དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སརྦ་ཏ་ཐཱ་ག་ཏ་ཏཏྟྭ་སྃ་གྲ་ཧ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་ནཱ་མ་ཏནྟྲ་ཏཏྟྭ་ཨཱ་ལོ་ཀ་ཀཱ་རི་ནཱ་མ་བྱཱ་ཁྱཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๗ · หน้า 140b
ཕྱག་རྒྱས་རབ་ཏུ་བསྒྲུབས་ཏེ། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ནས། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ལ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། ཇི་སྲིད་མངོན་སུམ་བཞིན་དུ་རྒྱུན་མི་འཆད་པར་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་
བསྒོམ་པར་བྱའོ། །མཉམ་པར་གཞག་པའི་གནས་སྐབས་འདི་ནི་འདིར་གསང་བའི་སྒྲར་བཤད་དེ། རང་གི་ཕྱག་རྒྱ་ལྷ་མོར་གྱུར་པ་དེ་ལ་བལྟས་ལ་འོག་ནས་བཤད་པའི་ཚུལ་གྱིས། དེ་དང་ལྷན་ཅིག་ཏུ་གྱུར་པར་ལྷག་པར་མོས་པར་གྱུར་པ་ནི། གསང་བར་གྱུར་པ་ཡིན་པས་གསང་བའོ། །
དེ་ལྟ་བུའི་གསང་བར་གྱུར་པས་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་གྱུར་པ་དེ། གསང་ཐུབ་ཅིང་མི་སྨྲ་བའི་ཚུལ་དང་། བསྒོམ་པའི་སྦྱོར་བས་འཛིན་པར་བྱེད་ལ། གལ་ཏེ་སེམས་ཅན་དམ་པ་ཡང་དག་པའི་དོན་དུ་གཉེར་བར་གྱུར་ནས་དེའི་ཚེ་དེ་ལ་ཅི་ནས་ཀྱང་གསང་ཐུབ་པར་བྱ་བའི་
སྦྱོར་བས་སྦྱིན་པར་བྱའོ། །དེ་ཡང་ཇི་ལྟར་སྦྱིན་པར་བྱ་ཞེ་ན་མ་གུས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་དེ་རེ་ཞིག་མནའ་འདོར་བར་བྱེད་དུ་བཅུག་ལ་དེ་ནས་བཤད་པར་བྱ་སྟེ། གང་གི་ཕྱིར་སྦྱོར་བ་འདིས་ནི་འདོད་ཆགས་ཅན་རྣམས་ངེས་པ་ཉིད་དུ་སངས་རྒྱས་རྣམས་སྒྲུབ་པར་བྱེད་པ་ཡིན་
ནོ། །སྙིང་ག་ཀུན་དུ་གནས་པ་ནི། །ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་སོ། །དེ་ནས་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ལ་གསང་བ་ནི་བཤད་ཟིན་ཏོ། །དེ་ཉིད་རྣལ་འབྱོར་གྱི་རྒྱུད་ལས་རྒྱས་འདེབས་པས་ན་ཕྱག་རྒྱའོ། །དེའི་ཡེ་ཤེས་ནི་དེ་ལ་ངེས་པ་སྟེ། དེ་
བསླབ་པར་བྱ་ཞིང་བསྟེན་པར་བྱའོ། །རྡོ་རྗེ་དབབ་པ་བསྐྱེད་ནས་ནི། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་གསང་བའི་སྦྱོར་བ་བསྐྱེད་པ་ནི་འདིར་རྡོ་རྗེ་དབབ་པ་སྟེ། དེ་བསྐྱེད་ལ་མདུན་དུ་རང་གི་ཕྱག་རྒྱའི་ལྷ་མོ་འམ་སེམས་མ་རྡོ་རྗེ་མ་ལ་སོགས་པ་རིགས་ཀྱི་ལྷ་མོའི་ཕྱག་རྒྱ་དེ། རྣལ་འབྱོར་གྱི་སྟོབས་
ཀྱིས་རྒྱུན་མི་འཆད་པར་བསམ་མོ། །གང་གི་ཕྱིར། མཉམ་པར་གཞག་པས་རྡོ་རྗེ་ཐལ་མོའི་ངོས་ནི་དལ་བརྡབས་ན། ཞེས་བྱ་བ་གསུངས་ཏེ། མཉམ་པར་གཞག་པ་ཉིད་ཀྱིས་འདི་ལས་གཞན་དུ་མ་ཡིན་ཏེ་དེ་ཡང་འདི་ལྟར་ཡིན་པར་གྱུར་གྱི། སེམས་གཡེངས་ཤིང་མཉམ་པར་མ་བཞག་པས་ནི་མ་ཡིན་ནོ། །གང་
เล่ม ๕๗ · หน้า 141a
གི་ཐལ་མོ་བརྡབ་ཅེ་ན། རྡོ་རྗེ་ཐལ་མོ་ངོས་ཀྱིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཐལ་མོའི་མཚན་ཉིད་ནི་འོག་ནས་འཆད་དེ། དེ་བཅིངས་ལ་དེའི་ལག་མཐིལ་གྱི་ནང་གི་ངོས་ཀྱི་ཐལ་མོ་བརྡབ་བོ། །དལ་ཞེས་བྱ་བ་ནི་ངོས་དེ་ཉིད་ཀྱི་ཁྱད་པར་མི་འདྲ་བ་སྟོན་པ་ཡིན་
ནོ། །འདི་སྐད་སྟོན་ཏེ་རྡོ་རྗེ་ཐལ་མོ་བཅིངས་ལ་དེའི་ལག་པའི་ངོས་གཉིས་ནས་ཡང་དང་ཡང་དུ་དལ་གྱིས་བརྡབ་པར་བྱའོ། །རི་བོ་ཡང་ནི་དབང་དུ་འགྱུར། །ཞེས་བྱ་བ་ནི། ཐལ་མོའི་ངོས་ཀྱི་སྦྱོར་བ་འདིས་སེམས་མེད་པའི་རི་བོ་ཡང་ནི་དབང་དུ་འགྱུར་ཞིང་སྒྲུབ་པ་པོའི་དབང་དུ་བྱེད་ན། གཞན་
ལྟ་ཅི་ཞིག་སྨོས་པ་འམ། གལ་ཏེ་སྒྲུབ་པ་པོ་སེམས་དང་ལྡན་པས་རི་བོ་ཡང་སེམས་དང་བཅས་པ་ལྟར་འགྱུར་ཞིང་། དེ་ཡང་སྒྲུབ་པ་པོ་ཅི་དགར་དབང་དུ་བྱེད་པར་འགྱུར་ན་སེམས་དང་ལྡན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཕུལ་དུ་བྱུང་བར་གསུངས་པ་ཡིན་ནོ། །རྡོ་རྗེ་དབབ་པའི་ཆོ་ག་ཡིས། །ཞེས་
བྱ་བ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་བསྡམས་པའི་ངོས་ཀྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་དེ་བཞིན་དུ་ལག་མཐིལ་གྱི་ངོས་གཉིས་ཕན་ཚུན་དལ་གྱིས་དལ་གྱིས་ཡང་དང་ཡང་དུ་བརྡབ་པར་བྱའོ། །དེ་ཡང་གང་གི་ཕྱིར། དལ་གྱིས་བརྡབ་པའི་སྦྱོར་བ་ཡིས། །ཞེས་གསུངས་པ་ཡིན་
ནོ། །རི་བོ་ཡང་ནི་ཀུན་ནས་འབེབས། །ཞེས་བྱ་བ་ནི་སྒྲུབ་པ་པོས་འབེབས་པའི་སྦྱོར་བ་འདི་རབ་ཏུ་སྦྱོར་ན། བསྒྲུབ་པར་བྱ་བའི་ལུས་ལ་སེམས་མེད་པའི་རི་བོ་ཡང་ཀུན་ནས་འབེབས་ཤིང་རབ་ཏུ་འཇུག་པར་བྱེད་ན། སེམས་དང་ལྡན་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ལྟ་སྨོས་
ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དབབ་པའི་ཆོ་ག་ཡིས། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་མཚན་མ་ཐོབ་པར་གྱུར་པས་སོ། །རྡོ་རྗེ་བསྡམས་པ་བརྐྱང་ནས་ནི། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་བཅིང་ལ་བརྐྱང་བའོ། །དེ་གང་ཞིག་ཅེ་ན། སོར་མོའི་རྩེ་མོ་སྟེ་
མཛུབ་མོ་གཉིས་སོ། །མཉམ་བརྡབས་ན་ཞེས་བྱ་བ་ནི། དེ་ཉིད་ཡང་དག་པར་བསྡམས་པ་ནི་མཉམ་པར་དྲལ་ཏེ་མཉམ་པར་བརྡབས་པ་དེས། རིགས་བརྒྱ་ཡུད་ཀྱིས་བརླག་པར་འགྱུར། །ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། ང་རྒྱལ་དང་། མ་རིག་པ་
เล่ม ๕๗ · หน้า 141b
དང་། ལྟ་བ་དང་། ཐེ་ཚོམ་ལ་སོགས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྐྱེས་པ་རྣམས་རང་བཞིན་གྱིས་རྣམ་པར་དག་པར་ལྷག་པར་མོས་པས་སོར་མོའི་རྩེ་མོ་གཉིས་བརྡབས་པས་གཞོམ་པར་བྱ་བའི་དོན་ཏོ། །ཕྲ་མོ་དབབ་པའི་ཆོ་ག་བྱས། །ཞེས་བྱ་བ་སྔ་མ་བཞིན་
ནོ། །སོར་མོ་ཐམས་ཅད་མཉམ་གཞག་ཅིང་། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་སོར་མོ་ཐམས་ཅད་བརྐྱང་ནས་ཐལ་མོ་སྦྱར་བའི་ཚུལ་གྱིས་མཉམ་པར་གཞག་པ་སྟེ། དེ་ལྟར་ན་སོར་མོ་ཐམས་ཅད་མཉམ་པར་གཞག་པར་འགྱུར་ཏེ། དེ་ཡང་ཆོས་ཐམས་ཅད་རང་
བཞིན་གྱིས་འོད་གསལ་བར་སྟོན་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་བསྡམས་པ་ལས་བཀྲོལ་བ་ནི། སྡུག་བསྔལ་ཐམས་ཅད་སེལ་བའི་མཆོག །ཅེས་གསུངས་པ་ཡིན་ཏེ། གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་བསྒོམས་པས་སོར་མོ་ཐམས་
ཅད་མཉམ་པར་འཇོག་པ་དེའི་ཚེ་སྒྲིབ་པ་མེད་པའི་ཡེ་ཤེས་སྐྱེ་ཞིང་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཐོབ་པས་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བ་ཡིན་ནོ། །དེ་ནས་དེ་དག་གི་གསང་བའི་སྒྲུབ་པ་འདི་ཡིན་ཏེ་ཞེས་བྱ་བ་ནི་འདི་གསང་བའི་ཕྱག་རྒྱ་འདི་དག་བསྒྲུབས་
པས་ན་སྒྲུབ་པའོ། །གསང་བ་ཡང་ཡིན་ལ་སྒྲུབ་པ་ཡང་ཡིན་པས་ན་གསང་བའི་སྒྲུབ་པ་སྟེ། ལྷ་མོའི་ལུས་སུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱིས་ཡིད་ཀྱིས་ཞུགས་ལ། དེའི་ལུས་ཐམས་ཅད་ཁྱབ་པ་འདི་ནི་གསང་བའི་སྒྲུབ་པའོ། །འདི་ཡིན་ཏེ་ཞེས་བྱ་བ་ནི་དེ་
སྟོན་པར་རྩོམ་པའོ། །བུད་མེད་དམ་ཞེས་བྱ་བ་ལ་སོགས་པ་ལ། བུ་གའི་ནང་ནས་འཇུག་པར་བྱ། །ཞེས་བྱ་བ་ནི་ལུས་ཀྱི་བུ་ག་སྟེ། མཚན་མའི་བུ་གའི་ནང་ནས་འཇུག་པར་བྱའོ། །གང་གི་ལུས་ཀྱི་ཞེ་ན། བུད་མེད་དམ་ནི་སྐྱེས་པ་ཡི། །ཞེས་བྱ་བ་གསུངས་སོ། །ཡིད་
ཀྱིས་དེ་ལྟར་ཞུགས་ནས་ཀྱང་། །དེ་ཡི་ལུས་ཀུན་ཁྱབ་པར་སྤྲོ། །ཞེས་བྱ་བ་ནི་ཡིད་ཀྱིས་ཞེས་བྱ་བ་སེམས་ཀྱིས་བསྒོམས་པའི་སྟོབས་ཀྱིས་སྐྱེས་པའམ་བུད་མེད་དེའི་ལུས་སུ་ཞུགས་ནས་ཀུན་ཞེས་བྱ་བ་མ་ལུས་པར་ཁྱབ་པར་སྤྲོ་ཞིང་ཐམས་ཅད་དུ་ཁྱབ་པར་བྱའོ། །འདི་སྐད་སྟོན་ཏེ།
เล่ม ๕๗ · หน้า 142a
དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་བྱས་ནས། སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡིད་ཀྱིས་བསམས་ལ། དེའི་རིག་པའི་ལྷ་མོའི་གཟུགས་སུ་བསམས་ནས། བསྡུ་བ་ལ་སོགས་པ་བྱས་
ལ། སཏྭ་བཛྲི་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་ཚིག་གིས་ཟློས་ཤིང་། ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་ལྷའི་རྣལ་འབྱོར་བྱས་ནས། དེ་བཞིན་དུ་དེ་མདུན་དུ་བཞག་
སྟེ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། བཛྲ་པཱ་ཤ་ཧོཿཞེས་ཟློས་ཤིང་ཡིད་ཀྱིས་དེའི་གསང་བའི་ཕྱོགས་ནས་ལུས་སུ་འཇུག་པར་བྱའོ། །དེ་ནས་དེའི་སྙིང་གར་གནས་ལ། ལུས་ལ་ཁྱབ་པར་བྱས་ནས་བཛྲ་པཱ་ཤ་ཧོཿཞེས་ཟློས་ཤིང་རྡོ་རྗེ་ཐལ་མོའི་ངོས་ཀྱིས་དལ་
བུས་བརྡབ་པར་བྱའོ། །དེ་ནས་དེའི་དབང་དུ་འགྱུར་རོ། །ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་བྱས་ནས། དེའི་མདུན་དུ་འདུག་ལ། བཛྲ་ཨཱ་བེ་ཤ་ཨཿཞེས་ཟློས་ཤིང་། དེ་བཞིན་དུ་དེའི་ལུས་སུ་འཇུག་པར་བྱའོ། །དེ་ནས་དེའི་སྙིང་གར་གནས་ལ་ལུས་
ཐམས་ཅད་ཁྱབ་པར་བྱས་ནས། བཛྲ་ཨཱ་བེ་ཤ་ཨཿཞེས་ཟློས་ཤིང་དཀྱིལ་འཁོར་གྱིས་བརྡབ་པའི་སྦྱོར་བས་རྡོ་རྗེ་བསྡམས་པའི་ངོས་ཀྱིས་བརྡབ་པར་བྱ་སྟེ། འདིས་ནི་ལྷའི་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ནས་སྒྲིབ་པ་རྣམས་ཟད་པར་བྱ་བའི་ཕྱིར་ཡང་དེའི་མདུན་དུ་དཔལ་རྡོ་རྗེ་
སེམས་དཔའ་ལ་སོགས་པའི་རྣལ་འབྱོར་གྱིས་འདུག་ལ། བཛྲ་ཧ་ན་ཧཱུཾ་ཞེས་ཟློས་ཤིང་ཡང་དེའི་ལུས་ལ་དེ་བཞིན་དུ་འཇུག་པར་བྱའོ། །དེ་ནས་དེའི་སྙིང་གར་གནས་ལ་ལུས་ཐམས་ཅད་ཁྱབ་པར་བྱས་ནས། བཛྲ་ཧ་ན་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་བསྡམས་པ་བརྐྱང་ནས་སོར་མོའི་རྩེ་
མོ་མཉམ་པར་བརྡབས་པས་རིགས་བརྒྱ་ཡུད་ཀྱིས་བརླག་པར་འགྱུར་རོ། །འདིར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ལྷག་པར་མོས་པས། འདོད་ཆགས་ལ་སོགས་པའི་རིག་བརྒྱ་ཡིད་ཀྱིས་བརླག་ཅིང་བཅོམ་པར་འགྱུར་རོ། །ཡང་དེའི་མདུན་དུ་དཔལ་
เล่ม ๕๗ · หน้า 142b
རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་གྱིས་འདུག་ལ། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དབབ་པས་སྡུག་བསྔལ་ཐམས་ཅད་བསལ་བར་བྱ་བའི་ཕྱིར། བཛྲ་ཧ་ར་ཧཱུཾ་ཞེས་ཟློས་ཤིང་དེ་བཞིན་དུ་ཞུགས་ལ། དེའི་སྙིང་གར་གནས་ནས་ལུས་ཐམས་ཅད་
ཁྱབ་པར་བྱས་ལ། བཛྲ་ཧ་ར་ཧཾ་ཞེས་བརྗོད་དེ། སོར་མོ་ཐམས་ཅད་མཉམ་པར་གཞག་པའི་རྡོ་རྗེ་བསྡམས་པས་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སེམས་མ་རྡོ་རྗེ་མ་ལ་སོགས་པ་དང་། བདག་ཉིད་གཅིག་ཏུ་གྱུར་པར་
བྱས་ནས། སཏྭ་བཛྲི་ཞེས་བྱ་བ་ལ་སོགས་པ་མཚན་ཐོག་ཐག་ཟློས་ཤིང་། ཇི་སྲིད་དེའི་གཟུགས་སུ་བདག་ཉིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྐད་ཅིག་མ་དེ་ཉིད་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་འགྲུབ་པར་
འགྱུར་རོ། །འདིས་ནི་གང་གི་ཚེ་གསང་བའི་ལྷ་མོ་རྟོགས་པར་གྱུར་པ་དེའི་རིགས་ཀྱི་ལྷ་མོ་ཡིན་ནོ་ཞེས་དོན་འདིས་སྟོན་ཏོ། །ཡང་གང་གི་ཚེ་བསྒྲུབ་པར་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་ལྷ་མོ་ཡིན་པར་གྱུར་ན། སེམས་བརྟགས་པ་ནས་བརྩམས་ནས་ནི། །རྡོ་རྗེ་དབྱིངས་
ཞེས་རྗོད་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་བྱས་ནས། ཇི་སྲིད་རྒྱུད་ཕྱི་མ་ལས་གསུངས་པའི་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཉིད་ཇི་ལྟ་བ་བཞིན་དུ་
མདུན་དུ་བཞག་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཟླ་བ་ཉ་ལ་ཉི་མ་ནུབ་པའི་དུས་སུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཛྲ་པཱ་ཤ་ཧོཿཞེས་ཟློས་ཤིང་ཡིད་ཀྱིས་མི་བསྐྱོད་པའི་ཐུགས་ཀར་གནས་ལ། ལྷ་མོ་རྡོ་རྗེ་དབྱིངས་ཀྱི་དབང་
ཕྱུག་མའི་སྐུར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཚུལ་དེ་ཉིད་ཀྱིས་མི་བསྐྱོད་པའི་ཐུགས་ཀ་ནས་ཕྱུང་ལ། སྔར་བཤད་པའི་དབང་དུ་བྱ་བའི་ཕྱག་རྒྱ་བཅིངས་ཏེ། བཛྲ་པཱ་ཤ་ཧོཿཞེས་ཟློས་ཤིང་དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་གསང་བའི་ཕྱོགས་ནས་རྣམ་པར་སྣང་མཛད་
เล่ม ๕๗ · หน้า 143a
ཀྱི་སྐུ་ལ་ཞུགས་ལ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་གནས་ཏེ་ཚུལ་དེ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་སྐུ་ཐམས་ཅད་ཁྱབ་པར་བྱས་ནས། ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་ཡིད་ཀྱིས་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་
རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཟུགས་ཀྱིས་གནས་ལ་དེ་བཞིན་དུ་དེའི་ཐུགས་ཀ་ནས་ཕྱུང་སྟེ་བཛྲ་ཨཱ་བེ་ཤ་ཨཿཞེས་ཟློས་ཤིང་དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་འཇུག་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་གནས་ལ། དེ་བཞིན་དུ་དེའི་སྐུ་ཐམས་ཅད་
ཁྱབ་པར་བྱས་ནས། སྔ་མ་བཞིན་དུ་དབབ་པའི་ཕྱག་རྒྱ་བཅིངས་ཏེ། བཛྲ་ཨཱ་བེ་ཤ་ཨཿཞེས་བཟླས་པར་བྱའོ། །ཡང་ཡིད་ཀྱིས་འོད་དཔག་ཏུ་མེད་པའི་ཐུགས་ཀར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཟུགས་ཀྱིས་གནས་ལ། དེ་བཞིན་དུ་དེའི་ཐུགས་ཀ་ནས་ཕྱུང་སྟེ། བཛྲ་
ཧ་ན་ཧཱུཾ་ཞེས་ཟློས་ཤིང་། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་ཞུགས་ཏེ། དེའི་ཐུགས་ཀར་གནས་ལ། དེའི་སྐུ་ཐམས་ཅད་ལ་ཁྱབ་པར་བྱས་ནས་སྔར་བཤད་པའི་རིགས་བརྒྱ་རླག་པར་བྱེད་པའི་ཕྱག་རྒྱ་བཅིངས་ལ། བཛྲ་ཧ་ན་ཧཱུཾ་ཞེས་བརྗོད་པར་བྱའོ། །ཡང་ཡིད་ཀྱིས་
དོན་ཡོད་པར་གྲུབ་པའི་ཐུགས་ཀར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཟུགས་ཀྱིས་གནས་ལ། དེ་བཞིན་དུ་དེའི་ཐུགས་ཀ་ནས་ཕྱུང་སྟེ། བཛྲ་ཧ་ར་ཧཾ་ཞེས་ཟློས་ཤིང་སྔ་མ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་ཞུགས་ཏེ་དེའི་ཐུགས་ཀར་གནས་ལ། དེའི་སྐུ་ཐམས་ཅད་ལ་ཁྱབ་པར་
བྱས་ནས་སྔར་བཤད་པའི་སྡུག་བསྔལ་ཐམས་ཅད་སེལ་བའི་ཕྱག་རྒྱ་བཅིངས་ལ། བཛྲ་ཧ་ར་ཧཾ་ཞེས་བཟླས་བརྗོད་བྱའོ། །དེ་ལྟར་སྦྱོར་བ་འདི་དག་གིས་སངས་རྒྱས་ཀྱི་བྱང་ཆུབ་དབང་དུ་བྱས་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས། བཛྲ་དྷཱ་ཏུ་ཞེས་ཟློས་ཤིང་མཚན་
ཐོག་ཐག་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ན་དེ་བཞིན་གཤེགས་པར་ངེས་པར་འགྱུར་རོ། །རྣམ་པར་སྣང་མཛད་ཆེན་པོ་བསྒྲུབ་པ་ལ་དབང་དུ་བྱ་བར་བཤད་པ་དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ལྷ་ཕོ་སྒྲུབ་པ་ཐམས་ཅད་རང་གི་ཕྱག་
เล่ม ๕๗ · หน้า 143b
རྒྱའི་ལྷ་མོས་ཤེས་པར་བྱའོ། །གསང་བའི་ཕྱག་རྒྱ་བཞི་བསྒྲུབ་པའོ། །དེ་ནས་སྙིང་པོ་བྱིན་པ་ཞེས་བྱ་བ་ནི་དབང་བསྐུར་ནས་ཁྱོད་དོན་གྱི་དངོས་གྲུབ་ལ་སོགས་པའི་ནང་ནས་གང་འདོད་ཅེས་དྲིས་ལ་གང་ཞིག་གང་མངོན་པར་འདོད་པ་དེ་དེ་ལ་བསྟན་ནས། དོན་གྱི་དངོས་གྲུབ་ལ་
སོགས་པ་བསྒྲུབ་པའི་ཕྱིར། དེའི་སྙིང་པོ་དང་། སྒྲུབ་པ་པོའི་མེ་ཏོག་ལྷའི་སྐུ་གང་ལ་བབ་པ་དེའི་སྙིང་པོ་སྦྱིན་ནོ། །གང་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཉིད་འདོད་ཀྱི། དོན་གྱི་དངོས་གྲུབ་ལ་སོགས་པ་མ་ཡིན་པ་དེ་ལ་ནི་བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་སྦྱིན་པར་
བྱའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་དོན་གྱི་དངོས་གྲུབ་ལ་སོགས་པ་བསྒྲུབ་པར་འདོད་པས་དེ་ལ་སྙིང་པོ་གཉིས་སྦྱིན་པར་བྱའོ། །ཡང་གང་ཞིག་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའམ། དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་པ་དེ་ལ་
བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པ་རང་གི་ལྷའི་སྙིང་པོ་ཉིད་སྦྱིན་ནོ། །གང་ཞིག་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་པ་དེ་ལ་ཆོས་ཀྱི་ཕྱག་རྒྱ་འབའ་ཞིག་སྦྱིན་པར་བྱའོ། །སྙིང་པོ་བྱིན་ལ་ཅི་ཞིག་བྱ་ཞེ་ན། རང་གི་རིགས་ཀྱི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་
གསུངས་ཏེ། རང་གི་ཡང་ཡིན་ལ་རིགས་ཀྱི་ཡང་ཡིན་པས་ན་རང་གི་རིགས་ཏེ། གང་གི་མེ་ཏོག་རིགས་གང་དུ་བབ་པ་དེ། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ཀྱི་དབྱེ་བས་རྣམ་པ་བཞི་སྟེ། འདིས་ནི་རིགས་ཐམས་ཅད་ཀྱི་ཐུན་མོང་གི་ཆོ་ག་
སྟོན་ཏོ། །དེ་ལ་རང་གི་རིགས་ཀྱི་ལྷ་དེ་བཞིན་གཤེགས་པ་ལ་སོགས་པའི་ཕྱག་རྒྱ་བཞི་ནི། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་སྟེ། རྣམ་པ་བཞིའོ། །དེ་རྣམས་ཀྱི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངེས་པ་སྟེ། དེ་བསླབ་པར་བྱ་
ཞིང་ཉེ་བར་བསྟན་པར་བྱའོ། །འདིས་ཀྱང་འདི་སྐད་སྟོན་པ་ཡིན་ཏེ། སྒྲུབ་པ་ཐམས་ཅད་ལ་རང་གི་ལྷའི་སྐུ་ལ་མདུན་དུ་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །ཕྱག་རྒྱ་འདི་ལ་མི་མཁས་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞི་པོ་འདི་དག་ལ་མི་མཁས་ཤིང་མི་ཤེས་པ་
เล่ม ๕๗ · หน้า 144a
དེ་ལའོ། །གཞན་སུ་ལ་ཡང་རུང་བ་ལ་ཞེས་བྱ་བ་ནི་གང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་མ་ཞུགས་པ་དེ་ནི་གཞན་ཏེ། དེ་ལྟར་ན་གཞན་པ་ཉིད་དང་མི་མཁས་ཤིང་མི་ཤེས་པ་དེ་ལའོ། །ཕྱག་རྒྱ་གང་ཡང་རུང་བ་སྟོན་པར་མི་བྱེད་ཅེས་བྱ་བ་ནི་དམ་ཚིག་མི་ཤེས་
ཤིང་དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཕྱག་རྒྱ་རྣམ་པ་བཞི་སྤྱིར་བསྡུས་པའི་ཕྱག་རྒྱ་བསྟན་པར་མི་བྱ་བར་མ་ཟད་ཀྱི། ཐ་ན་གཅིག་ཙམ་ཡང་བསྟན་པར་མི་བྱའོ་ཞེས་གང་ཡང་རུང་བའི་སྒྲས་སྟོན་ཏོ། །ཅིའི་ཕྱིར་ཕྱག་རྒྱ་གང་ཡང་རུང་བ་ཅིག་ཀྱང་བསྟན་པར་མི་བྱ་ཞེ་ན་དེ་ནི་འདི་ལྟར་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྒྱུ་གསུངས་པ་ཡིན་ནོ། །དཀྱིལ་འཁོར་ཆེན་པོ་མ་མཐོང་བ། །ཞེས་བྱ་བ་ནི་དམ་ཚིག་མི་ཤེས་པའོ། །ཕྱག་རྒྱ་བཅིང་བ་བྱས་ན་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ལས་གྲུབ་པར་བྱ་བའི་ཕྱིར། ཕྱག་རྒྱ་ཆེན་པོ་ལ་
སོགས་པ་འཆིང་བ་ལ་རབ་ཏུ་སྦྱོར་བར་བྱེད་པའོ། །དེའི་ཚེ་དེ་དག་དེ་ལྟར་གྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལ་ལས་ཀྱི་དངོས་གྲུབ་གསུངས་པ་གང་ཡིན་པ་དེ་ལ་རབ་ཏུ་སྦྱར་དུ་ཟིན་ཀྱང་དེ་རྣམས་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི་ཕྱིར་དེ་དེ་ལ་འགྲུབ་
པར་མི་འགྱུར་རོ། །དེ་ནས་དེ་དག་ཐེ་ཚོམ་དུ་འགྱུར་རོ་ཞེས་བྱ་བ་ནི་དེ་ནས་ཕྱག་རྒྱ་བཅིང་བ་ལ་སྦྱོར་བ་དེ་རྣམས་འབྲས་བུ་ཐོབ་པར་མ་གྱུར་པས་ཐེ་ཚོམ་དུ་གྱུར་ཏེ། ཇི་འདི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ་སྙམ་དུ་ཡིད་གཉིས་ཀྱིས་སེམས་སུ་འགྱུར་རོ། །གནོད་པ་མ་
སྤངས་པ་ཞེས་བྱ་བ་ལ་གནོད་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལས་འདས་པའོ། །བཀའ་དེ་ཡང་འདི་ཡིན་ཏེ། དཀྱིལ་འཁོར་ཆེན་པོ་མ་མཐོང་བས་ཕྱག་རྒྱ་གང་ཡང་རུང་བ་ཅིག་ཙམ་ཡང་བཅིང་བར་མི་བྱ་ཞིང་རབ་ཏུ་སྦྱར་བར་མི་བྱའོ་ཞེས་བྱ་བ་འདི་མ་སྤངས་པ་ནི་གནོད་པ་
མ་སྤངས་པའོ། །ཡང་ན་དེ་བཞིན་གཤེགས་པའི་གསུང་ལ་སོམ་ཉིར་གྱུར་པ་ནི་གནོད་པ་སྟེ། དེ་མ་སྤངས་པ་ནི་གནོད་པ་མ་སྤངས་པའོ། །གནོད་པ་མ་སྤངས་པ་དེས་ན་མྱུར་བ་ཉིད་དུ་དུས་བྱས་ནས་ཞེས་བྱ་བ་གང་ཚེ་ལོ་བརྒྱ་ཐུབ་པར་གནས་པའི་ལས་ཡོད་པ་དེ་ཡང་ཕྱག་
เล่ม ๕๗ · หน้า 144b
རྒྱས་བཅིང་བའི་དུས་སུ་དེ་ཉིད་དུ་འམ། ཚེ་ཡོངས་སུ་མ་རྫོགས་པར་གྱུར་པ་ཉིད་དུ་དུས་བྱེད་པར་འགྱུར་རོ། །དུས་བྱེད་པའི་བྱ་བ་བྱས་ནས་ཀྱང་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བར་འགྱུར་ཏེ། དམ་པའི་ཆོས་སྤོང་བའི་ལས་བྱས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཁྱོད་
ཉིད་ཀྱང་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི། ངའི་བཀའ་ལས་འདས་པ་དང་། སེམས་ཅན་བསླུས་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་
ཡིན་ལ་སེམས་དཔའ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་རྣམས་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱི་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་བསྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ཡིན་ཏེ།
དེ་རྣམས་ཀྱི་སྐུའི་ཕྱག་རྒྱ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་བསྒྲུབ་པའི་ཕྱག་རྒྱ་ཆེན་པོའོ་ཞེས་བྱའོ། །དེའི་ཡེ་ཤེས་ནི་ངེས་པ་སྟེ་བཤད་པར་བྱའོ། །སེམས་རྟོགས་པ་ནས་བརྩམས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིངས་
ལ་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་དབབ་པ་བསྐྱེད་ལ་བརྟན་པར་བྱས་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པར་རྡོ་རྗེ་བསྡམས་པ་བཀན་ཏེ་སྐྱིལ་མོ་ཀྲུང་ལ་བཞག་ལ། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ། བསམ་གཏན་དང་གཟུགས་མེད་པའི་སྙོམས་
པར་འཇུག་པར་མངོན་དུ་བྱས་ནས། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་འགྲུབ་པའི་སྐུ་དར་དཔྱངས་དང་ཅོད་པན་གྱིས་དབང་བསྐུར་བ་ཐོབ་པ་འོག་མིན་གྱི་གནས་བྱང་ཆུབ་ཀྱི་སྙིང་པོ་སེང་གེའི་གདན་ལ་བདག་ཉིད་བཞུགས་
པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིང་བའི་སྦྱོར་བས། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བྱ་བ་ནས་བརྩམས་ཏེ། ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ་ཞེས་བྱ་བའི་བར་གྱིས་མངོན་པར་རྫོགས་པར་སངས་
เล่ม ๕๗ · หน้า 145a
རྒྱས་ལ། དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ལ་ཡིད་ཀྱིས་ལེགས་པའི་སྦྱོར་བས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་པོ་མཐའ་ཡས་པ་ལུས་ལ་བཅུག་སྟེ། བདག་ལ་བྱིན་གྱིས་བརླབ་པ་
ལ་སོགས་པ་བྱས་ནས། རྡོ་རྗེ་ཉི་མ་བསྒོམ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཉི་མའི་འོད་ཀྱིས་ཉེ་བར་མཚོན་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ཉི་མ་སྟེ། རྡོ་རྗེ་ཉི་མ་བསྒོམ་པར་བྱའོ། །དེ་ཉིད་བསྟན་པ་ནི། སངས་རྒྱས་གཟུགས་སུ་བདག་བསྒྱུར་ལ། །ཞེས་
བྱ་བ་ཡིན་ནོ། །དེའི་དོན་འདི་སྟོན་ཏེ། རྡོ་རྗེ་ཉི་མའི་འོད་ཀྱི་དཀྱིལ་འཁོར་གྱིས་ཉེ་བར་མཚན་པའི་སངས་རྒྱས་ཀྱི་གཟུགས་སུ་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་སྐུར་བསྒོམ་པར་བྱའོ། །དེ་ལྟར་བསྒོམ་པ་ནི་རང་ཉིད་དམ་མདུན་དུ་བྱ་བ་
ཡང་སྲིད་པས། དེ་ལས་དགའ་བར་བྱ་བའི་ཕྱིར་བདག་བསྒྱུར་ལ་ཞེས་བྱ་བ་གསུངས་སོ། །ཅི་ཞིག་ཟློས་ཤིང་བསྒོམ་པར་བྱ་ཞེ་ན། རྡོ་རྗེ་དབྱིངས་ཞེས་རྗོད་བྱེད་ཅིང་། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ལྔའི་སྤྱིའི་སྙིང་པོ་བཛྲ་དྷཱ་ཏུ་ཞེས་བྱ་བ་རྗོད་པར་བྱེད་
ཅིང་ཡོངས་སུ་ཟློས་བཞིན་དུའོ། །འདི་སྐད་སྟོན་ཏེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ཐམས་ཅད་བྱས་ནས། བྱང་ཆུབ་མཆོག་དང་། ས་གནོན་གྱི་ཕྱག་རྒྱ་དང་། མཆོག་སྦྱིན་དང་ཏིང་ངེ་འཛིན་མཆོག་དང་། མི་འཇིགས་པ་ལ་སོགས་པའི་ཕྱག་རྒྱ་བཅིངས་
ལ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་བདག་ཉིད་བསྒོམ་པར་བྱའོ། །འདི་ཡིས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོས་སོ། །གྲུབ་མ་ཐག་ཏུ་ནི་ཞེས་བྱ་བ་ནི་དེའི་སྐུར་བསྐྱེད་ཅིང་གྲུབ་པ་ཙམ་གྱིས་སོ། །ཡེ་ཤེས་ནི་དུས་གསུམ་ལ་
སྒྲིབ་པ་མེད་ཅིང་ཐོགས་པ་མེད་པའོ། །ཚེ་ནི་དེ་བཞིན་གཤེགས་པ་ལྟར་ཕྱི་མའི་མཐར་ཐུག་པ་མེད་པར་འཚོ་བའོ། །སྟོབས་ནི་ལུས་སྟོབས་དང་། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་བཅུ་ལ་སོགས་པའོ། །ན་ཚོད་ནི་བཅུ་དྲུག་པའི་ཆ་ལུགས་ཅན་གྱི་
เล่ม ๕๗ · หน้า 145b
གཟུགས་ཏེ། དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ། །ཀུན་དུ་བཟང་པོ་ཉིད་ནི་ཕྱོགས་བཅུར་འགྲོ་བ་དང་སངས་རྒྱས་པ་ཉིད་དེ་འདི་དག་ལུས་དེ་ཉིད་ཀྱིས་འཐོབ་པར་འགྱུར་རོ། །དེ་ནས་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་ཡིན་ཏེ་ཞེས་བྱ་བ་ལ། དེ་
ནས་ཞེས་བྱ་བའི་སྒྲ་ནི་བཤད་ཟིན་ཏོ། །མི་ཕྱེད་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེའི་བསྒྲུབ་པ་ནི་མངོན་སུམ་དུ་བྱའོ། །དེའི་དོན་གྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་སྐུའི་ཕྱག་རྒྱ་ཆེན་པོ་སྟེ་དེ་བཅིང་བ་ཡིན་ཏེ་ཞེས་བྱ་བ་ནི་དེ་བཅིང་བའི་མཚན་ཉིད་བཤད་
དོ་ཞེས་པའོ། །བསྒྱིངས་བཅས་རྡོ་རྗེ་གསོར་བྱེད་ནི། །ཞེས་བྱ་བ་ནི་བསྙེམས་པས་བསྟོད་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་དྲིལ་བུ་དང་བཅས་པ། ཁ་ནང་དུ་བལྟས་པ་གཡོན་གྱི་དཀུའི་ཆར་གཞག་པ་དེས་བསྙེམས་པ་དང་བཅས་པས་ན་བསྒྱིངས་བཅས་སོ། །ཕྱག་
གཡས་པས་རྡོ་རྗེ་གསོར་ཞིང་འདེབས་པས་ཡང་དག་པར་འཛིན་པར་མཛད་པས་ན། བསྒྱིངས་བཅས་རྡོ་རྗེ་གསོར་བྱེད་ནི། །ཞེས་བྱའོ། །དེ་ལྟར་བསྒྱིངས་པ་དང་བཅས་པས་རྡོ་རྗེ་གསོར་བར་མཛད་ཅིང་རྡོ་རྗེ་དེ་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་འཇོག་པར་མཛད་པ་ནི།
རྡོ་རྗེ་སེམས་དཔའི་སྐུའི་ཕྱག་རྒྱའི་ཚུལ་ཏེ། བདག་ཉིད་དེའི་ང་རྒྱལ་གྱི་སྦྱོར་བས་གནས་ཤིང་བསྒོམ་པར་བྱའོ། །ཅི་འདི་སྐུའི་ཕྱག་རྒྱ་འབའ་ཞིག་གིས་བཅོམ་ལྡན་འདས་རྡོ་རྗེ་བསྙེམས་པའི་ཕྱག་རྒྱ་ཆེན་པོ་བསྐྱེད་པར་བྱ་འམ་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །
རྡོ་རྗེ་སེམས་དཔར་བདག་ཉིད་འགྱུར། །ཞེས་བྱ་བ་གསུངས་ཏེ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་དཔལ་རྡོ་རྗེ་སེམས་དཔའི་དབྱིབས་ཀྱིས་གནས་པ་འདི་ནི་སྐུའི་རྡོ་རྗེའོ། །ཡི་གེ་ཧཱུཾ་ལས་ལྕེ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམ་ཏེ། བཛྲ་སཏྭ་ཞེས་ཟློས་པ་འདི་ནི་གསུང་གི་རྡོ་རྗེའོ། །
དེ་ལྟར་བསྒོམས་པ་འདི་ནི་ཐུགས་ཀྱི་རྡོ་རྗེའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འདི་དག་གིས་དཔལ་རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར་རོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེ་དག་ཉིད་ཀྱིས་བསྐྱེད་ལ་དེ་ཉིད་ཀྱི་བདག་ཉིད་དེའི་ཚུལ་དུ་བསྒོམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་ཡང་།
เล่ม ๕๗ · หน้า 146a
ཁ་དོག་དབྱིབས་དང་གདན་དང་ནི། །མཚན་མ་ཕྱག་མཚན་ཚོགས་དབྱེ་བས། །རྣམ་པ་དུ་མ་རྒྱ་ཆེ་གང་། །སྐུ་ཡི་གསང་བ་འདི་ཤེས་བྱ། །རྡོ་རྗེའི་ཚིག་གི་སྦྱོར་བ་ཡིས། །ཆོས་ཀྱི་ཕྱག་རྒྱའི་རང་བཞིན་སྨྲ། །རྡོ་རྗེའི་ཚིག་ནི་སྒྲ་སྤངས་པ། །འདི་ནི་གསལ་
བར་གསུང་གསང་བ། །རང་སེམས་སོ་སོར་རྟོགས་པ་ཡིས། །ཟླ་བ་རྡོ་རྗེར་རྣམ་བསྒོམ་པ། །སྒོམ་ཞིང་གསུམ་པོ་ཚུལ་གཅིག་པ། །ཐུགས་ཀྱི་གསང་བ་འདི་ཤེས་བྱ། །ཞེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབབ་པ་ཇི་ལྟ་བ་བཞིན་དུ་བསྐྱེད་
ནས། བཛྲ་སཏྭ་ཞེས་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་སྟེ། ཟླ་བའི་དཀྱིལ་འཁོར་གཉིས་པོ་དེ་བཛྲ་སཏྭ་ཞེས་བྱ་བའི་སྙིང་པོ་དང་བཅས་པ་ལས། རྡོ་རྗེ་
རྩེ་ལྔ་པའོ། །རྡོ་རྗེའི་དབུས་སུ་བཛྲ་སཏྭ་ཞེས་བྱ་བ་བཀོད་ལ། བཛྲོ྅ཧཾ་ཞེས་བྱ་བའི་རྡོ་རྗེའི་ང་རྒྱལ་བསྐྱེད་ནས་རྡོ་རྗེ་དེ་ཉིད་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་བདག་ཉིད་ངེས་པར་བསམས་ལ། མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བས་ང་རྒྱལ་བསྐྱེད་ལ།
རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ས་མ་ཡོ྅ཧཾ་ཞེས་བྱ་བས་དམ་ཚིག་གི་སེམས་དཔར་བསྒོམས་ལ། དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་བདག་ཉིད་བྱིན་གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོར་བསམ་པར་བྱའོ། །དེ་
ནས་ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་དུ་བཅུག་ལ། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཛྲ་སཏྭ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར་བྱའོ། །འདིས་ནི་ཞེས་བྱ་བ་
ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་གྲུབ་པ་འདིས་ཀུན་དུ་འགྲོ་བ་དང་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐད་ཅིག་མ་གཅིག་གིས་འགྲོ་ཞིང་ཕྱིན་པར་གྱུར་པ་དང་། འདོད་པ་ཀུན་བདག་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་
เล่ม ๕๗ · หน้า 146b
འདོད་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱི་བདག་པོ་སྟེ། ཉེ་བར་སྤྱོད་པར་བྱེད་པ་དེ་རྣམས་ཀྱི་གཙོ་བོར་གྱུར་པ་དང་། བདེ་བ་ཅན་དང་ཞེས་བྱ་བ་འདི་ལ་སྡུག་བསྔལ་ཐམས་ཅད་མི་འབྱུང་ཞིང་བདེ་བ་ཐམས་ཅད་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་
བདེ་བ་དང་ལྡན་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །རྫུ་འཕྲུལ་ཚེ་སྟོབས་གཟུགས་མཆོག་རྣམས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་བྱ་བ་ནི་གང་གི་ཕྱིར་རྫུ་འཕྲུལ་དང་། ཚེ་དང་། སྟོབས་དང་། གཟུགས་ཀྱི་མཆོག་རྣམས་རྡོ་རྗེ་སེམས་དཔའ་དང་
མཉམ་པར་འགྱུར་ལ། ཕྱིས་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་རོ། །ད་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་ཕྱག་རྒྱ་བཅིང་བའི་མཚན་ཉིད་བསྒྲེ་བ་སྟོན་ཏེ། དེས་ན། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །ཞེས་བྱ་བ་ནི་སྔ་མ་
བཞིན་ནོ། །ཇི་ལྟར་རི་མོའི་རྗེས་མཐུན་ཞིང་། །ཞེས་བྱ་བ་ནི་བྲི་བར་བྱ་བ་ཡིན་པས་ན་རི་མོ་སྟེ་རྡོ་རྗེ་རྒྱལ་པོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་རོ། །དེ་རྣམས་ཀྱི་རྗེས་སུ་འབྲངས་པ་ནི་རྗེས་སུ་མཐུན་པ་སྟེ། རྡོ་རྗེ་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་
བར་མཛད་ཅིང་བཞུགས་སོ་ཞེས་བྱ་བ་ནས། རྡོ་རྗེ་དྲིལ་བུས་དེ་བཞིན་གཤེགས་པ་ཐམས་ཅད་འབེབས་པར་མཛད་ཅིང་བཞུགས་སོ་ཞེས་བྱ་བའི་བར་ལས་ཤེས་པར་བྱ་བ་ནི་ཇི་ལྟར་བྲིས་པ་དེའི་རྗེས་སུ་མཐུན་པ་སྟེ། ཇི་ལྟར་རི་མོ་བྲིས་པ་བཞིན་དུ་ཤེས་པར་བྱ། དེས་ན། ཇི་ལྟར་
བྲིས་པའི་རྗེས་སུ་འབྲངས་ནས། ཇི་ལྟར་རི་མོའི་རྗེས་མཐུན་ཞིང་། །ཞེས་བྱའོ། །མཚན་མའི་ཕྱག་རྒྱ་རྣམས་ལྡན་པར། །ཞེས་བྱ་བ་ནི་ལྕགས་ཀྱུ་ལ་སོགས་པ་ནི་དེ་རྣམས་ཀྱི་མཚན་མའི་ཕྱག་རྒྱ་སྟེ། དེ་རྣམས་དང་ཡང་དག་པར་ལྡན་ཞིང་དེ་དང་བཅས་པར་རྡོ་རྗེ་རྒྱལ་པོ་
ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་བསྒོམ་པར་བྱའོ། །འདི་སྐད་སྟོན་ཏེ་དཔལ་རྡོ་རྗེ་སེམས་དཔའ་བསྒྲུབ་པ་དང་འདྲ་བར་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཇི་ལྟར་རི་མོ་བྲིས་པའི་ཆོ་གར་འདི་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བྲི་བར་གསུངས་པ་དེ་དང་རྗེས་སུ་མཐུན་པར་རྡོ་རྗེ་རྒྱལ་
เล่ม ๕๗ · หน้า 147a
པོ་ལ་སོགས་པ་འདི་རྣམས་ཀྱི་མཚན་མ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ལག་པས་བཟུང་ལ། རྡོ་རྗེ་རྒྱལ་པོ་ལ་སོགས་པ་བསྒོམ་པར་བྱའོ། །གཞུང་འདི་ཙམ་གྱིས་ནི་རྣལ་འབྱོར་ཙམ་གསུངས་པ་ཡིན་ཏེ། སེམས་ཙམ་དུ་ནི་སྙོམས་འཇུག་པ། །རྣལ་
འབྱོར་ཞེས་ནི་བྱ་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ལ་སོགས་པ་འདི་དག་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདིར་ནི་ཞེས་བྱ་བ་ནི་
རྣལ་འབྱོར་གྱི་རྒྱུད་དུའོ། །རྟོག་ཀུན་གྱི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་ཆེན་པོའོ། །བསྒྲུབ་པ་དང་ཞེས་བྱ་བ་ནི་རང་གི་ལུས་ལ་ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་དུ་བཅུག་སྟེ། གཅིག་ཏུ་གྱུར་པ་ལྷག་པར་མོས་པ་སྟེ་སྒྲུབ་པ་དེས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་
འགྲུབ་པ་ཡིན་ནོ། །དངོས་གྲུབ་དང་། གྲུབ་པ་རྣམས་ཀྱི་ལས་ཆེན་རྣམས། །ཞེས་བྱ་བ་ནི་དངོས་གྲུབ་རྣམས་གྲུབ་ཅིང་རྫོགས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་ལས་ཆེན་པོ་སྟེ། ལས་དམ་པ་ནི། སངས་རྒྱས་རྗེས་སུ་དྲན་གྲུབ་ན། །སངས་རྒྱས་ཉིད་དུ་མྱུར་དུ་འགྱུར། །ཞེས་
བྱ་བ་ལ་སོགས་པའོ། །གོ་རིམས་བཞིན་དུ་བཤད་པར་བྱ། །ཞེས་བྱ་བ་ནི་རྟོག་པ་ཐམས་ཅད་ཀྱི་བསྒྲུབ་པ་དང་། དངོས་གྲུབ་དང་། གྲུབ་པ་རྣམས་ཀྱི་ལས་ཆེན་པོ་འདི་དག་ཐམས་ཅད་གོ་རིམས་ཇི་ལྟ་བ་བཞིན་དུ་བཤད་པར་བྱའི་ཕན་ཚུན་འཆོལ་བར་ནི་མ་ཡིན་ནོ། །
དང་པོར་ཞེས་བྱ་བ་ནི་བཟླས་པ་དང་། བསྒོམ་པའི་ཐོག་མར་རོ། །ཉིན་རེ་ཞིང་ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང་ངོ་། །དུས་བཞིན་དུ་ཞེས་བྱ་བ་ནི་སྔ་དྲོ་དང་ཉི་མ་ཕྱེད་དང་། ཕྱི་དྲོ་དང་། མཚན་ཕྱེད་ནའོ། །རང་ལ་བྱིན་རླབས་སོགས་དེ་བཞིན། །ཞེས་བྱ་བ་ནི། འདིའི་འོག་
དང་རྒྱུད་གཞན་ལས་ཇི་སྐད་བཤད་པ་ལྟ་བུས་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་བྱ་བ་ཉིད་ཡིན་གྱི། མ་བྱས་པ་ནི་མ་ཡིན་ནོ། །ཐམས་ཅད་བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནི་བཟླས་པ་དང་བསྒོམས་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྐྱེད་པར་བྱའོ། །དེའི་འོག་ཏུ་
เล่ม ๕๗ · หน้า 147b
ཅི་དགར་བྱ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པ་དང་། བཟླས་པས་དུབ་ན་ངལ་བསོ་ཞིང་ཕྱག་རྒྱ་མ་བཅིངས་པར་ཡང་བཟླས་པ་དང་བསྒོམ་པ་བྱ་བའོ། །དེ་ནས་སྐྱོ་ཞིང་དུབ་པ་དང་བྲལ་བ་ན་སླར་ཡང་ཕྱག་རྒྱ་བཅིངས་ལ་བཟླས་པ་དང་བསྒོམ་པ་བྱ་བའོ། །
འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་དཀྱིལ་འཁོར་གྱི་བརྟུལ་ཞུགས་རྫོགས་པར་བྱེད་པར་འདོད་ན་དེའི་ཚེ་བདག་ཉིད་བསྲུང་བ་བྱས་ལ། ཁྲུས་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་བར་བྱའོ། །དེ་ནས་དེ་
བཞིན་གཤེགས་པའི་རྣལ་འབྱོར་པས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་བསྐྱེད་དེ། དེའི་རིགས་ཀྱི་རྣལ་འབྱོར་པས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུར་བསམས་ཏེ། སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་རང་གི་རྣལ་འབྱོར་བསྒོམས་ཏེ་བདག་ཉིད་
རྫོགས་པར་བྱས་ལ་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ནས་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གར་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་དང་མཉམ་པའི་ཟླ་བའི་དཀྱིལ་འཁོར་བསམས་ལ། རྡོ་རྗེ་རྒྱུའི་ཕྱག་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་
པོ་སྤྲུལ་ནས། བདག་ཉིད་རྡོ་རྗེ་སེམས་དཔར་བསམས་ཏེ། འཇུག་པའི་ཆོ་གས་ཞུགས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་བྱའོ། །འདི་ནི་འདིར་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་དེ་ནས་དེའི་རྗེས་ལ་རང་གི་ལུས་ལ་ལྷ་ཐམས་ཅད་བཅུག་སྟེ།
རང་གི་གནས་སུ་བཀོད་ལ། ཕྱག་རྒྱ་བཞིས་རྒྱས་གདབ་པ་བྱས་ནས་བྱིན་གྱིས་བརླབས་ལ་དབང་བསྐུར་ནས། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ་ཐམས་ཅད་ཀྱི་སྔགས་རེ་རེ་ཞིང་ཡང་བཟླས་བརྗོད་འབུམ་བྱའོ། །གལ་ཏེ་བསྒོམ་པར་འདོད་ན་དེ་བཞིན་དུ་ལྷ་ཐམས་
ཅད་རང་གི་ལུས་ལ་བཅུག་སྟེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཡང་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གར་ཞུགས་ཏེ། དེ་བཞིན་དུ་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྤྲུལ་ནས། ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལས་གསུངས་
เล่ม ๕๗ · หน้า 148a
པའི་སྙིང་པོ་ལྔས་ལྷ་ཐམས་ཅད་ཀྱི་གཟུགས་སུ་སྤྲུལ་ལ། རང་རང་གི་གནས་སུ་གཞག་པར་བྱའོ། །ཨོཾ་བཛྲ་དྷཱ་ཏུ་སཏྭ་བཛྲི། རཏྣ་བཛྲི། དྷརྨྨ་བཛྲི། ཀརྨ་བཛྲི། ཨོཾ་བཛྲ་སཏྭ་ཧཱུཾ། བཛྲ་སཏྭ། བཛྲ་རཱ་ཛ། བཛྲ་རཱ་ག །བཛྲ་སཱ་དྷུ། ཨོཾ་བཛྲ་རཏྣ་
ཧཱུཾ། བཛྲ་རཏྣ། བཛྲ་ཏེ་ཛ། བཛྲ་ཀེ་ཏུ། བཛྲ་ཧ་ས། ཨོཾ་བཛྲ་དྷརྨྨ་ཧཱུཾ། བཛྲ་དྷརྨ། བཛྲ་ཏཱིཀྵྞ། བཛྲ་ཧེ་ཏུ། བཛྲ་བྷ་ཥ། ཨོཾ་བཛྲ་ཀརྨྨ་ཧཱུཾ། བཛྲ་ཀརྨྨ། བཛྲ་རཀྵ། བཛྲ་ཡཀྵ། བཛྲ་སནྡྷི། བཛྲ་ལཱ་སྱེ། བཛྲ་མཱ་ལེ། བཛྲ་གཱི་ཏི། བཛྲ་ནིརྟི། བཛྲ་དྷཱུ་པེ། བཛྲ་པུཥྤེ། བཛྲ་
ཨཱ་ལོ་ཀེ། བཛྲ་གནྡྷེ། བཛྲ་ཨཾ་ཀུ་ཤ བཛྲ་པཱ་ཤ །བཛྲ་སྥོ་ཊ། བཛྲ་ཨཱ་བེ་ཤ་ཞེས་བྱ་བའི་ཚིག་ཙམ་ཉིད་ཀྱིས་ཐམས་ཅད་རང་རང་གི་གནས་སུ་བཀོད་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང་བདག་ཉིད་མི་ཕྱེད་པར་བསྒོམ་མོ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ་ཞེས་བྱ་བས་ནི་ཆོས་
ཐམས་ཅད་བདག་མེད་པར་རོ། །ཨོཾ་སརྦ་ས་མོ྅ཧཾ་ཞེས་ཟློས་ཤིང་བདག་མེད་པའི་མཉམ་པ་ཉིད་ཀྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཐམས་ཅད་དང་བདག་ཉིད་མཉམ་པར་བསམ་པར་བྱའོ། །དེ་ནས་བདག་ནི་རང་ཉིད་རྡོ་རྗེ་དབྱིངས་ཡིན་ནོ་ཞེས། རྡོ་རྗེ་དབྱིངས་
ཀྱི་དཀྱིལ་འཁོར་ཆེན་པོའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་བཛྲ་སཏྭ་ཞེས་ཟློས་ཤིང་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་བདག་ཉིད་བསྒོམས་ལ། ལྷ་ཐམས་ཅད་ཀྱི་ཞལ་ནས་བཛྲ་སཏྭ་ཞེས་བྱ་བའི་སྒྲ་འབྱུང་བར་ལྷག་པར་མོས་པར་བྱ་སྟེ། དེ་ལྟ་བུས་ནི་
ཐམས་ཅད་བཟླས་པར་འགྱུར་རོ། །དེ་ལྟར་ཇི་སྲིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ། །ཡང་ན་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བས་ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་བསྒོམ་པར་
བྱའོ། །སློབ་དཔོན་གྱི་དབང་དུ་བྱས་པའོ། །སློབ་མའི་དབང་དུ་བྱས་པ་ལ་ནི། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་འདི་ལྟར་ཤེས་པར་བྱ་སྟེ། བདག་བསྲུང་བ་དང་། ཆུའི་ཁྲུས་དང་། ཡང་བདག་བསྲུང་བ་དང་། གནས་བསྲུང་བ་ཡང་བྱས་ལ། རང་གི་ལྷ་མདུན་
เล่ม ๕๗ · หน้า 148b
དུ་བཞུགས་སུ་གསོལ་ཏེ། ཕྱག་བྱ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་དང་། ཡོངས་སུ་བསྔོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྗེས་སུ་སྤྱད་ལ།
རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིངས་ཏེ། རྡོ་རྗེ་ཐལ་མོ་སྙིང་གར་དྲལ་ལ། རྡོ་རྗེ་དབབ་པ་བསྐྱེད་དེ། བརྟན་པར་བྱས་ནས་བདག་མེད་པར་བསྒོམ་པ་དང་། ཟླ་བའི་དཀྱིལ་འཁོར་ལ་སོགས་པ་སྔ་མ་བཞིན་དུ་བསྒོམས་ཏེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིང་
བར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་དུ་བཅུག་སྟེ། ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱས་ནས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་ཡིད་ཀྱིས་ལེགས་པའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་
ཀྱིས་རབ་ཏུ་བསྒྲུབས་ནས། རང་གི་ལྷ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ། རིགས་ཀྱི་དམ་ཚིག་གིས་བདག་ཉིད་བྱིན་གྱིས་བརླབས་ཏེ། རང་གི་རིགས་ཀྱི་དབང་བསྐུར་བས་དབང་བསྐུར་ནས་སྒེག་མོ་ལ་སོགས་པ། གསང་
བའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། རང་གི་ཕྱག་རྒྱ་ཆེན་པོ་ལེགས་པར་བསྒོམས་ལ། བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པས་རང་གི་ལྷའི་སྔགས་ཟློས་ཤིང་ལོ་གཅིག་གི་བར་དུ་ཉིན་རེ་ཞིང་ཐུན་བཞིར་བསྒོམ་པར་བྱའོ། །
སློབ་མའི་དབང་དུ་བྱས་པའོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་རྟོག་པ་ཐམས་ཅད་ཀྱི་སྒྲུབ་པ་དང་གྲུབ་པའི་ལས་རྣམ་པར་འགྲེལ་ཏེ། ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་རྣམས་ཀྱི་བསྒྲུབ་པ་ནི་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ཏུ་
གྱུར་པར་ལྷག་པར་མོས་པའོ། །དེའི་དོན་གྱི་ཆོ་ག་རྒྱས་པ་ནི། རྡོ་རྗེ་ཐལ་མོ་ནས་བརྩམས་ཏེ། ས་མ་ཡ་སྟྭཾ་ས་མ་ཡ་ཨ་ཧཾ་ཞེས་བརྗོད་ཅེས་བྱ་བའི་བར་དུའོ། །རྡོ་རྗེ་དབབ་པ་བྱས་ནས་ནི། །ཞེས་བྱ་བ་ནི་བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་
เล่ม ๕๗ · หน้า 149a
བཅིངས་ལ། ཨཿཞེས་བྱ་བས་རྡོ་རྗེ་རང་གི་སྙིང་གར་གཞུག་གོ། །ཕྱག་རྒྱ་ཆེན་པོའི་ཆོ་ག་བཞིན། །ཞེས་བྱ་བ་ནི་ཆོ་ག་བཞིན་ཞེས་བྱ་བའི་སྒྲས་གནས་གསུམ་དུ་བལྟ་བར་བྱ་སྟེ། ཆོ་ག་བཞིན་དུ་རྡོ་རྗེ་དབབ་པ་བྱས་ནས། ཆོ་ག་བཞིན་དུ་ཕྱག་རྒྱ་ཆེན་པོ་བཅིངས་
ཏེ། ཆོ་ག་བཞིན་དུ་མདུན་དུ་སེམས་དཔའ་ཆེན་པོ་དེ་བསྒོམ་མོ། །དེ་ཡང་གང་གི་ཕྱིར་དང་པོ་ཁོ་ནར་རྡོ་རྗེ་དབབ་པ་བསྐྱེད་པར་འདོད་པས། རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་བཅིངས་ལ། རང་གི་སྙིང་གར་རྡོ་རྗེ་བསྡམས་པ་ལས་སོར་མོ་དྲལ་བར་བྱས་ནས། རྡོ་རྗེ་འབེབས་
པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བདག་ཉིད་ལ་དབབ་པར་བྱའོ་ཞེས་བཤད་དོ། །དེ་བས་ན་རིམ་པ་འདིས་རྡོ་རྗེ་དབབ་པ་ཆོ་ག་བཞིན་དུ་བསྐྱེད་པ་ཡིན་ནོ། །དེ་ནས་ཆོས་བདག་མེད་པའི་སྦྱོར་བ་ནས་བརྩམས་ཏེ། སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བའི་མཐར་ཐུག་
པའི་ཆོ་ག་རྗེས་སུ་སྤྱད་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་། སེམས་དཔའ་ཆེན་པོ་རྗེས་སུ་དྲན་པའི་སྙིང་པོ་འདི་བརྗོད་པར་བྱ་སྟེ། མ་ཧཱ་ས་མ་ཡ་སཏྭ་ཧཾ། ས་མ་ཡོ྅ཧཾ། ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་བྱིན་གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོ་བཅིང་བར་
བྱ་སྟེ། དེ་ལྟར་ན་འདི་ནི་ཆོ་ག་བཞིན་ཕྱག་རྒྱ་ཆེན་པོ་བཅིངས་པ་ཡིན་ནོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཛྲ་སཏྭ་ཨཿཞེས་བྱ་བས་མདུན་དུ་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་དབབ་པར་བྱའོ། །བཛྲ་ཧཾ་ཞེས་བྱ་བས་ང་རྒྱལ་བསྐྱེད་ལ་རྡོ་རྗེ་ཉིད་བཛྲ་སཏྭ་ཧཾ་ཞེས་བྱ་བས་རྡོ་རྗེ་སེམས་
དཔར་བདག་ཉིད་བསྒོམ་པར་བྱ་བ་སྟེ། འདི་ནི་ཆོ་ག་བཞིན་ཞེས་བྱ་བའི་སྒྲ་གསུམ་པའི་དོན་ཡིན་ནོ། །ཆོ་ག་འདི་ཡང་ཇི་ལྟར་གནས་པ་དེ་བཞིན་དུ་འདིའི་འོག་ནས་བཤད་པར་བྱའོ། །དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱི་མདུན་
དུ་བསྒོམས་ལ་དེ་ཉིད་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ཏེ། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བཛྲ་སཏྭ་དྲྀ་ཤྱ་ཞེས་པས་བསྐུལ་བར་བྱའོ། །དེ་ནས་བསྐུལ་བའི་རྗེས་ཐོགས་
เล่ม ๕๗ · หน้า 149b
ཉིད་ལ་སྒྲུབ་པ་པོ་འདི་ལ་མཐོང་བ་སྩལ་བར་འགྱུར་ཏེ། གང་གི་ཕྱིར་ཡེ་ཤེས་སེམས་དཔའ་དེ་མཐོང་ནས་ཞེས་གསུངས་པ་ཡིན་ནོ། །ཡེ་ཤེས་ཀྱི་རང་བཞིན་གྱི་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་ཡིན་པའམ། ཡེ་ཤེས་དང་ལྡན་པའི་སེམས་དཔའ་ནི་ཡེ་ཤེས་སེམས་
དཔའ་ཡིན་གྱི་ཡེ་ཤེས་ཀྱིས་གཞག་པའི་སེམས་དཔའ་ནི་ཤིན་ཏུ་ཐལ་ཆེས་པས་ཡེ་ཤེས་སེམས་དཔའ་མ་ཡིན་ཏེ། བདག་ཉིད་ཀྱི་རྒྱུད་ལས་ཀྱང་བསྒོམས་པའི་ཡེ་ཤེས་ཀྱིས་གཞག་ཏུ་རུང་བའི་ཕྱིར། ཡེ་ཤེས་སེམས་དཔའ་མ་ཡིན་པར་འགའ་ཡང་མི་འགྱུར་རོ། །རང་
གི་ལུས་སུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་རང་གི་ལུས་སུ་རབ་ཏུ་བསྒོམ་པར་བྱའོ། །འདི་སྐད་སྟོན་ཏེ། བལྟས་པས་མདུན་ན་བཞུགས་པའི་རྡོ་རྗེ་སེམས་དཔའ་བདག་ཉིད་གཟུགས་བརྙན་གྱི་བདག་ཉིད་ཀྱིས་རྡོ་རྗེ་སེམས་དཔར་འགྱུར་བར་བསམས་ལ། གཞུག་པ་དང་། བཅིང་བ་དང་། དབང་དུ་
བྱས་ནས་བསྒྲུབ་པར་བྱའོ། །དགུག་པ་ལ་སོགས་པ་འདི་དག་མདུན་གྱི་ལྷ་ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་སྦྱར་བར་བྱའོ། །དེ་ཡང་རང་གི་ལུས་ལ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པར་བྱས་ལ་བསྒྲུབ་པར་བྱའོ་ཞེས་གསུངས་
པ་ཡིན་ནོ། །ས་མ་ཡ་སྟྭཾ་ཞེས་བྱ་བ་དང་། དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ། ཡང་ས་མ་ཡ་སྟྭཾ་ཨ་ཧཾ་བཛྲ་སཏྭ་ཞེས་ཀྱང་ཟློས་ཤིང་། དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་གནས་ལ་འོག་ནས་བཤད་པའི་ཚུལ་གྱིས་གཅིག་ཏུ་གྱུར་པར་ལྷག་པར་མོས་པར་
བྱའོ། །དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ་ཞེས་བྱ་བ་ནི་རྡོ་རྗེ་དབབ་པ་ལ་སོགས་པའིའོ། །བཛྲ་སཏྭ་ཨཿཞེས་བྱ་བ་ནི་རྡོ་རྗེ་དབབ་པའི་སྙིང་པོའོ། །བཛྲ་སཏྭ་དྲྀ་ཤྱ་ཞེས་བྱ་བ་ནི་སེམས་དཔའ་ཆེན་པོ་རྗེས་སུ་དྲན་པའི་སྙིང་པོའོ། །ཛཿཧཱུཾ་བཾ་ཧོཿནི་སེམས་དཔའ་ཆེན་པོ་སྤྱན་དྲང་བ་དང་།
གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་རྣམས་ཀྱི་སྙིང་པོའོ་ཞེས་བྱ་བ་དང་ས་མ་ཡ་སྟྭཾ་ཞེས་བརྗོད་པས། རྒྱབ་ཏུ་ཟླ་བ་གྲུབ་ནས་ནི། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ། ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་བཅུག་
เล่ม ๕๗ · หน้า 150a
ལ། ས་མ་ཡ་སྟྭཾ་ཞེས་བྱ་བས་བསྐུལ་བར་བྱ་སྟེ། འདས་པར་མི་བྱ་བའི་དོན་ནི་ས་མ་ཡ་ཞེས་བྱ་བའི་སྒྲས་བཤད་ཀྱི། འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཚུལ་ལ་བྱ་བར་མི་འདོད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་
པོའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱ་དམ་ཚིག་ཡིན་པར་བཤད། །ཡིད་ཀྱིས་གཟུགས་ནི་བརྟན་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །དེས་ན་འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་
སེམས་དཔའ་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སྐུའི་རང་བཞིན་ཁྱེད་ནི་དམ་ཚིག་ཡིན་གྱི་འཁོར་བ་ལ་གནས་པ་གཞན་དག་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་སེམས་ནི་འདོད་ཆགས་ཆེན་པོ་སྟེ། འདི་ནི་ལྷ་ཡིན་ནོ་ཞེས་གསུངས་པས་སོ། །རྒྱབ་ཏུ་ཟླ་བ་བསྒྲུབས་ནས་
ནི། །ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར་དུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་བསྐྱེད་པའམ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྐད་ཀྱི་དབྱིངས་ནི་དོན་དུ་མ་དང་ལྡན་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེར་བདག་སེམས་དཔའི་ལུས་སུ་བསྒོམ། །ཞེས་བྱ་བ་ནི་རང་གི་ལུས་ཀྱི་ནང་
དུ་ཆུད་པའི་སེམས་དཔའ་དེར་བདག་ཉིད་བསྒོམ་པ་ནི། དེ་དང་ལྷན་ཅིག་ཏུ་ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར་པར་བསྒོམ་པར་བྱ་སྟེ། སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །ཇི་སྐད་བརྗོད་ཅིང་ཞེ་ན། ས་མ་ཡ་སྟྭཾ་ཨ་ཧཾ་བརྗོད་ཅེས་བྱ་བ་སྟེ། ས་མ་ཡ་སྟྭཾ་ནི་བཤད་ཟིན་ཏོ། །
དེས་ན་འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་དམ་ཚིག་གི་ཚུལ་ཁྱེད་གང་ཡིན་པ་དེ་ནི་བདག་ཡིན་ལ་བདག་གང་ཡིན་པ་དེ་ནི་སེམས་དཔའ་ཡིན་ནོ་ཞེས་བྱ་བ་སྟེ། འདིས་ནི་བཅོམ་ལྡན་འདས་དང་ལྷན་ཅིག་གཅིག་ཏུ་གྱུར་པར་ལྷག་པར་མོས་པར་བསྒྲུབས་པས་བསྒོམ་པའི་རབ་ཀྱི་
མཐར་ཐུག་པ་ལས་བྱུང་བ་ཕྱག་རྒྱ་ཆེན་པོ་གྲུབ་པ་ཡིན་ཞེས་བྱ་བ་འདི་ཡང་སྟོན་པ་ཡིན་ནོ། །ད་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར་སེམས་དཔའ་གང་གི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སེམས་དཔའ་གང་གི་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོ་ལ་
เล่ม ๕๗ · หน้า 150b
སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱིའོ། །ཕྱག་རྒྱ་གང་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུའི་མཚན་མའི་ཕྱག་རྒྱ་ནི་རྡོ་རྗེ་རྒྱལ་པོའིའོ་ཞེས་བྱ་བ་ནས་རྡོ་རྗེ་དྲིལ་བུ་ནི་རྡོ་རྗེ་འབེབས་པའིའོ་ཞེས་བྱ་བའི་བར་དུའོ། །དེ་ནི་བདག་ཏུ་བསྒོམས་ནས་ཀྱང་། །ཞེས་བྱ་བ་ནི་བཛྲ་ཨཾ་ཀུ་ཤོ྅ཧཾ་ཞེས་
བྱ་བ་ནས། བཛྲ་གྷཎྚོ྅ཧཾ་ཞེས་བྱ་བའི་བར་དུའོ། །ཡང་མཚན་མའི་ཕྱག་རྒྱ་དེ་དག་ཀྱང་བཛྲ་ར་ཛོ྅ཧཾ་ཞེས་བྱ་བ་ནས། བཛྲ་ཨཱ་བེ་ཤོ྅ཧཾ་ཞེས་བྱ་བའི་བར་དུ་བསྒོམ་པར་བྱ་སྟེ། འདི་དག་གི་བསྒྲུབ་པར་བྱ་བ་དང་། དངོས་གྲུབ་ནི་སྔ་མ་བཞིན་ནོ། །འདིར་ཕྱག་རྒྱ་ཆེན་པོ་
བསྒོམ་པ་ནི་སྔགས་བཟླས་པ་དང་བཅས་པས་བྱའོ་ཞེས་བསྟན་པའི་ཕྱིར། རྡོ་རྗེའི་བཟླས་པས་བསྒྲུབ་པར་བྱ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། འདིར་འོག་ནས་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེའི་བཟླས་པས་སྔགས་ཐམས་ཅད་བཟླས་པར་བྱ་ཞིང་གཞན་དུ་མ་གྱུར་པས་
བསྒོམ་པར་བྱའོ་ཞེས་སྟོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། བཛྲ་རཱ་ཛ་ཞེས་ཟློས་ཤིད་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་རོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་
གཉིས་པ་སྟེ། དེ་དག་ཀྱང་རྡོ་རྗེ་རྒྱལ་པོའི་སྙིང་པོ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པ་དེ་ཉིད། བཛྲ་རཱ་ཛ་ཞེས་བརྗོད་དེ། རྡོ་རྗེ་ལྕགས་ཀྱུ་དེའི་དབུས་སུ་བཛྲ་རཱ་ཛ་ཞེས་བྱ་བ་བཀོད་ལ་བཛྲ་ཨཾ་ཀུ་ཤོ྅ཧཾ་ཞེས་ང་རྒྱལ་བསྐྱེད་དེ། རྡོ་རྗེ་ལྕགས་ཀྱུ་དེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་
བས་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམས་ནས། རྡོ་རྗེ་སེམས་དཔའ་དེ་ཉིད་བཛྲ་རཱ་ཛ་ཞེས་བྱ་བས་རྡོ་རྗེ་རྒྱལ་པོར་བདག་ཉིད་བསྒོམས་ནས། མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བརྗོད་ལ། ས་མ་ཡོ྅ཧཾ་ཞེས་བྱ་བས་རྡོ་རྗེ་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་དམ་
ཚིག་གི་ཕྱག་རྒྱ་དེ་ཉིད་དང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས། བདག་ཉིད་བྱིན་གྱིས་བརླབས་ནས་རྡོ་རྗེ་ལྕགས་ཀྱུ་ཐོགས་ལ་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་ཤིང་སྐུ་གསུང་ཐུགས་རྡོ་རྗེ་རྒྱལ་པོར་བདག་ཉིད་བསྐྱེད་ནས། བཛྲ་རཱ་ཛ་ཨཿཞེས་བྱ་བས་མདུན་དུ་
เล่ม ๕๗ · หน้า 151a
ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རྡོ་རྗེ་ལྕགས་ཀྱུ་སྤྲུལ་ལ། བཛྲ་ཨཾ་ཀུ་ཤོ྅ཧཾ་ཞེས་བྱ་བས་ང་རྒྱལ་བསྐྱེད་དེ། དེ་ཉིད་བཛྲ་རཱ་ཛོ྅ཧཾ་ཞེས་བྱ་བས་རྡོ་རྗེ་རྒྱལ་པོར་རྣམ་པར་བསམས་ཏེ། དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དེ་དགུག་པ་དང་། གཞུག་པ་དང་།
བཅིང་བ་དང་། དབང་དུ་བྱས་ལ་དེའི་དམ་ཚིག་གི་ཕྱག་རྒྱ་དང་། བཛྲ་རཱ་ཛ་དྲྀ་ཤྱ་ཞེས་བྱ་བས་བལྟ་བར་བྱས་ལ། ཕྱག་རྒྱ་དེ་ཉིད་དང་ཛཿཧཱུཾ་བཾ་ཧོཿཞེས་ཟློས་ཤིང་རང་གི་ལུས་ལ་གཞུག་པར་བྱའོ། །ཡང་དེ་ཉིད་དང་ས་མ་ཡ་སྟྭཾ་ཞེས་ཟློས་ཤིང་རྒྱབ་ཏུ་ཟླ་བ་བསམ་པར་བྱ་སྟེ། ས་མ་
ཡ་སྟྭ་ཞེས་བརྗོད་པས། །རྒྱབ་ཏུ་ཟླ་བ་གྲུབ་ནས་ནི། །དེར་བདག་སེམས་དཔའི་ལུས་སུ་བསྒོམ། །ས་མ་ཡ་སྟྭཾ་ཨ་ཧཾ་བརྗོད། །བཛྲ་རཱ་ཛ་ཞེས་ཀྱང་བརྗོད་དོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་དུ་བསྒྲུབ་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས། ལུས་ལ་སངས་རྒྱས་ཀུན་
གཞུག་གོ། །ཞེས་བྱ་བ་ནི་དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒྲུབས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིངས་ལ་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་རང་གི་ལུས་ལ་བྱེ་མ་ལ་བུམ་པའི་ཆུ་རྒྱུན་བླུགས་པ་ལྟར་སངས་རྒྱས་ཐམས་ཅད་གཞུག་པར་
བྱའོ། །ཇི་ལྟར་གཞུག་པར་བྱ་ཞེ་ན། ལེགས་པའི་ཆོ་ག་ཡིད་ཀྱིས་ནི། །ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་གཞུག་པའི་རྣམ་པར་ལེགས་པར་མཉམ་པར་གཞག་པའི་སྦྱོར་བས་ཡིད་ཀྱིས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པར་བྱའོ་
ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་སྒྲུབ་པ་ཆེན་པོ་ནི། །ཞེས་བྱ་བ་ནི་སྔར་གྱི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་ལྟོས་ནས། འདི་ནི་དེ་བཞིན་གཤེགས་པ་ཚད་མེད་པ་བཅུག་པའི་སྦྱོར་བས། ཚད་མེད་པས་ཆེ་བའི་སྒྲུབ་པ་གཉིས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་
ཟློས་པ་པོས་ནི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སྒྲུབ་པ་ཆེན་པོ་ཁོ་ན་བྱའི་ཅིག་ཤོས་ནི་མ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ་རྡོ་རྗེ་དབྱིངས་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་ཡང་བཅིངས་ཏེ། རེ་
เล่ม ๕๗ · หน้า 151b
རེ་ཞིང་འདི་སྐད་ཅེས་བརྗོད་དོ། །བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ། བཛྲ་དྷཱ་ཏུ། དེ་ནས་ལྕེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ཏེ། བཛྲ་ཛི་ཧྭ་ཞེས་བྱ་བས་བྱིན་གྱིས་བརླབས་ལ། རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེེབས་
པའི་བར་གྱིས་ལྗགས་ལ་རང་རང་གི་ཆོས་ཀྱི་ཕྱག་རྒྱ་བསམ་པར་བྱའོ། །དེ་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡང་དེ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ལ། རང་རང་གི་བྱིན་གྱིས་
བརླབ་པའི་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབས་ལ། རང་རང་གི་དབང་བསྐུར་བས་དབང་བསྐུར་ཏེ། རང་གི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། བཟླས་པའི་དོན་གྱིས་བསྒོམ་པ་བྱས་ཏེ། འདི་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ལྟར་རང་གི་སློབ་མ་རྣམས་
ཀྱིས་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་བཤད་ནས་སློབ་དཔོན་རྣམས་ཀྱིས་དཀྱིལ་འཁོར་བསྒྲུབ་པ་དང་། རང་གི་ལྷ་བསྒྲུབ་པའི་རྣལ་འབྱོར་ཆེན་པོའི་ཆོ་ག་བརྗོད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། དེའི་ཕྱག་རྒྱ་ཆེན་པོ་བཅིངས་
ཏེ། དེ་ཉིད་ཀྱི་ཐུགས་ཀར་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི་བར་དུ་རྗེས་སུ་སྤྱད་ནས། ཡང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ། ས་མ་ཡ་ཨཿཞེས་བརྗོད་ཅིང་ཟླ་བའི་དཀྱིལ་འཁོར་
བསྐྱེད་ནས་རང་གི་གནས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསམས་ལ། ཡིད་ཀྱིས་འདུག་སྟེ། རང་གི་ལུས་ལས་ཕྱི་རོལ་དུ་བཛྲ་སཏྭ་ཨཿཞེས་བྱ་བས་མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སྤྲུལ་ལ། བཛྲོ྅ཧཾ་ཞེས་
བྱ་བས་རྡོ་རྗེའི་ང་རྒྱལ་བསྒོམས་ཏེ། རྡོ་རྗེ་དེ་ཉིད་བཛྲ་སཏྭ་ཧཾ་ཞེས་བྱ་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རང་གི་གནས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཆེན་པོ་བསམས་ལ། ཡིད་ཀྱིས་འདུག་སྟེ། རང་
เล่ม ๕๗ · หน้า 152a
གི་ལུས་ལས་ཕྱི་རོལ་དུ་བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བས་མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དྲིལ་བུ་སྤྲུལ་ལ་བཛྲ་གྷཎྚོ྅ཧཾ་ཞེས་བྱ་བས་རྡོ་རྗེ་དྲིལ་བུའི་ང་རྒྱལ་བསྒོམ་སྟེ་བཛྲ་ཨཱ་བེ་ཤོ྅ཧཾ་ཞེས་བྱ་བས་རྡོ་རྗེ་འབེབས་པར་བདག་ཉིད་བསྐྱེད་པའོ། །དེ་ནས་
དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་དུ་མདུན་དུ་བསམས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། དེ་རྣམས་ཀྱི་དམ་ཚིག་གི་
ཕྱག་རྒྱ་རྣམས་ཀྱིས་དང་པོར་བལྟ་བ་བྱས་ནས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་རང་གི་གནས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པའི་སྐུ་ལ་བཅུག་ལ། ས་མ་ཡ་སྟྭཾ་ཞེས་བྱ་བས་འོད་ཀྱི་དཀྱིལ་འཁོར་བསྐྱེད་དེ། ས་མ་ཡ་སྟྭཾ་ཨ་ཧཾ་བཛྲ་སཏྭ་ཞེས་བརྗོད་པ་
ནས། ཇི་སྲིད་ས་མ་ཡ་སྟྭཾ་ཨ་ཧཾ་བཛྲ་ཨ་བེ་ཤ་ཞེས་བྱ་བའི་བར་དུ་བརྗོད་ལ། དེ་རྣམས་དང་ལྷན་ཅིག་ཏུ་ཆུ་དང་འོ་མ་ལྟར་ཐ་མི་དད་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་ལ་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། ཡིད་ཀྱིས་ལེགས་པའི་
སྦྱོར་བས་རྟེན་དང་བརྟེན་པའི་ལྷ་ཐམས་ཅད་ཀྱི་སྐུ་ལ་དེ་བཞིན་གཤེགས་པ་རྣམས་བཅུག་སྟེ། སྔ་མ་བཞིན་དུ་རབ་ཏུ་བསྒྲུབས་ལ། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་སྟེ། ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་རིགས་ཀྱི་ཕྱག་རྒྱ་བཞིས་བྱིན་གྱིས་
བརླབས་ལ། དེ་བཞིན་གཤེགས་པ་རྣམས་རང་གི་བྱིན་གྱི་རླབས་པས་བྱིན་གྱིས་བརླབས་ཏེ་སྔ་མ་བཞིན་དུ་དབང་བསྐུར་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས། ཕྱག་རྒྱ་བཞི་བྱས་ལ་དེ་བཞིན་དུ་བཟླས་བརྗོད་དང་བསྒོམ་པར་བྱ་བའོ། །དེ་བཞིན་དུ་རྣམ་པར་སྣང་
མཛད་ཀྱི་རྣལ་འབྱོར་པས་ཀྱང་རྣལ་འབྱོར་ཆེན་པོ་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དེ་ལ་གནས་ཀྱི་ངེས་པ་ནི་འདི་ཡིན་ཏེ། རྣལ་འབྱོར་པའི་སྙིང་གའི་ཟླ་བར་མདུན་དུ་རྡོ་རྗེ་སེམས་དཔའ། གཡས་ལོགས་སུ་རྡོ་རྗེ་རྒྱལ་པོ། གཡོན་ལོགས་སུ་རྡོ་རྗེ་ཆགས་པ། རྒྱབ་
เล่ม ๕๗ · หน้า 152b
ཏུ་རྡོ་རྗེ་ལེགས་པ། དཔྲལ་བར་རྡོ་རྗེ་རིན་ཆེན། མགོ་བོའི་རྒྱབ་ཏུ་ཉི་མ། ཕྲག་པ་གཉིས་སུ་དབལ། སོའི་ཕྲེང་བ་གཉིས་སུ་བཞད་པ། ལྐོག་མར་ཆོས། ནུ་མ་གཉིས་ཀྱི་བར་དུ་རྣོན་པོ། ལྟེ་བར་རྒྱུ། ལྕེ་ལ་སྨྲ་བ། སྤྱི་བོར་ལས། ནམ་ཚོང་གཉིས་སུ་རྡོ་རྗེ་སྲུང་བ། ཁར་
གནོད་སྦྱིན། དཀུར་ཁུ་ཚུར་རོ། །སྙིང་ག་དང་། སྨིན་མཚམས་དང་། ལྐོག་མ་དང་། སྤྱི་བོར་སེམས་མ་རྡོ་རྗེ་མ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཡོན་ལོགས་སུ་སྒེག་མོ་ལ་སོགས་པའོ། །ཡང་རྣལ་འབྱོར་པའི་མདོམས་ཀྱི་གསང་བར་བདུག་པ་
མ། མགོར་མེ་ཏོག་མ། མིག་གཉིས་སུ་མར་མེ་མ། ནུ་མ་དང་བྲང་དང་སྙིང་གར་བྱུག་པ་མ། བརླ་གཡས་པར་རྡོ་རྗེ་ལྕགས་ཀྱུ། བརླ་གཡོན་པར་རྡོ་རྗེ་ཞགས་པ། བྱིན་པ་གཡས་པར་ལྕགས་སྒྲོག །བྱིན་པ་གཡོན་པར་འབེབས་པའོ། །དེ་བཞིན་གཤེགས་པ་རྣམས་ནི་ལུས་
ཐམས་ཅད་ལ་ཁྱབ་པར་བཞུགས་པ་ཡིན་ནོ། །རིགས་རིགས་སུ་ངེས་པ་ཁོ་ནར་དཀྱིལ་འཁོར་བྲི་བ་ན། རང་གི་འཁོར་ལོས་སྒྱུར་བའི་སྦྱོར་བ་བྱས་ལ། རྣལ་འབྱོར་ཆེན་པོ་དང་ལྡན་པས་བྱའི། གཞན་དུ་ན་དཀྱིལ་འཁོར་འགྲུབ་པར་མི་འགྱུར་ཏེ། བཅོམ་ལྡན་འདས་
ཀྱིས་དེ་བས་འབད་པ་ཐམས་ཅད་ཀྱིས། །རྣལ་འབྱོར་ཆེན་པོ་བརྩམ་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་འདི་དག་གི་ལས་བཤད་དེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཕྱག་རྒྱ་ཆེན་པོ་ཇི་སྐད་དུ་བཤད་པའི་བསྒྲུབས་པས་གྲུབ་པ་རྣམས་ཀྱི་གང་གིས་
གང་འགྲུབ་པ་སྟེ། སངས་རྒྱས་ཉིད་ལ་སོགས་པའི་ཚུལ་འབྲས་བུ་ཡིན་ལ། དེའི་ཕྱག་རྒྱའི་ལས་དེ་བཤད་པའོ། །དེ་ཇི་ལྟ་བུ་ཞེ་ན། རྡོ་རྗེའི་ལས་ཞེས་བྱ་བ་གསུངས་ཏེ། མི་ཕྱེད་པའི་ལས་ནི་རྡོ་རྗེའི་ལས་སོ། །དེ་ཉིད་ཀྱིས་ན་གོང་ན་གཞན་མེད་ཅིང་མཆོག་ཏུ་གྱུར་
པས་ན་བླ་ན་མེད་པའོ། །སངས་རྒྱས་རྗེས་སུ་དྲན་གྲུབ་ན། །སངས་རྒྱས་ཉིད་དུ་མྱུར་དུ་འགྱུར། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི། སངས་རྒྱས་རྗེས་སུ་དྲན་པ་སྟེ། དེས་ན་གང་གི་ཚེ་དེ་བཞིན་གཤེགས་པ་དང་འདྲ་བར་འགྲུབ་པར་
เล่ม ๕๗ · หน้า 153a
གྱུར་པ་དེའི་ཚེ། སངས་རྒྱས་རྗེས་སུ་དྲན་པ་གྲུབ་པ་ཞེས་བྱའོ། །དེས་དེ་ཡང་དག་པར་གྲུབ་ན་སངས་རྒྱས་ཉིད་དུ་འགྱུར་བ་སྟེ། ཚེ་དེ་ཉིད་ལ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །སེམས་དཔའི་རྡོ་རྗེ་མ་གྲུབ་ན། །ཕྱག་རྒྱ་ཀུན་གྱི་བདག་པོར་འགྱུར། །ཞེས་
བྱ་བ་ནི་རྡོ་རྗེ་སེམས་དཔའི་གཟུགས་སུ་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་ཆེན་པོ་དེ་རྡོ་རྗེ་བསྙེམས་པ་དང་འདྲ་བར་བསྒོམས་པ་དེས་དེ་དང་འདྲ་ཞིང་གང་གི་ཚེ་འགྲུབ་པར་གྱུར་པ་དེའི་ཚེ། ལུས་དེ་ཉིད་ཀྱིས་ཕྱག་རྒྱ་ཀུན་གྱི་བདག་པོ་རྡོ་རྗེ་སེམས་དཔར་འགྱུར་རོ། །རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་
རྒྱས། །དེ་ནི་རྡོ་རྗེ་ཀུན་དབང་འགྱུར། །ཞེས་བྱ་བ་ནི་རིན་ཆེན་རྡོ་རྗེ་མ་ནི་འཕགས་པ་ནམ་མཁའི་སྙིང་པོའི་གཟུགས་ཅན་མ་སྟེ། དེ་བཅིངས་ལ་དེ་བསྒོམས་པས་དེ་དང་འདྲ་བར་གྲུབ་ཅིང་རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱ་དེ་གྲུབ་བས། དེ་བདེན་པར་རིན་པོ་ཆེ་ཀུན་ལ་དབང་བ་སྟེ། རིན་པོ་
ཆེའི་རིགས་ཐམས་ཅད་ཀྱི་བདག་པོ་ནམ་མཁའི་སྙིང་པོར་རྣལ་འབྱོར་པ་དེ་འགྱུར་རོ། །ཆོས་ཀྱི་རྡོ་རྗེ་མ་གྲུབ་ན། །སངས་རྒྱས་ཆོས་ནི་འཛིན་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེན་པོ་ཉིད་ལས་དང་ལྡན་པ་ནི་ཆོས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་ཆེན་པོ་སྟེ། དེ་བཅིངས་ལ་
རྡོ་རྗེ་ཆོས་མའི་གཟུགས་ཅན་བསྒོམས་ནས། གང་གི་ཚེ་དེའི་གཟུགས་སུ་གྲུབ་པ་འགྲུབ་པར་འགྱུར་བ་དེའི་ཚེ། འདི་ཆོས་ཀྱི་རྡོ་རྗེ་མ་གྲུབ་པས་སངས་རྒྱས་ཀྱི་ཆོས་འཛིན་པའི་འཇིག་རྟེན་དབང་ཕྱུག་ཏུ་འགྱུར་རོ། །ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱས། རྡོ་རྗེ་ལས་ནི་བྱེད་པར་འགྱུར། །
ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལས་མའི་གཟུགས་ཅན་དེ་བཅིངས་ལ་ལས་ཀྱི་རྡོ་རྗེ་མ་བསྒོམས་པས་དེ་དང་འདྲ་བའི་དངོས་གྲུབ་གྲུབ་པས་ཕྱག་རྒྱ་དེས་ངེས་པར་རྡོ་རྗེ་ལས་བྱེད་པར་འགྱུར་ཏེ། སངས་རྒྱས་རྣམས་ཀྱི་ལས། སངས་རྒྱས་མཆོད་པ་དང་།
སེམས་ཅན་གྱི་དོན་གྱི་ཚུལ་དེ་བྱེད་པས་ན། རྡོ་རྗེའི་ལས་ནི་བྱེད་པར་འགྱུར། །ཞེས་བྱའོ། །སེམས་དཔའི་ཕྱག་རྒྱ་བཅིངས་པ་ཡིས། །རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་སེམས་དཔའི་ཕྱག་རྒྱ་སྟེ།
เล่ม ๕๗ · หน้า 153b
དེ་རྣམ་པར་བསྒོམས་ནས་གང་གི་ཚེ་འགྲུབ་པར་གྱུར་ན་ཡང་དེ་བཅིངས་ནས་བསྒོམས་པ་དེའི་ཚེ། རྡོ་རྗེ་སེམས་དཔའ་དེ་འགྲུབ་པར་འགྱུར་རོ། །འདིའི་འོག་ནས་བཤད་པའི་སྤྱན་འདྲེན་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ལ་ཡང་དེ་དང་འདྲ་བའི་དངོས་གྲུབ་གྲུབ་པ་ཉིད་ཡིན་པར་ཕྱིས་
བཤད་པའི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །རྡོ་རྗེ་འདྲེན་པའི་ཆོ་ག་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་སྟེ། དེས་རྡོ་རྗེ་འཛིན་པའི་ལས་ཞེས་བྱ་བ་སངས་རྒྱས་འདྲེན་ཞིང་འགུགས་པར་འགྱུར་རོ། །རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པས་ནི་སངས་
རྒྱས་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་བདག་མེད་པའི་ཆགས་པས་མཉེས་ཤིང་དབང་དུ་བྱེད་དོ། །རྡོ་རྗེ་ལེགས་པའི་ཆོ་ག་ཡིས། །ཞེས་བྱ་བ་རྡོ་རྗེ་ལེགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པས་ནི། སངས་རྒྱས་ཐམས་ཅད་དགྱེས་པར་བྱེད་དོ། །རིན་ཆེན་
ཕྱག་རྒྱ་ནི་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོའོ། །དེའི་ཆོ་ག་ནི་བྱ་བ་རྣམས་རྫོགས་པར་བྱེད་པའོ། །རིན་པོ་ཆེའི་ཕྱག་རྒྱའི་ཆོ་ག་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་དེ་གྲུབ་ན། སངས་རྒྱས་རྣམས་དབང་བསྐུར་བ་སྦྱིན་པར་བྱེད་དོ། །དེའི་རང་བཞིན་
ཅན་གཟི་བརྗིད་འདི་ལ་མངའ་བས་ན། རྡོ་རྗེ་གཟི་བརྗིད་དེ། དེ་མྱུར་དུ་འགྱུར་བའོ། །ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གཟི་བརྗིད་ཆོ་ག་ཡིས། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཉི་མའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེས་ཉེ་བར་མཚོན་པའི་ཏོག་ནི་རྡོ་རྗེ་
དབལ་ཏེ། དེ་འཛིན་པར་མཛད་པས་ན་རྡོ་རྗེ་དབལ་འཛིན་ཏེ། དེ་བརྟན་ཞིང་གོམས་པར་གྱུར་ན། རེ་བ་རྣམས་ནི་ཡོངས་སུ་སྐོང་། །ཞེས་བྱ་བ་ནི་རྡོ་རྗེ་དབལ་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྒོམས་ཏེ་གྲུབ་པར་གྱུར་ནས། ཡང་དེ་ཉིད་བསྟེན་ན་རེ་བ་ཐམས་ཅད་ཡོངས་སུ་རྫོགས་
པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་བཞད་པས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བཞད་པའི་ཆོ་ག་དེ་བསྒོམས་པ་བྱས་པས། རྡོ་རྗེ་བཞད་པའི་ཕྱག་རྒྱ་ཆེན་པོ་གྲུབ་ནས་དེའི་རྗེས་ལ་དེ་བཅིངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཛུམ་པ་ཐོབ་པར་འགྱུར་ལ།
เล่ม ๕๗ · หน้า 154a
འཛུམ་པ་དེས་སངས་རྒྱས་ཀུན་དང་མཉམ་ཞིང་མཚུངས་པར་བཞེད་དེ། སངས་རྒྱས་ཐམས་ཅད་ཀྱི་བཞད་པས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །རྡོ་རྗེ་ཆོས་ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཏེ་དེ་འཛིན་པར་མཛད་པས་ན། རྡོ་རྗེ་ཆོས་ནི་འཛིན་པར་འགྱུར། །ཞེས་བྱ་བའོ། །
དེ་ག་ལས་འགྱུར་ཞེ་ན། རྡོ་རྗེ་ཆོས་ཀྱི་ཆོ་ག་ཡིས། །ཞེས་གསུངས་ཏེ། རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམས་པས་སོ། །རྡོ་རྗེ་རྣོན་པོ་བསྒོམས་པ་ཡིས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་བསྒོམས་པས་སངས་རྒྱས་ཀུན་གྱི་ཤེས་རབ་ཀྱི་
མཆོག་ཏུ་འགྱུར་ཏེ། ཤེས་རབ་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་འཇོམས་པའི་མཆོག་ཡིན་པས་ན། ཤེས་རབ་མཆོག་གོ། །རྡོ་རྗེ་འཁོར་ལོ་བསྟེན་པས་ཞེས་བྱ་བ་ནི་རྣམ་པར་བསྒོམས་པས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་བྱ་བ་ནི་
དཀྱིལ་འཁོར་སྤྲུལ་པར་བྱེད་པའོ། །རྡོ་རྗེ་གསུང་གི་ཆོ་ག་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཆེན་པོའི་སྦྱོར་བས་སོ། །སངས་རྒྱས་གསུང་གི་གྲུབ་པ་ཐོབ། །ཅེས་བྱ་བ་ནི་རྡོ་རྗེ་སྨྲ་བ་ཉིད་དུ་གྲུབ་པའོ། །རྡོ་རྗེ་ལས་མཆོག་བསྒྲུབས་པས་ན། །ཞེས་བྱ་བ་ནི་རྡོ་རྗེ་ལས་མཆོག་གི་
ཕྱག་རྒྱ་ཆེན་པོ་ཡང་དག་པར་བསྒྲུབས་པས་སོ། །རྡོ་རྗེ་ལས་སུ་མྱུར་དུ་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་དངོས་གྲུབ་མྱུར་བ་ཉིད་དུ་ཐོབ་པས་སོ། །རྡོ་རྗེ་གོ་ཆ་བསྐོན་པས་ནི། །ཞེས་བྱ་བ་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཆེན་པོ་བསྒོམས་པའོ། །རྡོ་རྗེའི་སྐུ་ཉིད་ཐོབ་པར་འགྱུར། །ཞེས་
བྱ་བ་ནི་རྡོ་རྗེ་སྐུའི་རང་བཞིན་ཉིད་ཐོབ་པ་སྟེ། རྡོ་རྗེ་བསྲུང་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོ་བསྒྲུབས་པས་རྡོ་རྗེ་གནོད་སྦྱིན་དང་མཉམ་ཞིང་མཚུངས་པར་འགྱུར་རོ། །ཕྱག་རྒྱ་ཡང་ཡིན་ལ་
ཐམས་ཅད་ཀྱང་ཡིན་པས་ན་སངས་རྒྱས་ཐམས་ཅད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་དོ། །དེ་ཤིན་ཏུ་གྲུབ་པ་འདི་ལ་ཡོད་པས་ན་ཕྱག་རྒྱ་ཐམས་ཅད་འགྲུབ་པ་སྟེ། དེ་ལྟ་བུར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན། རྡོ་རྗེ་ཁུ་ཚུར་
เล่ม ๕๗ · หน้า 154b
བཅིངས་པས་ནི། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་སོ། །རྡོ་རྗེ་འཛིན་མ་བསྒྲུབས་པས་ན། །ཞེས་བྱ་བ་ནི་རྡོ་རྗེ་སྒེག་མོའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་བསྒྲུབས་སོ། །རྡོ་རྗེ་ཆེན་པོ་འདིའི་དགའ་བ་ཐོབ་ཅེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ནི་
རྡོ་རྗེ་ཆེན་པོ་སྟེ། དེ་ལ་དགའ་ཞིང་མགུ་བ་གང་ཡིན་པ་དེས་ཐོབ་པར་འགྱུར་བའོ། །རྡོ་རྗེ་ཕྲེང་བ་ནི་རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་ཆེན་པོ་གང་ཡིན་པའོ། །དེ་བཅིངས་པ་ནི་གང་གིས་བཅིངས་ཤིང་བསྡམས་པ་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀུན་གྱིས་དབང་
བསྐུར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཕྲེང་བས་དབང་བསྐུར་བ་སྩོལ་བར་འགྱུར་རོ། །རྡོ་རྗེ་གླུ་མའི་ཆོ་ག་ཡིས། །ཞེས་བྱ་བ་ནི། རྡོ་རྗེ་གླུ་མའི་ཕྱག་རྒྱ་ཆེན་པོའི་སྦྱོར་བས་སོ། །རྡོ་རྗེའི་གླུ་ནི་ལེན་པར་འགྱུར། །ཞེས་བྱ་བ་ནི་བཟོད་
པའི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་རྡོ་རྗེ་གླུ་ལེན་ཅིང་སྐྱེད་པར་བྱེད་དོ། །རྡོ་རྗེ་གར་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་སྦྱོར་བ་ཡིས་ཞེས་བྱ་བ་ཡང་དག་པར་བསྒོམས་ཤིང་བསྐྱེད་པས་སོ། །སངས་རྒྱས་ཀུན་གྱི་དེ་མཆོད་དོ། །ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པའི་མཚན་ཉིད་ཅན་གྱི་བསྒྲུབ་པའི་མཆོད་པ་དེ་ཉིད་ཀྱིས་སོ། །རྡོ་རྗེ་བདུག་པའི་ཆོ་ག་ཡིས། །འགྲོ་བ་ཐམས་ཅད་ཚིམ་པར་བྱེད། །ཅེས་བྱ་བ་ནི་རྡོ་རྗེ་བདུག་པ་མར་རབ་ཏུ་སྦྱོར་བ་ནི་རྡོ་རྗེ་བདུག་པ་མའི་ཆོ་ག་སྟེ། དེའི་ཕྱག་རྒྱ་ཆེན་པོ་བསྒོམས་པའོ། །རྡོ་རྗེ་མེ་ཏོག་སྦྱོར་བྱེད་པ། །ཞེས་བྱ་བ་
ནི། རྡོ་རྗེ་མེ་ཏོག་མའི་ཕྱག་རྒྱ་ཆེན་པོ་བསྒོམས་པའོ། །རྡོ་རྗེ་སྣང་བའི་ཕྱག་རྒྱ་ཆེ། །ཞེས་བྱ་བ་ནི་མར་མེའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེས་ན། རབ་མཆོག་མིག་ནི་སྦྱིན་པར་བྱེད། །ཅེས་པ་དེས་མཆོད་པར་འོས་པའི་མིག་ཐོབ་པར་འགྱུར་རོ། །རྡོ་རྗེ་དྲི་ཡི་ཆོ་ག་ཡིས། །ཞེས་བྱ་བ་ནི་
རྡོ་རྗེ་དྲིའི་ཕྱག་རྒྱ་ཆེན་པོ་བསྒོམས་པ་སྟེ། སྦྱོར་བ་དེས་མཆོད་པ་བྱེད་ན་བདག་དང་གཞན་གྱི་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་དོ། །རྡོ་རྗེ་ལྕགས་ཀྱུས་དྲངས་པས་ན། །ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུས་ཡང་དག་པར་འདྲེན་པ་སྟེ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཆེན་པོ་བསྒོམས་པ་ཡང་དང་
เล่ม ๕๗ · หน้า 155a
ཡང་དུ་མངོན་དུ་བྱེད་པའོ། །འདྲེན་པ་ཀུན་གྱི་མཆོག་ཏུ་འགྱུར། །ཞེས་བྱ་བ་ནི། སྤྱན་འདྲེན་པ་ཀུན་གྱི་དམ་པར་འགྱུར་བའོ། །རྡོ་རྗེ་ཞགས་པའི་ཆོ་ག་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཆེན་པོ་བསྒོམས་པའོ། །རྡོ་རྗེ་ལྕགས་སྒྲོག་སྦྱོར་བ་ཡིས། །ཞེས་
བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་ཆེན་པོ་ཡང་དག་པར་བསྒོམས་པས་སོ། །རྡོ་རྗེ་དབབ་པའི་ཆོ་ག་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཆེན་པོ་བསྒོམས་པ་དེ་ལ་ཡང་དག་པར་སྦྱོར་བས་སོ། །ཐམས་ཅད་དབབ་པ་རབ་ཏུ་གྲུབ། །ཅེས་བྱ་བ་ནི་དབབ་པ་ཕུལ་དུ་བྱུང་བ་རྫོགས་
པར་བྱེད་པའོ། །ཕྱག་རྒྱ་ཆེན་པོ་འདི་དག་གི་རང་གི་ངོ་བོ་ནི་དཀྱིལ་འཁོར་ཆེན་པོ་བྲི་བའི་ཆོ་ག་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་
ནས་རྡོ་རྗེ་འབེབས་པའི་བར་གྱིའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའོ། །དེའི་དམ་ཚིག་ནི་ཀུན་རྫོབ་སྟེ། དེ་སྟོན་པར་བྱེད་པའི་ཚུལ་ཏེ་དེ་ཉིད་ཕྱག་རྒྱའོ། །དེའི་ཡེ་ཤེས་བཤད་དོ་ཞེས་བྱ་བ་ནི་རྩོམ་པའོ། །ཐལ་མོ་དམ་དུ་སྦྱར་བ་ལས། །ཞེས་བྱ་བ་ནི་ཐལ་མོ་
ཁོང་སྟོང་དུ་དམ་དུ་བྱས་པའོ། །སོར་མོ་ཐམས་ཅད་བསྣོལ་བ་ནི། །ཞེས་བྱ་བ་ནི་སོར་མོ་ཐམས་ཅད་ཚིགས་གསུམ་པ་ཕན་ཚུན་བསྣོལ་བ་ནི་རྡོ་རྗེ་ཐལ་མོའིའོ། །རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །ཞེས་བྱ་བ་ནི་མི་ལྷོད་པར་བསྡམས་པ་ནི་རྡོ་རྗེ་བསྡམས་པའོ། །ཇི་ལྟར་ཞེ་ན།
རབ་ཏུ་བསྡམས་ཕྱིར་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་བསྡམས་པས་ན་རབ་ཏུ་བསྡམས་པའོ། །དེ་བས་ན་འདི་སྐད་སྟོན་ཏེ། རྡོ་རྗེ་ཐལ་མོ་དེ་ཉིད་ཀྱི་སོར་མོ་ཐམས་ཅད་གཅིག་ལ་གཅིག་གི་ལག་པའི་རྒྱབ་ཏུ་བཅར་བར་རོ། །ཨ་ནྱོ་ནྱཱ་ནུ་ག་ཏ་སརྦྦ་དྷརྨྨ་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་
སྦྱར་བའི་སྔགས་སོ། །པ་ར་སྤ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨྨ་བཛྲ་ཨཉྫ་ལི་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའོ། །ཨཏྱནྟ་ཨ་ནུ་པྲ་བིཥྚཿསརྦྦ་དྷརྨྨ་བཛྲ་བནྡྷ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའིའོ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ཅེས་བྱ་བ་ནི། སེམས་མ་རྡོ་རྗེ་མ་ལ་སོགས་པའི་འོ། །རྡོ་རྗེ་བསྡམས་
เล่ม ๕๗ · หน้า 155b
པ་ལས་བྱུང་ན། །ཞེས་བྱ་བ་ནི། གང་དུ་ཁྱད་པར་དུ་དགག་པ་མེད་པའོ། །དེ་དག་ཅེས་བྱ་བ་ནི་སེམས་མ་རྡོ་རྗེ་མ་ལ་སོགས་པའིའོ། །བསྡམས་པ་ཞེས་བྱ་བ་ནི་བསྡམས་པའི་མཚན་ཉིད་དོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་བསྡམས་པ་ཞེས་བྱ་བ་གསུངས་ཏེ། མི་ཕྱེད་པའི་བསྡམས་པར་
བཤད་པའི་ཕྱག་རྒྱ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་བླ་ན་མེད་པ་སྟེ་དེ་བཤད་པར་བྱའོ། །སེམས་མའི་རྡོ་རྗེ་ཞེས་བྱ་བ་ནི་མཚན་གཞི་སྟོན་ཏོ། །གུང་མོ་མྱུ་གུ་ལྟར་མཉམ་བསྒྲེང་། །ཞེས་བྱ་བས་ནི་མཚན་ཉིད་སྟོན་ཏོ། །འདི་སྐད་སྟོན་ཏེ་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་
བརྐྱང་སྟེ་སྦྱར་ལ་རྩེ་མོར་བྱས་པ་ནི་སེམས་མ་རྡོ་རྗེ་མའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་བརྟན་པར་བྱས་ནས་བཅིང་བའོ། །ཅིར་འགྱུར་ཞེ་ན། སངས་རྒྱས་དང་པོ་ཡིན་པར་བཤད་དོ་ཞེས་བཤད་པར་བྱ་སྟེ། སངས་རྒྱས་གཉིས་པའི་ཡིན་པར་བཤད། །ཅེས་བསྟན་པ་ལས་ན་འདི་ནི་
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཡིན་ནོ། །གུང་མོ་ཞེས་བྱ་བ་ལ་སོགས་པ་ལ་སེམས་མ་རྡོ་རྗེ་མའི་སོར་མོ་གུང་མོ་གཉིས་རྡོ་རྗེ་བསྡམས་པ་ནང་དུ་བཀུག་པ་གང་ཡིན་པ་དེ་ནི། གུང་མོ་ནང་དུ་གཤིབས་པ་ནི། །སངས་རྒྱས་གཉིས་པ་ཡིན་པར་བཤད། །ཅེས་བྱ་སྟེ། སངས་
རྒྱས་གཉིས་པ་མི་བསྐྱོད་པ་ཡིན་ནོ། །གུང་མོ་རིན་ཆེན་འདྲ་བ་དང་། །ཞེས་བྱ་བ་ནི་སེམས་མ་རྡོ་རྗེ་མ་དེ་ཉིད་ཀྱི་གུང་མོ་རིན་པོ་ཆེ་ལྟ་བུར་རྒྱབ་ཏུ་བཀུག་པའི་མཚན་ཉིད་ཀྱིས་གནས་པ་གང་ཡིན་པ་དེ་ནི་རིན་ཆེན་འདྲ་བ་སྟེ། སངས་རྒྱས་གསུམ་པ་རིན་ཆེན་འབྱུང་ལྡན་དང་། རྡོ་རྗེ་རིན་
ཆེན་མ་ཡིན་པར་བཤད་དོ། །གུང་མོ་པདྨ་འདྲ་བར་དགུག །ཅེས་བྱ་བ་ནི་སེམས་མ་རྡོ་རྗེ་མ་དེ་ཉིད་ཀྱི་གུང་མོ་ལྟོ་བ་ཕན་ཚུན་པདྨ་ལྟ་བུར་བཀུག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འོད་དཔག་ཏུ་མེད་པ་དང་རྡོ་རྗེ་ཆོས་མ་ཡིན་ནོ། །སངས་རྒྱས་ལྔ་པའི་ཕྱག་རྒྱ་ནི། །ཞེས་བྱ་བ་ནི་
དོན་ཡོད་པར་གྲུབ་པ་དང་རྡོ་རྗེ་ལས་མའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ་སེམས་མ་རྡོ་རྗེ་མ་དེ་ཉིད་དེ་བཞིན་དུ་གནས་པ་ལ་མཛུབ་མོ་གཉིས་བཀུག་སྟེ། རྡོ་རྗེ་ལྟ་བུར་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་ཞེས་བྱ་བ་ནི་སྔ་མ་དང་སྦྱར་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་
เล่ม ๕๗ · หน้า 156a
ནི་སྤྱིར་ཚིག་གི་ཕྲད་ཡིན་པ་ལས་དེ་མ་ཐག་པ་ལ་འཇུག་སྟེ། དེ་ནས་འདི་བཤད་དོ་ཞེས་པའོ། །དེ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་འཛིན་པའི་ཕྱག་རྒྱ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་ཞེས་བྱ་བ་ནི། ལྷ་མོ་སེམས་
མ་རྡོ་རྗེ་མ་ནས་རྡོ་རྗེ་འབེབས་པའི་བར་གྱིའོ། །དམ་ཚིག་འཛིན་པའི་ཕྱག་རྒྱ་ཞེས་བྱ་བ་ནི། དམ་ཚིག་འཛིན་པར་བྱེད་པས་ན་དམ་ཚིག་འཛིན་པ་སྟེ། སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་རྣམས་སོ། །གང་གི་ཕྱིར་དེ་རྣམས་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་
སེམས་དཔའ་རྣམས་དཀྱིལ་འཁོར་དང་སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་སྒྲུབ་པ་པོས་སྤྱན་དྲངས་ནས། དམ་ཚིག་འཛིན་དུ་བཅུག་ཅིང་ཐུགས་སུ་ཆུད་པར་བྱས་ཏེ། འཛིན་པ་ནི་ཁོང་དུ་ཆུད་པའི་དོན་ཡིན་པའི་ཕྱིར་རོ། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས། བྱང་ཆུབ་ཀྱི་སེམས་
ལས་དགུག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཞུག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཅིངས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་དབང་དུ་བྱས་ལ་འདའ་བར་མི་བྱ་བའི་མཚན་ཉིད་ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་ཀྱང་བརྗོད་ལ། ཕྱག་རྒྱ་དེ་དག་
ཉིད་ཀྱིས་བཅིངས་པའི་མཚན་ཉིད་དང་། དངོས་གྲུབ་འགྲུབ་ཅིང་རྫོགས་པར་བྱེད་པ་དང་། དེ་རྣམས་ཀྱི་འབྲས་བུ་གང་ཞིག་སྒྲུབ་པ་དེའི་ལས་རྣམས་ཡང་དག་པར་བཤད་པར་བྱའོ། །ཟླ་བ་ལྟ་བུའི་ལག་གཉིས་ཀྱིས། །ཞེས་བྱ་བ་ནི་ལག་པ་གཉིས་གཅིག་ཏུ་གྱུར་པའི་རང་
བཞིན་ཅན་གྱི་ཟླ་བའོ། །ཇི་ལྟ་བུ་ཞེ་ན། གུང་མོའི་སོར་མོ་བཏང་གྱུར་པའི། །ཞེས་བྱ་བ་སྟེ། དབུ་མར་གྱུར་པས་ན་གུང་མོའོ། །གུང་མོ་ཡང་ཡིན་ལ་སོར་མོ་ཡང་ཡིན་པས་གུང་མོའི་སོར་མོ་སྟེ། དེ་བཏང་བར་གྱུར་པ་ནི་རྡོ་རྗེ་བསྡམས་པ་བྱས་པའི་ལག་པ་གཉིས་ཀྱིས་ཟླ་བའི་
གུང་མོ་གཉིས་བཏང་བར་གྱུར་པའོ། །ཇི་ལྟར་བཏང་ཞེ་ན། མཐེ་བོང་མཐེའུ་ཆུང་སོ་སོར་བསྒྲེང་། །ཞེས་བྱ་བ་སྨོས་སོ། །འདི་སྐད་སྟོན་ཏེ། གང་གི་ཕྱིར་མཐེ་བོ་དང་མཐེའུ་ཆུང་སོ་སོར་བསྒྲེང་སྟེ་གཞུག་པ་སྟེ་མ་འབྱར་པའོ། །དེ་ཉིད་ཀྱིས་ན་བསྒྲེང་བའི་སྦྱོར་བ་བཏང་བས་ན་
เล่ม ๕๗ · หน้า 156b
བཏང་བ་ཞེས་བཤད་དོ། །དེ་དག་ནི་སོར་མོ་ཡང་ཡིན་ལ་ཐ་མ་ཡང་ཡིན་པས་ན་སོར་མོ་ཐ་མ་སྟེ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་སོ། །དེ་རྣམས་ཀྱི་ལྟོ་བ་མ་འབྱར་བར་བཞག་པས་ན་སོ་སོར་བསྒྲེང་བ་སྟེ། སོ་སོར་གྱུར་པ་དེ་ལས་གྱུར་པ་དེའོ། །ཅི་དེ་དག་ཙམ་ཉི་
ཚེར་འགྱུར་ཞེ་ན། སེམས་དཔའི་རྡོ་རྗེ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྩེ་མོར་བྱས་པའི་མཚན་ཉིད་ཀྱིས་སོ། །འདི་སྐད་སྟོན་ཏེ། གུང་མོ་གཉིས་གཤིབས་ལ་བསྒྲེང་སྟེ། མཛུབ་མོ་གཉིས་དང་སྲིན་ལག་གཉིས་རྡོ་རྗེ་བསྡམས་པར་གཞག་པ་
དང་བཅས་པ་ཉིད་དུ་བྱ་བ་ཡིན་པས་ན། སེམས་དཔའི་རྡོ་རྗེ་ཉིད་དང་བཅས་པ་སྟེ། འདི་ནི་རྡོ་རྗེ་སེམས་དཔའོ། །མཛུབ་མོ་ལྕགས་ཀྱུ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟ་བུར་བྱས་པ་གང་ཡིན་པ་དེ་ནི་མཛུབ་མོ་ལྕགས་ཀྱུ་སྟེ། རྡོ་རྗེ་རྒྱལ་པོའོ། །
མཛུབ་མོ་སྦྱར་བ་ནི་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཤིབས་ཏེ། ཕན་ཚུན་ལྟོ་སྦྱར་བ་ནི་རྡོ་རྗེ་ཆགས་པའིའོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བསྒྲེང་ཞིང་མཐེ་བོ་གཉིས་ཀྱང་བསྒྲེང་བ་བྱས་ནས། དེས་སེ་གོལ་གཏོགས་པ་གང་ཡིན་པ་དེ་ནི་ལེགས་སོ་ཞེས་བྱ་བ་སྦྱིན་
པ་འདྲ་བ་སྟེ་རྡོ་རྗེ་ལེགས་པའིའོ། །རྡོ་རྗེ་སེམས་དཔའི་བཞི་པ་ཡི། །ཕྱག་རྒྱ་མང་པོའི་དངོས་གྲུབ་འདིའོ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལས་ཉེ་བར་མཚོན་པའི་སེམས་དཔའ་བཞིའི་དངོས་གྲུབ་འགྲུབ་པའི་དོན་གྱི་ཕྱག་རྒྱའི་ཚོགས་ནི་འདི་དག་ཡིན་ནོ། །འདིས་ནི་འདི་སྐད་
སྟོན་ཏེ། དཀྱིལ་འཁོར་དང་ཕྱག་རྒྱ་ཆེན་པོ་བསྒྲུབ་པའམ། གཞན་དག་ཏུ་དམ་ཚིག་གི་ཕྱག་རྒྱས་རང་གི་ལྷ་བསྒྲུབ་པར་བྱའོ། །འཕགས་པ་ནམ་མཁའི་སྙིང་པོའི་རིན་ཆེན་རྡོ་རྗེར་ཇི་ལྟར་འགྱུར་ཞེ་ན། མཐེ་བོ་གཤིབས་ལ་མཛུབ་མོ་གཉིས་བཅག་ལ་རྩེ་སྤྲད་ཅེས་བྱ་བ་གསུངས་
ཏེ། རྡོ་རྗེ་བསྡམས་པ་ལས་མཐེ་བོ་གཉིས་གཤིབས་ཏེ་བསྒྲེང་ལ་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོ་གཉིས་ཀྱི་རྩེ་མོར་སྦྱར་ལ་མཛུབ་མོ་གཉིས་རིན་པོ་ཆེ་འདྲ་བར་བྱས་པ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །འདི་ཉིད་ཅེས་བྱ་བ་ནི་ནམ་མཁའི་སྙིང་པོའི་ཕྱག་རྒྱ་སྟེ། དེ་ལས་གུང་མོ་
เล่ม ๕๗ · หน้า 157a
དང་སྲིན་ལག་དང་མཐེ་འུ་ཆུང་ཤིན་ཏུ་སྟེ། མཆོག་ཏུ་བསྣོལ་ལ་བརྐྱང་སྟེ་ཉི་མའི་འོད་ཟེར་གཏོང་བའི་ཚུལ་དུ་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་གཟི་བརྗིད་ཀྱིའོ། །ནམ་མཁའི་སྙིང་པོའི་ཕྱག་རྒྱ་དེ་ཉིད་ལས་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ་ཇི་ལྟར་
འགྱུར་ཞེ་ན། སྲིན་ལག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིན་ལག་དང་མཐེའུ་ཆུང་གཉིས་མཉམ་པར་གཤིབས་པ་དང་ལྡན་པ་དེ་ནི་རྡོ་རྗེ་དབལ་གྱིའོ། །ཁ་ཡི་ཕྱོགས་སུ་གཞག་པའོ། །ཞེས་བྱ་བ་ནི་བཞད་པའི་གནས་ཁ་དང་ཉེ་བར་བཞག་པས་ན་དེ་སྐད་ཅེས་བྱའོ། །
ཁའི་གནས་སུ་གང་ཞིག་གཞག་ཅེ་ན། དེ་ཉིད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་དབལ་གྱི་ཕྱག་རྒྱ་དེ་ཉིད་དོ། །ཇི་ལྟར་གཞག་ཅེ་ན། བསྐོར་ནས་ཀྱང་ཞེས་བྱ་བ་གསུངས་ཏེ། བཞད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ནས་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་རྡོ་རྗེ་བཞད་
པའིའོ། །མཐེ་བོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་ལས་མཐེ་བོ་གཉིས་མཉམ་པར་བརྐྱང་སྟེ་གཤིབས་ལ། མཛུབ་མོ་གཉིས་ཕན་ཚུན་རྩེ་སྤྲད་དེ་པདྨའི་འདབ་མ་འདྲ་བར་བཀུག་སྟེ་གཞག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་རྡོ་རྗེ་ཆོས་ཀྱིའོ། །དེ་
ཉིད་ཅེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ་དེ་ལས་རལ་གྲིར་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན། གུང་མོ་བསྒྲེང་བའི་རྩེ་མོ་བཀུག །ཅེས་བྱ་བ་གསུངས་ཏེ། གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ་ཚིགས་གསུམ་པར་བཅག་ནས་རྩེ་མོ་ཕན་ཚུན་བཀུག་ལ་ཕན་ཚུན་
ལྟོ་སྦྱར་ཏེ། རལ་གྲི་འདྲ་བར་བྱས་པ་འདི་ནི་རྡོ་རྗེ་རྣོན་པོའི་འོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱ་ལས་སྲིན་ལག་དང་མཐེ་འུ་ཆུང་གཤིབས་ལ་རྡོ་རྗེ་ཐལ་མོ་ལྟ་བུར་བྱས་པ་གང་ཡིན་པ་དེ་ནི་འཁོར་ལོ་ཞེས་བྱ་བ་ཡིན་པར་བཤད་དེ། རྡོ་རྗེ་རྒྱུའིའོ། །རྡོ་རྗེ་བསྡམས་པ་
ལས་མཐེ་བོ་གཉིས་བརྐྱང་བ་གང་ཡིན་པ་དེ་ནི་བསྡམས་པ་མཐེ་བོང་གཉིས་བཀྲོལ་བ་ཞེས་བྱའོ། །བཀན་ཏ་ཁའི་ཕྱོགས་སུ་གཞག་པའོ་ཞེས་བྱ་བ་ནི་བརྐྱང་བ་དེ་ཉིད་སོ་སོར་བྱས་ལ་ཁ་ནས་ཚིག་འབྱིན་པའི་ཚུལ་དུ་བཏེག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་སྨྲ་བའིའོ། །
เล่ม ๕๗ · หน้า 157b
རྡོ་རྗེ་བསྡམས་པ་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་ཀ་ཕན་ཚུན་རྩེ་སྤྲད་དེ་བསྐྱེད་པ་གང་ཡིན་པ་དེ་ནི་ལས་ཀྱི་ཡིན་པར་བཤད་དེ། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཕན་ཚུན་སྦྱར་ཏེ་གཤིབས་ལ་སྙིང་གར་གཞག་གོ། །ཇི་ལྟར་གཞག་ཅེ་ན་བརྐྱང་སྟེ་གཞག་ཅེས་པ་
སྟེ། ལག་མཐིལ་གཉིས་ལེགས་པར་བརྐྱང་བ་ནི་རྡོ་རྗེ་བསྲུང་བའིའོ། །རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་ལེགས་པར་བརྐྱང་བ་ལས། ལྕགས་ཀྱུ་ལྟ་བུར་བཀུག་ལ་མཆེ་བ་འདྲ་བར་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བ་སྟེ། ཅི་དེ་ཙམ་འབའ་ཞིག་ལ་བྱའམ་ཞེ་ན།
མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐེའུ་ཆུང་གཉིས་གཤིབས་ཏེ་བརྐྱང་ལ་རྩེ་མོར་བྱས་པ་གང་ཡིན་པ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱིའོ། །རྡོ་རྗེ་བསྡམས་པ་ལས་ལག་པ་གཉིས་ཀའི་སྲིན་ལག་མཐེའུ་ཆུང་གི་ཚིགས་ཀྱི་རྩ་གཤིབས་པའི་ནང་དུ་མཐེ་བོའི་རྩེ་མོ་གཉིས་བཞག་ལ།
མཛུབ་མོ་གཉིས་བཀུག་སྟེ་རང་རང་གི་མཐེ་བོའི་རྒྱབ་རང་རང་གི་མཛུབ་མོའི་ལྟོ་བཙིར་བ་འདི་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །སྙིང་གའི་ཕྱོགས་སུ་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བསྡམས་ཏེ་གཤིབས་ལ་གཞག་པ་གང་ཡིན་པ་དེ་ནི་དེ་བཞིན་དུ་རྡོ་རྗེ་སྒེག་མོའིའོ། །རྡོ་རྗེ་བསྡམས་པ་རབ་ཏུ་བརྐྱང་བ་ཕྲེང་བ་
འཆིང་བའི་ཚུལ་དུ་བྱ་བ་ཕྲེང་བ་ཅན་ཞེས་བྱ་བ་ནི་རྡོ་རྗེ་ཕྲེང་བ་མའིའོ། །རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་ཐལ་མོ་ནི་རྡོ་རྗེ་ཐལ་མོའི་མཆོག་སྟེ་དམ་པའོ། །དེའི་ཚིག་འབྱིན་པའི་ཚུལ་དུ་ཁ་ནས་གྱེན་དུ་འབྱུང་བ་ལྟར་བྱ་བ་གང་ཡིན་པ་དེ་ནི། ཐལ་མོའི་མཆོག་ནི་ཁ་ནས་འབྱུང་། །ཞེས་
བྱ་སྟེ། གླུ་མའིའོ། །རྡོ་རྗེ་བསྡམས་པ་ལས་བྱུང་བའི་གར་བྱས་ལ་ཐལ་མོ་སྦྱར་བ་སྤྱི་བོར་གཞག་པ་ནི་གར་མའིའོ། །རྡོ་རྗེ་བཅིངས་པ་ཐུར་དུ་བླུགས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བདུག་སྤོས་འབུལ་བའི་ཚུལ་དུ་ཐུར་དུ་བླུགས་པ་ནི་བདུག་པ་མའིའོ། །རང་གི་ཐལ་མོ་སྦྱར་ཏེ་གྱེན་
དུ་གཏོར། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་མེ་ཏོག་གི་ཐལ་མོ་བྱས་པའི་ཐལ་མོ་དེ་མེ་ཏོག་འབུལ་བའི་ཚུལ་དུ་གྱེན་དུ་འཐོར་བ་ནི་མེ་ཏོག་མའིའོ། །མཐེ་བོ་བསྙམས་ཏེ་རབ་ཏུ་བསྡམས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལ་མཐེ་བོ་གཉིས་གཤིབས་ལ་ལེགས་པར་
เล่ม ๕๗ · หน้า 158a
བསྡམས་ཏེ་མར་མེའི་ཚུལ་དུ་གཞག་པ་འདི་ནི་མར་མེའིའོ། །རབ་ཏུ་བརྐྱང་ནས་བྱུག་པའོ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ཤིན་ཏུ་བརྐྱང་ལ་རང་གི་སྙིང་གར་དྲིས་བྱུགས་པའི་ཚུལ་དུ་བྱེད་པ་ནི་བྱུག་པ་མའིའོ། །མཛུབ་མོ་གཅིག་ཏུ་བཀུག་པ་དང་། །ཞེས་བྱ་བ་
ནི་རྡོ་རྗེ་བསྡམས་པ་ལས་གཡས་པའི་མཛུབ་མོ་བསྒྲེང་ལ་ལྕགས་ཀྱུ་ལྟ་བུར་བཀུག་པ་འདི་ནི་རྡོ་རྗེ་ལྕགས་ཀྱུའིའོ། །མཐེ་བོ་གཉིས་ནི་མདུད་པར་བོར། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་ཕན་ཚུན་མདུད་པར་བྱ་བ་ནི་རྡོ་རྗེ་ཞགས་པའིའོ། །མཐེ་བོང་མཛུབ་མོ་གདུ་བུར་
བཅིངས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་མཐེ་བོང་དང་མཛུབ་མོ་གཉིས་ལྕགས་སྒྲོག་བཅིངས་པ་ལྟར་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་གིའོ། །རྡོ་རྗེ་བཅིང་བ་མཛུབ་མོ་བསྡམས། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་ལས་མཛུབ་མོ་གཉིས་རྡོ་རྗེ་མཚམས་སྦྱོར་དུ་བྱས་པ་ནི་
རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་འདི་རྣམས་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་འདིས་བསྒྲུབ་པར་བྱ་བ་ཡིན་པས་ན་བསྒྲུབ་པ་སྟེ། ཐུགས་ཀའི་ཟླ་བར་རྡོ་རྗེ་རྩེ་ལྔ་པར་ལྷག་པར་མོས་པས་ཕྱག་རྒྱ་རྣམས་སྙིང་གར་གཞག་པས་
བསྒྲུབ་པར་འགྱུར་རོ། །དེ་ཉིད་ནི་དངོས་གྲུབ་སྩོལ་བ་ལ་མི་ཕྱེད་པས་ན་རྡོ་རྗེ་བསྒྲུབ་པ་སྟེ། དེ་ཉིད་ཀྱིས་ན་དམ་པའོ། །དེ་ཉིད་བསྟན་པ་ནི་རང་གི་ཕྱག་རྒྱ་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་སྙིང་གར་གནས་པ་ནི་སྙིང་གར་གཞག་པའོ། །ཡང་
ཇི་ལྟར་བསྒྲུབ་པར་འགྱུར་ཞེ་ན། སེམས་དཔའི་རྡོ་རྗེ་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། སེམས་དཔའི་རྡོ་རྗེ་ནི་བཤད་ཟིན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། སེམས་དཔའི་རྡོ་རྗེ་ཏིང་ངེ་འཛིན་ཏེ། སེམས་དཔའི་ཏིང་ངེ་འཛིན་རྒྱུར་གྱུར་པ་དེས་ཞེས་བྱ་བའི་ཐ་
ཚིག་གོ། །དེ་ཡང་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ། དེ་ཉིད་སྒོམ་ཞིང་སྙིང་གར་གཞག་པའི་སྦྱོར་བས་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱིངས་སོགས་ཕྱག་རྒྱ་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ནི་རྣམ་
เล่ม ๕๗ · หน้า 158b
པར་སྣང་མཛད་དོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་ལ་སོགས་ཏེ། དོན་ཡོད་པར་གྲུབ་པའི་མཐར་ཐུག་པའོ། །དེ་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི། རྡོ་རྗེ་དབྱིངས་སོགས་ཀྱི་ཕྱག་རྒྱ་སྟེ། རྣམ་པར་སྣང་མཛད་དང་། རྡོ་རྗེ་དང་། རིན་ཆེན་དང་། ཆོས་དང་།
ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་རྣམས་དང་། དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་རྣམས་སོ། །དེ་རྣམས་བཅིངས་པས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་འདུས་པས་ཞེས་བྱ་བ་
ནི་གཅིག་ཏུ་ཚོགས་པར་མཛད་པས་དཀྱིལ་འཁོར་དུ་བྱིན་གྱིས་རློབ་པར་འགྱུར་རོ། །སུ་ཞིག་བྱིན་གྱིས་རློབ་པར་མཛད་ཅེ་ན། དཀྱིལ་འཁོར་སློབ་དཔོན་སློབ་མར་བཅས། །ཞེས་བྱ་བ་སྟེ། སློབ་དཔོན་གྱི་དོན་དང་སློབ་མའི་དོན་དུ་དཀྱིལ་འཁོར་གང་ཞིག་འདྲི་བའི་དཀྱིལ་འཁོར་ཏེ།
དེ་མ་ཐག་ཏུ་བྱིན་གྱིས་རློབ་པར་མཛད་པའམ། དཀྱིལ་འཁོར་སློབ་དཔོན་སློབ་མ་རྣམས། །ཞེས་བྱ་བ་དཀྱིལ་འཁོར་དང་སློབ་དཔོན་དང་སློབ་མར་བཅས་པ་བྱིན་གྱིས་རློབ་པར་འགྱུར་རོ། །སེམས་དཔའི་རྡོ་རྗེ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གང་ཡིན་པ་དེ་ནི་སེམས་མ་རྡོ་རྗེ་མའི་
ཕྱག་རྒྱ་སྟེ་དེ་བཅིངས་པས་ནི། རྡོ་རྗེ་འཛིན་པ་འདྲ་བར་འགྱུར། །ཞེས་བྱ་བ་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་ནི་རྡོ་རྗེ་རྒྱལ་པོ་སྟེ། དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་ལྕགས་ཀྱུའོ། །རྡོ་རྗེ་ལྕགས་ཀྱུ་དེ་བཅིངས་པས། །སངས་རྒྱས་ཐམས་ཅད་ཀུན་ནས་
འགུགས། །ཞེས་བྱ་བ་ཐམས་ཅད་སྤྱན་འདྲེན་ཏོ། །འདོད་པའི་རྡོ་རྗེ་ནི། རྡོ་རྗེ་ཆགས་པའི་ཕྱག་རྒྱའི་འདོད་པའི་རྡོ་རྗེའིའོ། །དེའི་སྦྱོར་བ་ནི་ཕྱག་རྒྱ་བཅིངས་པ་སྟེ། དེས་ན། རྫོགས་སངས་རྒྱས་ཀྱང་མཉེས་པར་བྱེད། །ཅེས་བྱ་བ་དབང་དུ་བྱེད་དོ། །ཀྱང་ཞེས་བྱ་བའི་སྒྲས་ནི་
སེམས་དཔའ་གཞན་དག་ཀྱང་ཞེས་བྱ་བ་སྟོན་ཏོ། །ལེགས་སོ་བས་ནི་སྟོད་པར་བྱེད། །ཅེས་བྱ་བ་ནི། སྔགས་པ་དེས་ལག་པ་གཉིས་ཀྱིས་ལེགས་སོ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོད་པར་བྱེད་ཅིང་བསྔགས་པ་གསུངས་པར་འགྱུར་རོ། །རྡོ་རྗེ་
เล่ม ๕๗ · หน้า 159a
རིན་ཆེན་ནི་རྡོ་རྗེ་རིན་ཆེན་ནོ། །དེའི་ཕྱག་རྒྱ་ནི་རིན་ཆེན་དང་། རྡོ་རྗེ་དང་ལྡན་པ་གང་ཡིན་པ་སྟེ། དེ་བཅིངས་པར་གྱུར་པ་ནི། སངས་རྒྱས་ཀུན་གྱིས་དེ་དབང་བསྐུར། །ཞེས་བྱ་བ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀུན་ནས་དབང་བསྐུར་བར་འགྱུར་རོ། །རྡོ་རྗེ་
ཉི་མའི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་ཉི་མ་སྟེ། དེ་བཅིངས་པས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀུན་གྱི་འོད་འདྲར་འགྱུར། །ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་འོད་ཀྱི་གཟི་བརྗིད་འདི་ལ་ཡོད་པས་ན་སངས་རྒྱས་ཀྱི་འོད་དེ་རྡོ་རྗེ་ཉི་མའོ། །དེ་དང་འདྲ་བར་འགྱུར་བ་ནི་སྔགས་པ་དེ་
དང་མཚུངས་པར་འགྱུར་རོ། །རྡོ་རྗེ་རྒྱལ་མཚན་འཆང་འགྱུར་བ། །ཞེས་བྱ་བ་ལ་རྡོ་རྗེ་རྒྱལ་མཚན་འཆང་བ་ནི་རིན་ཆེན་དབལ་ཏེ། དེའི་ཕྱག་རྒྱ་ལ་དེ་སྐད་ཅེས་བཤད་དོ། །རྡོ་རྗེ་འཆང་བར་གྱུར་པ་ནི་རིན་ཆེན་དབལ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་དབལ་ནི་
བདག་གོ་ཞེས་བསྒོམས་ན་སྔགས་པ་དེ་ཉིད་ཀྱིས། རེ་བ་ཀུན་ཡང་རྫོགས་པར་བྱེད། །ཅེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་སྲེད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །རྡོ་རྗེ་བཞད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་བཞད་པའི་སྦྱོར་བ་སྟེ། དེའི་དམ་ཚིག་
གི་ཕྱག་རྒྱ་བཅིངས་པས་སོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀུན་དང་ལྷན་ཅིག་བཞད། །ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་བཞད་པ་དང་འདྲ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་རྡོ་རྗེ་ནི་རྡོ་རྗེ་ཆོས་སོ། །དེའི་ཕྱག་རྒྱ་གང་ཡིན་པ་དེ་ཡང་ཆོས་ཀྱི་རྡོ་རྗེ་སྟེ། ཆོས་ཀྱི་རྡོ་རྗེ་དེ་བཅིང་
པས་རྡོ་རྗེ་ཆོས་དང་འདྲ་བར་འགྱུར་རོ། །རྡོ་རྗེ་རལ་གྲི་ནི་རྡོ་རྗེ་རྣོན་པོ་སྟེ། དེའི་དམ་ཚིག་གི་ཕྱག་རྒྱ་ཡང་རྡོ་རྗེ་རལ་གྲིའོ། །དེ་ཐོགས་པ་ནི་ཡང་དག་པར་བཅིངས་པས་ཉོན་མོངས་པ་ཐམས་ཅད་དེས་གཅོད་དོ་ཞེས་པའོ། །རྡོ་རྗེ་འཁོར་ལོ་ནི་རྡོ་རྗེ་རྒྱུའོ། །དེ་བསྟན་པར་བྱས་པ་ནི། དེའི་དམ་ཚིག་
གི་ཕྱག་རྒྱ་དམ་པོར་བཅིངས་ནས་བསྒོམས་པས་བརྟན་པོར་བསྐྱེད་པའོ། །དེས་ནི། དཀྱིལ་འཁོར་གྱི་ནི་བདག་པོར་འགྱུར། །ཞེས་བྱ་བ་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཁོར་ལོར་འགྱུར་རོ། །རྡོ་རྗེ་སྨྲ་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེའི་ངོ་བོར་བསྒོམས་པ་ནི་རྡོ་རྗེ་སྨྲ་བའི་སྦྱོར་བའོ། །
เล่ม ๕๗ · หน้า 159b
དེས་ནི། རྡོ་རྗེའི་ངག་མཆོག་འགྲུབ་པར་འགྱུར། །ཞེས་བྱ་བ་རྡོ་རྗེ་སྨྲ་བའི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། །རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ལས་སོ། །དེ་བཅིངས་པ་ནི། རྡོ་རྗེ་ལས་དང་འདྲ་བར་འགྱུར། །ཞེས་བྱ་བ་ལས་ཀྱི་རྡོ་རྗེ་དང་འདྲ་བར་འགྱུར་བའོ། །རྡོ་རྗེ་གོ་
ཆའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་གོ་ཆ་སྟེ། དེ་བརྟན་པར་བྱས་པས་བཅིངས་ན་ལུས་རྡོ་རྗེ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་གནོད་སྦྱིན་དང་། དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་མཆེ་བ་མཆོག་གི་ཕྱག་རྒྱ་སྟེ། དེ་བཅིངས་པས་མ་རུངས་པའི་བདུད་དེས་འཇོམས་པར་འགྱུར་རོ། །བཅོམ་ལྡན་
འདས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་དེ་དམ་ཞིང་མི་ཕྱེད་པས་བཅིངས་པས་ཕྱག་རྒྱ་ཀུན་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་རྣམས་དབང་དུ་འགྱུར་ཞེས་བྱ་བ་རང་དབང་དུ་བྱེད་པའོ། །འདི་སྐད་སྟོན་ཏེ་རྡོ་རྗེ་འབེབས་པའི་དམ་ཚིག་
གི་ཕྱག་རྒྱས་བདག་ཉིད་ལ་དབབ་པ་བྱས་ལ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སེམས་སོ་སོར་རྟོགས་པ་ལ་སོགས་པ་བྱས་ནས། དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེ་ཡང་བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་འབེབས་པའི་
དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཨཿཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་བཛྲ་མུཥྚི་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལྟར་ན་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟར་མི་ཕྱེད་ན་ས་མ་ཡ་སྟྭཾ་ཞེས་ཟློས་
ཤིང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འཛུམ་པས་ཞེས་བྱ་བ་ནི་སྒེག་མོའི་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་གང་ཡིན་པ་དེས་ནི་ལྷའི་དགའ་བ་རྣམས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་དགའ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་
ཏོ། །ཕྲེང་བ་ཡིས་ནི་ཞེས་བྱ་བ་ཕྲེང་བ་མའི་དམ་ཚིག་གི་ཕྱག་རྒྱས་ནི་རྒྱན་རྣམས་ཐོབ་པར་འགྱུར་རོ། །གླུ་མས་ཞེས་བྱ་བ་གླུ་མའི་དམ་ཚིག་གི་ཕྱག་རྒྱས་ནི་རྟག་ཏུ་སྐད་གསལ་བར་འགྱུར་རོ། །གར་གྱིས་ཞེས་བྱ་བ་གར་མའི་དམ་ཚིག་གི་ཕྱག་རྒྱས་ནི་མཆོད་པ་རྣམས་རྙེད་པར་འགྱུར་རོ། །བདུག་
เล่ม ๕๗ · หน้า 160a
པས་ཞེས་བྱ་བ་ནི་བདུག་པ་མའི་དམ་ཚིག་གི་ཕྱག་རྒྱས་ནི་འཇིག་རྟེན་ཚིམ་པར་བྱེད་པར་འགྱུར་རོ། །མེ་ཏོག་གིས་ནི་ཞེས་བྱ་བ་མེ་ཏོག་མའི་དམ་ཚིག་གི་ཕྱག་རྒྱས་ནི་མཛེས་པའི་གཟུགས་ཐོབ་པར་འགྱུར་རོ། །མར་མེའི་ཞེས་བྱ་བ་ནི་མར་མེ་མའི་
དམ་ཚིག་གི་ཕྱག་རྒྱས་ནི་མིག་ལྔ་ཐོབ་པའི་ཕྱིར་སྣང་བ་དག་པ་ཉིད་དུ་འགྱུར་རོ། །དྲི་ཡིས་ཞེས་བྱ་བ་ནི་བྱུག་པ་མའི་དམ་ཚིག་གི་ཕྱག་རྒྱས་ནི་ལྷ་རྫས་ཀྱི་དྲི་རྙེད་པར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་ནི་རྡོ་རྗེ་ལྕགས་ཀྱུའི་དམ་ཚིག་གི་ཕྱག་རྒྱ་སྟེ། དེས་ནི་ཡང་དག་པར་འགུགས་པར་འགྱུར་
རོ། །རྡོ་རྗེ་ཞགས་པས་ནི་རྡོ་རྗེ་ཞགས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། དེས་ནི་འཇུག་པར་བྱེད་དོ། །རྡོ་རྗེ་ལྕགས་སྒྲོག་ནི་རྡོ་རྗེ་ལྕགས་སྒྲོག་གི་དམ་ཚིག་གི་ཕྱག་རྒྱ་སྟེ་དེས་ནི་འཆིང་བར་བྱེད་དོ། །རྡོ་རྗེ་དྲིལ་བུ་ནི་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། དེས་ནི་ཡང་དག་པར་འབེབས་
ཤིང་མཉེས་པར་བྱེད་དོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་རྣམས་བཤད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་རྟོགས་པ་ནི་ཆོས་སོ། །དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱས་འདེབས་པས་ན་ཕྱག་རྒྱའོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་
བར་གདགས་པས་དེ་སྐད་ཅེས་བྱའོ། །བཛྲ་ཛྙཱ་ན་སངས་རྒྱས་རྣམས། །ཞེས་བྱ་བ་ནི། དེ་བཞིན་ཉིད་ནི་རྡོ་རྗེ་སྟེ། དེའི་ཡེ་ཤེས་ནི་རྡོ་རྗེའི་ཡེ་ཤེས་སོ། །དེ་སྟོན་པར་བྱེད་པ་བཛྲ་ཛྙཱ་ན་ཞེས་བྱ་བའི་སྒྲའི་ཚུལ་འདི་ནི་དེ་བཞིན་གཤེགས་པ་ལྔ་པོའི་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་དབྱིངས་
ནི་བརྟན་པར་བྱེད། །ཅེས་བྱ་བ་ནི་དེའི་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་དབྱིངས་ཏེ། དེ་བརྟན་པར་བྱེད་པས་ན། རྡོ་རྗེ་དབྱིངས་ནི་བརྟན་པར་བྱེད། །ཅེས་བྱའོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པའི་ཟློས་པ་པོས་རང་བཞིན་
གྱིས་དག་པར་མོས་པས་ལྕེ་ལ་རྡོ་རྗེ་དཀར་པོར་བསམ་པར་གང་གི་ཚེ་བཛྲ་ཛྙཱ་ན་ཞེས་བྱ་བ་དགོད་བར་བྱས་པ་དེའི་ཚེ། དེའི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་
เล่ม ๕๗ · หน้า 160b
ཏེ། ཆོ་ག་བཞིན་དུ་ཞེས་བྱ་བ་ནི་ལྷ་རྣམས་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ནས། ལྗགས་ལ་ཆོས་ཀྱི་ཡི་གེ་ཇི་ལྟ་བ་བཞིན་དུ་བཀོད་པ་འདི་ནི་ཆོ་ག་བཞིན་ཞེས་བྱའོ། །ས་མ་ཡ་སྟྭཾ་ཞེས་བྱ་བ་ནི་རང་བཞིན་གྱིས་དག་པའི་ཚུལ་ཉིད་ཀྱིས་ན་འདའ་བར་མི་བྱ་བ་ནི་ཁྱེད་ཡིན་ནོ་ཞེས་བྱ་བའི་
ཐ་ཚིག་གོ། །ཕྱག་རྒྱ་ཀུན་གྱི་དབང་པོར་འགྱུར། །ཞེས་བྱ་བ་ནི་ཕྱག་རྒྱ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ཕྱག་རྒྱ་ཀུན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་དེ་ཐམས་ཅད་ཀྱི་བདག་པོ་ཡིན་པས་ན། ཕྱག་
རྒྱ་ཀུན་གྱི་དབང་པོ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་འགྱུར་རོ། །འདི་ནི་རྡོ་རྗེ་སེམས་དཔའི་ཆོས་ཀྱི་ཕྱག་རྒྱའོ། །ཨ་ན་ཡ་སོ་ཞེས་བྱ་བ་ནི་ཁུག་ཅིག་ཅེས་བྱ་བ་སྟེ་རྡོ་རྗེ་རྒྱལ་པོའིའོ། །ཨ་ཧོ་སུ་ཁ་ཞེས་བྱ་བ་ནི་ཐོག་མ་
དང་ཐ་མ་མེད་པའི་ཆོས་བདག་མེད་པའི་ཆགས་པ་ཞེས་བྱ་བའི་ཐ་ཚིག་སྟེ། རྡོ་རྗེ་ཆགས་པའིའོ། །སཱ་དྷུ་སྭཱ་ཧཱ་ཞེས་བྱ་བ་ནི་ལེགས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་སྤྱོད་པ་ཞེས་གསུངས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་ངོ་བོ་སྟེ་རྡོ་རྗེ་ལེགས་པའིའོ། །སུ་མ་ཧཱ་
སྟྭཾ་ཞེས་བྱ་བ་ནི་མཛེས་པའི་མཆོད་པ་ནི་མཆོད་པ་བཟང་པོ་སྟེ་བསྒྲུབ་པའི་མཆོད་པའི་ངོ་བོར་སྦྱིན་པ་ནི་ཁྱོད་ཡིན་ནོ་ཞེས་བོད་པ་སྟེ་རྡོ་རྗེ་རིན་ཆེན་གྱིའོ། །རཱུ་པོ་དྱོ་ཞེས་པ་ནི་གཟུགས་ཉེ་བར་གསལ་བར་བྱེད་པས་ན་གཟུགས་སྣང་བ་སྟེ། ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་
ཆོས་ཐམས་ཅད་རང་བཞིན་རབ་ཏུ་གསལ་བར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་གཟི་བརྗིད་ཉིད་དུ་འགྱུར། །ཞེས་བྱ་བ་ནི་རང་བཞིན་གྱིས་དག་པ་རྟོགས་པའི་ཆོས་ཀྱི་རང་བཞིན་ཅན་གྱི་བཟི་བརྗིད་འདི་ལ་མངའ་བས་ན་ཆོས་ཀྱི་གཟི་བརྗིད་དེ། རྡོ་རྗེ་ཉི་མ་ཉིད་དུ་དེ་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གཟི་བརྗིད་ཀྱིའོ། །ཨརྠ་པྲ་བ་ཏི་ཞེས་བྱ་བ་ནི་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་དོན་ཏེ། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དེ་རྣམས་རྟོགས་པ་ནི་ནོར་ཐོབ་པ་སྟེ་རྡོ་རྗེ་དབལ་གྱིའོ། །ཧ་ཧ་ཧཱུཾ་ཞེས་བྱ་བ་ནི་རྒྱུ་དང་འབྲས་
เล่ม ๕๗ · หน้า 161a
བུ་ལ་དམིགས་པའི་ཆོས་ཀྱི་སྦྱིན་པ་ཆེན་པོ་རྟོགས་པའི་ཚུལ་གྱིས་ནི། སངས་རྒྱས་འཛུམ་པ་ཅུང་ཟད་བཞད་པ་ཐོབ་ཅིང་རྙེད་པར་འགྱུར་ཏེ་རྡོ་རྗེ་བཞད་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་བཞད་པའིའོ། །སརྦྦ་ཀ་རི་ཞེས་བྱ་བ་ནི་ཆོས་རྣམས་
རང་བཞིན་གྱིས་རྣམ་པར་དག་པར་ཐུགས་སུ་ཆུད་ནས་སྔོན་གྱི་འཕེན་པའི་སྟོབས་ཀྱི་ཤུགས་ཀྱིས་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་མཛད་པས་ན་ཐམས་ཅད་མཛད་པ་སྟེ། རྡོ་རྗེ་ཆོས་ཀྱིའོ། །དུཿཁཙྪེ་ད་
ཞེས་བྱ་བ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་སྡུག་བསྔལ་ཐམས་ཅད་དུ་རྣམ་པར་རྟོག་པར་མི་དམིགས་པས་ན་སྡུག་བསྔལ་གཅོད་པ་སྟེ། རྡོ་རྗེ་རྣོན་པོའིའོ། །བུདྡྷ་བོ་དྷི་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་ཐུགས་སུ་ཆུད་པས་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་
རྫོགས་པར་མཛད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཀུན་གྱི་བདག་པོར་འགྱུར་བ་སྟེ། སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་རྒྱུའིའོ། །པྲ་ཏི་ཤབྡ་ཞེས་བྱ་བ་ནི་བྲག་ཅ་སྟེ། སོ་སོ་ཡང་
དག་པར་རིག་པ་བཞིའི་རང་བཞིན་གྱི་ཤེས་རབ་སྤྲོས་པ་མེད་པའི་སྒྲ་ནི་མ་སྐྱེས་པ་ཡིན་པའི་ཕྱིར་སྒྲ་བརྙན་ལྟ་བུ་སྟེ། དེ་ལྟ་བུ་གང་ཡིན་པ་དེ་ནི་ཁྱོད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་རྣམས་དང་ལྷན་ཅིག་སྨྲ། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་སངས་
རྒྱས་རྣམས་དང་ལྷན་ཅིག་ཏུ་སྨྲ་བ་སྟེ། རྡོ་རྗེ་སྨྲ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་སྨྲ་བའིའོ། །སུ་བ་ཤི་ཏྭཾ་ཞེས་བྱ་བ་ནི་རབ་ཏུ་དབང་དུ་བྱེད་པ་ཉིད་ཡིན་པས་ན་ཤིན་ཏུ་དབང་བ་ཉིད་དེ། མ་ལུས་ཤིང་ལུས་པ་མེད་པའི་མཆོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་
ཅད་མཆོད་པ་ལ་དབང་བའོ། །ཀུན་གྱི་དབང་དང་ལྡན་པར་འགྱུར། །ཞེས་བྱ་བ་ནི། རིགས་ཀུན་ནས་ཀུན་དུ་སངས་རྒྱས་ཀྱི་སྤྲུལ་པའི་ཕྲིན་ལས་རྣམས་དང་། སེམས་ཅན་གྱི་དོན་བྱ་བ་རྣམས་ལ་དབང་བ་ཉིད་དང་། གཙོ་བོ་ཉིད་དུ་དེ་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་སྟེ། རྡོ་རྗེ་
เล่ม ๕๗ · หน้า 161b
ལས་ཀྱིའོ། །ནིར་པ་ཡ་སྟྭཾ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བའི་འཇིགས་པ་མེད་པས་ན་འཇིགས་མེད་ཉིད་དོ། །འཇིགས་མེད་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་བསྲུང་བར་འགྱུར་རོ། །རྡོ་རྗེ་བསྲུངས་པའིའོ། །ཤ་ཏྲུཾ་བྷཀྵ་ཞེས་
བྱ་བ་ནི་འདོད་ཆགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་། ལྷའི་བུའི་བདུད་ལ་སོགས་པ་ནི་དགྲ་རྣམས་སོ། །དེ་སོ་སོར་རྟོགས་པའི་བརྩོན་འགྲུས་དང་། རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བས་ཟ་ཞིང་མི་སྣང་བར་མཛད་པས་ན་དགྲ་རྣམས་
ཟ་བའོ། །རྡོ་རྗེ་གནོད་སྦྱིན་གྱིའོ། །སརྦྦ་སིདྡྷི་ཞེས་བྱ་བ་ནི་དམ་ཚིག་དང་། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་དངོས་གྲུབ་རྣམས་གྲུབ་པ་སྟེ། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་སྨྲས་ན་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བ་ཕྱག་རྒྱ་ཐམས་ཅད་
འགྲུབ་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གྱིའོ། །མ་ཧཱ་རཱ་ཏི་ཞེས་བྱ་བ་ནི་དགའ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དགའ་བ་ཆེན་པོ་སྟེ་མགུ་བའོ། །སྒེག་མོའི་ཆོས་ཀྱི་ཕྱག་རྒྱ་དེས་ནི་ལྷའི་མགུ་བ་ཐོབ་པར་འགྱུར་རོ། །རཱུ་པ་ཤོ་བེ་ཞེས་བྱ་བས་ཕྲེང་བ་མའི་ཆོས་ཀྱི་ཕྱག་རྒྱ་
གང་ཡིན་པ་དེས་གཟུགས་བཟང་ཉིད་ཅེས་བྱ་བ། གཟུགས་བཟང་བ་ཉིད་དུ་གྱུར་པའི་གཟུགས་བཟང་བ་ཉིད་ཐོབ་བོ། །ཤྲོ་ཏྲ་སཽ་ཁྱ་ཞེས་བྱ་བ་ལྷ་མོ་གླུ་མའི་ཆོས་ཀྱི་ཕྱག་རྒྱ་གང་ཡིན་པ་དེས་ནི་བདེ་བ་སྦྱིན་པར་བྱེད་དོ། །སརྦྦ་པཱུ་ཛ་ཞེས་བྱ་བས་གར་མའི་ཆོས་ཀྱི་ཕྱག་རྒྱ་གང་
ཡིན་པ་དེས་ནི་ལེགས་པར་མཆོད་པ་ཉིད་སྦྱིན་པར་བྱེད་པའོ། །པྲ་ཧླ་ད་ནི་ཞེས་བྱ་བ་བདུག་པ་མའི་ཆོས་ཀྱི་ཕྱག་རྒྱ་གང་ཡིན་པ་དེས་ནི་ཡིད་བདེ་བའི་བདེ་བ་སྦྱིན་པར་འགྱུར་རོ། །ཕ་ལ་ག་ནི་ཞེས་བྱ་བ་ནི་མེ་ཏོག་མའི་ཆོས་ཀྱི་ཕྱག་རྒྱ་གང་ཡིན་པ་དེས་འབྲས་བུ་རྣམས་ཏེ་བསམ་གཏན་གྱི་
འབྲས་བུ་དང་། འཇིག་རྟེན་པའི་དོན་གྱི་དངོས་གྲུབ་ལ་སོགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །སུ་ཏེ་ཛ་གྲི་ཞེས་བྱ་བ་མར་མེ་མའི་གང་ཡིན་པ་དེས་ནི་གཟི་བརྗིད་ཆེན་པོ་སྦྱིན་པར་བྱེད་དོ། །སུ་གནྡྷ་གི་ཞེས་བྱ་བ་བྱུག་པ་མའི་གང་ཡིན་པ་དེས་ནི་དྲིའི་མཆོག་ཉིད་སྦྱིན་པར་བྱེད་དོ། །སྡེག་
เล่ม ๕๗ · หน้า 162a
མོ་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱ་བརྒྱད་པོ་འདི་དག་ནི་བོད་པའི་ཚིག་གིས་བརྗོད་པ་ཡིན་ནོ། །ཨ་ཡ་ཧི་ཛཿརྡོ་རྗེ་ལྕགས་ཀྱུའིའོ། །ཨ་ཡ་ཧི་ཧཱུཾ་ཧཱུཾ་ཞགས་པའིའོ། །ཧེ་སྥོ་ཊ་བཾ་ལྕགས་སྒྲོག་གིའོ། །གྷཎྚ་ཨ་ཨ་ཞེས་བྱ་བ་ནི་རྡོ་རྗེ་འབེབས་པའི་ཆོས་ཀྱི་
ཕྱག་རྒྱའོ། །སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱ་ནི་རང་གི་སྙིང་པོ་ཉིད་ཡིན་ནོ། །དགེ་བ་ཞེས་བྱ་བ་ནི་དཀར་པོའོ། །ལྕེ་ལ་ཞེས་བྱ་བ་ནི་གཟུགས་བརྙན་གྱི་སྦྱོར་བས་ལྕེ་ཀུན་དུ་གང་བར་གནས་པར་བསམ་བར་བྱའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པའོ། །དེ་
ནས། ལས་ཀྱི་ཕྱག་རྒྱ་བཅིང་བ་བཤད། །ཅེས་བྱ་བ་ནི་བརྩོན་འགྲུས་ཀྱི་རང་བཞིན་གྱི་བྱ་བ་ནི་ལས་སོ། །དེ་སྟོན་པར་བྱེད་པ་ལག་པའི་ཚུལ་འདྲ་བ་ནི་ཕྱག་རྒྱའོ། །དེ་བཅིང་བ་བཤད་དེ་ཞེས་བྱ་བ་ནི་བཅིང་བའི་མཚན་ཉིད་བརྩམ་པར་བྱའོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་དམ་ཚིག་གི་
རྡོ་རྗེ་ཁུ་ཚུར་རོ། །དམ་བཅིངས་ཏེ་ཞེས་བྱ་བ་ནི་དམ་དུ་བཙིར་བའོ། །མཉམ་པར་གཞག་པས་ཞེས་བྱ་བ་ནི་རང་གི་ལྷ་ལ་དམིགས་པའི་སེམས་ཀྱིས་སོ། །གཉིས་སུ་བྱའོ་ཞེས་བྱ་བ་ནི་སོ་སོར་བྱ་བའོ། །རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་
གཉིས་སུ་བྱས་པ་ནི། རྡོ་རྗེའི་ཕྱག་རྒྱ་གཉིས་ཏེ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་གཉིས་སུ་འགྱུར་རོ། །དེ་ནས་བཅིངས་པ་རབ་ཏུ་བཤད། །ཅེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་བཅིངས་པའི་མཚན་ཉིད་སོ་སོར་ཕྱེ་སྟེ་རབ་ཏུ་བཤད་པར་བྱའོ། །གཡོན་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་
ལ། སྙིང་ག་ན་གནས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སོར་མོ་ནི་གཡོན་པའི་རྡོ་རྗེ་མཛུབ་མོ་སྟེ། དེ་གཟུང་བར་བྱའོ། །གང་གིས་གཟུང་ཞེ་ན། གཡས་པས་ཞེས་བྱ་བ་གསུངས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སོ། །དེ་ཇི་ལྟ་བུར་གྱུར་པ་གཟུང་ཞེ་ན། བསྒྲེང་བ་སྟེ་ཁ་གྱེན་དུ་
བལྟས་ཏེ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི། །ཞེས་བྱ་བ་ལ། བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའོ། །དེ་ཉིད་ནི་མཆོག་སྟེ་དམ་པ་གང་ཡིན་པ་དེས་གསལ་བར་བྱེད་པས་ན། ཕྱག་རྒྱ་དེ་ནི་བྱང་ཆུབ་མཆོག་སྟེ། དེ་
เล่ม ๕๗ · หน้า 162b
སྟོན་པར་བྱེད་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །མི་གཡོ་བ་ཡི་ས་རེག་པ། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཆོས་གོས་ཀྱི་ཐ་མ་འཛིན་པའི་ཚུལ་དུ་བཞག་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་སོར་མོ་ཐམས་ཅད་བརྐྱངས་པས་ས་ལ་རེག་པའི་
ཚུལ་དུ་བྱ་བ་ནི་ས་ལ་རེག་པའོ། །དེ་བཞིན་རིན་ཆེན་མཆོག་སྦྱིན་པའོ། །ཞེས་བྱ་བ་ལ་དེ་བཞིན་ཞེས་བྱ་བ་ནི་རྣམ་པ་དེ་ཉིད་ཀྱིས་ཏེ། ཇི་ལྟར་མི་བསྐྱོད་པའི་ཁུ་ཚུར་གཡོན་པས་ཆོས་གོས་འཛིན་པར་མཛད་པའི་ཚུལ་དེ་བཞིན་དུ། རིན་ཆེན་འབྱུང་ལྡན་གྱི་ཡང་བྱའོ། །རིན་ཆེན་
འབྱུང་ལྡན་གྱི་དེ་ཡང་མཆོག་སྦྱིན་པ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་བཀན་ཏེ། སོར་མོ་ཐམས་ཅད་བརྐྱང་ལ་མཆོག་སྦྱིན་པའི་ཚུལ་དུ་བྱའོ། །དཔག་མེད་པ་ཞེས་བྱ་བ་ནི་ཚེ་དཔག་ཏུ་མེད་པའོ། །ཏིང་ངེ་འཛིན་མཆོག་ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དམ་པའོ། །དེ་སྟོན་པར་བྱེད་
པའི་ཕྱག་རྒྱ་ནི་ཏིང་ངེ་འཛིན་མཆོག་སྟེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སོར་མོ་ཐམས་ཅད་བརྐྱང་ལ་ལྷུང་བཟེད་འཛིན་པའི་ཚུལ་དུ་ཕན་ཚུན་མཐེ་བོའི་རྩེ་ལ་ཕྲད་པར་གཞག་པའོ། །གདོན་མི་ཟ་བ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་སྟེ་དེའི་ལས་ཀྱི་ཕྱག་རྒྱ་ནི་མི་འཇིགས་པ་སྦྱིན་པའོ། །
འདི་སྐད་སྟོན་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པའི་སོར་མོ་ཐམས་ཅད་བརྐྱང་ལ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བྱའོ། །རྡོ་རྗེའི་ལས་རྣམས་ནི་དམ་ཚིག་མི་ཕྱེད་པའི་ལས་ཏེ། དེ་བྱེད་པ་ནི་རྫོགས་པར་བྱེད་པའོ། །བསྒྱིངས་
བཅས་གསོར་བ་ཞེས་བྱ་བ་ནི་སྔར་བཤད་པའོ། །གཉིས་ཀ་ཡིས་ཞེས་བྱ་བ་ནི་གཡོན་དང་གཡས་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་ཁ་ནང་དུ་བལྟས་པ་དཀུར་བཞག་ལ། གཡས་པ་བཀན་ཏེ། སྙིང་གར་གྱེན་དུ་བསྟོད་པའི་ཚུལ་གྱིས་གཞག་པ་འདི་ནི་
རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱའོ། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། །ཞེས་བྱ་བ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་མདུན་དུ་བཞག་ལ་དེའི་ཡང་མདུན་དུ་གཡོན་པའི་རྡོ་རྗེ་ཁུ་ཚུར་ལྕགས་ཀྱུ་འཛིན་པ་ལྟར་བྱ་བ་ནི་རྡོ་རྗེ་རྒྱལ་པོའིའོ། །མདའ་འཕང་པ་ཡི་ཚུལ་དང་ནི། །ཞེས་
เล่ม ๕๗ · หน้า 163a
བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཀན་ཏེ་བཞག་ལ། དེའི་སྟེང་དུ་གཡས་པ་ཁ་སྦུབ་སྟེ་བཞག་ནས་ཡང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མདའ་འདྲེན་པའི་ཚུལ་དུ་བྱས་ལ། རྣ་བ་ལ་ཐུག་གི་བར་དུ་གཞུ་འདྲེན་པའི་ཚུལ་དུ་བྱས་ནས། མདའ་བཀང་
ནས་འཕེན་པ་ལྟར་བྱེད་པ་འདི་ནི་རྡོ་རྗེ་ཆགས་པའིའོ། །ལེགས་སོ་ཞེས་པ་སྙིང་གར་གཞག །ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་བཞག་ལ་མཛུབ་མོ་དང་མཐེ་བོས་སེ་གོལ་བརྡེབས་པ་འདི་ནི་ལེགས་པའོ། །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་
གཉིས་མཛོད་སྤུའི་གནས་སུ་གཞག་པ་འདི་ནི། དབང་བསྐུར་བ་ནི་རྡོ་རྗེ་གཉིས། །ཞེས་བྱ་བར་འགྱུར་རོ། །འདི་ནི་རིན་ཆེན་གྱིའོ། །སྙིང་གར་ཉི་མ་བརྟན་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་གཡས་ནས་བསྐོར་ཏེ་བསྐོར་བར་བྱ་བ་ནི་རྡོ་རྗེ་གཟི་བརྗིད་ཀྱིའོ། །
གཡོན་པ་ལ་ནི་གྲུ་མོ་གཟུགས། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གྲུ་མོ་གཟུགས་པ་ནི་རྡོ་རྗེ་དཔལ་གྱིའོ། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་དགོད་པའི་ཚུལ་དུ་སྒེག་པ་དང་བཅས་པས་ཡོངས་སུ་བསྐོར་
ལ་ཁའི་གྲ་གཉིས་སུ་གཞག་པ་ནི་རྡོ་རྗེ་བཞད་པའིའོ། །གཡས་པ་ཡིས་ནི་གཡོན་པ་དབྱེ། །ཞེས་བྱ་བ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་འབྱེད་པའི་ཚུལ་དུ་འབྱེད་པ་འདི་ནི་རྡོ་རྗེ་ཆོས་ཀྱིའོ། །སྙིང་གར་གཡོན་པ་རལ་གྲི་མདུད། །ཅེས་
བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་འདེབས་པའི་ཚུལ་དུ་བྱ་བ་འདི་ནི། སྙིང་གར་གཡོན་པས་རལ་གྲི་གསོད། །ཅེས་བྱ་བ་སྟེ་རྡོ་རྗེ་རྣོན་པོའིའོ། །མགལ་མེའི་འཁོར་ལོ་བསྐོར་བ་དང་། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་
ཚུར་གཉིས་མགལ་མེའི་འཁོར་ལོ་ལྟ་བུར་གཡས་ཕྱོགས་ནས་ལུས་ཀྱི་ཕྱི་རོལ་དུ་བསྐོར་བ་ནི་རྡོ་རྗེ་རྒྱུའིའོ། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་གྱེན་དུ་བཏེག་པ་འདི་ནི་རྡོ་རྗེ་སྨྲ་བའིའོ། །རྡོ་རྗེ་གར་བསྐོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་
เล่ม ๕๗ · หน้า 163b
ཁུ་ཚུར་གཉིས་བཅིངས་ཏེ། །སྒེག་བཅས་མཐའ་ནས་དགྲོལ་བ་ཡིས། །གློག་འགྱུ་ལྟར་འདེབས་བསྐོར་བ་ནི། །རྡོ་རྗེའི་གར་ཞེས་དེ་བཤད་དོ། །དེ་ཉིད་ནི་གར་བསྐོར་བ་སྟེ། དེས་རྡོ་རྗེ་ཁུ་ཚུར་གཉིས་བསྐོར་བ་དེ་ལས་བྱུང་བའི་ཐལ་མོ་སྦྱར་བ་སྤྱི་བོར་ཡང་དག་པར་བཞག་
ན། རྡོ་རྗེ་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །གོ་ཆ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་མདུད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ལ། ཡང་མགྲིན་པ་དང་ལྟག་པར། ཡང་སྙིང་གར། དེ་ནས་ནུ་མའི་བར་དུ་སླར་ཡང་སྙིང་གར། དེ་ནས་མགྲིན་པ་དང་། རྒྱབ་དང་དབང་
བསྐུར་བའི་གནས་སུ་མདུད་པ་བྱ་བའི་ཚུལ་གྱིས་ཡོངས་སུ་བསྐོར་ལ། ཕྲེང་བ་བཅིང་བ་ཇི་ལྟ་བ་བཞིན་བྱས་ལ། མཐར་ཐལ་མོའི་རྟིང་པ་བརྡབས་པས་མཉེས་པར་བྱས་ལ། ཡང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གོ་བགོ་བའི་ཚུལ་གཉིས་རབ་ཏུ་སྦྱར་བ་ནི་རྡོ་རྗེ་སྲུང་
བའིའོ། །མཐེའུ་ཆུང་མཆེ་བའི་མཆོག་ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་བརྐྱང་ལ་བཀུག་པའི་མཐེ་བོའི་མཆོག་གང་ཡིན་པ་དེ་ནི་མཆེ་བའི་མཆོག་ཅེས་བྱ་བ་སྟེ་དེ་ཁའི་གྲྭ་གཉིས་སུ་གཞག་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །ཁུ་ཚུར་གཉིས་ནི་མནན་
པའོ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་བཙིར་བ་འདི་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །རྡོ་རྗེ་འགྱིང་བ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁུ་ཚུར་གཉིས་དཀུ་གཉིས་སུ་བཞག་ལ། བསམ་པ་གཡོས་པས་ཞེས་བྱ་བ་སྨོས་པའི་ཁྱད་པར་གྱིས་མདུད་པར་བྱ་བ་ནི་སྒེག་མོའི་ཕྱག་རྒྱའོ། །
ཕྲེང་བ་བཅིང་དང་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་བཅིང་བའི་ཚུལ་དུ་བྱེད་པ་ནི་ཕྲེང་བ་མའིའོ། །ཁ་ནས་དབྱུང་ཞེས་བྱ་བ་ནི། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཚིག་འབྱིན་པའི་ཚུལ་དུ་བྱེད་པ་འདི་ནི་གླུ་མའིའོ། །རྡོ་རྗེ་གར་ནི་བསྐོར་བ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་
ལྟར་གར་བྱ་བ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། རྡོ་རྗེ་གར་མའིའོ། །རྡོ་རྗེ་ཁུ་ཚུར་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སོ། །བདུག་པ་ལ་སོགས་དེ་བཞིན་སྦྱིན། །ཞེས་བྱ་བ་ནི་དེ་བཞིན་ཏེ་སྔར་བཤད་པའི་བདུག་པ་མ་ལ་སོགས་པའི་ཕྱག་རྒྱའི་ཚུལ་དེ་ལས་རྡོ་རྗེ་ཁུ་ཚུར་གཉིས་
เล่ม ๕๗ · หน้า 164a
བདུག་པ་འབུལ་བའི་ཚུལ་དུ་ཐུར་དུ་བླུགས་པ་ནི་བདུག་པ་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་མེ་ཏོག་འབུལ་བའི་ཚུལ་དུ་གྱེན་དུ་འཐོར་བ་ནི་མེ་ཏོག་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་ལ་མར་མེ་འབུལ་བའི་ཚུལ་དུ་གཞག་པ་ནི་མར་མེ་མའིའོ། །
རྡོ་རྗེ་ཁུ་ཚུར་གཉིས་བརྐྱང་ལ་རང་གི་སྙིང་གར་དྲིས་བྱུག་པའི་ཚུལ་དུ་བྱེད་པ་ནི་བྱུག་པ་མའིའོ། །སངས་རྒྱས་ཀུན་ལ་མཆོད་པ་ཡི། །ཕྱག་རྒྱའི་མཆོད་པ་བྱེད་པའོ། །ཞེས་བྱ་བ་ནི་མཆོད་པའི་རྒྱུར་བདུག་པ་མ་ལ་སོགས་པའི་མཆོད་པ་ཕྱག་རྒྱ་འདི་དག་བརྟག་པ་འདི་ཡིན་ནོ། །མཛུབ་མོ་ལྕགས་
ཀྱུ་བཅིང་བ་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་ལྕགས་ཀྱུར་བྱའོ། །དེ་བཅིང་བ་ནི་མཐེའུ་ཆུང་ལས། །ཞེས་བྱ་བ་ནི། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མཐེའུ་ཆུང་ལྕགས་ཀྱུར་བྱས་པའི་ལྕགས་ཀྱུ་གཡས་པའི་མཛུབ་མོའི་ལྕགས་ཀྱུའི་རྩ་བ་
དགུག་པར་བཅིང་སྟེ། བཅིངས་པ་དེས། མཐེའུ་ཆུང་སྟེ་ལྕགས་ཀྱུ་ཆེ། །ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱའོ། །མཁྲིག་མ་མདུད་པ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཅིག་ལ་གཅིག་གི་མཁྲིག་མའི་གནས་ཀྱི་རྒྱབ་ཀྱི་ཆ་སྦྱར་བ་དེ་ལྟ་བུ་ནི་མཁྲིག་མ་མདུད་
པར་གྱུར་ཏེ། རྡོ་རྗེ་ཞགས་པའིའོ། །མཛུབ་མོ་གཉིས་གདུབ་ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་དེ་ཉིད་ཀྱི་མཛུབ་མོ་གཉིས་ལྕགས་ཀྱུ་འདྲ་བར་བྱས་པ་ནང་དུ་ཐད་ཀར་བཞག་སྟེ། ཕན་ཚུན་ལྕགས་སྒྲོག་བཅིང་བའི་ཚུལ་དུ་བྱ་བ་འདི་ནི་མཛུབ་མོ་གཉིས་གདུ་བུར་འགྱུར་ཏེ།
རྡོ་རྗེ་ལྕགས་སྒྲོག་གིའོ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་གཞག །ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ཕན་ཚུན་རྒྱབ་སྦྱར་ནས་བཙིར་བ་འདི་ནི་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱའོ། །སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ནི་རྡོ་རྗེ་སེམས་མ་དང་། རིན་ཆེན་དང་།
ཆོས་དང་། ལས་ཀྱི་ཕྱག་རྒྱ་དེ་ཉིད་དེ་དག་གི་ཕྱག་རྒྱ་ཡིན་པར་བལྟ་བར་བྱའོ། །དེ་ནས་འདི་རྣམས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིའོ། །སྒྲུབ་པ་ཞེས་བྱ་བ་ནི་འདིས་སྒྲུབ་པས་ན་སྒྲུབ་པ་སྟེ། རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམ་པའོ། །རྡོ་རྗེ་ལས་ནི་བྱེད་དང་མཉམ། །
เล่ม ๕๗ · หน้า 164b
ཞེས་བྱ་བ་ནི། རྡོ་རྗེ་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྲིན་ལས་ནི། སངས་རྒྱས་རྣམས་ཀྱི་སྤྲུལ་པ་དང་། སེམས་ཅན་གྱི་དོན་བྱ་བ་རྣམས་སོ། །དེ་བྱེད་པས་ན། རྡོ་རྗེ་ལས་ནི་བྱེད་པ་སྟེ་རྡོ་རྗེ་ལས་སོ། །དེ་དང་མཉམ་པ་ནི་མཚུངས་པའོ། །དེ་བསྟན་པའི་ཕྱིར། རྡོ་རྗེ་ཀུན་
དངོས་རྡོ་རྗེ་ནི། །སྙིང་གར་ཡོངས་སུ་བསྒོམ་པར་བྱ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཐམས་ཅད་རང་བཞིན་ནོ། །རྡོ་རྗེ་ཀུན་དངོས་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྙིང་གར་བསྒོམ་ཞིང་བསམ་པ་འདི་ནི་དེ་བསྒྲུབ་པ་ཡིན་ནོ། །ཡེ་ཤེས་ཕྱག་རྒྱ་བཅིངས་པས་ནི། །
སངས་རྒྱས་ཡེ་ཤེས་འཇུག་པར་འགྱུར། །ཞེས་བྱ་བ་ལ། བྱང་ཆུབ་མཆོག་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། བྱང་ཆུབ་ཀྱི་སེམས་དང་། སྦྱིན་པ་དང་། ཤེས་རབ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་ཡེ་ཤེས་བསྡུས་པའི་ཁུ་ཚུར་དེ་བཅིངས་པར་གྱུར་ན། སངས་
རྒྱས་ཀྱི་ཡེ་ཤེས་བཞི་པོ་ཡང་དག་པར་འཇུག་པར་འགྱུར་ཞིང་རབ་ཏུ་ཞུགས་ལ་རྣལ་འབྱོར་པ་ལ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མི་གཡོ་བའི་ཞེས་བྱ་བ་ནི། བཅོམ་ལྡན་འདས་མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ་སྟེ། དེ་བཅིངས་པས་ནི་གཡོ་བ་མེད་ཅིང་འཁྲུག་པ་མེད་
པར་འགྱུར་ཏེ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིངས་པས་ནི་གཞན་ལ་ཕན་པར་བྱེད་དེ། ཕ་རོལ་གཞན་རྣམས་ལ་རྗེས་སུ་གཟུང་བའི་ཕན་འདོགས་པ་འདི་ལ་ཡོད་པས་ན་གཞན་ལ་ཕན་བྱེད་ལྡན་པ་སྟེ་དེ་ལྟ་བུར་འགྱུར་རོ། །དམ་ཆོས་འཁོར་ལོའི་
ཕྱག་རྒྱ་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་བྱ་བ་ནི། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་བཅིངས་ན། ཆོས་སྟོན་པས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །མི་འཇིགས་ཞེས་བྱ་བ་ལ་སོགས་པ་ལ། མི་འཇིགས་པ་རབ་ཏུ་སྩོལ་བའི་
མཆོག་ཡིན་པས་ན། མི་འཇིགས་མཆོག་སྟེ་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའོ། །དེའི་ཕྱག་རྒྱས་ནི་མི་འཇིགས་པ་སྦྱིན་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་གོ་སླའོ། །གདུལ་བྱའི་སྐྱེ་བོ་སྤྲོ་བ་བསྐྱེད་པའི་ཕན་ཡོན་གསུངས་པ་ཡིན་ནོ། །དེ་ནས་
เล่ม ๕๗ · หน้า 165a
ཕྱག་རྒྱ་ཐམས་ཅད་ཀྱི། །ཞེས་བྱ་བ་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཁུ་ཚུར་ནི། དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱིའོ། །སྤྱིའི་ཕྱག་རྒྱ་བཅིངས་པའི་ཆོ་ག་རྒྱས་པ་བཤད་དེ་ཞེས་བྱ་བ་ནི། སྤྱི་ཞེས་བྱ་བ་ཐུན་མོང་དུ་གྱུར་པའི་
བཅིང་བའི་ཆོ་ག་རྒྱས་པ་ཡིན་པས་ཕྱག་རྒྱ་བཅིང་བའི་ཆོ་ག་རྒྱས་པ་ཞེས་བྱ་སྟེ། སྙིང་གར་རྡོ་རྗེ་བསྡམས་པ་དྲལ་བའི་མཚན་ཉིད་དོ། །དེ་བཤད་པར་བྱའོ། །དེ་ཉིད་གསུངས་པ་ནི། དེ་ལ་ཐོག་མ་ཉིད་དུ་ཞེས་བྱ་བ་སྟེ། རྡོ་རྗེ་དབབ་པའི་དམ་ཚིག་གི་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་པ་
ཉིད་ཀྱིས། དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ལས། ཐོག་མ་ཉིད་དུ་རྡོ་རྗེ་བཅིངས་པའི་སོར་མོ་སྙིང་གར་གདབ་པར་བྱ་སྟེ་ཞེས་བྱ་བ་ནི། ཐལ་མོ་སྦྱར་བ་དང་། རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་བཅིངས་ལ།
རང་གི་སྙིང་གར་བཛྲ་བནྡྷ་ཏྲཊ། ཅེས་བྱ་བ་འདིས་ལན་གསུམ་དྲལ་བ་ནི། ཁམས་གསུམ་པའི་འདོད་ཆགས་ལ་སོགས་པ་བག་ཆགས་ཀྱིས་འཆིང་བ་གཞིག་པར་དཀའ་བ་སྟེ། རང་བཞིན་གྱིས་འོད་གསལ་བར་བསྒོམས་པས་གཅོད་པར་སྟོན་པ་ཡིན་ནོ། །དེ་ནས་
ཕྱག་རྒྱ་བཅིང་བ་ཀུན་ནི། རྡོ་རྗེ་འབེབས་པ་ལ་སོགས་པའོ། །རང་རང་གི་ལུས་དང་ངག་དང་སེམས་རྡོ་རྗེ་ནི་རྣལ་འབྱོར་པའིའོ། །དབང་དུ་འགྱུར་རོ་ཞེས་བྱ་བ་ནི་སྒྲུབ་པ་པོས་ཕྱག་རྒྱ་གང་དང་གང་བཅིངས་པ་དེ་དང་དེ་རང་གི་ལས་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་
ཕྱག་རྒྱ་ཐམས་ཅད་བཅིང་བའི་དོན་གྱི་སྔོན་དུ་བྱ་བའི་ཆོ་ག་བསྟན་ནས་ད་ནི་དེ་རྣམས་ཉིད་གྲུབ་པའི་དོན་གྱི་ཆོ་ག་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱར་བཤད་པ། བཛྲ་ཨཱ་བེ་ཤ་ཞེས་ཟློས་ཤིང་བཅིངས་
ལ། ཨཿཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱ་ཞིང་། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་ཡང་ཞུགས་པར་བསམ་པར་བྱའོ། །རྡོ་རྗེ་ཞེས་བྱ་བ་ནི་རང་གི་རིགས་ཀྱི་མཚན་མའི་ཉེ་བར་མཚོན་པ་ཙམ་ཡིན་པར་ཤེས་པར་བྱའོ། །དེ་ནས་བབས་ནས་གྲོགས་པོ་ཉིད་དུ་ཉེ་བར་
เล่ม ๕๗ · หน้า 165b
གནས་པར་འགྱུར་རོ་ཞེས་བྱ་བ་ནི་རང་གི་རིགས་ཀྱི་མཚན་མའི་ཁྱད་པར་གྱི་གཟུགས་ཀྱིས་བབས་ཤིང་ཡང་དག་པར་ཀུན་དུ་ཞུགས་ནས་གྲོགས་པོ་ཉིད་དུ་ཉེ་བར་གནས་པར་འགྱུར་ཏེ། གྲོགས་པོ་དང་འདྲ་བར་དགོས་པ་ཐམས་ཅད་བྱེད་ཅིང་སྒྲུབ་པ་པོ་གང་འདོད་པ་དེ་རྫོགས་
པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དབབ་པ་བརྟན་པར་བྱས་ནས། བཛྲ་མུཥྚི་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། བཛྲ་སནྡྷི་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིངས་པ་ཐམས་ཅད་འགྲུབ་
པར་འགྱུར་ཏེ། གང་གི་ཕྱིར་རྒྱུད་འདི་ཉིད་ལས། །རྡོ་རྗེ་ཁུ་ཚུར་དམ་བཅིངས་པས། །ཕྱག་རྒྱ་ཐམས་ཅད་དབང་དུ་འགྱུར། །ཞེས་བསྟན་པ་ཡིན་ནོ། །དེ་ནས་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་ཟད་པར་བྱས་ནས། དེ་བཞིན་གཤེགས་པའི་ཟློས་པ་པོས་ནི་སེམས་སོ་སོར་
རྟོགས་པ་ལ་སོགས་པའི་ཚུལ་གྱིས་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཟློས་པ་པོས་སྡིག་པ་ཟད་པའི་རྗེས་ཐོགས་ལ་ཕྱག་རྒྱའི་དམ་ཚིག་སེམས་དཔའ་ཆེན་པོ་བསྒོམ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་
ཕྱག་རྒྱའི་དམ་ཚིག་གི་སེམས་དཔའ་ཆེན་པོ་རྗེས་སུ་དྲན་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་རྣམས་ཀྱི་དམ་ཚིག་ཡིན་པས་ན་ཕྱག་རྒྱའི་དམ་ཚིག་སྟེ། དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་རྣམས་བསྐྱེད་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །དམ་ཚིག་ཀྱང་ཡིན་ལ་
སེམས་དཔའ་ཡང་ཡིན་པས་ན། ཕྱག་རྒྱའི་དམ་ཚིག་གི་སེམས་དཔའ་ཆེན་པོ་སྟེ། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་རྣམ་པར་སྣང་མཛད་ཆེན་པོའོ། །དེ་རྗེས་སུ་དྲན་པ་ནི་བསྒོམ་པའོ། །དེ་རྣམ་པར་བསྒོམ་པ་ནི་འདི་ཡིན་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ནམ་
མཁའ་སྐྱེ་བའི་མཚན་ཉིད་ཡིན། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །འདོད་པ་ཀུན་དང་འགྲོ་བའི་བདག །སེམས་ཅན་ཀུན་གྱི་སེམས་གང་ཡིན། །བསྟན་ཕྱིར་སེམས་དཔའ་ཞེས་བཤད་དོ། །མཉམ་པར་གཞག་པས་ཏིང་ངེ་འཛིན། །སེམས་དཔའ་ལས་ནི་རྡོ་རྗེར་
เล่ม ๕๗ · หน้า 166a
འགྱུར། །སེམས་དཔའ་བྱིན་རླབས་སྦྱོར་བ་ཡིས། །སེམས་དཔའ་ཉིད་དུ་འང་དེ་འགྱུར་རོ། །བཅོམ་ལྡན་སེམས་དཔའ་དེ་ཉིད་དེ། །རྡོ་རྗེ་འདོད་པའི་དེ་བཞིན་གཤེགས། །རང་སེམས་རབ་ཏུ་རྟོགས་ལ་སོགས། །སངས་རྒྱས་བྱང་ཆུབ་ཆོ་ག་བཞིན། །
དེ་ཉིད་དེ་བཞིན་གཤེགས་པའི་རིགས། །དེ་ཉིད་རྡོ་རྗེའི་རིགས་ཆེན་པོ། །དེ་ཉིད་པདྨའི་རིགས་དག་པ། །དེ་ཉིད་ནོར་བུའི་རིགས་མཆོག་གོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་སེམས་དཔའ་ལས་བྱུང་བའི་རིགས་ཐམས་ཅད་རྣམ་པར་
བསྒོམས་ནས། མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ལ་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། དམ་ཚིག་ཆེན་པོའི་སེམས་དཔའ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཆེན་པོའོ། །དེ་ལས་བྱུང་བའམ་དེའི་
ངོ་བོའི་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཚན་ཉིད་ཅན་ནི་དམ་ཚིག་ཆེན་པོའི་སེམས་དཔའ་ཆེན་པོ་སྟེ། དེའི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །འདིས་ནི་འདི་སྐད་སྟོན་ཏེ། བདག་ནི་སེམས་དཔའི་སྐུ་དང་གསུང་དང་
ཐུགས་རྡོ་རྗེའི་ངོ་བོ་མིག་ཡོར་ཙམ་ཡིན་གྱི། དོན་དམ་པར་ནི་ཐམས་ཅད་དུ་གཟུགས་ཅན་མ་ཡིན་ཏེ། དེ་བས་ན་ཐོག་མ་དང་ཐ་མ་མེད་པའི་དམ་ཚིག་ཆེན་པོའི་སེམས་དཔའ་ནི་བདག་ཡིན་ནོ་ཞེས་པའོ། །དེ་བཞིན་གཤེགས་པའི་རྣལ་འབྱོར་པས་ནི། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་
མི་ཞེས་བྱ་བ་ནས། ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏསྟ་ཐ་ཨ་ཧཾ་ཞེས་བྱ་བའི་བར་འདི་ཙམ་ཞིག་བརྗོད་པར་བྱའི། མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེ་དང་། ནོར་བུའི་རིགས་ཉིད་ནི། རྣམ་པར་སྣང་མཛད་ཆེན་
པོའི་ངོ་བོ་ཉིད་ཀྱིས་ན། དམ་ཚིག་ཆེན་པོའི་སེམས་དཔའི་རང་བཞིན་ཡིན་པའི་ཕྱིར་རོ། །བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པ་ཟློས་པས་ཀྱང་རིགས་ཀྱི་སྒོམ་པ་པོས་རང་གི་ལྷའི་རྣལ་འབྱོར་བྱ་བ་ཡིན་ཏེ། བཟླས་པའི་དོན་དུ་བདག་ཉིད་ནི། །བསྒོམས་ན་འགྲུབ་པར་འགྱུར་
เล่ม ๕๗ · หน้า 166b
བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱག་རྒྱ་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར། རང་གི་བསྒོམ་པའི་ཆོ་ག་རྒྱས་པར་བཤད་ནས་དེ་བཞིན་གཤེགས་པའི་རྣལ་འབྱོར་པ་དང་། དེའི་རིགས་ཀྱི་རྣལ་འབྱོར་པས་རྣམ་པར་སྣང་མཛད་ལ་སོགས་པའི་རང་གི་ཕྱག་རྒྱ་ཆེན་
པོ་བསྒོམ་པ་གསུངས་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐོག་མ་ཁོ་ན་ཞེས་བྱ་བ་ནི། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་བཅིང་བའི་སྔོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ཕྱག་རྒྱ་བཅིངས་ནས་ཞེས་བྱ་བ་ནི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་ནི་རང་གི་
ཕྱག་རྒྱ་སྟེ། དེ་བཅིང་བ་ནི་རང་གི་ཕྱག་རྒྱ་བཅིང་བའོ། །རང་གི་ཕྱག་རྒྱའི་སེམས་དཔའ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་སྟེ། རང་གི་ཕྱག་རྒྱའི་སེམས་དཔའ་དེར་ས་མ་ཡ་ཧཾ་ཞེས་ཟློས་ཤིང་བསྒོམ་པར་བྱའོ། །དེ་ལ་ས་མ་ཡ་ཞེས་བྱ་
བ་ནི་ཀུན་རྫོབ་སྟེ། ཀུན་རྫོབ་ཀྱི་གཟུགས་ཅན་ནི་བདག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་ཀྱང་བཤད་ཟིན་པས་མ་སྨྲས་སོ། །དེ་ལྟར་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་རང་གི་ལྷའི་ངོ་བོར་བདག་རྣམ་པར་བསྒོམས་ནས་རང་གི་ལྷའི་རྣལ་འབྱོར་བརྟན་པར་བྱ་བའི་
ཕྱིར། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་ཉིད་ཀྱིས། སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་བསྐྱེད་པར་བྱའོ། །དེ་བརྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱིན་གྱིས་
བརླབས་པའི་སྔགས་གསུངས་པ་ནི། ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བ་ཡིན་ཏེ། ས་མ་ཡ་སཏྭ་ཞེས་བྱ་བ་ནི་དམ་ཚིག་གི་སེམས་དཔའ་ཞེས་བོད་པའོ། །ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ། །དེ་ལྟར་བདག་
བྱིན་གྱིས་བརླབས་ནས་དེ་བཞིན་གཤེགས་པའི་ཟློས་པ་པོས་ནི། བཛྲ་དྷཱ་ཏུ་ཞེས་ཟློས་ཤིང་རང་གི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །རྡོ་རྗེ་སེམས་དཔའི་ཟློས་པ་པོས་ནི་བཛྲ་སཏྭ་ཞེས་བྱ་བ་རང་གི་སྙིང་པོ་ཟློས་ཤིང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེས་ནི། །རྡོ་རྗེ་བསྒྱིངས་པར་
เล่ม ๕๗ · หน้า 167a
སེམས་བསྐྱེད་དེ། །བསྒྱིངས་བཅས་རྡོ་རྗེ་གསོར་བྱེད་ན། །རྡོ་རྗེ་སེམས་དཔར་བདག་ཉིད་འགྱུར། །ཞེས་བསམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་འདིས་དམ་ཚིག་གི་
ཕྱག་རྒྱ་བཅིངས་ལ། ཕྱག་རྒྱ་ཆེན་པོ་སྦྱར་བར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེ་ནས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཆོ་ག་འདིས་ཕྱག་རྒྱ་བཅིངས་ལ་དེ་བཞིན་གཤེགས་པའི་ཟློས་པ་པོས་ནི། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ལ། ལེགས་པའི་ཆོ་ག་ཡིད་
ཀྱིས་ནི། །ལུས་ལ་སངས་རྒྱས་ཀུན་གཞུག་གོ། །དམ་ཚིག་མཆོག་གི་ཕྱག་རྒྱ་ནི། །སེམས་དཔའི་རྡོ་རྗེ་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་། །ཞེས་བྱ་བའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒྲུབ་པ་པོས་ནི། ཕྱག་རྒྱ་
ཆེན་པོ་བཅིངས་ལ། བཛྲ་སཏྭ་ཨཿཞེས་བྱ་བ་ལ་སོགས་པས་མདུན་དུ་རྡོ་རྗེ་དབབ་པ་ཇི་ལྟ་བ་བཞིན་དུ་བྱས་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་དང་། བཛྲ་སཏྭ་དྲྀ་ཤྱ་ཞེས་བྱ་བ་ལ་སོགས་པས་བལྟ་བ་བྱས་ལ། དེ་ཉིད་རང་གི་ལུས་ལ་དགུག་པ་དང་། གཞུག་པ་དང་། བཅིང་
བ་དང་། དབང་དུ་བྱས་ལ་བསྒྲུབ་པར་བྱའོ། །འདིས་ནི། རྡོ་རྗེ་དབབ་པ་བྱས་ནས་ནི། །ཕྱག་རྒྱ་ཆེན་པོ་ཆོ་ག་བཞིན། །བཅིངས་ནས་དེ་ཡི་མདུན་ཕྱོགས་སུ། །སེམས་དཔའ་ཆེན་པོ་དེ་བསྒོམ་མོ། །ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །རང་གི་ལུས་ལ་བསྒོམ་པར་བྱ། །
བཀུག་ཅིང་བཅུག་ལ་བཅིང་བ་དང་། །དབང་དུ་བྱས་ཏེ་སྒྲུབ་པའོ། །ཞེས་གང་གསུངས་པ་དེ་བཤད་པ་ཡིན་ནོ། །དེ་ནས་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་བཤད་དེ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་དོན་གྱི་ཆོ་ག་རྒྱས་པ་ཡིན་པས་ན། དངོས་གྲུབ་ཀྱི་ཆོ་ག་རྒྱས་པའོ། །ནོར་བསྒྲུབ་པར་
འདོད་པས་རང་གི་ལྷའི་སྦྱོར་བ་རྗེས་སུ་སྤྱད་ནས་ཇི་སྐད་གསུངས་པའི་ཚུལ་གྱིས་རྡོ་རྗེའི་དངོས་གྲུབ་ལ་སོགས་པ་བསམ་པ་ཉིད་དང་། ཤིས་པའི་སྒྲ་བརྗོད་པར་བྱ་བ་ནི། ཨརྠ་སིདྡྷི་ཞེས་བྱ་བ་སྟེ་གང་གི་ཕྱིར་སྙིང་པོ་འདིས་ནོར་གྱི་དངོས་གྲུབ་ཏུ་འགྱུར་བ་ཡིན་ནོ། །དེ་ནས་རྡོ་རྗེ་ཞེས་
เล่ม ๕๗ · หน้า 167b
བྱ་བ་ལ་སོགས་པ་ལ། བཛྲ་སིདྡྷི་ཞེས་ཟློས་པ་པོས་རྫུ་འཕྲུལ་གྱི་དངོས་གྲུབ་བསྒྲུབ་པར་འདོད་པས་ཀྱང་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་བཛྲ་སིདྡྷི་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་བཛྲ་ཛྭ་ལ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་བཞིན་དུ་རང་གི་ལྷའི་
རྣལ་འབྱོར་སྔོན་དུ་འགྲོ་བ་དང་། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རིག་འཛིན་གྱི་དངོས་གྲུབ་བསྒྲུབ་པར་འདོད་པས། དང་པོ་ཁོ་ནར་འདི་ལྟར་བཛྲ་བི་དྷཱ་ར་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ནི་བཛྲ་དྷཱ་ར་ཞེས་བྱ་བ་ལ་སོགས་པ་བཟླས་པ་བྱའོ། །དེ་ནས་དམ་པ་
བསྒྲུབ་པར་འདོད་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་སེམས་དཔའ་དང་། འཇིག་རྟེན་དབང་ཕྱུག་དང་། རྡོ་རྗེ་ལས་ཀྱི་དངོས་གྲུབ་ཇི་སྐད་དུ་བཤད་པ་ནི་དམ་པ་སྟེ། དེ་གྲུབ་པར་འདོད་ཅིང་དོན་དུ་གཉེར་ནའོ། །རང་གི་ཕྱག་རྒྱའི་སྙིང་པོས་བསྒྲུབ་པོ་ཞེས་བྱ་བས་
ནི་རྣལ་འབྱོར་པ་གང་གི་ལྷའི་ཁྱད་པར་གང་ཡིན་པ་དེའི་སྙིང་པོ་བླངས་ལ་ལྷའི་ཁྱད་པར་བྱས་ནས། བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཀྱི་སྙིང་པོ་ལན་གསུམ་བཟླས་པར་བྱའོ། །དེ་ནས་བཛྲ་བཛྲ་ཞེས་བྱ་བ་ལ་སོགས་པ་བཟླས་པར་བྱའོ། །རྣམ་པར་སྣང་མཛད་ལ་
སོགས་པའི་སྒྲུབ་པ་པོས་ཀྱང་བཛྲ་དྷཱ་ཏུ་ཞེས་བྱ་བ་ནས་བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བའི་བར་གྱིས་རང་གི་ཕྱག་རྒྱའི་སྙིང་པོ་ཟློས་པ་པོས་རྣམ་པར་སྣང་མཛད་ལ་སོགས་པ་བསྒྲུབ་པར་བྱ་སྟེ། རང་གི་ཕྱག་རྒྱ་གྲུབ་པར་བྱ་བའི་ཕྱིར་བཟླས་པ་བྱ་བའི་ངེས་པ་བཤད་པ་ཡིན་ནོ། །དེ་ནས་
ཕྱག་རྒྱ་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་རྡོ་རྗེ་འབེབས་པའི་བར་གྱིས་དོན་གྱི་དངོས་གྲུབ་ལ་སོགས་པའི་ཕྱག་རྒྱའོ། །སྤྱིའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ཐུན་མོང་དུ་གྱུར་པའོ། །རྡོ་རྗེ་ཞེས་བྱ་བ་ནི་བརྟན་པར་བྱ་བའི་ཆོ་གའོ། །གང་ཞིག་ལ་
བརྟན་པར་བྱ་ཞེ་ན། རང་གི་ལུས་དང་ངག་དང་། སེམས་རྡོ་རྗེ་ལའོ། །གང་གི་ཚེ་བརྟན་པར་བྱ་ཞེ་ན། ནམ་ཕྱག་རྒྱའི་བྱིན་གྱི་རླབས་ལྷོད་པར་གྱུར་ཏམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་ཞེས་བྱ་བ་དུས་གང་གི་ཚེ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པ་ལ་འཇུག་པའི་སྒྲུབ་པ་པོ་རྣམས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด