན་ཡིན་པ་ཉིད་དུ་གསུངས་ཏེ། དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྒོམ་པ་པོས་དེ་སྤྲུལ་པར་འདོད་ན། རྡོ་རྗེ་སྤྱན་དེ་བཞིན་གཤེགས་པའི་རིགས་ཀྱི་རང་བཞིན་དུ་
བསྐྱེད་པར་བྱའི། པདྨའི་རིགས་ཀྱི་བདག་པོ་ནི་མ་ཡིན་ནོ། །རྡོ་རྗེ་སྤྱན་གྱི་དེ་བཞིན་གཤེགས་པའི་རིགས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་འདི་ཉིད་ལས་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རིགས་ཡིན་ལ་འགྲོ་བ་འདུལ་
བའི་དུམ་བུ་ཐམས་ཅད་ནི་པདྨའི་རིགས་ཡིན་ནོ་ཞེས་བཤད་ལ། པདྨའི་རིགས་ཐམས་ཅད་ནི་འོད་དཔག་ཏུ་མེད་པས་དབང་བསྐུར་ལ། དེ་བཞིན་གཤེགས་པའི་རིགས་རྣམས་ནི་སངས་རྒྱས་ལྔའི་དབུ་རྒྱན་དང་དར་དཔྱངས་ཀྱིས་དབང་བསྐུར་རོ་ཞེས་འདི་ཉིད་ལས་འབྱུང་སྟེ། དེ་བས་
ན་ཡིད་གཉིས་མི་བྱའོ། །དེའི་ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ཚུལ་ཅན་དང་། པདྨའི་རིགས་ཀྱི་བདག་པོར་རྡོ་རྗེ་སྤྱན་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་ཏེ། རྡོ་རྗེའི་ལྟ་བས་པདྨའི་ཕྱག་རྒྱ་ལ་གཟིགས་པས་
དེ་གཉིས་ཀྱིས་ཉེ་བར་མཚོན་ཏེ་རྡོ་རྗེ་སྤྱན་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་པདྨའི་འདབ་མ་ཞེས་བྱ་བ་ལ་སོགས་པ་ལ། གཡོན་པ་བསྙེམས་པའི་ཚུལ་གྱིས་པདྨ་གཟུང་སྟེ། ཕྱག་གཡས་པས་ཐུགས་ཀར་གནས་པའི་པདྨའི་འདབ་མ་ཁ་འབྱེད་ཅིང་རྡོ་རྗེའི་ལྟ་བས་གཟིགས་
เล่ม ๕๗ · หน้า 72b
ཤིང་སོ་སོར་རྟོགས་པའོ། །ཇི་ལྟར་གཟིགས་ཤེ་ན། འདོད་ཆགས་རྣམ་པར་དག་ཅིང་མ་ཆགས་པའི་ངོ་བོ་ཉིད་དུ་གཟིགས་ཞེས་བྱ་བ་སྟེ། ཆོས་བདག་མེད་པའི་ཡེ་ཤེས་ནི་གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་བར་སོ་སོར་རྟོག་ཅིང་བསྒོམས་ལ་སྒོམ་པ་དེས། ཇི་ལྟར་
པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་བཞིན། །ཐམས་ཅད་དག་པར་བསྒོམས་ན་ནི། །དེ་བཞིན་སྡིག་པས་གོས་མི་འགྱུར། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ་གང་ཡིན་པ་འདི་དག་གི་ལག་ཏུ་གནས་པ་འདི་དེའོ། །འདི་སུ་ཞིག་གི་ཡིན་ཞེ་ན་སངས་རྒྱས་ཐམས་ཅད་ཀྱིའོ། །ལས་ཅི་ཞིག་བྱེད་ཅེ་ན། འདོད་ཆགས་དེ་ཉིད་རྟོགས་བྱེད་པ། །ཞེས་བྱ་བ་སྟེ་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་དུ་བཤད་པའོ། །དེ་གདུལ་བྱ་རྣམས་ལ་
ཇི་སྐད་བཤད་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱེད་པས་འདི་ནི་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་བྱེད་པ་ཡིན་ནོ། །ཅི་འདི་བདག་དང་ཐ་དད་དམ་འོན་ཏེ་མ་ཡིན་ཞེ་ན། བདག་སྟེ་ཞེས་བྱ་བ་གསུངས་ཏེ། བདག་གི་ལག་ཏུ་བྱིན་པས་ན། །ཞེས་བྱ་བ་ནི།
བདག་གི་རང་བཞིན་ཅན་གྱི་པདྨ་བདག་གི་ལག་ཏུ་བྱིན་ནོ། །དེ་བས་ན། བདག་གི་ཆོས་ནི་གནས་པར་འགྱུར། །ཞེས་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ཡིན་ལ། མཉམ་པར་གཞག་པའི་སེམས་
ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་བ་ཡིན་ལ། དེས་ཀྱང་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་གཅོད་པར་འགྱུར་བ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོས་སེམས་
དང་སེམས་ལས་བྱུང་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་གཅོད་པར་འགྱུར་རོ་ཞེས་བྱ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ་དེ་ནས་བཅོམ་ལྡན་འདས་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་
เล่ม ๕๗ · หน้า 73a
ཆེན་པོ་འཇམ་དཔལ་ཞེས་བྱ་བ་ནི་ཉོན་མོངས་པ་སྲ་བ་མི་མངའ་བས་འཇམ་ཞིང་མཉེན་པའི་དཔལ་ཏེ། མདངས་གང་ལ་མངའ་བ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་འཇམ་དཔལ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་
ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་རྡོ་རྗེ་རྩེ་ལྔ་པའི་གཟུགས་དེ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེའི་དམ་ཚིག་ནི་ཤེས་རབ་ཀྱི་མཚོན་ཆ་ལ་སོགས་པའི་ཚུལ་ལོ། །དེ་འབྱུང་བ་ནི་དེ་བཞིན་གཤེགས་པའི་ཐུགས་ཀ་ན་གནས་པའི་སེམས་
དཔའི་རྡོ་རྗེའི་གཟུགས་ཀྱི་ཆོས་ལས་བྱུང་བའོ། །དེ་བྱིན་གྱིས་བརླབ་ཅིང་བརྟན་པར་བྱ་བའི་ཕྱིར། སྤྲུལ་པའི་དོན་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་འཇུག་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་རྣོན་པོའི་ཤེས་རབ་ཀྱི་མཚོན་ཆ་ལ་སོགས་པ་སྤྲུལ་
ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཆེན་པོའི་དམ་ཚིག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཆེན་པོའི་མཚོན་ཆ་ལ་སོགས་པའི་ངོ་བོ་ནི་བཅོམ་ལྡན་
འདས་འཇམ་དཔལ་ལོ། །དེ་ཉིད་ནི་ཡེ་ཤེས་ཏེ། དེའི་དམ་ཚིག་ནི་རྒྱུའོ། །མིང་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རང་གི་ཐུགས་ཀ་ནས་ཕྱུང་བ་ནི་བཛྲ་ཏཱིཀྵྞ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་བཅོམ་ལྡན་འདས་ཀྱི་
ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ལ་གནས་པའི་སེམས་དཔའི་རྡོ་རྗེའོ། །ཤེས་རབ་དང་ཡེ་ཤེས་ཀྱི་རལ་གྲིར་གྱུར་ཏེ་ཞེས་བྱ་བ་ནི་རལ་གྲི་ཕྱག་ན་བསྣམས་པར་གྱུར་པའོ། །
རྡོ་རྗེ་ནམ་མཁའི་དབྱིབས་སུ་གྱུར་ཏེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་མཚོན་ཆ་དེ་ཐམས་ཅད་རྡོ་རྗེ་ནམ་མཁའ་གཅིག་གི་དབྱིབས་ཏེ། རལ་གྲི་གཅིག་ཏུ་གྱུར་པའོ། །འདིར་ཡང་རྟེན་གྱིས་བརྟེན་པ་པོ་སྟོན་པ་ཡིན་ཏེ། ཤུགས་ནི་ཉོན་མོངས་གཅོད་བྱེད་ཡིན། །ཞེས་གསུངས་པ་
เล่ม ๕๗ · หน้า 73b
ལྟ་བུའོ། །དེ་ནས་རྡོ་རྗེ་རལ་གྲིའི་དབྱིབས་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུའི་སྐུར་གྱུར་ཏེ། ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཤེས་རབ་དང་ཡེ་ཤེས་ནི་འཕགས་པ་འཇམ་དཔལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ལ་སོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ལ་སོགས་པ། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་
འཕྲུལ་རྣམས་ལ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་བྱས་ནས་དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་གཅིག་ཏུ་གྱུར་ནས་འཕགས་པ་འཇམ་དཔལ་གྱི་སྐུར་གྱུར་ཏོ། །རྒྱུ་གང་གིས་ཤེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་འཇམ་པའི་དཔལ་ཡིན་པ་ཉིད་ཅེས་བྱ་བ་
གསུངས་ཏེ། མཛེས་པའི་འཇམ་དཔལ་གྱི་ཡུལ་གང་ཡིན་པ་དེ་ནི་ཤིན་ཏུ་འཇམ་པའི་དཔལ་ཡིན་ཏེ། དེའི་ངོ་བོ་ཉིད་ནི་ཤིན་ཏུ་འཇམ་དཔལ་ཡིན་པ་ཉིད་ཀྱིས་སོ། །དོན་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་
ཏུ་མཛད་ནས་འཕགས་པ་འཇམ་དཔལ་གྱི་སྐུར་བསྐྱེད་པ་གང་ཡིན་པ་དེ་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་འཇམ་པའི་དཔལ་ཉིད་ཅེས་བྱའོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་དབྱངས་བདག་ནི་ཡིན་པར་དགོངས། །ཞེས་བྱ་བ་ལ། ཨེ་མའོ་
ཞེས་བྱ་བ་ནི་ངོ་མཚར་རོ། །བདག་ནི་སངས་རྒྱས་ཐམས་ཅད་ཉིད་ཀྱི་ཡིན་གྱི། དེ་ལས་གཞན་པ་བྱིས་པ་རྣམས་ཀྱི་དབྱངས་ཀྱི་རྗེས་སུ་འཇུག་པ་ནི་མ་ཡིན་ནོ། །འཇམ་དབྱངས་ཡིན་པར་དགོངས། ཞེས་བྱ་བ་ནི་འཇམ་ཞིང་སྙན་པའི་དབྱངས་ཡིན་པར་དགོངས་ཤིང་
གྲགས་པ་ནི་སངས་རྒྱས་ཀྱི་གྲུབ་པའི་མཐའ་ལས་བཤད་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཤེས་རབ་གཟུགས་མེད་ཀྱང་། །དབྱངས་ཉིད་དུ་ནི་དམིགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། བདག་ནི་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་
เล่ม ๕๗ · หน้า 74a
བོ་ཡིན་པ་ལས། གདུལ་བྱ་རྣམས་ཀྱིས་ནི། བདག་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་གཟུགས་སུ་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡས་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཞེས་བྱ་བ་ནི་
བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་གཡས་ལོགས་སུའོ། །ཡང་བཀའ་ནོད་ཅིང་ཞེས་བྱ་བ་ནི། རྡོ་རྗེ་ཆོས་ལ་ལྟོས་པ་སྟེ། །རང་གི་རྣམ་པར་ཐར་པ་གདུལ་བྱ་ལ་བསྐྱེད་པར་བྱ་བའི་ཕྱིར། བཀའ་ནོད་པར་གྱུར་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་
ལྡན་འདས་ཀྱིས་རྡོ་རྗེ་རལ་གྲི་དེ་དེའི་ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་རྣམས་ཀྱི་རལ་གྲི་ནི་ཕྱག་རྒྱའོ། །དེ་ལ་དམིགས་པའི་རྡོ་རྗེ་ལྟར་མི་ཕྱེད་པའི་ཤེས་རབ་དང་། ཡེ་ཤེས་རྡོ་རྗེ་ཞེས་བྱ་སྟེ། །དེ་ལ་
སྙོམས་པར་ཞུགས་པ་ནི་རལ་གྲི་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །རང་བཞིན་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉོན་མོངས་པ་གཅོད་པའི་དམ་ཚིག་ཅེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉོན་
མོངས་པ་གཅོད་པ་ནི་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལོ། །དམ་ཚིག་ནི་དེ་བསྐྱེད་པའི་རྒྱུའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་གཅོད་པ་ནི་སྡུག་
བསྔལ་ཐམས་ཅད་སྤང་བར་མཛད་པ་སྟེ། སྡུག་བསྔལ་གཅོད་པ་དེས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བར་བྱ་བའི་དོན་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལོ། །དེའི་རྗེས་སུ་འབྲང་ཞིང་འགྲོ་བ་
བས་ན་གསུང་གི་རྗེས་སུ་འབྲང་བའི་ཤེས་རབ་སྟེ། འཇམ་པའི་དབྱངས་རྟོགས་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེས་ཡོངས་སུ་རྫོགས་པ་ནི་ཡོངས་སུ་གྲུབ་པ་སྟེ་དེ་ཉིད་ནི་དངོས་གྲུབ་ཀྱི་མཆོག་གོ། །བར་དུ་ཞེས་བྱ་བའི་སྒྲས་ནི་ཡོན་ཏན་གཞན་དག་ཀྱང་རྫོགས་པར་བྱ་བའི་ཕྱིར་
เล่ม ๕๗ · หน้า 74b
རོ། །དེ་དག་གི་ཕྱིར་ཞེས་བྱ་བ་ནི་འཇམ་པའི་དབྱངས་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་བའོ། །རྡོ་རྗེ་བློ་ཞེས་བྱ་བ་ནི་འདི་ལ་གཉིས་སུ་མེད་པའི་བློ་མངའ་བས་ན་རྡོ་རྗེའི་བློའོ། །དེ་ཉིད་ཀྱིས་ན་འདི་ནི་ངེས་པར་འབྱེད་པའི་
ཤེས་རབ་ཀྱི་ངོ་བོ་ཡིན་པས་ན་གསུང་གི་རྗེས་སུ་འབྲང་བའི་ཤེས་རབ་དམ་པའོ། །གསུང་གི་རྗེས་སུ་འབྲང་བའི་ཤེས་རབ་ཀྱི་ངོ་བོ་ནི་རྡོ་རྗེ་གསུང་ཡིན་པར་ཤེས་པར་བྱ་སྟེ། གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚུལ་གྱིས་ཕྱག་ན་གནས་པའོ། །རལ་གྲི་དེས་དེ་བཞིན་
གཤེགས་པ་ཐམས་ཅད་ལ་འདེབས་པ་ནི་མི་སྣང་བར་མཛད་པའི་ཏིང་ངེ་འཛིན་ལ་ངེས་པར་སྦྱོར་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི། རང་གི་ཕྱག་ན་གནས་པ་གསུངས་པའོ། །འདི་ཅི་ཞིག་ཡིན་ཞེ་ན། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་བྱ་བ་གསུངས་ཏེ། རལ་གྲིའི་ངོ་བོས་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རིམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཐོབ་པར་བྱེད་པ་ཡིན་ལ། རྒྱུ་དེ་ཉིད་ཀྱིས་ན་རལ་གྲི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་
དོ། །རྒྱུ་གང་ཁོ་ནས་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་རལ་གྲིའི་གཟུགས་ཡིན་པ་དེས་ན་གཅོད་པར་བྱེད་པ་ཡིན་ནོ། །སུ་ཞིག་གཅོད་ཅེ་ན། དགྲ་རྣམས་ཐམས་ཅད་ཅེས་བྱ་བ་འདོད་ཆགས་ལ་སོགས་པ་དང་། ཕྱི་རོལ་གྱི་དངོས་པོ་རྣམས་སོ། །འདོད་
ཆགས་ལ་སོགས་པའི་སྡིག་པ་རྣམས་ངེས་པར་སེལ་བའི་ངོ་བོ་ཉིད་ཀྱིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡིན་ལ། དེ་བས་ན་འདི་ནི་སྡིག་པ་ཐམས་ཅད་འཇོམས་པའི་མཆོག་ཅེས་བྱའོ། །དེ་ལྟར་རྡོ་རྗེ་རྣོན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉོན་མོངས་
པ་དང་ཉེ་བའི་ཉོན་མོངས་པ་བཅད་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། སྒྲིབ་པ་མེད་པའི་སེམས་ནི་སྔོན་གྱི་འཕེན་པའི་ཤུགས་ཀྱི་དབང་གིས་མངོན་པར་ཤེས་པ་ལ་སོགས་པའི་མཐུས་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་རྡོ་རྗེ་རྒྱུས་དཀྱིལ་འཁོར་དུ་འཇུག་པར་བྱེད་དོ་ཞེས་
เล่ม ๕๗ · หน้า 75a
བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །སེམས་བསྐྱེད་པའི་རྗེས་ཐོགས་ཉིད་ལ། ཆོས་ཀྱི་འཁོར་ལོ་སྟེ་དཀྱིལ་འཁོར་རབ་ཏུ་བསྐོར་
ཞིང་སྤྲུལ་པའི་ངང་ཚུལ་འདི་ལ་མངའ་བས་ན་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་བསྐྱེད་
མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཇི་སྐད་དུ་བཤད་པའི་སེམས་དཔའི་རྡོ་རྗེའི་གཟུགས་ཅན་ནི་ཀུན་དུ་བཟང་པོའོ། །འདིའི་དམ་ཚིག་ནི་དཀྱིལ་འཁོར་ཆེན་པོ་ལ་སོགས་པའི་ཚུལ་ལོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དཀྱིལ་འཁོར་ལ་སོགས་པ་སྤྲུལ་པ་བསྐྱེད་པའི་
རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་དང་རྡོ་རྗེ་རྒྱུའི་ཚུལ་ལོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུའོ། །
བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེ་རྣམ་པ་རྡོ་རྗེ་དབྱིངས་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་གསུངས་པའི་དཀྱིལ་འཁོར་ཐམས་ཅད་དུ་གྱུར་ཏེ་བྱུང་ངོ་། །རྡོ་རྗེ་འཁོར་ལོའི་དབྱིབས་ཞེས་བྱ་བ་ནི་རྡོ་རྗེ་རྩེ་གཅིག་པའི་རྩིབས་བརྒྱད་པ་ཅན་
གྱི་འཁོར་ལོའི་གཟུགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ནི་བཅོམ་ལྡན་འདས་རྡོ་རྗེ་རྒྱུའོ། །དེ་བསྐོར་
བ་ནི་སེམས་ཅན་གྱི་རྒྱུད་ལ་བསྐྱེད་པའོ། །དེ་ཉིད་ལ་སོགས་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། དེ་བཞིན་གཤེགས་
เล่ม ๕๗ · หน้า 75b
པ་ཐམས་ཅད་གཅིག་ཏུ་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐུར་གྱུར་ཏོ། །རྒྱུ་གང་ཡིན་ཞེ་ན། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཉིད་དང་ཞེས་བྱ་བ་གསུངས་ཏེ། སེམས་
བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་རྒྱུས་ནི་རབ་ཏུ་བསྐོར་བའོ། །གང་གིས་དེའི་ངོ་བོ་ཉིད་ཡིན་པ་དེས་ན་རབ་ཏུ་བསྐོར་བ་ཡིན་པ་ཉིད་དོ། །གང་གི་ཞེ་ན། རྡོ་རྗེ་དམ་པ་ཆོས་ཅན་གྱི། །ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་མཛད་པའི་
ཚུལ་གྱིས་རྡོ་རྗེ་རྒྱུ་བསྐྱེད་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །ཨེ་མའོ་རྡོ་རྗེ་འཁོར་ལོ་བདག །ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་བདག་ཡིན་པའོ། །སུ་ཞིག་གི་ཡིན་ཞེ་ན། རྡོ་རྗེ་དམ་པ་ཆོས་ཅན་གྱི། །ཞེས་བྱ་བ་སྟེ། རྡོ་རྗེ་ཉིད་གང་གི་
ཆོས་ཀྱི་མཆོག་ཡིན་པ་དེ་ནི། རྡོ་རྗེ་དམ་པ་ཆོས་ཅན་གྱི་སྟེ། དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་སེམས་བསྐྱེད་ཙམ་གྱིས་ཀྱང་། །ཞེས་སེམས་བསྐྱེད་པའི་རྗེས་ཐོགས་ཉིད་
ལ་ཆོས་ཀྱི་འཁོར་ལོ་སྟེ། དཀྱིལ་འཁོར་རབ་ཏུ་བསྐོར་བར་གྱུར། །ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལས། གདུལ་བྱ་རྣམས་ཀྱིས་དཀྱིལ་འཁོར་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པར་བདག་མཐོང་ཞིང་རྟོགས་པ་
འདི་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡོན་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་གཡོན་ལོགས་སུའོ། །ཡང་ཞེས་བྱ་བའི་སྒྲས་ནི། སྔར་ནི་འཕགས་པ་འཇམ་དཔལ་གྱི་ཚུལ་
གྱིས་ཤེས་རབ་དང་ཡེ་ཤེས་བསྐྱེད་པའི་ཕྱིར་བཀའ་ནོད་པ་ཡིན་ལ། ད་ལྟར་དཀྱིལ་འཁོར་བསྐོར་བའི་ཕྱིར་ཡིན་པས་ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་འཁོར་ལོ་དེ་དེའི་ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །
เล่ม ๕๗ · หน้า 76a
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་ན་གནས་པའི་རྩིབས་བརྒྱད་པ་སྟེ། དེ་ལ་དམིགས་པའི་ཏིང་
ངེ་འཛིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་རྡོ་རྗེ་ཞེས་བྱ་བའོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ལ་ནི་འཁོར་ལོ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་
པོ་ནི་རྡོ་རྗེ་དབྱིངས་ལ་སོགས་པ་དང་རྡོ་རྗེ་རྒྱུ་ནི་དཀྱིལ་འཁོར་ཆེན་པོའོ། །དེའི་དམ་ཚིག་ནི་རྒྱུའོ། །འཁོར་ལོ་དེ་ཅིའི་ཕྱིར་བྱིན་ཞེ་ན། སེམས་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པར་འཇུག་པ་དེས་ཕྱིར་མི་ལྡོག་
པ་ཐོབ་པའི་དོན་དེས། འཁོར་ལོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བར་བྱ་བ་ནི། དེ་ལ་གནས་པས་བྱང་ཆུབ་སེམས་དཔའ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པར་གྱུར་པས་ན་ཕྱིར་མི་ལྡོག་པ་སྟེ། ལྡོག་པ་མེད་པ་ནི་མི་
ལྡོག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་རོ། །དེ་བསྐོར་བ་ནི་གདུལ་བྱའི་རྒྱུད་ལ་བསྐོར་བའོ། །དེ་ཉིད་ནི་དམ་པ་གྲུབ་པ་སྟེ། དེ་དག་གི་ཕྱིར་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་
ཆོས་ཀྱི་འཁོར་ལོ་བསྐོར་བ་གདུལ་བྱའི་རྒྱུད་ལ་བསྐྱེད་པའི་རྒྱུར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་གཞན་དག་ཀྱང་བསྡུའོ། །དེ་བཞིན་དུ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་དང་། དར་དཔྱངས་ཀྱི་དབང་གིས་དབང་བསྐུར་ནས་སོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་
རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །སྙིང་པོ་ནི་གཅེས་པར་བྱ་བར་བཤད་དོ། །དེ་གྲུབ་པའི་རྒྱུ་ཡིན་པས་ན། འཁོར་ལོ་ནི་རྡོ་རྗེ་སྙིང་པོ་དེས་ཉེ་བར་མཚོན་པའི་སེམས་དཔའ་ནི་རྡོ་རྗེ་སྙིང་པོའོ། །ཕྱིར་མི་ལྡོག་པ་ཉིད་དུ་འཇོག་ཅིང་ཞེས་པ་ནི། ཕྱིར་མི་ལྡོག་པའི་ངོ་བོ་ཉིད་
เล่ม ๕๗ · หน้า 76b
ནི་ཕྱིར་མི་ལྡོག་པ་ཉིད་དེ། ཕྱིར་མི་ལྡོག་པ་དེ་ཉིད་དུ་འཇོག་པ་ནི་རང་གི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱེད་པའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་བདག་གི་ལག་པར་བྱིན་པ་གང་ཡིན་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཡིན་ནོ། །
ལས་ཅི་ཞིག་བྱེད་ཅེ་ན། ཆོས་རྣམས་ཐམས་ཅད་རྣམ་པར་སྦྱོང་། །ཞེས་བྱ་བ་ཡིན་ཏེ། ཆོས་རྣམས་ཐམས་ཅད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའོ། །དེ་རྣམས་ཀྱི་དཀྱིལ་འཁོར་དུ་འཇུག་པས་རྣམ་པར་དག་པར་འགྱུར་ལ། དེ་བས་ན་འཁོར་ལོ་ནི་ཆོས་ཐམས་ཅད་རྣམ་པར་སྦྱོང་
བར་བྱེད་པ་ཡིན་ནོ། །ཕྱིར་མི་ལྡོག་པ་རྣམས་ཀྱི་འཁོར་ལོ་ནི་ཕྱིར་མི་ལྡོག་པའི་འཁོར་ལོའོ། །ནི་ཞེས་བྱ་བའི་སྒྲས་ནི་ངེས་པར་གཟུང་བ་སྟེ། འདིས་ནི་ཕྱིར་མི་ལྡོག་པ་རྣམས་ཀྱི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །དེ་བས་ན། བྱང་ཆུབ་སྙིང་པོ་ཡིན་པར་བཤད། །ཅེས་བྱ་
བ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལྟོས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། མཆོག་ཡིན་པས་སྙིང་པོར་གྱུར་པ་ཡིན་ལ། དེའི་ངོ་བོ་ཉིད་ནི་འཁོར་ལོ་འདི་ཡིན་པས་བྱང་ཆུབ་སྙིང་པོ་ཡིན་ཞེས་བྱའོ། །བཤད་ཅེས་བྱ་བ་ནི་རྒྱུད་འདིར་
གསུངས་པའོ། །དེ་ལྟར་རྡོ་རྗེ་རྒྱུས་དེ་བཞིན་གཤེགས་པ་རྣམས་དཀྱིལ་འཁོར་དུ་བཅུག་ནས། དེ་དཀྱིལ་འཁོར་ལ་སོགས་པ་བཤད་པའི་ཚུལ་གྱིས་རྡོ་རྗེ་སྨྲ་བ་སྤྲོས་པ་མེད་པའི་ཆོས་ཉིད་ལ་ཇི་ལྟར་ངེས་པར་སྦྱོར་བ་དེ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ནས་
བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །ཆོས་ཐམས་ཅད་ནི་ངག་གི་ལམ་དང་བྲལ་ཞིང་། སྒྲ་རྣམས་བྲག་ཅ་དང་འདྲའོ་ཞེས་ཐུགས་སུ་ཆུད་པས་འདི་ལ་ཚིག་ཏུ་བརྗོད་པ་མི་མངའ་བས་ན་མི་གསུང་བའོ། །བྱང་ཆུབ་སེམས་
དཔའ་ཆེན་པོ་ཡང་ཡིན་ལ་མི་གསུང་བ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་མི་གསུང་བ་སྟེ། སེམས་དཔའི་རྡོ་རྗེའི་ཚུལ་ཅན་གྱི་ཀུན་དུ་བཟང་པོའོ། །དེའི་དམ་ཚིག་ནི་ཆོས་ཀྱི་ཡི་གེའི་གཟུགས་སོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེའི་ཚུལ་གྱིས་ཆོས་གང་
เล่ม ๕๗ · หน้า 77a
ལས་བྱུང་བའོ། །དེའི་བྱིན་གྱི་རླབས་ནི་བརྟན་པར་བྱེད་པའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་འཇུག་པའི་ཆོས་ཀྱི་ཡི་གེ་ལ་སོགས་པ་སྤྲུལ་ཞིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་
གཤེགས་པ་ཐམས་ཅད་བཟླས་པའི་དམ་ཚིག་ཅེས་བྱ་བ་ནི། རྡོ་རྗེ་སྨྲ་བ་ནི་བཟླས་པའོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུ་སྟེ། བཛྲ་བྷཱ་ཥ་ཞེས་བྱ་བའི་སྙིང་པོའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་བཟླས་པའི་དབྱིངས་སུ་གྱུར་ཏེ་ཕྱག་གཉིས་
སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཅེས་བྱ་བ་ནི་སེམས་དཔའི་རྡོ་རྗེའི་ཚུལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཡི་གེ་ནི། སྒྲ་འབྱུང་བ་ཡིན་པའི་ཕྱིར་ཆོས་ཀྱི་ཡི་གེ་ཞེས་བྱ་སྟེ། ལྗགས་ཀྱི་ཕྱག་རྒྱ་ལ་བྱ་བར་བཤད་
དོ། །འདི་ཡང་ཅིའི་ཕྱིར་ཞེ་ན། རང་གི་ཕྱག་རྒྱ་ལས་གཟུགས་སུ་སྤྲུལ་པ་དེ་ནི་དེ་ལས་རང་གི་རྣམ་པར་སྤྲུལ་པ་ཐམས་ཅད་འདིར་འདོད་དེ། གང་གི་ཕྱིར་རྡོ་རྗེ་བཟླས་པའི་དབྱིབས་ཞེས་བྱ་བ་ལྕེའི་ཕྱག་རྒྱ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་
དཔའི་སྐུར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ནི་ཆོས་ཐམས་ཅད་སྤྲོས་པ་མེད་པའོ་ཞེས་བྱ་བའོ། །དེ་ལ་སོགས་པ་གང་ཡིན་པ་དེ་དག་བྱས་པ་སྟེ། གདུལ་བྱ་རྣམས་ལ་རྡོ་རྗེ་སྨྲ་བའི་ཏིང་ངེ་འཛིན་
བསྐྱེད་པ་ལ་སོགས་པ་ལ་ཞེས་བྱ་བའི་བར་དུའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་ཚིག་མ་ཡིན་པ་ཉིད་དང་ཞེས་བྱ་བ་ནི་གང་ལ་ཚིག་མེད་པ་དེ་ནི་ཚིག་མ་ཡིན་པའོ། །མཛེས་པ་ཡང་ཡིན་ལ་ཚིག་མ་ཡིན་པ་ཡང་ཡིན་པས་ན་ཤིན་ཏུ་ཚིག་མ་ཡིན་པ་སྟེ། དེའི་
ངོ་བོ་ཉིད་ཡིན་པས་ན་ཚིག་མ་ཡིན་པ་ཉིད་དོ། །དེ་ཡང་སངས་རྒྱས་ཐམས་ཅད་གཅིག་ཏུ་བྱས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྨྲ་བའི་གཟུགས་སུ་ཤིན་ཏུ་ཡོངས་སུ་བསྒོམ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཨེ་མའོ་རང་འབྱུང་རྣམས་ཀྱི་ཞེས་བྱ་བ་ནི་
เล่ม ๕๗ · หน้า 77b
སངས་རྒྱས་རྣམས་ཀྱིའོ། །གསང་བ་ནི་དེའི་སྣོད་མ་ཡིན་པའི་འགྲོ་བ་ལ་བརྩེ་བར་བྱ་བ་ཡིན་པས་སོ། །དེ་ཉིད་ཀྱིས་ན་ལྡེམ་པོ་ངག་ཏུ་བདག་དགོངས་ཏེ་ཞེས་བྱ་བ་གསུངས་ཏེ། དགོངས་པ་ཅན་གྱི་ཚིག་དྲང་བའི་དོན་དུ་གསུངས་པ་ནི་ལྡེམ་པོའི་ངག་གོ། །བདག་ཅེས་བྱ་བ་
ནི་བདག་ཉིད་ཡིན་པར་སྨྲ་བའོ། །དགོངས་ཞེས་བྱ་བ་ནི་བཤད་ཅེས་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་གསུངས་ཏེ། གང་གི་ཕྱིར་རོ། །དཀྱིལ་འཁོར་ལ་སོགས་པའི་ཚུལ་གྱིས་དམ་པའི་ཆོས་ཚིག་གིས་བརྗོད་དུ་མེད་པར་འཆད་
ཅིང་སྟོན་པས་ན། ཚིག་གི་སྤྲོས་དང་རྣམ་པར་བྲལ། །ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་དམ་པར་ནི་ཆོས་སྟོན་པར་འབྱུང་བ་ཡང་མེད་ན། ཀུན་རྫོབ་ཏུ་སྟོན་པར་མཛད་པས་གདུལ་བྱ་རྣམས་ཀྱིས་དོན་དམ་པར་སྟོན་པར་མཛད་དོ་སྙམ་པ་འདི་ནི་ངོ་མཚར་ཆེའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱབ་ན་ཞེས་བྱ་བ་ནི། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའིའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བཟླས་པ་དེ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་
ནི་ལྕེའི་ཕྱག་རྒྱ་སྟེ། དེ་ལ་དམིགས་པ་ནི་གསུང་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་ལ་སྙོམས་པར་ཞུགས་པ་ནི་ལྕེ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཡེ་ཤེས་ནི། ཆོས་ཐམས་
ཅད་སྤྲོས་པ་མེད་པ་ཞེས་བྱ་བ་རྡོ་རྗེ་སྨྲ་བའི་ཚུལ་དུ་ངེས་པའོ། །དེའི་དམ་ཚིག་ནི་རྒྱུའོ། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཚིག་གྲུབ་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བའི་
ངོ་བོ་ཉིད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་སྟེ། རྡོ་རྗེ་སྨྲ་བའི་ངོ་བོ་ཉིད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི། སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་བའོ། །རྡོ་རྗེའི་ཚིག་ཅེས་བྱ་བ་ནི། ཆོས་ཐམས་
เล่ม ๕๗ · หน้า 78a
ཅད་སྤྲོས་པ་དང་བྲལ་བ་འདིས་སམ། རྡོ་རྗེའི་ཚིག་ནི་སྒྲ་སྤངས་པའི་ཞེས་བྱ་བ་འདིས་ཉེ་བར་མཚོན་པ་ཉིད་ཀྱིས་ནི་རྡོ་རྗེའི་ཚིག་ཅེས་བྱའོ། །རྡོ་རྗེ་བཟླས་པ་དེས་ཞེས་བྱ་བ་ནི་རང་གི་ཕྱག་ན་གནས་པའི་ལྗགས་ཀྱི་ཕྱག་རྒྱའི་ཚུལ་གྱིས་སོ། །དེ་བཞིན་
གཤེགས་པ་ཐམས་ཅད་ལ་ཡང་དག་པར་སྨྲ་ཞིང་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་དང་། ཡང་དག་པར་སྨྲ་བའི་རང་བཞིན་ཅན་རྡོ་རྗེའི་ཚིག་བརྗོད་པ་ལ་བརྩོན་པར་བྱེད་ཅིང་ཆེད་དུ་བརྗོད་པ་འདི་
ཆེད་དུ་བརྗོད་པ་སྟེ། འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི། རང་གི་ལག་ན་གནས་པ་གསུངས་པའོ། །དེ་ཅི་ཞིག་ཡིན་ཞེ་ན། རྡོ་རྗེ་བཟླས་པར་བརྗོད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། སྤྲོས་པ་མེད་པར་
བརྗོད་པ་ནི་རྡོ་རྗེ་བཟླས་པ་ཞེས་བརྗོད་ཅིང་བཤད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྔགས་འདི་མྱུར་དུ་སྒྲུབ་བྱེད་ཡིན། །ཞེས་བྱ་བ་ནི་སྒྲ་སྤངས་པའི་ཚིག་གི་སྤྲོས་པ་མེད་པའི་ཆོས་སྨྲ་བ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་དེ། །རྡོ་རྗེ་
དབྱིངས་ཀྱི་དུམ་བུ་ལས་གསུངས་པའི་སྔགས་རྣམས་མྱུར་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་དང་ཞེས་བྱ་བ་ལ་སོགས་པས་ནི་སྡོམ་གསུངས་པ་ཡིན་ཏེ། རྡོ་རྗེ་ཆོས་ཉིད་ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཏོ། །དེའི་ཡེ་ཤེས་ནི་རྡོ་རྗེ་ཆོས་སུ་
ངེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཉིད་ནི་ཡེ་ཤེས་ཏེ་རྡོ་རྗེ་རྣོན་པོའོ། །ཆོས་ཀྱི་འཁོར་ལོ་ཆེན་པོ་ནི་དཀྱིལ་འཁོར་ཏེ། དེ་བསྐོར་བའི་ཡེ་ཤེས་ནི་རྡོ་རྗེ་རྒྱུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྤྲོས་པ་ནི་ངག་གི་རྣམ་པར་རྟོག་
པའོ། །དེ་རྣམ་པར་རྟོག་པའི་ཡེ་ཤེས་ནི་རྡོ་རྗེ་སྨྲ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོ་ལས་བྱུང་བའི་སེམས་དཔའ་ནི། ཡེ་ཤེས་སེམས་དཔའ་ཆེན་པོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཤེས་
เล่ม ๕๗ · หน้า 78b
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་པོ། ཐུབ་པའི་དབང་པོ་འོད་དཔག་མེད། །ཅེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་ལྡོག་པའི་དབྱིབས་རྣམ་པ་བཞིར་གཞག་པར་བྱ་སྟེ། བསྒྲལ་བ་དང་། གྲོལ་བ་དང་། དབུགས་དབྱུང་བ་དང་། མྱ་ངན་ལས་འདས་པ་ལ་གཞག་པའི་ཕྱིར་
ཡང་ལོག་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ལས། རྡོ་རྗེ་ཆོས་ཀྱི་ཡང་དག་པའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་བསྒྲལ་བ་ནི། མཉམ་པར་གཞག་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྣོན་པོས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་
མོངས་པ་རྣམས་ལས་གྲོལ་བར་མཛད་དོ། །རྡོ་རྗེ་རྒྱུས་ནི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་སྣ་ཚོགས་པའི་ཚུལ་གྱིས་འགྲོ་བ་རྣམས་དབུགས་འབྱིན་ཏོ། །རྡོ་རྗེ་སྨྲ་བས་ནི་རྣམ་པར་རྟོག་པའི་ཚིག་ལས་སྤྲོས་པ་མེད་པའི་ཆོས་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པ་ལ་
འཇོག་པར་མཛད་དོ། །དེ་ལྟར་རྡོ་རྗེ་སྨྲ་བས་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོས་པ་མེད་པའི་ཆོས་ལ་སྦྱར་བ་རྣམས་མཆོད་པ་མེད་པར་འགྲུབ་པར་མི་འགྱུར་བས། དེའི་ཕྱིར་རྡོ་རྗེ་ལས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པའི་མཆོད་པས་མཆོད་
པ་ཡིན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་སྤྲུལ་པ་དང་། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་
གྱི་དོན་གྱི་ཚུལ་གྱིས་ཕྲིན་ལས་སྣ་ཚོགས་པ་རྣམ་པ་ཐ་དད་པ་མངའ་བ། གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་པའོ་ཞེས་བྱའོ། །ཕྲིན་ལས་ཐམས་ཅད་པའང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོའང་ཡིན་པས། བྱང་ཆུབ་སེམས་
དཔའ་ཆེན་པོའི་ཕྲིན་ལས་ཐམས་ཅད་པའོ། །ཇི་སྐད་དུ་གསུངས་པའི་སེམས་དཔའི་རྡོ་རྗེ་ནི་དེའི་དམ་ཚིག་གོ། །དེ་ལས་བྱུང་བ་ནི་ཕྲིན་ལས་ཐམས་ཅད་ཀྱི་འོད་ཟེར་ལ་སོགས་པའོ། །སེམས་དཔའི་རྡོ་རྗེའི་ཚུལ་གང་ལས་ཕྲིན་ལས་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་
เล่ม ๕๗ · หน้า 79a
མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་འཇུག་པ་ནི། ཕྲིན་ལས་ཀྱི་འོད་ཟེར་ལ་སོགས་པ་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དམ་ཚིག་ནི་
རྒྱུ་སྟེ། རྡོ་རྗེ་ལས་བསྐྱེད་པའི་རྒྱུར་གྱུར་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་ཉིད་ལས་ཀྱི་རྡོ་རྗེའི་དབྱིབས་སུ་གྱུར་ནས་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །ལས་ཐམས་ཅད་ནི་སྣ་ཚོགས་
རྡོ་རྗེའོ། །དེའི་ལས་ཀྱི་མཉམ་པ་ཉིད་ནི། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་རྣམ་པར་མི་རྟོག་པ་ཙམ་ལས་བྱུང་བའོ། །དེའི་ཡེ་ཤེས་ནི་ཐུགས་སུ་ཆུད་པའོ། །ཤིན་ཏུ་རྟོགས་པ་ནི་རྣམ་པར་རྟོག་པ་མ་ལུས་པར་སྤངས་པས་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ནི་དེ་བཞིན་དུ་
དེའི་ངོ་བོ་ཉིད་ཡིན་པས་ཤིན་ཏུ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་རྟོགས་པ་ཉིད་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཞེས་བྱ་བའོ། །ཕྲིན་ལས་ཀྱི་འོད་ཟེར་ལ་སོགས་པའི་ཚུལ་གྱིས་འབྱུང་བ་ལ་སོགས་པས་སྣ་ཚོགས་རྡོ་རྗེ་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་
ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་དེ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་འོད་ཟེར་དུ་གྱུར་ཏེ། བྱུང་ནས་ཞེས་བྱ་བ་ནི། སྣ་ཚོགས་རྡོ་རྗེ་ལྟ་བུའི་འོད་ཟེར་ནི་
ཕྲིན་ལས་ཀྱི་འོད་ཟེར་ཏེ་དེར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ནི་སྣ་ཚོགས་རྡོ་རྗེའོ། །དེའི་ལས་ཀྱི་དབྱིངས་ནི་སྣ་ཚོགས་རྡོ་རྗེའི་རྒྱུ་སྟེ། སྣ་ཚོགས་རྡོ་རྗེ་ལྟ་བུའི་འོད་ཟེར་གྱིས་ཁྱབ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབྱིངས་སོ། །
དེའི་རང་བཞིན་ནི་དེའི་ངོ་བོ་ཉིད་དོ། །གྱུར་ཏོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་རྣམས་སུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའི་སྐུར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ན་གནས་ནས་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་དོ་
เล่ม ๕๗ · หน้า 79b
ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ནི་རྡོ་རྗེ་ལས་ཀྱི་ཏིང་ངེ་འཛིན་བསྐྱེད་པའི་སེམས་ཅན་གྱི་
དོན་ཏོ། །དེ་ལ་སོགས་པ་གང་ཡིན་པ་དེ་རྣམས་བྱས་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་གཅིག་ཏུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱི་སྐུར་གྱུར་ཏོ། །རྒྱུ་གང་གི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཕྲིན་ལས་མཐའ་ཡས་པ་ཉིད་དང་ཞེས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཐའ་ཡས་པ་ནི། སངས་རྒྱས་ཀྱི་སྤྲུལ་པ་དང་། སེམས་ཅན་སྨིན་པ་དང་གྲོལ་བའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་
ལས་མཐའ་ཡས་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཐའ་ཡས་པ་ཉིད་དོ། །གང་གི་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་
གཤེགས་པ་རྣམས་གཅིག་ཏུ་བྱས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱི་སྐུར་གང་གིས་བསྐྱེད་པ་དེ་ནི་འདིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །ཨེ་མའོ་སངས་རྒྱས་རྣམས་ཀྱི་ངེས། །ཞེས་བྱ་བ་ལ། ངེས་པ་ནི་གདོན་མི་ཟ་བ་སྟེ་དོན་ཡོད་པའོ། །གང་གི་ཞེ་ན། སངས་
རྒྱས་རྣམས་ཀྱིའོ། །ཕྲིན་ལས་ཀུན་ནི་སེམས་ཅན་གྱི་དོན་གྱི་ལས་དང་། སངས་རྒྱས་ཀྱི་སྤྲུལ་པའི་ལས་སོ། །ནམ་མཁའི་ཁམས་མ་ལུས་པར་ཁྱབ་པས་ན་མང་བའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། སངས་རྒྱས་དོན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་
ཀྱི་དོན་ནི་འགྲོ་བའི་དོན་གྱི་རྒྱུར་རོ། །ལྷུན་གྲུབ་ཕྱིར་ནི་རྣམ་པར་མི་རྟོག་པའི་ཚུལ་གྱིས་རྡོ་རྗེའི་ལས་ལ་འཇུག་པ་ནི་ངོ་མཚར་ཆེའོ། །ཕྱིར་མི་ལྡོག་པའི་ལས་ནི་རྡོ་རྗེ་ལས་ཏེ། སྔོན་གྱི་འཕེན་པའི་ཤུགས་ཀྱི་སྟོབས་ཀྱིས་འཇུག་ཅིང་མི་ཕྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །
เล่ม ๕๗ · หน้า 80a
གལ་ཏེ་ལྷུན་གྱིས་གྲུབ་པ་ལ་འཇུག་པ་དེ་ལྟ་ན་ཡང་ངོ་མཚར་ཅི་ཞིག་ཆེ་ཞེ་ན། གང་གི་ཕྱིར་ལྷུན་གྱིས་གྲུབ་པའི་སྟོབས་ཀྱིས་ལས་ལ་འཇུག་པར་སྣང་བ་དེའི་ཕྱིར་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཞེས་བྱ་བ་ནི་བཅོམ་
འདས་དོན་ཡོད་གྲུབ་པའི་མདུན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྡོ་རྗེ་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་
པའི་རྡོ་རྗེ་སྟེ། སྣ་ཚོགས་རྡོ་རྗེའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་གདོན་མི་ཟ་བའི་རྡོ་རྗེ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་སྣ་ཚོགས་རྡོ་རྗེ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་
པ་ནི་སེམས་ཅན་གྱི་དོན་བྱ་བ་དང་། སངས་རྒྱས་ལ་མཆོད་པའོ། །དེ་ལ་འཇུག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ལ་འཇུག་པའོ། །སོགས་པའི་སྒྲས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བསྡུའོ། །དེ་ཉིད་ལ་སོགས་པའི་གདོན་མི་ཟ་བ་དང་།
ཚད་མེད་པའི་ལས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ལ་འཇུག་པ་ལ་སོགས་པ་གདོན་མི་ཟ་བ་དང་ཚད་མེད་པའི་ལས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་དེ་གདོན་མི་ཟ་བ་ཡང་ཡིན་ལ་ཚད་མེད་པ་ཡང་ཡིན་པས་གདོན་མི་ཟ་བ་
དང་ཚད་མེད་པའོ། །ལས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་ཆོ་ག་རྒྱས་པར་ནི་རེ་རེ་ཞིང་ཡང་མཐའ་ཡས་པའོ། །དེའི་དམ་ཚིག་ནི་རྒྱུའོ། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ལས་ཐམས་ཅད་
ནི་སྔར་བཤད་པ་རྣམས་སོ། །དེ་གྲུབ་པ་ནི་རྫོགས་པའོ། །དེས་ཀྱང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བར་བྱ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྲིན་ལས་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ་ཉིད་དོ། །རྡོ་རྗེ་ལས་ཀྱི་ངོ་བོ་ཉིད་ཡིན་པས་ན།
เล่ม ๕๗ · หน้า 80b
རྡོ་རྗེའི་ཕྲིན་ལས་ཉིད་དེ། དེའི་ཡེ་ཤེས་དང་མངོན་པར་ཤེས་པ་དྲུག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཉིད་དང་། ཡེ་ཤེས་དང་མངོན་པར་ཤེས་པ་རྣམས་ཏེ། དེ་ཉིད་ནི་དངོས་གྲུབ་དམ་པའི་ཡེ་ཤེས་ཡིན་པས་དེའི་རྒྱུར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་ས་དང་
ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྡུའོ། །ཕྲིན་ལས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ལ། ཕྲིན་ལས་ཐམས་ཅད་ཀྱི་འཁོར་ལོ་ནི་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་དང་། དེའི་རིགས་རྣམས་སོ། །ཕྲིན་ལས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ཉིད་དུ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབང་གིས་དབང་བསྐུར་ནས་ཞེས་བྱ་བ་ནི་ཡི་གེ་ཨོཾ་དང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་དབང་བསྐུར་བ་བྱིན་ལ་ལས་ཀྱི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་བར་བསྟན་པ་ཡིན་ནོ། །རྡོ་རྗེ་
དབྱིངས་ཀྱི་དཀྱིལ་འཁོར་དུ་ནི་སངས་རྒྱས་ལྔའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་བར་བྱའོ་ཞེས་སྔར་བཤད་པའི་ཚུལ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་སློབ་དཔོན་སྣ་ཚོགས་རྡོ་རྗེ་ཐོགས་པས་ལས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བྱ་ལ། སློབ་མ་ལ་ཡང་སྣ་
ཚོགས་རྡོ་རྗེའི་མཚན་མ་སྦྱིན་པར་བྱའོ། །སྣ་ཚོགས་རྡོ་རྗེ་སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་ནི་ཁ་དོག་སྣ་ཚོགས་པའི་ཕྱིར། སྣ་ཚོགས་རྡོ་རྗེས་ཉེ་བར་མཚན་པ་ཉིད་ཡིན་པའི་ཕྱིར་དང་ལས་སྣ་ཚོགས་བྱེད་པའི་ཕྱིར་སྣ་ཚོགས་རྡོ་རྗེ་ཞེས་བཤད་དོ། །རང་གི་སྙིང་གར་ཞུགས་ཏེ་ཞེས་བྱ་བ་
ནི་གཡོན་བསྙེམས་པས་སྣ་ཚོགས་དྲིལ་བུ་བསྣམས་ཏེ། ཕྱག་གཡས་པས་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་རྡོ་རྗེ་བསྣམས་ཤིང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་རྣམ་པར་ཐར་པའི་ཕྲིན་ལས་ལ་སྦྱོར་ཞིང་ངོ་། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །
ཞེས་བྱ་བ་ནི་རང་གི་ཕྱག་ན་གནས་པའི་སྣ་ཚོགས་རྡོ་རྗེ་གསུངས་པའོ། །ལས་རྣམས་ཐམས་ཅད་བྱེད་པའི་མཆོག །ཅེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་ལས་སྣ་ཚོགས་རྫོགས་པར་བྱེད་པའོ། །བདག་སྟེ་ཞེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ། །དེ་ལྟར་ན་གང་གི་ཕྱིར་
เล่ม ๕๗ · หน้า 81a
བདག་སྣ་ཚོགས་ལ་སྣ་ཚོགས་རྡོ་རྗེ་སྦྱར་བ་ཡིན་ནོ། །དེ་ལྟར་རྡོ་རྗེ་ལས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པའི་མཆོད་པས་མཆོད་ནས་ཇི་ལྟར་དེ་རྡོ་རྗེ་བསྲུང་བས་སྔོན་ཆད་ཐེག་པ་གཞན་འདོད་པའི་སེམས་སུ་ལྷུང་བ་ལས་བསྲུང་བས་
བསྲུངས་པ་དེ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བརྩོན་འགྲུས་ཐུབ་པར་དཀའ་བ་ཡང་ཡིན་པས་ན། བྱང་ཆུབ་
སེམས་དཔའ་བརྩོན་འགྲུས་ཐུབ་པར་དཀའ་བ་སྟེ། གང་གིས་བརྩོན་འགྲུས་ཐུབ་པར་དཀའ་བ་དེ་ནི་བརྩོན་འགྲུས་ཐུབ་པར་དཀའ་སྟེ། ཕྱིར་མི་ལྡོག་པའི་བརྩོན་འགྲུས་བྱང་ཆུབ་ཆེན་པོར་སྤྲོ་བའི་བརྩོན་འགྲུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་
རྡོ་རྗེ་རྩེ་ལྔ་པའི་གཟུགས་ནི་ཀུན་དུ་བཟང་པོ་ཡིན་ལ། དེའི་དམ་ཚིག་ནི་གོ་ཆ་བརྟན་པ་ལ་སོགས་པའི་ཚུལ་ལོ། །དེ་ལས་བྱུང་བ་དེ་ནི་སེམས་དཔའི་རྡོ་རྗེའི་ཚུལ་གང་ལས། ལས་སུ་གྱུར་པ་དེས་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱེད་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་
གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་གོ་ཆ་བརྟན་པ་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་བར་དུའོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྲུང་བ་ཞེས་བྱ་བ་སྟེ། གོ་ཆ་བརྟན་པའོ། །དེའི་དམ་ཚིག་ནི་རྒྱུའོ། །དེའི་
ངོ་བོ་རང་གི་ཐུགས་ཀྱི་ས་པའི་ཡེ་ཤེས་ནི་སྙིང་པོ་སྟེ། བཛྲ་རཀྵ་ཞེས་བྱའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་གསུངས་པའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་དེ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེའི་གཟུགས་ཏེ་ཕྱག་ན་རྡོ་རྗེ་བསྐྱེད་པའི་རྒྱུར་གྱུར་པས་ཕྱག་ན་རྡོ་རྗེ་
ཞེས་བཤད་དོ། །གོ་ཆ་བརྟན་པོར་གྱུར་ཏེ་ཞེས་བྱ་བ་ནི། རྡོ་རྗེའི་རང་བཞིན་གྱི་གོ་ཆ་བརྟན་པ་སྟེ། དེར་གྱུར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། ནམ་མཁའི་ཁམས་ཀྱི་ཚད་ཙམ་གྱི་གོ་ཆའི་དབྱིབས་སུ་གྱུར་ནས། བསྡུ་བ་བྱས་པ་ལས་ཐུགས་
เล่ม ๕๗ · หน้า 81b
ཀ་ནས་ཕྱུང་སྟེ་དེ་ཉིད་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་ལུས་སུ་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། སྲུང་བའི་ཆོ་ག་རྒྱས་པའི་ལས་ལ་སོགས་པ་དང་།
སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས་ཞེས་བྱ་བ་ནི་གདུལ་བྱ་རྣམས་ལ་རྡོ་རྗེ་བསྲུང་བའི་ཏིང་ངེ་འཛིན་བསྐྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྲུང་བ་སྟེ། དེའི་ཆོ་ག་རྒྱས་པའོ། །དེ་ཉིད་ནི་ལས་སོ། །དེ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་
ཅེས་བྱ་སྟེ། དེ་དང་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། དེ་བཞིན་གཤེགས་པའི་སྐུ་དེ་དག་ཐམས་ཅད་གཅིག་ཏུ་གྱུར་ནས། བརྩོན་འགྲུས་ཐུབ་པར་དཀའ་བའི་ལུས་གཅིག་ཏུ་གྱུར་ཏོ། །རྒྱུ་གང་གིས་ཤེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་
ནི། བརྩོན་འགྲུས་དམ་པ་ཐུབ་པར་དཀའ་བ་ཉིད་དང་ཞེས་བྱ་བ་གསུངས་ཏེ། བརྩོན་འགྲུས་བརྟན་པོ་ཤིན་ཏུ་ཐུབ་པར་དཀའ་བ་གང་ཡིན་པ་དེ་ནི། བརྩོན་འགྲུས་དམ་པ་ཐུབ་པར་དཀའ་བ་སྟེ། དེ་ཁོ་ན་ཉིད་ཡིན་པས་ན་ཐུབ་པར་དཀའ་བ་ཉིད་དོ། །བརྩོན་འགྲུས་དམ་པ་
ཐུབ་པར་དཀའ་བ་ཉིད་དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནོ་ཞེས་བྱ་བ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་རྣམས་གཅིག་ཏུ་བྱས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་བསྲུང་བའི་སྐུར་བསྐྱེད་པ་གང་ཡིན་པ་དེ་ནི་འདིར་
རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བརྩོན་འགྲུས་ཆེན་པོ་ཐུབ་པར་དཀའ་བ་ཉིད་ཅེས་བྱའོ། །ཨེ་མའོ་བརྩོན་འགྲུས་གོ་ཆ་ནི། །ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་རང་བཞིན་ཅན་གྱི་གོ་ཆའོ། །བརྟན་པའི་བདག་ཉིད་ཅན་ཞེས་བྱ་བའི་བརྟན་པའི་རང་བཞིན་ཅན་གང་ཡིན་པ་དེ་ནི་བརྟན་པའི་བདག་
ཉིད་དོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །ཞེས་བྱ་བའི་བདག་ཉིད་དོ། །རབ་བརྟན་བདག་ཅེས་བྱ་བ་ནི་མི་ཕྱེད་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར། དེ་ནི་བརྟན་ཕྱིར་ལུས་མིན་ཡང་། །རྡོ་རྗེའི་ལུས་སུ་བྱེད་པའི་མཆོག །ཅེས་བྱ་བ་གསུངས་ཏེ། དེ་བཞིན་
เล่ม ๕๗ · หน้า 82a
གཤེགས་པ་རྣམས་ནི་གཟུགས་ཀྱི་སྐུ་མ་ཡིན་ཏེ། ཆོས་ཀྱི་སྐུ་མི་སྣང་བའི་རང་བཞིན་ཡིན་ན། དེ་རྣམས་གཟུགས་ཀྱི་རང་བཞིན་དུ་སྣང་ཞིང་རྡོ་རྗེའི་སྐུར་བདག་བྱེད་པ་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་དོན་དམ་པར་ཆོས་
ཀྱི་སྐུའི་ངོ་བོ་ཉིད་ཡིན་པས། དེ་རྣམས་ལ་གཟུགས་ཀྱི་སྐུ་མི་མངའ་བ་ཉིད་ཡིན་ན། གདུལ་བྱ་རྣམས་ལ་འདི་ལྟར་རྡོ་རྗེ་བསྲུང་བས་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་རྡོ་རྗེ་དང་མཉམ་པར་བྱེད་དོ་སྙམ་དུ་སེམས་པ་འདི་ནི་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའི་གཡས་ཕྱོགས་སུའོ། །བཀའ་ནོད་ཅིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསྲུང་བའི་དོན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་ཆོ་ག་དེ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་
རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གོ་ཆའི་ཕྱག་རྒྱ་ནི་རྡོ་རྗེ་བརྟན་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བརྟན་པ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་གོ་ཆ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་
བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཅོམ་ལྡན་འདས་རྡོ་རྗེ་བསྲུང་བའོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུའོ། །དེ་ཅིའི་ཕྱིར་བྱིན་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་
མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི་རྡོ་རྗེ་བསྲུང་བའི་ཕྱག་རྒྱས་ཐེག་པ་གཞན་འདོད་པ་ལས་བཟློག་པ་དང་། ཕྱི་རོལ་གྱི་འཚེ་བ་རྣམས་བཟློག་པའོ། །དེས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་
མྱོང་བའི་དོན་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་ཐོབ་པའི་མཆོག་གྲུབ་པར་བྱ་བ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་ནི་རྡོ་རྗེ་བསྲུང་བའི་སྐུའོ། །བར་དུ་ཞེས་བྱ་བའི་སྒྲས་ནི་མ་སྨོས་པ་རྣམས་ཀྱང་བསྡུའོ། །རྡོ་རྗེ་གྲོགས་པོ་ཞེས་བྱ་
เล่ม ๕๗ · หน้า 82b
བ་ནི། ཇི་སྐད་དུ་བཤད་པའི་ཉེས་པ་བཟློག་པས་མཛའ་བོའི་དོན་རྫོགས་པར་བྱེད་པ་དང་། མི་ཕྱེད་པ་ཉིད་ཀྱིས་ན་རྡོ་རྗེ་གྲོགས་པོ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་གོ་ཆ་བསྐོན་ཞིང་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་རྣམས་རྣམ་པར་སྣང་མཛད་ལ་སོགས་
པའི་ངོ་བོར་བྱེད་ཅིང་ངོ་། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་རང་གི་ཕྱག་ན་གནས་པའི་གོ་ཆ་གསུངས་པའོ། །བྱམས་པའི་གོ་ཆ་དམ་པ་སྟེ། །ཞེས་བྱ་བ་ནི། བྱམས་པའི་དོན་རྫོགས་པར་བྱེད་པས་ན། བྱམས་པའི་གོ་ཆ་ཞེས་གསུངས་སོ། །དེ་ཡང་གང་
གི་ཕྱིར་བརྩོན་འགྲུས་བརྟན་པས་བསྲུང་བ་ཞེས་བྱ་བ་གསུངས་ཏེ། འཁོར་གསུམ་ཡོངས་སུ་དག་པ་རྣམ་པར་སྦྱངས་པའི་བརྩོན་འགྲུས་ཀྱི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་གྲོགས་པོ་ཆེན་པོར་བརྗོད་པ་ཡིན་ཞེས་བྱའོ། །དེ་ལྟར་རྡོ་རྗེ་བསྲུང་བས་དེ་བཞིན་
གཤེགས་པ་ཐམས་ཅད་བསྲུངས་ནས། རྡོ་རྗེ་གནོད་སྦྱིན་གྱིས་བསྲུང་བའི་ཡོངས་སུ་བསྐྱངས་པས་ཡོངས་སུ་བསྲུང་བར་བྱའོ་ཞེས་བྱ་བའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་རང་གི་ཐུགས་ཀ་ནས་
ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཡང་ཡིན་པས། བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་རབ་ཏུ་འཇོམས་པའོ། །བདུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བདུད་ཐམས་ཅད་དེ། དེ་རྣམས་
རབ་ཏུ་འཇོམས་པ་ནི་ཤིན་ཏུ་མི་སྣང་བར་མཛད་པའོ། །དེ་གང་ལ་མངའ་བ་དེ་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པའོ། །ཇི་སྐད་དུ་བཤད་པའི་རྡོ་རྗེ་སེམས་དཔའི་ཚུལ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེའི་དམ་ཚིག་ནི་མཆེ་བ་ཆེན་པོ་ལ་སོགས་པའི་གཟུགས་སོ། །དེ་ལས་
བྱུང་བ་ནི་སེམས་དཔའ་རྡོ་རྗེའི་ཚུལ་གང་ལས་བྱུང་བར་གྱུར་པའོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་མཆེ་བ་མཚོན་ཆའི་རྣམ་པར་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་
เล่ม ๕๗ · หน้า 83a
མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཏེ། འདོད་ཆགས་ལ་སོགས་པ་ཟ་བར་མཛད་པ་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ།
བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་མཆེ་བའི་དབྱིབས་སུ་གྱུར་ཏེ་བྱུང་ནས་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་སེམས་དཔའ་རྡོ་རྗེའི་གཟུགས་སོ། །རྡོ་རྗེ་མཆེ་བའི་མཚོན་ཆ་ཆེན་པོར་གྱུར་ཏེ་ཞེས་བྱ་བ་ནི་མཆེ་བས་མཚོན་ཆའི་
དོན་རྫོགས་པར་བྱེད་པས་མཚོན་ཆ་ཞེས་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་གྱུར་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུག་པ་འདུལ་བ་ལ་སོགས་པས་སངས་རྒྱས་
ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུག་པ་ཡང་ཡིན་ལ། གདུལ་བྱ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུག་པ་འདུལ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ནོ། །འདིས་གདུག་
པ་ཐམས་ཅད་འདུལ་བས་ན་འདུལ་བའོ། །སོགས་པའི་སྒྲས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བསྡུའོ། །དེ་ལྟར་གདུག་པ་འདུལ་བ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་དེས་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་
རྡོ་རྗེ་གནོད་སྦྱིན་གྱི་ལུས་གཅིག་ཏུ་གྱུར་ཏོ། །རྒྱུ་གང་གི་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཉིད་ཅེས་བྱ་བ་གསུངས་ཏེ། བདུད་ཐམས་ཅད་ཤིན་ཏུ་རབ་ཏུ་འཇོམས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པའོ། །བདུད་
ཐམས་ཅད་རབ་ཏུ་འཇོམས་པའི་ངོ་བོ་ཡིན་པས་ན། བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཉིད་དོ། །གང་གིས་ཤེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་མཛད་ནས་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་སུ་སྐྱེད་པར་བྱེད་པ་གང་ཡིན་པ་འདི་ནི།
เล่ม ๕๗ · หน้า 83b
རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱའོ། །ཨེ་མའོ་བདག་ནི་སངས་རྒྱས་རྣམས། །ཐུགས་རྗེ་ཅན་གྱི་ཐབས་ཡིན་ཏེ། །ཞེས་བྱ་བ་ལ། བདག་ནི་ཞེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ། །སངས་རྒྱས་རྣམས་ཐུགས་རྗེ་ཅན་གྱི་ཞེས་
བྱ་བ་ནི་མི་དམིགས་པའི་ཐུགས་རྗེའི་རང་བཞིན་ཅན་གྱི་སངས་རྒྱས་རྣམས་ཀྱིའོ། །ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་ནོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། ཞི་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཞི་བ་སྟེ་བག་ཆགས་དང་བཅས་པའི་ཉོན་
མོངས་པ་དང་བྲལ་བ་ཡང་། སེམས་ཅན་གྱི་དོན་བྱ་བ་ཉིད་ཡིན་པའི་ཕྱིར། མ་རུངས་པ་ཡང་སྟོན་པར་གྱུར། །ཞེས་བྱ་བས་གདུག་པ་འདུལ་བ་རྣམས་ལ་དྲག་ཅིང་གཏུམ་པར་ཡང་སྟོན་པར་བྱེད་དེ། གང་ཞིག་སྲེད་དང་གང་ཞིག་རྣོ། །གང་ཞིག་གདུག་གང་ཉེར་གདུང་ལྡན། །ཤ་དང་
ཁྲག་དང་རྐང་ཟ་བ། །གང་ཡིན་མ་རུངས་པར་དེ་བཤད། །ཅེས་བྱ་སྟེ། དྲག་པོའི་རྣམ་པར་འགྱུར་བ་ནི་མ་རུངས་པ་ཉིད་དེ། དེ་ནི་སྨད་པ་ཡིན་དུ་ཟིན་ཀྱང་སེམས་ཅན་གྱི་དོན་མ་རུངས་པར་སྟོན་པ་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་པ་ཡིན་ཏེ། འདི་དག་ཡོད་པ་མ་ཡིན་དུ་
ཟིན་ཀྱང་སྔོན་གྱི་འཕེན་པའི་སྟོབས་ཀྱིས། སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་མ་རུངས་ཤིང་གདུག་པ་ཉིད་དུ་མཐོང་བར་ཟད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་སྟེ། དེའི་གཡོན་ཕྱོགས་སུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་
ལ། བཅོམ་ལྡན་འདས་ཀྱིས་མཆེ་བའི་མཚོན་ཆ་དེ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གཏུམ་པའི་རྡོ་རྗེ་ནི་མཆེ་བའི་ཕྱག་རྒྱའི་གཟུགས་སོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གཏུམ་པའི་
རྡོ་རྗེ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་རྡོ་རྗེ་མཆེ་བ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་རུངས་པ་འདུལ་བའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་རུངས་པ་འདུལ་བ་ནི་
เล่ม ๕๗ · หน้า 84a
རྡོ་རྗེ་གནོད་སྦྱིན་ནོ། །དེའི་དམ་ཚིག་ནི་རྒྱུའོ། །སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་གྱི་ཁམས་ཐམས་ཅད་འཇིགས་པ་མེད་པར་བྱ་བ་ནི་འཇིགས་པ་དང་བྲལ་བའོ། །དེ་ཉིད་ཀྱིས་ཀྱང་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བའི་དོན་དུའོ། །དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཆེན་པོ་ནི། རྡོ་རྗེ་གནོད་སྦྱིན་དང་ཡེ་ཤེས་དང་མངོན་པར་ཤེས་པ་རྣམས་ཐོབ་ཅིང་དངོས་གྲུབ་དམ་པའི་འབྲས་བུ་དེ་དག་ཐོབ་པའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྡུའོ། །དེ་བཞིན་དུ་ཞེས་བྱ་བ་
ནི། སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་བའོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ནི། མི་ཕྱེད་པའི་ཡེ་ཤེས་ལས་བྱུང་བས་ནི། རྡོ་རྗེ་ཡང་ཡིན་ལ་ཁྲོ་ཞིང་གཏུམ་པ་ཡང་ཡིན་པས་ན་རྡོ་རྗེ་ཁྲོ་བོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་
བསྡིགས་ཤིང་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་བྱེད་ཅིང་། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི། རང་གི་ཕྱག་ན་གནས་པའི་མཆེ་བའི་ཕྱག་རྒྱ་གསུངས་པའོ། །མ་རུངས་ཐམས་ཅད་འདུལ་བའི་
མཆོག །ཅེས་བྱ་བ་ནི། མ་རུངས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་མ་རུངས་པ་ཐམས་ཅད་དེ། ལྷའི་བུའི་བདུད་ལ་སོགས་པ་ཡིན་ལ། དེ་རྣམས་འདུལ་བའི་མཆོག་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་མཆེ་བའི་མཚོན་རྣོ་སྟེ། །ཞེས་
བྱ་བ་གསུངས་ཏེ། མཚོན་ཆ་ནི་དོན་རྫོགས་པར་བྱེད་པས་ན་མཚོན་ཆའོ། །རྣོ་ཞེས་བྱ་བ་ནི་གཞིག་པར་དཀའ་བ་འཇིག་པ་ཉིད་ཀྱིས་སོ། །གདུག་པ་འདུལ་བའི་ཐབས་སུ་གྱུར་པ་ཉིད་ཀྱིས་ན་ཐབས་སོ། །དེ་ལྟར་རྡོ་རྗེ་གནོད་སྦྱིན་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་བསྲུང་བ་
ཡོངས་སུ་བསྐྱང་བར་བྱས་པ་ཡིན་ལ། དེ་ནས་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་གྱིས་རྡོ་རྗེ་ཁུ་ཚུར་གྱིས་བསྒྲུབས་པས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་
เล่ม ๕๗ · หน้า 84b
པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་སྐྱེ་བ་མེད་པའི་དེ་བཞིན་ཉིད་དུ་ཐུགས་སུ་ཆུད་པས་གཅིག་ཏུ་མཛད་པ་ནི་ཁུ་ཚུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཁུ་ཚུར་རོ། །དེ་ཉིད་ནི་སེམས་དཔའ་རྡོ་རྗེའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བ་ལ་སོགས་པའི་ཚུལ་ལོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེའི་ཚུལ་གང་
ལས་ལས་སུ་གྱུར་པ་སྟེ། དེ་བྱིན་གྱིས་བརླབ་ཅིང་བརྟན་པར་བྱ་བའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། ཕྱག་རྒྱ་ཐམས་ཅད་བཅིང་བ་ལ་སོགས་པའི་སྤྲུལ་པ་སྐྱེ་བའི་རྣམ་པར་ཐུགས་རྩེ་གཅིག་ཏུ་
མཛད་ཅེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཅིང་བ་ནི། བཅོམ་ལྡན་འདས་རྡོ་རྗེའི་ཁུ་ཚུར་རོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་བཅིངས་
པའི་དབྱིབས་སུ་གྱུར་ཏེ་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེའི་གཟུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་པར་གྱུར་ཏོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཕྱག་རྒྱ་བཅིངས་པ་ནི་དམ་ཚིག་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བཙིར་བ་ལྟ་བུའོ། །དེ་དག་ཐམས་ཅད་ཀྱང་གཅིག་ཏུ་གྱུར་ནས་རྡོ་རྗེ་བཅིངས་པའི་དབྱིབས་གཅིག་ཏུ་གྱུར་ཏོ། །ཕྱག་གཉིས་སུ་གནས་པ་ནི། དམ་ཚིག་གི་ཁུ་ཚུར་གྱིས་གཟུང་བའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ཉིད་
འདིར་བཅིངས་པའི་དབྱིབས་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་སྐུར་གྱུར་ནས་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ལ་སོགས་པ་དང་།
เล่ม ๕๗ · หน้า 85a
སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཏེ་དེ་ནི་ཡེ་ཤེས་སོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་
དང་ཡེ་ཤེས་ལ་སོགས་པ། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། དེ་ཐམས་ཅད་གཅིག་ཏུ་གྱུར་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར་གྱི་སྐུར་གྱུར་ཏོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཁུ་ཚུར་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་རོ། །དེ་ཉིད་ཤིན་ཏུ་བཅིངས་པ་གང་ཡིན་པ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་པ་སྟེ་དེའི་ངོ་བོ་ཉིད་ཡིན་པས་ན་བཅིངས་པ་ཉིད་དོ། །གང་གི་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཞེས་བྱ་བ་
སྟེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་མཛད་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱི་སྐུར་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་འདིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །ཨེ་མའོ་རབ་ཏུ་བརྟན་བཅིངས་པས། །ཞེས་བྱ་བ་ལ། རབ་ཏུ་བརྟན་པ་ནི་མི་ཕྱེད་པའོ། །
འདི་ནི་ཅི་ཞིག་ཡིན་ཞེ་ན་བཅིངས་པའོ། །ཇི་ལྟ་བུ་ཞེ་ན་དམ་ཚིག་ཅེས་བྱ་བ་སྟེ། འདའ་བར་མི་བྱ་བའི་དོན་ཏོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། བསམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར། བསམ་པ་ཐམས་ཅད་རབ་གྲུབ་ཕྱིར། །ཞེས་བྱ་བ།
སྲེད་པའི་རྣམ་པ་ཐམས་ཅད་ནི་བསམ་པ་ཐམས་ཅད་དེ། བདག་གིས་དེ་བཞིན་གཤེགས་པ་ཉིད་རྟོགས་པར་བྱས་ནས་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་རྫོགས་པར་བྱའོ་ཞེས་བྱ་བའི་སྨོན་ལམ་རྫོགས་པར་གྱུར་པ་ནི་རབ་ཏུ་གྲུབ་པ་སྟེ། དོན་དེའི་ཕྱིར་གྲོལ་བ་རྣམས་ཞེས་བྱ་
བ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འཆིང་བ་ལས་ཐར་པ་རྣམས་ཀྱང་། མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་འཁོར་བར་ཞུགས་པར་བྱེད་པ་ནི་འཆིང་བར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱབ་ན་ཞེས་བྱ་བ་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའིའོ། །
เล่ม ๕๗ · หน้า 85b
དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བཅིངས་པ་དེ་དེའི་ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་རྡོ་རྗེ་ཁུ་ཚུར་གྱི་བདག་ཉིད་ཅན་ནི་རྡོ་རྗེ་འཆིང་བའོ། །དེ་ཉིད་ནི་དམ་ཚིག་གོ། །དེ་ཉིད་ནི་མི་ཕྱེད་པས་
ན་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཆིང་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བ། དེ་ལ་སྙོམས་པར་ཞུགས་པ་ནི། རྡོ་རྗེ་བཅིངས་པའི་ཕྱག་རྒྱ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་པའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རིགས་ཐམས་ཅད་ལས་བྱུང་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའོ། །དེ་བཅིངས་པ་ནི་བདག་མེད་པའི་ཚུལ་གྱིས་གཅིག་ཏུ་བྱ་བ་སྟེ། རྡོ་རྗེ་ཁུ་ཚུར་ཉིད་ལ་བྱ་བར་བཤད་
དོ། །དེའི་དམ་ཚིག་ནི་རྒྱུ་སྟེ། རྡོ་རྗེ་བཅིངས་པའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། ལྷ་རྣམས་ཀྱིས་དགོངས་པར་བརྟག་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པའོ། །དེ་རྣམས་ཀྱི་ལྷ་རྣམས་
ནི་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་ཕྱག་རྒྱའོ། །དེའི་དགོངས་པ་བརྟག་པ་ནི་ཆོ་འཕྲུལ་གྱི་རྣམ་པ་བརྒྱ་རྩ་བརྒྱད་བསྐྱེད་པའི་ཏིང་ངེ་འཛིན་གྱིས་དགོངས་པར་བརྟགས་པས་སེམས་ཅན་གྱི་ཁམས་ཐམས་ཅད་བདེ་བ་དང་ཡིད་
བདེ་བ་ཐམས་ཅད་མྱོང་བར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཕྱག་རྒྱའི་དབང་དམ་པ་གྲུབ་པའི་བར་དུ་སྟེ་འབྲས་བུ་དེ་དག་གི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཆོས་བདག་
མེད་པའི་ཡེ་ཤེས་སོ། །དེ་ཉིད་ཕྱག་རྒྱ་ཡིན་ལ་དེ་ལ་དབང་བ་ནི་བདག་པོར་གྱུར་པའོ། །དེ་ཉིད་ནི་དམ་པ་གྲུབ་པ་སྟེ་དེ་ཁོ་ན་ཉིད་ནི་འབྲས་བུ་ཡིན་ཏེ། དེ་དག་གི་ཕྱིར་ནི་རྒྱུར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་གྲུབ་པའི་དོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །བར་དུ་ཞེས་བྱ་བའི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด