དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སརྦ་ཏ་ཐཱ་ག་ཏ་ཏཏྟྭ་སྃ་གྲ་ཧ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་ནཱ་མ་ཏནྟྲ་ཏཏྟྭ་ཨཱ་ལོ་ཀ་ཀཱ་རི་ནཱ་མ་བྱཱ་ཁྱཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๗ · หน้า 168a
དེ་ལ་དམིགས་པའི་སེམས་གཞན་དུ་འཕྱོ་བ་དང་། ཡུལ་ཕྱོགས་གཞན་དུ་འགྲོ་བ་ལ་སོགས་པའི་རྣམ་པར་རྟོག་པའི་ཚུལ་གྱིས་བཅོམ་པར་གྱུར་པ་དེའི་ཚེ། ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མཐུ་ཉམས་པར་གྱུར་པས་ན་འདི་ནི་ཕྱག་རྒྱའི་བྱིན་གྱི་རླབས་ལྷོད་པར་
གྱུར་པ་ཞེས་བྱ་བ་སྟེ། དེའི་ཚེ་འམ་བདག་གཏོང་བར་འདོད་ན་ཞེས་བྱ་བ་ནི་གང་གི་ཚེ་བསྒོམས་པས་ཡོངས་སུ་དུབ་པར་གྱུར་ན་ཕྱག་རྒྱ་འདི་དགྲོལ་བར་འདོད་པ་ཡིན་ཏེ། དེའི་ཚེ་ཡང་བརྟན་པར་བྱའོ་ཞེས་དུས་ཀྱི་ངེས་པ་གསུངས་པ་ཡིན་ནོ། །འདིས་ཞེས་བྱ་བ་ནི་ཨོཾ་བཛྲ་སཏྭ་
ཞེས་བྱ་བ་ལ་སོགས་པ་ཡི་གེ་བརྒྱ་པ་གསུངས་པས་སོ། །འདིས་ནི་མཚམས་མེད་པ་བྱས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། མཚམས་མེད་པ་བྱས་པ་ཡང་ཞེས་བྱ་བ་ནི། ལ་བཟླ་བ་གསུངས་པ་ཡིན་ཏེ། ངེས་པར་མྱོང་བར་
འགྱུར་བའི་སྡིག་པ་ཆེན་པོ་བྱས་པས་ཀྱང་འགྲུབ་པར་འགྱུར་ན། སྡིག་པ་ཆུང་ངུ་བྱེད་པ་དང་རྒྱུད་ཡོངས་སུ་དག་པ་དེ་དག་ནི་ལྟ་སྨོས་ཀྱང་ཅི་དགོས་ཀྱི་ཤིན་ཏུ་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པ་
གང་ཡིན་པ་འདི་ནི་ངས་བྱས་ཀྱི། བསྟན་བཅོས་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྨྲ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སླུ་བར་བྱེད་པ་དེ་དག་ཀྱང་ངོ་། །དམ་པའི་ཆོས་ལ་སྨོད་པ་ནི་དམ་པའི་ཆོས་རྐུ་བའི་སྡིག་པ་ཆེན་པོ་བྱེད་པ་སྟེ། འདི་དག་ནི་སངས་རྒྱས་
ཀྱིས་གསུངས་པ་མ་ཡིན་གྱི། འདི་ནི་སྙན་དངགས་མཁན་གྱིས་བྱས་པ་ཡིན་ནོ་ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཚིག་གམ་དོན་སྤོང་བར་བྱེད་པ་དེ་ཡང་ངོ་། །ཉེས་པ་ཐམས་ཅད་བྱས་པ་དང་། །ཞེས་བྱ་བ་ནི་ཚུལ་ཁྲིམས་དང་། ཀུན་དུ་སྤྱོད་པ་དང་། འཚོ་བ་ལོག་པ་དང་།
ལྡན་པ་དེ་དག་ཀྱང་རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་པས་འགྲུབ་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི། སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་ནི་རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་པ་སྟེ། དེ་ལས་ཚེ་འདི་ཉིད་ཇི་ལྟར་འདོད་པ་
เล่ม ๕๗ · หน้า 168b
ཞེས་བྱ་བ་དངོས་གྲུབ་དམ་པ་ལ་སོགས་པའི་དངོས་གྲུབ་དང་། ནོར་ཆེན་པོ་འགྲུབ་པ་དང་། དབང་དུ་བྱ་བ་དང་། དབབ་པ་དང་། བསྐྲད་པ་དང་། དགུག་པ་དང་། བཅིང་བ་དང་། རྨོངས་པར་བྱ་བ་དང་། སྨྱོ་བར་བྱ་བ་ལ་སོགས་པ་ནི་དངོས་གྲུབ་ཐམས་ཅད་ཅེས་བྱ་བའི་སྒྲར་བཤད་
དོ། །དངོས་གྲུབ་དམ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་ལས་དང་། རིག་འཛིན་གྱི་དངོས་གྲུབ་ནི་དངོས་གྲུབ་དམ་པའོ། །རྡོ་རྗེའི་དངོས་གྲུབ་ཅེས་བྱ་བ་ནི་རྫུ་འཕྲུལ་རྣམ་པ་བཞིའི་དངོས་གྲུབ་བོ། །རྡོ་རྗེ་
སེམས་དཔའི་དངོས་གྲུབ་ཅེས་བྱ་བ་ནི་སེམས་དཔའ་བཅུ་དྲུག་གི་དངོས་གྲུབ་ལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཅེས་བྱའོ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ལྔའི་དངོས་གྲུབ་བོ། །བར་དུ་ཞེས་བྱ་བའི་སྒྲ་ནི་སྒེག་མོ་ལ་སོགས་པའི་དངོས་གྲུབ་
ནས། རྡོ་རྗེ་འབེབས་པའི་བར་གྱི་དངོས་གྲུབ་སྟོན་ཏེ། འདི་ལྟ་བུའི་དངོས་གྲུབ་རྣམས་དེས་ཐོབ་པར་འགྱུར་བའོ། །དེ་ནས་ཕྱག་རྒྱ་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། རིགས་ཐམས་ཅད་ཀྱི་དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་སོ། །དེ་
རྣམས་ཀྱི་དགྲོལ་བའི་དོན་གྱི་ཆོ་ག་རྒྱས་པ་ནི་ཕྱག་རྒྱ་དགྲོལ་བའི་སྤྱིའི་ཆོ་ག་རྒྱས་པ་སྟེ། དམ་ཚིག་བཅིང་བས་བཅིངས་པ་རྣམས་དམ་ཚིག་གི་འཆིང་བ་དང་བྲལ་བ་ནི་དགྲོལ་བའོ། །དེ་ལ་ཐོག་མ་ཉིད་དུ་ཞེས་བྱ་བ་ནི་གཤེགས་སུ་གསོལ་བའི་དུས་ཀྱི་སྔོན་དུ་སྟེ། ཕྱག་རྒྱ་དགྲོལ་
བར་བྱས་པའི་རྗེས་ལ། ལྷ་རྣམས་གཤེགས་སུ་གསོལ་ཞེས་བྱ་བའི་ཐ་ཚིག་གོ། །གང་དང་གང་ནས་ཞེས་བྱ་བ་ནི་བཟླས་ཏེ་གསུངས་པའོ། །འདི་སྐད་སྟོན་ཏེ་ཕྱག་རྒྱ་གང་སྙིང་གའི་ཕྱོགས་ནས་བྱུང་བ་དེ་དེ་ཉིད་དུ་དགྲོལ་བར་བྱའོ་ཞེས་བྱ་བ་ནས། གང་སྤྱི་གཙུག་ནས་བྱུང་བ་ནི་དེ་
ཉིད་ནས་སོ་ཞེས་བྱ་བའི་བར་དུའོ། །དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་ཀྱི་ངེས་པ་ནི་སྨྲས་ཟིན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་གནས་ནི་མི་བསྐྱོད་པའིའོ། །རྡོ་རྗེ་རིན་ཆེན་གྱི་གནས་ནི་རིན་ཆེན་འབྱུང་ལྡན་གྱིའོ། །རྡོ་རྗེ་ཆོས་
เล่ม ๕๗ · หน้า 169a
ཀྱི་གནས་ནི་འོད་དཔག་ཏུ་མེད་པའོ། །རྡོ་རྗེ་ལས་ཀྱི་གནས་ནི་དོན་ཡོད་པར་གྲུབ་པའིའོ། །སྤྱི་གཙུག་གི་གནས་ནི་རྣམ་པར་སྣང་མཛད་ཀྱིའོ། །འདིར་སྦྱར་བ་ནི་འདི་ལྟ་བུ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་གནས་སུ་བཛྲ་དྷཱ་ཏུ་ཞེས་ཟློས་ཤིང་དམ་ཚིག་གི་ཕྱག་
རྒྱ་བཅིངས་ལ་བཛྲ་མུཿཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་གནས་སུ་དགྲོལ་ལ། དེའི་ཕྱག་རྒྱ་ཐམས་ཅད་དགྲོལ་བར་བསམ་པར་བྱ་བའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱིས་དམ་ཚིག་ཕྱག་རྒྱ་བཅིངས་ལ་བཛྲ་ཨཱ་བེ་ཤ་ཞེས་ཟློས་ཤིང་བཛྲ་མུཿཞེས་བྱ་བས་རྡོ་རྗེ་འབེབས་པའི་གནས་
སུ་དགྲོལ་ལ། དེའི་ཕྱག་རྒྱ་ཐམས་ཅད་དགྲོལ་བར་བསམ་པར་བྱའོ། །སྙིང་ག་ནས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་སྙིང་གར་བཅིངས་ལ། དེ་ནས་བཏེག་སྟེ་རང་གི་དབང་བསྐུར་བའི་གནས་
མཛོད་སྤུའི་ཕྱོགས་སུ་བཞག་ལ། བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བས་ཕྱག་རྒྱ་ཐམས་ཅད་དབང་བསྐུར་བ་བྱས་ནས། ཕྱག་རྒྱ་ཐམས་ཅད་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཅན་གྱི་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་འགྱུར་རོ། །མཛུབ་མོ་གཉིས་ཀྱིས་ཞེས་བྱ་བ་
ལ་སོགས་པ་ལ། ཡང་འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ལ། སརྦྦ་མུ་དྲ་མེ་དྲྀཥྚི་ཀུ་རུ་བ་ར་ཀ་བ་བེ་ཙེ་ན་བཾ་ཞེས་བྱ་བ་འདི་དང་། དེ་བཞིན་དུ་མཛུབ་མོ་གཉིས་ཀྱིས་དེ་རྣམས་ལ་གོ་ཆ་བཅིང་བར་བྱ་ཞིང་། དེ་ཉིད་ཀྱི་དར་དཔྱངས་དང་ཕྲེང་བ་དཀྲི་
ཞིང་བཅིང་བར་བྱའོ། །དེ་ནས་དར་དཔྱངས་དཔྱང་བ་བྱས་ནས། བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བ་དང་། མཉམ་པའི་ཐལ་མོས་མཐར་མཉེས་པར་བྱའོ། །རྡོ་རྗེ་ལྟ་བུར་འགྱུར་རོ་ཞེས་བྱ་བ་ནི། དེ་ལ་གོ་ཆ་བགོ་བ་དང་ཕྲེང་བ་བཅིང་བ་དག་གིས་སྔགས་པ་ལུས་དང་སེམས་རྡོ་རྗེ་ལྟར་མི་ཕྱེད་པ་
ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་རྡོ་རྗེ་སེམས་དཔས་ཀྱང་བྱའོ་ཞེས་བྱ་བ་ནི་བཛྲ་སཏྭ་ཞེས་རྡོ་རྗེ་སེམས་དཔའ་བཟླས་པས་ཀྱང་བཤད་མ་ཐག་པ་དེ་ཐམས་ཅད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་
เล่ม ๕๗ · หน้า 169b
གསུངས་ཏེ། གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ལྷན་ཅིག་ཅེས་བྱ་བ་གསུངས་ཏེ། ལྷན་ཅིག་བཟླས་ན་འགྲུབ་པར་འགྱུར། །ཇི་ལྟར་འདོད་པ་ཞེས་བྱ་བ་ནི། བསམ་པ་གང་ཁོ་ནས་བཟླས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་འགྲུབ་པར་འགྱུར་ཞེ་ན། བདག་བདེ་བར་ཞེས་བྱ་
བ་གསུངས་ཏེ། གང་ཞིག་སེམས་བདེ་བའི་བདག་ཉིད་ཅན་དེ་ནི་བདེ་བའི་བདག་སྟེ། དཔལ་རྡོ་རྗེ་སེམས་དཔའ་བསྒོམས་པས་སེམས་བདེ་བ་རྣམས་འགྲུབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། བཟླས་པ་ཙམ་གྱིས་སོ། །ཕྱག་ན་རྡོ་རྗེས་གསུངས་པ་བཞིན། །ཞེས་བྱ་བ་ནི་
ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བདེ་བའི་བདག་ཉིད་ཅན་དག་འགྲུབ་པར་འགྱུར་གྱི། བདེ་བ་མ་ཡིན་པའི་བདག་ཉིད་ཅན་སེམས་རྣམ་པར་གཡེངས་པ་རྣམས་ནི་མ་ཡིན་ནོ་ཞེས་གསུངས་པ་བཞིན་དུའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡང་ཡིན་ལ་སེམས་དཔའ་
རྣམས་ཀྱང་ཡིན་པས་ན། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས་ཏེ། རྡོ་རྗེ་རྒྱལ་པོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་རྣམས་སོ། །དེ་རྣམས་ཀྱི་བསྒྲུབ་པ་དང་ལས་ཀུན་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང་ལས་རྣམས་ཏེ། བསྒྲུབ་པ་དང་ལས་ད་དག་ཐམས་ཅད་
ལ། འདིར་ནི་ཅི་དགར་བཟླས་ནས་ནི། །ཞེས་བྱ་བ་ནི། འདིར་ཞེས་བྱ་བ་རྒྱུད་འདིར་ནི་བསྒོམ་པ་གཙོ་བོ་ཡིན་གྱི་གྲངས་ཀྱི་བཟླས་པ་གཙོ་བོར་མི་བྱའོ། །འདིས་ནི་འདི་སྐད་སྟོན་ཏེ། རྒྱུད་འདིར་ནི་བསྒོམ་པ་གཙོ་བོར་གྱུར་པ་ཡིན་གྱི་དེ་བས་ན་ཇི་ཙམ་འདོད་པ་ཙམ་གྱི་སྔགས་
བཟླས་པར་བྱའི་གྲངས་ཀྱི་བཟླས་པ་ནི་མི་བྱའོ། །དེ་ལྟར་རང་གི་རྒྱུད་ཀྱི་ཆོ་ག་གསུངས་ནས། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཞེས་བྱ་བ་ལ་སོགས་པས་དེས་འདུལ་བའི་སྐྱེ་བོ་རྣམས་ཀྱི་ཕྱིར་རྒྱུད་གཞན་གྱི་ཆོ་ག་ཡང་གསུངས་པ་ཡིན་ཏེ། དེ་ལ་སྙིང་པོའི་སྒྲས་ནི་
རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྙིང་པོ་རྣམས་ལ་བྱ་བར་བཤད་དོ། །ཕྱག་རྒྱ་ནི་གཟུགས་ཀྱི་དཀྱིལ་འཁོར་ལས་གསུངས་པའོ། །སྔགས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པ་རྣམས་སོ། །རིག་པ་རྣམས་ནི་རིགས་ཐམས་ཅད་ཀྱི་ལས་ཀྱི་
เล่ม ๕๗ · หน้า 170a
དཀྱིལ་འཁོར་ལས་གསུངས་པ་ལས་བྱ་བར་བཤད་དོ། །དེ་རྣམས་ཀྱང་། ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྣལ་འབྱོར་དང་། བྱ་བ་དང་། སྤྱོད་པ་དང་། གཉི་གའི་རྒྱུད་ལ་སོགས་པའི་ཆོ་གའི་ཚུལ་གྱིས་སོ། །རྟོག་པ་ལས་བཤད་
པ་ནི་རང་གི་ལྷས་གསུངས་པའི་རྟོག་པ་ལ་སོགས་པ་དང་། རྟོག་པ་གཞན་གྱི་ཆོ་ག་དེ་ནི་རྟོག་པ་ལས་བཤད་པ་སྟེ། རྟོག་པ་ལས་བཤད་པ་དེས་སོ། །རང་བྱས་པའམ་ཞེས་བྱ་བ་ནི། རང་གི་ལྷས་རང་གི་བསྒྲུབ་པ་གསུངས་པ་གང་ཡིན་པ་དེ་ནི་རང་བྱས་པ་ཞེས་བྱ་སྟེ། རང་གིས་
བྱས་པ་དེས་ཀྱང་ངོ་། །བསྒྲུབ་པ་འདིར་ནི་ཐམས་ཅད་དོ། །ཞེས་བྱ་བ་ནི་སྔར་བཤད་པ་ཐམས་ཅད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །གསང་བའི་མཆོད་པ་ནི་མཆོད་པ་གསང་བ་སྟེ་རྡོ་རྗེ་སྒེག་མོ་ལ་སོགས་པའོ། །བརྗོད་པ་ནི་བཛྲ་ལཱ་སྱེ་ཞེས་བྱ་བ་ལ་སོགས་པ་ཟློས་ཤིང་སྒེག་མོ་ལ་
སོགས་པ་གསང་བའི་མཆོད་པ་བཞི་བྱའོ། །རྡོ་རྗེ་བསྟོད་པ་ནི་རྡོ་རྗེ་རྣམས་ཀྱི་བསྟོད་པ་ཡིན་པའམ། རྡོ་རྗེ་བསྟོད་པའི་གླུ་ཡིན་པས་ན་རྡོ་རྗེ་བསྟོད་པའི་གླུ་སྟེ། དེ་བླངས་པ་ནི་གླུར་ལེན་པའོ། །འདིས་ཞེས་བྱ་བ་ནི་འོག་ནས་བཤད་དོ། །ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པས་ནི། །ཞེས་བྱ་བ་ནི་
བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་དང་མི་བསྐྱོད་པའི་རིགས་ནི་རྡོ་རྗེ་སེམས་དཔའོ། །དེ་བསྡུས་པ་ནི་བསྒོམས་པའི་སྟོབས་ཀྱིས་ཉེ་བར་བླངས་པའོ། །རྡོ་རྗེ་རིན་ཆེན་བླ་ན་མེད། །ཅེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེའི་འབྲས་བུ་རིན་པོ་ཆེའི་རིགས་ནི་རྡོ་རྗེ་རིན་ཆེན་
ནོ། །དེ་ཉིད་བླ་ན་མེད་པའོ། །དེ་བས་ན། རྡོ་རྗེ་སེམས་དཔའ་བསྡུས་པས་ནི། །ཞེས་བྱ་བ་མི་བསྐྱོད་པའི་རིགས་རྟོགས་པས་ན། རྡོ་རྗེ་རིན་ཆེན་བླ་ན་མེད། །ཅེས་བྱ་བ་ཉོན་མོངས་པ་བག་ཆགས་དང་བཅས་པ་དང་བྲལ་བའི་རིན་པོ་ཆེའི་རིགས་དང་མཉམ་པར་གྱུར་ཅིག་ཅེས་རྣལ་
འབྱོར་པ་ལ་གསོལ་བ་འདེབས་པའོ། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའི་སེམས་དང་སེམས་ལས་བྱུང་བ་དང་པདྨའི་རིགས་ནི་རྡོ་རྗེ་ཆོས་སོ། །དེ་གླུར་བླངས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་སོ་སོར་རྟོགས་པ་སྟེ།
เล่ม ๕๗ · หน้า 170b
དེ་ཡང་གསལ་བའི་དབྱེ་བས་རྣམ་པ་སྣ་ཚོགས་པར་སོ་སོར་རྟོགས་པ་ཡིན་ཏེ། དེ་བས་ན་གླུར་བླངས་པ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གྱུར་པས། རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལས་ཀྱི་རིགས་ནི་རྡོ་རྗེ་སྟེ། དེ་ལ་བོད་པའོ། །
སངས་རྒྱས་ཀྱི་སྤྲུལ་པ་དང་། འགྲོ་བའི་དོན་བྱེད་པ་ནི་འདི་ལས་ཡིན་ཏེ། རྫོགས་པར་བྱེད་པར་འགྱུར་བས་ན། རྡོ་རྗེའི་ལས་ནི་བྱེད་པར་འགྱུར། །ཞེས་གསོལ་བ་འདེབས་པའོ། །འདིས་ནི་འདི་སྐད་སྟོན་ཏེ། རྡོ་རྗེ་གླུ་ལེན་ཅིང་རེ་རེ་ཞིང་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་གར་བྱས་ལ། རྡོ་རྗེ་
སྒེག་མོ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ་མཆོད་པ་བྱའོ། །དེ་ལྟར་གསང་བའི་མཆོད་པ་བཞེས་ཕྱི་དང་ནང་དུ་བཅས་པའི་དཀྱིལ་འཁོར་ཡང་དག་པར་མཆོད་ལ། དེ་བཞིན་དུ་གར་དང་གླུ་ལེན་ཅིང་གར་ལས་བྱུང་བའི་རྡོ་རྗེ་བདུག་པ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་
དང་། ཕྱིའི་བདུག་པ་ལ་སོགས་པ་ལག་པ་གཤིབས་པས་བླངས་ལ། ནང་གི་དཀྱིལ་འཁོར་ཡང་དག་མཆོད་ནས་ཕྱིའི་དཀྱིལ་འཁོར་མཆོད་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་དབུས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་བསྟོད་པའི་གླུ་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །མཆོད་པ་དེ་དག་རང་རང་གི་གནས་སུ་གཞག་གོ་ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པའི་ཕྱག་རྒྱ་བཅིངས་ན། སྒེག་མོ་ལ་སོགས་པའི་ཚུལ་དུ་རྣལ་འབྱོར་པས་བསྒོམས་པ་གང་ཡིན་པ་དེ། སྒེག་མོ་ལ་སོགས་པའི་གནས་སུ་ཡིད་ཀྱིས་གཞག་པ་ལ་གཞན་གྱིས་ཕྱག་རྒྱ་བཅིང་
བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་ནས། དཀྱིལ་འཁོར་ཐམས་ཅད་ཅི་ནུས་པར་མཆོད་ཅིག་ཅེས་སློབ་མ་ལ་བསྒོ་སྟེ། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ལ་
གསོལ་ཞིང་ཞུ་བར་བྱའོ། །དེ་ནས་མཆོད་པ་བྱེད་དུ་བཅུག་ལ། ཇི་ལྟར་ཞུགས་པའི་རྣམ་པ་ཞེས་བྱ་བ་བསམ་པ་གང་ཞིག་གིས་ཞུགས་པ་སྟེ། དེ་རྣམས་ཅི་འབྱོར་བའི་ཞེས་བྱ་བ་ནི་རྫས་ཅི་ཡོད་པས་སོ། །དེ་ཉིད་བཤད་པ་ནི་རོ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་རོ་
เล่ม ๕๗ · หน้า 171a
ཐམས་ཅད་ནི། མངར་བ་དང་། སྐྱུར་བ་དང་། ལན་ཚྭ་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་དང་ལྡན་པའི་ཁ་ཟས་ནི་རོ་དང་ཁ་ཟས་ཐམས་ཅད་དོ། །གནས་པས་ན་གནས་པ་སྟེ། སྤྱོད་ལམ་གར་ལ་སོགས་པའི་ཚུལ་དང་། གླུ་མ་ལ་སོགས་པ་ཡང་གཟུང་ངོ་། །རོ་དང་
ཁ་ཟས་དང་སྤྱོད་ལམ་ལ་སོགས་པའི་ཡོ་བྱད་ཐམས་ཅད་དཀྱིལ་འཁོར་ཆེན་པོར་དབུལ་བར་བྱ་སྟེ། དེ་ཐམས་ཅད་ཀྱིས་ཇི་ལྟར་ཞུགས་པ་རྣམས་མགུ་ཞིང་ཚིམ་པར་བྱའོ། །དེ་ལྟར་ཚིམ་པར་བྱས་ནས་ཅི་ཞིག་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པའོ། །དེའི་དོན་གྱི་རྡོ་རྗེ་བརྟུལ་ཞུགས་ནི་ངེས་
པར་བྱ་བ་སྟེ། རྡོ་རྗེ་ཡོངས་སུ་མི་འདོར་བ་དེ་སྦྱིན་པར་བྱའོ། །འདི་ཞེས་བྱ་བ་ནི་རང་གི་ལག་ན་གནས་པར་གསུངས་པའོ། །དེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཞེས་བཅོམ་ལྡན་འདས་ཀྱིས་གང་གསུངས་པའོ། །འདི་ཅི་ཞིག་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་
ཉིད་ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ན་སངས་རྒྱས་ཉིད་དེ། རྡོ་རྗེ་འདི་ནི་སངས་རྒྱས་ལྔའི་རང་བཞིན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་སེམས་དཔའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཞེས་བྱ་བ་ནི་གང་གི་
ཕྱིར་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་འདི་རྡོ་རྗེ་སེམས་དཔའི་ལག་ན་འདུག་པ་ཡིན་ལ། དེ་བས་ན་དེའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཀྱང་རྟག་ཏུ་བཅང་བར་བྱའོ། །འདི་གང་གི་བརྟུལ་ཞུགས་ཡིན་ཞེ་ན། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བ་གསུངས་
ཏེ། འདི་ནི་ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་མི་ཕྱེད་ཅིང་བརྟན་པ་ཡིན་ནོ། །དེ་ནས་སློབ་མས་རང་གི་མགོར་རྡོ་རྗེ་བཞག་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ལ་ཞེས་བྱ་བ་ནི་བཅོམ་
เล่ม ๕๗ · หน้า 171b
ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ནི་སོ་སོའི་སྐྱེ་བོར་གྱུར་པས། ཆོ་ག་ལྷག་པ་དང་མ་ཚང་བ་གང་ཅི་བགྱིས་པ་དེ་དག་ཐམས་ཅད་བདག་ལ་བཟོད་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་ལྟར་གསོལ་བ་བཏབ་སྟེ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས་
ཁ་གྱེན་དུ་བསྟན་ཏེ་བཀྲོལ་ལ། ཨོཾ་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་བྱ་བ་ནི་ཁྱེད་ཀྱིས་སེམས་ཅན་གྱི་དོན་སྐལ་བ་ཇི་ལྟ་བ་བཞིན་མཛད་པས་ན། སེམས་ཅན་དོན་ཀུན་མཛད་དེ། བག་ཆགས་བསྒོ་
བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །རྗེས་སུ་མཐུན་པར་དངོས་གྲུབ་སྩོལ། །ཞེས་བྱ་བ་ནི་བག་ཆགས་ཇི་ལྟར་བསྒོ་བའི་ཚུལ་དང་མཐུན་པ་ནི་རྗེས་སུ་མཐུན་པ་སྟེ། གང་གི་ཕྱིར་སྐལ་བ་ཇི་ལྟ་བ་བཞིན་དུ་བག་ཆགས་བསྒོ་བ་ལ་སོགས་པ་དང་། རྗེས་སུ་མཐུན་པའི་དངོས་གྲུབ་
སྩལ་བ་འདིས། །ཁྱེད་ཀྱིས་སེམས་ཅན་གྱི་དོན་ཀུན་མཛད་པའོ། །སངས་རྒྱས་ཡུལ་དུ་བཞུད་པར་མཛོད། །ཅེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཏེ། སེམས་ཅན་གྱི་དོན་དང་ཆོས་ཀྱི་དབྱིངས་སོ། །དེ་ནས་སླར་ཡང་གཤེགས་པར་གསོལ། །
ཞེས་བྱ་བ་ནི་གང་གི་ཚེ་བདག་སྤྱན་འདྲེན་པར་བགྱིད་པ་དེའི་ཚེ། ཁྱེད་གཤེགས་པར་མཛད་དུ་གསོལ་ཞེས་པའོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ལ་བྱའོ་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ནས་བརྩམས་ཏེ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཇི་སྐད་
གསུངས་པའི་ཆོ་ག་འདི་ཐམས་ཅད་བྱའོ། །དམ་ཚིག་མཆོག་གི་ཕྱག་རྒྱ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་རྣམས་སོ། །དེ་རྣམས་བཅིངས་པར་གྱུར་པ་ལས་དགྲོལ་བར་བྱ་སྟེ། ཕྱག་རྒྱ་ཐམས་ཅད་གང་དང་གང་ནས་བྱུང་བ་དེ་དང་དེ་ནས་དགྲོལ་ལོ་ཞེས་སྔར་
བཤད་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དགྲོལ་བར་བྱའོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་གྱི་ནི་དབུས་ཉིད་དུ། །ཅི་རིགས་པར་ནི་མཆིས་ནས་ཀྱང་། །ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཕྱི་རིམ་ཕྱོགས་སུ་ནི། །སེམས་དཔའ་ཆེན་པོ་རྣམས་ཀྱང་གཞག །ཅེས་
เล่ม ๕๗ · หน้า 172a
བྱ་བའི་བར་འདིས་དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་དང་། བསྲུང་བ་དང་། དགུག་པ་དང་། བཟླས་པ་དང་། བསྒོམ་པ་དང་། སྦྱིན་སྲེག་གི་དེ་ཁོ་ན་ཉིད་བསྟན་པ་ལས། གང་གི་ཕྱིར་དཀྱིལ་འཁོར་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་འདིར་བསྟན་
ལ། སྔགས་ཀྱི་དེ་ཁོ་ན་ཉིད་ནི་རྒྱུད་ཕྱི་མ་ལས་སྟོན་ཏོ། །དེ་མ་ཚིག་གསུམ་སྒོམ་པར་བྱེད་པ་ན་ལྷ་རྣམས་ཕྱག་རྒྱ་བཞིས་ངེས་པར་རྒྱས་གདབ་པར་བྱ་བ་ནི་ཕྱག་རྒྱའི་དེ་ཁོ་ན་ཉིད་དོ། །བདག་བསྲུང་བ་ལ་སོགས་པ་ནི། བསྲུང་བའི་དེ་ཁོ་ན་ཉིད་དོ། །བསྡུ་བ་ལ་སོགས་པ་ནི་སྔར་
སྤྱན་དྲངས་པའི་དེ་ཁོ་ན་ཉིད་དོ། །བཟླས་པ་དང་བསྒོམ་པ་ནི་སྔོན་དུ་བསྙེན་པ་ལ་སོགས་པ་ཐམས་ཅད་བྱ་བ་ཡིན་པས་ན། དེ་དག་གི་དེ་ཁོ་ན་ཉིད་དོ། །དཀྱིལ་འཁོར་ལ་སོགས་པར་སྦྱིན་སྲེག་བྱ་བ་ནི། སྦྱིན་སྲེག་གི་དེ་ཁོ་ན་ཉིད་ཡིན་པར་བསྟན་ཏོ། །དེ་ནས་ཕྱག་རྒྱ་ཐམས་ཅད་དགྲོལ་
བའི་སྤྱིའི་ཆོ་ག་རྒྱས་པར་བཤད་དོ་ཞེས་བྱ་བ་ནས། ཕྱག་ན་རྡོ་རྗེས་གསུངས་པ་བཞིན། །ཞེས་བྱ་བའི་གཞུང་གིས་ནི། ཕྱག་རྒྱ་ཐམས་ཅད་ཉེ་བར་བསྡུས་པའི་དེ་ཁོ་ན་ཉིད་སྟོན་ཏོ། །དེ་ནས་གསང་བའི་མཆོད་པ་བརྗོད་ཅིང་། རྡོ་རྗེ་བསྟོད་པའི་གླུ་བླངས་ཏེ། གསང་བའི་མཆོད་
པ་བཞི་བྱའོ། །ཞེས་བྱ་བ་ནས་བརྩམས་ཏེ། བདུག་པ་ལ་སོགས་པས་མཆོད་པ་བྱེད་དུ་བཅུག་ལ་ཞེས་བྱ་བའི་བར་གྱི་གཞུང་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ལ་ཞེས་བྱ་བ་ནས་བརྩམས་ཏེ། བཛྲ་ས་ཏྭ་མུཿཞེས་བྱ་བའི་བར་གྱི་གཞུང་
གིས་ནི། མཆོད་ནས་གཤེགས་སུ་གསོལ་བའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་སྟོན་ཏོ། །གཞན་དག་ནི་དེ་ཁོ་ན་ཉིད་དགུ་པོ་འདི་དག་གི་ཡུལ་དང་བྲལ་བའི་གཞུང་གིས་ཆོ་གའི་དེ་ཁོ་ན་ཉིད་སྟོན་པ་ཡིན་ནོ། །ལ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་
བར་གྱི་ངོ་བོ་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་ནི་དེ་ཁོ་ན་ཉིད་བཅུ་དང་ཐ་དད་པར་འདོད་དོ། །ཁ་ཅིག་ནི་མི་རིགས་ཏེ། གང་གི་ཕྱིར་འདི་དག་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཚུལ་གྱིས་ན། ཕྱག་རྒྱ་ཆེན་པོའི་ཁོངས་སུ་གཏོགས་པ་ཡིན་པས་ལོགས་ཤིག་ཏུ་མ་བཞག་གོ་ཞེས་
เล่ม ๕๗ · หน้า 172b
ཟེར་རོ། །ཡང་དེ་ཁོ་ན་ཉིད་བཅུ་པོ་འདི་དག་འབྲས་བུ་དང་རྒྱུ་དང་། དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་རོ། །དེ་ལ་དོན་གྱི་དངོས་གྲུབ་ལ་སོགས་པ་ནི་འབྲས་བུའི་དེ་ཁོ་ན་ཉིད་དོ། །དེ་ཐོབ་པའི་ཐབས་ནི་རྒྱུའི་དེ་ཁོ་ན་ཉིད་དོ། །དོན་དམ་པར་རྒྱུ་དང་
འབྲས་བུའི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ན། དོན་དམ་པའི་དེ་ཁོ་ན་ཉིད་ཡིན་པར་བཤད་པ་ཡིན་ནོ། །ཡང་ན་ཤེས་རབ་དང་ཐབས་ཀྱི་དབྱེ་བས་དེ་ཁོ་ན་ཉིད་རྣམ་པ་གཉིས་སུ་འགྱུར་རོ། །དོན་དམ་པ་དང་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་དེ་ཁོ་ན་ཉིད་བཅུ་པོ་འདི་དག་དོན་
དམ་པར་བསྒོམ་པ་ཡིན་པས་ན་དོན་དམ་པའི་དེ་ཁོ་ན་ཉིད་དུ་གསུངས་པ་ཡིན་ལ། ཀུན་རྫོབ་ཏུ་ཡང་ཇི་སྐད་དུ་གསུངས་པའི་དབྱེ་བས་ཕྱེ་བ་འདི་དག་ཡོད་པ་ཉིད་དེ། དེ་བས་ན་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་དུ་གསུངས་པ་ཡིན་ནོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་དེ་ཁོ་ན་
ཉིད་ཇི་ལྟར་བསྟན་པར་བྱས་པ་དེ་བཞིན་དུ། གཟུངས་ཀྱི་དཀྱིལ་འཁོར་ནས་བརྩམས་ཏེ་རིགས་ཐམས་ཅད་ལ་ཡང་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ནི་རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོའི་
མཚན་ཉིད་དོ། །དེ་མངོན་པར་རྟོགས་པ་ནི་ཁོང་དུ་ཆུད་ཅིང་མངོན་སུམ་དུ་བྱས་པའི་དོན་ཏོ། །དེ་ལས་རྟོག་པ་གང་སྐྱེ་བ་དེ་ནི་རྟོག་པ་སྟེ། འདི་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོའི་ཞེས་བྱ་བ་ནས། འདི་ནི་རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །ཕྱག་
རྒྱ་ཆེན་པོ་ལ་སོགས་པ་བརྟག་པའི་ཚུལ་དེ་ཉིད་ཀྱིས་གཞན་དུ་རྟོག་པ་ཟིལ་གྱིས་མནན་ནས། མཛེས་ཤིང་འབར་བ་ནི་རྟོག་པའི་རྒྱལ་པོའོ། །རྟོག་པའི་རྒྱལ་པོ་དེ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་སོ་ཞེས་བྱ་བ་ནི་མཐར་ཐུག་པ་ཉིད་དོ་
ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རྣམ་པར་འགྲེལ་པ་རྫོགས་སོ།། །།དེ་ལྟར་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བསྟན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པ་གཟུགས་ཀྱི་དཀྱིལ་
เล่ม ๕๗ · หน้า 173a
འཁོར་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའི་སྒྲ་སྟེ། དང་པོ་སྦྱོར་བའི་རྗེས་ཐོགས་ལའོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་
སེམས་དཔའི་སྤྲུལ་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་རོ། །དེ་རྣམས་ཀྱི་གཉིས་སུ་མེད་པའི་དྲན་པ་དང་ཤེས་རབ་དང་ཡང་དག་པར་ལྡན་པའི་ཐུགས་ནི་རྡོ་རྗེའི་གཟུགས་སོ། །དེའི་དམ་ཚིག་ནི་
རྡོ་རྗེའི་གཟུགས་ཀྱི་ལྷ་མོ་ལ་སོགས་པའི་སྐུའོ། །དེའི་འབྱུང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་སེམས་དཔའ་རྡོ་རྗེ་ལས་བྱུང་བ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུགས་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེའོ། །དེ་ལ་དམིགས་
པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་མིང་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི། གཟུགས་ཀྱི་ལྷ་མོ་སྤྲུལ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཅེས་བྱ་བ་ནི། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་སེམས་དཔའ་རྡོ་རྗེའི་གཟུགས་ཀྱིས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་པ་ནི་འདིར་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་ལ་བྱ་སྟེ། དེ་རྣམས་ཀྱི་གཟུགས་འཛིན་པའི་ངང་
ཚུལ་འདི་ལ་མངའ་བས་ན་རྡོ་རྗེ་འཛིན་པའོ། །རྡོ་རྗེ་འཛིན་པའི་གཟུགས་འཛིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཀུན་དུ་འབར་བའི་སྙིང་པོ་ཡང་ཡིན་ཏེ། ཀུན་ནས་འབར་བའི་སྙིང་པོར་བྱས་པ་ནི་ཀུན་དུ་འབར་བའི་སྙིང་པོའོ། །དེ་ལྟ་བུ་དེ་སུ་ཞིག་ཡིན་ཞེ་ན། རྡོ་རྗེ་གཟུགས་ཀྱི་དམ་
ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་གཟུགས་ནི་བཤད་ཟིན་ཏོ། །དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུའི་བར་གྱི་གཟུགས་ཏེ། དེས་ཉེ་བར་མཚོན་པའི་ལྷ་མོ་རྣམས་ནི། རྡོ་རྗེ་གཟུགས་ཀྱི་དམ་ཚིག་གི་ཕྱག་
เล่ม ๕๗ · หน้า 173b
རྒྱའི་ལྷ་མོ་རྣམས་སོ། །དེ་རྣམས་སུ་གྱུར་པ་ནི་ཀུན་དུ་བཟང་པོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་གཟུགས་རིག་པའི་ལྷ་མོ་རྣམས་སུ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་རྡོ་རྗེའི་གཟུགས་ཀྱི་ལྷ་མོ་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་སུ་གྱུར་ནས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་སྤྲོས་པ་སྟོན་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་རྣམས་ཀྱི་གདུལ་བྱ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་གྱི་སེམས་ཅན་གང་ཡིན་པ་དེ་རྣམས་ཀྱི་ཡེ་
ཤེས་བསྒྲུབས་ཏེ་ཞེས་བྱ་བར་སྦྱར་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུགས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུགས་སོ། །དེ་ཉིད་ནི་ཡེ་ཤེས་ཏེ། ཇི་སྐད་དུ་བཤད་པའི་དྲན་པ་དང་། ཤེས་རབ་དང་། ཡང་
དག་པར་ལྡན་པའི་ཐུགས་སོ། །དེ་བསྒྲུབ་པ་ནི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་རྡོ་རྗེ་གཟུངས་ཀྱི་ཡེ་ཤེས་བསྐྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིག་གི་ཕྱག་རྒྱའི་གཟུགས་སུ་གྱུར་ནས་ཞེས་བྱ་བ་ནི། ཀུན་དུ་བཟང་མོ་ལ་སོགས་པའི་ལྷ་མོའི་
གཟུགས་མི་སྣང་བར་བྱས་ནས་རྡོ་རྗེ་ལ་སོགས་པའི་གཟུགས་སུ་སྤྲུལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཇི་སྐད་བཤད་པའི་བཀོད་པའི་ཚུལ་གྱི་རིམ་པས་ཟླ་བའི་དཀྱིལ་འཁོར་རྣམས་ལ་བཀོད་དེ། ཆེད་དུ་བརྗོད་པ་
འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །བྱང་ཆུབ་སེམས་དཔའ། སེམས་ཅན་ཀུན་ལ་ཕན་བཞེད་པ། །ཞེས་བྱ་བ་ནི་ཕན་པར་བཞེད་པ་ཉིད་དོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། འདུལ་བའི་དབང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་
ཕྱིར་འདུལ་བའི་དབང་གིས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དབང་གིས་དཔའ་བོ་ཞེས་བྱ་བ། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་ཉིད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་བསྐྱོད་པ་ཡིན་ན། བུད་མེད་གཟུགས་སུ་མཛད་པར་འགྱུར། །ཞེས་བྱ་བ་དེ་
เล่ม ๕๗ · หน้า 174a
དོན་ཡོད་པ་མ་ཡིན་ཞིང་ཉོན་མོངས་པ་སྤངས་སུ་ཟིན་ཀྱང་། འདི་ལྟ་བུ་མཛད་པ་འདི་ནི་ངོ་མཚར་ཆེའོ། །དེ་ལྟར་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ནས། དེ་ནས་ཞེས་བྱ་བ་ལ་སོགས་པས་གཟུངས་ཀྱི་རིག་པ་གསུངས་པར་སྟོན་ཏོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཡེ་ཤེས་ནི་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་མ་དང་། རིན་ཆེན་མ་དང་། ཆོས་མ་དང་། ལས་མ་རྣམས་ཀྱི་ཇི་སྐད་དུ་བཤད་པའི་གཟུངས་རྣམས་ནི་ཡེ་ཤེས་སོ། །དེ་རྣམས་ལས་བྱུང་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱའོ། །དེའི་དམ་ཚིག་ནི་རྡོ་རྗེ་
དབྱིངས་ཀྱི་དབང་ཕྱུག་མའི་དཀྱིལ་འཁོར་རོ། །དེ་ཉིད་ནི་རྡོ་རྗེ་དབྱིངས་སོ། །དེའི་ཏིང་ངེ་འཛིན་གང་གིས་བྱིན་གྱིས་རློབ་ཅིང་བརྟན་པར་བྱེད་པ་དེ་ནི་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་དེ་ལ་སྙོམས་པར་ཞུགས་པ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དཀྱིལ་འཁོར་བརྟན་པའི་
རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་སེམས་དཔའ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པ་དང་དེའི་རིགས་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་གི་
ཡེ་ཤེས་ནི་མི་བསྐྱོད་པའི་རིགས་ཀྱི་ཕྱག་རྒྱ་བསྐྱེད་པའི་རང་བཞིན་ཏེ། ཇི་སྐད་དུ་བཤད་པའི་གཟུངས་ནི་ཡེ་ཤེས་སོ། །དེ་རྣམས་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པའི་གཟུགས་ནི་ཕྱག་རྒྱ་ཡིན་པས་དེ་སྐད་ཅེས་བྱའོ། །དེའི་དཀྱིལ་འཁོར་ནི་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་
རོ། །དེ་གང་བྱིན་གྱིས་རློབ་པ་དེ་ནི་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྙོམས་པར་ཞུགས་པ་ནི་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་བརྟན་པར་བྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་
རིན་པོ་ཆེ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་སྟེ། རིན་ཆེན་འབྱུང་ལྡན་ལ་སོགས་པའི་རིགས་རྣམས་སོ། །དེའི་དམ་ཚིག་ནི་ཡེ་ཤེས་ཏེ་རིན་ཆེན་འབྱུང་ལྡན་གྱི་རིགས་བསྐྱེད་པའི་རྒྱུའོ། །ཇི་སྐད་དུ་བཤད་པའི་གཟུངས་ནི་ཡེ་ཤེས་སོ། །དེ་ལས་
เล่ม ๕๗ · หน้า 174b
བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་རང་གི་དབང་བསྐུར་བའི་དཀྱིལ་འཁོར་རོ། །དེ་གང་གི་བྱིན་གྱིས་བརླབ་པ་ནི་དེ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཏོ། །དེ་ལ་
སྙོམས་པར་ཞུགས་པ་རང་གི་དབང་བསྐུར་བའི་དཀྱིལ་འཁོར་བརྟན་པར་བྱ་བའི་ཕྱིར་ཐུགས་རྩེ་གཅིག་ཏུ་མཛོད་ཅེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པ་ལ་སོགས་པའི་རིགས་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་གི་ཡེ་ཤེས་
ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ལས་བྱུང་བའི་རྡོ་རྗེ་པདྨ་ལ་སོགས་པའི་ཕྱག་རྒྱ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེའི་དཀྱིལ་འཁོར་ནི་ཚེ་ཚད་མེད་པའི་ཆོས་ཀྱི་དཀྱིལ་འཁོར་ཏེ། དེ་ཏིང་ངེ་
འཛིན་གང་གིས་བྱིན་གྱིས་རློབ་པ་དེ་ནི། དེ་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ནི་གདོན་མི་ཟ་བར་གྲུབ་པ་ལ་སོགས་པའི་སྣ་ཚོགས་རྡོ་རྗེ་བསྐྱེད་པའི་རྒྱུའི་ཡེ་ཤེས་
ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་ཡེ་ཤེས་སོ། །དེ་རྣམས་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེའི་དཀྱིལ་འཁོར་ནི་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་
འཁོར་རོ། །དེ་ཏིང་ངེ་འཛིན་གང་གིས་བྱིན་གྱིས་བརླབ་པ་དེ་ནི་དེ་བྱིན་གྱིས་བརླབ་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་རང་གི་རིག་པའི་མཆོག་འདི་སྨྲས་སོ་ཞེས་རེ་རེ་ཞིང་ཀུན་ལ་ཡང་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཆེན་པོ་ནི་ཀུན་དུ་བཟང་
མོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཞི་པོ་བཤད་དོ། །ཀུན་དུ་བཟང་མོ་ཞེས་བྱ་བ་ནི་ཀུན་ནས་བཟང་བ་སྟེ། བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཐུགས་ཀྱི་ཚུལ་གྱིས་སམ། དེའི་རྒྱུ་མཐུན་པ་ལས་བྱུང་བས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་རྒྱུ་ཉིད་
เล่ม ๕๗ · หน้า 175a
ཀྱིས་ན། དེ་བཞིན་གཤེགས་པའི་ལྕགས་ཀྱུ་མའོ། །དགའ་བ་ནི་མགུ་བ་སྟེ་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བ་གང་ཡིན་པའོ། །དེའི་ཆགས་པ་ནི་དགའ་བ་ལ་ཆགས་པ་སྟེ་ཤིན་ཏུ་ཞེན་པ་ཡིན་ལ། དེའི་ངོ་བོ་ཉིད་
ཡིན་པའམ། དེ་ལས་བྱུང་བ་ཉིད་ཀྱིས་ན། དེ་ལ་ཡང་དགའ་བ་ལ་ཆགས་པ་ཞེས་བྱའོ། །རྫོགས་པའི་བྱང་ཆུབ་ལ་སྤྱོད་པའི་མཚན་ཉིད་ཅན་གྱི་ལེགས་པ་ཉིད་ཡིན་པས་སམ། དེའི་རྒྱུ་མཐུན་པ་ལས་བྱུང་བས་ལེགས་ལྡན་མའོ། །བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་
ལས་བྱུང་བ་ཡིན་པས་ན་འདི་དག་ནི་གཟུངས་ཆེན་མོ་རྣམས་སོ། །ནོར་གྱི་སྦྱིན་པ་ནི་རིན་པོ་ཆེའོ། །དེས་མཆོག་ཏུ་གྱུར་པས་ན་རིན་པོ་ཆེའི་གཙོ་མོའོ། །དེ་བཞིན་དུ་མི་འཇིགས་པ་སྦྱིན་པའི་རིན་པོ་ཆེའོ། །དེ་ཉིད་ནི་འཇིགས་པའི་མུན་པ་སེལ་བ་ཉིད་ཀྱིས་སྒྲོན་མ་དང་ཆོས་
མཐུན་པའི་ཕྱིར་རོ། །དེ་ལས་བྱུང་ཞིང་དེའི་རྒྱུ་མཐུན་པ་ཡིན་པས་ན་རིན་པོ་ཆེའི་སྒྲོན་མའོ། །བྱམས་པའི་སྦྱིན་པ་སྟོན་པར་བྱེད་པའི་རྒྱལ་མཚན་གྱི་ཕྱག་རྒྱ་ནི་རྒྱལ་མཚན་གྱི་རྩེ་མོའོ། །དེའི་དཔུང་རྒྱན་གྱིས་ཉེ་བར་མཚོན་པ་གང་ཡིན་པ་དེ་ནི་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་མའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྦྱིན་པ་སྟོན་པར་བྱེད་པའི་ཅུང་ཟད་འཛུམ་པ་ནི་བཞད་པ་སྟེ། དེ་འདི་ལ་མངའ་བས་ན་བཞད་པ་དང་ལྡན་མའོ། །ནོར་དང་། མི་འཇིགས་པ་དང་། བྱམས་པ་དང་། ཆོས་ཀྱི་སྦྱིན་པའི་རིན་པོ་ཆེ་ནི་རིན་པོ་ཆེའོ། །དེ་སྟོན་པར་བྱེད་པ་
དག་ལ་ཡང་རིན་པོ་ཆེའི་གཟུངས་ཞེས་བྱའོ། །རྡོ་རྗེ་པདྨོ་ནི་ཆུ་སྐྱེས་ཀྱི་མཚན་མ་གང་ལ་མངའ་བ་དེ་ནི་རྡོ་རྗེ་པདྨའོ། །ཀུན་ནས་འཛིན་ཅིང་དེ་བཞིན་དུ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་འཇོམས་པར་བྱེད་པའི་གཟུངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཀུན་དུ་འཛིན་
པས་ན་ཀུན་འཛིན་མའོ། །འཁོར་ལོ་ཐམས་ཅད་ནི་དཀྱིལ་འཁོར་ཐམས་ཅད་དེ། དེ་གང་ལ་མངའ་བ་དེ་ནི་འཁོར་ལོ་ཐམས་ཅད་མའོ། །ཆོས་ཐམས་ཅད་ནི་ངག་གི་སྤྲོས་པ་དང་བྲལ་བ་སྟེ། བྲག་ཅ་དང་འདྲའོ་ཞེས་བྱ་བའི་སྒྲ་རྣམས་སྟོང་དུ་ཟློས་ཤིང་མངོན་དུ་བྱེད་པ་གང་ཡིན་པ་
เล่ม ๕๗ · หน้า 175b
དེ་ནི་སྟོང་དུ་ཟློས་མའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་རང་བཞིན་དེ་ལས་བྱུང་བའི་གཟུངས་ནི་ཆོས་ཀྱི་གཟུངས་རྣམས་སོ། །སངས་རྒྱས་ཀྱི་སྤྲུལ་པ་དང་སེམས་ཅན་གྱི་བྱ་བ་རྣམས་འགྲུབ་པའི་མཆོག་ཡིན་པས་ན། དངོས་གྲུབ་ཀྱི་གཙོ་མོའོ། །སངས་རྒྱས་ཉིད་འདོད་
པ་ཐམས་ཅད་ལ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱིས་བསྲུང་བའམ། དེའི་གཟུགས་ཀྱིས་བསྲུང་བས་ན་ཐམས་ཅད་སྲུང་བ་མའོ། །བགེགས་དང་ལོག་འདྲེན་ཐམས་ཅད་ལ་རེ་རེ་ཞིང་དྲག་པོའི་གཟུགས་བསྟན་ནས་མདངས་དང་གཟི་བརྗིད་འཕྲོག་པར་མཛད་པས་ན་མདངས་སླར་
འཕྲོག་མའོ། །དེ་བཞིན་ཉིད་ཀྱི་ཁུ་ཚུར་གྱིས་གཟུངས་ཐམས་ཅད་རྒྱས་འདེབས་པས་ན་གཟུངས་ཀྱི་ཕྱག་རྒྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རྫོགས་པར་བྱེད་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་དུ་ཁྱབ་པ་ཉིད་ཀྱིས་ནི་ཐམས་ཅད་ཅེས་
བྱ་བ་ལ། དེའི་ངོ་བོ་ཉིད་མ་ཡིན་པའམ། དེ་ལས་བྱུང་བ་ཡིན་པས་ཐམས་ཅད་ཀྱི་གཟུངས་རྣམས་སོ། །རྡོ་རྗེ་གསང་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ཏེ། དེའི་དམ་ཚིག་གི་ཕྱག་རྒྱ་བཞི་པོ་བཤད་དོ། །ཕྱག་རྒྱ་འདི་དག་ནི་རྡོ་རྗེ་སེམས་མ་ལ་སོགས་པ་ཡིན་ཏེ། གང་
གི་ཕྱིར་རྗེས་ཐོགས་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་ལས་ཞེས་གསུངས་ལ། དེ་དག་ཉིད་ལས་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་སེམས་མ་ལ་སོགས་པ་ཡིན་ལ། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི། རིན་པོ་ཆེ་དང་། ཆོས་
དང་། ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ་ནི་གཟུངས་ཀྱི་དཀྱིལ་འཁོར་རོ། །དེ་ཉིད་ནི་དམ་ཚིག་ཡིན་ལ། དེ་དག་ཏུ་གཟུངས་སྡུད་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། གང་གི་ཕྱིར་དེ་རྣམས་རེ་རེའི་ཕྱག་རྒྱས་གཟུངས་
ཐམས་ཅད་ཡང་དག་པར་བསྡུས་པའོ། །དེ་རྣམས་གང་དུ་གཞག་པར་བྱ་ཞེ་ན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་གསང་བའི་མཆོད་པ་ནི་སྒེག་མོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཞི་པོ་བཤད་དོ། །དེ་
เล่ม ๕๗ · หน้า 176a
དག་ཉིད་དེ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་སྒེག་མོ་ལ་སོགས་པའི་མཚན་མའི་ཕྱག་རྒྱ་རྣམས་དགོད་དོ། །བདུག་པ་མ་ལ་སོགས་པ་དང་། རྡོ་རྗེ་འབེབས་པའི་བར་གྱི་སྙིང་པོ་རྣམས་ནི་འདིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་
པོར་གསུངས་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་འདིར་རྡོ་རྗེ་འབེབས་པའི་བར་གྱི་མཚན་མའི་ཕྱག་རྒྱ་ཡང་དེ་རྣམས་ཉིད་དགོད་པར་བྱའོ། །འདིས་ནི་དེ་ནས་ཞེས་བྱ་བ་ནས་དགོད་དོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་གཟུངས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་
ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ནི་སྔ་མ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི། གཟུངས་ཀྱི་དཀྱིལ་འཁོར་དུ་དམ་
ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པས། དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱ་བའི་ཕྱིར་དང་། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་
ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་རྗེས་ཐོགས་ཉིད་ལ་སྟེ། གང་གི་ཞེ་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ། གཟུངས་ཀྱི་རིག་པ་ཐམས་ཅད་རེ་རེ་ཞིང་བཟླས་བརྗོད་ཁྲི་བྱས་ལ། ཞག་བདུན་གྱི་བར་དུ་གཟུངས་ཀྱི་དཀྱིལ་
འཁོར་ལས་གསུངས་པའི་ཏིང་ངེ་འཛིན་གསུམ་བསྒོམས་པས་སོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ལ་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སེམས་དང་སེམས་ལས་བྱུང་བའོ། །གཟུངས་ཀྱི་རང་བཞིན་ཅན་གྱི་གསང་བ་ནི་རྡོ་རྗེ་གསང་བ་སྟེ། མིང་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་
ཆེན་པོ་གང་ཡིན་པ་དེ་བཤད་པ་ནི་གསུངས་པའོ། །དེ་ལ་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་གཟུངས་ཀྱི་ཚུལ་གྱིས་སེམས་དང་སེམས་ལས་བྱུང་བའི་མཆོད་རྟེན་ལ་སོགས་པ་ནས། རྡོ་རྗེ་
เล่ม ๕๗ · หน้า 176b
དྲིལ་བུའི་ཕྱག་རྒྱ་ནི་རྡོ་རྗེ་ཆེན་པོ་སྟེ། རྡོ་རྗེ་ཆེན་པོ་དེ་རྣམས་ཀྱི་དཀྱིལ་འཁོར་འདི་བཤད་པའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ལྷ་མོའི་གཟུགས་སྦ་བར་བྱ་བའི་ཕྱིར། མཆོད་རྟེན་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུའི་བར་གྱི་ཕྱག་རྒྱ་
སྤྲུལ་པ་གང་ཡིན་པ་དེ་ནི་རྡོ་རྗེ་གསང་བའོ། །དེ་ཉིད་ནི་རྡོ་རྗེ་ཆེན་པོའོ། །དེ་རྣམས་ཀྱི་དཀྱིལ་འཁོར་གང་ཡིན་པ་དེ་ནི་རྡོ་རྗེ་གསང་བ་ཞེས་བྱ་བའི་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་རོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་རྡོ་རྗེ་ནི་མཚན་མའི་ཕྱག་རྒྱ་རྣམས་སོ། །དཀྱིལ་འཁོར་དམ་པ་ནི་
མཆོག་སྟེ། དེ་རབ་ཏུ་བཤད་པར་བྱའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་གསུངས་ཏེ། སྤྲུལ་པའི་གཟུངས་ཀྱི་དཀྱིལ་འཁོར་ནི་འདིར་རྡོ་རྗེ་དབྱིངས་ཏེ་དེ་དང་འདྲའོ། །མིང་ཇི་སྐད་བྱ་ཞེ་ན། རྡོ་རྗེ་གསང་བ་ཞེས་བཤད་དོ་ཞེས་བྱ་བའོ། །དཀྱིལ་འཁོར་
ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབྱིབས་དང་འདྲ་བའོ། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །ཞེས་བྱ་བ་ནི་ཕྱི་དང་ནང་དུ་བཅས་པ་བྲི་བར་བྱའོ། །དཀྱིལ་འཁོར་ཀུན་གྱི་དབུས་སུ་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་
མ་རྡོ་རྗེ་ཐུགས་ཀྱི་རང་གི་དབང་བསྐུར་བའི་མིང་བྲི་བ་ནི། དཀྱིལ་འཁོར་ཀུན་གྱི་དབུས་སུ་ནི། །ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཕྱག་རྒྱ་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཚན་མ་བྲི་བར་བྱའོ། །ཇི་ལྟར་བྲི་བར་བྱ་ཞེ་ན། མཆོད་
རྟེན་ཁྲི་ལ་ལེགས་འདུག་པ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་བྱ་བ་གསུངས་ཏེ། དེ་ལ་ཁྲི་ནི་རིག་པའི་རྟེན་ཏེ། དེའི་སྟེང་དུ་ཇི་ལྟར་གྲགས་པའི་མཆོད་རྟེན་བྲི་བ་འདི་ནི་རྡོ་རྗེ་དབྱིངས་ཀྱི་དབང་མོ་ཞེས་བྱ་བ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཆོད་རྟེན་གྱི་
ཕྱག་རྒྱའོ། །འདི་སྐད་སྟོན་ཏེ། ཁ་ཁྱེར་གསུམ་པའི་རིག་པའི་གནས་ཀྱི་ཁྲི་བྲིས་ལ། དེའི་སྟེང་དུ་པདྨ་དང་། དེའི་ཡང་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མཆོད་རྟེན་དབུ་ནུབ་ཏུ་བལྟས་པ་བྲི་བར་བྱའོ། །རྡོ་རྗེ་སེམས་མ་ནས་བརྩམས་ཏེ། རྡོ་རྗེ་འབེབས་པའི་བར་གྱི་
เล่ม ๕๗ · หน้า 177a
མཚན་མ་ཡང་རེ་རེ་ཞིང་རིག་པའི་ཁྲིའི་སྟེང་དུ་བྲི་བར་བྱའོ། །རྡོ་རྗེ་བརྩེགས་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པ་ཆུར་གནས་པ་བྲིས་ལ། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་གཉིས་པ་མགོ་ཤར་དུ་བལྟས་པར་རྡོ་རྗེ་ལ་རྡོ་རྗེ་བྲི་བ་ནི་རྡོ་རྗེ་བརྩེགས་ཞེས་བྱའོ། །རྡོ་རྗེ་ཐུགས་ཞེས་
བཤད་པའོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་མི་བསྐྱོད་པའི་ཐུགས་ནི་རྡོ་རྗེའི་ཐུགས་སོ། །དེ་སྟོན་པར་བྱེད་པའི་ཕྱག་རྒྱ་ལ་རྡོ་རྗེ་ཐུགས་ཞེས་བརྟགས་པ་ཡིན་ཏེ། འདི་ནི་མི་བསྐྱོད་པའི་གནས་སུ་བྱའོ། །རྡོ་རྗེ་རིན་ཆེན་ཁྲི་ཡི་སྟེང་། །ཞེས་བྱ་བ་ནི། རྡོ་རྗེ་རྩེ་ལྔ་པས་
རྩེ་མོ་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མགོ་ལྷོ་ཕྱོགས་སུ་བལྟས་པ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རང་གི་དབང་བསྐུར་བའི་མིང་གི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་ལ། པདྨ་དམར་སྐྱ་འདབ་མ་བཅུ་དྲུག་པ་ལ། འདིའི་དབུས་ན་པདྨ་
འདབ་མ་བརྒྱད་པ་ཁ་ལེགས་པར་བྱེ་བ། སྟེང་གི་བརྒྱད་ཁ་མ་བྱེ་བ། དེའི་ལྟེ་བ་ན་རྡོ་རྗེ་རྩེ་ལྔ་པ་གནས་པ་འདི་ནི་རྡོ་རྗེ་པདྨོ་ཞེས་བྱ་བ་སྟེ། འོད་དཔག་ཏུ་མེད་པའི་གནས་སུ་མགོ་ནུབ་ཏུ་བལྟས་པར་བྲི་བ་འདི་ནི་མཚོན་ཆ་ཞེས་བྱ་བའི་ཕྱག་རྒྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
རལ་གྲིའི་གཟུགས་ཀྱི་མཚོན་ཆས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འཇོམས་པས་ན་མཚོན་ཆ་ཞེས་བྱ་བར་བཤད་ཅེས་བྱ་བ་ཡིན་ནོ། །ལས་ཀྱི་རྡོ་རྗེ་ནི་རྩེ་མོ་བཅུ་གཉིས་པའི་ཇི་སྐད་བཤད་པའི་རྡོ་རྗེ་ལས་མའི་གཟུགས་མགོ་བྱང་དུ་བལྟས་པའི་སྣ་ཚོགས་རྡོ་རྗེ་འདི་ནི་དོན་ཡོད་
པར་གྲུབ་པའི་གནས་སུ་བྱ་བས་ན་རྡོ་རྗེ་ཀུན་ཞེས་བྱ་བར་བཤད་ཅེས་བྱའོ། །རྡོ་རྗེ་བྲི་བར་བྱ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་གནས་སུ་རྡོ་རྗེ་རྩེ་ལྔ་པ་འགྲེང་བ་བྲིའོ། །རྡོ་རྗེ་རྒྱལ་པོའི་གནས་སུ་ལྕགས་ཀྱུ་གཉིས་སོ། །རྡོ་རྗེ་ཆགས་པའི་གནས་སུ་རྡོ་རྗེ་གཉིས་འཁྱུད་པ་ཆུང་ངུ་བྲིའོ། །
རྡོ་རྗེ་ལེགས་པའི་གནས་སུ་མཁྲིག་མའི་བར་དུ་ཡོད་པ་རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་ལེགས་སོ་ཞེས་སྦྱིན་པའི་ཚུལ་དུ་བྱའོ། །རྡོ་རྗེ་རིན་ཆེན་གྱི་གནས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་ནོ། །རྡོ་རྗེ་ཉི་མའི་གནས་སུ་ནི་ཉི་མའི་དཀྱིལ་
เล่ม ๕๗ · หน้า 177b
འཁོར་ལྟེ་བ་ན་རྡོ་རྗེ་རྩེ་ལྔ་པ་ཡོད་པ་འདི་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱའོ། །དཔལ་གྱི་གནས་སུ་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་ཕྱག་རྒྱའོ། །བཞད་པའི་གནས་སུ་ནི་རྡོ་རྗེ་གཉིས་ཀྱི་བར་དུ་སོའི་ཕྲེང་བ་གཉིས་བྲིས་པ་ནི་བཞད་པའི་ཕྱག་རྒྱའོ། །རྡོ་རྗེ་ཆོས་ཀྱི་གནས་སུ་ནི་སྔར་
བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་པདྨའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཡོད་པ་བྲིའོ། །རྡོ་རྗེ་རྣོན་པོའི་གནས་སུ་ནི་རྡོ་རྗེ་རལ་གྲིའོ། །རྡོ་རྗེ་རྒྱུའི་གནས་སུ་ནི་འཁོར་ལོ་རྩིབས་བརྒྱད་པ་རྩིབས་རྣམས་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་བྱའོ། །རྡོ་རྗེ་སྨྲ་བའི་གནས་སུ་ནི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་
ལྕེའོ། །རྡོ་རྗེ་ལས་ཀྱི་གནས་སུ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་སྣ་ཚོགས་རྡོ་རྗེ་ཀུན་དུ་རྩེ་མོ་ཞེས་བྱ་བའོ། །རྡོ་རྗེ་སྲུང་བའི་གནས་སུ་ནི་གོ་ཆའི་ཕྱག་རྒྱ་མཐའ་གཉིས་སུ་རྡོ་རྗེ་རྩེ་ལྔ་པ་གཉིས་དང་ལྡན་པའོ། །རྡོ་རྗེ་གནོད་སྦྱིན་གྱི་གནས་སུ་ནི་མཆེ་བ་གཉིས་རྩ་བའི་ཆ་ན་
རྡོ་རྗེ་རྩེ་ལྔ་ཡོད་པའོ། །རྡོ་རྗེ་ཁུ་ཚུར་གྱི་གནས་སུ་ནི་དམ་ཚིག་གི་ཁུ་ཚུར་གྱིས་ཡོངས་སུ་བཟུང་བའི་རྡོ་རྗེ་རྩེ་ལྔ་པ་བྲི་བར་བྱའོ། །རྡོ་རྗེ་སེམས་མ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་སུ་གསུངས་པ་ཉིད་བྲི་བའི་ཆོ་ག་ཡིན་ནོ། །སྒེག་མོའི་གནས་སུ་ནི་རྡོ་རྗེ་རྩེ་ལྔ་པ་གཉིས་སོ། །ཕྲེང་བ་མའི་
གནས་སུ་ནི་རྡོ་རྗེ་རིན་པོ་ཆེའི་ཕྲེང་བའོ། །གླུ་མའི་གནས་སུ་ནི་རྡོ་རྗེ་པི་ཝང་ངོ་། །གར་མའི་གནས་སུ་ནི་མཁྲིག་མའི་བར་དང་བཅས་པའི་ལག་པ་གཉིས། རྡོ་རྗེ་རྩེ་གསུམ་པ་དང་བཅས་པས་གར་བྱེད་པའོ། །བདུག་པ་མའི་གནས་སུ་ནི་སྤོས་སྣོད་དོ། །མེ་ཏོག་མའི་གནས་
སུ་ནི་མེ་ཏོག་གི་སྣོད་རྡོ་རྗེ་མེ་ཏོག་གིས་གང་བའོ། །མར་མེའི་གནས་སུ་ནི་རྡོ་རྗེ་མར་མེའི་སྡོང་བུའོ། །བྱུག་པའི་གནས་སུ་ནི་རྡོ་རྗེ་དྲིའི་དུང་ཆོས་སོ། །རྡོ་རྗེ་ལྕགས་ཀྱུའི་གནས་སུ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱའོ། །ཞགས་པའི་གནས་སུ་ནི་རྡོ་རྗེ་ཞགས་པའོ། །ལྕགས་སྒྲོག་གི་
གནས་སུ་ནི་རྡོ་རྗེ་ལྕགས་སྒྲོག་གོ། །རྡོ་རྗེ་འབེབས་པའི་གནས་སུ་ནི་རྡོ་རྗེ་དྲིལ་བུ་བྲི་བར་བྱའོ། །ཕྱག་རྒྱ་ཐམས་ཅད་ཀྱང་རྡོ་རྗེ་འབར་བས་བསྐོར་བའོ། །མི་བསྐྱོད་པའི་རིགས་ལས་བྱུང་བ་རྣམས་ནི་མགོ་ཤར་དུ་བལྟས་པའོ། །གཞན་དག་ནི་མགོ་ལྷོ་དང་། ནུབ་དང་། བྱང་
เล่ม ๕๗ · หน้า 178a
དུ་བལྟས་པའོ། །མཚམས་སུ་གནས་པ་རྣམས་ནི་མགོ་མཚམས་སུ་བལྟས་པ་བྱའོ། །ཕྱི་རོལ་དུ་ཡང་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ལ་ཇི་ལྟར་རིགས་པའི་ཚུལ་དང་མི་འགལ་བར་བྱམས་པ་ལ་སོགས་པ་རང་གི་མཚན་མ་ཡང་དག་པར་བྲི་བར་བྱ་སྟེ།
དེ་ཉིད་བཤད་པ་ནི་བྱམས་པ་ལ་སོགས་པ་རང་གི་མཚན། ཇི་ལྟར་དགའ་བ་བཞིན་དུ་བྲི། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ཇི་ལྟར་དགའ་བ་ཞེས་བྱ་བ་ནི་འདི་ཡིན་ཏེ། ཤར་ཕྱོགས་ཀྱི་ཁམས་ཀྱི་ནང་དུ་རྡོ་རྗེ་རྩེ་ལྔ་པ་ཉིས་བརྒྱ་ལྔ་བཅུར་གཅིག་གིས་མ་ཚང་བ་བྲིའོ། །དེ་
བཞིན་དུ་ལྷོ་ཕྱོགས་སུ་ནི་རྡོ་རྗེ་རིན་པོ་ཆེའོ། །ནུབ་ཏུ་ནི་རྡོ་རྗེ་པདྨའོ། །བྱང་དུ་ནི་སྣ་ཚོགས་རྡོ་རྗེའོ། །ཡང་ན་བྱམས་པ་དང་། མཐོང་བ་དོན་ཡོད་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ཀྱི་མཚན་མ་ཤར་ཕྱོགས་ཀྱི་ཁྱམས་ཀྱི་
ནང་དུ་སྔ་མ་བཞིན་དུ་རྡོ་རྗེ་བཞི་བྲིའོ། །སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བ་དང་། ནམ་མཁའི་མཛོད་དང་། ཡེ་ཤེས་ཏོག་ནི་ལྷོ་ཕྱོགས་སུ་རིན་པོ་ཆེ་བཞིའོ། །འོད་དཔག་ཏུ་མེད་པ་དང་། ཟླ་འོད་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་ནི་ནུབ་ཏུ་རྡོ་རྗེ་པདྨ་བཞིའོ། །རྡོ་རྗེ་
སྙིང་པོ་དང་། བློ་གྲོས་མི་ཟད་པ་དང་། སྤོབ་པ་བརྩེགས་པ་དང་། ཀུན་དུ་བཟང་པོ་ནི་བྱང་ཕྱོགས་སུ་སྣ་ཚོགས་རྡོ་རྗེ་བཞི་བྲི་བར་བྱའོ། །ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་མ་ཧཱ་ནཱ་ཡ་པ་རི་ཝཱ་རེ་སྭཱ་ཧཱ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ཀྱི་སྒྲུབ་པར་བྱེད་པའི་
རིག་པ་སྟེ། འདི་དག་གིས་ནི་བྱམས་པ་ལ་སོགས་པའི་ཕྱག་རྒྱ་བྲི་བར་བྱའོ། །གནས་དེ་ཉིད་དུ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཡིན་ཏེ་ཞེས་བྱ་བ་ནི་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གང་ཡིན་པ་དེ་ནི་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་སྟེ། སོགས་པའི་སྒྲས་ནི་རྡོ་རྗེ་
ཆུ་བཏུང་བ་དང་། དབབ་པ་དང་། མེ་ཏོག་དོར་བ་དང་། ཕྲེང་བའི་དབང་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བལྟ་བ་དང་། དབབ་པ་ཉེ་བར་བསྡུ་བ་དང་། དབང་བསྐུར་བ་དང་། སྔགས་བཟླས་པ་དང་། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་དང་། རང་
เล่ม ๕๗ · หน้า 178b
གི་མིང་ནས་བརྗོད་པ་དང་། རྡོ་རྗེས་དཀྱིལ་འཁོར་བསྒྲུབ་པ་དང་། བསྡུ་བ་བྱ་བ་དང་། མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་ག་ཐམས་ཅད་བྱ་བར་སྟོན་ཏོ། །དེ་ཉིད་ནི་དེ་ལ་ཐོག་མ་ཞེས་བྱ་བ་ལ་སོགས་པས་འགྲེལ་ཏེ།
དེ་ལ་རེ་ཞིག་ཐོག་མ་རྡོ་རྗེ་སློབ་དཔོན་གྱིས་འོག་ནས་བཤད་པའི་སེམས་དཔའ་རྡོ་རྗེ་མའི་དམ་ཚིག་གི་ཕྱག་རྒྱས་ས་མ་ཡ་སྟྭཾ་ཧཱུཾ་བཛྲ་བནྡྷ་ཞེས་བྱ་བས་རང་གིས་བཅིང་བར་བྱའོ། །དེ་ནས་ས་མ་ཡ་ཧཱུཾ་ཞེས་ཟློས་ཤིང་འཇུག་པར་བྱའོ། །ཞུགས་ནས་ལན་ཅིག་བསྐོར་ཏེ་ཞེས་བྱ་བ་ནི་ནང་གི་དཀྱིལ་
འཁོར་དུའོ། །ཕྱག་རྒྱ་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕུལ་ནས་ཞེས་བྱ་བ་ནི། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་རྡོ་རྗེ་སྙེམས་པའི་གཟུགས་འཛིན་པར་བསམས་ལ། བཅོམ་ལྡན་འདས་ལ་ཕྱག་བྱས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་པར་བསམ་པར་བྱ་
སྟེ། དེ་ལྟ་བུས་ནི་དེ་ཕུལ་བ་ཡིན་ནོ། །རང་གི་སྙིང་གར་ཚུལ་བཞིན་དུ་བཀྲོལ་ཏེ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་གས་བདག་ཉིད་ལ་དབབ་པ་ལ་སོགས་བྱས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དབབ་པ་ཉེ་བར་བསྡུ་བར་བྱའོ་ཞེས་བྱ་བའི་
ཐ་ཚིག་གོ། །དེ་ནས་མེ་ཏོག་དོར་བ་ལ་སོགས་པའི་ཆོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་ཇི་སྐད་གསུངས་པའི་ཚུལ་དུ་སྤྱད་པར་བྱའོ། །འཇུག་པ་ལ་སོགས་པའི་ཆོ་ག་འདི་དག་ཐམས་ཅད་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སློབ་དཔོན་དུ་གྱུར་པས་མཛད་པར་བསམ་ཞིང་
རང་ཉིད་ཀྱི་རྗེས་སུ་སྤྱད་པར་བྱའོ། །འདིར་གསང་བའི་རྡོ་རྗེ་ནི་དང་པོའི་རྡོ་རྗེ་སོར་བཞི་པའི་ཚད་ཀྱིས་རྡོ་རྗེ་དང་བདག་པོའི་དབང་བསྐུར་བ་བྱ་བར་འདོད་དོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ལ། བདག་ཉིད་དཔལ་རྡོ་རྗེ་སེམས་
དཔའི་སྦྱོར་བ་དང་ལྡན་པས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ཚུལ་འཛིན་པའི་གཟུངས་ཀྱི་ལྷ་མོ་ཐམས་ཅད་བསྡུ་བར་བྱའོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པར་བྱའོ། །སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ཞེས་བྱ་བ་ལ་གཟུངས་
เล่ม ๕๗ · หน้า 179a
ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱ་དང་། བཛྲ་ཨཾ་ཀུ་ཤ་ཛཿཞེས་ཟློས་ཤིང་མི་བསྐྱོད་པ་དང་། དེའི་རིགས་ཀྱི་ཚུལ་རྡོ་རྗེ་ཐུགས་ལ་སོགས་པ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་གཟུགས་རྣམས་བཀུག་ལ། ཤར་
ཕྱོགས་ཀྱི་སྒོ་དང་ཉེ་བར་རིག་པའི་ལྷ་མོའི་གཟུགས་སུ་གཞག་པར་བྱའོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་དང་། དེའི་རིགས་ཀྱི་ཚུལ་གྱིས་གཟུགས་རྣམས་རང་རང་གི་སྒོ་དང་། ཉེ་བར་གཞག་པར་བྱའོ། །དེ་ནས་བཛྲ་པཱ་ཤ་
ཧཱུཾ་ཞེས་ཟློས་ཤིང་། གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱས་རང་རང་གི་སྒོ་ནས་མཆོད་རྟེན་ལ་སོགས་པར་བཅུག་ནས། བཛྲ་སྥོ་ཊ་བཾ་ཞེས་བྱ་བ་དང་། རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱས་དེ་དག་ཐམས་ཅད་བཅིངས་ལ། བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བ་དང་།
གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱས་ཐམས་ཅད་དབང་དུ་བྱའོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་སྔ་མ་བཞིན་དུ་ཐམས་ཅད་བསྒྲུབས་ལ། ཆོས་དང་། ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ནས། དབང་བསྐུར་ལ་
མཆོད་ཡོན་ཕུལ་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པ་ལ་སོགས་པ་བྱས་ནས། ཕྱིར་ཕྱུང་ལ་རྡོ་རྗེ་སློབ་མ་སྔར་བཤད་པའི་ཆོ་ག་ཉིད་ཀྱིས་གཞུག་པར་བྱའོ། །དེ་ཡང་གང་གི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གཟུང་བའི་ཚུལ་དུ་གཟུང་ངོ་ཞེས་བྱ་
བ་གསུངས་པ་ཡིན་ནོ། །དངོས་གྲུབ་ཀྱི་གསང་བའི་རྡོ་རྗེའི་མཚན་མ་ཆད་པས་གཡོགས་ལ་བྱིན་ཏེ་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལ་སོགས་པ་རྣམས་འགྲུབ་པའི་ཕྱིར་དང་། གསང་བའི་རྡོ་རྗེ་སོར་བཞི་པ་ཇི་ནས་ཀྱང་སུས་ཀྱང་མི་མཐོང་བར་བྱོས་ཤིག་ཅེས་བསྒོ་ལ།
སློབ་དཔོན་གྱིས་སློབ་མ་ལ་སྦྱིན་པར་བྱ་བ་ཡིན་པས་ན་དེའི་ཕྱིར། ཆད་པས་གཡོགས་ལ་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པའི་ཆོ་ག་རྒྱས་པ་བསྟན་ནས། ད་ནི་དམ་ཚིག་དང་། དབང་བསྐུར་བ་ཐོབ་པ་རྣམས་ལ། མངོན་པར་
เล่ม ๕๗ · หน้า 179b
འདོད་པའི་དོན་གྱི་དངོས་གྲུབ་ཀྱི་མན་ངག་བསྟན་པར་བྱ་བ་ཡིན་པས། རྡོ་རྗེ་གསང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་གསང་བ་ནི་གཟུངས་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱག་རྒྱ་ནི་དེར་འདོད་པའི་དོན་སྒྲུབ་པར་བྱེད་པ་གང་ཡིན་པའོ། །དེའི་ཡེ་ཤེས་ནི་ངེས་པ་སྟེ་དེ་
བསླབ་བོ་ཞེས་བྱ་བ་ནི་དེ་བསྟན་པར་བྱའོ། །ཕྱག་རྒྱ་དེ་རྣམས་ཀྱང་རྣམ་པ་མང་པོ་ཡོད་པས་དེའི་ཕྱིར། དང་པོར་རེ་ཞིག་ཅེས་བྱ་བ་གསུངས་པའོ། །རྡོ་རྗེ་གསང་བ་ནི་གཟུངས་ཀྱི་དཀྱིལ་འཁོར་རོ། །དེའི་ལུས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱའོ། །ཇི་ལྟ་བུ་ཞེ་ན། ཟླ་བའི་
དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐང་པ་དང་ལག་པས་ཐལ་མོ་སྦྱར་བ་གང་ཡིན་པ་དེ་ནི། རྐང་ལག་ཐལ་མོ་སྦྱར་ཞིང་ཞེས་བྱ་བ་སྟེ་རྣལ་འབྱོར་པའོ། །དེ་ལ་ལག་པའི་ཐལ་མོ་རྡོ་རྗེ་ཐལ་མོ་སྟེ་ཁོང་སྟོང་ངོ་། །རྐང་པའི་ཐལ་མོ་ནི་སེམས་དཔའི་
སྐྱིལ་ཀྲུང་ངོ་། །དེ་སྐད་དུ་ཡང་། སེམས་དཔའི་སྐྱིལ་ཀྲུང་གིས་གནས་ལ། །སྟེང་དུ་ཐལ་མོ་སྦྱིན་བྱེད་པ། །ཞེས་གསུངས་པ་ཡིན་ནོ། །འདིས་ནི་ལུས་ཀྱི་ཕྱག་རྒྱས་བདག་ཉིད་ཡང་དག་པར་གནས་པ་ཡིན་ནོ། །འདི་དེ་ལྟར་གྱུར་པ་དང་། ཁ་གླལ་བར་བྱེད་པ་དང་ལྡན་ཞིང་རྡོ་རྗེ་བསྒོམ་
པར་བྱས་ནས་ཞེས་པའོ། །རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམས་ནས་བསྒོམ་པ་འདིས་རྡོ་རྗེ་མ་ཡང་ཞེས་པ་རྡོ་རྗེ་སེམས་དཔའི་བཙུན་མོ་ཡང་ཆགས་པར་བྱེད་ཅིང་དབང་དུ་བྱེད་དོ་ཞེས་བྱ་བའི་བར་དུའོ། །འདི་སྐད་དུ་སྟོན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་
པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དེའི་འོག་ཏུ་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ཨོཾ་བཛྲ་སཏྭ་གུ་ཧྱ་ས་མ་ཡེ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་བཛྲ་རཱ་ག་ཡ་ཧོ་ཞེས་ཟློས་ཤིང་། སྟོང་གསུམ་
གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ནམ་མཁའ་དང་འདྲ་བར་བསྒོམས་ལ་དེའི་ཚད་ཙམ་གྱིས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་བ། འོད་ཟེར་དམར་པོ་ཤིན་ཏུ་འཁྲུག་པ། རྡོ་རྗེ་དང་དྲིལ་བུ་བསྣམས་པ་
เล่ม ๕๗ · หน้า 180a
བསྒོམས་ལ། མདུན་དུ་ཡང་བཛྲ་སཏྭ་གུ་ཧྱ་ས་མ་ཡེ་ཧཱུཾ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་ཀུན་དུ་བཟང་མོ་སྤྲུལ་ལ། བསྡུ་བས་སྤྱན་དྲངས་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དགུག་
པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས། རང་གི་དམ་ཚིག་གི་ཕྱག་རྒྱ་རབ་ཏུ་བསྒྲུབས་ལ། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ནས། སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་
ཀྱིས་ཡང་དག་པར་མཆོད་ནས་ཕྱག་བྱས་ལ། བཛྲ་རཱ་ག་ཡ་ཧོ་ཞེས་ཡང་ཟློས་ཤིང་བདག་ནི་རྡོ་རྗེ་ཅན་གྱི་ལྷ་མོ་ཀུན་དུ་བཟང་མོའོ་ཞེས་ང་རྒྱལ་བསྐྱེད་དེ། འདི་དག་དང་འོག་ནས་བཤད་པའི་སྦྱོར་བ་ལ་ཡང་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །དེ་བས་ན་དེར་མདུན་དུ་བརྟན་པར་
བྱས་ལ། དེའི་རྗེས་ལ་ཡང་བཛྲ་རཱ་ག་ཡ་ཧོ་ཞེས་བྱ་བས་བདག་ཉིད་རྡོ་རྗེ་སེམས་དཔར་བསམས་ལ། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ། རྡོ་རྗེ་ཐལ་མོ་བཅིངས་ནས། བཛྲ་རཱ་ག་ཡ་ཧོ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་བྱིན་གྱིས་བརླབས་ལ། བཛྲ་རཱ་ག་ཡ་ཧོ་ཞེས་བྱ་བ་རྡོ་རྗེའི་
ཚིག་གིས་ཟློས་ཤིང་བཅོམ་ལྡན་འདས་ཡུམ་མདུན་དུ་བསྒོམ་པ་ནི། ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གམ། ཇི་སྲིད་དེ་མངོན་སུམ་དུ་མཐོང་བའི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ་ཉི་མ་ནུབ་པའི་
དུས་སུ་དེ་བཞིན་དུ་རྡོ་རྗེ་ཐལ་མོས་བདག་ཉིད་བྱིན་གྱིས་བརླབས་ལ་དལ་གྱིས་འགྲོ་བས་དེ་ཆགས་པར་བྱས་ལ། ཁ་གླལ་བ་དང་བཅས་པས་ཆགས་ཤིང་ཆགས་པས་འཛུམ་པས་འཁྱུད་ཅིང་བཟླས་ནས། དེ་འདིའི་དབང་དུ་འགྱུར་ཞིང་འཁྱུད་པར་འགྱུར་བ་དང་། དེའི་ལུས་མི་སྣང་བར་འགྱུར་རོ། །དེ་ནས་
རྡོ་རྗེ་འཛིན་ཆེན་པོར་འགྱུར་རོ། །དཔུང་པ་བསྐུམ་པའི་ལྕགས་ཀྱུ་དང་། །མགོ་ལ་རྡོ་རྗེ་བསྒོམ་པར་བྱ། །ཞེས་བྱ་བ་ནི། དཔུང་པ་གཡོན་པ་བསྐུམ་པའི་ལག་པས་ལྕགས་ཀྱུ་དང་མགོ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །ལག་པ་ཡིས་ནི་འབོད་བྱེད་ཅིང་། །ཞེས་བྱ་བ་ནི་
เล่ม ๕๗ · หน้า 180b
ལག་པ་གཡས་པས་སེ་གོལ་གྱི་སྒྲ་བྱེད་ཅིང་ངོ་། །ལྕགས་ཀྱུ་མ་ཡང་འགུགས་པར་བྱེད། །ཅེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་བཙུན་མོ་འང་བསྒོམས་པ་འདིས་འགུགས་པར་བྱེད་དོ། །འདིའི་ཆོ་ག་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་
པའི་ཆོ་གས་རྡོ་རྗེ་རྒྱལ་པོའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། དེའི་འོག་ཏུ་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ལ། བཛྲ་ཨཾ་གུ་ཤ་ཛཿཞེས་བྱ་བ་ཟློས་ཤིང་སྔ་མ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའ་
དང་མཉམ་པར་བསམ་པར་བྱའོ། །དེ་ནས་དེའི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་བདག་ཉིད་རྡོ་རྗེ་རྒྱལ་པོར་བསམས་ལ་ཟླ་བའི་དཀྱིལ་འཁོར་དེ་ཉིད་ཀྱི་མདུན་དུ། ཨོཾ་བཛྲ་གུ་ཧྱ་བཛྲ་ཨཾ་གུ་ཤ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་རྒྱལ་པོ་བཙུན་མོ་རྡོ་རྗེ་ལྕགས་ཀྱུ་མ་སྤྲུལ་ལ། དེ་བཞིན་
དུ་བསྡུ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས། བཛྲ་ཨཾ་གུ་ཤ་ཛཿཞེས་བྱ་བ་ཇི་ལྟ་བ་བཞིན་དུ་ཟློས་ཤིང་དེས་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་གཅིག་གམ། ཟླ་བ་དྲུག་གི་མཐར་མངོན་དུ་བྱས་ནས་དེ་བཞིན་དུ་མཚན་ཐོག་ཐག་དཔུང་པ་བསྐུམ་པའི་ལྕགས་ཀྱུ་དང་།
མགོ་ལ་རྡོ་རྗེ་བསྒོམ་པར་བྱ། །ལག་པ་ཡིས་ནི་འབོད་བྱེད་ཅིང་། །ལྕགས་ཀྱུ་མ་ཡང་འགུགས་བྱེད་པར། །ཞེས་བྱ་བ་བདག་ཉིད་དམར་བ། དེ་ཡང་དམར་བ། དཔུང་པ་བསྐུམ་པའི་ལྕགས་ཀྱུ་འོད་དམར་པོ་འབར་བ། ཀུན་དུ་འཁྲུག་པས་སྙིང་གའི་པདྨ་ནས་བཟུང་ལ་དགུག་པར་
བྱའོ། །མདའ་འཕེན་པ་ཡི་ཚུལ་གྱིས་ནི། །གླལ་ཞིང་སྙིང་གར་འཕངས་ནས་ནི། །ཉིད་ཀྱི་རྡོ་རྗེ་དགའ་མ་ཡང་། །བདུད་ཀྱི་ཚུལ་གྱིས་མཉེས་པར་བྱེད། །ཅེས་བྱ་བ་ནི་མདའ་འཕེན་པའི་ཚུལ་ནི་རྡོ་རྗེ་ཆགས་པའི་ལས་ཀྱི་ཕྱག་རྒྱ་སྟེ། དེས་མདའ་འཕེན་པའི་ཚུལ་གྱིས་ཁ་གླལ་བ་དང་
ལྡན་པར་བྱེད་ཅིང་བསྒྲུབ་པར་བྱ་བའི་ལྷ་མོའི་སྙིང་གར་ཏེ། སྙིང་ལ་མདའ་བསྣུན་པར་བྱའོ། །དེ་བཞིན་དུ་དེའི་རྒྱབ་ཀྱིས་ཕྱོགས་པར་སེམས་དཔའ་བསད་པས་བདུད་ཀྱི་ཚུལ་གྱིས་མཉེས་པར་བྱེད་ཅིང་མངོན་དུ་ཕྱོགས་པར་དབང་དུ་བྱའོ། །ཇི་སྲིད་གང་དང་གང་རྡོ་རྗེ་ཆགས་པའི་སྦྱོར་
เล่ม ๕๗ · หน้า 181a
བས། རྡོ་རྗེ་དགའ་མ་རང་ཉིད་ཀྱང་། །ཞེས་བྱ་བ་རྡོ་རྗེ་ཆགས་པའི་བཙུན་མོ་རང་ཉིད་ཀྱང་རྣལ་འབྱོར་པའི་དབང་དུ་འགྱུར་བའོ། །འདིའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཆོ་གས་རྡོ་རྗེ་ཆགས་པའི་རྣལ་འབྱོར་བྱས་ལ།
དེའི་འོག་ཏུ་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ཆགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་གུ་ཧྱ་རཱ་གེ་རཱ་ག་ཡ་ཧཱུཾ་ཞེས་བྱས་ལ། མཱ་ར་ཡ་མཱ་ར་ཡ་ཕཊ་ཅེས་ཟློས་ཤིང་། སྔ་མ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའ་དང་མཉམ་པར་བསམ་
མོ། །དེ་ནས་དེའི་ཚེ་ནམ་མཁའི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་ལ་དེའི་སྟེང་དུ་རྡོ་རྗེ་ཆགས་པ་སྐུ་མདོག་དམར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བདག་ཉིད་བསམས་ནས། ཨོཾ་བཛྲ་གུ་ཧྱ་རཱ་ག་ཡ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་ཆགས་པའི་བཙུན་མོ་རྡོ་རྗེ་དགའ་མ་ཟླ་བའི་དཀྱིལ་
འཁོར་གཅིག་ཉིད་ཀྱི་མདུན་དུ་སྤྲུལ་ལ། བསྡུ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས། མཱ་ར་ཡ་མཱ་ར་ཡ་ཕཊ་ཅེས་ཟློས་ཤིང་སྔ་མ་བཞིན་དུ་དེ་དང་དེ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་གཅིག་གམ་ཟླ་བ་དྲུག་གམ་ལོ་གཅིག་གིས་དེ་མངོན་དུ་བྱས་ནས་རྡོ་རྗེ་ཆགས་པའི་ལས་
ཀྱི་ཕྱག་རྒྱ་བཅིངས་ལ། མཚན་ཐོག་ཐག་དེའི་ལས་ཀྱི་ཕྱག་རྒྱའི་སྦྱོར་བས་མདའ་དམར་པོ་སྙིང་གར་འཕེན་ཞིང་ཁ་གླལ་བ་དང་ལྡན་པར་བྱས་ལ་མདའ་དེས་བསྣུན་ནས་ཕུག་ལ་བསྒྲུབ་པར་བྱ་བ་དམར་ཞིང་སྒྲུབ་པ་པོ་ལ་གཅིག་ཏུ་ཆགས་པར་བསམ་པར་བྱའོ། །བདག་གི་ལུས་ཀྱི་
སྙིང་ག་རུ། །རྡོ་རྗེ་གོ་ཆའི་ཚུལ་གྱིས་ནི། །དཔུང་པ་བསྣོལ་བ་བཅིངས་ནས་ནི། །སངས་རྒྱས་ཉིད་ཀྱང་སྲུང་བར་བྱེད། །ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། དེ་དཔུང་པ་བསྣོལ་བའི་ཚུལ་གྱིས་རང་གི་སྙིང་གར་བདག་ཉིད་འཁྱུད་ལ། རྡོ་རྗེ་གོ་ཆས་ཡན་ལག་ཐམས་ཅད་
གོ་བསྐོན་པར་བསམ་པར་བྱའོ། །རྡོ་རྗེ་གོ་ཆའི་སྦྱོར་བ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མི་ཕྱེད་པར་གལ་ཏེ་གནོད་པར་བྱེད་པ་རྩོམ་པ་ན་དེ་ཡང་བསྲུང་བར་འགྱུར་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས། འདིར་ཡང་སངས་རྒྱས་ཉིད་ཀྱང་ཞེས་བྱ་བའི་ཚིག་འདིས། རྣལ་འབྱོར་
เล่ม ๕๗ · หน้า 181b
པ་གནོད་པའི་ཁྱད་པར་ཆེན་པོ་ལས་སྲུང་ནུས་པར་སྟོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་ལེགས་པའི་སྦྱོར་བ་བྱས་ནས། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ལེགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ།
ཨོཾ་བཛྲ་གུ་ཧྱ་སཱ་ཧཱུཾ་ཤྭ་རི་ཧཱུཾ་ཞེས་བརྗོད་ལ་བཛྲ་བནྡྷ་རཀྵ་ཧཾ་ཞེས་ཟློས་ཤིང་སྔ་མ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁར་གྱུར་པར་བསམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་དེར་སྟོང་གསུམ་གྱི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་བདག་
ཉིད་རྡོ་རྗེ་ལེགས་པར་རྣམ་པར་བསམས་ལ་སྟན་དེ་ཉིད་ལ་མདུན་དུ། ཨོཾ་བཛྲ་གུ་ཧྱ་སནྡྷི་ཤ་རི་ཧཱུཾ་ཞེས་བྱ་བས་རྡོ་རྗེ་ལེགས་པའི་གཟུགས་འཛིན་པའི་ལེགས་ལྡན་མ་སྤྲུལ་ལ། བསྡུ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས། བནྡྷ་རཀྵ་ཧཾ་ཞེས་ཟློས་ཤིང་སྔ་མ་བཞིན་དུ་བསྒོམ་པར་
བྱའོ། །དེ་ནས་ཟླ་བ་གཅིག་གམ་ཟླ་བ་དྲུག་གམ་ལོ་གཅིག་གི་མཐར་ཉི་མ་ནུབ་པའི་དུས་སུ་རང་གི་ལུས་ཀྱི་དཔུང་པ་བསྣོལ་བས་བཟུང་ལ་ཞུགས་ཏེ་གཅིག་ཏུ་གྱུར་པར་བསྒོམས་ཏེ། ཇི་སྲིད་སྒྲུབ་པ་པོའི་ལུས་སུ་ཞུགས་ཏེ་གཅིག་ཏུ་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ། །དེ་
ནས་རྡོ་རྗེ་ལེགས་པ་ཉིད་དུ་འགྱུར་ཞིང་ལེགས་པ་མ་ཡིན་པའི་ཚུལ་གྱིས་རྣམ་པར་རྟོག་པ་རྣམས་ལས་བདག་ཉིད་བསྲུང་བ་བྱས་པར་འགྱུར་རོ། །གཞན་སྲུང་བར་བྱེད་པར་འདོད་ན་ཟླ་བ་གཅིག་ཙམ་བསྙེན་པ་བྱས་ལ་མཐར་མཚན་ཐོག་ཐག་བཟླས་པ་བྱའོ། །དེ་ནས་གང་གི་ཚེ་
མི་ལ་སོགས་པའི་འཇིགས་སྐྲག་ཅུང་ཟད་འབྱུང་བར་མཐོང་ན། དེའི་ཚེ་རྡོ་རྗེ་ལེགས་པའི་རྣལ་འབྱོར་པས་དེ་བཞིན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་ལ་སེམས་ཅན་དེ་ལྕགས་ཀྱུ་ལ་སོགས་པས་བཀུག་ཅིང་བཅུག་ལ་བཅིངས་ཏེ། ཟླ་བའི་དཀྱིལ་འཁོར་དེ་ཉིད་ཀྱི་སྟེང་དུ་
འདུག་པར་བསམས་ལ་སྔ་མ་བཞིན་དུ་བདག་ཉིད་ཀྱི་སྙིང་གར་དཔུང་པ་བསྣོལ་བ་བཅིངས་ནས། རྡོ་རྗེ་གོ་ཆའི་སྦྱོར་བས་བསྲུང་བར་གྱུར་ན་སངས་རྒྱས་ཉིད་ཀྱང་བསྲུང་བར་འགྱུར་རོ། །དེ་ལྟར་ལུས་ཀྱི་ཕྱག་རྒྱ་བསྟན་ནས། ལྟ་བའི་ཕྱག་རྒྱ་བསྟན་པའི་ཕྱིར། དེ་ནས་ཞེས་
เล่ม ๕๗ · หน้า 182a
བྱ་བ་ལ་སོགས་པ་གསུངས་ཏེ། ལྟ་བ་ཉིད་ཕྱག་རྒྱ་ཡིན་པས་ན་ལྟ་བའི་ཕྱག་རྒྱའོ། །དེའི་ཡེ་ཤེས་ནི་ངེས་པ་སྟེ་དེ་བསླབ་པའོ། །རྡོ་རྗེ་ལྟ་བ་ཆགས་པས་ནི། །དགའ་བས་མིག་ནི་རབ་ཏུ་བགྲད། །ཅེས་བྱ་བ་ལ། ཆགས་པ་ནི་མངོན་པར་འདོད་པ་སྟེ། དེ་ལས་
བྱུང་བའི་རབ་ཏུ་དགའ་བ་ནི་ཀུན་དུ་ཆགས་པས་རབ་ཏུ་དགའ་བའི་ཡིད་དོ། །དེས་མིག་རབ་ཏུ་བགྲད་ཅིང་གདངས་པའི་ལྟ་བའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཆགས་པས་ཏེ། དགའ་བས་མིག་ནི་རབ་ཏུ་བགྲད། །ཅེས་བྱ་བ་ལྟ་བའི་ཕྱག་རྒྱ་ནི་རྡོ་རྗེའི་ལྟ་བའོ། །འདི་དང་བཛྲ་དྲྀཥྚི་མ་
ཊ་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། རྡོ་རྗེའི་ལྟ་བ་བསྐྱེད་དེ། དེས་བལྟས་ན་བུད་མེད་རྣམས་ངེས་པར་དབང་དུ་འགྱུར་རོ། །ལྟ་བ་འདི་ལ་སྒེག་པའི་ཉམས་ཐམས་ཅད་སྦྱར་བར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རབ་ཏུ་མྱུར་བར་ཞེས་བྱ་བ་ལ་སོགས་པ་
ལ་རབ་ཏུ་དགའ་བས་མྱུར་བ་ནི་རབ་ཏུ་མྱུར་བ་སྟེ། རིངས་པར་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་བསྐུལ་བས་ན་རབ་ཏུ་བསྐུལ་ཏེ། དེ་གང་ཞེ་ན་མིག་གཉིས་ཏེ། འདིས་མིག་གི་རྫི་མ་དགུག་ཅིང་འདྲེན་པར་བྱེད་པ་ཡིན་པས་ན། རབ་ཏུ་མྱུར་བར་མིག་རབ་བསྐུལ། །མིག་གི་རྫི་མ་
འགུགས་བྱེད་པའི། །ཞེས་བྱ་སྟེ་དེ་ལྟ་བུའི་ལྟ་བ་གང་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྟ་བ་ཡང་ཡིན་ལ་གཟི་ཅན་ཡང་ཡིན་པས་ན་ལྟ་བ་གཟི་ཅན་ཏེ་གཟི་བརྗིད་ཅན་ནོ། །ཡིན་པར་བཤད་ཅེས་བྱ་བ་ནི་བསྟན་པའོ། །དཱི་པྟ་དྲྀཥྚ་ཨཾ་གུ་ཤ་ཛཿཞེས་བྱ་བ་མིག་གཉིས་སུ་བཀོད་ལ་
བསྐྱེད་དེ་འགུགས་པའི་ལས་རྣམས་ལ་འབར་བའི་ལྟ་བས་སྦྱར་བར་བྱའོ། །ཁྲོ་གཉེར་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་ཁྲོ་གཉེར་གྱི་གཉེར་མ་བསྡུས་ཤིང་། གསལ་བ་གང་ཡིན་པ་དེ་ནི་གཉེར་མ་རབ་ཏུ་བསྡུས་པའོ། །དེ་ནས་ཁྲོ་བའི་མིག་བཙུམས་པས་ལྟ་བ་གང་ཡིན་
པ་དེ་ནི་ཁྲོ་བོའི་ལྟ་བ་ཡིན་པས་དེ་ལ། །ཁྲོ་གཉེར་གཉེར་མ་རབ་བསྡུས་པ། །ཁྲོ་བའི་མིག་ནི་བཙུམས་པ་སྟེ། །ཞེས་བྱའོ། །དེ་ལྟ་བུའི་ཁྲོ་བོའི་ལྟ་བ་བྱས་ཤིང་མཉམ་པར་བཞག་ན་ནི། ཁམས་གསུམ་ཡང་ནི་འཇིགས་པར་བྱེད། །ཅེས་བྱ་བ་སྟེ། ཀྲོ་དྷ་དྲིཥྚི་ཧྲི་ཞེས་བྱ་བ་
เล่ม ๕๗ · หน้า 182b
མིག་གཉིས་སུ་བཀོད་ལ། ཁྲོ་བོའི་ཉམས་ཐམས་ཅད་ཀྱིས་ཁྲོ་བོའི་ལྟ་བ་བསྐྱེད་པར་བྱའོ། །རི་རབ་ཅེས་བྱ་བ་ལ་སོགས་པ་ལ་རི་རབ་ནི་རིའི་རྒྱལ་པོའོ། །རི་ཡང་དེ་དག་གོ། །བྲག་ནི་རྡོ་རྗེའོ། །དེ་དང་འདྲ་བར་བརྟན་པ་ནི་མི་ཕྱེད་པའོ། །འཛུམ་པ་མེད་པ་ནི་མི་གཡོ་བ་
སྟེ། རྫི་མ་དང་མིག་མི་འགྱུར་བའི་ལྟ་བའི་ཕྱག་རྒྱ་གང་ཡིན་པ་དེ་ནི། རི་རབ་རིའི་བྲག་ཅ་འདྲ་བར་བརྟན་པས་འཛུམ་པ་མེད་པའི་མིག་བྱམས་པའི་ལྟ་བ་ཡིན་པར་བཤད་ཅེས་བྱ་སྟེ། དྲྀ་ཌྷ་ཏྲྀ་ཏཥྚ་ཏ་ཞེས་བྱ་བས་མིག་གཉིས་སུ་བཀོད་ལ། བརྟན་པའི་ལྟ་བ་བསྐྱེད་ནས། དེའི་
འོག་ཏུ་བསྲུང་བ་ལ་སོགས་པའི་ལས་འཇུག་པར་བྱའོ། །དེ་ལ་གང་གི་ཚེ་ལྟ་བའི་ཕྱག་རྒྱ་རྣམས་ཀྱིས་ལས་བྱེད་པ་དེའི་ཚེ། རང་གི་ལྷའི་སྦྱོར་བས་ལྟ་བའི་ཕྱག་རྒྱ་འདི་དག་ཟླ་བ་གཅིག་ཙམ་གྱི་བར་དུ་གོམས་པར་བྱའོ། །དེ་ལ་རེ་ཞིག་ཡི་གེ་མ་ལས་ཉི་མའི་དཀྱིལ་འཁོར་ཊ་ཨ་
མེད་པ་ལས་མིག་གཡོན་པ་ཟླ་བའི་དཀྱིལ་འཁོར། ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་མིག་གཉིས་ཀྱི་མིག་གི་འབྲས་བུར་བསམས་ལ་བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བས་བྱིན་གྱིས་བརླབས་ལ། ཇི་སྐད་དུ་གསུངས་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་ལྟ་བ། བཛྲ་དྲྀཥྚི་མ་ཊ་ཞེས་
ཟློས་ཤིང་བསྒོམས་ལ། ཟླ་བ་ཚང་བའི་མཐར་ནི་མཚན་ཐོག་ཐག་བྱའོ། །དེ་ནས་དབང་དུ་བྱས་ལ་རྡོ་རྗེ་ལྟ་བ་དང་བཅས་པའི་འོད་ཟེར་རྣམས་སྤྲོ་བར་བྱའོ། །དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཡི་གེ་ཛཿལས་མིག་གཡས་དང་གཡོན་དུ་ཉི་མ་དང་ཟླ་བ་བསྐྱེད་ལ། དཱིཔྟ་དྲྀཥྚི་
ཨཾ་གུ་ཤ་ཛཿཞེས་བྱ་བས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ལྕགས་ཀྱུ་ལྟ་བུའི་འོད་ཟེར་རྣམས་སྤྲོ་བ་དང་། དཱི་པྟ་དྲྀཥྚི་ཨ་གུ་ཤ་ཛཿཞེས་ཟློས་ཤིང་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་མཐར་དེ་བཞིན་དུ་བསྒྲུབས་པས་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་འབར་བའི་ལྟ་
བའི་ལྕགས་ཀྱུ་ལྟ་བུའི་འོད་ཟེར་རྣམས་ཀྱིས་བསྒྲུབ་པར་བྱ་བ་དགུག་པར་བྱའོ། །དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཡི་གེ་ཧི་ཞེས་བྱ་བས་མིག་གཉིས་སུ་རྡོ་རྗེ་ཉི་མ་བསམ། ཡི་གེ་ཧཱུཾ་ཐུང་ངུ་ལས་མིག་འབྲས་ཁྲོ་བོའི་རྡོ་རྗེར་བསམས་ལ་ཀྲོ་དྷ་དྲྀཥྚི་ཧྲི་ཞེས་བྱ་བས་བྱིན་
เล่ม ๕๗ · หน้า 183a
གྱིས་བརླབས་ནས། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ཁྲོ་བོའི་ལྟ་བ་དང་། ཀྲོ་དྷ་དྲྀཥྚི་ཧྲི་ཞེས་ཟློས་ཤིང་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་དུ་རབ་ཏུ་བསྒྲུབས་ལ། རང་གི་མིག་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཐལ་བར་བྱའོ། །
དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། སེམས་ཅན་གྱི་ཁམས་རྣམས་སུ་བྱམས་པ་སྤྲོས་ཏེ། ཡི་གེ་མ་ལས་མིག་གཡས་པར་ཉི་མའི་དཀྱིལ་འཁོར་ཞི་བ། ཊ་ཨ་མེད་པ་ལས་མིག་གཡོན་པར་ཟླ་བའི་དཀྱིལ་འཁོར་བསམས་ལ་དྲྀ་ཌྷ་དྲྀཥྚི་ཏྲ་ཊ་ཞེས་བྱ་བས་བྱིན་གྱིས་
བརླབས་ནས། དྲྀ་ཌྷ་དྲྀཥྚི་ཏྲ་ཊ་ཞེས་ཟློས་ཤིང་ཇི་སྐད་དུ་བཤད་པའི་ལྟ་བ་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་དུ་ཟླ་བ་གཅིག་གི་མཐར་བསྒྲུབ་པར་བྱའོ། །དེ་ནས་ཚ་བའི་རིམས་ལ་ཟླ་བ་རྡོ་རྗེ་ལྟ་བུའི་འོད་ཟེར་རྣམས་ཀྱིས་བསྒྲུབ་པར་བྱ་བ་ལ་བལྟས་ལ་བྱབ་ཅིང་ཚ་བ་བསལ་བར་
བྱའོ། །གྲང་བའི་རིམས་ལ་ནི་ཉི་མའི་འོད་ཟེར་རྣམས་ཀྱིས་གྲང་བ་བསལ་བར་བྱའོ། །གདོན་གྱིས་ཟིན་པ་ལ་ནི་འབར་བའི་ལྟ་བའི་འོད་ཟེར་རྣམས་ཀྱིས་གཞོམ་པར་བྱའོ། །ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་ཇི་སྐད་གསུངས་
བའི་སྦྱོར་བས་ལྷའི་རྣལ་འབྱོར་ནི་ཐམས་ཅད་དུ་བྱ་བར་ཤེས་པར་བྱའོ། །དེ་ནས་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རང་གི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཧོ་ཧོ་ཧོ་ཧོ་ཞེས་བདག་ཉིད་ཟློས་ཤིང་ཁ་དོག་དམར་པོར་བསམས་ལ། བཛྲ་
ཧོ་ཞེས་ཟློས་ཤིང་ཟླ་བ་གཅིག་གི་བར་དུ་ཐུན་བཞིར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་མཐར་མཚན་ཐོག་ཐག་བསྒོམ་མོ། །དེ་ནས་དེ་བཞིན་དུ་ལས་ཀྱི་དུས་སུ་ཡང་ལྷའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་ལ་གནས་པར་བློས་བསམས་
ལ། ཧོ་ཧོ་ཧོ་ཧོ་ཞེས་ཟློས་ཤིང་བསྒྲུབ་པའི་ལུས་ལ་ཡི་གེ་ཧོ་བཞི་བཅུག་ལ་དེས་དེའི་ལུས་ཐམས་ཅད་དམར་པོར་བྱས་ནས་བཛྲ་ཧོ་ཞེས་ཟློས་ཤིང་རང་གི་ལུས་ལས་བྱུང་བའི་འོད་ཟེར་དམར་པོ་འབར་བས་འཁྱུད་བཞིན་པར་བསམས་ན་ངེས་པར་དབང་དུ་འགྱུར་རོ། །གང་གི་ཕྱིར་སྒྲ་
เล่ม ๕๗ · หน้า 183b
དང་བྲལ་བས་ཞེས་གསུངས་པས་ལྐོག་མའི་ཕྱོགས་སུ་ཅུང་ཟད་ཙམ་གདོན་པས་འདིར་བཟླས་པར་བྱའོ། །ཛྫཿཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཡི་གེ་ཛྫཿབཞི་
ལན་གསུམ་བཟླས་ལ། ཛྫཿཛྫཿཞེས་བྱ་བ་སྔ་མ་བཞིན་དུ་ཟླ་བ་གཅིག་ཙམ་བསྒོམས་ནས་མཐར་མཚན་ཐོག་ཐག་བྱའོ། །དེ་ནས་དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། རང་གི་གདན་གྱི་ཟླ་བའི་དཀྱིལ་འཁོར་ལ་བསྒྲུབ་པར་བྱ་བ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་
པ་དང་། བཅིང་བ་དང་། དབང་དུ་བྱས་ལ་ཡི་གེ་ཛྫཿབཞིས་ཁྲོ་བོའི་ཚིག་གིས་ཟློས་ཤིང་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ལ། རྡོ་རྗེ་ལྕགས་ཀྱུའི་གཟུགས་གཡས་སུ་བསྐྱེད་པར་བྱའོ། །དེ་ནས་ཛྫཿཛྫཿཞེས་བྱ་བས་རང་གི་ལག་པར་ལྕགས་ཀྱུ་བསྐྱེད་ལ། དེས་བསྒྲུབ་པར་བྱ་བའི་སྙིང་
ཕུག་ནས་བཛྲ་ཛྫཿཞེས་ཟློས་ཤིང་བཀུག་ན་ངེས་པར་འགུགས་པར་བྱེད་དོ། །སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། དེའི་འོག་ཏུ་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཡི་གེ་ཧཱུཾ་བཞི་ཟློས་ཤིང་ཁྲོ་བོའི་གཟུགས་སུ་བདག་ཉིད་བསྒོམ་
པར་བྱའོ། །དེ་ནས་བཛྲ་ཧཱུཾ་ཞེས་ཟློས་ཤིང་ཐུན་བཞིའི་སྦྱོར་བས་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་མཐར་མཚན་ཐོག་ཐག་བྱའོ། །ཡང་ལས་ཀྱི་དུས་སུ་དེ་བཞིན་དུ་ཡང་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཡི་གེ་ཧཱུཾ་བཞི་རང་དང་གཞན་གྱི་རྣ་བའི་རྣམ་པར་ཤེས་པས་གཟུང་དུ་རུང་བའི་
སྒྲའི་ཚིག་ཏུ་བརྗོད་པ་གསལ་བར་བརྗོད་ཅིང་བསྒྲུབ་པར་བྱ་བའི་ལུས་འཇིག་པའི་དུས་ཀྱི་རླུང་དང་འདྲ་བ་དེས། རྣམ་པར་གཏོར་བར་འགྱུར་བར་བསམ་ཞིང་། བཛྲ་ཧཱུཾ་ཞེས་བཟླས་ན་རི་རབ་ཀྱང་ལྟུང་བར་བྱེད་དོ། །སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ་གཟུངས་ཀྱི་དཀྱིལ་
འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཡི་གེ་ཧཱུཾ་བཞིའི་རྡོ་རྗེའི་གོ་ཆས་བདག་ཉིད་གོ་བགོས་པར་བསམ་པར་བྱའོ། །དེ་ནས་བཛྲ་ཧཾ་ཞེས་བྱ་བའི་ཕྲ་བའི་ཚིག་ཡོངས་སུ་ཟློས་ཤིང་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་གཅིག་གི་མཐར་མཚན་ཐོག་ཐག་བསྒོམ་
เล่ม ๕๗ · หน้า 184a
པར་བྱའོ། །ཡང་ལས་ཀྱི་དུས་སུ་དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། བསྒྲུབ་པར་བྱ་བ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས་རང་གི་སྟན་ཟླ་བའི་དཀྱིལ་འཁོར་ལ་བཞག་སྟེ། ཧཾ་ཧཾ་ཧཾ་ཧཾ་ཞེས་
ཡོངས་སུ་ཟློས་ཤིང་ལྷ་མོར་གྱུར་པར་བསམས་ལ་བཛྲ་ཧཾ་ཞེས་བཟླས་ན་འཇིག་རྟེན་གསུམ་ཡང་སྲུང་བར་བྱེད་དོ། །དེ་ནས། རྡོ་རྗེ་གསང་བའི་ཡེ་ཤེས་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྣམ་པ་ཐམས་ཅད་དོ། །དེ་ཉིད་མཆོག་སྟེ་དམ་
པའོ། །དེ་དང་ལྡན་པ་ནི་བཅས་པ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དེ་དང་ལྡན་པ་ནི་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་སེམས་དཔར་བདག་ཉིད་དེ་རང་ཉིད་བསྒོམ་པར་བྱས་ན་དེ་
ཡང་། སངས་རྒྱས་ཐམས་ཅད་དབང་དུ་བྱེད། །ཅེས་པ་རང་དབང་དུ་བྱེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དེའི་འོག་ཏུ་གཟུངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་
སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སརྦ་ཏ་ཐཱ་ག་ཏ་ས་མཱ་ཛཿམ་དྷསྠ་བཛྲ་པཱ་ཎི་པ་ཤ་མཱ་ན་ཡ། སརྦྦ་བདྡྷ་ན་ཧོ། །ཞེས་ཟློས་ཤིང་ཇི་སྐད་སངས་རྒྱས་ཐམས་ཅད་འདུས་པའི་དབུས་ན་གནས་པའི་རྡོ་རྗེ་སེམས་དཔར་བདག་ཉིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་རྡོ་རྗེ་སེམས་
དཔའ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བཟླས་པས་སངས་རྒྱས་ཐམས་ཅད་དབང་དུ་འགྱུར་ཞིང་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་སྩོལ་བར་འགྱུར་རོ། །སྔ་མ་བཞིན་དུ་རྡོ་རྗེ་རིན་ཆེན་གྱི་རྣལ་འབྱོར་བྱས་ལ། དེའི་འོག་ཏུ་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འཕགས་
པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་གརྦྷ་བཛྲ་པཱ་ཎི་ཤཱི་གྷྲཾ་ཨཱ་ཀཱཪྵ་ཡ་ཧཱུཾ་ཛཿཞེས་ཟློས་ཤིང་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྟན་གཅིག་པོ་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་ལྕགས་ཀྱུ་ལ་
เล่ม ๕๗ · หน้า 184b
སོགས་པས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱས་ལ། ཕྱག་རྒྱ་བཞིས་རྒྱས་གདབ་པ་བྱས་ནས་དབང་བསྐུར་ལ་ཡང་དག་པར་མཆོད་དེ། མཚན་ཐོག་ཐག་བཟླས་ཤིང་འབར་བའི་ལྟ་བའི་ལྕགས་ཀྱུས་ཐུགས་ཀ་ཕུལ་ཏེ་བཀུག་ན་དབང་དུ་འགྱུར་རོ། །རྡོ་རྗེ་སྤྱན་ཞེས་
བྱ་བ་ནི། རྡོ་རྗེ་ཆོས་ནི་སྔར་བཤད་པའི་ཚུལ་ཉིད་ཀྱིས་རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་བྱས་ལ། དེའི་འོག་ཏུ་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་ནཻ་ཏྲ་སརྦྦ་དྷརྨ་མཱ་ར་ཡ་ཕཊ་ཅེས་སངས་རྒྱས་ཐམས་
ཅད་འདུས་པའི་དབུས་ན་གནས་ཏེ་ཟློས་པའི་རྡོ་རྗེ་སྤྱན་དུ་བདག་ཉིད་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་རང་བཞིན་གྱིས་རྣམ་པར་དག་པར་མོས་པར་བྱེད་ཅིང་བསྒོམས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཐོབ་པས། ཉེ་བར་དམིགས་པའི་རང་བཞིན་ཅན་
གྱིས་ཆོས་ཐམས་ཅད་བདུད་བྱེད་ཅིང་གསོད་པར་འགྱུར་ཏེ། རྒྱུད་ཕྱི་མ་ལས། བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཏིང་ངེ་འཛིན་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་དེར་ཡང་གཞོམ་མོ་ཞེས་བྱ་བ་ཡིན་ནོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ལ་རྡོ་རྗེ་
དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་ལས་ཀྱི་རྣལ་འབྱོར་བྱས་ལ། ཡང་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་བི་ཤྭ་རཀྵ་སརྦྦ་བཛྲ་ཧཾ་ཞེས་ཟློས་ཤིང་སྔ་མ་བཞིན་དུ་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་གི་བར་དུ་
བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམ་མོ། །དེ་ནས་ནི་བསྒྲུབ་པར་བྱ་བའི་སེམས་ཅན་ནམ་ལྷ་གང་ཡིན་པ་བསྲུང་བར་འགྱུར་རོ། །རྡོ་རྗེ་སྣ་ཚོགས་ཀྱི་སྦྱོར་བ་དེ་དང་དེས་བཛྲ་བི་ཤྭ་རཀྵ་སརྦ་བཛྲ་ཎ་ཧཾ་ཞེས་བྱ་བས་སྤྱི་བོར་སྣ་ཚོགས་རྡོ་རྗེ་བསམས་ལ། དེའི་འོད་ཟེར་གྱི་ནང་དུ་
བསྒྲུབ་པར་བྱ་བ་ཆུད་པར་བསམ་མོ། །དཀྱིལ་འཁོར་འདྲི་བའི་དུས་སུ་ཡང་དེ་ལྟར་གནས་སྲུང་བ་བྱས་ན་རླུང་དང་ཆར་ལ་སོགས་པའི་འཇིགས་པ་མི་འབྱུང་ངོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་གསང་བ་ནི་གཟུངས་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱག་རྒྱ་ནི་སེམས་མ་རྡོ་རྗེ་མ་ལ་
เล่ม ๕๗ · หน้า 185a
སོགས་པའོ། །དེའི་ཡེ་ཤེས་ནི་ངེས་པ་སྟེ། དེ་བསླབ་པོ་ཞེས་པ་ནི་ཉེ་བར་བསྟན་པའོ། །སེམས་དཔའི་རྡོ་རྗེ་མཉམ་གཞག་ལ། །ཞེས་བྱ་བ་ནི་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་པའི་སྟོབས་ཀྱིས་བརྟན་པར་བྱ་བ་སྟེ། གང་གི་ཕྱིར།
བདག་གིས་བདག་གི་སྙིང་གར་ནི། །ཞེས་གསུངས་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དེའི་འོག་ཏུ་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སེམས་དཔའ་རྡོ་རྗེ་མ་
བཅིངས་ཏེ། བཛྲ་གུ་ཧྱ་ས་མ་ཡ་ཨཿཞེས་ཟློས་ཤིང་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དམར་པོ་འོད་ཟེར་དམར་པོ་འབར་བ་ཀུན་དུ་འཁྲུག་པ་བསྐྱེད་ལ་ཟླ་བ་གཉིས་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཡང་ཟླ་བ་གཅིག་གི་བར་དུ་སྤྲོ་བ་དང་བསྡུ་བའི་
སྦྱོར་བས་བསྒོམས་ལ་མཐར་མཚན་གཅིག་ཐོག་ཐག་བསྒོམ་པར་བྱའོ། །དེ་ལྟར་སེམས་དཔའི་རྡོ་རྗེ་མཉམ་པར་བཞག་ལ། བདག་གིས་བདག་ཉིད་ཀྱི་སྙིང་གར་རྡོ་རྗེའི་ལྟ་བས་ཇི་སྐད་དུ་བཤད་པ་བཞིན་དུ་ངེས་པར་ལྟ་ཞིང་རང་གི་སྙིང་ག་ནས་ཇི་སྐད་གསུངས་པའི་སེམས་
དཔའི་རྡོ་རྗེ་ལྟ་བུའི་འོད་ཟེར་གྱི་ཚོགས་སྤྲུལ་ལ་དེས་དབབ་པར་བྱ་བའི་ལུས་ཀུན་དུ་བཀང་ན། ངེས་པར་འབབ་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་རིན་ཆེན་གྱི་རྣལ་འབྱོར་གྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་རིན་ཆེན་མ་བཅིངས་ལ་རིན་ཆེན་རྡོ་རྗེ་བསྒྲུབ་པར་བྱའོ། །རྡོ་རྗེ་
ཆོས་ཀྱི་རྣལ་འབྱོར་གྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ཆོས་མ་བཅིངས་ལ། ཆོས་ཀྱི་རྡོ་རྗེ་བསྒྲུབ་པར་བྱའོ། །ལས་ཀྱི་རྡོ་རྗེའི་རྣལ་འབྱོར་གྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ལས་མ་བཅིངས་ལ། ལས་ཀྱི་རྡོ་རྗེ་བསྒྲུབ་པར་བྱའོ། །དེ་
ལྟར་རིན་ཆེན་རྡོ་རྗེ་ལ་སོགས་པའི་སྒྲུབ་པ་བྱས་ནས། ཕྱིས་ལས་ཀྱི་དུས་སུ་ཡང་དེ་བཞིན་དུ་རྡོ་རྗེ་རིན་ཆེན་གྱི་རྣལ་འབྱོར་བྱས་ལ་རྡོ་རྗེ་རིན་ཆེན་མ་བཅིངས་ཏེ་བསྒྲུབ་པར་བྱ་བ་ལ་འབར་བའི་ལྟ་བས་ལྟ་ཞིང་རང་གི་སྙིང་ག་ནས་ནོར་བུ་པདྨ་རཱ་གའི་འོད་ལྟ་བུ་སྤྲུལ་ལ། དེས་དེའི་ལུས་ཉི་མ་
เล่ม ๕๗ · หน้า 185b
ནུབ་པ་ལྟ་བུར་བྱ་བས་དགུག་པར་བྱའོ། །རྡོ་རྗེ་ཆོས་ཀྱི་སྦྱོར་བས་རྡོ་རྗེ་ཆོས་མ་བཅིངས་ལ། སྙིང་ག་ནས་པདྨའི་འོད་ཟེར་གྱི་ཚོགས་གདུག་པ་སྤྲུལ་ལ། ཁྲོ་བོའི་ལྟ་བས་ལྟ་ཞིང་དེས་སེམས་ཅན་གདུག་པ་རྣམས་གཞོམ་པར་བྱའོ། །རྡོ་རྗེ་ལས་ཀྱི་སྦྱོར་བས་རྡོ་རྗེ་ལས་མ་བཅིངས་
ལ། རང་གི་སྙིང་ག་ན་སྣ་ཚོགས་རྡོ་རྗེ་ལྟ་བུ་འོད་ཟེར་གྱི་ཚོགས་སྤྲུལ་ལ། བྱམས་པའི་ལྟ་བས་ལྟ་ཞིང་བསྒྲུབ་པར་བྱ་བ་དེའི་ནང་དུ་ཆུད་པར་བསམས་ན། ཡང་དག་པར་བསྲུང་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་
དངོས་གྲུབ་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། རྡོ་རྗེ་སེམས་དཔའ་སྦྱོར་བས་ཀྱང་རྣལ་འབྱོར་ཆེན་པོ་བསྒྲུབས་ལ། གཟུངས་ཀྱི་དཀྱིལ་འཁོར་དང་གཞན་དག་ཏུ་ཡང་ལྷ་རྣམས་གཟུངས་ཀྱི་དཀྱིལ་འཁོར་དུ་གསུངས་
པའི་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་སྟོན་ཏོ། །གཟུངས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱ་ཆེན་པོ་སྟེ་འདིར་ལག་པའི་ཕྱག་རྒྱ་ཉིད་ཀྱི་ཁྱད་པར་ནི་ཕྱག་རྒྱ་ཆེན་པོ་ཡིན་ཏེ་གང་གི་ཕྱིར་བྲིས་པའི་རྗེས་སུ་མཐུན་པར་བཅིངས་པ་
ཡིན་ལ། དེ་རྣམས་ཀྱི་མཚན་མའི་ཕྱག་རྒྱའི་ཚུལ་གྱིས་ལྷ་ཐམས་ཅད་བྲི་བའི་ཆོ་གར་གནས་ཀྱི་སྐུའི་ཚུལ་གྱིས་ནི་མ་ཡིན་ནོ། །འོན་ཀྱང་སྐུ་སྟོན་པར་བྱེད་པས་ཕྱག་རྒྱ་ཆེན་པོ་ཞེས་བཤད་དོ། །བཅིང་བ་བསླབ་བོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་བཅིང་བའི་མཚན་ཉིད་ཅེས་བྱ་བའི་དོན་
ཏོ། །རྡོ་རྗེ་ཐལ་མོ་ལས་བྱུང་བ། །གསང་བ་ཆེན་པོ་རབ་ཏུ་བཤད། །ཅེས་བྱ་བ་ནི་ཤིན་ཏུ་སྦ་བར་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བ་ཆེན་པོའོ། །འདིས་ནི་གང་དུ་ཁྱད་པར་གྱི་དགག་པ་མེད་པ་དེར་རྡོ་རྗེ་ཐལ་མོ་ནི་ཕྱག་རྒྱ་ཆེན་པོ་ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་པར་སྟོན་ཏོ། །
མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །ཞེས་བྱ་བ་ནི་མཐེ་བོང་གཉིས་སྐྱིལ་ཀྲུང་གི་ཚུལ་དུ་བྱས་པ་གང་ཡིན་པ་དེ་ནི་མཐེ་བོང་གཉིས་བསྣོལ་བ་ཞེས་བྱའོ། །མཛུབ་མོའི་རྩེ་མོ་བཀུག་པས་ནི། །ཞེས་བྱ་བ་ནི་མཛུབ་མོ་ཡང་ཡིན་ལ་རྩེ་མོ་བཀུག་པ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །
เล่ม ๕๗ · หน้า 186a
མཛུབ་མོ་བཀུག་པ་དེ་ཡང་གུང་མོ་གཉིས་བསྙམས་པའི་ཚིགས་བར་མར་སྦྱར་བར་བྱ་བ་ཡིན་པས་ན། གུང་མོ་བསྙམས་པའི་ཚིགས་སུ་སྦྱར། །ཞེས་བྱའོ། །འདིའི་མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་བྱ་བ་གསུངས་ཏེ།
རྡོ་རྗེ་དབྱིངས་རྣམས་ཀྱི་དབང་མོ་སྟེ། གཙོ་བོ་ནི་རྡོ་རྗེ་དབྱིངས་ཀྱི་དབང་པོ་རྣམ་པར་སྣང་མཛད་ཡིན་ལ་དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་མོ་ཞེས་བྱའོ། །འདིའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་ཐལ་མོའི་མཐེ་བོ་གཡོན་པས་གཡས་པ་མནན་ལ། མཛུབ་མོ་གཡས་
པའི་རྩ་བ་གཡོན་པས་མནན་ཏེ། མཛུབ་མོ་གཉིས་ལྕགས་ཀྱུ་ལྟ་བུར་བྱས་ལ་གུང་མོའི་ཚིགས་བར་མའི་སྟེང་དུ་གཞག་གོ། །གུང་མོ་རལ་གྲི་ལྟ་བུར་ཚིགས་གསུམ་པར་དགུག་པར་བྱའོ། །དབྱིངས་རྣམས་ཀྱི་དབང་ཕྱུག་ནི་གཙོ་བོ་ཡིན་པས་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་
ནི་རྣམ་པར་སྣང་མཛད་ཡིན་ལ། འདི་དེའི་ཕྱག་རྒྱ་ཡིན་པས་ན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ཉིད་གུང་མོ་རྡོ་རྗེར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཉིད་ཀྱི་གུང་མོ་གཉིས་སྦྱར་ལ་རྩེ་མོར་བྱས་པ་ཡིན་གྱི། རྡོ་རྗེ་ཐལ་མོ་ནི་མ་ཡིན་ནོ། །རྡོ་རྗེ་ཐལ་མོར་ཁས་
བླངས་པར་གྱུར་ན་དེ་ཉིད་ཅེས་བརྗོད་པར་མི་བྱ་སྟེ། དེའི་དབང་དུ་བྱས་པ་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །འདིས་ནི་མི་བསྐྱོད་པའི་གནས་སུ་རྡོ་རྗེ་ཐུགས་རྡོ་རྗེ་མ་དང་། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱའོ། །གུང་མོ་གཉིས་ནི་ནོར་བུར་བྱ། །ཞེས་བྱ་བ་ནི་ཞེས་བྱ་བའི་སྒྲ་ནི་
ཁྱད་པར་དུ་བྱ་བའི་དོན་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་མོ་དེ་ཉིད་ལས་གུང་མོ་གཉིས་རྒྱབ་ཏུ་བསྐུམ་ལ། རིན་པོ་ཆེ་དང་འདྲ་བར་བྱས་པ་ནི། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རང་གི་དབང་བསྐུར་བ་དང་རྡོ་རྗེ་རིན་ཆེན་མའིའོ། །པདྨོ་སྲིན་ལག་མཐེའུ་ཆུང་གུང་། །ཞེས་བྱ་བ་ནི་
རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དེ་ཉིད་ལས་གུང་མོ་དང་སྲིན་ལག་དང་། མཐེའུ་ཆུང་པདྨའི་འདབ་མ་འདྲ་བར་བྱས་པ་ནི། མཚོན་ཆ་ཞེས་བྱ་བ་དང་། རྡོ་རྗེ་ཆོས་མའིའོ། །ལག་པའི་སོར་མོ་རབ་ཏུ་བརྐྱང་། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དེ་ཉིད་ཀྱི་ལག་མཐིལ་ཕན་
เล่ม ๕๗ · หน้า 186b
ཚུན་སྤྲད་ལ་སོར་མོ་ཐམས་ཅད་བརྐྱང་བ་ནི། རྡོ་རྗེ་ཀུན་ཞེས་བྱ་བ་དང་། རྡོ་རྗེ་ལས་མའིའོ། །དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལས་བྱུང་བའི་ཕྱག་རྒྱ་རྣམས་བསྟན་ནས། ད་ནི་མཛུབ་མོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཐལ་མོ་ལས་བྱུང་བའི་ཕྱག་རྒྱ་རྣམས་སྟོན་ཏེ། རྡོ་རྗེ་
ཐལ་མོའི་མཛུབ་མོ་གཉིས་ཕན་ཚུན་སྦྱར་ཏེ་རྩེ་མོར་བྱས་པ་འདི་ནི་མཛུབ་མོ་རྡོ་རྗེ་སྟེ་ཀུན་དུ་བཟང་མོའི་ཕྱག་རྒྱའོ། །མཛུབ་མོ་གཉིས་ཞེས་བྱ་བ་རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་ལྕགས་ཀྱུ་གཉིས་སུ་བྱས་པ་འདི་ནི་དེ་བཞིན་གཤེགས་པ་ལྕགས་ཀྱུ་མའིའོ། །དེ་ཉིད་མཐེ་བོ་གཉིས་
ཀྱིས་སྦས། །ཞེས་བྱ་བ་ནི་བཤད་མ་ཐག་པའི་དེ་བཞིན་གཤེགས་པའི་ལྕགས་ཀྱུའི་མཐེ་བོང་གཉིས་བསྒྲེང་བས་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུའི་ཚིགས་གསུམ་པའི་སོར་མོ་ལ་བཀབ་བ་ནི་དགའ་བ་ལ་ཆགས་མའིའོ། །ལེགས་པ་སྦྱིན་དང་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་མཛུབ་མོ་
དང་མཐེ་བོས་སེ་གོལ་བརྡབས་པ་ནི་ལེགས་ལྡན་མའིའོ། །མཛུབ་མོ་རིན་ཆེན་ཞེས་བྱ་བ་ནི། རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་རྒྱབ་བཀུག་ནས་རིན་པོ་ཆེ་འདྲ་བར་བྱས་པ་ནི་རིན་པོ་ཆེའི་གཙོ་མོའིའོ། །མཛུབ་མོ་རིན་ཆེན་ཅན་འོད་འབར། །ཞེས་བྱ་བ་ནི་
ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་རིན་ཆེན་ཅན་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་མཛུབ་མོ་རིན་པོ་ཆེ་ལྟ་བུར་བྱས་ལ་སོར་མོ་གཞན་ཐམས་ཅད་བརྐྱང་སྟེ། འོད་ཟེར་འབར་བ་ལྟ་བུར་བྱ་བ་འདི་ནི་རིན་པོ་ཆེའི་སྒྲོན་མའིའོ། །སྲིན་ལག་གཤིབས་ལ་མཐེའུ་རིན་ཆེན། །ཞེས་བྱ་བ་ནི་རྡོ་རྗེ་
ཐལ་མོ་ལས་སྲིན་ལག་གཉིས་གཤིབས་ཤིང་སྦྱར་ལ། མཐེའུ་ཆུང་གཉིས་རྒྱབ་བསྐུམ་སྟེ་རིན་པོ་ཆེ་ལྟར་བྱས་པ་འདི་ནི་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་མའིའོ། །དེ་ཉིད་ཡོངས་སུ་བསྐོར་བའོ། །ཞེས་བྱ་བ་ནི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་མའི་ཕྱག་རྒྱ་དེ་ཉིད་བཞད་པའི་
ཚུལ་གྱིས་ཡོངས་སུ་བསྐོར་བ་ནི་བཞད་མ་དང་ལྡན་མའིའོ། །ཀུན་གྱི་རྩེ་མོ་རབ་ཏུ་འགྱེད། །ཅེས་བྱ་བ་ནི་རྡོ་རྗེ་ཐལ་མོ་ལས་སོར་མོ་ཐམས་ཅད་བརྐྱང་སྟེ་པདྨ་ཅུང་ཟད་ཁ་འབྱེད་པ་ལྟ་བུར་གཞག་པ་འདི་ནི་རྡོ་རྗེ་པདྨའིའོ། །མཐེ་བོང་མཐེའུ་ཆུང་བར་དུ་གཞུག །ཅེས་
เล่ม ๕๗ · หน้า 187a
བྱ་བ་ནི་མཐེ་བོང་མཉམ་པ་ནང་དུ་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་ཐལ་མོ་ལས་མཐེ་བོང་གཉིས་བསྙམས་ལ་ནང་དུ་བཅུག་ནས་གཞག་པ་འདི་ནི་ཀུན་དུ་འཛིན་མའིའོ། །སོར་མོ་རབ་ཏུ་འཁོར་ལོ་བརྐྱང་། །ཞེས་
བྱ་བ་འདི་ནི་རྡོ་རྗེ་ཐལ་མོའི་དབྱིབས་ལས་དེ་དག་ཅུང་ཟད་ཁ་ཕྱེ་བ་ནི་འཁོར་ལོ་ཐམས་ཅད་མའིའོ། །དེ་ཉིད་ཀྱང་ནི་ཁ་ནས་དབྱུང་། །ཞེས་བྱ་བ་ནི་འཁོར་ལོ་ཐམས་ཅད་མའིའོ། །ཕྱག་རྒྱ་ཉིད་ཁ་ནས་སྟེང་དུ་ཚིག་འབྱིན་པའི་ཚུལ་གྱིས་ཁ་ནས་དབྱུང་བ་ནི་སྟོང་དུ་ཟློས་མའི་ཕྱག་རྒྱའོ། །
མཐེ་བོ་བརྐྱང་སྟེ་རྡོ་རྗེ་དགབ། །ཅེས་བྱ་བ་ནི་རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་ཀྱི་རྩ་བ་མཐེ་བོ་གཉིས་གཤིབས་པས་ཡང་དགབ་པ་འདི་ནི་དངོས་གྲུབ་ཀྱི་གཙོ་མོའིའོ། །མཛུབ་མོ་བསྙམས་ནས་ནང་དུ་གཞུག །ཅེས་བྱ་བ་ནི་རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་བསྙམས་ལ་ནང་
དུ་སྟེ་མཐེ་བོ་གཉིས་ཀྱི་རྩ་བར་བཅུག་ལ་རྡོ་རྗེ་ཐལ་མོ་བྱས་པའི་མཐེ་བོང་གཉིས་ཀྱིས་བཀབ་པ་འདི་ནི་ཐམས་ཅད་སྲུང་མའིའོ། །མཐེབ་གཉིས་དབྱེ་བ་དེ་ཉིད་ལས། །ཞེས་བྱ་བ་ནི་ཐམས་ཅད་སྲུང་མའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ཕྱེ་ལ་ཁར་གཞག་པ་ནི་མདངས་སླར་
འཕྲོག་མའིའོ། །དེ་ནས་ནང་དུ་རྡོ་རྗེར་བྱ། །ཞེས་བྱ་བ་ནི་མདངས་སླར་འཕྲོག་མའི་ཕྱག་རྒྱ་ཉིད་ལས་མཐེ་བོ་གཉིས་ནང་དུ་བཅུག་ལ། རང་རང་གི་མཐེའུ་ཆུང་དང་སྲིན་ལག་གཉིས་ཀྱི་བར་དུ་གཏད། མཛུབ་མོ་སྦྱར་ཏེ་རྒྱབ་ཏུ་གཞག་པ་འདི་ནི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །
རྡོ་རྗེ་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་གཟུངས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་ཉིད་ཡིན་པར་འདོད་དོ། །རྡོ་རྗེ་གསང་བ་དེ་རྣམས་ནི། །རྡོ་རྗེ་བཅིངས་ལས་བྱུང་བ་ཡིན། །
ཞེས་བྱ་བ་ལ། རྡོ་རྗེ་ནི་འདིར་མི་བསྐྱོད་པའི་རིགས་རྣམས་སོ། །དེའི་གསང་བ་ནི་གསང་བའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །ཕྱག་རྒྱ་ཆེན་པོ་རྣམས་ནི་རྡོ་རྗེ་ཐལ་མོ་ལས་བྱུང་བ་འདི་རྣམས་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བས་དེ་རྣམས་ཀྱི་གསང་བའི་དམ་ཚིག་
เล่ม ๕๗ · หน้า 187b
གི་ཕྱག་རྒྱར་འགྱུར་བ་ཡིན་ནོ། །འདི་རྣམས་ཀྱི་མཚན་ཉིད་ནི་འདི་ལྟར་ཤེས་པར་བྱ་སྟེ། རྡོ་རྗེ་བཅིང་བ་བཅིངས་པའི་མཛུབ་མོ་རྡོ་རྗེ་ནི་ཀུན་དུ་བཟང་མོའིའོ། །མཛུབ་གཉིས་རྩེ་ནི་དེ་བཞིན་གཤེགས་པ་ལྕགས་ཀྱུ་མའིའོ། །མཐེ་བོ་གཉིས་ཀྱིས་སྦས་པ་ནི་དགའ་བ་ལ་ཆགས་
མའིའོ། །ལེགས་པ་སྦྱིན་པ་ནི་ལེགས་ལྡན་མའི་དམ་ཚིག་གི་ཕྱག་རྒྱའོ། །ཆོས་ཀྱི་གསང་བའི་མཚན་རྣམས་ནི། །ཐལ་མོ་ནང་དུ་བཀུག་པས་སོ། །ཞེས་བྱ་བ་ལ། ཆོས་ནི་འོད་དཔག་ཏུ་མེད་པའི་རིགས་ཏེ་དེ་གསང་བ་ནི་གསང་བ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཐལ་
མོ་ནི་ཐལ་མོ་ཁོང་སྟོང་ངོ་། །དེའི་ནང་ནི་ནང་ཉིད་དུ་སྟེ། ནང་དེར་ཚུལ་འདྲ་བར་བྱས་ཤིང་བསྒོམས་པས་བསྒྲུབ་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཐལ་མོ་ནང་དུ་བཀུག་པའི་མཚན་མ་རྣམས་ཀྱིས་ཆོས་ཀྱི་གསང་བ་དེ་ཉིད་རྡོ་རྗེ་ཐལ་མོ་ལས་བྱུང་བའི་གསང་བ་རྣམས་
ཀྱི་ཕྱག་རྒྱར་གྱུར་པ་ཡིན་ནོ། །འདི་སྐད་སྟོན་ཏེ་ཐལ་མོ་སྦྱར་བའི་ནང་དུ་སོར་མོ་ཐམས་ཅད་བརྐྱང་ལ་ཅུང་ཟད་ཁ་བྱེ་བའི་པདྨ་ལྟ་བུར་གཞག་པ་ནི་རྡོ་རྗེ་པདྨོའི་འོ། །ཐལ་མོ་སྦྱར་ལ་མཐེ་བོང་གཉིས་བར་དུ་བཅུག་ནས་གཞག་པ་ནི་ཀུན་འཛིན་མའིའོ། །ཐལ་མོ་སྦྱར་བ་བཅིངས་ལ་
ནང་དུ་རྡོ་རྗེ་ཐལ་མོར་བྱས་ཏེ། སོར་མོའི་རྩེ་མོ་ཕན་ཚུན་མ་འབྱར་བར་གཞག་པ་ནི་འཁོར་ལོ་ཐམས་ཅད་མའིའོ། །འདི་ཉིད་ཁ་ནས་དབྱུང་བ་ནི་སྟོང་དུ་ཟློས་པའི་གསང་བའི་དམ་ཚིག་གི་ཕྱག་རྒྱའོ། །ལས་ཀྱི་གསང་བ་ནང་གནས་པའི། །མཚན་མས་ལས་སུ་བསྟན་པའོ། །
ཞེས་བྱ་བ་ནི་འདིར་དོན་ཡོད་པར་གྲུབ་པའི་རིགས་ནི་ལས་སོ། །དེའི་གསང་བ་ནི་གསང་བའི་དམ་ཚིག་གི་ཕྱག་རྒྱའི་གསང་བ་རྣམས་ཏེ། རྡོ་རྗེ་ཐལ་མོ་ནང་དུ་བཅིངས་བའི་ནང་དུ་མཛུབ་མོ་གཉིས་ཀྱི་རྩ་བའི་ཚིགས་སུ་མཐེ་བོ་གཉིས་སྦྱར་བས་དགག་པ་འདི་ནི་དངོས་གྲུབ་ཀྱི་གཙོ་
མོའི་འོ། །རྡོ་རྗེ་ཐལ་མོ་ནང་དུ་བཅིངས་པའི་ནང་དུ་མཛུབ་མོ་བསྙམས་ལ་མཐེ་བོའི་རྩ་བར་བཞག་ནས་མཐེ་བོ་གཉིས་ཀྱིས་བཀབ་པ་འདི་ནི་ཐམས་ཅད་སྲུང་མའིའོ། །ཐམས་ཅད་སྲུང་མའི་ཕྱག་རྒྱ་ཉིད་ལས་གང་གི་མཐེ་བོ་གཉིས་ཕྱེ་ལ་ཁར་གཞག་པ་ནི་མདངས་སླར་
เล่ม ๕๗ · หน้า 188a
འཕྲོག་མའིའོ། །མདངས་སླར་འཕྲོག་མའི་ཕྱག་རྒྱ་ཉིད་དེ་ལྟར་བཞག་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་རྒྱབ་སྤྲད་ལ་མཐེ་བོ་གཉིས་སྦྱར་ནས་རང་རང་གི་མཐེའུ་ཆུང་དང་སྲིན་ལག་གི་བར་དུ་གཞག་པ་འདི་ནི་གཟུངས་ཀྱི་ཕྱག་རྒྱའི་གསང་བའི་དམ་ཚིག་གི་ཕྱག་རྒྱ་
གསང་བའོ། །དེ་ལྟར་ན་ནང་ན་གནས་པའི་མཚན་མ་རྣམས་ཀྱིས་ལས་ལ་རབ་ཏུ་བསྟན་པས། ལས་ཀྱི་གསང་བར་འགྱུར་བ་ཡིན་ནོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ནི་ཕྱག་རྒྱ་ཆེན་པོ་ཉིད་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པའི་སྦྱོར་བས་གསང་བའི་དམ་ཚིག་གི་ཕྱག་
རྒྱ་གསང་བར་འགྱུར་བར་ཤེས་པར་བྱ་སྟེ། གཞན་དུ་ན་དམ་ཚིག་གི་ཕྱག་རྒྱ་ལས་གྱུར་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་སྒྲུབ་པ་མེད་པར་འགྱུར་རོ། །ཡི་གེ་ཨ་ལ་སོགས་པའི་ཆོས་ཀྱི་ཡི་གེ་རྣམས་ནི་ཀུན་དུ་བཟང་མོ་ནས་བརྩམས་ཏེ། གཟུངས་ཀྱི་ཕྱག་རྒྱའི་
བར་གྱི་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ། །ལྷག་མ་རྣམས་ཀྱི་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པ་ཡིན་པར་ཤེས་པར་བྱའོ། །གསང་བའི་ཕྱག་རྒྱ་གཉིས་བྱས་ནས། །ལས་ཀྱི་ཕྱག་རྒྱ་རྣམས་སུ་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ནས་
རྡོ་རྗེ་འབེབས་པའི་བར་གྱི་སྐུའི་གསང་བ་སྟོན་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་ནི་གསང་བའི་ཕྱག་རྒྱ་སྟེ། དེ་གཉིས་སུ་བྱས་ནས་རྡོ་རྗེ་དབྱིངས་ལས་གསུངས་པའི་ཚུལ་དུ་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་ཚུལ་ནི་འདི་ཡིན་ཏེ། གཡོན་པའི་རྡོ་རྗེ་སོར་མོ་ནི། །གཡས་པའི་
ནང་དུ་བསྒྲེང་བར་བྱའོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །མི་གཡོ་བ་ཡི་རེག་པ་སྟེ། །དེ་བཞིན་རིན་ཆེན་མཆོག་སྦྱིན་པའོ། །ཚེ་དཔག་མེད་པའི་ཏིང་འཛིན་མཆོག །གདོན་མི་ཟ་བའི་མི་འཇིགས་སྦྱིན། །དེ་ནས་ལས་ཀྱི་
ཕྱག་རྒྱ་རྣམས། །མདོར་བསྡུས་པ་ནི་བཤད་པར་བྱ། །རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །རྡོ་རྗེ་ལས་རྣམས་བྱེད་པ་སྟེ། །བསྒྱིངས་བཅས་གསོར་བ་གཉི་ག་ཡིས། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། །མདའ་འཕངས་པ་ཡི་ཚུལ་དང་ནི། །ལེགས་སོ་
เล่ม ๕๗ · หน้า 188b
ཞེས་པས་སྙིང་གར་གཞག །དབང་བསྐུར་བ་ནི་རྡོ་རྗེ་ཡིས། །སྙིང་གར་ཉི་མ་བསྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པར་དབྱེ། །སྙིང་གར་གཡོན་པ་རལ་གྲི་འདུད། །མགལ་མེའི་འཁོར་ལོ་
བསྐོར་བ་དང་། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་། །རྡོ་རྗེ་གར་བསྐོར་བཀྲོལ་བ་ཡི། །ཐལ་མོ་འགྲམ་པ་སྤྱི་བོར་གཞག །གོ་ཆ་མཐེའུ་ཆུང་མཆེ་བ་མཆོག །ཁུ་ཚུར་གཉིས་ནི་མནན་པའོ། །རྡོ་རྗེ་འགྱིང་བའི་ཚུལ་གྱིས་སོ། །བསམ་པ་གཡོས་པས་འདུད་པར་བྱ། །
ཕྲེང་བ་བཅིང་དང་ཁ་ནས་དབྱུང་། །རྡོ་རྗེ་གར་ནི་བསྐོར་བ་ཡིན། །རྡོ་རྗེ་ཁུ་ཚུར་ཚུལ་གྱིས་ནི། །བདུག་པ་ལ་སོགས་དེ་བཞིན་སྦྱིན། །སངས་རྒྱས་ཀུན་ལ་མཆོད་པ་ཡི། །ཕྱག་རྒྱའི་མཆོད་པ་བྱེད་པའོ། །མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེ་ཆུང་ལས་ཏེ་ལྕགས་ཀྱུ་
ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །ཞེས་བྱའོ། །དམ་ཚིག་མཆོག་ནི་ཇི་སྙེད་པ། །གཉིས་སུ་ཕྲལ་ནས་དེ་བཞིན་ནོ། །ཞེས་བྱ་བ་ནི་ཇི་ལྟར་ཕྱག་རྒྱ་ཆེན་པོ་གཉིས་སུ་བྱས་ནས་བྱང་ཆུབ་མཆོག་ལ་སོགས་པ་ལས་
ཀྱི་ཕྱག་རྒྱ་བཅིང་བ་དེ་བཞིན་དུ། དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས་སྔར་བཤད་པའི་ཚུལ་གྱིས་བཅིངས་པ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ་ཞེས་པའོ། །དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་འདི་རྣམས་ཀྱི་སྒྲུབ་པ་ནི་གྲུབ་པའི་རྒྱུའོ། །ས་མ་ཡ་སྟྭཾ་ཞེས་བྱ་
བ་འདི་ནི་སྔགས་ཏེ། འདི་བརྗོད་ཅིང་བཅིང་བར་བྱའོ། །དེའི་འོག་ཏུ་རང་རང་གི་གཟུངས་ཀྱི་རིག་པས་ལས་རྣམས་ལ་སྦྱར་བར་བགྱིའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། བདག་གི་བཅིངས་པས་གྲུབ་པ་ནི། །ཞེས་བྱ་བ་གསུངས་ཏེ། བདག་ཉིད་ཀྱིས་བདག་ཉིད་
བཅིངས་པས་སྒྲུབ་པ་པོའི་འདོད་པའི་དོན་སྩོལ་བར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། འདོད་ལ་ཆགས་པའི་བདེ་བའི་བདག །ཅེས་བྱ་བ་གསུངས་ཏེ། འདོད་པར་བྱ་བ་ཡིན་པས་ན་འདོད་པ་སྟེ། བྱང་ཆུབ་ཀྱི་མཚན་ཉིད་ཅན་རྡོ་རྗེ་སེམས་དཔའ་ནི་མངོན་པར་འདོད་པར་བྱ་བ་ཉིད་
เล่ม ๕๗ · หน้า 189a
ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེར་ཆགས་པ་ནི་འདོད་པའི་འདོད་ཆགས་ཏེ། དེས་བདེ་བའི་བདག་ཉིད་ཅན་གྱི་རང་གི་རྒྱུད་འདི་ལ་ཡོད་པ་ཉིད་དུ་འགྱུར་རོ་ཞེས་སྟོན་ཏོ། །གང་གི་ཕྱིར་དེ་ལྟར་མཚན་མ་ཐོབ་པའི་སེམས་ཀྱིས་ལས་ཀྱི་ཕྱག་རྒྱ་རྣམས་འགྲུབ་
པར་འགྱུར་གྱི་གཞན་དག་ལ་ནི་མ་ཡིན་ནོ། །དེ་བས་ན་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་འདི་རྣམས་ལྷག་པར་གཅིག་ཀྱང་ནི་འདི་ལྟ་སྟེ། དུས་ཀུན་དུ་ནི་བཅིང་མི་བྱ། །ཞེས་གསུངས་པ་ཡིན་ནོ། །འོ་ན་འདི་དག་དུས་གང་གི་ཚེ་བཅིང་ཞེ་ན། གསང་བའམ་
ནི་དོན་ཆེ་ལ། །མཁས་པ་ཡིས་ནི་སྦྱར་བར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལ་གསང་བའི་བྱ་བ་ནི་ཇི་ལྟར་རྒྱུད་ཕྱི་མ་ལས་བསྒྲུབ་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ། གཟུངས་ཀྱི་ལྷ་མོ་རྣམས་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ལས་ཀྱི་ཕྱག་རྒྱ་
བཅིངས་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས། སངས་རྒྱས་རྗེས་སུ་དྲན་པ་བསྒོམས་ལ། བུད་མེད་ལུས་ཀྱི་བུ་གར་ཞུགས། །བུད་མེད་རྣམས་ནི་དབང་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་དོན་ཆེན་པོ་དང་། དམ་ཚིག་དང་དབང་བསྐུར་བའི་ཕྱིར། གཟུངས་ཀྱི་
དཀྱིལ་འཁོར་བྲི་བ་གང་ཡིན་པ་སྟེ། དེར་ཡང་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་འདི་དག་སྦྱོར་བ་ལ་མཁས་པས་སྦྱར་བར་བྱ་བ་ཡིན་པས་དེ་བས་ན། མཁས་པ་ཡིས་ནི་སྦྱར་བར་བྱ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། མཁས་པ་ནི་དམ་ཚིག་གི་ཕྱག་རྒྱ་རྒྱུ་
ལས་བྱུང་བའི་ལས་ཀྱི་ཕྱག་རྒྱའི་དེ་ཁོ་ན་ཉིད་ཤེས་པའོ་ཞེས་བྱ་བའི་དོན་ཏོ། །སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་ཡང་སྒྲུབ་པ་པོས་འདི་རྣམས་ཅིའི་ཕྱིར་སྦྱར་བར་མི་བྱ་ཞེ་ན། དེའི་ཕྱིར་འདི་དག་ཀུན་ལ་བདག་ཉིད་གནས། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཀུན་གྱི་
བདག་ཉིད་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲན་པ་དང་། ཤེས་རབ་དང་ཡང་དག་པར་ལྡན་པའི་ཐུགས་ལ་གནས་ཤིང་དེའི་བདག་ཉིད་དུ་རྗེས་སུ་ཞུགས་པས་འདི་རྣམས་དེ་ལས་བྱུང་བའི་ཡིན་ལ། དེ་བས་ན་ལས་ཀྱི་ཕྱག་རྒྱ་འདི་དག་ནི། །རང་
เล่ม ๕๗ · หน้า 189b
འབྱུང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསང་བའི་བཙུན་མོ་ལྷ་མོ་བརྟན་པ་ཡིན་པས་སྐྱེ་བོ་དེ་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པར་མི་བྱའོ། །དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་ཅིའི་ཕྱིར་སྒྲུབ་པ་པོས་དུས་ཐམས་ཅད་དུ་སྦྱར་བར་མི་བྱ་ཞེ་ན། སྒྲུབ་པ་རྣམས་ལ་རབ་ཆགས་ན། །
ཞེས་བྱ་བ་གསུངས་ཏེ། ཉིན་རེ་ཞིང་ལས་ཀྱི་ཕྱག་རྒྱ་བསྒོམ་པ་དང་རབ་ཏུ་ལྡན་པའི་རྣལ་འབྱོར་པ་རྣམས་ལ་རབ་ཏུ་ཆགས་ཤིང་ཞེན་པས་ན། རང་གི་བདག་པོ་གཏང་ང་རེ། །ཞེས་བྱ་བ་བདག་པོ་དེ་བཞིན་གཤེགས་པའོ། །ཇི་ལྟ་བུ་ཞེ་ན། རང་གི་སྟེ་ཕྱི་མའི་མཐར་ཐུག་པར་བརྟན་པར་
གནས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། རང་གི་བདག་པོ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་སྤངས་ནས་སྒྲུབ་པ་པོ་ཉིད་ལ་དགའ་བར་འདོད་པ་ཡིན་ལ། དེ་བས་ན་སྒྲུབ་པ་པོས་དེ་བཞིན་གཤེགས་པ་རྣམས་ལ་མཆོག་ཏུ་གུས་པ་བསྐྱེད་ལ།
བླ་མའི་བཙུན་མོ་རྟག་ཏུ་རང་གི་ལས་ལ་སྦྱར་བར་མི་བྱའོ་ཞེས་བྱ་བ་དེ་ལྟ་བུའི་འཇིག་རྟེན་གྱི་ཐ་སྙད་ཁས་བླངས་ལ་སོ་སོར་ངེས་པའི་དུས་སུ་སྦྱར་བར་བྱའོ། །དེ་ལྟར་ན་ངེས་པའི་དུས་སུ་མཚན་མ་ཐོབ་ནས་སྦྱར་བར་གྱུར་ན། དེ་རྣམས་ངེས་པར་དགྱེས་པར་མངོན་པར་འདོད་
པའི་དངོས་གྲུབ་སྒྲུབ་པར་བྱེད་དོ། །དེ་བས་ན་དུས་གཞན་དུ་སྦྱར་ན་འདི་དག་ལོག་པར་སྦྱར་བས་བཀའ་ལས་འདས་པའི་ཕྱིར་དངོས་གྲུབ་ཉམས་པར་འགྱུར་རོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཁྱད་པར་གསུངས་ནས། དེ་ནས་ཕྱག་རྒྱ་
འདི་རྣམས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྤྱིའི་བཅིང་བ་ལ་སོགས་པའི་ལས་རྣམས་སྟོན་ཏོ། །སོགས་པའི་སྒྲས་ནི་དགྲོལ་བ་དང་། བརྟན་པར་བྱ་བ་དང་གོ་ཆ་དང་མཉེས་པར་བྱ་བ་རྣམས་བསྡུའོ། །དེ་ལ་བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་དབབ་པའི་
ཕྱག་རྒྱ་བཅིངས་ལ། ཨཿཞེས་བྱ་བས་དབབ་པ་བསྐྱེད་ལ་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་བཅིངས་པ་ནི་བདག་འཆིང་བའོ། །གཞན་ནི་བཛྲ་ཧཱུཾ་བནྡྷ་ཞེས་ཟློས་ཤིང་ངོ་། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་
เล่ม ๕๗ · หน้า 190a
འཁོར་ཆེན་པོ་ལས་གསུངས་པའི་ཚུལ་གྱིས། རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་བཅིངས་ལ་བཛྲ་ཧཱུཾ་བནྡྷ་ཞེས་ཟློས་ཤིང་བཅིང་བར་བྱ་
བའམ། མདུན་དུ་རང་གི་གཟུངས་ཀྱི་ལྷ་མོ་རང་གི་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །དེ་ལྟར་ཕྱག་རྒྱ་བཅིང་བའི་ཆོ་ག་ཐམས་ཅད་བསྟན་ནས། ད་ནི་དེ་དགྲོལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དགྲོལ་བའི་ཆོ་ག་གསུངས་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དམ་
ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་དྷ་ཏྭཱི་ཤྭ་རཱི་ཧཱུཾ་བཛྲ་ཎི་ཞེས་ལན་གསུམ་བརྗོད་ལ། ཨོཾ་བཛྲ་མུཿཞེས་བྱ་བས་དམ་ཚིག་གི་ཕྱག་རྒྱ་དེ་སྤྱི་གཙུག་ཏུ་བཀྲོལ་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ཐམས་ཅད་དེར་གྲོལ་བར་བསམ་པར་བྱའོ། །དེ་བཞིན་དུ་བཛྲ་ཨཱ་བེ་ཤ་
ཞེས་བྱ་བའི་བར་གྱིས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་མུཿཞེས་བྱ་བ་ལན་གསུམ་བརྗོད་དེ་རང་གི་བྱིན་པ་གཡོན་པའི་གནས་ནས་བཀྲོལ་ལ། རྡོ་རྗེ་འབེབས་པའི་རང་གི་ཕྱག་རྒྱ་ཐམས་ཅད་དེ་ནས་གྲོལ་བར་བསམ་པར་བྱའོ། །དེ་ལྟར་ན་ཕྱག་རྒྱ་
ཐམས་ཅད་གང་དང་གང་ནས་བྱུང་བ་དེ་དང་དེ་ནས་གྲོལ་བར་འགྱུར་རོ། །རིན་ཆེན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པའི་འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་བརྟན་པར་བྱས་ཏེ། བཅིངས་ལ་རང་གི་སྙིང་གའི་ཕྱོགས་ནས་བཏེག་ལ། བཅིང་བར་ཇི་
སྐད་བཤད་པའི་ཕྱག་རྒྱ་ཐམས་ཅད་དབང་བསྐུར་བའི་བསམ་པས་རང་གི་དབང་བསྐུར་བའི་གནས་སུ་དེ་བཞག་ལ་འདི་སྐད་བརྗོད་དོ། །ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། དེ་ནས་ཕྱག་རྒྱ་དེ་གཉིས་སུ་བྱས་ལ། ཨོཾ་ཏྲི་དྷ་བཛྲ་ཀརྨྨཱ་ཙ་ཏྲི་དྷ་ཞེས་ཟློས་ཤིང་མཛུབ་མོ་གཉིས་ཀྱིས་གོ་ཆ་བཅིང་
བར་བྱའོ། །དེ་ནས་གོ་ཆའི་མཐར་སྔ་མ་བཞིན་དུ་དར་དཔྱངས་འཕྱང་བ་བྱས་ལ། མཉམ་པའི་ཐལ་མོས་མཉེས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་འདི་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །བཅིང་བའི་དམ་ཚིག་ནི་འདའ་བར་མི་བྱ་བའི་བཅིང་བའོ། །མཉམ་པའི་ཐལ་མོས་
เล่ม ๕๗ · หน้า 190b
མཉེས་པར་བྱ་བ་ཉིད་གསུངས་པ་ནི་ཐལ་མོ་བརྡབས་པས་ཞེས་བྱ་བ་ཡིན་ནོ། །སྔགས་གང་གིས་བྱ་ཞེ་ན། ཨོཾ་གུ་ཧྱ་ས་མཱ་ཏ་ལས་ཞེས་གསུངས་པ་ཡིན་ཏེ་ལན་གསུམ་བྱའོ། །གང་གིས་དེ་ལྟར་ཆོ་ག་རྒྱ་ཆེར་བྱེད་མི་ནུས་པ་དེས་བཅིངས་པ་ལ་སོགས་པའི་ལས་རྣམས་བཛྲ་སཏྭ་
བཛྲ་སཏྭ་ཞེས་ཟློས་ཤིང་བརྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་སེམས་དཔའ་ཅི་དགར་བཟླས། །ཞེས་གསུངས་པ་ཡིན་ཏེ། དགྲོལ་བ་ལ་སོགས་པའི་དཀྱིལ་འཁོར་ལས་གསུངས་པའི་ལས་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་ཅི་དགར་བཟླས་ལ་སྦྱར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །190b.3ཆོ་ག་ལྷག་མ་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་གཟུང་བར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ། རྡོ་རྗེ་སེམས་དཔའི་སྦྱོར་བས་དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་ལ་སོགས་
པའི་དཀྱིལ་འཁོར་བྲི་བར་བྱའོ། །འདི་ནི་གཟུངས་ཀྱིས་འདུལ་བའི་སེམས་ཅན་གྱི་ཕྱིར་གསུངས་པ་ཡིན་པས་གཟུངས་ཀྱི་དཀྱིལ་འཁོར་རོ། །གཟུངས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ། །དེ་ལྟར་གཟུངས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་
པས་དེ་འདུལ་བའི་འགྲོ་བ་ལས་བརྩམས་ཏེ། ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལའོ། །འདིར་དང་པོར་སྦྱོར་བའི་ཏིང་
ངེ་འཛིན་ནི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པ་ལས་ཤེས་པར་བྱའོ། །ཡང་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་ནས་ཡང་གི་སྒྲ་སྨྲས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་
པ་ལ། རྡོ་རྗེ་ཡང་ཡིན་ལ་ཕྲ་མོ་ཡང་ཡིན་པས་ན་རྡོ་རྗེ་ཕྲ་མོ་སྟེ། ནས་འབྲུའི་ཚད་ཙམ་གྱི་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དཀར་པོའོ། །དེར་དེ་ཉིད་ནི་ཡེ་ཤེས་ཏེ་ངེས་པའོ། །དེ་ལས་བྱུང་བའམ་དེ་ཉིད་ནི་ཕྱག་རྒྱ་སྟེ་རྡོ་རྗེ་ཕྲ་མོའི་རང་བཞིན་ནི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་
เล่ม ๕๗ · หน้า 191a
བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱ་དེའི་དམ་ཚིག་ནི། དམ་ཚིག་གི་དོན་གྱི་དཀྱིལ་འཁོར་ཡིན་པས་ན་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་བརླབ་པའི་ཕྱིར། ཏིང་ངེ་འཛིན་གང་དེས་བྱིན་གྱིས་བརླབ་པ་ཞེས་བྱ་བ་དེ་ལ་
སྙོམས་པར་ཞུགས་ནས་རང་གི་རིག་པ་མཆོག་འདི་སྨྲས་པ་ནི་གསུངས་པའོ། །དེ་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་རང་གི་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་རང་གི་སྔགས་གསུངས་པ་ཡིན་ནོ། །གསང་
སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམས་པས་དེའི་ང་རྒྱལ་གྱིས་བློ་ལ་གནས་པར་བྱས་ལ། སྔགས་འདིས་བརྟན་པར་བྱའོ། །མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་དཀྱིལ་
འཁོར་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་སེམས་དཔའ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པ་ལ་སོགས་པ་ལ་མི་བསྐྱོད་པའི་རིགས་རྣམས་སོ། །དེ་རྣམས་
ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་རིན་ཆེན་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེ་སྟེ། རིན་ཆེན་འབྱུང་
ལྡན་ལ་སོགས་པ་རིན་ཆེན་འབྱུང་ལྡན་གྱི་རིགས་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཆོས་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་
ཏེ། འོད་དཔག་ཏུ་མེད་པ་ལ་སོགས་པ་འོད་དཔག་ཏུ་མེད་པའི་རིགས་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ལས་ཀྱང་ཡིན་པས་ན། དེ་
เล่ม ๕๗ · หน้า 191b
བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཏེ། དོན་ཡོད་པར་གྲུབ་པ་ལ་སོགས་པ་དང་དེའི་རིགས་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེའི་དམ་ཚིག་གི་དཀྱིལ་འཁོར་ཡིན་པས་ན་དམ་ཚིག་གི་དཀྱིལ་འཁོར་ཏེ། དེ་བྱིན་གྱིས་བརླབ་པའི་ཕྱིར་
དེ་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། རང་གི་རིག་པ་མཆོག་ཐུགས་ལ་གནས་པ་འདི་སྨྲས་པ་ནི་བཀའ་སྩལ་པའོ། །འགའ་ཞིག་འདི་སྐད་དུ་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་སྔགས་འདི་ལྔ་
གསུངས་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟར་ནི་མི་རིགས་ཏེ། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་དབང་དུ་མཛད་པས་དེའི་སྐབས་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གསུམ་བསྒོམས་པའི་རྗེས་ལ་ས་གཞི་བྱིན་གྱིས་བརླབ་པར་
བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་རྡོ་རྗེ་ནི་ཇི་སྐད་དུ་གསུངས་པའི་མཚན་ཉིད་
ཅན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། ཡེ་ཤེས་ཕྲ་མོའི་རྡོ་རྗེ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཕྲ་མོའི་འོད་ཟེར་ལ་སོགས་པ་སྤྲུལ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །
དེ་ལ་ཡང་གང་གི་ཕྱིར་བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཚེ་ན་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་གང་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་སེམས་དཔའི་རྡོ་རྗེའི་ཚུལ་དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་རྡོ་རྗེའི་ཡེ་ཤེས་ཕྲ་མོའི་འོད་ཟེར་རྣམས་སུ་བྱུང་བ་སྟེ། རྡོ་རྗེའི་ཡེ་ཤེས་ཕྲ་མོ་ལྟ་བུའི་འོད་ཟེར་རྣམས་སུ་གྱུར་ཏེ་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་
เล่ม ๕๗ · หน้า 192a
རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཡེ་ཤེས་ཕྲ་མོའི་འོད་ཟེར་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཉི་མའི་སྣང་བ་ལ་སོགས་པ་ཟིལ་གྱིས་མནན་ཏེ་སྣང་བར་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྣང་བར་བྱས་པ་དེས་ཅི་ཞིག་
མཛད་ཅེ་ན་སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་རྡོ་རྗེ་ཡེ་ཤེས་ཕྲ་མོའི་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་པ་བརྟན་པར་བྱས་པ་ནི་རྡོ་རྗེ་ཕྲ་མོ་ལ་དམིགས་པའི་སེམས་རྩེ་
གཅིག་པའི་ཏིང་ངེ་འཛིན་བརྟན་པོར་བྱས་པའོ། །སྙོམས་པར་ཞུགས་པ་དེ་ཉིད་གསལ་བའི་དབྱེ་བས་ཀྱང་དེའི་རྗེས་ཐོགས་ཉིད་ལ་ཡིན་པས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ་ཞེས་གསུངས་པ་ཡིན་ལ། དེ་བརྟན་པར་བྱས་པ་ནི། བརྟན་པར་བྱས་པས་རྫོགས་པར་
འགྱུར། །ཞེས་བྱ་བའི་དོན་ཏོ། །ཡང་གཅིག་ཏུ་གྱུར་ནས་ཞེས་བྱ་བ་འདིས་ནི། འོད་ཟེར་རྣམས་ཀྱི་བསྡུ་བ་གསུངས་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྐུར་དམིགས་ཏེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས་ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ། ཏིང་ངེ་
འཛིན་གྱི་རྒྱུས་རྡོ་རྗེ་ཕྲ་མོར་ངེས་པའོ། །དེར་དེས་ན་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་དེའི་ལུས་ཡིན་པས་ན། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྐུ་སྟེ། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྐུ་ཉིད་ལ་ཏིང་ངེ་འཛིན་གྱི་སྐུ་ཞེས་བྱའོ། །དེ་ལ་དམིགས་པ་ནི་རྡོ་རྗེ་ཕྲ་མོ་ལྟ་བུའི་འོད་ཟེར་
གཅིག་ཏུ་བྱས་ཏེ། རྡོ་རྗེ་ཕྲ་མོའི་སྐུ་གཅིག་པོ་དེ་རྫོགས་པར་བྱས་ཤིང་མངོན་སུམ་དུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་དམིགས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པར་ཅིར་འགྱུར་ཞེ་ན། གཅིག་ཏུ་འདུས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཕྲ་མོ་ལྟ་བུའི་
འོད་ཟེར་དེ་རྣམས་གཅིག་ཏུ་འདུས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་མི་ཕྱེད་པའི་རྡོ་རྗེ་ཕྲ་མོའི་གཟུགས་སུ་སེམས་དཔའི་རྡོ་རྗེའི་སྐབས་སུ་གྱུར་པ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱི་ཐུགས་
เล่ม ๕๗ · หน้า 192b
སུ་ཞུགས་པས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཞུགས་པར་བལྟ་བར་བྱ་སྟེ། ཐུགས་སུ་ཞུགས་ནས་ཞེས་འོག་ནས་བཤད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བའི་སྒྲས་ནི་བར་མ་ཆད་པའོ། །དེས་ན་དོན་འདི་སྐད་སྟོན་ཏེ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སུ་ཞུགས་པའི་རྗེས་ཐོགས་ཉིད་ལ། རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་གནས་ནས་འདི་སྨྲས་པ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་གསུངས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་
བའི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ནི་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ་ཆོས་ཀྱི་དབྱིངས་སོ། །དེའི་རྡོ་རྗེ་ནི་སཱུ་ཀྵྨ་བཛྲ་ཞེས་བྱ་བའི་སྔགས་འདིའོ། །དེ་སྨྲས་པ་ནི་གསུངས་པའོ། །དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་ན་
རྡོ་རྗེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་གཟུགས་རྣམས་ལས་སོ། །ཕྱག་ན་རྡོ་རྗེ་ཉིད་བྱུང་ནས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རྡོ་རྗེ་སེམས་དཔའི་རྡོ་རྗེ་དང་དྲིལ་བུ་བསྣམས་
པ་བྱུང་བའོ། །དེ་བྱུང་ནས་བདག་ཉིད་རྡོ་རྗེ་ཕྲ་མོའི་གཟུགས་བྱིན་གྱིས་བརླབས་ཤིང་བསྐྱེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྩེ་མོའི་ཕྱོགས་སུ་གནས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བའི་སྒྲ་ནི་ངོ་མཚར་གྱི་དོན་ཏོ། །སངས་རྒྱས་
ཐམས་ཅད་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དང་འབྲེལ་བའོ། །རྡོ་རྗེ་ཕྲ་མོའི་བདག་སྟེ་ཆེ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཕྲ་ཡང་ཆེ་བའི་ཕྱིར། །ཁམས་གསུམ་ཡང་ནི་རྒྱས་པར་བྱེད། །ཅེས་བྱ་བ་
གསུངས་ཏེ། ཡང་ཞེས་བྱ་བའི་སྒྲའི་དོན་ནི་རེ་ཞིག་གཞན་ལྟ་ཞོག་གི་ཞེས་བྱ་བའོ། །གང་གི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཆེ་བའི་ཕྱིར་ཁམས་གསུམ་ཀུན་དུ་སྤྲོས་པར་བྱེད་པ་འདི་ནི་ངོ་མཚར་ཆེའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་སྐད་ཅེས་སྨྲས་པ་དང་།
เล่ม ๕๗ · หน้า 193a
ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོར་རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་གནས་ནས་རྡོ་རྗེ་སེམས་དཔའ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོའི་ཕྱོགས་ནས་ཞེས་བྱ་བ་ནི་ཤངས་
ཀྱི་རྩེ་མོར་ཕྱིན་ནས་རབ་ཏུ་ཕྲ་བའི་རྡོ་རྗེ་ཡེ་ཤེས་ཀྱི་མཚན་མ་རྒྱས་པར་བྱ་བ་ནི་ཁྱབ་པ་སྟེ། དེ་ལྟར་སྤྲོས་པ་ཉིད་ནི་ཕྲ་བ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ཕྲ་བའི་རྡོ་རྗེ་སྟེ། དེ་ཉིད་ནི་ཡེ་ཤེས་སོ། །དེའི་མཚན་མ་ནི་གཟུགས་ཀྱི་མཚན་མ་དང་། རེག་པའི་མཚན་མའོ། །
དེ་ལ་གཟུགས་ཀྱི་མཚན་མ་ནི་མིག་གི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཀྱིས་གཟུང་དུ་རུང་བའོ། །རེག་པའི་མཚན་མ་ནི་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཀྱིས་གཟུང་དུ་རུང་བའོ། །དེ་ཡང་གཟུགས་ཀྱི་མཚན་མ་ནི་སྣའི་རྩེ་མོར་ནས་འབྲུ་ཙམ་གྱི་
རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྒོམས་པ་ན་མིག་དང་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་དུ་རུང་བར་འགྱུར་རོ། །མཐོང་ནས་ཀྱང་དེར་ལུས་དང་ཡིད་བདེ་ཞིང་ཚིམ་པར་བྱེད་པའི་རེག་པ་ཉེ་བར་སྐྱེ་བ་འདི་ནི་རེག་པའི་མཚན་མའོ། །རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་མཚན་མ་གཉིས་པོ་འདི་དག་
མཐོང་ནས་རྒྱས་པར་བྱ་བའི་སྦྱོར་བས་སྤྲོས་པར་བྱ་བ་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དེས་ཁྱབ་པར་བྱས་ནས་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུས་ཁྱབ་པར་སྤྲོས་པའོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་སྟོང་པའི་
མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་ཅིང་སྤྲོས་པར་བྱས་པ་ཉིད་ཀྱི་ཚུལ་ཏེ། ཚུལ་དང་རྣམ་པ་དེས་ནམ་མཁའི་དབྱིངས་ཐམས་ཅད་ཅེས་པ། གོ་འབྱེད་པ་མ་ལུས་པར་ཐམས་ཅད་དུ་ཕྲ་བའི་ཡེ་ཤེས་ཀྱི་མཚན་མ་རྣམས་ཀྱིས་ཁྱབ་པར་ཇི་སྐད་དུ་བཤད་པ་བཞིན་
དུ་སྤྲོས་པ་ཡང་། དེ་རྣམས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབྱིངས་སུ་བདག་ཉིད་བྱིན་གྱིས་བརླབས་ཏེ་འདུག་གོ་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ནམ་
เล่ม ๕๗ · หน้า 193b
མཁའི་དབྱིངས་ཐམས་ཅད་དེ། དེར་ཁྱབ་པར་སྤྲོས་པས་ན་ཁྱབ་པར་བྱས་པ་ཡིན་ལ། དེ་ལྟར་སྤྲོས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབྱིངས་སུ་ཞེས་བྱ་བར་སྦྱར་ཏེ། དེར་བདག་ཉིད་བྱིན་གྱིས་བརླབས་ཤིང་བརྟན་པར་བྱས་ནས་གནས་པ་
ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནམ་མཁའ་མ་ལུས་པའི་ཚད་ཙམ་གྱི་རྡོ་རྗེ་རྩེ་ལྔ་པར་བདག་ཉིད་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནང་དུ་ཆུད་པར་མཛད་དེ་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཤད་
མ་ཐག་པའི་ནམ་མཁའི་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབུས་སོ། །རྡོ་རྗེ་ཆོས་ཉིད་ནི་རྣམ་པར་རྟོག་པའི་དབང་གིས་འཇུག་པ་དང་ལྡོག་པ་མེད་པའི་ཚུལ་ལོ། །དེ་ལ་དམིགས་པ་ནི་དང་པོ་མངོན་དུ་བྱེད་པའོ། །དེ་ནས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཕྲ་མོ་ཇི་སྐད་དུ་གསུངས་པ་དེ་ཏིང་ངེ་འཛིན་གང་གིས་བྱིན་གྱིས་བརླབ་ཅིང་སྐྱེད་པར་བྱེད་པ་འདི་ནི་བྱིན་གྱིས་བརླབ་པ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཏེ་ཞུགས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཕྲ་མོ་བསྐྱེད་པའི་རྣམ་པར་
ཐུགས་རྩེ་གཅིག་ཏུ་མཛད་ནས་ཡེ་ཤེས་ཀྱི་རྡོ་རྗེའི་དབུས་སུ་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ཀྱི་རྡོ་རྗེ་དེ་ལས་ཞེས་བྱ་བ་ནི་ནམ་མཁའ་མ་ལུས་པའི་ཚད་དང་མཉམ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཕྲ་མོ་བསྐྱེད་པའི་ཏིང་ངེ་འཛིན་
བསྐུལ་བའི་མཐུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོ་འབྱུང་བ་ནི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱི་ཡེ་ཤེས་དེ་སྐྱེད་པར་བྱེད་པའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཕྱུང་བར་གྱུར་པའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཡེ་ཤེས་
ཕྲ་མོར་འཇུག་པའི་ཚུལ་གྱིས་རྡོ་རྗེའི་དབྱིབས་སུ་གྱུར་ཏེ་གནས་སོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་ཀྱང་ཡིན་ལ་ཕྲ་མོ་ཡང་ཡིན་པས་ཡེ་ཤེས་ཕྲ་མོ་སྟེ་རྡོ་རྗེ་ཕྲ་མོའོ། །དེར་འཇུག་པའི་ཚུལ་གྱིས་ཏིང་ངེ་འཛིན་ནི་ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་ལོ། །ཡེ་ཤེས་ཕྲ་མོར་འཇུག་
เล่ม ๕๗ · หน้า 194a
པའི་ཚུལ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་སྐུ་ལ་ཞུགས་པའི་རྗེས་ལ། དེའི་ཐུགས་ཀར་རྡོ་རྗེའི་དབྱིབས་སུ་གྱུར་ཏེ་གནས་སོ། །རྡོ་རྗེའི་ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་
གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་ཞུགས་ནས་ཐུགས་ཀར་རྡོ་རྗེ་དབྱིབས་སུ་གྱུར་ནས་གནས་སོ་ཞེས་བྱ་བ་འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྡོ་རྗེ་ཕྲ་མོ་སྐྱེད་པར་བྱེད་པའི་སྙིང་པོ་གསུངས་ནས། བདག་ཉིད་རྡོ་རྗེ་ཕྲ་མོར་
བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྟེ་བའི་གནས་སུ་བཞུགས་པའོ། །དེ་ནས་བཛྲ་ནཱ་བྷི་ཏ་ཐཱ་ག་ཏ་ཧཱུཾ་ཞེས་ཟློས་ཤིང་ལྟེ་བའི་ཕྱོགས་དེ་ནས་རིམ་གྱིས་ཕྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོར་བཞུགས་སོ། །དེ་ནས་
ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་ཕྱོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཁུང་ནས་ཞུགས་ཏེ། དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་ཕྲ་མོའི་གཟུགས་སུ་གྱུར་ནས་གནས་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེ་དེ་ལས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀར་ཆུད་པའི་རྡོ་རྗེ་ཕྲ་མོ་རྣམས་ལའོ། །ཡེ་ཤེས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། ཡེ་ཤེས་ཆེན་པོ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་ལེགས་པའི་བར་
གྱིའོ། །དེ་རྣམས་ཀྱི་སྙིང་པོ་ནི་དེ་སྟོན་པར་བྱེད་པའི་སྒྲ་བཞི་པོ་སྟེ། ཐུགས་ལ་གནས་པ་འདི་ཕྱུང་བར་གྱུར་པའོ། །རྡོ་རྗེ་སེམས་དཔའི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་
གི་ཕྱག་རྒྱ་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། བཛྲ་ཨཱཏྨ་ཀོ་ཞེས་བྱ་བའི་སྔགས་འདིའོ། །དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་བྱིན་གྱི་རླབས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །
เล่ม ๕๗ · หน้า 194b
དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཧྲྀ་ད་བཛྲ་ཨཾ་ཀུ་ཤ་ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉེས་པར་བྱེད་པའི་ཡེ་ཤེས་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཆེན་པོའི་ངེས་
པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཏིཥྛ་རཱ་ག་བཛྲ་པྲ་བི་ཤ་ཧྲྀ་ད་ཡཾ་ཞེས་བྱ་བའི་སྔགས་སོ། །དགའ་བ་ཆེན་པོའི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ལེགས་པའི་
ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་དགའ་བ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཨ་ཧོ་བཛྲ་ཏུཥྚི་ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་ཏིང་ངེ་འཛིན་ཆེན་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཏིང་ངེ་འཛིན་ཆེན་པོ་རྣམས་ཏེ། བྱང་ཆུབ་ཀྱི་སེམས་དང་། དེ་བཞིན་གཤེགས་པ་རྣམས་སྤྱན་འདྲེན་པ་དང་། རྗེས་སུ་མཉེས་པར་བྱ་བ་དང་། ལེགས་སོ་ཞེས་བྱ་བའི་རྣམ་པར་ཐུགས་རྩེ་གཅིག་པ་ཉིད་དོ། །ཡེ་ཤེས་ཕྲ་མོ་ཐུགས་སུ་ཞུགས་པའི་ཚུལ་བཤད་ཟིན་ཏོ། །
རང་གི་ཐུགས་སུ་ཞུགས་ཏེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ཐུགས་སུ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྙིང་པོའི་སྔགས་མི་བསྐྱོད་པའི་ཐུགས་ལས་བྱུང་སྟེ། བཛྲ་ནཱ་བྷི་ཏ་ཐཱ་ག་ཏ་ཧཱུཾ་ཞེས་ཟློས་ཤིང་། རིན་ཆེན་འབྱུང་ལྡན་གྱི་ལྟེ་བའི་ཕྱོགས་སུ་གནས་ནས། དེ་
ནས་རིམ་གྱིས་བྱུང་སྟེ་རིན་ཆེན་འབྱུང་ལྡན་གྱི་ཤངས་ཀྱི་རྩེ་མོར་གནས་ནས་དེ་ལས་དེའི་ཤངས་ཀྱི་བུ་ག་ནས་ཐུགས་ཀར་ཞུགས་ཏེ། ཐུགས་ཀར་རྡོ་རྗེའི་དབྱིབས་སུ་བདག་ཉིད་བྱིན་གྱིས་བརླབས་ནས་ཞུགས་ཏེ་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀ་དེ་ཉིད་དུ་རྡོ་རྗེ་ཕྲ་མོའི་གཟུགས་
སུ་བདག་ཉིད་བརྟན་པར་བྱས་ནས་གནས་སོ་ཞེས་བྱའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་གནས་པའི་རྡོ་རྗེ་ཕྲ་མོ་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་བསྐུར་བའི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་
เล่ม ๕๗ · หน้า 195a
འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་བསྐུར་བའི་ཡེ་ཤེས་ཏེ། བཛྲ་རཏྣ་ཨཱཏྨ་ཀོ་ཞེས་བྱ་བའི་སྔགས་སོ། །འོད་ཀྱི་དཀྱིལ་འཁོར་ཡང་ཡིན་ལ་
ཆེན་པོ་ཡང་ཡིན་པས། འོད་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། དེའི་བཀོད་པ་ཆེན་པོ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ཉི་མའི་ཕྱག་རྒྱ་ཆེན་པོའོ། །དེའི་ཡེ་ཤེས་ནི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཧྲྀ་ད་ཡ་བཛྲ་སཱུརྱ་ཞེས་བྱ་བའི་
སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རེ་བ་རྫོགས་པར་བྱེད་པའི་ཡེ་ཤེས་ནི་རྡོ་རྗེ་དབལ་གྱི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིཥྛ་བཛྲ་དྷྭ་ཛཱ་གྲ་བཾ་ཞེས་བྱ་བའི་སྔགས་སོ། །དགའ་བ་ཡང་ཡིན་ལ་ཆེན་པོ་ཡང་
ཡིན་པས་དགའ་བ་ཆེན་པོ་སྟེ། ཡིད་བདེ་བའོ། །དེའི་ཤུགས་ནི་ལྷུན་གྱིས་གྲུབ་པར་འཇུག་པའོ། །དེའི་འབྱུང་བ་ནི་སྐྱེ་བ་སྟེ་རྡོ་རྗེ་བཞད་པའི་ཕྱག་རྒྱ་ཆེན་པོ་འགྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཡེ་ཤེས་ནི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་དགའ་བ་ཆེན་པོའི་
ཤུགས་འབྱུང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། ཧྲྀ་ད་ཡ་བཛྲ་ཧ་ས་ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་དང་། མི་འཇིགས་པ་དང་། བྱམས་པ་དང་། ཆོས་
ཀྱི་སྦྱིན་པ་རིན་པོ་ཆེའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །རང་གི་སྙིང་ག་ཡང་ཡིན་ལ་རྡོ་རྗེ་སྙིང་པོ་ཡང་ཡིན་པས་ན། རང་གི་སྙིང་ག་རྡོ་རྗེ་སྙིང་པོ་སྟེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རང་གི་སྙིང་གའི་ཟླ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་
རྡོ་རྗེ་ཕྲ་མོའི་སྙིང་པོའོ། །དེ་ལ་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀ་ནས་སྔར་བཤད་པའི་ཚུལ་གྱིས་བྱུང་ནས་འོད་དཔག་ཏུ་མེད་པའི་ཐུགས་ཀར་རྡོ་རྗེའི་དབྱིབས་ཞེས་པ་རྡོ་རྗེ་ཕྲ་མོའི་བདག་ཉིད་བྱིན་གྱིས་བརླབས་ཤིང་བརྟན་པར་བྱས་ནས་བཞུགས་སོ། །ཆོས་ཐམས་ཅད་ཀྱི་མཉམ་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด