ངན་སོང་སྦྱོང་བའི་དོན་གྱི་འབྲུ་འགྲེལ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) དུརྒ་ཏི་པ་རི་ཤོ་དྷ་ནཱརྠ་བཱརྟི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๖ · หน้า 152b

༄༅༅། །རྒྱ་གར་སྐད་དུ། དུརྒ་ཏི་པ་རི་ཤོ་དྷ་ནཱརྠ་བཱརྟི་ཀཱ་ནཱ་མ། བོད་སྐད་དུ། ངན་སོང་སྦྱོང་

བའི་དོན་གྱི་འབྲུ་འགྲེལ་ཞེས་བྱ་བ། ཆོས་ཉིད་ཐུགས་ཆུད་བདག་ཉིད་གཞན་གྱི་དཔལ། །ཡེ་ཤེས་རྡོ་རྗེས་འཁོར་བའི་སྡུག་བསྔལ་འཇོམས། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་སེམས། །མཁྱེན་པའི་དགོངས་རླབས་ཆོས་ཉིད་རྟོགས་པས་དཔའ། །རྒྱུད་ཀྱི་དོན་གྱི་སྟོན་པའི་

ངོ་བོ་ལ། །ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ཏེ། །རྒྱུད་ཀྱི་དོན་འགྲེལ་བདག་གིས་བྱ་བར་འདོད། །གུས་པའི་སེམས་ཀྱིས་འདི་གཞུང་འབད་པར་བྱ། །དེ་ལ་རྒྱུད་འདི་བསྡུས་པའི་དོན་རྣམ་པ་གཉིས་ཀྱིས་བསྟན་ཏེ། གླེང་གཞི་དང་མདོ་བཤད་པའོ། །གླེང་གཞི་ལ་ཡང་དོན་

རྣམ་པ་གཉིས་ཀྱིས་བསྟན་ཏེ། ཕུན་སུམ་ཚོགས་པའི་གླེང་གཞི་དང་། གླེང་བསླང་བ་གཉིས་སོ། །ཕུན་སུམ་ཚོགས་པའི་གླེང་གཞི་ལ་དོན་རྣམ་པ་ལྔ་སྟེ། གང་དུ་བཤད་པའི་གནས་དང་། མ་ནོར་བར་སྟོན་པའི་སྟོན་པ་དང་། ཡོངས་སུ་དག་པའི་འཁོར་དང་། མ་ནོར་བར་སྡུད་པའི་སྡུད་པ་པོ་དང་།

གང་དུ་བཤད་པའི་རྒྱུད་དང་ལྔའོ། །གླེང་བསླང་བ་ལ་ཡང་དོན་རྣམ་པ་གཉིས་ཏེ། སྟོན་པས་གླེང་བསླང་བ་དང་། འཁོར་གྱིས་གླེང་བསླང་བའོ། །མདོ་བཤད་པ་ལ་ཡང་དོན་གཉིས་ཏེ། དཀྱིལ་འཁོར་དང་སྦྱིན་སྲེག་གོ། །དཀྱིལ་འཁོར་ལ་ཡང་དོན་རྣམ་པ་གཉིས་ཏེ། འཇིག་རྟེན་དང་། འཇིག་

རྟེན་ལས་འདས་པའོ། །སྦྱིན་སྲེག་ལ་གཉིས་ཏེ། རོའི་སྦྱིན་སྲེག་དང་། ཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་གོ། །དེ་ཡང་དབང་པོ་རབ་མགོ་སྨོས་པས་དོན་གོ་བ་ལ་ནི། ཏནྟྲའི་མཚན་སྨོས་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་ཞེས་སྨོས་ཏེ། དེ་ནི་མ་ནོར་ཅིང་ཕྱིན་ཅི་མ་ལོག་པའི་རང་བཞིན་ཆོས་ཉིད་ཇི་བཞིན་པ། ཡེ་ནས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་དོན་ནི་གཤེགས་པ་མེ་ལོང་ལྟ་བུའི་ཡེ་ཤེས། དཔེར་ན་མེ་ལོང་ལ་གཟུགས་བརྙན་འབྱུང་ཞིང་རྟོག་པ་མེད་པ་ལྟར། མེ་ལོང་

เล่ม ๖๖ · หน้า 153a

ལྟ་བུའི་ཡེ་ཤེས་ཀྱིས་ཆོས་ཉིད་ཀྱི་དོན་རྟོགས་པས་རིག་པ་དབྱིངས་སུ་གཤེགས་ནས་ཐུགས་རྗེའི་དཀྱིལ་འཁོར་འབྱུང་བའི་རྒྱུར་གྱུར་པས་ཆོས་ཀྱི་སྐུའོ། །དགྲ་བཅོམ་པ་ནི་སེམས་ཅན་གྱི་གནས་སྐབས་ན་ཉོན་མོངས་པ་ཅན་གྱི་ཡིད། ང་དང་བདག་ཏུ་འཛིན་པ་ང་དང་

བདག་མེད་པར་བསྒོམས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པའོ། །ཡང་དག་པར་རྫོགས་པ་ནི། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ། དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ཡང་དག་པར་རྫོགས་པར་བྱེད་པས་ན་སྨོས་ཏེ། ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ལ་ཡང་

དག་པར་སྤྱོད་ཅིང་། བག་ཆགས་ཀུན་གཞི་ལ་རྫོགས་པར་སོགས་པས་ན་སྨོས་ཏེ། དེ་གནས་གྱུར་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་གཉིས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སངས་རྒྱས་ཀྱི་ནི་སྤྲུལ་པའི་སྐུ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྒྱུ་ནི། སྒོ་ལྔའི་རྣམ་པར་ཤེས་

པ། ཡུལ་ལོག་པར་རྟོག་པ། སྐྱེས་བུ་ར་རོ་བའམ། གཉིད་ལོག་པ་ལས་སངས་ཤིང་། ཤེས་བྱ་ལ་ཡེ་ཤེས་ཀྱིས་ཁྱབ་ཅིང་རྒྱས་པར་བྱེད་པས་ན་སངས་རྒྱས་སོ། །དེ་ནི་སྐུ་གསུམ་གྱི་ཕྲིན་ལས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་

པ་ཞེས་བྱ་བ་སྨོས་ཏེ། དེ་ལ་ངན་པ་ནི་རྒྱུ་སྟེ། ཡང་དག་པའི་དོན་ལ་མགོ་རྨོངས་ཤིང་། རྒྱུ་ངན་པ་སྤྱོད་པའི་ཕྱིར་ན་ངན་པའོ། །སོང་བ་ནི་འབྲས་བུ་སྟེ། ཅིའི་ཕྱིར་ཞེ་ན། རྒྱུ་ལས་དང་ཉོན་མོངས་པས་འབྲས་བུ་ཁམས་གསུམ་དུ་ཡང་ནས་ཡང་དུ་སོང་བའི་ཕྱིར་རོ། །ཡོངས་སུ་སྦྱོང་བ་ནི་ངན་སོང་གི་རྒྱུ་སྦྱོང་བ་

དང་། འབྲས་བུ་སྦྱོང་བའོ། །རྒྱུ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྦྱོང་། འབྲས་བུ་ནི་འོད་ཟེར་སྡུད་པའི་ཕྲེང་བས་སྦྱོང་། གཟི་བརྗིད་ནི་རྒྱུ་ཉོན་མོངས་པ་ཐམས་ཅད་སྦྱོང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཟི་བརྗིད་ཡེ་ཤེས་ལྔ་དང་ལྡན་པས་ཉོན་མོངས་པ་རྣམ་པ་ལྔ་འཇོམས་པའི་གཟི་བརྗིད་དང་ལྡན་

པའོ། །འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་འཇོམས་པའོ། །འོད་ཐུགས་རྗེ་ལ་ཟེར་ཕྲིན་ལས་རྒྱུན་མི་འཆད་པའི་གཟི་བརྗིད་དང་ལྡན་པའོ། །རྣམ་པ་གཅིག་ཏུ་ཡོན་ཏན་གྱི་གཟི་བརྗིད་དང་ལྡན་པའོ། །རྒྱལ་པོ་ནི་ཉེས་པའི་སྐྱོན་བཅོམ་ཞིང་ལེགས་པའི་ཡོན་ཏན་སྣ་ཚོགས་པ་དང་ལྡན་པས་རྒྱལ་

เล่ม ๖๖ · หน้า 153b

པོའོ། །བརྟག་པ་ནི་ཆོ་ག་ཞིབ་མོ་དང་། རྒྱུ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་བརྟག་པའོ། །དེ་ནས་དབང་པོ་རབ་མགོ་སྨོས་པས་གོ་བ་ལ་གསུངས་སོ། །ད་ནི་དབང་པོ་འབྲིང་ཚིག་གི་དོན་རྣམ་པར་ཕྱེ་བས་གོ་བ་ལ་དོན་གྱིས་དབྱེ་བ་སྟོན་ཏེ། དེ་ཡང་དོན་རྣམ་པ་གཉིས་སུ་ཤེས་

པར་བྱ་སྟེ། ཐུགས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་ནི་དཀྱིལ་འཁོར་དུ་སྟོན་ལ་ཐུགས་རྗེ་འགྲོ་བའི་དོན་མཛད་པའི་རྟགས་སུ་ནི་ཧོམ་དུ་བསྟན་ཏོ། །དེ་ཡང་བདེན་པ་གཉིས་དང་མི་འགལ་བར་བྱ་བའི་དོན་ཆེད་ནི། དཀྱིལ་འཁོར་ལ་ཡང་འཇིག་རྟེན་པ་དང་འཇིག་རྟེན་

ལས་འདས་པ་གཉིས་སུ་གསུངས་སོ། །ཧོམ་ལ་ཡང་གཉིས་ཏེ། དངོས་པོ་ལ་ཞེན་པ་བཟློག་པའི་ཕྱིར་ནི་རོ་སྲེག་གི་ཧོམ་དང་། ཐུགས་རྗེ་ཕུན་སུམ་ཚོགས་པས་འགྲོ་བའི་དོན་མཛད་པའི་ཕྱིར་ཕྲིན་ལས་རྣམ་བཞིའི་ཧོམ་དང་གཉིས་སོ། །དེ་ལྟར་གསུངས་པ་དེ་ཡང་དགོས་འབྲེལ་གྱི་

འབྲེལ་བསྟན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། ཐུགས་ཆོས་ཉིད་ལས་མ་གཡོས་ཀྱང་། རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པའི་རྟགས་སུ་ནི། རྩ་བའི་དཀྱིལ་འཁོར་ཆེན་པོ་གསུངས་སོ། །དེ་ལྟར་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་ཀྱང་། ཐུགས་རྗེས་ངན་སོང་གི་རྒྱུ་འབྲས་གཞོམ་པའི་ཕྱིར་

གཙུག་ཏོར་བརྒྱད་ཀྱི་དཀྱིལ་འཁོར་གསུངས་སོ། །དེ་ལྟར་རྒྱུ་འབྲས་བཅོམ་ཡང་། སེམས་ཅན་འཆི་བ་ནི་ངན་སོང་གི་ལས་ཡིན་པས། དེ་ཞི་བར་བྱ་བའི་ཕྱིར། ཚེ་དཔག་མེད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་དཀྱིལ་འཁོར་གསུངས་སོ། །ལས་ཀྱི་སྒྲིབ་པ་རྒྱུན་བཅད་ཀྱང་།

སེམས་ཅན་གློ་བུར་གྱི་རྐྱེན་གྱིས་འཆི་བས་ཚེ་དཔག་མེད་འཆི་བདག་འཇོམས་པ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གསུངས་སོ། །དེ་ལྟར་འཆི་བདག་བཅོམ་ཡང་ཕྲིན་ལས་རྣམ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་དགོས་པས། བྱང་ཆུབ་སེམས་དཔའ་རིགས་བཞི་འཁོར་ལོས་སྒྱུར་

བའི་མཎྜལ་གསུངས་སོ། །དེ་ལྟར་འགྲོ་བའི་དོན་མཛད་ཀྱང་མ་རུངས་པ་གདུལ་དགོས་པས། ཁྲོ་བོ་རྡོ་རྗེ་ཉི་མའི་མཎྜལ་གསུངས་སོ། །དེ་ལྟར་མ་རུངས་པ་ཐུལ་ཡང་། དངོས་པོར་ལྟ་བ་སུན་དབྱུང་དགོས་པས། རོ་སྲེག་གི་ཧོམ་གསུངས་སོ། །དེ་ལྟར་དངོས་པོར་ལྟ་བ་སུན་

เล่ม ๖๖ · หน้า 154a

དབྱུང་ཡང་། ཐུགས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་ཞི་བའི་ཧོམ་གསུངས་སོ། །དེ་ལྟར་མ་གཡོས་ཀྱང་འགྲོ་བའི་དོན་བྱ་དགོས་པས་རྒྱས་པའི་ཧོམ་གསུངས་སོ། །དེ་ལྟར་དོན་མཛད་ཀྱང་འཁོར་བ་དབང་དུ་བསྡུ་དགོས་པས་དབང་གི་ཧོམ་གསུངས་སོ། །

དེ་ལྟར་དབང་དུ་བསྡུས་ཀྱང་མ་རུངས་པ་ལ་མངོན་སྤྱོད་ཀྱི་ལས་བྱ་དགོས་པས་དྲག་པོའི་ཧོམ་གསུངས་སོ། །འཇིག་རྟེན་པ་མཚན་མ་ལ་དགའ་བས་དེ་ཞི་བར་བྱ་བའི་ཕྱིར། འཇིག་རྟེན་པའི་མཎྜལ་དྲུག་གསུངས་ཏེ། འཇིག་རྟེན་པའི་དྲི་ཟ་དང་གྲུལ་བུམ་དང་གནོད་སྦྱིན་དང་། ཀླུའི་གནོད་པ་ཞི་བར་བྱ་

བའི་ཕྱིར་རྒྱལ་པོ་བཞིའི་མཎྜལ་གསུངས་སོ། །གདོན་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱ་བའི་ཕྱིར་ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་གསུངས་སོ། །བཟའ་དང་དུས་ཚིགས་སྐར་མ་གདུག་པ་སླུ་བ་ཞི་བར་བྱ་བའི་ཕྱིར་གཟའ་བརྒྱད་ཀྱི་མཎྜལ་གསུངས་སོ། །ཀླུའི་དུག་ཞི་བར་བྱ་བའི་ཕྱིར་ཀླུ་བརྒྱད་ཀྱི་མཎྜལ་

གསུངས་སོ། །འཇིག་རྟེན་གྱི་ལྷ་མི་དགའ་བ་ཞི་བར་བྱ་བའི་ཕྱིར་ལྷ་ཆེན་པོ་བརྒྱད་ཀྱི་མཎྜལ་གསུངས་སོ། །ལྷ་གདོན་ཞི་བར་བྱ་བའི་ཕྱིར་འཇིགས་བྱེད་བརྒྱད་ཀྱི་མཎྜལ་གསུངས་སོ། །དེ་ལ་འཇིག་རྟེན་ལས་འདས་པའི་མཎྜལ་རྣམ་པ་དྲུག་ཏུ་གསུངས་པ་ནི། རྒྱུ་བྱང་ཆུབ་ཀྱི་སེམས་

རྟོགས་པའི་སྒོ་ནས། འབྲས་བུ་ཡེ་ཤེས་རྣམ་པ་དྲུག་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟགས། དཀྱིལ་འཁོར་རྣམ་པ་དྲུག་དང་ལྡན་པའི་སྒོ་ནས། རྒྱུ་དྲུག་གིས་སྒྲིབ་པ་སྦྱོང་བའི་ཕྱིར་གསུངས་སོ། །ཧོམ་ལྔ་གསུངས་པ་ནི། ཉོན་མོངས་པ་རྣམ་པ་ལྔ་སྦྱོང་བའི་རྟགས་སུ་གསུངས་སོ། །འཇིག་རྟེན་

པའི་མཎྜལ་ནི། འཇིག་རྟེན་པའི་འདོད་པ་བསྐང་ཞིང་དགའ་བར་གཞུག་པ་དང་། འཇིག་རྟེན་པ་དང་མཐུན་པར་བྱ་བའི་ཕྱིར་གསུངས་སོ། །དེ་ནི་དོན་གྱིས་དབྱེ་བ་སྟེ། དབང་པོ་འབྲིང་དོན་རྣམ་པར་ཕྱེ་བས་གོ་བ་ལ། དོན་གྱི་དབྱེ་བ་སྨོས་པ་ཡིན་ནོ། །དབང་པོ་རབ་འབྲིང་གཉིས་ཀྱི་དོན་

ཆེད་དུ། ཏནྟྲའི་མཚན་དོན་གྱི་དབྱེ་བ་མདོར་བསྡུས་ཏེ་བསྟན་པའི་དོན་ཡིན་ནོ། །ད་ནི་དབང་པོ་ཐ་མ་ཚིག་ལྷུར་བླངས་པས་གོ་བ་རྣམས་ལ། རྒྱུད་ཀྱི་དོན་གསལ་བར་བྱ་བའི་ཕྱིར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཏེ། སེམས་ཅན་རྣམས་ནི་མཚན་མ་

เล่ม ๖๖ · หน้า 154b

ལ་ཞེན་ཅིང་། དངོས་པོར་ལྟ་བས་ན། དེ་དག་གདུལ་བའི་ཕྱིར་ནི་ཧོམ་དང་དཀྱིལ་འཁོར་གསུངས་ཏེ། མཚན་མའི་སྒོ་ནས་མཚན་མ་མེད་པའི་དོན་ཤེས་པར་བྱ་བའི་ཕྱིར་སྨོས་ཏེ། དེ་ཡང་འདུལ་བའི་དབང་དུ་ཤེས་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པའི་སྟོན་པ་སངས་རྒྱས་

བཅོམ་ལྡན་འདས་སྐུ་དང་ཡེ་ཤེས་ཀྱི་ངོ་བོས་སྔོན་གྱི་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བསགས་པས། བདག་དང་གཞན་གྱི་དོན་མ་ལུས་པར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཐུགས་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལས་བཞེངས་ནས་འཁོར་བའི་སེམས་ཅན་རྣམས། ཉོན་

མོངས་པའི་རྒྱ་མཚོ་ལས་ཐར་ཅིང་གྲོལ་བར་བྱ་བའི་དོན་དུ། རི་རབ་རིའི་རྩེ་མོར་ནོར་བུ་རིན་པོ་ཆེའི་ཁང་བཟངས་ནས། བྱང་ཕྱོགས་དགའ་བའི་ཚལ་དུ་ལྷ་རྣམས་གདུལ་བའི་དོན་དུ་ཞུས་ཏེ། རྒྱུད་ཀྱི་དོན་འདི་བཀའ་སྩལ་པའི་ཚེ། ཐུགས་ཡང་དག་པའི་ཡེ་ཤེས་ལས་སྐྱེས་པ། སྐུ་གསུང་

ཐུགས་གསང་བའི་མཛོད་འཛིན་པ། ལག་ན་རྡོ་རྗེ་འཁོར་གྱི་ནང་དུ་ཐོས་ནས། དོན་གྱི་སྙིང་པོ་ཚིག་གི་ཕྲེང་བ་འདི་བསྡུས་ནས་གཞན་ལ་བཤད་པའི་ཕྱིར། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ཅེས་སྨོས་ཏེ། འདི་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་བའི་

སེམས་ཅན་རྣམས་བསྒྲལ་བའི་ཕྱིར། རྒྱུད་ཀྱི་དོན་འདི་གསུངས་པའི་ཚེ་འདི་ཞེས་བྱའོ། །བདག་གིས་ཞེས་བྱ་བ་ནི། ལག་ན་རྡོ་རྗེ་བདག་ནི་དེའི་ཚེ་འཁོར་གྱི་ནང་དུ་བདག་འདུས་པའི་དོན་ཏོ། །ཐོས་པ་ཞེས་བྱ་བ་ནི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་འགྲོ་བའི་དོན་ལ་དགོངས་ནས།

ཞལ་གྱི་མཎྜལ་ནས་ཚངས་པའི་གསུང་ཕྱུང་ནས་བཀའ་སྩལ་པའི་ཚེ། རྣ་བའི་དབང་པོ་སྐྱོན་མེད་པས་ཐོས་པའི་ཕྱིར་རོ། །དུས་གཅིག་ན་ཞེས་བྱ་བ་ནི་སྟོན་པ་བརྒྱ་ལམ་གཅིག་ན། བརྒྱ་བྱིན་གྱི་གནས་ན་འདུག་པའི་དུས་སོ། །དབྱར་དགུན་སྟོན་དཔྱིད་ལ་སོགས་པ་ནི་སྟོན་པ་ཐུགས་

རྗེ་ཆེ་བས་འཁོར་རྣམས་ཀུན་གྱི་ནང་ན་བཞུགས་པར་སྣང་ཞིང་། དེའི་ཚེ་དེའི་དུས་ན་བཤད་ཀྱི། གང་ན་བཞུགས་ཤིང་ཆོས་སྟོན་ཏོ་ཞེས་སོ་སོར་ཐེ་ཚོམ་སྐྱེས་དོགས་ཏེ་དེའི་ཕྱིར་མ་སྨོས་སོ། །བྷ་ག་བཱན་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ། བཅོམ་ཞེས་བྱ་བ་ནི་བདུད་བཞི་བཅོམ་སྟེ་རྡོ་རྗེ་ལྟ་

เล่ม ๖๖ · หน้า 155a

བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་རྣམས་རྡོ་རྗེའི་གདན་སྟེངས་སུ་མཐར་མཛད་ནས་ཉོན་མོངས་པའི་བདུད་བཅོམ་མོ། །དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་མངོན་པར་བྱང་ཆུབ་པ་ལྔས་བསྐུལ་ཏེ། རྣམ་པར་ཤེས་པའི་

ཚོགས་བརྒྱད་ཡེ་ཤེས་རྣམ་པ་ལྔར་གནས་གྱུར་ཏེ། འཆི་བ་མེད་པ་གཡུང་དྲུང་གི་ཚེ་ཐོབ་པས་འཆི་བདག་གི་བདུད་བཅོམ་མོ། །ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ནས། སྐུ་གསུམ་ཡེ་ཤེས་ཀྱི་ངོ་བོས། ཐུགས་རྗེའི་སྤྲུལ་པས་ཆ་གཅིག །རི་རབ་རིའི་རྩེ་མོར་རྣམ་པར་རྒྱལ་

བའི་ཁང་བཟངས་སུ། སྤྲུལ་པའི་སྐུའི་དང་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་འཛིན་པ། རྣམ་པར་སྣང་མཛད་སེམས་དཔའ་སུམ་ཅུ་རྩ་བདུན་གྱི་ངོ་བོར་སངས་རྒྱས་པས། མཚན་ཡང་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་སུ་གསོལ་བས། སྐུ་དང་ཡེ་ཤེས་རྣམ་པར་དག་པའི་ངོ་བོར་

སྣང་བས། ཕུང་པོའི་མིང་མེད་པས་ཕུང་པོའི་བདུད་བཅོམ་མོ། །དེ་ལྟར་སངས་རྒྱས་ཀྱང་དམག་དཔོན་བཙོན་དུ་བཟུང་ན་དྲ་མ་ལེགས་པ་དང་འདྲ་བར། ཐུགས་རྗེའི་སྤྲུལ་པ་ཆ་གཉིས་སུ་གྱེས་ནས། ཆ་གཅིག་རྡོ་རྗེའི་གདན་སྟེངས་སུ་བསྟན་ཏེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་བྱེ་

བ་དུང་ཕྱུར་ཐུལ། ཆ་གཅིག་རི་རབ་ཀྱི་རྩེ་མོར་རྣམ་པར་སྣང་མཛད་ཀྱིས་ལག་ན་རྡོ་རྗེར་སྤྲུལ་ནས། ལྷ་ཆེན་པོ་རྣམས་ཐུལ་ནས་ལྷའི་བུའི་བདུད་བཅོམ། ལྡན་པ་ནི་དེ་ལྟར་བདུད་བཞི་བཅོམ་པའི་དོན་གྱིས་ལེགས་པའི་ཡོན་ཏན་དྲུག་དང་ལྡན་ཏེ། དབང་ཕྱུག་གཟུགས་བཟང་གྲགས་པ་དང་། །

དཔལ་དང་ཡེ་ཤེས་བརྩོན་འགྲུས་སོ། །ཞེས་འབྱུང་སྟེ། དེ་ལ་དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ཐུགས་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས་ན། མྱ་ངན་ལས་འདས་པའི་མཐའ་ལས་དབང་ཞེས་བྱའོ། །ཐབས་མཁས་པའི་ཐུགས་རྗེས་འགྲོ་བའི་དོན་སྣ་ཚོགས་སུ་མཛད་པས་

འཁོར་བའི་མཐའ་ལས་དབང་ཞེས་བྱའོ། །སྔོན་བསྐལ་པ་གྲངས་མེད་པ་མཐའ་ཡས་པ་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསགས་པས་ཕྱུག་གོ། །གཟུགས་བཟང་ཞེས་བྱ་བ་ནི་སྐུ་ཕུན་སུམ་ཚོགས་པའི་དོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་ལྷུན་གྱིས་

เล่ม ๖๖ · หน้า 155b

གྲུབ་པ་རྣམ་པར་མི་རྟོག་པའི་ངོ་བོར་གནས་ཏེ། དེའི་ཁྱད་པར་ལས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དབང་ཕྱུག་ཆེན་པོའི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་རྣམ་པར་སྣང་མཛད་དུ་བསྟན་ཏེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ན་སྐུའི་སྒོ་ནས་

ཆོས་སྟོན་ཏོ། །སྤྲུལ་པའི་སྐུ་ནི་རྣམ་པར་སྣང་མཛད་རི་རབ་རིའི་རྩེ་མོར་ལྷ་རྣམས་ལ་ཆོས་སྟོན་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ཤཱཀྱ་ཐུབ་པ་དབུ་རེག་དང་ཞབས་རྗེན་དུ་བསྟན་ཏེ། འགྲོ་བའི་དོན་མཐའ་ཡས་པར་མཛད་པའི་ཚིག་གོ། །དེ་ལྟ་བུའི་སྐུ་དང་

ལྡན་པའི་ཕྱིར་ན་གཟུགས་བཟང་བའོ། །དཔལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་བསམ་དུ་མེད་པའི་དོན་ཐུགས་སུ་ཆུད་ནས། དངོས་པོ་ཐམས་ཅད་བསལ་ནས་མི་རྟོག་པའི་ངང་ལ་བཞུགས་པ་ནི་བདག་གི་དཔལ་ལོ། །སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱིས་

ཐབས་མཁས་པའི་སྒོ་ནས་འགྲོ་བའི་དོན་སྣ་ཚོགས་སུ་མཛད་པས་ནི་གཞན་གྱི་དཔལ་ལོ། །ཡེ་ཤེས་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྤྱི་དང་རང་གི་མཚན་ཉིད་ཀྱང་མཉམ་པ་ཉིད་ལས་མ་གཡོས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟར་སྟོང་པ་ཉིད་ཀྱང་དོན་དམ་པར་ན་

ཡང་དག་པའི་ཤེས་རབ་ཀྱིས་གསལ་བར་རིག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལྟར་རྟོགས་པས་བྱས་པ་ཆུད་མ་ཟོས་པས་བྱས་པ་མཐར་ཕྱིན་པས་ན་བྱ་བ་གྲུབ་པའི་ཡེ་ཤེས་སོ། །བརྩོན་འགྲུས་ནི་ཉིན་མཚན་དུས་དྲུག་ཏུ་འགྲོ་བའི་དོན་སྣ་ཚོགས་སུ་མཛད་པ་ནི་བརྩོན་

འགྲུས་སོ། །དེ་ལྟ་བུའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉེས་པའི་མཐར་ཕྱིན་པ། ལེགས་པའི་ཡོན་ཏན་བསྔགས་པའི་ཕུལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ནི་རྒྱུད་ཀྱི་སྟོན་པ་སྣ་ལ་སྨོས་སོ། །སྟོན་པའི་མདོར་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་གནས་ཕུན་སུམ་

ཚོགས་པའི་རང་བཞིན་ཀུན་རྫོབ་ཏུ་འདོད་པའི་ཡོན་ཏན་ལྔའི་རང་བཞིན་དུ་སྣང་བ་སྟེ། དེ་བཞིན་གཤེགས་པའི་བཞུགས་གནས་སུ་གསུངས་པས་ན། དོན་དམ་པ་བཤད་པའི་ཐབས་སུ་སྟོན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། ལྷའི་མཆོག་ཐམས་ཅད་ཀྱི་གནས་དགའ་བའི་ཚལ་ཡིད་དུ་

เล่ม ๖๖ · หน้า 156a

འོང་བ། ཁྱད་པར་དུ་འཕགས་པའི་གནས་ཕུན་སུམ་ཚོགས་པ་སྟོན་ཏེ། བརྒྱ་བྱིན་ལྷའི་དབང་པོ་བསོད་ནམས་ཀྱི་མཐུ་ལས་བྱུང་བ། ལྷའི་ལོངས་སྤྱོད་ཀྱི་རྒྱན་རིན་པོ་ཆེ་སྣ་ཚོགས་པ་དང་། མཆོད་པའི་ཡོན་ཏན་སྣ་ཚོགས་པ་རྣམས་སུ་སྣང་བས་ནི་ལྷའི་གནས་ཞེས་

བྱའོ། །ཀུན་རྫོབ་ཏུ་དེ་ལྟར་སྣང་ན་ཡང་། དོན་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ནས་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱིར་ན་མཆོག་ཅེས་བྱའོ། །དེ་ལྟ་བུའི་གཞལ་ཡས་ཁང་དེ་ལས་འདོད་པའི་ཡོན་ཏན་ཏིང་ངེ་འཛིན་གྱི་མཐུ་སྣ་

ཚོགས་སུ་འབྱུང་བས་ན་ཐམས་ཅད་ཀྱི་ཞེས་བྱའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་ངོ་བོ་ཉིད་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་རྟོགས་པའི་ཡུལ་ཡིན་པས་ན་གནས་ཞེས་བྱའོ། །དེའི་དོན་ཟབ་ལ་རྒྱ་ཆེ་རབ་ཏུ་རྟོགས་ན་དགའ་བའི་རོ་སྣ་ཚོགས་སུ་འབྱུང་བས་རབ་ཏུ་དགའ་བའི་ངོ་བོས་ན་

དགའ་བ་ཞེས་བྱའོ། །ཆོས་ཀྱི་དབྱིངས་ཀྱི་གཞལ་མེད་ཁང་སྟེ། ཡོན་ཏན་དང་ཆོ་འཕྲུལ་སྣ་ཚོགས་པ་འབྱུང་བའི་གཞི་ཡིན་པས་ན་མང་བའི་ཕྱིར་ཞེས་བྱའོ། །མཚན་དང་དཔེ་བྱད་རྒྱན་དང་ཆ་ལུགས་སྣ་ཚོགས་པ་འབྱུང་བའི་གཞི་ཡིན་པས་ན། སེམས་རབ་ཏུ་དགའ་མགུ་

རངས་པའི་ཕྱིར་ན་ཡིད་དུ་འོང་བ་ཞེས་བྱའོ། །དེ་ལྟར་གནས་ཀྱི་ཡོན་ཏན་མདོར་བསྡུས་ནས། དེའི་འོག་ཏུ་ཡོན་ཏན་ཀུན་རྫོབ་ཏུ་སྣ་ཚོགས་སུ་སྣང་བ་དེ་བརྒྱ་བྱིན་བསོད་ནམས་ཀྱི་རྐྱེན་ཏེ། དོན་དམ་པའི་ཚུལ་དུ་བཤད་པར་བྱ་སྟེ། དངོས་པོ་རྣམས་ཆོས་ཉིད་དུ་ཟླ་བ་དང་། མཚན་མ་

ལ་ཞེན་པ་རྣམས་མཚན་མ་མེད་པར་བྱ་བ་དང་། དེ་བཞིན་གཤེགས་པར་གཞན་མས་རྟོགས་པའི་ཡུལ་མ་ཡིན་ཞེས་སྟོན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། བུདྡྷ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཞེས་འབྱུང་བའི་ཕྱིར་ན་འོག་གི་གཏན་ཚིགས་གང་དུ་

དྲངས་པའི་སྒོ་ནས་ཆེད་དོ། །ནོར་བུ་དང་རྔ་བོ་ཆེའི་སྒྲ་གྲག་པ་ལ་སོགས་པ་བསྟན་པར་བྱ་སྟེ། ཆེ་བའི་ཡོན་ཏན་སྣ་ཚོགས་སུ་འབྱུང་བའི་རྟགས་སུ་ནོར་བུ་དང་། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་འོད་འབར་བའི་རྟགས་སུ་གསེར་གྱི་ཤིང་ཡལ་ག་དང་ལྡན་པ་དང་། ཏིང་ངེ་འཛིན་བདེ་

เล่ม ๖๖ · หน้า 156b

བའི་དོན་གྱི་ཁྱད་པར་ལ་དབང་ཐོབ་པའི་རྟགས་སུ་ལྕུག་མར་བཅས་པ་དང་། ཏིང་ངེ་འཛིན་འབུམ་ཕྲག་འབྱུང་བའི་རྟགས་སུ་ཤིང་གེལ་པ་དང་། ཡང་དག་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་ནད་སྣ་ཚོགས་པའི་སྡུག་བསྔལ་གྱི་གནོད་པ་སེལ་བའི་རྟགས་སྨན་དང་། སོ་སོར་ཀུན་དུ་

རྟོགས་པའི་ཤེས་རབ་ལ། གཟུང་འཛིན་རྣམ་པ་གཉིས་ཀྱི་སྐྱོན་གྱི་ཟུག་རྔུ་དང་བྲལ་ཏེ་འཁོར་བའི་ཉེ་གནས་ལ་ཕན་འདོགས་པའི་རྟགས་སུ་མེ་ཏོག་སྣ་ཚོགས་པ་དང་། འཁོར་བ་མི་ཟད་པའི་བར་དུ་ཐབས་མཁས་པའི་ཐུགས་རྗེ་ཆེན་པོ་མི་ཟད་པས་ན་དཔག་བསམ་གྱི་ཤིང་གིས་མཛེས་པར་

བྱས་པ་དང་། ཐབས་མཁས་པའི་ཆོ་འཕྲུལ་སྣ་ཚོགས་པ་འགྲོ་བ་ལ་འབྱུང་བའི་རྟགས་སུ་ནི་རྒྱན་གྱི་རྣམ་པ་སྣ་ཚོགས་པས་བརྒྱན་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་རྫུ་འཕྲུལ་གྱིས་འཁོར་བའི་ཉེ་གནས་ལ་ཕན་འདོགས་པའི་རྟགས་བྱ་སྣ་ཚོགས་པ་སྐད་འབྱིན་པ་དང་། ཞལ་

གྱི་དཀྱིལ་འཁོར་ནས་ཚངས་པའི་གསུང་རྣམ་པར་དག་པ་ཕྱུང་ནས་འགྲོ་བ་ལ་ཆོས་སྟོན་པའི་རྟགས་སུ་རྔ་བོ་ཆེ་དང་། ཅང་ཏེའུ་ལ་སོགས་པའི་སྒྲ་སྣ་ཚོགས་པ་གྲག་པ་ལ་སོགས་པ་བསྟན་པའི་ཕྱིར་རོ། །དེ་ནི་གཞལ་ཡས་ཁང་གི་ཕུན་སུམ་ཚོགས་པའི་དོན་བསྟན་ཟིན་ཏོ། །ད་ནི་

འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་རྐྱེན་དང་། དེ་བཞིན་གཤེགས་པ་ལས་གྲུབ་པའི་དོན་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁམས་གསུམ་ཐམས་ཅད་ཐུགས་རྡོ་རྗེའི་ཞིང་ཡིན་པས་ན། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་རྩེན་པ་ཞེས་བྱའོ། །ས་དང་པོ་བདེན་པ་མཐོང་

བས། ཏིང་ངེ་འཛིན་དང་ཞིང་ཁམས་བརྒྱ་ལ་རྩལ་སྦྱོང་བས་བརྒྱ་བྱིན་ཞེས་བྱའོ། །ས་དང་པོར་འཁོར་བ་བསྟན་པ་ལས་ཚངས་པ་ལ་སོགས་པ་ཞེས་བྱའོ། །ས་དང་པོ་རང་གི་ཏིང་ངེ་འཛིན་ལ་ཤེས་པའི་རྩལ་སྦྱོང་བས་ན། ལྷའི་བུ་སྣ་ཚོགས་པས་རྣམ་པར་རྩེན་པ་ཞེས་བྱའོ། །

ས་དང་པོར་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགེ་བའི་རྩ་བ་བསྐྲུན་པས་ན། དེའི་ཕྱིན་ན་སངས་རྒྱས་དང་ཞེས་བྱའོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤེས་པའི་རྩལ་སྦྱོང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་གཞི་ཡིན་པས་ན་

เล่ม ๖๖ · หน้า 157a

བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དེ་ནི་ས་དང་པོ་མཐོང་བའི་ལམ་ཡན་ཆད་མ་ཡིན་པ་གཞན་གྱིས་མ་རྟོགས་པས་ན། ཤེས་པའི་རྩལ་སྦྱངས་

ཏེ། ཐུན་མོང་མ་ཡིན་པའི་གནས་དེ་ན་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་འཇིག་རྟེན་ལས་འདས་པ་སྣ་ཚོགས་པས་ཡོངས་སུ་བསྐོར་ནས་སྤྲིན་བཞིན་དུ་གཏིབས་ཏེ་བཞུགས་པའི་དོན་རབ་ཏུ་བསྡུས་པ་སྟོན་ཏེ། གནས་ཕུན་སུམ་ཚོགས་པའི་དོན་བསྡུས་པའི་

དོན་བཤད་ཟིན་ཏོ།། །།ད་ནི་འཇིག་རྟེན་པའི་འཁོར་ཕུན་སུམ་ཚོགས་པ་སྟོན་ཏེ། འཇིག་རྟེན་ལས་འདས་པའི་འཁོར་མི་སྨོས་པར། འཇིག་རྟེན་པའི་འཁོར་སྣ་ལ་སྨོས་པ་མི་འགལ་ལམ་ཞེས་རྒོལ་བ་ལས། གཏན་ཚིགས་ཀྱིས་མི་འགལ་བར་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན།

འཇིག་རྟེན་པའི་ཆོས་ཅན་འཇིག་རྟེན་པ་ལས་འདས་པར་ཆོས་ཉིད་དུ་བཟླ་བ་དང་། ཐེག་པ་ཆུང་བའི་འཇིག་རྟེན་པ་རྣམས་མོས་པ་སྐྱེད་དུ་གཞུག་པའི་ཕྱིར་ན་སྨོས་སོ། །བརྒྱ་བྱིན་དང་ཚངས་པ་ཞེས་བྱ་བ་ནི་མགོ་བརྒྱ་བྱིན་ཞིང་མཆོད་སྦྱིན་བརྒྱ་གཏང་བ་དང་། ནོར་བུ་ཏིར་ཡ་ཀ་བརྒྱ་

བྱིན་པས་བརྒྱ་བྱིན་ཏེ། ཡོན་བདག་ཡིན་པ་དང་། གནས་ཀྱི་བདག་པོ་ཡིན་པས་སྣ་ལ་སྨོས་སོ། །ཚངས་པ་ནི་ཉོན་མོངས་པ་འཁོར་འགྱོད་ཁྲིན་དང་འདྲ་བ་ལས་ཚངས་པའམ། འཇིག་རྟེན་པའི་མེས་པོའམ། ཆོས་ཀྱི་འཁོར་ལོ་ཆེན་པོ་རྣམས་ལ་བསྐུལ་བར་དམ་བཅས་པས་ན་

སྨོས་སོ། །སོགས་པ་ཞེས་བྱ་བ་ནི། དེ་གཉིས་ཀྱི་འཁོར་དུ་ནི་འདོད་ཁམས་བརྒྱ་བྱིན་གྱི་འཁོར་དུ་སྡུད་པ་དང་། གཟུགས་ཁམས་ཚངས་པའི་འཁོར་དུ་སྡུད་པས་ན་འཁོར་དང་བཅས་པ་ནི་སོགས་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་ལས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ།

ཚོགས་རྣམས་ཚུལ་བཞིན་བསགས་ནས་སྦྱོར་བའི་ལམ་ནོན། དེ་ཐེག་པ་ཆེན་པོའི་འཁོར་བར་མི་ལྡོག་ཅིང་། སྔོན་ཆད་མ་མཐོང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བའི་རིགས་གཟུང་བ་དང་། རྣམ་པ་གཅིག་ཏུ་ཆོ་འཕྲུལ་རྣམ་པ་བཞི་དང་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་སྒོ་

เล่ม ๖๖ · หน้า 157b

ནས་སྤྱོད་ཅིང་སྦྱངས་ནས། ཐེག་པ་ཆེན་པོའི་རིགས་འཛིན་པས་ན་རིགས་འཛིན་ནོ། །དེའི་འོག་ཏུ་དེ་རྣམས་ཀྱི་བསོད་ནམས་ཀྱི་རྐྱེན་ཆགས་པའི་ཡུལ་དེ་ཆོས་ཉིད་ཡེ་ཤེས་ཀྱིས་བརྒྱན་པས་ན་ལྷའི་བུ་སྨོས་སོ། །དེའི་འོག་ཏུ་སེམས་ཅན་ལ་གནོད་པ་བྱེ་བྲག་ཞི་བར་གསུངས་པའི་

ཕྱིར་ན་གནོད་སྦྱིན་ཏེ། རྣམ་ཐོས་སྲས་དང་ས་སྲུངས་ཡང་དག་ཤེས་ལ་སོགས་པའོ། །དེའི་འོག་ཏུ་ཞེ་སྡང་གི་དྲེགས་པ་ཡོངས་སུ་གཞུག་པའི་ཕྱིར་ན། སྲིན་པོའི་སྡེ་ལང་ཀ་མགྲིན་བཅུ་དང་། བདེན་བྲལ་དུ་བུམ་རྣའོ། །དེའི་འོག་ཏུ་ཕྲག་དོག་གདུག་རྩུབ་ཏུ་གཞུག་པའི་ཕྱིར་ན། ལྷ་

མ་ཡིན་གྱི་རྒྱལ་པོ་རབ་སིམ་དང་། རྣམ་པར་སྣང་བྱེད་དང་། སྒྲ་གཅན་འཛིན་དང་། སུམ་བརྩེགས་འཁོར་དང་བཅས་པ་དང་། དེའི་འོག་ཏུ་ཉམ་ཆུང་བ་རྣམས་གཟེངས་བསྟོད་པའི་ཕྱིར་ན་དྲི་ཟ་སྟེ། རྒྱལ་པོ་ཡུལ་འཁོར་སྲུང་དང་། ཟུར་ཕུད་ལྔ་པ་འཁོར་དང་བཅས་པའོ། །དེའི་

འོག་ཏུ་སྤྱོད་པ་མི་ཚད་པ་ཚད་དུ་བཅུག་པའི་ཕྱིར་ན། མིའམ་ཅིའི་སྡེ་རྒྱལ་པོ་ཤིང་ལྗོན་པ་དང་། བཙུན་མོའི་འཁོར་དང་བཅས་པའོ། །དེའི་འོག་ཏུ་སྐལ་བ་མེད་པ་རྣམས་གཟེངས་བསྟོད་དུ་གཞུག་པའི་ཕྱིར་ན་ལྟོ་འཕྱེ་ཆེན་པོ་རབ་བརྟན་འཁོར་སྦྲུལ་གྱིས་བསྐོར་བའོ། །དེའི་འོག་ཏུ་གནོད་

པའི་བྱེ་བྲག་སྣ་ཚོགས་པ་ཞིར་གཞུག་པའི་ཕྱིར་ན། ཀླུའི་སྡེ་བ་རུ་ཎ་དང་འཇོག་པོ་ལ་སོགས་པའོ། །དེ་ནི་འཇིག་རྟེན་པའི་འཁོར་ཕུན་སུམ་ཚོགས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོན་པའི་ཞབས་འབྲིང་དྲེགས་པ་ཅན་ཡིན་པས་ཐུལ་ནས་ཀྱང་གདམས་ངག་ཕོག་པས་ན་སྣ་ལ་སྨོས་སོ། །འཇིག་

རྟེན་པའི་འཁོར་ཕུན་སུམ་ཚོགས་པའི་དོན་བསྟན་ཟིན་ཏོ། །ད་ནི་ཐུགས་ཡང་དག་པའི་ཡེ་ཤེས་ལས་བསྐྱེད་པ་རྒྱལ་སྲས་འཇིག་རྟེན་ལས་འདས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ལས་འདས་པ་ཞེས་བྱ་ཞེ་ན། འཇིག་རྟེན་པའི་ཚུལ་འཛིན་པའི་མཚན་མའི་བྱེ་བྲག་དང་དོན་

རྟོག་པའི་མཚན་མ་སྤངས་ནས། དེ་བཞིན་གཤེགས་པའི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་དགོངས་པ་ལ་འཇུག་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོས་ཏེ་ཡང་དག་པའི་ཤེས་རབ་ཀྱིས་གཟུང་འཛིན་གྱི་སྒྲིབ་པ་གཉིས་གཏན་

เล่ม ๖๖ · หน้า 158a

ནས་བཅོམ་པས་ན་བྱང་ངོ་། །དངོས་པོ་མེད་པའི་མཐའ་སྤངས་ཏེ། ཤེས་བྱ་ལ་ཡེ་ཤེས་ཁྱབ་པས་ན་ཆུབ་པོ། །ཆོས་ཉིད་དོན་གཉིས་སུ་མེད་པར་སེམས་པས་ན་སེམས་སོ། །དེའི་དོན་གཉིས་སུ་མེད་པས་ན། སྐད་ཅིག་ཀྱང་མི་ཡེངས་པར་ཀློང་དུ་གྱུར་པས་ན་

བདུད་དང་མུ་སྟེགས་ཀྱིས་བསླུར་མི་ཐུབ་པས་ན་དཔའ་བའོ། །དེ་ལྟ་བུ་མི་རྟོག་པའི་ངང་ལས་སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱིས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཟུང་འཛིན་གྱི་སྒྲིབ་པ་སྤངས་པ་འབྱུང་སྟེ་གནས་པ་ནི་སེམས་སོ། །ཐབས་མཁས་པའི་ཐུགས་རྗེ་དེ་འཁོར་

བ་མི་ཟད་ཀྱི་བར་དུ་སྲན་འཛུགས་པས་ན་དཔའ་བའོ། །དེ་ལྟ་བུ་དང་སྤྱོད་པ་གཞན་པས་ན་ཆེན་པོའོ། །དེ་ལྟ་བུའི་འཁོར་གྱི་གྲངས་ནི། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ལ་འདི་ལྟ་སྟེ་ཞེས་སྨོས་ཏེ། ཏིང་ངེ་འཛིན་དེ་ཙམ་ལ་མངའ་བརྙེས་པའི་ཕྱིར་དང་། ཆེ་བའི་བྱིན་རླབས་

དང་ཆོ་འཕྲུལ་དེ་ཙམ་མངའ་བའི་ཕྱིར་དེ་སྐད་ཅེས་བྱའོ། །གཞན་དུ་ན་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ནས་འདུས་ཏེ། །དམ་པའི་ཆོས་བཙུན་པར་བྱ་བའི་སྟོན་པའི་ཞབས་འབྲིང་འཁོར་དུ་བསྡུས་པའི་ཕྱིར་ན་གྲངས་ཀྱི་བྱེ་བྲག་སྨོས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་

པ་ལ་མདོར་སྨོས་པ་ནི་འདི་དག་གོ། །བྱང་ཆུབ་སེམས་དཔའ་བློ་གྲོས་ཚད་མེད་པ་ནི། བདོག་པ་ཐམས་ཅད་གཏོང་བས་ས་དང་འདྲ་སྟེ། ཡང་དག་པའི་ཤེས་རབ་ཀྱི་བློ་གྲོས་ལ་ཐབས་མཁས་པའི་སྦྱིན་པ་ཚད་མེད་དཔག་ཏུ་མེད་པའི་ངོ་བོ་ཡིན་པས་ན། ནམ་མཁའི་སྙིང་པོའོ། །ནམ་

མཁའི་བློ་གྲོས་ཀྱི་དོན་ལ་སྙིང་པོ་ནི་ཚད་མེད་པ་སྨོས་སོ། །བློ་གྲོས་མི་གཡོ་བ་ཞེས་པ་ནི། ཚུལ་ཁྲིམས་མི་གཡོ་བ་རྒྱ་མཚོའི་གཏིང་དང་འདྲ་སྟེ། ཚུལ་ཡང་དག་པའི་ངོ་བོ་ཡངས་ལ་རྒྱ་ཆེ་བས་མི་གཡོ་བའི་ཕྱིར་རོ། །ཁྲིམས་དེ་ལས་མི་འདའ་བས་བློ་གྲོས་སོ། །དེ་ནི་སའི་སྙིང་པོ་

སྟེ། ས་ནི་འགྲོ་བའི་རྟེན་བྱེད་ཀྱང་མི་གཡོ་བ་དང་སྦྱར་རོ། །སྙིང་པོ་ནི་སྐྱོན་སྤངས་པའི་དོན་ཏེ་བློ་གྲོས་དང་སྦྱར་རོ། །དེ་ལྟ་བུའི་སའི་སྙིང་པོའི་རང་བཞིན་པས་ན་སྨོས་སོ། །བློ་གྲོས་ཡངས་པ་ནི། བཟོད་ཆེན་བརྟན་པས་རི་རབ་ལྷུན་པོ་འདྲ། ཡང་དག་པའི་བཟོད་པ་ཡངས་ལ་རྒྱ་ཆེ་

เล่ม ๖๖ · หน้า 158b

སྟེ། རི་རབ་ལྟར་བསྐྱོད་པར་དཀའ་སྟེ་སྒྲིབ་པ་རྣམ་པར་སེལ་བའི་རང་བཞིན་དུ་ཤེས་པར་བྱའོ། །སྒྲིབ་པ་རྣམ་པ་གཉིས་བསྟན་པ་ཡང་། ཆོས་རྣམས་ཀྱི་ངོ་བོ་རྣམ་པར་སེལ་བས་ནི་བློ་གྲོས་སོ། །ཀུན་དུ་བློ་གྲོས་ནི་རབ་ཏུ་འབར་བའི་བརྩོན་འགྲུས་སྤྲིན་དང་འདྲ། ཡང་དག་པའི་ཤེས་རབ་

ཀྱིས་ཀུན་དུ་མྱུར་བའི་རྫུ་འཕྲུལ་དང་ལྡན་པས་ཀུན་དུ་འགྲོ་འོང་བརྩོན་འགྲུས་ཐོགས་པ་མེད་པས་བློ་གྲོས་སོ། །དེ་ནི་ཕྱག་ན་རྡོ་རྗེ་སྟེ། དེ་ནི་ཐུགས་གསང་བའི་མཛོད་འཛིན་པས་ན་ཀུན་དུ་བཟང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པས་བློ་གྲོས་སོ། །བློ་གྲོས་མཐའ་ཡས་

ནི་བསམ་པ་མི་འགྱུར་ནམ་མཁའི་དཀྱིལ་དང་འདྲ། ཆོས་ཀྱི་དོན་ལ་ཡང་དག་པའི་ཡེ་ཤེས་ཀྱིས་གཏན་པ་བཅུག་པས་ན་བློ་གྲོས་སོ། །སྐུ་གསུང་ཐུགས་ནམ་མཁའ་ལྟར་ཡངས་པས་ན་མཐའ་ཡས་སོ། །དེ་ནི་དྲི་མ་མེད་པར་གྲགས་པ་སྟེ། ཡང་དག་པའི་ཤེས་རབ་ལ་སྐྱོན་

གྱི་དྲི་མ་མེད་པས་ན་བློ་གྲོས་སོ། །ཐབས་མཁས་པའི་ཐུགས་རྗེ་སྣ་ཚོགས་ཀུན་དུ་གྲགས་པ་མཐའ་ཡས་ཞེས་སྨོས་སོ། །བློ་གྲོས་ཀ་མ་ལ་ནི། ཤེས་རབ་མཐའ་གཉིས་སྤངས་པས་པདྨ་འདྲ་སྟེ། ཤེས་རབ་ཀྱི་གཟུང་འཛིན་ཡངས་པ་སྟེ་བློ་གྲོས་སོ། །མཐའ་གཉིས་ལ་

སེམས་པས་པདྨ་ལྟར་མ་ཆགས་པས་ན་ཀ་མ་ལའོ། །དེ་ནི་འཇམ་དཔལ་ཏེ་སྐུ་གསུང་ཐུགས་འཇམ་པས་ན་བློ་གྲོས་འཇམ་པའོ། །ཤེས་རབ་ཚད་མེད་པས་ནམ་མཁའི་དཀྱིལ་དང་འདྲ་བས་ན་དཔལ་ཏེ་ཀ་མ་ལ་ཞེས་པའོ། །བློ་གྲོས་ཆེན་པོ་ནི་ཐབས་ཀྱིས་འགྲོ་དོན་མཛད་པས་

གར་མཁན་འདྲ། ཐབས་ཀྱིས་འགྲོ་དོན་སྣ་ཚོགས་སུ་མཛད་པས་ན་བློ་གྲོས་སོ། །མཛད་པ་གར་ཐབས་དང་འདྲ་བ་འཇོམས་པས་ན་ཆེན་པོའོ། །དེ་ནི་སྤྱན་རས་གཟིགས་དབང་ཕྱུག་གོ། །ཡང་དག་པའི་ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཉིད་ཀྱི་དོན་ལ་གཟིགས་པས་ན་བློ་གྲོས་སོ། །

ཐུགས་རྗེས་འཁོར་བ་ལ་དབང་ཞིང་ཚོགས་རྫོགས་ནས་ཕྱུག་པས་ན་ཆེན་པོའོ། །བློ་གྲོས་ལྷ་རྫས་ནི། སྟོབས་ཆེན་གནོན་པས་ལྷ་རྫས་མཐུ་ཆེན་འདྲ། ཡེ་ཤེས་ཀྱི་སྟོབས་དང་ལྡན་པའི་བློ་གྲོས་སོ། །ཕ་རོལ་གྱིས་ཟིལ་གྱིས་མི་ནོན་པས་ན་ལྷ་རྫས་སོ། །དེ་ནི་བྱམས་

เล่ม ๖๖ · หน้า 159a

པ་སྟེ། ཕྱོགས་མེད་པའི་བྱམས་པ་དང་ལྡན་པས་ན་བློ་གྲོས་སོ། །སྐྱེ་བ་གཅིག་གིས་ཐོགས་པས་ན་ལྷ་རྫས་སོ། །བློ་གྲོས་སྣ་ཚོགས་པས་ནི་སྨོན་པ་མེད་པའི་ཡེ་ཤེས་ལྔ་དང་ལྡན། ཆོས་ཉིད་ཀྱི་དོན་མཐོང་བ་ནི་སྨོན་པ་མེད་པས་ན་བློ་གྲོས་སོ། །ཡང་དག་པའི་

ཡེ་ཤེས་སྣ་ཚོགས་སུ་སྣང་བས་ན་སྣ་ཚོགས་སོ། །དེ་ནི་ཀུན་དུ་བཟང་པོ་སྟེ། ལྟ་བ་དང་སྤྱོད་པ་ཀུན་དུ་ངན་པའི་མིང་ཡང་མེད་པས་ན་བློ་གྲོས་སོ། །སྨོན་ལམ་སྣ་ཚོགས་ལ་མངའ་བརྙེས་པས་སྣ་ཚོགས་སོ། །སོགས་ཞེས་བྱ་བ་ནི་གོང་དུ་གསུངས་པའི་དོན་དེ། གཙོ་བོ་རྣམས་ཀྱི་

འཁོར་དུ་གཏོགས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པ་ནི་མོས་པ་སྤྱོད་པས་ངན་སོང་དུ་མི་ལྡོག་པ་བརྒྱད་པ་མཚན་མར་མི་ལྡོག་པས་ན་ཕྱིར་མི་ལྡོག་པའོ། །དགེ་འདུན་ཐུག་པ་མེད་པ་ནི་འཁོར་གྱི་རྣམ་གྲངས་ཀྱིས་ཆོས་ཉན་ཅིང་འཇུག་པས་ན་སྨོས་སོ། །དེ་ལ་དགེ་བའི་འབྲས་བུ་བླ་ན་མེད་

པའོ། །འདུན་པ་ཡིད་འཕགས་པའི་ལམ་ལ་དམིགས་པའོ། །འཁོར་མང་པོའི་དབུས་ན་ཞེས་བྱའོ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཐུགས་ལས་སྐྱེས་པའི་འཁོར་དང་། ཉན་ཐོས་དགྲ་བཅོམ་པ་གསུང་ལས་སྐྱེས་པའི་འཁོར་དང་། ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་འཇིག་རྟེན་

ལས་ཀྱི་འཁོར་དང་། སྣང་སྲིད་ཐམས་ཅད་ཐུགས་རྗེ་ཞིང་གི་འཁོར་གྱི་དབུས་ན་དེ་བཞིན་གཤེགས་པ་བཞུགས་ཏེ། ཅིའི་ཕྱིར་ཞེ་ན། ཚངས་པ་ཆེན་པོ་པདྨའི་གདན་ནི། ཡེ་ཤེས་ཀྱིས་འཁོར་བ་ལས་ཚངས་པ་དང་ཕྲིན་ལས་ཀྱིས་ཁམས་གསུམ་ཐམས་ཅད་འཁོར་བ་ལས་ཚངས་

པར་བྱེད་པའོ། །པདྨ་ནི་ཐུགས་རྣམ་པར་དག་པ་མཚན་མས་མི་གོས་པ་དང་། ཐབས་མཁས་པའི་ཕྲིན་ལས་འགྲོ་བའི་དོན་མཛད་ན་སྤྱོད་པས་མི་གོས་པས་ན་སྤྱད་པའོ། །ཆེན་པོའི་རྒྱུ་བྱང་ཆུབ་དང་ལྡན་པ་དང་། འབྲས་བུ་ཁམས་གསུམ་ཐམས་ཅད་བླ་ན་མེད་པའི་དོན་ལ་དགོངས་

པས་ན་ཆེན་པོའོ་ཞེའོ། །གདན་ནི་འབྲེལ་པའི་དོན་ཏེ་ཐུགས་རྗེ་ཐབས་ཀྱིས་འགྲོ་བའི་དོན་ལ་ཞུགས་པས་གདན། ཏིང་ངེ་འཛིན་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས་གདན་ནོ། །བཞུགས་པ་ནི་ཏིང་ངེ་འཛིན་ཡེ་ཤེས་ངན་སོང་སྦྱོང་བའི་ཏིང་ངེ་འཛིན་ལ་ཞུགས་པ་དང་། ཕྲིན་ལས་

เล่ม ๖๖ · หน้า 159b

ཐུགས་རྗེས་འོད་ཟེར་སྡུད་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བཞུགས་པའོ། །ད་ནི་སྟོན་པས་གླེང་བསླང་བ་སྟོན་ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ནི་རྒྱུ་ལས་དང་ཉོན་མོངས་པ་ངན་པ་ལས་འབྲས་བུ་སྡུག་བསྔལ་

གྱི་ཕུང་པོ་ཁམས་གསུམ་དུ་སོང་བས་ན་སོང་བའོ། །རྒྱུད་ནི་ཀུན་གཞི་ལ་ཐོག་མ་མེད་པའི་དུས་ན་བག་ཆགས་རང་རྒྱུད་དུ་ཡོད་པས་ན་རྒྱུད་དོ། །ཐམས་ཅད་ནི་ལས་དང་ཉོན་མོངས་པའི་བག་ཆགས་དང་འབྲེལ་པའི་སེམས་ཅན་ནོ། །ཡོངས་སུ་སྦྱོང་བ་ནི་ཐུགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་

གྱིས་སྦྱོང་བ་དང་། ཕྲིན་ལས་འོད་ཟེར་སྡུད་པའི་ཏིང་ངེ་འཛིན་གྱིས་སྦྱོང་བའོ། །ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཐོག་མ་མེད་པའི་དུས་ནས་བདག་ཏུ་རྟོག་པའི་རང་བཞིན་རྒྱུའི་བག་ཆགས་ཡོད་པ་ལ་དམིགས་པའོ། །འོད་ཟེར་གྱི་ཕྲེང་བ་སྡུད་པའི་ཏིང་ངེ་འཛིན་གྱིས་ནི་འབྲས་བུ་

སྡུག་བསྔལ་གྱི་ཕུང་པོ་འཇོམས་ཤིང་མི་གཏང་བས་ན་ཏིང་ངེ་འཛིན་ནོ། །སྙོམས་པར་ཞུགས་པ་ནི་མི་འདའ་བའི་སྙོམས་པར་ཞུགས་པ་དང་གཉིས་སུ་མེད་པའི་ཕྱིར་དང་འབྲེལ་པའི་ཕྱིར་སྙོམས་པར་ཞུགས་སོ། །རྣམ་པར་གྲོལ་བ་ནི་བག་ཆགས་ཀྱི་རྣམ་པ་སྣ་ཚོགས་ཏེ་གྲོལ་བ་ནི་དེ་ལས་

ཐར་པའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་གཟུང་འཛིན་གྱི་སྐྱོན་སྤངས་པས་ན་བྱང་ཆུབ་པའོ། །དེ་ནི་དོན་ཡེ་ཤེས་ལས་ཚུར་སྣང་བས་ན་ཆུབ་ལ། སེམས་ནི་དེ་ལས་ཐུགས་རྗེའི་ཆོ་འཕྲུལ་འགྲོ་བ་རྣམས་ལས་འབྱུང་བས་ན་སེམས་སོ། །དཔའ་བ་ནི་

ཁམས་གསུམ་གྱི་འཁོར་བ་གྱེན་དུ་བཟློག་པས་དཔའ་བའོ། །ཏིང་ངེ་འཛིན་དེ་ལྟ་བུའི་དོན་ལས་མི་འདའ་བར་གནས་པའི་ཕྱིར་རོ། །འོད་ཟེར་ཀུན་དུ་སྡུད་པའི་ཕྲེང་བ་ནི། ཐུགས་རྗེ་ཕུན་སུམ་ཚོགས་པ་སྟེ། ཕྱིའི་པགས་པ་ནས་བྱུང་བས་ནི་ངན་སོང་གི་ཡུལ་རྣམས་སྦྱོང་བ་ལ། ཟེར་ནི་

ཡེ་ཤེས་ཀྱི་ཕྲིན་ལས་དྲང་བཞིན་ཕུན་སུམ་ཚོགས་པ་སྟེ། བ་སྤུའི་བུ་ག་ཀུན་ནས་འབྱུང་བས་ནི་བག་ཆགས་ཀྱི་རྒྱུད་སྦྱོང་ལ། སྡུད་པ་ནི་ཡོན་ཏན་གྱི་རང་བཞིན་ཏེ། སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་སྡུད་ལ་མང་པོ་ནི་དེ་རྣམས་ཀུན་ཁྱབ་པའི་དོན་ལ། ཕྲེང་བ་ནི་བསྡུས་པ་

เล่ม ๖๖ · หน้า 160a

དང་འབྲེལ་པ་ལྟར་ན་ཐུགས་རྗེ་དང་འཁོར་བར་འབྲེལ་པའི་དོན་ཡིན་ལ། ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་བ་ནི་ཉིད་ཀྱི་སྟོན་པ་ཤཱཀྱ་ཐུབ་པའོ། །དཔྲལ་བ་ནི་ཐུགས་རྣམ་པར་དག་པ་ནས་དཔྲལ་བའི་དཀྱིལ་འཁོར་དུ་བསྟན་ལ། མཛོད་སྤུ་ནི་ཏིང་ངེ་འཛིན་གྱི་ཆོ་

འཕྲུལ་གཞན་ལས་འབྱུང་བའི་མཛོད་སྤུ་བསྟན་ལ་ཕྱུང་བ་ནི། གང་གི་འོད་ཟེར་སྡུད་པའི་ཕྲེང་བ་ཕྱུང་བའི་དོན་ཏོ། །བདེ་བ་སོ་སོར་ཐོབ་ནས་ཞེས་པ་ནི། ཐུགས་རྗེ་ཆོ་འཕྲུལ་གྱི་བྱིན་རླབས་ཀྱི་འོད་ཟེར་དེས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འོད་ཟེར་གྱི་སྣང་བ་

ཆེན་པོས་ཁྱབ་པར་བྱས་ནས། སེམས་ཅན་དེ་དག་མི་དང་ལྷའི་བདེ་བ་སོ་སོར་ཐོབ་ནས། དགའ་བའི་ཚལ་དུ་བཀོད་པའི་ཕྱིར་རོ། །དེས་གསོལ་བ་འདེབས་པར་གྱུར་ཏེ། ཨེ་མ་ཧོ། །སངས་རྒྱས་ནི་ཐུགས་རྣམ་པར་དག་པའི་ངོ་བོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོ་ནས་ངན་

སོང་གི་རྒྱུད་སྦྱོང་བ་རེ་བཟང་བའོ། །ཀྱེ་མ་སངས་རྒྱས་ནི་ངན་སོང་གི་རྒྱུད་སྦྱངས་བ་དེས་འབྲས་བུ་འཁོར་བར་མི་སྐྱེ་བ་སྦྱང་བ་རེ་བཟང་སྟེ། ཅིའི་ཕྱིར་ཞེ་ན། གསུང་རྣམ་པར་དག་པ་སྟེ། འགྲོ་བའི་རྒྱུད་རྣམ་པར་འབྲེལ་པའི་ཕྱིར་རོ། །ཀྱེ་མ་སངས་རྒྱས་ནི། འགྲོ་བའི་དོན་སྣ་

ཚོགས་མཛད་པ་ནི་རེ་བཟང་ཞེས་བྱའོ། །ཀྱེ་མ་སངས་རྒྱས་ནི། འགྲོ་བའི་དོན་ལྟར་མཛད་ཀྱང་ཐུགས་ཆོས་ཉིད་ལས་མ་གཡོས་པས་རེ་བཟང་ཞེས་བྱའོ། །མཛད་པ་ལེགས་པ་ནི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕྲིན་ལས་གཞན་ལས་ཁྱད་པར་དུ་འཕགས་པའི་མཛད་པ་ལེགས་

པའི་ཕྱིར་རོ། །གང་གི་ཕྱིར་བདག་ངན་སོང་ནི་སྦྱོང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་ཐུགས་རྗེས་འཁོར་བའི་རྒྱུ་དང་འབྲས་བུ་སྦྱངས་ནས་བཅོམ་པའི་ཕྱིར་རོ། །བྱང་ཆུབ་སྤྱོད་པ་ཉིད་ལ་གཞག་པ་ནི། སེམས་ཅན་དེ་རྣམས་ཉོན་མོངས་པའི་འཁོར་བ་ལས་བཏོན་ནས་བྱང་

ཆུབ་རྣམ་པ་གསུམ་ལ་གཞག་ཅེས་གསུངས་སོ། །དེའི་འོག་ཏུ་ངོ་མཚར་མི་ཆེ་བའི་རྒྱུ་སྟོན་ཏེ། ཚད་མེད་པའི་བསོད་ནམས་ཀྱི་བསགས་པ་ཞེས་པ་ནི། དེ་ལ་སེམས་ཅན་གྱི་བསོད་ནམས་ཀྱི་ཕུང་པོ་བཅུ་འགྱུར་གྱིས་ནི་དེ་བཞིན་གཤེགས་པའི་བ་སྤུ་གཅིག་མངོན་པར་འགྲུབ་བོ། །

เล่ม ๖๖ · หน้า 160b

བ་སྤུ་མངོན་པར་གྲུབ་པའི་བསོད་ནམས་ཀྱི་ཕུང་པོ་བརྒྱ་འགྱུར་གྱིས་ནི། དཔེ་བྱད་བཟང་པོ་འགྲུབ་པོ། །དཔེ་བྱད་བཟང་པོ་གཅིག་མངོན་པར་གྲུབ་པའི་བསོད་ནམས་ཀྱི་ཕུང་པོ་སྟོང་འགྱུར་གྱིས་ནི། མཛོད་སྤུ་དང་དབུའི་གཙུག་ཏོར་དང་ཆོས་ཀྱི་དུང་མ་གཏོགས་པའི་མཚན་རེ་རེ་གྲུབ་བོ། །

མཚན་ཉི་ཤུ་རྩ་དགུ་གྲུབ་པ་མ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཁྲི་འགྱུར་གྱིས་མཛོད་སྤུ་གྲུབ་བོ། །མཛོད་སྤུར་གྲུབ་པ་མ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་འབུམ་འགྱུར་གྱིས་ནི་གཙུག་ཏོར་གྲུབ་པོ། །གཙུག་ཏོར་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་བྱེ་བ་

འབུམ་གྱིས་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་གྲུབ་བོ། །དེ་ནི་འབྲས་བུའོ། །རྒྱུ་ནི་རྐྱེན་དགེ་བའི་བཤེས་གཉེན་གྱི་མན་ངག་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པའི་དགེ་བའི་རྩ་བའི་ཚོགས་བསགས་པའོ། །ཚད་མེད་པའི་ཡོན་ཏན་རིན་པོ་ཆེའི་

འབྱུང་ཁུངས་ནི། ཚད་མེད་པའི་ནི་རྒྱུ་ཚད་མེད་པ་དང་། འབྲས་བུ་ཚད་མེད་པ་དང་། ཕྲིན་ལས་ཚད་མེད་པའོ། །ཡོན་ཏན་སྣ་ཚོགས་པ་སྟེ། འགྲོ་བའི་ལྟར་འདུལ་བ་བཞིན་དུ་འབྱུང་བའོ། །རིན་པོ་ཆེ་ནི་མི་ཟད་པའི་ཕྱིར་དང་། དཀོན་པའི་ཕྱིར་དང་། ཁྱབ་པའི་

ཕྱིར་བཏགས་པའོ། །ཚད་མེད་པའི་ཐབས་རྫོགས་པ་ནི་ཐབས་གཉིས་ཏེ། རྒྱུའི་ཐབས་རྒྱུ་ཆུང་ངུ་ལས་འབྲས་བུ་མང་པོར་བྱེད་པའོ། །འབྲས་བུའི་ཐབས་ནི་སེམས་ཅན་ཇི་ལྟར་མོས་པ་བཞིན་འབྱུང་བར་བྱ་ཞིང་སྣང་བའོ། །ཤེས་རབ་ཚད་མེད་པར་བསགས་པ་ནི་དང་པོར་

འཇིག་རྟེན་པའི་ཤེས་རབ་ལ་བརྟེན་ཅིང་བསྒོམས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་སྟེ། དེ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པས་ཚད་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་མཚན་མ་དང་བྲལ་བས་ཚད་ཀྱི་བྱེ་བྲག་ཏུ་མི་དམིགས་པའི་ཕྱིར་རོ། །ཚད་མེད་

པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་མེད་པ་དང་ལྡན་པ་སྟེ། ཐུན་མོང་ནི་འཇིག་རྟེན་པའི་སྤྱོད་པ་ལ། ཐུན་མོང་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་སྤྱོད་པའོ། །འདུལ་བའི་སྐྱེ་བོ་ཚད་མེད་པ་རྣམས་སྣོད་དུ་རུང་བར་མཛད་པ་ནི་འདུལ་བའོ། །འདུལ་བ་ནི་སྔོན་གྱི་སྨོན་

เล่ม ๖๖ · หน้า 161a

ལམ་གྱིས་འདུལ་བ་དང་། འཕྲལ་གྱི་ཕྲིན་ལས་ཀྱིས་འདུལ་ལོ། །སྐྱེ་བ་ནི་ལས་ལས་སྐྱེ་ཞིང་འཁོར་བ་གཞོལ་ཕྱོགས་སུ་བོར་བའོ། །ཚད་མེད་པ་ནི་རྒྱུ་ཚད་མེད་པ་ནི་གནས་ཁམས་གསུམ་དང་འཁོར་བར་ལུས་བླངས་ནས། སྡུག་བསྔལ་གསུམ་དང་། བརྒྱད་ཀྱིས་

གཟིར་བའི་དེའི་རྒྱུ་ནི་ལས་དང་ཉོན་མོངས་པའོ། །དེ་ནི་མཐའ་ཡས་པའི་སེམས་ཅན་ཏེ། སྡུག་བསྔལ་གྱི་འབྲས་བུ་ཚད་མེད་པ་རབ་ལ་དམིགས་པའི་དོན་ཏོ། །སྣོད་དུ་རུང་བ་ནི་དེ་རྣམས་ཀྱི་རྒྱུ་དང་འབྲས་བུ་བཅོམ་ནས། བྱང་ཆུབ་རྣམ་པ་གསུམ་པོ་གང་ལ་ཡང་མོས་པ་ལ་

དགོད་པ་ལ་སྣོད་དུ་རུང་བའོ། །མི་མཉམ་པ་དང་མཉམ་པའི་ཡེ་ཤེས་ནི། རྒྱུ་མི་མཉམ་པ་དང་ལས་དང་བའི་མཚན་ཉིད་དང་། ཉོན་མོངས་པ་སྤོང་བའི་གྲོགས་མི་མཉམ་པ་དང་། འབྲས་བུ་མི་མཉམ་པའོ། །མཉམ་པ་ནི་རྟོག་པ་དང་བྲལ་ཞིང་དངོས་པོ་མེད་པས་ན་མཉམ་པའོ། །

མི་མཉམ་པ་དང་མཉམ་པའི་རྫུ་འཕྲུལ་དང་ལྡན་པ་ནི། མི་མཉམ་པ་དང་འགྲོ་བ་གཞན་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་རྫུ་འཕྲུལ་ལ་སོགས་པ་དང་མི་མཉམ་པའོ། །མཉམ་པ་ནི། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་ནང་དུ་དེ་དག་ཐམས་ཅད་འདུས་པའི་ཕྱིར་རོ། །མི་

མཉམ་པ་དང་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པ་སྟེ་ཞེས་པ་ནི། མི་མཉམ་པ་ནི་བདག་དང་གཞན་གཉིས་ཀྱི་དོན་དུ་བསྔོ་བས་མི་མཉམ་པའོ། །མཉམ་པ་ནི་དམིགས་པ་དང་བྲལ་བའོ། །སྨོན་པ་ནི་འབྲས་བུའོ། །ལམ་ནི་རྒྱུ་སྟེ་འབྲས་བུ་ལ་དམིགས་པའོ། །སྟོབས་ནི་

གཞན་གྱིས་ཟིལ་གྱིས་མི་ནོན་པའོ། །དེ་ལ་ཐེ་ཚོམ་དང་སོམ་ཉི་དང་ཡིད་གཉིས་མ་བྱེད་ཅིག་གོ་ཞེས་པ་ནི་ཐེ་ཚོམ་ཡིད་མི་ཆེས་པས་རྟོག་པ་ཞུགས་པའོ། །སོམ་ཉི་ནི་བྱ་མི་བྱ་སྙམ་པའི་སོམ་ཉིས་སོ། །རེས་འགའ་ནི་མི་བློ་རྒོད། རེས་འགའ་ནི་བློ་མི་རྒོད་པས་ནི་ཡིད་གཉིས་

སོ། །འཁོར་གྱིས་གླེང་བས་ངོ་མཚར་གྱི་རྒྱུ་བསྟན་པའོ། །ད་ནི་དཀྱིལ་འཁོར་ཞུས་པ་སྟོན་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རང་གི་སྟན་ལ་ལངས་ནས་ནི་ཞེས་པ་ནི། འདོད་ཁམས་ཀྱི་ལྷ་ལ་དབང་བྱེད་པས་ན་དབང་པོའོ། །སྤྲུལ་པ་དང་ཞིང་ཁམས་དང་ཏིང་ངེ་འཛིན་བརྒྱ་ལ་རྩལ་

เล่ม ๖๖ · หน้า 161b

སྦྱངས་པས་ན་བརྒྱ་བྱིན་ནོ། །རྡོ་ཨ་མོ་ལི་གའི་སྟེང་ན་རིན་པོ་ཆེའི་ཁྲིའུ་ལ་བཞུགས་པའི་ཕྱིར་ན་རང་གིའོ། །ལངས་པ་ནི་ཆོས་ཞུ་བའི་ཕྱིར་ལངས་པ་དང་། རག་ལུས་པ་དང་། རིན་ཐང་བསྐྱེད་པ་དང་། གུས་པ་དང་བསྐྱེད་པའི་ཕྱིར་ལངས་པའོ། །མཆོད་པ་ནི་རྒྱ་ཆེ་ཞིང་

མཆོད་པ་ནི་མ་ཉེས་པར་བྱ་བའི་ཕྱིར། རྟ་དང་གླང་པོ་ཆེ་ལ་སོགས་པའོ། །རྒྱ་ཆེ་བ་ནི་སེམས་ཀྱི་ཡིད་བཞིན་གྱི་སྤྲིན་ཚོགས་འདོད་པའི་ཡོན་ཏན་གྱི་ལྷ་མོར་སྤྲུལ་པའོ། །ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །ཕྱག་ནི་ལུས་ཀྱིས་ལངས་པ་དང་། ངག་གིས་བསྟོད་

པ་དང་། སེམས་ཀྱིས་མོས་པའོ། །འདི་ནི་འོག་གི་དོན་ལ་སྐད་ནི་ཚིག་ཏུ་བརྗོད་པའོ། །གསོལ་ཏོ་ནི་འོག་གི་དོན་ཞུས་པའི་ཚུལ་ལོ། །སྤོབས་པ་བསྐྱེད་པར་གསོལ་ཏེ། སྔོན་གྱི་དགེ་བའི་ཚོགས་ཀྱིས་སྤོབས་པ་བསྐྱེད་པ་དང་། རང་གི་མོས་པའི་མཐུས་ཞུ་བར་སྤོབས་

པ་བསྐྱེད་པའོ། །བདེ་བར་གཤེགས་པ་བདག་སྤོབས་པ་བསྐྱེད་པར་གསོལ། ཆོས་ཉིད་ཀྱི་དོན་ཐུགས་སུ་ཆུད་པས་ནི་མི་བདེ་བའི་གནོད་པ་སྤངས་པས་བདེ་བར་རོ། །གཤེགས་པ་ནི་ཐབས་མཁས་པའི་ཐུགས་རྗེས་འགྲོ་བའི་དོན་ལ་གཤེགས་པས་གཤེགས་པའོ། །བདག་

ནི་ལྷའི་དབང་པོ་སྤོབས་པ་ནི་རྒྱུ་དང་འབྲས་བུའི་དོན་ཞུ་བར་སྤོབས་པའོ། །བསྐྱེད་པ་ནི་བདག་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛོད་ཅེས་པའོ། །གསོལ་བ་ནི་བདག་ལྷའི་བུ་དྲི་མ་མེད་པའི་དོན་ཞུ་བར་གསོལ་བ་རབ་ཏུ་གདབ་པའི་ཕྱིར་རོ། །སྤྱིར་ཞུ་བའི་དོན་བསྡུས་ནས་བཤད་ཟིན་

ཏོ།། །།ད་ནི་སྒོས་ཞུས་པའི་དོན་སྟོན་ཏེ། སུམ་ཅུ་རྩ་གསུམ་པའི་ནི་བརྒྱ་བྱིན་ལ་རང་གི་བུ་སུམ་ཅུ་རྩ་གཉིས་དང་། བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་ཡོད་པས་དེའི་ཕྱིར་རོ། །དེ་དག་ཀྱང་བརྒྱ་བྱིན་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་བཞི་བཞི་འདུག་སྟེ། བརྒྱ་བྱིན་ལ་བསྐོར་

བས་ན་བློན་པོ་ཞེས་བྱའོ། །འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བའི་སྟོན་པས་རྣམ་པར་སྨིན་པའི་སྡུག་བསྔལ་སྟོན་པ་ཡིན་ཏེ། འདི་ནི་ལྷའི་གནས་ཉིད་ལ་བྱ། ཤི་འཕོས་ནས་ནི་ཕུང་པོའི་རང་བཞིན་དང་བྲལ་ཏེ། རྣམ་པར་ཤེས་པ་ཐལ་བའི་ཐ་ཚིག་གོ། །

เล่ม ๖๖ · หน้า 162a

མཚམས་མེད་པ་ནི་ལས་དང་ཉོན་མོངས་པ་སྟེ། རྣམ་པར་དཀར་བའི་བར་མཚམས་མེད་པའོ། །འབྲས་བུ་ལ་བར་མཚམས་མེད་པ་ནི། སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་པ་ལ། བདེ་བའི་བར་མཚམས་ནི་སྐད་ཅིག་ཀྱང་མེད་པའོ། །

སེམས་ནི་སྡུག་བསྔལ་ལ་གནས་པ་ཡིན་ལ། ཅན་ནི་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་ལེན་པའོ། །དམྱལ་བ་ནི་འཇོམས་པས་ནི་རབ་ཏུ་མནར་བའོ། །གཞན་མདོ་སྡེའི་གཞུང་ལས་གསལ་བས་མ་བྲིས་སོ། །མཐའ་འཁོབ་ནི་ཁྲིམས་མེད་པའི་མཐར་ཕྱིན་པ་དང་། ཆོས་སྐད་མི་ཐོས་

པས་མཐའ་འཁོབ་བོ། །རྣམ་པ་གཅིག་ཏུ་ཡུལ་མཐའ་འཁོབ་ནི་གངས་རི་ལ། མི་མཐའ་འཁོབ་ནི་སྤྱོད་པ་ངན་པའོ། །རྣམ་པར་སྨིན་པའི་དོན་བསྡུས་པ་བཤད་ཟིན་ཏོ།། །།རྣམ་པར་སྨིན་པ་ལ་སྐྱོ་བའི་དོན་སྟོན་ཏེ། དེ་ནས་བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་ཐམས་ཅད་ཀྱིས་ཐོས་

ནས། ཤིན་ཏུ་དངངས་ཤིང་སྐྲག་སྟེ། སྐྱོ་ནས་ཁས་བུབ་ཏུ་འགྱེལ་ཏོ་ཞེས་པ་ནི། སྟོན་པས་རྣམ་པར་སྨིན་པའི་དོན་གསུངས་པ་ལ། བརྒྱ་བྱིན་འཁོར་དང་བཅས་པ་དང་། གཞན་ཡང་འདོད་ཁམས་ལྷའི་བུ་ཐམས་ཅད་ཀྱིས་ཐོས་ནས། རྒྱུ་ཉོན་མོངས་པ་ལ་ནི་ཤིན་ཏུ་སྔངས། འབྲས་བུ་

སྡུག་བསྔལ་ལ་རབ་ཏུ་སྐྲག་སྟེ། འདོད་པའི་ཡོན་ཏན་ལ་རབ་ཏུ་སྐྱོ་ནས་ཡིད་སྐྲག་པས་ཁས་བུབ་ཏུ་འགྱེལ་ཏོ་ཞེའོ། །ད་ནི་ཞུ་བ་བསྣན་པ་བསྟན་ཏོ། །དེ་ནས་ཡང་ཞེས་པ་ནི་སྐབས་ཀྱི་རྟིང་ཐོགས་བསྐྱར་ཞིང་བསྣན་ནས་ཞུས་པའི་དོན་ཏོ། །བསྐྱབ་པར་གསོལ་བྱ་བ་ནི་འཁོར་གྱི་སྡུག་བསྔལ་འདི་

ལས་བསྐྱབ་པར་གསོལ་བ་དང་། བདག་དང་གཞན་ངན་སོང་ལས་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཞུས་པའོ། །ད་ནི་བཀས་གནང་བ་སྟོན་ཏེ། དེ་ཡང་ཅིའི་ཕྱིར་གནང་ཞེ་ན། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཏེ། ལྷའི་དབང་པོ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་

བཞིས་ཀྱང་བསྟན་པ་ཞེས་པ་ནི། མདངས་གསོལ་དུ་གསུངས་པའི་ཕྱིར་བོས་ནས་བཀའ་སྩལ་ཏེ། སྔོན་གྱི་སངས་རྒྱས་མར་མེ་མཛད་དང་། གསེར་ཐུབ་ལ་སོགས་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་ངན་སོང་གི་རྒྱུད་འདི་གསུངས་ཏེ། ངས་ཀྱང་བཤད་ཀྱིས་ཁྱོད་ཉོན་ཅིག་བྱ་བའི་

เล่ม ๖๖ · หน้า 162b

ཐ་ཚིག་གོ། །ད་ནི་གནང་བ་ལ་དགའ་བ་སྟོན་ཏེ། དེ་ནས་ལྷའི་དབང་པོས་མངོན་པར་མཆོད་པ་ནི་སྟོན་པས་གནང་བའི་རྟིང་ཐོགས་སོ། །བརྒྱ་བྱིན་རབ་ཏུ་དགའ་བའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་ནས་ཞུས་པའི་དོན་དང་། ཕྱི་རབས་ལ་དེ་ལྟར་གྱིས་ཤིག་པའི་དོན་ཏོ། །

ལེགས་བྱ་བ་ནི་ཐུགས་རྗེས་འགྲོ་བའི་དོན་ལ་ལེགས་པ་དང་། བདག་ལ་རྒྱུ་དང་འབྲས་བུའི་ཆོས་སྟོན་པ་ལེགས་བྱ་བའི་ཐ་ཚིག་གོ། །དེ་ལ་ཞུ་བ་བསྣན་པ་ནི། དེ་ནས་ཚངས་པ་ཞེས་འབྱུང་བས་ན། རེ་ཞིག་འཇིག་རྟེན་པའི་མེས་པོ་ཚངས་པ་ཡིན་པ་དང་། དད་པས་ཞུ་བའི་ཚུལ་

དང་། དམ་པའི་ཆོས་ཀྱི་བསྐུལ་བ་ཡིན་པས་ཞུ་བའི་ཚུལ་དུ་བསྟན་པའོ། །དང་པོར་སློབ་མ་སྣོད་དུ་རུང་བར་བྱིན་གྱིས་རློབ་པ་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནི། ཉེས་པའི་སྐྱོན་ཐམས་ཅད་གཏན་བཅོམ་ཞིང་། ལེགས་པའི་ཡོན་ཏན་དང་ལྡན་པས་ན་མཐའ་

གཉིས་སྐྱོན་བཅོམ་ཞིང་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཤཱཀྱ་ཐུབ་པས་བཀའ་སྩལ་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁམས་གསུམ་ལས་མཐར་ཕྱིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདིས་བྱིན་གྱིས་བརླབས་པ་ནི། དེ་བཞིན་ཉིད་ཆོས་ཇི་བཞིན་པའི་ངང་དུ་རང་གི་ངང་དུ་

གཤེགས་པས་ན་དབྱིངས་དང་། ཡེ་ཤེས་གཉིས་སུ་མེད་པའོ། །ཐམས་ཅད་ནི་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་པ་སྙིང་པོ་ནི་ཐུགས་ཡང་དག་པའི་ཡེ་ཤེས་སོ། །བྱིན་གྱིས་བརླབས་པ་ནི། རས་དཀར་པོ་ལ་དམར་པོ་བྱ་བའི་མཐུ་ཚོན་ལ་ཡོད་པ་དང་འདྲ་བར་བླ་ན་མེད་པའི་སངས་རྒྱས་འགྲུབ་

པའི་རྒྱུ་ནི་སྔགས་ལ་ཡོད་པས་ནའོ། །གདོན་མི་ཟ་བར་རྡོ་རྗེར་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་གདོན་མི་ཟ་བ་ནི། ཐུགས་ཡང་དག་པའི་ཡེ་ཤེས་ལ་མཚན་མའི་སྐྱོན་གྱིས་མི་ཟ་བའོ། །རྡོ་རྗེ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའོ། །བྱིན་གྱིས་བརླབས་པ་ནི། ཁ་དོག་ཚོན་གྱིས་བསྒྱུར་བ་ལྟར་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བསྒྱུར། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་བདེ་བའི་ཏིང་ངེ་འཛིན་གྱིས་ནི། ཉོན་མོངས་པ་ཐམས་ཅད་བྱང་ཆུབ་སེམས་སུ་བསྒྱུར་ནུས་པས་ན་དེ་སྐད་བྱའོ། །ཨོཾ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཨོཾ་ནི་ཡེ་ཤེས་ལྔ་ལ། བཛྲ་ནི་རྡོ་རྗེ། ཏིཥྛ་ནི་

เล่ม ๖๖ · หน้า 163a

འཇོམས་པ། ཛྙཱན་ནི་ཡེ་ཤེས་སོ། །ས་མ་ཡ་ནི་དམ་ཚིག་དང་ལྡན་པའོ། །ཧཱུཾ་ནི་ཐུགས་ཆོས་ཉིད་དུ་ཡེ་ནས་གནས་པའོ། །སྙོམས་པར་ཞུགས་ནས་ཀྱང་ནི། ཏིང་ངེ་འཛིན་བྱང་ཆུབ་རྣམ་པར་དག་པ་ལ་སྙོམས་པར་ཞུགས་པ་ནི་གཉིས་སུ་མེད་པར་གྱུར་པའི་ཐ་ཚིག་གོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་མ་ནོར་བ་ལ། བཞིན་ནི་མི་འགྱུར་བ་སྟེ། གཤེགས་པ་ནི་རིག་པ་དང་དབྱིངས་གཉིས་སུ་མེད་པར་གྱུར་པའོ། །ཐམས་ཅད་ནི་མ་ལུས་པ་ལ་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་ལ། འདི་ནི་དབང་པོ་མངོན་སུམ་དུ་གསུངས་པའོ། །རང་གི་སྙིང་

ག་ནས་བྱུང་ནས་རང་ནི་ཤཱཀྱ་ཐུབ་པ་ལ། སྙིང་པོ་ནི་ཐུགས་ཡེ་ཤེས་ལ་བྱ། ཕྱུང་ནི་ཚིག་ཏུ་གསུངས་པའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་ཞེས་པ་ནི། ཨོཾ་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་སྟེ། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་རྟགས་སོ། །ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་

ནི་ཡེ་ཤེས་རྣམ་པ་ལྔར་ལས་ཀྱི་སྡིག་པ་ཐམས་ཅད་དག་པར་བྱིན་གྱིས་བརླབ་པའོ། །ཤུདྡྷེ་བི་ཤུདྡྷེ། ངོ་བོ་ཉིད་དག་པའི་ཆོས་ཉིད་རང་བཞིན་གྱིས་དག་པ་ཆེན་པོར་བྱིན་གྱིས་བརླབ་ཅེས་བྱའོ། །སརྦ་ཀརྨ་ཨཱ་བ་ར་ཎ་ནི། ཐམས་ཅད་མ་ལུས་པའི་ཕྲིན་ལས་རྒྱ་མཚོ་དང་འདུལ་བས་བྱིན་

གྱིས་བརླབ་པའི་དོན། བི་ཤུདྡྷེ་སརྦྦ་ཆོས་ཉིད་དག་པ་དེ་ནི་རང་བཞིན་གྱིས་བཀྲ་ཤིས་པའི་དོན་ཏོ། །རིག་སྔགས་ཆེན་མོ་འདི་བཤད་མ་ཐག་ཏུ་ནི་རིག་པའི་ཡེ་ཤེས་ལ། སྔགས་ནི་དེས་མཚན་མ་འཇོམས་པ་ལ། ཆེན་མོ་འདི། ལྟ་བ་དང་སྤྱོད་པ་ཆེ་བས་ན་དབྱིངས་ཏེ་ཆེན་མོའོ། །ཁྱབ་

པའི་ཕྱིར་བཏགས་སོ། །དེ་ནས་གཞན་ཡང་གསང་བའི་སྙིང་པོ་འདི་གསུངས་སོ། །དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །གཞན་ཡང་རྣམ་པ་ནི། གསང་བ་ནི་ཆོས་ཉིད་ལ། སྙིང་པོ་ནི་ཡེ་ཤེས་ལ། འདི་ནི་འོག་གི་དོན་ལ་གསུངས་པ་ནི། གསལ་ལ་མ་འདྲེས་པར་བརྗོད་པའི་ཐ་

ཚིག་གོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་ཨ་པ་ཡ་ནི་སརྦ་སྭ་རྒྱེ་བྷྱ་ཧཱུཾ་ནི། ཨོཾ་ནི་རིན་ཆེན་མེ་ཏོག་གི་ཡེ་ཤེས་ལ་སྙིང་པོའོ། །ཤོ་དྷ་ནི་དག་པ་ལ། སརྦ་ནི་ཐམས་ཅད། ཨ་པ་ཡ་ནི་ལྡན་པ། སརྦ་སྭ་རྒྱེ་བྷྱ་ནི། ཐམས་ཅད་བདེ་བར་བྱེད་པའི་རིག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་

เล่ม ๖๖ · หน้า 163b

ཀྱི་སྙིང་པོ་སྟེ། དེ་ནི་མ་ནོར་པ་སྟེ་ཆོས་ཀྱི་དབྱིངས་ཉིད་དོ། །བཞིན་ནི་ཡེ་ཤེས་ཀྱི་རྟོགས་པའོ། །གཤེགས་པ་ནི་ཐུགས་རྗེས་འགྲོ་བའི་དོན་མཛད་པའི་རྟགས་སོ། །ཐམས་ཅད་ནི་རིགས་ལྔའི་སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱི་སྙིང་པོའོ། །ཨོཾ་སརྦ་ཨ་པ་ཡ་བི་ཤོ་དྷ་ནི་ཧཱུཾ་ཕཊ་

ནི། ཤཱཀྱ་ཐུབ་པའི་སྙིང་པོ་སྟེ། ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཐམས་ཅད་ཀུན་གྱི་རང་བཞིན་ཡེ་ནས་དག་པར་བྱིན་གྱིས་བརླབས་ནས་བཞུགས་ཏེ། ཆོས་ཉིད་དག་པར་བྱེད་པའི་ཐ་ཚིག་གོ། །སྙིང་པོ་དང་ཉེ་བའི་སྙིང་པོ་ཞེས་པ་ནི། སྙིང་པོ་ནི་རྩ་བ་རང་གི་བྱང་ཆུབ་ཀྱི་

སེམས་ལ། ཉེ་བའི་སྙིང་པོ་ནི། དེ་བསྒྲུབ་པར་བྱ་བའི་ཕྱིར་འབད་ཅིང་བཙལ་བའོ། །ཨོཾ་ཏྲ་ཊ་ནི་ཡེ་ཤེས་ཀྱི་ངོ་བོ། །མཚན་མའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་བཟླ་བའི་ཐབས་ཏེ། མེ་ཏོག་ཆེར་རྒྱས་ཀྱི་སྐུ་བསྐྱེད་པའི་སྙིང་པོའོ། །ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བའི་སྙིང་

པོ་ནི། ངན་པ་ནི་ལས་དང་ཉོན་མོངས་པ་ལ། འགྲོ་བ་ནི་ཁམས་གསུམ་ཤིང་རྟའི་འཕང་ལོ་ལྟ་བུར་གྱུར་པ་ལ། རྣམ་པར་ནི་སྡུག་བསྔལ་ལས་ཐར་པའི་ཐབས་མངའ་བ་དང་། སྡུག་བསྔལ་བའོ། །སྦྱོང་བ་ནི་ཡེ་ཤེས་རྒྱུ་དང་འབྲས་བུར་བཅས་པ་སྦྱོང་བའོ། །སྙིང་པོ་ནི་བྱང་ཆུབ་ཀྱི་

སེམས་སོ། །ཧཱུཾ་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོའོ། །ཐིག་ལེ་ཆོས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ལ། ཧ་ཧྱེ་ག་ན་དགྱེས་ནས་འདུ་འབྲལ་མེད་པའི་དོན་ཏོ། །བསོད་ནམས་ཆུང་བའི་སེམས་ཅན་རྣམས་ནི། བསོད་ནམས་ནི་ལོངས་སྤྱོད་དང་བྲལ་བའོ། །ཆུང་

བ་ནི་བདེ་བ་མེད་པའོ། །སེམས་ནི་ཚོགས་བརྒྱད་ལ། ཅན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེས་ཐོབ་ནས་བདེ་བླག་ཏུ་གྱུར་པའི་ཕྱིར་རོ། །ན་མོ་བྷ་ག་ཝ་ཏེ་ཞེས་པ་ནི། བཅོམ་ལྡན་འདས་ཀུན་རིག་རྩ་བའི་སྙིང་པོ་སྟེ། རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་

དོན་ཏོ། །སརྦ་དུརྒ་ཏི་ནི། ཐམས་ཅད་ཀུན་གྱི་རང་བཞིན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་དབང་བསྐུར་བའི་དོན་ཏོ། །པཱ་རི་ཤོ་དྷ་ནི། རྩ་བ་བྱང་ཆུབ་ཀྱི་སེམས་དེ་ནི་རང་བཞིན་གྱིས་དག་པའོ། །རཱ་ཛཱ་ཡ་ནི། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་ཁམས་གསུམ་ལ་དབང་

เล่ม ๖๖ · หน้า 164a

གི་རྒྱལ་མཚན་འཛུགས་པའི་ཕྱིར་རོ། །ཏ་ཐཱ་ག་ཏ་ཡ་ནི། དེ་བཞིན་གཤེགས་པའོ། །ཏདྱ་ཐཱ་ནི། འདི་ལྟ་སྟེ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོའོ། །ཨོཾ་ཤོ་དྷ་ནི་ཡེ་ཤེས་རྣམ་པ་ལྔས་ཉོན་མོངས་པ་རྣམ་པ་ལྔ་ཐམས་ཅད་དག་པར་བྱེད་པའི་ཐབས་སོ། །སརྦ་པཱ་པཾ་

བི་ཤོ་དྷ་ནི། སྡིག་པ་ཐམས་ཅད་རང་བཞིན་གྱིས་དག་པར་བྱིན་གྱིས་བརླབས་པའོ། །སརྦ་ཀརྨཱ་ནི་ཕྲིན་ལས་རྒྱ་མཚོ་དང་འདྲ་བས་ཐམས་ཅད་མ་ལུས་པར་བྱིན་གྱིས་རློབ་པའི་ཕྱིར་རོ། །ཨཱ་བ་ར་ཎ་བི་ཤོ་དྷ་ནི། ཆེ་བའི་ཡོན་ཏན་དང་ལྡན་པས། ཐམས་ཅད་དག་པ་ཆེན་པོར་བྱིན་

གྱིས་རློབ་པའི་ཐབས་སོ། །རྩ་བའི་རིག་པ་ནི། རྩ་བའི་བྱང་ཆུབ་ཀྱི་སེམས་གཟུང་འཛིན་དང་བྲལ་བ་ལ། རིག་པ་ནི་ཡེ་ཤེས་ཀྱིས་རྟོགས་པའི་ཡུལ་ལོ། །ཨོཾ་སརྦ་བིད་ནི་ཡེ་ཤེས་ཀྱི་དངོས་པོ་ཐམས་ཅད་དག་པར་བྱིན་གྱིས་རློབ་པའི་དོན་ཏོ། །སརྦ་ཨཱ་བ་ར་ཎ་ནི་ཐམས་ཅད་

དག་པ་དང་ལྡན་པར་རིགས་ལྔས་བྱིན་གྱིས་བརླབས་པའི་ཕྱིར་རོ། །བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ་ནི་དགའ་བ་ཆེན་པོས་མཚན་མ་རྣམས་དབང་དུ་བསྡུས་ནས། ཐུགས་ཆོས་ཉིད་དུ་བྱིན་གྱིས་རློབ་པའི་ཕྱིར་རོ། །ཨོཾ་སརྦ་བིད་ཧཱུཾ་ཕཊ་སྟེ་ཨོཾ་ནི་ཡེ་ཤེས་ལྔའི་ངོ་བོ་ཡིན་པས། རིན་ཆེན་མེ་ཏོག་

གི་ཉེ་བའི་སྙིང་པོའོ། །ཨཱཿནི་མ་སྐྱེས་པས་གསུང་གི་ངོ་བོ་བས་སྣང་བ་མཐའ་ཡས་སོ། །ཧཱུཾ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་རྡོ་རྗེ་སེམས་དཔའོ། །སརྦ་ནི་ཆེ་བའི་ཡོན་ཏན་འབྱུང་བའི་ངོ་བོ་སྟེ། རིན་ཆེན་འབྱུང་ལྡན། ཕཊ་ནི་ལས་ཏེ་ཐམས་ཅད་སྦྱིན་པའི་དོན། བྱ་བ་ནན་

ཏན་གྱི་ཡེ་ཤེས་ཏེ་དོན་ཡོད་གྲུབ་པའོ། །ཨོཾ་སརྦ་བིད་ཧཱུཾ་ནི་ཤཱཀྱ་ཐུབ་པའི་སྐུ་བསྐྱེད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་མ་སྐྱེས་པ་སྟེ། ཐམས་ཅད་ཐུགས་རྣམ་པར་མི་རྟོག་པའི་ཆོས་ཉིད་དུ་རིག་པའོ། །ཨོཾ་སརྦ་བིད་ཕཊ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རྣམ་པར་སྣང་

མཛད་ཀྱི་སྐུ་བསྐྱེད་པའི་སྔགས་སོ། །ཨོཾ་སརྦ་བིད་ས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ས་ལྟར་ཆེ་བའི་ཡོན་ཏན་འབྱུང་བའི་ཐབས་སོ། །ངན་སོང་སྦྱོང་བའི་སྐུ་བསྐྱེད་པའི་སྙིང་པོའོ། །ཨོཾ་སརྦ་བིད་ཨཿནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཆོས་ཉིད་མ་སྐྱེས་པར་སྦྱོང་བའོ། །རིན་ཆེན་

เล่ม ๖๖ · หน้า 164b

མེ་ཏོག་གི་སྐུ་བསྐྱེད་པའི་སྙིང་པོའོ། །ཨོཾ་སརྦ་བིད་ཧཱུཾ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཐུགས་རྣམ་པར་དག་པའི་དོན་ལ་འཇུག་པའི་ཐབས་སོ། །ཤཱཀྱ་ཐུབ་པའི་སྐུ་བསྐྱེད་པའི་སྙིང་པོའོ། །ཨོཾ་སརྦ་བིད་ཏྲ་ཐ་ནི། ཨོཾ་ནི་ཡེ་ཤེས་བྱ་བ་གྲུབ་པས་གདུལ་བྱ་ཆུད་མི་ཟ་བར་བྱ་བའི་ཕྱིར་

རོ། །མེ་ཏོག་ཆེར་རྒྱས་ཀྱི་སྙིང་པོའོ། །ཨོཾ་ཤ་ནི་ཆོས་ཉིད་མངོན་པར་བྱང་ཆུབ་པ་ཤཱུ་ནྱ་ཏ་ཛྙཱ་ན་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་དུ་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུར་གྱུར་པའོ། །ཨོཾ་བྷ་ནི་ཨོཾ་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པའི་ཕྱིར་རོ། །བཛྲ་རའི་སྒྲས་དྲངས་ན། ཐམས་ཅད་རྡོ་རྗེའི་རང་

བཞིན། ངོ་བོའི་སྔགས་ཀྱི་དོན་བསྡུས་པ་བཤད་ཟིན་ཏོ།། །།དེའི་ཡོན་ཏན་ནི་ལྷའི་དབང་པོ་བརྒྱ་བྱིན། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་ནི། ཡོན་ཏན་བརྗོད་པའི་ཕྱིར་ན། ལྷའི་དབང་པོ་ཞེས་བོས་པའོ། །ལྷ་ནི་འདོད་ཁམས་ཀྱི་ལྷ་ཡིན་པས་ན་ལྷ་ཞེས་གསུངས་སོ། །

དེ་ལ་དབང་བསྐུར་ན་དབང་པོ་ངན་པ་ནི་རྒྱུ་སྟེ་ཉོན་མོངས་པའོ། །འགྲོ་བ་ནི་འབྲས་བུ་སྟེ་ཁམས་གསུམ་དང་འཁོར་བའི་རྒྱུའོ། །ཐམས་ཅད་ནི་འཁོར་བའི་སྡུག་བསྔལ་ཀུན་ལ་བྱ་བའི་ཕྱིར་རོ། །ཡོངས་སུ་སྦྱོང་བའི་གཟི་བརྗིད་ནི་ཡོངས་སུ་མ་ལུས་པ་ཐམས་ཅད་དོ། །གཟི་བརྗིད་ནི་སྐུ་དང་

གསུང་ཐུགས་རྣམ་པར་དག་པའི་གཟི་བརྗིད་དང་ལྡན་པའོ། །དུས་མ་ཡིན་པར་འཆི་བ་བརྒྱད་ནི། ས་གཉན་པ་ལ་ཉལ་པ་དང་། བུད་མེད་རྒན་མོ་དང་ཉལ་བ་དང་། མི་ན་བཞིན་དུ་སྨན་ཟ་བ་དང་། ཁང་རིང་ན་ཉལ་བ་དང་། གདོན་འབྱུང་པོ་ཡོད་པའི་ཕྱོགས་སུ་མི་མེད་པར་གཅིག་པུར་འགྲོ་བ་

དང་། ནད་པ་སྨན་པའི་ངག་མི་ཉན་པ་དང་། འཐབ་མོའི་ཡུལ་དུ་འཇུག་པ་དང་། མི་ཐུབ་པ་ལ་དོ་བསྡོ་བ་ལ་སོགས་པ་ལས་ཐར་པར་འགྱུར་རོ། །དུས་མ་ཡིན་པར་འཆི་བ་དང་འབྲེལ་པ་ནི། ཆུ་ཆེན་པོ་ལ་རྐྱལ་བ་མེད་པར་རྐྱལ་བ་དང་། སྦས་སར་གཅིག་པོར་འདུག་པ་དང་། དུག་འཐུང་

བ་རྣམས་ནི་འཆི་བ་དང་འབྲེལ་པའི་མཚན་མའོ། །རྨི་ལམ་གྱི་རྣམ་པ་ནི། སུམ་ཅུ་རྩ་གཉིས་ཏེ་ལྟས་ངན་གྱི་རྟགས་སོ། །གང་ཞེ་ན། དགྲས་དེད་པ་དང་། སྐྱབས་དང་བྲལ་བ་དང་། སྡུག་བསྔལ་གྱིས་གཟིར་བ་དང་། ཡི་དྭགས་ཀྱི་གདོན་གྱིས་མཐུ་ཕྲོགས་པ་དང་། མིག་ཕྱུང་

เล่ม ๖๖ · หน้า 165a

བ་དང་། ཁ་ནས་ལྕེ་གཞན་གྱིས་ཕྲོགས་པ་དང་། ཉི་ཟླ་ལྷུང་བ་དང་། ས་གཞི་མི་གཙང་བས་གང་བ་དང་། སྐྲ་བྱི་བ་དང་། སྒྲེན་མོར་འདམ་བུ་དབབ་པ་དང་། གཞན་གྱིས་མགོ་ཕྲོགས་པ་དང་། ལྕགས་སུ་འཇུག་པ་དང་། དུག་འཐུངས་པ་དང་། མི་གཙང་བས་ལུས་བྱུགས་པ་

དང་། ཁྱིམ་ལ་མེ་ཤོར་བ་དང་། མི་གཙང་བའི་རླུབས་སུ་ལྷུང་བ་དང་། མི་བསྔགས་པའི་ཞལ་ཆེས་འདེབས་པ་དང་། སྒྲ་མི་སྙན་པ་གྲག་པ་དང་། གྲོགས་དང་བྲལ་བ་དང་། ཆུས་ཁྱེར་བ་དང་། མགོ་ལ་མེ་ཤོར་བ་དང་། རྒྱལ་པོའི་ཆད་པས་གོ་རར་ཆུད་པ་དང་། བདོག་པ་གཞན་

གྱིས་ཕྲོགས་པ་དང་། གཅན་གཟན་མཆུ་ཅན་གྱིས་ཟ་བ་དང་། དམྱལ་བར་ལྷུང་བ་རྨི་བ་དང་། མུན་པ་མུན་ནག་ན་འདུག་པ་དང་། ངོ་ཚ་བ་དང་། མྱ་ངན་གྱི་ནང་ན་འདུག་པ་དང་། བདུད་ཀྱི་ཞགས་པས་གཟུང་བ་དང་། སྲིན་པོས་ཁྱེར་བ་དང་། ཕངས་པའི་མི་ཤི་བ་དང་། གཞན་གྱིས་

འཚེ་བས་འདེབས་པའོ། །དེ་དག་ལ་སྡིག་པ་དང་ཉེས་པ་འབྱུང་བར་མི་འགྱུར་རོ། །གོང་གི་གསང་སྔགས་འཆང་བ་དེ་དག་ལ། བདུད་ལ་སོགས་པའི་བག་ཆགས་འབྱུང་བར་མི་འགྱུར་རོ། །དུས་མ་ཡིན་པའི་སྡིག་པ་དང་། རྨི་ལམ་གྱི་སྡིག་པ་དང་། ཉེས་པ་ཡང་འབྱུང་བར་མི་འགྱུར་

རོ། །སྔགས་ཀྱི་ཡོན་ཏན་མདོར་བསྡུས་པ་བསྟན་ཟིན་ཏོ། །ད་ནི་སེམས་ཅན་ངན་སོང་དུ་སྐྱེས་པ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ནས་ཐར་པའི་ཐབས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་པ་དང་བུད་མེད་དང་། ལྷའམ་ཀླུའམ། ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་ན་ཞེས་པའི་

བར་ནི་འཁོར་བའི་སེམས་ཅན་ཐུགས་རྗེའི་ཞིང་ཡིན་པས་དེ་ལས་ཐར་པར་བྱ་བའི་ཕྱིར་ན་སྔོན་གྱི་བག་ཆགས་སྣ་ཚོགས་ཀུན་ལ་བསགས་པའི་འབྲས་བུ་སྡུག་བསྔལ་གྱིས་འགྲོ་བ་རིགས་དྲུག་ཏུ་སྐྱེ་བ་བླངས་པ་ལ་སྔོན་གྱི་བག་ཆགས་ཀྱིས་བསགས་པའི་ལུས་གདོས་པ་ཅན་ཏེ། ཡང་དག་པའི་

ཡེ་ཤེས་ཀྱིས་བག་ཆགས་རྩད་བཅད་པའི་ཕྱིར་ན། ཐིག་བཞི་བཏབ་པའི་རེའུ་མིག་དགུ་པ་འཁོར་ལོ་རྩིབས་བཅུ་དྲུག་པ་ལ་སྣམ་བུ་དང་སྒོ་དགོད་པ་དང་། རིགས་ཀྱི་སེམས་དཔའ་བསྐལ་པ་བཟང་པོ་དང་། མཆོད་པའི་ལྷ་མོ་དང་། སྒོ་བ་དགོད་དེ་ལུས་ལ་གནས་རྣམ་པ་ལྔ། ཡིག་འབྲུ་

เล่ม ๖๖ · หน้า 165b

རྣམ་པ་ལྔ། རིགས་དྲུག་སོ་སོའི་ཡིག་འབྲུར་སྦྱངས་ནས་དངོས་པོའི་བག་ཆགས་རྣམས་དག་ཅིང་སྟོང་པ་ཆེན་པོར་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་དུ་བཅུག་དབང་བསྐུར་ནས། རྒྱལ་བའི་སྲས་སུ་སྐྱེ་སྟེ་ངན་སོང་ལས་ཐར་བར་འགྱུར་རོ། །ཆོ་གའི་ཐབས་བསྟན་ཟིན་ཏོ། །དེ་

ནས་ལྷ་རྣམས་ཀྱི་དབང་པོ་དང་། བཤད་དུ་གསོལ་བའི་བར་གྱིས་བཤད་པར་གསོལ་བ་བཏབ་པར་བསྟན་ཏོ། །ད་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཤད་པར་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཞེས་པ་ནི། སྐབས་ཀྱི་རྟིང་ཐོགས་སུ་འབྱུང་བས་ནི་དེ་ནས་སོ། །བཅོམ་

པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་བཅོམ་པའོ། །ལྡན་པ་ནི་སྐུ་དང་ཡེ་ཤེས་དང་ལྡན་པའོ། །འདས་པ་ནི་མཐའ་གང་ལ་ཡང་མི་གནས་པའོ། །ཤཱཀྱ་ནི་རིགས་ཤཱཀྱ་ཡིན་པ་དང་། བདུད་ཤཱཀྱ་བཏུལ་བས་ན་ཤཱཀྱའོ། །ཐུབ་པ་ནི་སྐུ་དང་གསུང་

དང་ཐུགས་ཐུབ་པས་ནའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཡང་དག་པའི་ཡེ་ཤེས་རྡོ་རྗེ་ལྟར་འདུས་མ་བྱས་པས་ན། གཉིས་སུ་མེད་པའི་དོན་ལ་ཞུགས་པའི་དོན་ཏོ། །དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དཀྱིལ་ལ། ཐབས་

མཁས་པའི་ཐུགས་རྗེ་གཞན་ལ་སྣ་ཚོགས་སུ་འབྱུང་བས་ནི་འཁོར་ལ་ལྟ་བ་དང་སྤྱོད་པ་གཞན་ལས་འཕགས་པས་ནི་ཆེན་པོ་ཞེའོ། །གསུངས་ནི། དོན་གསུངས་པ་དང་རྟགས་གསུངས་པ་དང་། མཚོན་པར་བྱེད་པ་ནི་གསུངས་པའི་ཕྱིར་ནའོ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས་ནི་

སངས་རྒྱས་ནི། ཕྱོགས་བཅུ་དང་དུས་གསུམ་གྱི་རྒྱལ་བ་རྣམས་སོ། །བྱང་ཆུབ་སེམས་ནི་རྣམ་པ་གཉིས་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཉིད་སྐྱེ་བ་མེད་པའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །བླ་ན་མེད་པར་

རྟོགས་འགྱུར་བ་ནི་བྱང་ཆུབ་ཀྱི་སེམས་དེ། གཟུང་འཛིན་རྣམ་པར་རྟོག་པའི་མཐའ་སྤངས་པས་བླ་ན་མེད་པ་སྟེ། དེ་གང་གིས་རྟོགས་ན་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཚིག་ཙམ་མ་ཡིན་པར་བློའི་གཏིང་དུ་གནས་པའི་དོན་ཏེ། རྒྱལ་བས་གསུངས་པའི་ཡེ་ཤེས་དེ་ནི་ཉོན་མོངས་པའི་

เล่ม ๖๖ · หน้า 166a

འཁོར་བ་ལས་རྒྱལ་བའི་དེ་བཞིན་གཤེགས་པ་སྟེ། གསུང་ཚངས་པའི་དབྱངས་ཀྱིས་འགྲོ་བའི་དོན་དུ་བཀའ་སྩལ་པའི་དོན་དུ་ནི་ཡང་དག་པའི་ཡེ་ཤེས་ཏེ། སྤྲོས་པའི་མཐའ་སྤངས་ནས་རྣམ་པར་མི་རྟོག་པའི་དབྱིངས་ན་འདུ་འབྲལ་མེད་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན།

དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དཀྱིལ། ཐབས་མཁས་པའི་ཕྲིན་ལས་སྣ་ཚོགས་སུ་འབྱུང་བ་ནི་འཁོར་ལོ་སྟེ་རྟོག་པའི་སྐྱོན་སྤངས་པས་ན་འཁོར་བྱང་ཆུབ་སེམས་དཔའ་རང་གི་དཀྱིལ་འཁོར་བཤད་ཟིན་ཏོ།། །།ད་ནི་རྩ་བའི་དཀྱིལ་

འཁོར་རྟོག་པའི་ཕྱིར་གཟུགས་བརྙན་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ལ་ཕྱི་ནི་ས་ཚོན་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བའི་ཐབས་ཏེ་དབང་པོ་རྣམ་པ་ལྔའི་སྤྱོད་ཡུལ་དུ་སྣང་བའོ། །དཀྱིལ་ནི་དབུས་ཀྱི་ཕོ་བྲང་ལ་འཁོར་ནི་འཁོར་ལོའི་

རྩིབས་དང་ལྡན་པ་དང་སྣམ་བུ་དང་སྒོ་དང་གྲུ་ཆད་དུ་ལྡན་པའོ། །འདི་ནི་འོག་མའི་དོན་ལ་གསུངས་པ་ནི་ཞལ་ནས་ཚངས་པའི་དབྱངས་སུ་ལྡན་པའོ། །གཙུག་ལག་ཁང་དང་སྐྱེད་མོས་ཚལ་ནི། གཙུག་ལག་ཁང་ནི། ཆོས་ཀྱི་ཁང་པ་ཡོད་པའི་ས་ཕྱོགས་སུའོ། །སྐྱེད་མོས་ཚལ་ནི།

ས་གཞི་མཉམ་ལས་ཕྱོགས་ཤིང་སྣ་ཚོགས་སྐྱེས་པའོ། །མཆོད་རྟེན་ལྷ་ཁང་ཀུན་དགའ་སོགས། །མཆོད་རྟེན་ནི་སྐུ་གདུང་རིང་བསྲེལ་ཡོད་པའི་ས་ཕྱོགས་སུ་ལྷ་ཁང་ནི་འཇིག་རྟེན་པའི་ལྷ་རྟེན་ཡོད་པའོ། །ཀུན་དགའ་བ་ནི། མི་མང་པོ་འདུ་བའི་ས་ཕྱོགས་སུ་བྲི་བར་གསུངས་སོ། །

ཅི་བཞིན་པ་ཡི་ཆོ་ག་ཡིས། །ཞེས་པ་ནི། ཅི་བཞིན་ནི་གནས་ཅི་བཞིན་དང་། ཡོ་བྱད་ཅི་བཞིན་པ་དང་། སྔགས་མཁན་དང་། སྔགས་གཡོག་དང་། ཡོན་བདག་ཅི་བཞིན་ནོ། །ཆོ་ག་ནི་ས་གཞི་དང་བརྟག་པའི་ཆོ་ག །སྣང་བའི་རྒྱལ་པོ་དང་། མི་སྣང་བའི་སའི་ལྷ་

མོ་ལ་སོགས་པ་ལ། དང་པོ་ནི་ས་གང་དུ་བྱ་བའི་གནས་དང་། ས་བཟང་པོ་བཙལ་བ་དང་། གཉིས་པ་ཚུལ་བཞིན་དུ་ཚོགས་པར་བྱས་ལ་བསླང་བ་དང་། གསུམ་པ་ནི། སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་ལྡན་པར་བྱས་ལ། ཡེ་ཤེས་ལྔའི་ངོ་བོ་བྱང་ཆུབ་སེམས་སུ་བྱིན་གྱིས་

เล่ม ๖๖ · หน้า 166b

བརླབས་པ་དང་། བཞི་པ་སའི་རང་བཞིན་དང་མཚན་ཉིད་བརྟག་པ་དང་། ལྔ་པ་ཆོ་ག་བཞིན་དུ་བསྒོམ་པ་དང་། དྲུག་པ་ཆོ་ག་བཞིན་དུ་མཁྱེན་པར་གསོལ་ཞིང་ལས་ཚུལ་བཞིན་དུ་བྱ་བ་དང་། ཏིང་ངེ་འཛིན་མི་ཡེངས་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། གནས་ནི་བྱིན་གྱིས་བརླབ་པར་

བྱ། །ཞེས་འབྱུང་བས། ཡེ་ཤེས་ཀྱི་ཆོས་ཉིད་ལ་གནས་པར་བྱིན་གྱིས་བརླབ་པ་དང་། ཏིང་ངེ་འཛིན་གྱིས་སེམས་ལས་བྱུང་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་གནས་སུ་བྱིན་གྱིས་བརླབ་པ་དང་། བརྟག་པ་མིང་གི་གནས་ཆོས་ཉིད་དབྱིངས་སུ་བྱིན་གྱིས་བརླབ་པ་དང་། མཚན་མ་རྫས་

ཀྱི་གནས་ཚོན་གྱི་དཀྱིལ་འཁོར་གྱི་རྒྱལ་བའི་བཞུགས་གནས་སུ་བྱིན་གྱིས་བརླབ་པ་དང་བཞིའོ། །བྱིན་གྱིས་བརླབ་པའི་གནས་དེར་ནི། །ཞེས་བྱ་བ་ནི། དཔེར་ན་རྩི་གསེར་འགྱུར་གྱིས། དངུལ་སྲང་སྟོང་གསེར་དུ་བསྒྱུར་བ་ལྟར། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྩིས་ཉོན་མོངས་པ་

རྣམ་པར་དག་པར་བྱིན་གྱིས་རློབ་པར་བྱེད་པ་ལ་དེ་སྐད་ཅེས་བྱའོ། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་ནི་ཤེས་པ་སྣང་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་མཐོང་བར་བྱེད་པས། དེ་ཕྱིའི་དཀྱིལ་འཁོར་གཟུགས་བརྙན་ལ་བརྟེན་དགོས་པས་ན་ཕྱིའི་མཎྜལ་ཞེས་གསུངས་སོ། །

དེ་ནི་མཚོན་པར་བྱེད་པའི་ཕྱིར་ན། ཕྱིའི་མཎྜལ་ཞེས་བྱའོ། །གྲུ་བཞི་པ་ལ་སྒོ་བཞི་པ་ནི། ཡེ་ཤེས་བཞི་དང་ལྡན་པའི་རྟགས་སུ་གྲུ་བཞིར་བསྟན་པ་ལ། ཕྲིན་ལས་རྣམ་བཞི་དང་ལྡན་པའི་རྟགས་སུ་ནི་སྒོ་བཞི་དང་ལྡན་པར་བསྟན་ཏེ། རྟ་བབས་བཞི་དང་ལྡན་པ་དང་། ཐེམ་སྐས་བཞི་དང་

ཕྲེང་བ་ནི། མཎྜལ་སྟེགས་ཀྱི་བང་རིམ་ལ། རྟ་བབས་ནི་སྒོ་ཕྱོགས་ནས་བང་རིམ་བྱས་པའོ། །ཐེམ་སྐས་ནི་རྟ་བབས་ལས་སྐས་ཆུང་བར་བྱས་པའོ། །ཕྲེང་བ་ནི་ཐེམ་སྐས་དང་རྟ་བབས་ལ་ཕྲེང་བ་སྣང་བའི་བར་མཚམས་བརྒྱན་ནས་མཛེས་པར་བྱ་བ་ལ་སོགས་པའོ། །དེ་ཡང་ཚད་མེད་

པ་བཞིའི་རྟ་བབས་དང་ལྡན་པས་བསྡུ་བའི་དངོས་པོ་བཞིའི་ཐེམ་སྐས་དང་། ཐུགས་རྗེ་ཚད་མེད་པའི་ཕྲེང་བས་བརྒྱན་ཏེ། རྣམ་པར་ཐར་པ་བརྒྱད་ཡང་བསྟན། སེང་གེ་དང་བ་ལང་རྣམས་ཀྱིས་བརྒྱན་པ་ནི། ཐབས་ཐུགས་རྗེ་ཆེན་པོ་འཁོར་བས་མི་འཇིགས་པས་སེང་གེ་དང་།

เล่ม ๖๖ · หน้า 167a

ཡང་དག་པའི་སྟོབས་ཚད་མེད་པའི་རྟགས་སུ་གླང་པོ་ཆེ་སྟེ། སྒོ་གཡས་གཡོན་ནི། དར་དང་ལྡ་ལྡི་དོ་ཤལ་ཕྲེང་བ་དྲིལ་བུ་དང་ནི་རྔ་མས་བརྒྱན་པ་ནི། དར་ནི་པཉྩ་རེ་ག་ཡེ་ཤེས་རྣམ་པ་ལྔའི་དོན་ཏོ། །ལྡ་ལྡི་ནི་ཏྲི་རེ་ག་སྟེ་སྐུ་གསུང་ཐུགས་རྣམ་པར་དག་པའི་ངོ་བོའོ། །དོ་ཤལ་

ནི་མུ་ཏིག་ཧ་རའི་དོ་ཤལ་ཏེ། བྱང་ཆུབ་སེམས་དཔའ་བདེ་བའི་དོ་ཤལ། ཕྲེང་བ་ནི་མུ་ཏིག་གི་ཕྲེང་བ་དོ་ཤལ་ཟླུམ་པོར་བསྐོར་བ་སྟེ། ཏིང་ངེ་འཛིན་ཚོགས་པའི་དོན་ཏོ། །དྲིལ་བུ་དེའི་བར་བར་ནས་དོ་ཤལ་དང་སྤེལ་མར་འདུག་སྟེ། གསུང་རྣམ་པར་དག་པས་འགྲོ་བ་ལ་ཆོས་སྟོན་པའི་

རྒྱུའོ། །དེ་ནི་མུ་ཏིག་ཧ་ར་སྟེ། མཎྜལ་གྱི་མཐའ་བསྐོར་བའོ། །རྔ་མ་ནི་འཕྲོ་བས་གངས་རི་སྟེ། སྐྱོན་དང་བྲལ་བ་བྱང་ཆུབ་སེམས་ལ་གཡོ་བ་མེད་པའི་དོན་ཏོ། །རྡོ་རྗེ་རིན་ཆེན་པདྨ་དང་། རྒྱ་གྲམ་གྱི་ནི་ཕྱག་རྒྱས་བརྒྱན་པ་ནི། རྡོ་རྗེ་ནི་རྡོ་རྗེ་ར་བ་ཟླུམ་པོ་སྟེ། རིག་པའི་ཡེ་ཤེས་རྡོ་རྗེ་

ལྟར་འདུས་མ་བྱས་པའི་ར་བ་དང་ལྡན་པ་དང་། རིན་པོ་ཆེའི་ཕྲེང་བས་ཕོ་བྲང་ནང་དུ་བསྐོར་བའོ། །ཡོན་ཏན་སྣ་ཚོགས་གཞན་པས་བྱུང་བའོ། །པདྨ་ནི་ལྷ་མོ་སོ་སོའི་གདན་གྱི་ཁྱད་པར་རོ། །ཐབས་མཁས་ཐུགས་རྗེ་ཆེ་བས་ནི་འགྲོ་བའི་དོན་ལ་མ་ཆགས་པའི་དོན་ཏོ། །རྒྱ་གྲམ་ནི།

གྲྭ་ན་རྡོ་རྗེ་རྒྱ་གྲམ་ཟླ་ཕུར་ཡོད་པ་སྟེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་རྟགས་སོ། །རྒྱན་ནི་གཟུགས་བརྙན་ལ་མཛེས་པར་བརྒྱན་པ་དང་། ནང་གི་རྟགས་འཛིན་ལ་གསལ་བར་བརྒྱན་པའོ། །སྲད་བུ་བརྒྱད་དང་ལྡན་པ་ལ། ཕྱིའི་སྒོ་ཁྱུད་རྣམས་ཀྱིས་བརྒྱན་པ་ནི། སྲད་བུ་ནི་

ཐིག་སྐུད་དེ་བྱང་ཆུབ་སེམས་སུ་བསྒོམ་པའོ། །བརྒྱད་ནི་ཕྱོགས་ཐིག་བཞི་དང་། ནང་ཐིག་བཞི་དང་བརྒྱད་དོ། །རྣམ་པ་བརྒྱད་དང་ལྡན་པ་དང་། སྐུ་ལ་བཀྲ་ཤིས་ཀྱི་རྟགས་བརྒྱད་རྫོགས་པའི་རྟགས་སོ། །ཕྱིའི་སྒོ་ཁྱུད་ནི། སྒོ་ཁུག་པར་བྱས་ཏེ། ཏིང་ངེ་འཛིན་རྟོགས་པས་འཇུག་པའི་

ཐབས་སོ། །རྣམས་ཀྱིས་བརྒྱན་པ་ནི། སྒོ་ལ་སུམ་རིམ་སྟེ་སྒོ་བཅུ་གཉིས་ཀྱིས་བསྟན་པའོ། །ཁམས་གསུམ་གྱི་སེམས་ཅན་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལས་བཟློག་པའི་ཕྱིར་ན། མཛད་པ་བཅུ་གཉིས་ཚུལ་དུ་སངས་རྒྱས་སོ། །སྣམ་བུ་ལ་བཞི་རིམ་གྱིས་བརྒྱན་པ་ནི།

เล่ม ๖๖ · หน้า 167b

ཡེ་ཤེས་བཞིས་སྐྱེ་གནས་བཞི་སྦྱོང་བའི་རྟགས་སོ། །དེ་ནི་བརྒྱན་པའི་དོན་ཏོ། །དགུའི་ཆར་ནི་དགོས་པ་ལ། སྒོ་དང་སྒོ་ཁྱུད་ཐམས་ཅད་སུམ་ཆར་བྱ་བ་ནི། ཁམས་གསུམ་ས་དགུ་ཐུགས་རྗེས་སྦྱོང་བའི་ཕྱིར་ནི། དཀྱིལ་འཁོར་གྱི་ངོས་གཅིག་དགུར་འཆད་པ་ལ་སྒོ་དང་སྒོ་ཁྱུད་དུ་བྱ་བ་

སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་ན། སྒོ་དང་སྒོ་ཁྱུད་དུ་བྱའོ། །སྐུ་གསུང་ཐུགས་སྒྲུབ་པའི་ཕྱིར་ན་སུམ་ཆར་འཆད་དོ། །བརྒྱ་བྱིན་གྱི་བྱེ་བྲག་བསྟན་ཟིན་ཏོ། །ད་ནི་ནང་གི་དོན་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སྲད་བུས་ཐིག་བཏབ་པ། དབུས་ཀྱི་མཎྜལ་གྱི་ཐིག་གདབ་

པ་ནི། རྡོ་རྗེ་ནི་རིགས་ལ་བྱ་སྟེ། བྱང་ཆུབ་སེམས་སུ་བྱིན་གྱིས་བརླབས་པའི་ཕྱིར་རོ། །སྲད་བུ་ནི་དེས་མཚོན་པའི་ཐབས་ཐིག་སྐུད་ལ་བྱའོ། །དབུས་ནི་ཆོས་ཀྱི་དབྱིངས་མཚོན་པའི་རྟགས་ཕོ་བྲང་ཟླུམ་པོ་ལ་བྱའོ། །ཐིག་ནི་རིག་པ་རྡོ་རྗེའི་ཐིག་བྱང་ཆུབ་སེམས་བདེ་བ་ཆེན་པོ་ལ་བྱའོ། །

བྱིན་བརླབས་ཆོ་འཕྲུལ་གྱི་ཐིག་ནི། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས། འཕགས་པའི་ཐུགས་དམ་བསྐུལ་བ་དང་། སེམས་ཅན་གྱི་དོན་བྱས་ནས་བྱིན་གྱིས་བརླབས་པའོ། །གདབ་པའི་སྲད་བུའི་ཐིག་ནི། ཐིག་སྐུད་ཡེ་ཤེས་ཀྱི་འོད་འཕྲོ་བར་བྱིན་གྱིས་བརླབས་ནས་གནམ་

ཐིག་དང་ས་ཐིག་གདབ་པའོ། །དག་ཅིང་ཚངས་པར་བྱིན་གྱིས་བརླབ་པའོ། །ཆོས་ཀྱི་དཀྱིལ་འཁོར་འདྲ་བ་ལ་ཞེས་པ་ནི། འཁོར་ལོ་ནི་ལྟེ་བ་དང་། རྩིབས་དང་ལྡན་ན་འཁོར་དུ་བཏུབ་བོ། །དཔེ་དེ་དང་འདྲ་བར་སྟོན་པ་དང་། འཁོར་གནས་ལ་སོགས་པ་དང་ལྡན་ན། ཆོས་སྟོན་པས་ན་

འཁོར་ལོའོ། །འཁོར་ལོས་ནི་མཆོད་པ་དང་འདྲ་བར། ཡང་དག་པའི་ཡེ་ཤེས་ནི་ཉོན་མོངས་པའི་སྡུག་བསྔལ་གཅོད་པའི་ཕྱིར། ཆོས་ཀྱི་འཁོར་ལོ་ཞེས་གསུངས་པ་སྟེ། བློའི་དྲ་བ་རྣམས་ཆད་ནས་དོན་མཐོང་བའི་རྟགས་སོ། །དྲ་བ་ནི་རྩིབས་དང་བཅས་པ་བཅུ་དྲུག་

པ་གཅིག་ཏུ་བྱས་པའི་ཚིག་སྟེ། དེ་ཡང་མཚོན་པའི་རྟགས་ཏེ། ཆོས་ཀྱི་དབྱིངས་ནི་ཡེ་ནས་རྣམ་པར་དག་པ། མཚོན་པའི་རྟགས་ལྟེ་བ་ལ། ཐབས་མཁས་པའི་ཐུགས་རྗེ་ཕུན་སུམ་ཚོགས་པའི་རྟགས་རྩིབས་ཏེ། ཆོས་ནི་དབྱིངས་ལ་ལྟེ་བར་ཡང་བསྟན་ལ། འཁོར་ལོ་ནི་ཕྲིན་ལས་

เล่ม ๖๖ · หน้า 168a

ལ་རྩིབས་ནི་ཐུགས་རྗེའི་རང་བཞིན་དུ་བསྟན་ཏོ། །དྲ་བ་ནི་མཚོན་པའི་རྟགས་འཇིག་རྟེན་མཚོན་བྱེད་གཟུགས་བརྙན་དུ་བྱ་བ་ཡང་། དེ་བཞིན་དུ་བྱ་བའི་ཕྱིར་ཏེ་ཡེ་ཤེས་མཚོན་པ་ནི་རིན་པོ་ཆེའི་ཕྲེང་བས་ཟླུམ་པོར་བསྐོར་བས་ཏེ། འདོད་པ་འབྱུང་བས་ལོངས་

སྤྱོད་རྫོགས་པའི་སྐུའོ། །བརྡའི་དཀྱིལ་འཁོར་ལ་དཔེ་གཞག་གོ། །དེ་ཅིའི་ཕྱིར་ཞེ་ན། ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག །ཞེས་པ་ནི། ལྟེ་བ་ནི་དབུས་ཀྱི་ཕོ་བྲང་ཟླུམ་པོ་སྟེ་ཆོས་ཀྱི་སྐུའོ། །བཅས་པ་ནི་རིན་པོ་ཆེའི་ཕྲེང་བས་ཟླུམ་པོར་བསྐོར་བས་ཏེ། འདོད་པ་འབྱུང་བས་ལོངས་

སྤྱོད་རྫོགས་པའི་སྐུའོ། །རྩིབས་ནི་འཁོར་ལོ་སྟེ། ཐུགས་རྗེ་ཕུན་སུམ་ཚོགས་པས། སེམས་དཔའ་བཅུ་དྲུག་གི་རང་བཞིན་དུ་བསྟན་ཏེ། སྤྲུལ་པའི་སྐུའོ། །དེ་ཅིའི་ཕྱིར་ཞེ་ན། རིམ་པ་གསུམ་དང་ལྡན་པ་ཞེས་པ་ནི། རིམ་ནི་ཕྱི་ནས་ནང་དུ་འཇུག་པ་གསུམ་དང་། ནང་ནས་ཕྱི་རུ་འབྱུང་བ་

གསུམ་དུ་བསྟན་ཏོ། །ནང་ནས་ཕྱིར་འབྱུང་བ་ནི་ལྟེ་བ་དང་། རིན་པོ་ཆེའི་ཕྲེང་བ་དང་། རྩིབས་སུ་བསྟན་ཏོ། །དེ་ལ་ལྟེ་བ་ནི། ཀུན་རིག་རྣམ་པར་སྣང་མཛད་ཆོས་ཀྱི་སྐུའི་རྟགས་སུ་བསྟན་ཏོ། །རིམ་པ་ནི་མ་འདྲེས་པའི་འབྱུང་བའི་ཐ་ཚིག །རིན་པོ་ཆེའི་ཕྲེང་བ་ནི་རིགས་བཞིའི་སངས་རྒྱས་

དང་། རིགས་ཀྱི་ཡུམ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་བདེ་བ་ཆེན་པོར་བསྟན་ཏོ། །རིམ་པ་གསུམ་པའི་རྩིབས་ནི་སྤྲུལ་པའི་སྐུ་སྟེ། སེམས་དཔའ་བཅུ་དྲུག་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་འཁོར་གྱི་རང་བཞིན་ཏེ། སྤྲུལ་པའི་སྐུར་བསྟན་པའོ། །རྡོ་རྗེ་ར་བ་ཕྱིན་ཆད་ནི། སྤྲུལ་

པའི་འཁོར་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པར་ཤེས་པར་བྱའོ། །ཕྱི་ནས་ནང་དུ་འཇུག་པའི་རིམ་པ་གསུམ་ནི་སྒོ་ལ་སུམ་རིམ་དུ་བསྟན་ཏོ། །དེ་བཞིན་གཤེགས་པའི་གསུང་གི་སྒོ་ནས། འགྲོ་བའི་དོན་མཛད་པའི་རིམ་པ་ལ། དེ་ལྟར་འགྲོ་བ་བྱང་ཆུབ་རྣམས་ལ་བཀོད་ནས་ཐེག་པ་

ཆེན་པོར་སེམས་བསྐྱེད་པར་བྱེད་པས་ན་ཕྱི་ནས་ནང་དུ་འཇུག་པའི་ཐ་ཚིག་གོ། །ད་ནི་འཁོར་ལོའི་དོན་སྟོན་ཏེ། རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་པ་ནི་རྩིབས་ནི་འཁོར་ལོའི་ལྟེ་བ་སྟེ། དེ་ལ་ཉིས་འགྱུར་དུ་བྱ་བའི་དབུས་ཀྱི་རིན་པོ་ཆེའི་ཕྲེང་བ་ཚུན་ཆད་ཀྱི་རིམ་པ་མ་གཏོགས་པ་གཉིས་

เล่ม ๖๖ · หน้า 168b

ཡོད་པ་སྟེ། དེ་ཡང་རིན་པོ་ཆེའི་ཕྲེང་བ་དང་། གོང་རས་ཉིས་འགྱུར་དུ་ལྕེ་ལ་གཏང་བའི་ཕྱིར་ན། རྩིབས་ནི་ཉིས་འགྱུར་རོ། །དེ་ནི་ཐབས་དང་ཤེས་རབ་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པའི་ཕྱིར་ན་ཉིས་འགྱུར་དུ་སྨོས་ཏེ། དཀྱིལ་འཁོར་དོན་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་དཀྱིལ་

འཁོར་གྱི་ལྷ་གཙོ་བོའི་དོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དབུས་ཕྱོགས་སུ་ཀུན་རིག་ནི་ཞེས་པ་གསུངས་ཏེ། ཐམས་ཅད་ཀུན་གྱི་རང་བཞིན་ཡིན་པས་ན་དབུས་ཞེས་སྨོས་སོ། །དུས་གསུམ་གྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པས་ན། ཀུན་རིག་གི་ཕྱོགས་ནི། འཇིག་རྟེན་དང་མཐུན་པ་དང་། དོན་

གསལ་བར་བསྟན་པའི་ཕྱིར་སྨོས་སོ། །དུང་དང་ཀུནྡ་ཟླ་འདྲ་ཞེས་པ་ནི། མཚན་མའི་སྐྱོན་དང་བྲལ་བས་ན་དུང་ལྟར་དཀར་བར་བསྟན་ལ། བྱང་ཆུབ་ཀྱི་སེམས་བདེ་བའི་རང་བཞིན་གྱིས་སྣུམ་པའི་རྟགས་སུ་ནི་མེ་ཏོག་ཀུན་ད་ལྟར་སྣུམ་པར་བསྟན་ཏོ། །ཞལ་བཞི་པ་ལ་རྡོ་རྗེ་ནི། །ཞེས་པ་ནི་ཕྱོགས་

རིས་ང་བདག་མེད་པས་ཐམས་ཅད་མཉམ་པའི་རང་བཞིན་པས་ཞལ་བཞི་སྨོས་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་ཡེ་ཤེས་བཞི་རྟོགས་པའི་རང་བཞིན་ཡིན་པས་སྨོས་པའོ། །རྡོ་རྗེ་ནི་ཐུགས་རྣམ་པར་དག་པ་རྡོ་རྗེ་ལྟར་འདུས་མ་བྱས་པས་མཚན་མ་ཐམས་ཅད་བྲལ་བའི་རྟགས་སུ་བསྟན་ཏོ། །

གདན་ནི་དེ་ལྟ་བུའི་ངང་ལ་བཞུགས་པ་དང་། མི་འདའ་བའི་ཕྱིར་སྨོས་པའོ། །ཡང་དག་བཞུགས་ནི། ཟིལ་གྱིས་མི་ནོན་པར་བཞུགས་པ་དང་། མི་རྟོག་པར་བཞུགས་པའི་ཐ་ཚིག་གོ། །མདུན་དུ་ངན་སོང་ཀུན་འདྲེན་ནི། །ཞེས་པ་ནི། མདུན་ནི་ཤར་ཕྱོགས་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་

ཀྱི་ངོ་བོ་སྟེ། ཉོན་མོངས་པ་འཇོམས་ལ་ངན་སོང་ནི་སྡུག་བསྔལ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་འཇོམས་ཤིང་འདྲེན་པས་ཀུན་འདྲེན་ནོ། །ཟླ་བ་རྒྱས་དང་བ་མོའི་མདོག །ཅེས་པ་ནི། སྐུ་ཟླ་བའི་མཎྜལ་དུ་གྱུར་པ་ནི་ཟླ་བའོ། །བ་མོའི་ནི་དཀར་ལ་འཚེར་བ་སྟེ། སྐུ་ལ་སྐྱོན་གྱི་བག་ཆགས་

དང་བྲལ་བས་ནི་དཀར་ལ། ཡོན་ཏན་སྣ་ཚོགས་འབྱུང་བས་ནི་འཚེར་རོ། །རྒྱན་རྣམས་ཀུན་གྱིས་ལེགས་པར་བརྒྱན། །ཞེས་པ་ནི། དབུ་རྒྱན་དང་སེ་མོ་དོ་ལ་སོགས་པའི་རྒྱན་སྣ་ཚོགས་པས་སྤྲས་པའོ། །ལེགས་པར་བརྒྱན་ནི་མཛེས་པ་དང་བལྟ་ན་སྡུག་པས་ནི་ཏིང་ངེ་འཛིན་གྱི་

เล่ม ๖๖ · หน้า 169a

རྟགས་སོ། །རྒྱལ་མཆོག་སྐྱེས་བུ་གང་བས་ན་གང་བའོ། །བྲི་ནི་མཚོན་ཆ་བཀོད་པའི་ཐ་ཚིག་གོ། །རྒྱབ་ཏུ་ཤཱཀྱ་རིགས་དབང་པོ། །ཞེས་པ་ནི། ཞལ་ཤར་དུ་གཟིགས་པའི་རྒྱབ་ནུབ་ཏུ་ཉེ་བ་སོ་སོར་རྟོག་པའི་ཡེ་ཤེས་ནི། རྒྱབ་ལས་སྐྱེས་པ་ནི། ཅིའི་ཕྱིར་ཞེ་ན། འཁོར་

རྒྱབ་ལྟ་བུ་ལས་ཡེ་ཤེས་ཀྱི་འཁོར་བའི་གཟུང་འཛིན་བཅོམ་པས་ན་རྒྱབ་ནས་སྐྱེས་པ་ཞེས་བྱའོ། །ཤཱཀྱ་ནི་རིགས་ཕུན་སུམ་ཚོགས་པ་སྟེ། རྒྱལ་པོ་ཤཱཀྱ་ཉི་མ་དམར་པོའི་རིགས་ཏེ། རུས་ནི་གཽ་ཏ་མའོ། །ཐུབ་པ་ནི། སྐུ་གསུང་ཐུགས་ཐུབ་པས་མི་དགེ་བ་སྤངས་ཏེ། ཡེ་ཤེས་ཀྱི་རང་

བཞིན་ཡིན་པས་ཐུབ་པ་ཞེས་སྨོས་སོ། །གཙོ་བོ་ནི་ཁམས་གསུམ་གྱི་བདག་པོ་རྐང་གཉིས་ཀྱི་མཆོག །ལྷ་དང་མིའི་གཙོ་བོ་སྟེ། བྲི་བའི་ཐ་ཚིག་གོ། །གཡས་དང་གཡོན་གྱི་ཕྱོགས་རོལ་དུ། །ཞེས་པ་ནི། ཞལ་ཤར་དུ་གཟིགས་པའི་གཡས་ནི་ལྷོ་སྟེ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་

ཀྱིས་འཁོར་བ་གཡོན་ཕྱོགས་དང་འདྲ་བའི་ལམ་ལས་བསྒྲལ་ཏེ། གཡས་ཕྱོགས་བདེ་བ་ཆེན་པོ་བླ་ན་མེད་པའི་ལམ་ལ་བཀོད་པས་གཡས་སོ། །གཡོན་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་ཕྲིན་ལས་ཀྱི་བདག་ཉིད་གཡོན་ཕྱོགས་དང་འདྲ་བའི་སེམས་ཅན་འཁོར་བ་ལས་འདྲེན་པར་མཛད་པས་ན་

གཡོན་ཏེ་བྱང་ཕྱོགས་སོ། །རྒྱལ་མཆོག་རིན་ཆེན་མེ་ཏོག་གཉིས་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཉོན་མོངས་པ་ཅན་གྱི་ཡིད་དང་བདག་ཏུ་འཛིན་པ་ནི་ང་བདག་དང་བདག་མེད་པར་བཅོམ་པས་ན་རྒྱལ་མཆོག་གོ། །རིན་ཆེན་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲིན་ལས་སྣ་ཚོགས་པར་མཛད་པ་ནི་

རིན་ཆེན་ནོ། །མེ་ཏོག་ནི་འདམ་གྱི་ནང་ན་འདུག་ཀྱང་འདམ་གྱི་སྐྱོན་དང་བྲལ་བ་ལྟར། འཁོར་བ་ལ་ཐུགས་རྗེས་ཕྲིན་ལས་མཛད་ཀྱང་མ་གོས་པའི་རྟགས་སྨོས་སོ། །དབུས་ཀྱི་གཙོ་བོ་རིགས་ལྔའི་དོན་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་ལྷ་མོ་རིགས་ཀྱི་

ཡུམ་ཆེན་མོ་རྣམ་པ་བཞི་དབུས་ཀྱི་ཕོ་བྲང་ཟླུམ་པོའི་མཚམས་ཀྱི་རེའུ་མིག་མེད་པའི་དོན་སྟོན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། ལོ་ཙཱ་ན་དང་མཱ་མ་ཀཱི། །དེ་བཞིན་དཀར་མོ་སྒྲོལ་མ་རྣམས། །ཞེས་གསུངས་ཏེ། སྐུའི་ལྷ་མོ་ལོ་ཙཱ་ན་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་གཟིགས་པའི་ཡུམ་སྟེ།

เล่ม ๖๖ · หน้า 169b

སངས་རྒྱས་སྤྱན་དུ་གསུངས། ཡེ་ཤེས་ཀྱི་སྐུ་ལ་ཆོས་ཉིད་རྒྱན་ཡུམ་དུ་བསྟན་པས་སངས་རྒྱས་སྤྱན་ནོ། །མཱ་མ་ཀཱི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་གཞན་ལས་བྱུང་ཞིང་། ཆེ་བ་རིན་པོ་ཆེ་ལྟ་བུ་མི་ཆད་པ་ལོངས་སྤྱོད་པས་རཏྣ་མཱ་མ་ཀཱིའོ། །ན་བཟའ་དཀར་མོའི་ཏིང་ངེ་འཛིན་ཚུལ་ཁྲིམས་ཀྱི་

ན་བཟའ་དམ་པ་དང་ལྡན་པས་ཉོན་མོངས་པའི་ཉེས་སྐྱོན་གྱི་རྣམ་པས་མི་ཚུགས་པས་ན་བཟའ་དཀར་མོའོ། །དམ་ཚིག་སྒྲོལ་མ་ནི་སྔོན་གྱི་ཕྲིན་ལས་མངའ་བའི་འབྲས་བུས་ད་ལྟར་ཕྲིན་ལས་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པས་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ཐབས་མཁས་པའི་

ཐུགས་རྗེས་མི་འདའ་བར་དམ་ཚིག་གིས་བསྒྲལ་བས་དམ་ཚིག་སྒྲོལ་མ་ཞེས་བྱའོ། །ལོ་ཙཱ་ན་ནི་ཟླ་བ་ཚེས་པ་ལ་སྤྱན་ཡོད་པ་དང་། མཱ་མ་ཀཱི་ལ་རིན་པོ་ཆེའི་མཆོད་སྡོང་དང་། ན་བཟའ་དཀར་མོ་ལ་པདྨ་སྒྲོལ་མའི་ཨུཏྤལ་བྲིའོ། །མཚན་གྱིས་ལྷ་མོའི་དོན་བསྟན་ཟིན་ཏོ། །སེམས་དཔའ་

བཅུ་དྲུག་འཁོར་ལོའི་རྩིབས་ལ་འདུག་པའི་དོན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྩིབས་ཀྱི་ནང་ནི་ཐམས་ཅད་དུ། །རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག །ཅེས་གསུངས་པ་ནི་རྩིབས་ནི་འཁོར་ལོའི་རྩིབས་བཅུ་དྲུག་བསྟན་པའོ། །ནང་ནི་འཁོར་ལོའི་ལྕེ་ལ་བྲིས་པའི་ཐ་ཚིག་གོ། །

དེ་ལ་ཤར་ཕྱོགས་ཀྱི་རྩིབས་ལ་བྲི་བའི་སེམས་དཔའ་བཞི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། ཀུན་གཞི་གནས་གྱུར་པའི་ཐབས་ཏེ། འདུལ་བའི་དབང་དུ་སྐུ་སྤྲུལ་ཏེ་ཡང་དག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་དོན་ལ་སེམས་པས་ན་རྡོ་རྗེ་སེམས་དཔའོ། །ཉོན་མོངས་པའི་བདུད་ལས་

རྒྱལ་བས་རྡོ་རྗེ་རྒྱལ་པོའོ། །ཐབས་མཁས་པའི་ཐུགས་རྗེས་འགྲོ་བའི་དོན་ལ་ཆགས་པས་རྡོ་རྗེ་ཆགས་པའོ། །ཡང་དག་པའི་ཡེ་ཤེས་གཟུང་འཛིན་གྱི་སྐྱོན་གྱིས་མ་གོས་པས་རྡོ་རྗེ་ལེགས་པའོ། །ཐབས་མཁས་པའི་ཐུགས་རྗེས་འགྲོ་བའི་དོན་ལ་སེམས་པ་དང་། ཡང་དག་པའི་ཡེ་ཤེས་ཀྱིས་

ཆོས་ཉིད་ཀྱི་དོན་ལ་སེམས་པས་ཤར་ཕྱོགས་སུ་བྲིའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་པའི་ཡིད་ང་དང་བདག་ཏུ་ལྟ་བ་གདུལ་བའི་ཕྱིར་ལྷོ་ཕྱོགས་ཀྱི་སེམས་དཔའ་བསྟན་ཏེ། ཡང་དག་པའི་ཡེ་ཤེས་ལ་གཟུང་འཛིན་གྱི་སྐྱོན་གྱིས་མ་གོས་པས་ཆེ་བའི་ཡོན་ཏན་སྣ་ཚོགས་པ་འབྱུང་བས་

เล่ม ๖๖ · หน้า 170a

རྡོ་རྗེ་རིན་ཆེན་ནོ། །སྐུ་གསུང་ཐུགས་ཡེ་ཤེས་ཀྱི་གཟི་བརྗིད་དང་ལྡན་པས་རྡོ་རྗེ་གཟི་བརྗིད་དོ། །ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པའི་བདུད་ལས་རྒྱལ་བས་ན་རྡོ་རྗེ་རྒྱལ་མཚན་ནོ། །སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་ལས་ཐབས་མཁས་པའི་ཐུགས་རྗེས་

འགྲོ་བའི་དོན་ལ་བཞད་པས་ན་རྡོ་རྗེ་བཞད་པའོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཡིད་ཀྱི་རྣམ་པར་ཤེས་པས་ཡུལ་ལ་རང་ཐད་དུ་མཆོད་པས་འཁོར་ལོའི་རྒྱུ་ཡིན་པས་གདུལ་བའི་ཕྱིར་རོ། །ཐུགས་རྗེས་ནུབ་ཀྱི་སེམས་དཔར་སྤྲུལ་ཏེ། བཞུགས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ཆོས་

སྤྱི་དང་། རང་གི་མཚན་ཉིད་ལ་མ་རྨོངས་པས་རྡོ་རྗེ་ཆོས་རབ་བོ། །ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ཐམས་ཅད་རྩད་ནས་གཅོད་པས་རྡོ་རྗེ་རྣོན་པོའོ། །ཐབས་མཁས་པའི་ཐུགས་རྗེས་འཁོར་བ་ཁ་ལོ་བསྒྱུར་བས་རྡོ་རྗེ་འཁོར་ལོའོ། །གསུང་རྣམ་པར་དག་པས་འགྲོ་བ་ལ་ཆོས་

སྟོན་པས་རྡོ་རྗེ་སྨྲ་བའོ། །སྒོ་ལྔའི་རྣམ་པར་ཤེས་པས་ཡུལ་ལ་རང་ཐད་དུ་གཅོད་པས་འཁོར་བའི་རྒྱུ་སྟེ། གདུལ་བྱའི་ཐབས་སུ་བྱང་ཕྱོགས་ཀྱི་སེམས་དཔར་སྐུ་སྤྲུལ་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པའི་ཕྲིན་ལས་སྣ་ཚོགས་སུ་མཛད་པས་རྡོ་རྗེ་ལས་རབ་བོ། །ཕྱིན་

ཅི་ལོག་གི་གཟུང་འཛིན་གྱིས་མི་ཚུགས་པའི་གོ་སྐབས་པས་རྡོ་རྗེ་བསྲུང་བའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་འདུལ་བས་རྡོ་རྗེ་གནོད་སྦྱིན་ནོ། །ཡང་དག་པའི་ཤེས་རབ་ཀྱིས་རྟོག་པ་ཐམས་ཅད་ཀྱི་མཐའ་སྤངས་པས་རྡོ་རྗེའི་ཁུ་ཚུར་རོ། །ད་ནི་ཕྱི་ནང་གི་གྲུ་ཆད་ཀྱི་ལྷ་མོའི་དོན་ཏོ། །

དེ་ཅིའི་ཕྱིར་ཞེ་ན། མཁས་པས་ལཱ་སྱེ་ལ་སོགས་པའི། །མཆོད་པ་གྲྭ་ཡི་ཕྱོགས་སུ་བྲི། །ཞེས་པ་ནི། ཁམས་གསུམ་གྱི་ལྷ་ཆེན་པོ་འདོད་ཆགས་ཅན་གདུལ་བའི་ཐབས་སུ། ནང་གི་ལྷ་མོ་བཞིར་བསྟན་ཏེ། ཡེ་ཤེས་མཚོན་པའི་ཡུལ་དུ་བྱུང་སྟེ། ཁམས་གསུམ་གྱི་སེམས་ཅན་དང་ཆ་

བསྟུན་པའི་ཕྱིར་ཡང་དག་པའི་ཤེས་རབ་ཀྱིས་ཆོས་ཉིད་དོན་གསལ་བར་རྟོགས་པའི་རྟགས་སུ་ལཱ་སྱེར་བསྟན་ནོ། །བྱང་ཆུབ་སེམས་ལས་འདོད་པ་སྣ་ཚོགས་འབྱུང་བས་མཱ་ལེར་བསྟན་ནོ། །ཡང་དག་པའི་ཆོས་སྟོན་པའི་རྟགས་སུ་གཱི་ཏིར་བསྟན་ནོ། །ཐབས་མཁས་པའི་མཛད་པ་གར་

เล่ม ๖๖ · หน้า 170b

ཐབས་དང་འདྲ་བའི་རྟགས་སུ་ནྲྀ་ཏི་བསྟན་ནོ། །དེ་ནི་ཡེ་ཤེས་ཀྱིས་རྟོགས་པའི་ཡུལ་དབྱིངས་མཚོན་པའི་རྟགས་འདུལ་བའི་དབང་དུ་བསྟན་ནོ། །དེ་ནི་ནང་གི་གྲུ་ཆད་ལ་སྨོས་སོ། །དེའི་འོག་ཏུ་ཕྱི་རོལ་དང་ཆོས་མཐུན་པའི་དུས་རྣམ་པ་བཞི་ཆོས་ཀྱི་དབྱིངས་ལ་འདའ་བའི་ཕྱིར་མཚོན་པའི་རྟགས་སུ་ཕྱིའི་

གྲུ་ཆད་ཀྱི་ལྷ་མོའི་དོན་བསྟན་ཏེ། དུས་སྔ་མ་དང་ཕྱིས་ཡེ་ནས་མ་སྐྱེས་པའི་ཆོས་ཉིད་དུ་ལ་འདའ་བའི་ཕྱིར་བཛྲ་དྷཱུ་པེ་སྟེ། ཚུལ་ཁྲིམས་ཀྱི་དྲིས་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། །དུས་ད་ལྟ་དང་དབྱར་གྱི་ངོ་བོ་གནས་སུ་དག་པ་ནི་བཛྲ་པུཥྤེ་སྟེ། ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས་མེ་

ཏོག་ཏུ་གཏོར་བའི་ཕྱིར་རོ། །དུས་མ་འོངས་པ་དང་། སྟོན་མ་སྐྱེས་པ་ནི་བཛྲ་ཨཱ་ལོ་ཀེ་སྟེ། ཡང་དག་པའི་ཤེས་རབ་སྒྲོན་མ་ལྟ་བུ་རྟོགས་པའི་ཡུལ་ལོ། །དུས་འབྱུང་བ་དང་དགུན་གྱི་ངོ་བོ་ཡེ་ནས་སྟོང་ཞིང་མི་དམིགས་པའི་མཚོན་པའི་རྟགས་བཛྲ་གནྡྷེ་སྟེ། ཤེས་རབ་ཡེ་ནས་དག་པས་རྟོགས་པའི་

ཡུལ་ལོ། །དེ་རྣམས་ནི་ཡེ་ཤེས་རྣམ་པ་བཞི་དང་། ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་ཡང་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་བསྟན་ནོ། །ཕྱི་ནང་གི་ལྷ་མོའི་དོན་བསྟན་ཟིན་ཏོ། །ད་ནི་ཡེ་ཤེས་ཀྱི་ཕྲིན་ལས་ཚད་མེད་པ་བཞི་སྟེ། བསྡུ་བ་དང་དངོས་པོ་རྣམ་པ་བཞིས་འགྲོ་

བའི་དོན་མཛད་པའི་རྟགས་སྒོ་བ་བཞིའི་དོན་ཏེ། སྒོ་ཡི་ཕྱོགས་ནི་ཐམས་ཅད་དུ། །སྒོ་བ་བཞི་ནི་བྲི་བར་བྱ། །ཞེས་པ་ནི། ཡང་དག་པའི་ཤེས་རབ་ཀྱི་ལྕགས་ཀྱུས་འཁོར་བའི་སེམས་ཅན་ཉོན་མོངས་པ་ལས་འབྱིན་པའི་རྟགས་སུ་ལྕགས་ཀྱུར་བསྟན། ཐབས་མཁས་པའི་ཐུགས་

རྗེས་ཞགས་པ་དང་འཁོར་བ་དག་འཛིན་པའི་རྟགས་སུ་ཞགས་པར་བསྟན། ཏིང་ངེ་འཛིན་ཡེ་ཤེས་ཀྱི་ངོ་བོར་གཉིས་སུ་མེད་པར་སྟོན་པའི་རྟགས་སུ་ལྕགས་སྒྲོག་ཏུ་བསྟན། གསུང་རབ་རྒྱ་མཚོའི་ངོ་བོས་ཆོས་སྟོན་པའི་རྟགས་སུ་དྲིལ་བུར་བསྟན། དེ་ནི་ཡེ་ཤེས་ཀྱི་སྤྲུལ་པས་སྒོ་

སྨོས་སོ། །ད་ནི་ཐུགས་ཡང་དག་པའི་ཡེ་ཤེས་སྐྱེས་པའི་རྒྱལ་སྲས། སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པར་ཤེས་པའི་རྩལ་སྦྱོང་བ་སྔོན་གྱི་བསོད་ནམས་ཀྱིས་འདུལ་བའི་དུས་ལ་སྐད་ཅིག་ཙམ་གཞེས་པས། བསྐལ་པ་བཟང་པོའི་བྱང་

เล่ม ๖๖ · หน้า 171a

ཆུབ་སེམས་དཔའ་བཅུ་དྲུག་སྨོས་ཏེ། རིམ་པ་དང་པོའི་སྣམ་བུ་ལ་བཀོད་པའི་དོན་ཏེ། ཅིའི་ཕྱིར་ཞེ་ན། རྟ་བབས་ཁྱམས་ནི་ཐམས་ཅད་དུ། །བྱམས་པ་ལ་སོགས་བྲི་བར་བྱ། །ཞེས་པ་ནི། ཐུགས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་ནི། ཤར་ཕྱོགས་ཀྱི་

སེམས་དཔའ་བཞི་བསྟན་ཏེ། བདག་དོན་མཐར་ཕྱིན་པས་གཞན་དོན་རྩེ་གཅིག་ཏུ་མཛད་པས་ན་བྱམས་པའོ། །སྙིང་རྗེའི་བློ་མཁྱེན་པས་འཇམ་པའི་དཔལ་དང་། ཚུལ་ཁྲིམས་ཀྱི་སྟོབས་དང་ལྡན་པ་སྤོས་ཀྱི་གླང་པོ་དང་། ཐབས་མཁས་པ་ཕྲིན་ལས་ཀྱིས་འགྲོ་བའི་རེ་འདོད་སྐོང་བ་

ཡེ་ཤེས་ཏོག་དང་བཞི་ཤར་ཕྱོགས་ཁྱམས་སུ་བྲིའོ། །ལྷོ་ཕྱོགས་ཀྱི་སེམས་དཔའ་བཞི་སྨོས་ཏེ། ལྟ་བ་དང་སྤྱོད་པ་ཡོངས་སུ་དག་པས་ཐམས་ཅད་ཆོས་ཉིད་ལ་འདའ་བས་བཟང་སྐྱོང་དང་། ལྟ་སྤྱོད་རྣམ་པར་དག་པ་དང་ལྡན་པ་དོན་ཡོད་མཐོང་དང་། ཆོས་ཉིད་ཀྱི་དོན་ལ་ཐུགས་རྗེས་

ཆར་འབེབས་པ་ནམ་མཁའི་མཛོད་དང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་མི་ཟད་པ་དང་བློ་གྲོས་མི་ཟད་པ་དང་བཞི་བྲིའོ། །ནུབ་ཀྱི་སེམས་དཔའ་ཡོན་ཏན་གྱི་ཚོགས་རྫོགས་པས་ན་ནུབ་ཕྱོགས་ཀྱི་བཞི་སྨོས་ཏེ། བརྩོན་འགྲུས་ཀྱི་དོན་དང་ལྡན་པས་སྤོབས་པ་བརྩེགས་དང་། མི་ཤེས་པའི་རི་

བོ་འཇོམས་པས་མཐུ་ཆེན་པོ་ཐོབ་དང་། ཡང་དག་པའི་ཤེས་རབ་འཁོར་བ་གཏིང་ནས་འཇོམས་པས་ངན་སོང་ཀུན་འདྲེན་དང་། ཡང་དག་པའི་ཤེས་རབ་གཟུང་འཛིན་གྱི་སྐྱོན་སྤངས་པ་ངན་སོང་ཀུན་འཇོམས་དང་བཞིར་གཟུང་འཛིན་རྣམ་པ་གཉིས་ནུབ་ཏུ་བྲིའོ། །བྱང་ཕྱོགས་སེམས་དཔའ་

བཞི་སྨོས་ཏེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་དྲ་བ་ཅན་དང་། འཁོར་བའི་སྐྱོན་གྱི་ཟུག་རྔུ་དང་བྲལ་བ་ཟླ་འོད་དང་། བསམ་པ་མངོན་པར་རྟོགས་པ་དང་ལྡན་པ་བདུད་རྩི་འོད་དང་། ལྟ་སྤྱོད་ཡེ་ནས་དག་པ་ཀུན་དུ་བཟང་པོ་བཞི། སྒྲིབ་གཉིས་བྱང་བས་ན་བྱང་ཕྱོགས་སུ་བྲིའོ། །བསྐལ་

བ་བཟང་པོའི་དོན་བསྟན་ཟིན་ཏོ། །བསྐལ་བཟང་གི་སྣམ་བུ་ལ་དཔེ་མེད་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་སྤེལ་མར་འབྱུང་སྟེ། དཔེ་བཅུ་དྲུག་ནི་དེ་བཞིན་གཤེགས་པ་ཡེ་ཤེས་ལ་སྐྱེས་ནས། དབང་དུ་ཐུགས་རྗེའི་སྐུ་འབྱུང་ཞིང་ཉོན་མོངས་པ་ལས་རྒྱལ་བར་བྱེད་པས་རྒྱལ་ཞེས་བྱའོ། །

เล่ม ๖๖ · หน้า 171b

ད་ནི་ཐེག་པ་ཆུང་ངུ་རྣམས་གཟེངས་སྟོད་པར་བྱེད་པའི་ཐབས་སུ་ཕྱུང་བས་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྒྱལ་བ་ཐམས་ཅད་དང་། །ཞེས་པ་ནི། དེ་ལ་ཉན་ཐོས་སྣ་ལ་སྨོས་པ་ནི། དེ་བཞིན་གཤེགས་པའི་ཐུགས་འདུལ་བའི་ཞིང་ཡིན་པའི་ཕྱིར་སྨོས་ལ། དཔེ་མེད་པ་ཕྱི་ན་སྨོས་པ་ནི།

ཐུགས་རྗེས་འདུལ་བའི་ཞིང་ལ་འབྱུང་བའི་ཕྱིར་དང་། ཚིག་བསྒྱུར་བའི་ཐབས་ལོགས་སུ་ཤེས་པར་བྱའོ། །དེ་ལ་དཔེ་མེད་པ་བཅུ་དྲུག་ནི། ཤར་དུ་ཐུགས་མཆོག་དཔེ་མེད་པ་བཞི་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཐབས་མཁས་པའི་ཐུགས་རྗེས་འཁོར་བའི་རྒྱུན་གཅོད་པས་ན་ངན་

འཇོམས། ཉོན་མོངས་པའི་མུན་པ་སེལ་བས་ན་ཉོན་མོངས་མུན་སེལ། སྡུག་བསྔལ་འཇོམས་པར་བྱེད་པས་ངན་སོང་འདྲེན་མཛད། ཉོན་མོངས་པ་འཇོམས་པས་སྲིད་པའི་མཚོ་སྒྲོལ། སྐུ་མདོག་དཀར་པོ་རྡོ་རྗེ་ལྕགས་ཀྱུ་བསྣམས་པའོ། །ལྷོ་ཕྱོགས་སུ་སེམས་ཅན་གྱི་འདོད་པ་

བསྐང་བའི་ཕྱིར། ཡོན་ཏན་དཔེ་མེད་པའི་བྱང་ཆུབ་སེམས་དཔའ་བཞི་སྨོས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པའི་དགོས་འདོད་སྐོང་བ་རིན་ཆེན་མཛོད། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་དགའ་བ་དང་ལྡན་པ་དགེ་བ་བློ་གྲོས། ཡང་དག་པའི་དོན་མཐུན་པར་སྨྲ་བས་ན་དོན་མཐུན་ཡིད་འོང་

ཡང་དག་པའི་ཡེ་ཤེས་ཀྱི་དྲན་པ་དང་ལྡན་པས་དྲན་པའི་སྟོབས་མཆོག་སྐུ་མདོག་སྔོན་པོ་རིན་ཆེན་འབར་བ་བསྣམས་པའོ། །ནུབ་ཏུ་གསུང་མཆོག་དཔེ་མེད་པ་བཞི་སྨོས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ང་རོ་དང་ལྡན་པས་ན་དགེ་བའི་འབྱུང་གནས་དང་། ལེགས་པའི་ཡོན་ཏན་ལྡན་པས་

ལེགས་པའི་ཏོག །ཉོན་མོངས་པའི་སེམས་ཅན་རྣམས་སྲིད་པའི་མཚོ་ལས་སྒྲོལ་བས་ན་སྲིད་མཚོ་སྒྲོལ། བདེན་པའི་གསུང་རྣམ་པར་དག་པས་ན་བདེ་བའི་འབྱུང་གནས་སོ། །སྐུ་མདོག་དམར་པོ་པདྨ་བསྣམས་པའོ། །བྱང་ཕྱོགས་སུ་ཕྲིན་ལས་དཔེ་མེད་པ་བཞི་སྨོས་ཏེ། བྱ་བ་གྲུབ་

པའི་ཡེ་ཤེས་རབ་ཏུ་འབར་བས། བརྩོན་འགྲུས་ཀྱིས་འགྲོ་བའི་དོན་མཛད་པས་ན་བརྩོན་འགྲུས་མི་ལྡོག་པ། ཆེ་བའི་ཡོན་ཏན་ཆེན་པོ་དང་ལྡན་པས་ན་སྟོན་མཛད་དོ། །སེམས་ཅན་གྱི་ཐེ་ཚོམ་གྱི་ཐག་པ་གཅོད་པས་ན་ཐེ་ཚོམ་ཉིད་འགྱུར། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ང་རོ་དང་ལྡན་

เล่ม ๖๖ · หน้า 172a

པས་ང་རོ་སྙན། སྐུ་མདོག་ལྗང་གུ་མེ་ཏོག་ཨུཏྤལ་བསྣམས་པའོ། །དེ་རྣམས་མཚན་མའི་དངོས་པོ་དང་བྲལ་བས་ན་དཔེ་མེད། དང་པོའི་སྐྱོན་གྱིས་མི་ཚུགས་པས་ན་རྒྱལ་བ་ཞེས་བྱའོ། །ད་ནི་སྟོན་པའི་སྐུའི་ཞབས་འབྲིང་སྤྲུལ་པའི་སྐུའི་འཁོར་ཡིན་པས་ན་འཇིག་

རྟེན་ལས་འདས་པའི་སྣམ་བུ་གཉིས་ཡོད་པའི་ཐ་མ་ལ་བྲི་སྟེ། ཅིའི་ཕྱིར་ཞེ་ན། གཞན་ལ་རག་ལུས་པའི་ཕྱིར་ན་སྟོན་པ་ལ་གུས་པར་ཉན་ཅིང་རྣ་བའི་དབང་པོས་ཐོས་ནས་གཞན་ལ་སྟོན་པའི་ཕྱིར་ན་ཉན་ཐོས་སོ། །སྤྱིར་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་འདུས་པའི་ཚེ་ཡོད་ཀྱང་། འདིར་

གཙོ་བོ་མཆོག་བཅུ་དྲུག་བྲི་བར་འབྱུང་བར་སྨོས་ཏེ། ཉིད་ཀྱི་གཅུང་པོ་དགའ་བོ། །སྐུའི་སྲས་སྒྲ་གཅན་འཛིན། ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ། འདྲི་ཞིང་ལན་ལྡོན་པ་ལ་མཁས་པའི་མཆོག་རབ་འབྱོར་ཤར་ཕྱོགས་སུའོ། །རྫུ་འཕྲུལ་ཅན་གྱི་མཆོག་མཽད་གལ། ཡབ་རྒྱལ་པོ་

ཟས་གཙང་ལ་སོགས་པ་ཁྱིམ་པ་དད་པ་སྐྱེད་པ་འཆར་ཀའོ། །རྫུ་འཕྲུལ་གྱི་སྤྱན་དང་ལྡན་པ་མ་འགགས་པ་དང་། སྟོན་པ་ལས་དམ་པའི་ཆོས་ཐོས་པ་སྔ་བ་ཀཽ་ཎྜིནྱ་དང་། འདུལ་བ་འཛིན་པ་ཉེ་བ་འཁོར་དང་། བདུད་ཀྱི་གཙོ་བོ་དད་པར་བྱེད་པ་རྟ་ཐུལ། འགོག་པའི་ཏིང་ངེ་འཛིན་ལ་

དབང་ཐོབ་པའི་བ་གླང་བདག །ཞབས་འབྲིང་གཉུག་མར་གནས་པ་ཀུན་དགའ་བོ། །ཤཱཀྱ་རྣམས་ཀྱི་སྐྲ་འབྲེག་མཁན་ཡིན་པས་ན་ཤཱཀྱ་མིང་ཆེན། བསླབ་པ་ཀུན་སྦྱིན་ནོར་སྦྱིན་འཛིན། སྦྱངས་པའི་ཡོན་ཏན་གྱི་རང་བཞིན་ཡིན་པས་གང་པོ། །ཞལ་ཏ་བ་སྐུ་བགྲེས་པས་འོད་

སྲུངས་དེ་རྣམས་བྲིའོ། །དེ་རྣམས་ནི་དྲང་སྲོང་དང་། པར་བུ་དང་། བསིལ་ཡབ་དང་རིན་པོ་ཆེ་བསྣམས་པའོ། །ཉན་ཐོས་རྣམས་ཀྱི་དོན་བསྟན་ཟིན་ཏོ། །ད་ནི་ཉན་ཐོས་ཀྱི་སྣམ་བུ་ལ་རང་སངས་རྒྱས་རྣམས་ཀྱང་སྤེལ་མར་བྲི་བར་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། དེ་བཞིན་རང་རྒྱལ་

གཙོ་བོ་རྣམས། །ཞེས་གསུངས་ཏེ། དེ་ནི་སྔོན་ཉན་ཐོས་བློ་རྣོན་པོ་རྣམས་ཤུགས་ཀྱིས། སྨོན་ལམ་དབང་བཙན་པས་སངས་རྒྱས་མི་བཞུགས་པའི་ཞིང་ཁམས་རང་གི་བྱང་ཆུབ་རང་གིས་ཚོལ་ཞིང་རྙེད་པས་ན་རང་རྒྱལ་བའོ། །དེ་ལ་བཅུ་གཉིས་བྲི་སྟེ། ཉོན་མོངས་འཇོམས་

เล่ม ๖๖ · หน้า 172b

པས་གདུང་སེལ་དང་། ཏིང་ངེ་འཛིན་ལ་དབང་ཐོབ་པས་ན་སྣང་བ་བརྩེགས་པ་དང་། འཁོར་བ་སྐྲག་པར་བྱེད་པའི་དོན་མངའ་བས་ན་རང་སངས་རྒྱས་འཇིགས་པར་བྱེད་པ་དང་། དེ་གསུམ་ཤར་ཕྱོགས་སུའོ། །འཁོར་བའི་རླུང་གིས་མི་བསྐྱོད་པས་ན་རི་བོ་རྒྱལ། ཤེས་པའི་རྩལ་དང་

ལྡན་པས་ན་ཤེས་རབ་མགྱོགས་ཆེན། འཁོར་བས་མི་བསྙེལ་བས་དཔའ་བོ་འདུལ་བ་ལྷོ་ཕྱོགས་སུའོ། །གསུང་གི་སྒྲ་དང་ལྡན་པས་ན་སྒྲ་ཆེན། ཏིང་ངེ་འཛིན་རྩེ་གཅིག་པར་གྱུར་པས་ན་བསེ་རུ་ལྟ་བུ། ཉོན་མོངས་པའི་གདུང་བ་སེལ་བས་ན་གདུང་སེལ་ནུབ་ཕྱོགས་སུའོ། །སྤྲུལ་

པའི་ཆོ་འཕྲུལ་དང་ལྡན་པ་ན་རྫུ་འཕྲུལ་ཆེར་སྟོན། འཇིགས་པ་ཐམས་ཅད་དང་བྲལ་བས་ན་སེང་གེ་ལྟ་བུ་དང་། ཏིང་ངེ་འཛིན་འགྱུར་བས་ན་རང་སངས་རྒྱས་པ་ཡིད་གྱུར་ཏེ། དེ་རྣམས་ནི་བསིལ་ཡབ་དང་ཟླ་བ་ཚེས་པ་དང་། མེ་འབར་བ་བསྣམས་པའོ། །རང་སངས་རྒྱས་བཤད་

ཟིན་ཏོ།། །།ད་ནི་རྣམ་པར་ཐར་པ་བརྒྱད་ཀྱི་རྟགས་སྒོ་གསུམ་པའི་བར་མ་འཇིག་རྟེན་ལས་འདས་པའི་སྒོའི་ཁྲོ་བོ་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། ཁྲོ་བོ་མངག་གཞུག་ཕོ་ཉའི་ཚོགས། །བྲི་བའམ་ཡང་ན་མིང་ཡང་རུང་། །ཞེས་གསུངས་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་ཉོན་མོངས་པ་

ལ་ཁྲོ་བས་ཁྲོ་བའོ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་མཛད་པས་ན། མངག་པའོ། །སྤྲུལ་པ་སྣ་ཚོགས་སུ་འགྱེད་པས་ན་ཕོ་ཉའོ། །དེའི་རྟགས་ཀྱི་ཆ་འཛིན་པས་ན་ཁྲོ་བོ་བརྒྱད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་འཇིག་རྟེན་གསུམ་ལ་རབ་ཏུ་གསལ་བས་ན་འཇིག་རྟེན་

གསུམ་སྣང་ངོ་། །ཐབས་མཁས་པའི་ཐུགས་རྗེས་འཇིག་རྟེན་འདུལ་བས་ན་འཇིག་རྟེན་གསུམ་འདུལ་ལོ། །ཤར་ཕྱོགས་ཀྱི་སྒོ་གཡས་གཡོན་གཉིས་སོ། །མཉམ་ཉིད་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་པ་འཇིག་པས་ན་འཇིག་རྟེན་གསུམ་འཇིག་གོ། །ཉོན་མོངས་པའི་འཁོར་བ་ལས་ཐར་

བར་བྱེད་པས་ན་འཇིག་རྟེན་ཐར་བྱེད་དེ་ལྷོའི་སྒོ་གཡས་གཡོན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདུད་རྩི་དང་ལྡན་པས་ན། བདུད་རྩི་ཐབ་སྦྱོར་རོ། །ཡང་དག་པའི་བེ་ཅོན་བསྣམས་པས་ཉོན་མོངས་པའི་མཚན་མ་འཇོམས་ཏེ་བེ་ཅོན་ཅན་ནི་ནུབ་ཀྱི་སྒོ་གཡས་གཡོན་ནོ། །བྱ་བ་ནན་ཏན་

เล่ม ๖๖ · หน้า 173a

གྱི་ཡེ་ཤེས་ཀྱི་ཕྲིན་ལས་དང་ལྡན་པས་ན། མཚན་མས་མི་གཡོ་བས་ན་མི་གཡོ་མགོན་པོའོ། །གསུང་རྣམ་པར་དག་པའི་སྐལ་བ་དང་ལྡན་པས་ན་རྟ་མགྲིན་ནོ། །བྱང་གི་སྒོ་གཡས་གཡོན་ནོ། །དེ་རྣམས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འགྲོ་བ་འདུལ་བའི་དོན་

དུ་བྱུང་སྟེ། །མིང་ངམ་ཐིག་ལེའམ་མཚན་མ་གང་རུང་བྲི་ཞེས་པའི་ཐ་ཚིག་གོ། །དེ་རྣམས་ནི་འཇིག་རྟེན་ལས་འདས་པའི་འཁོར་ལྷ་བརྒྱ་རྩ་ལྔ་བཤད་ཟིན་ཏོ།། །།ད་ནི་འཇིག་རྟེན་པའི་སྣམ་བུ་གཉིས་ཡོད་པའི་མཎྜལ་གྱི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་ཡི་དཀྱིལ་འཁོར་ཕྱི་རིམ་དུ། །

གླིང་བཞི་པོ་ནི་བྲི་བར་བྱ། །ཞེས་པ་ནི། འཛམ་བུ་གླིང་དུ་ཚངས་པ་བྲི། ཕྱི་ནི་འཇིག་རྟེན་པ་ཡིན་པའི་ཕྱིར་སྨོས་ལ། དཀྱིལ་འཁོར་ནི་གཙོ་བོ་དང་འཁོར་དུ་བཅས་པ་བྲི་ཞེས་པའི་ཐ་ཚིག་གོ། །གླིང་བཞི་པ་ནི། ཕྱོགས་བཞི་ན་མ་འདྲེས་པའི་ཕྱིར་སྨོས་ལ་འཛམ་བུའི་གླིང་དུ་ཚངས་པ་བྲི་བ་ནི།

འཛམ་བུའི་ལྷོ་ཕྱོགས་ལ་ཚངས་པ་ཞེས་བྱ་བ་ནི། ཡབ་ཀི་ན་པཉྩི་ཀ་དང་། ཡུམ་ལྷ་མོ་དཔལ་ལྡན་མོ་གཉིས་ཡིད་ཀྱིས་བཤོས་པའི་སྲས་ཞེས་པའི་ཐ་ཚིག་གོ། །གླིང་བཞི་པ་ནི། སུམ་བརྒྱ་དྲུག་ཅུ་ཡོད་པའི་ནང་ནས། མི་མཇེད་ཀྱི་བདག་པོ་ཚངས་པ་ནི། སྲས་ཐུ་བོའི་འདོད་པའི་

ཁམས་ཀྱི་ཉོན་མོངས་པས་ཚ་བའི་གདུང་བ་དང་བྲལ་བས་ཚངས་པ། འཁོར་བའི་གྱོད་ཁྲིན་དང་། ལྟ་བའི་སྐྱོན་གྱིས་མ་གོས་པས་ན་ཚངས་པའོ། །སྲིད་པ་སྐོས་འདེབས་པས་ན་འཇིག་རྟེན་མེས་པོ་ཚངས་པའོ། །ཕྱག་ན་གུནྡྷེ་བསྣམས་པའོ། །བཙུན་མོ་ཚངས་པའི་བང་ཐོགས་པ་དང་།

ཕོ་ཉ་ནི་མངགས་པ་སྟེ་པདྨ། མངག་གཞུག་ཡིད་དུ་འོང་བ་རལ་གྲི་བསྣམས་པའོ། །བྱང་ཕྱོགས་སུ་དབང་ཕྱུག་ཆེ་ཞེས་པ་ནི། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བྲི་བ་སྟེ། ལྷའི་རྒྱལ་པོ་ཡིན་པའི་ཕྱིར་ན་དབང་ཕྱུག་གོ། །ཕྱག་ན་ཏྲི་ཤཱུལ་ཡུམ་དཀའ་ཐུབ་ཟློག་མ་ཕྱག་ན་པདྨ་ཁ་ཕྱེ་བ་

བསྣམས་པ། ཕོ་ཉ་རྣམ་པར་སྣང་བ་དང་། མངག་གཞུག་དེད་དཔོན་ནག་པོ་མདའ་དང་གཞུ་བསྣམས་ཏེ་དེ་བཞི་བྲིའོ། །ཤར་དང་ནུབ་ཀྱི་གླིང་དུ་བརྒྱ་བྱིན་ཁྱབ་འཇུག་ཐམས་ཅད་ཀྱང་ཞེས་པ་ནི་ཤར་ཕྱོགས་སུ་ལྷའི་དབང་པོ་བརྒྱ་བྱིན་ཏེ། ནོར་བུ་ཏིརྱ་ཀ་བརྒྱ་བྱིན་ཅིང་། མཆོད་སྦྱིན་རྒྱལ་

เล่ม ๖๖ · หน้า 173b

བཏང་བ་དང་། སྤྲུལ་པ་བརྒྱ་འགྱེད། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག །སངས་རྒྱས་བརྒྱ་མཐོང་ཞིང་ཁམས་བརྒྱ་སྦྱོང་བས་བརྒྱ་བྱིན་ཕྱག་ན་རྡོ་རྗེ་གདེངས་པ་བསྣམས་པའོ། །བཙུན་མོ་བདེ་སོགས་དགུ་བོ་རྒྱུད་མངས་འདྲེན། མངག་གཟུག་ཡིད་དུ་འོང་བ་ལྷའི་བུ་ཀུན་དུ་སྣང་

བ་རལ་གྲི་འཛིན། ཕོ་ཉ་རབ་ཏུ་མྱུར་བའི་ཤུགས་ཅན་རྩེ་གསུམ་པ་བསྣམས་ཞེས་པའོ། །ཁྱབ་འཇུག་གི་ཐུགས་ཀུན་དུ་ཁྱབ་པ་ལ་ཕྲིན་ལས་ནི་ཀུན་དུ་འཇུག་ཅེས་བྱའོ། །ཡབ་ནི་མཐའ་བྲལ་ལྷའི་དབང་པོ་བ་སུ་ཏ་དེ་བ། ཡུམ་ནི་ག་ཎ་པ་ཏི་ཕྱག་ན་འཁོར་ལོ་བསྣམས། བཙུན་

མོ་དཔལ་མོ་ཕྱག་ན་གསལ་ཞིང་བསྣམས། མངག་གཞུག་རྡོ་རྗེ་བདེ་བ་ཕྱག་ན་མཆེ་བ་བསྣམས། ཕོ་ཉ་རྡོ་རྗེ་དེད་དཔོན་ཕྱག་ན་འཁོར་ལོ་བསྣམས་པ་བྲི་སྟེ། བཅུ་དྲུག་སྡེ་ཉི་ཤུ་རྩ་གཅིག་གོ། །ལྷ་མིན་མཁའ་ལྡིང་དྲི་ཟ་དང་། །ཞེས་པ་ནི། ལྷ་ཡང་མ་ཡིན་པ། མི་ཡང་མི་ཡིན་པས་ན་

ལྷ་མ་ཡིན་ཏེ། ཕྲག་དོག་ཞི་བར་བྱ་བའི་ཕྱིར་བྲི་སྟེ། ལྷ་མ་ཡིན་གྱི་རྒྱལ་པོ་རྣམ་པར་སྣང་བྱེད། མདའ་དང་གཞུ་བསྣམས་པ་དང་། སྒྲ་གཅན་འཛིན་ཟླ་བ་བསྣམས་པ་དང་། སུམ་བརྩེགས་རི་བསྣམས་པ་དང་། ཧེ་རན་ཀེ་ཤུ་རྡོ་རྗེ་བསྣམས་པ། ཀུན་དུ་སྣང་བ་མེ་ལོང་བསྣམས་པ།

བཙུན་མོ་དང་བཅུ་གཉིས་བྲིའོ། །མཁའ་ལྡིང་ནི་ནམ་མཁའ་ལྡིང་སྟེ། གསེར་མིག་ལྕགས་ཀྱུ་བསྣམས་པ་དང་། གཡོག་དུ་མ་ཅན་རྡོ་རྗེ་བསྣམས་པ་དང་། བྱ་ཁྱུང་ག་རུ་ཎ་གནམ་ལྕགས་ཀྱི་སྦར་ཞགས་བསྣམས་པ་དང་གསུམ། བཙུན་མོ་གསུམ་སྟེ་དྲུག་དང་རྩ་བརྒྱད་དོ། །དྲི་ཟ་

ནི་དྲི་ཟ་བའི་ཕྱིར་དང་། གོས་སུ་སྤྲིན་གོན་ནས་སྣང་ལ་མི་སྣང་བའི་ཕྱིར་སྨོས་ཏེ། ཟུར་ཕུད་ལྔ་པ་མེ་ཏོག་གི་ཕྲེང་བ་བསྣམས་པ་དང་། ཡུལ་འཁོར་སྲུང་བ་པི་ཝང་བསྣམས་པ་དང་། བཙུན་མོ་གཉིས་དང་བཞི་སྟེ། ཉི་ཤུ་རྩ་གཉིས་ཏེ། དེ་ལྟར་ལྷ་བཞི་བཅུ་རྩ་གསུམ་བྱང་དྲང་པོ་

ནས་ཤར་ཕྱོགས་སུ་དངར་ཏེ་བྲིའོ། །གནོད་སྦྱིན་སྲིན་པོ་ལྟོ་འཕྱེ་ཞེས་པ་ནི། སེམས་གནོད་པ་དང་བཅས་ཤིང་། སེམས་པས་ནོར་སྒྲུབས་ཤིང་སྦྱིན་པའི་ཕྱིར་ན་གནོད་སྦྱིན་ནོ། །དེ་ལ་བརྒྱད་བྲི་སྟེ། ཤར་ཕྱོགས་སུ་ཡང་དག་ཤེས་ཟླ་ཚེས་བསྣམས་པ། ལྷོར་འབྲོག་གནས་རིན་

เล่ม ๖๖ · หน้า 174a

པོ་ཆེའི་སྒྲོམ་བུ་བསྣམས་པ། ནུབ་ཏུ་ནོར་བུ་བཟང་པོ་ནོར་བུ་བསྣམས་པ། བྱང་ན་ཛམྦྷ་ལ་ནེའུ་ལེའི་རྐྱལ་པ་བསྣམས་པ། ཤར་ལྷོར་གང་བ་བཟང་པོ་བུམ་པ། ལྷོ་ནུབ་ཏུ་ཀུ་བེེ་ར་བེ་ཅོན། ནུབ་བྱང་དུ་པཉྩི་ཀ་རིན་ཆེན་མཛོད། བྱང་ཤར་དུ་ནོར་ལྷའི་རྒྱལ་པོ་ཤིང་ཏོག །བཙུན་མོ་བརྒྱད་དང་བཅུ་དྲུག་གོ། །

སྲིན་པོ་ནི་འཇིགས་ཤིང་གསོད་པའི་ཕྱིར་རོ། །ལང་ཀ་མགྲིན་བཅུ་མདའ་གཞུ། ཨུ་པ་ཀརྞ་རལ་གྲི། བུམ་རྣ་དབྱུག་ཐོ། །བཙུན་མོ་དང་དྲུག་སྟེ་ཉི་ཤུ་རྩ་གཉིས་སོ། །ལྟོ་འཕྱེ་ཆེན་པོ་ནི། ལྟོས་འགྲོ་བའི་ཕྱིར་ན་རྐང་ལག་མེད་དེ་ལྟོ་འཕྱེའོ། །རབ་བརྟན་ནི་རྡོ་རྗེ་བསྣམས་པ།

ཁྱུས་འགྲོ་ནི་རིན་པོ་ཆེ་བསྣམས་པ། བཙུན་མོ་གཉིས་དང་བཞིས་ཏེ་ཉི་ཤུ་རྩ་དྲུག་གོ། །དེ་ལྟར་ན་ལྷ་བརྒྱད་ཅུ་རྩ་བདུན་ནོ། །འབྱུང་པོ་ཡི་དྭགས་འདྲེ་རྣམས་དང་། །ཞེས་པ་ནི། ལྟ་བ་ལོག་པ་ལས་བྱུང་བའི་ཕྱིར་འབྱུང་པོའོ། །དབང་ལྡན་ནི་ཕྱག་ན་ཏྲི་ཤཱུ་ལ་སྟེ། བཙུན་མོ་དང་

གཉིས་ཏེ་བྱང་ཤར་མཚམས་སུ་གོང་མ་དང་བསྲེས་ལ་བྲི། ཡི་དགས་ཀྱིས་ཟས་འདོད་ཀྱང་ཟ་བར་བགེགས་ཡོད་པས་ཡི་དྭགས་སོ། །ཕྱི་ཡི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། རང་བཞིན་གྱི་སྒྲིབ་པ་ཅན། མེ་ལྕེའི་འཁོར་ལོ་ཅན་དང་སྒོ་ཁྱུད་ཅན་དང་བཞིའོ། །འདྲེ་ནི་

བར་དུ་གཅོད་པའི་བགེགས་བྱེད་པས་ན་ལོག་འདྲེན་ནག་པོ་ཆུ་ལྟར་གཡོ་བ་སྤྲུལ། གཉེའུ་ཐུང་བ་སྟོན་ཏེ། སྤྱིའུ་ཚུགས་ཐུར་ལྟས་ཀྱི། སེའུ་ཉ་ན་སྙིང་དུ་འཇུག་པའི་འདྲེ་དང་། དར་དཔྱངས་ཏེ་ལྕེ་ལ་འཇུག་པ། མྱུར་རྒན་ཏེ་མྱུར་བར་འཇུག་པ་རལ་གྲི་བསྣམས་པ་དང་དྲུག་གོ། །

འབྱུང་པོའི་རྒྱལ་པོ་དབང་ལྡན་ནི་འཁོར་བཅོ་ལྔ་ཡོད་དོ། །རི་དྭགས་ཀྱི་རྒྱལ་པོ་རི་དྭགས་ཀྱི་གདོན་དང་། སྐེམ་བྱེད་ནི་གཞོན་ནུའི་གཟུགས་སུ་སྟོན་པའི་གདོན་དང་། བརྗེད་བྱེད་པ་ནི་ཝ་འདྲ་དང་། ཁུ་ཚུར་ཅན་ནི་བྱ་རོག་འདྲ་བ་དང་། ནམ་གྲུ་ཁྱིའི་གཟུགས་དང་། སྲུལ་པོ་ཕག་

གི་གཟུགས་དང་། ཛ་མ་ཀིརྟིའི་གཟུགས་དང་། འདོད་པ་ཅན་རྡོ་རྗེའི་གཟུགས་དང་། མརྒ་བྱེད་པ་བྱི་ལའི་གཟུགས་དང་། བཞིན་རྒྱན་འུག་པའི་གཟུགས་དང་། གཉའ་ལག་ཅན་བྱ་གག་གི་གཟུགས་དང་། བྱ་ནི་འདབ་ཆགས་ཀྱི་གཟུགས་དང་། མིག་འཕྱང་པོ་ནི་ཕ་ཝང་གི་གཟུགས་

เล่ม ๖๖ · หน้า 174b

དང་། འཇམ་པ་ནི་བ་གླང་གི་གཟུགས་དང་། མ་མོ་ནི་མིའི་གཟུགས་དང་བཅོ་ལྔ་སྟེ། དེ་ལྟར་བརྒྱ་དགུ་བཅུ་རྩ་བཞིའོ། །ཀླུ་དང་སྦྲུལ་དང་རི་དྭགས་རྣམས། །ཞེས་པ་ནི། ཀླུ་ནི་བྱོལ་སོང་གི་རིགས་ཏེ། རྒྱ་མཚོ་ན་གནས་པ་ཕྲག་དོག་དང་ལྡན་པ་བྲི་སྟེ། མཐའ་ཡས་ཨུཏྤལ་

བསྣམས་པ་དང་། འཇོག་པོ་དགྲ་སྟ། ཆུ་ལྷ་པདྨའི་སྡོང་པོ་དང་། དུང་སྐྱོང་དུང་བསྣམས་པ། ནོར་རྒྱས་བུམ་པ་བསྣམས་པ། སྟོབས་ཀྱི་རྒྱུ་སྦྲུལ་གྱི་གཤོལ་མདའ་བསྣམས་པ། བཙུན་མོ་བདེ་སོགས། པདྨ་ཆེན་པོ་པདྨ་ཁ་ཕྱེ་བ་བསྣམས་པ། རིགས་ལྡན་རིན་ཆེན་རྐྱལ་བུ་

བསྣམས་པ། དགའ་བོ་སྤྲིན་ཕུང་དང་རལ་གྲི་བསྣམས་པ། ཉེ་དགའ་བོ་རིན་ཆེན་འབར་བ་བསྣམས་པ། སྦྲུལ་ནི་བཙུན་མོ་བདེས་མགུལ་ནས་འཁྱུད་ཅིང་མཛེས་པའི་རྒྱན་དུ་བྱས་པ་སྟེ་ཉི་ཤུ་ཐམ་པའོ། །རིགས་རྣམས་ཞེས་པའོ། །ཕྱོགས་སྐྱོང་བ་བཅུ་ནི་བགེགས་ཀྱི་

རིགས་སུ་གཏོགས་པས་རིགས་རྣམས་སོ། །བརྒྱ་བྱིན་རྡོ་རྗེ། གཤིན་རྗེ་ཐོད་དབྱུག །ཆུ་ལྷ་སྦྲུལ་ཞགས། གནོད་སྦྱིན་བེ་ཅོན། མེ་ལྷ་བགྲང་ཕྲེང་། བདེན་བྲལ་རལ་གྲི། དབང་ལྡན་རྩེ་གསུམ། ས་བདག་མཆེ་བ། སའི་ལྷ་མོ་བུམ་པ། ཉི་མ་པདྨ། ཟླ་བ་ཨུཏྤལ་

སོ་སོའི་བཙུན་མོ་ཡང་གཙོ་བོ་དང་མཐུན་པ་ཅན་དུ་བྲི་སྟེ་ཉི་ཤུ་རྩ་གསུམ། དེ་ལྟར་ཉིས་བརྒྱ་སུམ་ཅུ་རྩ་བདུན་སོ་སོའི་ཕྱོགས་སུ་བྲིའོ། །རྒྱལ་པོ་བཞི་རྣམས་བྲི་བར་བྱ། །ཞེས་པ་ནི། འདིའི་སྒོར་འོང་སྟེ། ཤར་དུ་ཡུལ་འཁོར་སྲུང་པི་ཝང་། ལྷོར་འཕགས་སྐྱེས་པོ་རལ་གྲི།

ནུབ་ཏུ་སྤྱན་མི་བཟང་སྦྲུལ་ཞགས། བྱང་དུ་རྣམ་ཐོས་སྲས་བ་དན། བཙུན་མོ་དང་བརྒྱད་དེ། དེ་ལྟར་ལྷ་ཉིས་བརྒྱ་བཞི་བཅུ་རྩ་ལྔའོ། །གཟའ་དང་སྐར་མ་རྒྱུ་སྐར་དང་། །ཞེས་པ་ནི། གཟའ་ནི་འཕེལ་བ་དང་འགྲིབ་པར་སྟོན་ཏེ། རྣམ་པ་བརྒྱད་དེ། པ་བ་སངས་མེ་ཏོག །ཕུར་

བུ་པུ་སྟི། ལག་པ་མཆོག་སྦྱིན། ཟླ་བ་ཀུ་མུ་ད། མིག་དམར་བདུད་རྩིའི་བུམ་པ། སྒྲ་གཅན་འཛིན་པདྨའི་སྡོང་བུ། ཉི་མ་པདྨ། སྤེན་པ་དབྱུག་ཐོ་བཙུན་མོ་དང་བཅུ་དྲུག་གོ། །རྒྱུ་སྐར་ནི་ནམ་མཁའ་ལ་རྒྱུ་བ་སྟེ། དབང་ལྡན་གྱི་ཕྱོགས་ནས་མེ་ལྷའི་ཕྱོགས་སུ། སྨིན་

เล่ม ๖๖ · หน้า 175a

དྲུག་མདོག་དམར་བུམ་པའི་སྟེང་ན་བཞུགས། སྣར་མ་མདོག་དམར་གླང་ཁྱུ་བ་དཀར་མོ་ལ་ཞོན། མགོ་སེར་པོ་ཤ་བ་ཞོན། ལག་དམར་པོ་སྦྲུལ་ལ་ཞོན། ནབ་སོ་སེར་པོ་པདྨ་ལ་འདུག །རྒྱལ་ལྗང་གུ་བུམ་པ་ལ་འདུག །སྐག་ལྗང་གུ་བྱ་རོག་ལ་འདུག །ཕྱག་ན་

རིན་པོ་ཆེའི་ཤིང་ཐོག་བསྣམས་པའོ། །མེའི་ཕྱོགས་ནས། བདེན་བྲལ་གྱི་ཕྱོགས་སུ་དངར་བ་ལ། མཆུ་སེར་མ་ཧེ་ལ་ཞོན། གྲེ་ལྗང་ཁྲི་ལ་འདུག །སྦོ་སེར་གསེར་ཁྲི་ལ་འདུག །མེ་བཞི་སེར་གླང་པོ་ཆེ་ལ་ཞོན། ནག་པ་ལྗང་རྨ་བྱ་ལ་ཞོན། ས་རི་དམར་ལྕང་མོ་ལ་འདུག །ས་ག་རྟ་དཀར་

པོ་ལ་ཞོན། ཕྱག་མཚན་རིན་པོ་ཆེའི་ཤིང་ཐོག་བསྣམས་པའོ། །བདེན་བྲལ་གྱི་ཕྱོགས་ནས་རླུང་ལྷའི་ཕྱོགས་སུ་དངར་བ་ལ། ལྷ་མཚམས་མདོག་སེར་བྱའི་ཤ་ཚུགས་འདྲ་བྱ་ལ་ཞོན། སྣྲོན་དམར་གདན་པར་ཚངས་ཅན་ལ་འདུག །སྣྲུབས་མདོག་ལྗང་གུ་སྦལ་པ་ལ་ཞོན། ཆུ་སྟོད་

མདོག་སེར་ཕུབ་ལ་འདུག །ཆུ་སྨད་ལྗང་གུ་བྱི་བ་ལ་ཞོན། བྱི་ཞུན་མདོག་སྔོ་སྲེ་མོང་ཞོན། གྲོ་ཞུན་མདོག་དམར་སྐུར་མ་ལ་འདུག །ཕྱག་མཚན་པདྨའི་སྡོང་བུ་ཤ་སྟག་བསྣམས་པའོ། །རླུང་གི་ཕྱོགས་ནས་དབང་ལྡན་བར་དངར་བ་ལ། མོན་དྲེ་ལྗང་གླང་ཁྱུ་བ་དཀར་པོ་ཞོན། མོན་

གྲུ་མདོག་དམར་སྟན་ནང་ཚངས་ཅན་ལ་འདུག །ཁྲུམས་སྟོད་ལྗང་སེར་ཁྲི་ལ་འདུག །ཁྲུམས་སྨད་སེར་པོ་རིན་ཆེན་ཁྲི་ལ་འདུག །ནམ་གྲུ་དམར་པོ་རྟ་ལ་ཞོན། ཐ་སྐར་ལྗང་གུ་མི་ལ་ཞོན། བྲ་ཉེ་སྔོན་པོ་འཁོར་ལོའི་སྟེང་ན་འདུག །ཕྱག་ན་ཨུཏྤལ་ཤ་སྟག་བསྣམས་པའོ། །དེ་ལྟར་

རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དེ། དེ་ལྟར་ལྷ་ཉིས་བརྒྱ་བརྒྱད་ཅུ་རྩ་དགུའོ། །ཁྲོ་བོ་མ་རུངས་འཚེ་བ་ནི། །ཞེས་པ་ནི། ཁྲོ་བོ་མ་རུངས་པ་དམྱལ་བ་སྟེ། ལས་ཀྱི་བག་ཆགས་ཁྲོས་པའི་མཐུ་ལས་སྣང་སྟེ། ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་པའི་རྟོག་པ་ངན་པས་བལྟས་པས། གཤིན་རྗེ་རབ་

ཏུ་ཁྲོས་པ་ནི་ཤིན་ཏུ་མི་བཟད་པར་སྣང་སྟེ། དེའི་འཁོར་ནི་བསམ་གྱིས་མི་ཁྱབ་པ་ལས། མདོར་བསྡུ་ན་ཚ་གྲང་གཉིས་ཏེ། ཚ་བ་ལ་བརྒྱད་དེ། མནར་མེད་པ་དང་། རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་

เล่ม ๖๖ · หน้า 175b

དང་བརྒྱད་དོ། །གྲང་བ་བརྒྱད་ནི། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། སོ་ཐམས་ཐམས་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་གས་པ་ཆེན་པོ་སྟེ་བརྒྱད་དོ། །ཉི་ཚེ་བ་དང་། མཐའ་འཁོར་བ་གཉིས་ཏེ་བཅོ་བརྒྱད་ཀྱང་། མིང་

ངམ་བརྡའམ་ཐིག་ལེ་བྲི། མེའི་ཕྱོགས་ནས་དབང་ལྡན་གྱི་ཕྱོགས་སུ་བསྐོར་ཏེ་བྲིའོ། །འཚེ་བ་ནི་ཉོན་མོངས་པ་ལྔའི་ཆ་ཤས་སྡུག་བསྔལ་གྱི་བདག་གིས་གཞན་ལ་འཚེ་བར་བྱེད་པ་དང་། གཞན་བདག་ལ་འཚེ་བའི་ཕྱིར་ན་འཚེ་བའོ། །དེ་ནི་འདོད་ཆགས་བྱ་དང་། གཏི་མུག་ཕག་དང་།

ཞེ་སྡང་སྦྲུལ་དང་། ང་རྒྱལ་རྩངས་པ་དང་བཞི་སྟེ་ཉི་ཤུ་རྩ་གཉིས་དེ་ལྟར་ལྷ་སུམ་བརྒྱ་བཅུ་གཅིག་གོ། །བགེགས་དང་བི་ན་ཡ་ཀ་ནི། །ཞེས་པ་ནི། བགེགས་ནི། དགེ་བའི་བར་དུ་གཅོད་ཅིང་མཐོ་རིས་དང་ཐར་པ་ལ་སྒྲིབ་པའི་ཕྱིར་ན་བགེགས་ཏེ། སྤྱིར་ནི་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་པ་ལ།

འདིར་ནི་རྣམ་པ་བརྒྱད་སྨོས་ཏེ། ཚངས་པ་སྲིན་པོའི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། རྣོན་པོ་དང་། གྲིབ་གནོན་གྱི་གདོན་དང་། སྐེམ་བྱེད་དང་། མ་མོའི་གདོན་དང་དྲུག་གི་སྟེང་དུ། གཙོ་བོ་བི་ན་ཡག་འཁོར་ལོ་བསྣམས་པ། བཙུན་མོ་བརྒྱད་དེ། ལྷ་སུམ་བརྒྱ་བཅུ་དགུ་དང་།

སེམས་ཅན་ཀུན་ལ་ཕན་བྱེད་པའི། །དྲང་སྲོང་སྐལ་བ་ཆེན་པོ་རྣམས། །ཞེས་པ་ནི། སེམས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་འབྲེལ་པ། ཀུན་ནི་ཁམས་གསུམ་པ་ཀུན་ཡིན་ཏེ། ཕན་པ་ནི་ཐབས་མཁས་པའི་སྒོ་ནས་བྱེད་པའི་ཐ་ཚིག་གོ། །

དེ་ནི་དྲང་སྲོང་སྟེ། དྲང་བ་ནི་སྐྱོན་སྤངས་པ་ཡིན་ལ། སྲོང་བ་ལམ་དྲང་པོ་ལ་སྲོང་བ་ཡིན་པས་སོ། །སྐལ་བ་ཆེན་པོར་བརྟུལ་ཞུགས་དང་མཐུ་ཆེ་བའི་ཕྱིར་ན་སྐལ་བ་ཆེན་པོ་སྟེ། རྣམས་ནི་མཆོག་བརྒྱད་བྲི་བའི་ཐ་ཚིག་སྟེ། དྲང་སྲོང་མེས་བཞི་རིན་པོ་ཆེ་འབར་བ། ནག་པ་འཁོར་ལོ། ཡང་

དག་ཤེས་རྡོ་རྗེ། མདུན་བདར་རྩེ་གསུམ། གྱ་གྱུར་རིན་པོ་ཆེའི་སྒྲོམ། གྱུར་མིད་དགྲ་སྟ། ཨཾ་གུ་མེ་ཕུང་། གཡོག་དོར་འཁོར་ལོ་བསྣམས་པ་སྟེ། མེ་ལྷའི་འཁོར་བ་ནས་ཤར་ལྷོའི་མཚམས་ནས་དངར་ཏེ་བྲི། དེ་ལྟར་ལྷ་སུམ་བརྒྱ་ཉི་ཤུ་རྩ་བདུན་ནོ། །མཁའ་འགྲོ་མ་དང་བུད་

เล่ม ๖๖ · หน้า 176a

མེད་བྲི། །ཞེས་པ་ནི། མཁའ་འགྲོ་ནི་ལས་དང་རྫུ་འཕྲུལ་དང་སྟོབས་ཀྱིས་མཁའ་ལ་འགྲོ་བ་སྟེ། བདུད་ཀྱི་རྒྱལ་པོ་མངག་པ་ཡིན་ཏེ། རྣམ་པ་བརྒྱད་དུ་བསྟན་ཏོ། །ལཱ་མ་ཀཽ་རཱི་མ་བྱིས་དབྱུག་དང་། ལཱ་མ་ཙཽ་རཱི་མ་མདའ་གཞུ་དང་། ལཱ་མ་ཕྲ་མོ་ཧ་རྒྱལ་མཚན་དང་། ལཱ་མ་བེེ་

ཏཱ་ལཱི་རྡོ་རྗེ། ལཱ་མ་པུཀྐ་སཱི་རྒྱུ་ཞགས། ལཱ་མ་གྷསྨ་རཱི་ཐོད་པ། ལཱ་མ་ཙཎྜ་ལཱི་རྩེ་གསུམ། ལཱ་མ་སྨ་ཤ་ལཱི་རིན་པོ་ཆེ་འབར་བ། ལྷོ་ནས་ནུབ་ཏུ་བྲི། བུད་མེད་ནི་མ་མོ་ཆེན་མོ་སྟེ། བུད་མེད་ཀྱི་ཚུལ་དུ་གནས་པ་བུད་མེད་བཅོ་ལྔ་སྟེ། དེ་ལྟར་ལྷ་སུམ་བརྒྱ་བཞི་བཅུ་རྩ་གཉིས་སོ། །དེ་བཞིན་

སྲིང་མོ་རྣལ་འབྱོར་མ། །ཞེས་པ་ནི། དེ་བཞིན་གོང་མ་དང་འདྲ་བར་བུད་མེད་ཀྱི་ཚུལ་དུ་གནས་པས་དེ་བཞིན་སྲིང་མོ་ནི་བཞི་སྟེ། རྒྱལ་མ་པདྨ་བསྣམས་པ་དང་། རྣམ་པར་རྒྱལ་མ་རྡོ་རྗེ་བསྣམས། མི་ཕམ་མ་འཁོར་ལོ། །རིག་སྔགས་འཆང་རྩེ་གསུམ་བསྣམས། སྲིང་མོ་ལྟར་

གདུང་བའི་ཕྱིར་ན་སྲིང་མོའོ། །ནུབ་ནས་བྱང་དུ་བྲིའོ། །རྣལ་འབྱོར་མ་ནི། རྣལ་འབྱོར་ནི་ཆོས་ཉིད་ལ། རྣལ་འབྱོར་རིག་པ་སྟེ། སྐུ་ཆོས་ཉིད་ལ་རྣལ་འབྱོར་རྟགས་བརྒྱད་དུ་བསྟན་པས་ན། བཀྲ་ཤིས་བརྒྱད་དེ། པདྨ་ཅན་དཔལ་བེའུ། འཇིགས་བྱེད་འཁོར་ལོ། །རྣམ་པར་རྒྱལ་

བ་རྒྱལ་མཚན། གདངས་ཅན་གདུགས། འོད་ལྡན་པདྨ། ཡིད་གཞུངས་པ་བུམ་པ། དྲི་མེད་དུང་འཛིན་པ་དང་། ཡིད་བཟངས་གསེར་ཉ་སྟེ། དེ་ནི་འཇིག་རྟེན་པའི་འཁོར་དགར་གཞུག་པའི་ཕྱིར་ན། སྤྲུལ་པའི་སྐུའི་རྟགས། འཇིག་རྟེན་པའི་སྣམ་བུ་ལ་བྲི་སྟེ། དེ་ལྟར་ལྷ་སུམ་

བརྒྱ་ལྔ་བཅུ་རྩ་བཞིའོ། །འབྱུང་བ་བཞིའི་ལྷ་ཆེན་ཞེས་པ་ནི་དངོས་པོའི་འབྱུང་བའི་གཞི་མེད་པར་འབྱུང་བས་ན་འབྱུང་པོའོ། །སྨིན་པར་བྱེད་པས་མེ་ལྷ་གསལ་བའི་འོད་ཟེར་མེ་དཔུང་བསྣམས། སྡུད་པར་བྱེད་པས་བ་རུ་ཎ་སྦྲུལ་ཞགས་བསྣམས། གཡོ་བར་བྱེད་པས་བ་ཡ་བེ་སྦུད་པ།

སྣང་བར་བྱེད་པས་ས་བདག་ལག་ཆེན་འཁོར་ལོ། །དེ་དག་ནི་ཕྱོགས་སྐྱོང་བཅུའི་འཁོར་དུ་བསྡུས་པ་ཡང་ཡོད། གྲངས་ཀྱི་ཁྱད་པར་སྤྱིར་གཏོང་བ་ཡང་ཡོད། ཁྱིམ་དང་རི་ལ་གནས་པ་ཡང་། །ཞེས་པ་ནི་ཁྱིམ་གྱི་ལྷ་སྟེ། ཀུན་དུ་སྣང་བ་རིན་ཆེན་སྒྲོམ། །རི་ལ་བརྟེན་ཅིང་གནས་པ་ནི། །རིའི་ལྷ་

เล่ม ๖๖ · หน้า 176b

རབ་ཏུ་བརྟན་པའི་བློ་གྲོས་རིན་པོ་ཆེ་འབར་བ། ཀུན་དགའ་གནས་ལ་སོགས། ལྗོན་ཤིང་སྐྱེ་བའི་བདག་པོ་བྱེད་པས་ཤིང་གི་ལྷ། ཀུན་ནས་འོད་ཟེར་ཤིང་ཐོག་བསྣམས། མི་མང་པོ་འདུ་བའམ། ཆོས་བཤད་པའམ། དགེ་འདུན་གྱི་ར་བ་རྣམས་བསྲུང་བས་ཀུན་དགའ་ར་བའི་ལྷ།

ཀུན་དུ་སྣང་བའི་བློ་གྲོས་ལྗོན་ཤིང་བསྣམས། གནས་ལ་བརྟེན་ཅིང་བསྲུང་བས་ན། གནས་ཀྱི་ལྷ་ཚོགས་སྒོ་སྟེ། ཕྱག་ན་འཁོར་ལོ་བསྣམས། དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས། །ཞེས་པ་ནི། དུར་ནི་སྡུད་པ་ལ་ཁྲོད་ནི་འབྱུང་བས་ཏེ། མི་རོ་རྣམས་ཀྱི་ཁོག་སྲུང་བྱེད་པའི་འདྲེ་

འབྱུང་བའོ། །དགེ་བ་ཁ་ཊྭཱཾ་ག་བསྣམས། གྲོང་ནི་ཉུང་ངུ་ལ། ཁྱེར་ནི་མང་པོ་སྟེ། ཡུལ་ཁམས་ཙམ་རེ་རེ་ལ་བྱ་བའི་ཐ་ཚིག་སྟེ། གྲོང་ཁྱེར་གྱི་ལྷ་བསོད་ནམས་དགེ་བའི་བློ་གྲོས་ཕྱག་ན་རིན་པོ་ཆེ་འབར་བ་བསྣམས། སྤྱིར་འབྱུང་བ་བཞི། ཕྱོགས་སྐྱོང་ཁོངས་སུ་བཏང་བ་ནི། ལྷ་

སུམ་བརྒྱ་དྲུག་ཅུ་རྩ་གཅིག་བཏང་བ་ནི་སུམ་བརྒྱ་དྲུག་ཅུ་རྩ་ལྔར་འདོད་མིང་ངམ་བརྡ་འམ་ཡང་ན་ཐིག་ལེ་རྣམས་ཀྱང་བྲི་བར་བྱ་ཞེས་པ་ནི། མིང་ནི་བཏགས་པའི་རང་བཞིན་དུ་སྨོས་པའོ། །བརྡ་ནི་ཕྱག་མཚན། ཐིག་ལེ་གདན། ཚོམ་བུ་བྱས་ནས་གཞག་པའོ། །དེ་ནས་མཁས་པས་

དཀྱིལ་འཁོར་ཞེས་པ་ནི། དེ་ནས་སྐབས་ཀྱི་རྟིང་ཐོགས་སུ་བྱུང་བ་ལ་བྱ། མཁས་པ་ནི་སྒྲུབ་པ་པོ་གདམས་ངག་དང་བཅས་པ་གཏན་ཚིགས་དང་སྒྲ་སྦྱོར་བྱེ་བྲག་ཀུན་ལ་མཁས་པའོ། །དཀྱིལ་འཁོར་ནི་ཀུན་རིག་རྩ་བའི་མཎྜལ་ཆེན་པོ་སྟེ་སྨོས་པ་འདི་ཉིད་ལ་བྱའོ། །ཀུན་རིག་ནི་

དུས་གསུམ་མ་འདྲེས་པར་མཁྱེན་པ། རྩ་བ་ནི་བྱང་ཆུབ་སེམས། དཀྱིལ་ནི་བྱང་ཆུབ་སེམས་གཟུང་འཛིན་དང་བྲལ་བས། འཁོར་ནི་དེ་ལས་ཆེ་བའི་ཡོན་ཏན་སྣ་ཚོགས་འབྱུང་བའོ། །ཆེན་པོ་ནི་ཕྲིན་ལས་དང་ཐུགས་རྗེ་ཆེན་པོར་སྟོན་པའི་ལྷ་སུམ་བརྒྱ་དྲུག་ཅུ་པོ་དེ་དག་ཀྱང་སྐུ་གསུམ་

དང་འཁོར་དུ་སྦྱར་རོ། །དེ་ཡང་ཀུན་རིག་རྣམ་པར་སྣང་མཛད་ཆོས་ཀྱི་སྐུ། རིགས་བཞིའི་སངས་རྒྱས་དང་། རིགས་ཀྱི་ཡུམ་ལོངས་སྤྱོད་རྫོགས་པའི་སྐུ། སེམས་དཔའ་བཅུ་དྲུག་དང་། དཔེ་མེད་པ་མན་ཆད་ཐུགས་རྗེ་སྤྲུལ་པའི་སྐུ། ཉན་ཐོས་ནས་གྲོང་ཁྱེར་གྱི་ལྷ་ལ་ཐུག་

เล่ม ๖๖ · หน้า 177a

པའི་བར་ཐམས་ཅད་སྤྲུལ་པའི་སྐུའི་འཁོར་ཏེ། ཐུགས་རྗེ་སྤྲུལ་པ་ཐ་དད་པར་སྟོན་པས་ན། འཁོར་ཡང་ཐ་དད་པར་བྲིས་པས། མཆོད་པ་དབུལ་ཞིང་མཎྜལ་གཞུང་བཞིན་དུ་བྱས་ན་བསོད་ནམས་ཀྱི་ཚོགས་སྐྱེའོ་ཞེས་པའི་ཐ་ཚིག་གོ། །ད་ནི་མཎྜལ་གྱི་རྒྱན་ཆོས་

སྟོན་ཏེ། ཅིའི་ཕྱིར་ཞེ་ན། བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །ཞེས་པ་ནས། བཟའ་དང་བཏུང་བ་སྦྱར་བ་ལེགས། །ཞེས་པའི་བར་ཏེ། ཁམས་གསུམ་གྱི་བླ་མར་གྱུར་པས་བླ་རེ་དང་། བདུད་ལས་རྒྱལ་བའི་རྒྱལ་མཚན་དང་། ཐུགས་རྗེའི་ཕྲིན་ལས་ཀྱི་ལྷབ་ལྷུབ་དང་། བྱང་ཆུབ་

སེམས་ཀྱི་གདུགས་དང་། ཕྲིན་ལས་ཀྱི་རྔ་ཡབ་དང་། ཐུགས་རྗེའི་ལྡ་ལྡི་དང་། སྐུའི་འཕན་དང་། ཚུལ་ཁྲིམས་ཀྱི་ན་བཟའ་དང་། གསེར་གྱི་བུམ་པ་བཅུ་དྲུག་དང་། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་བསྟན་པ་དང་། རིགས་ལྔ། ཡེ་ཤེས་ཀྱི་བུམ་པ་ལྔ། རིགས་ལྔའི་ཆུས་བཀང་ལ་གཞག་

པ་དང་། ཤེས་རབ་ཀྱི་མར་མེ་དང་། ཐུགས་རྗེའི་གཏོར་མ་དང་། མཛེས་པའི་ལྷ་བཤོས་དང་། རོ་བརྒྱ་དང་ལྡན་པའི་ཟས་སྣ་ཚོགས་པ་དང་། ཡན་ལག་བརྒྱད་དང་ལྡན་པའི་ཡོན་ཆབ་ལ་སོགས་པའི་བཏུང་བ་རྣམས་ཀྱི་མཎྜལ་གྱི་རྒྱན་ཆས་མཆོད་པའི་ཕྱིར་བརྒྱན་ཏོ། །འཁོར་གྱི་

འབྱུང་པོའི་ཁ་ཟས་ལ་སོགས་པ་རྣམས་ནི་བདེ་སྟེ་བཤད་མི་དགོས། ད་ནི་སློབ་དཔོན་མཎྜལ་ལ་འཇུག་པ་སྟོན་ཏེ། དེ་ནས་ཁྲུས་ལ་སོགས་པ་བྱས་ནས་ཞེས་པ་ནི། དེ་ནས་མཎྜལ་གྱི་རྒྱན་ཆས་ལ་སོགས་པ་ཚང་བའི་རྟིང་ཐོགས་ལ་བྱ་སྟེ། ཁྲུས་ནི་རྣམ་པར་རྒྱལ་པའི་བུམ་པ་བྱིན་

གྱིས་བརླབས་ནས་ཕྱིའི་ལུས་བཀྲུ་བ་དང་། རྟོགས་པའི་ཁྱད་པར་གྱིས་ནང་གི་སེམས་བཀྲུ་བ་དང་། བསོགས་བྱ་བ་ནི། ཆོས་གོས་དང་། ཁ་ཟས་མངར་བ་དང་། དཀར་གསུམ་ལ་སོགས་པ་བཟའ་ཞིང་། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ནས། རིག་པའི་མེ་ཏོག་ཐོགས་ལ།

འཕགས་པ་སྤྱན་དྲངས་ནས། ཕྱག་རྒྱ་རྣམ་བཞིས་གཟུགས་བརྙན་ལ་ཕབ་སྟེ། བདག་ཉིད་རྟོགས་པ་དང་། གོམས་པ་འཇུག་གོ། །སློབ་དཔོན་མཎྜལ་དུ་འཇུག་བ་བསྟན་ཟིན་ཏོ། །ད་ནི་སློབ་དཔོན་ཞུགས་པའི་ཡོན་ཏན་མཚན་མ་ཐོབ་པའི་རྟགས་སྟོན་ཏེ། ཅིའི་ཕྱིར་ཞེ་ན།

เล่ม ๖๖ · หน้า 177b

དེ་ནས་མཚན་མ་སྐྱེས་ཏེ་མགུ་ནས་ནི་ཞེས་པ་ནི། དེ་ནས་ནི་ཞུགས་པའི་རྟིང་ཐོགས་སོ། །མཚན་མ་ནི་དངོས་གྲུབ་ཀྱི་རྟགས་ཏེ། དྲི་ཞིམ་པོ་དང་། འོད་དམ་རླངས་པ་ལ་སོགས་པའོ། །སྐྱེས་ཏེ་ཏིང་ངེ་འཛིན་གྱི་མཐུ་ལས་སྐྱེ་བ་དང་། སྔོན་བསགས་ཀྱི་དགེ་བས་སྐྱེ་བའོ། །མགུ་

ནས་ནི་རང་གི་ཏིང་ངེ་འཛིན་རྩེ་གཅིག་པས་མགུ་ནས་རྩེ་གཅིག་པ་དང་མཎྜལ་གྱིས་འཕགས་པ་དགྱེས་ནས་དངོས་གྲུབ་སྟེར་བའོ། །ཐོག་མ་དང་ཐ་མ་མེད་པར་མངོན་སུམ་མཐོང་གི །སྔོན་བསགས་པ་ཡོད་ན་ནི། དངོས་གྲུབ་ཀྱི་རྟགས་ཉེ་སྟེ། ཐོག་མ་ནས་མཐོང་ལ། སྔོན་བསགས་

ཆུང་ནས་རྩོལ་བ་ཞན་ན་ནི་མཐའ་མར་མཐོང་སྟེ། མངོན་སུམ་ནི་དབང་པོའི་དངོས་སུ་ནི། འོད་དམ་རླངས་པ་མཐོང་ལ། ཡིད་ཀྱི་མངོན་སུམ་ནི། ཡིད་ཀྱིས་ཇི་ལྟར་བསྒོམས་པ་དེ་ལྟར་མཐོང་བའོ། །རྣལ་འབྱོར་མངོན་སུམ་ནི། གནས་ནི་གནས་ཀྱི་ཏིང་ངེ་འཛིན་དང་། འབྱོར་ལྷག་

མཐོང་གི་ཏིང་ངེ་འཛིན་ཤེས་རབ་ཀྱིས་ཆ་སྙོམས་པ་ནི་མཐོང་བའོ། །མཆོད་ཡོན་གསང་ལ་སོགས་པ་ཞེས་པ་ནི། མཆོད་པ་རྣམ་པ་ལྔ། ཡོན་ནི་བླ་རེ་ལ་སོགས་པ་རྣམས། མཆོད་པའི་དཀྱིལ་འཁོར་གྱིས་འཕགས་པ་མཆོད། རྟགས་ནི་རྒྱུ་དང་རྐྱེན་སྔགས་དང་ཏིང་ངེ་འཛིན་

གྱི་རྟགས་སོ། །གསང་ནི་འདོད་པའི་ཡོན་ཏན་ལྔ་ལྷ་མོར་བྱིན་གྱིས་བརླབས་པས་ཐུན་མོང་མ་ཡིན་པའི་ཕྱིར་གསང་། སོགས་ནི་ཐམས་ཅད་འཚོགས་པ་ལ་བྱ། དབྱངས་སྙན་པའི་བསྟོད་པ་དང་། ལྷ་རྫས་ཀྱི་ཞེས་པ་ནི། དབྱངས་ནི་རྒྱུ་དང་ངག་གི་གླུ་ལེན་པ་ལ་བྱའོ། །སྙན་

པ་ནི་རྣར་སྙན་ལ། བསྟོད་པ་ནི་ཡོན་ཏན་གྱི་སྒོ་བསྟོད་དེ། ལྷ་རྫས་མཆོད་པའི་ཁྱད་པར་ལ་བྱ་བས། དངོས་གྲུབ་མི་ཉམས་པར་བྱ་བའི་ཕྱིར་འཕགས་པ་མཆོད། སློབ་དཔོན་ཞུགས་པའི་ཡོན་ཏན་མཚན་མ་མཐོང་བའི་རྟགས་དང་། མཆོད་པ་དང་བཅས་པ་

བསྟན་ཟིན་ཏོ། །ད་ནི་འཇིག་རྟེན་པའི་འཁོར་ལ། མཆོད་པའི་སྦྱིན་པ་ལ་བབ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་ཞེས་པ་ནི། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །འབྱུང་པོ་ནི་དགེ་བའི་ཚོགས་ལ་འབྱུང་བའི་ཕྱིར་ན་འབྱུང་པོ་སྟེ། འཇིག་རྟེན་པའི་

เล่ม ๖๖ · หน้า 178a

བསོད་ནམས་ཅན་རྣམས་སོ། །ལས་ཀྱི་བག་ཆགས་མི་དགེ་བའི་མཐུ་ལས་འབྱུང་བས་འབྱུང་པོ་སྟེ། སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་བའོ། །ཀུན་གྱི་ནི་མ་ལུས་པའི་ཕྱིར་ཏེ་མཎྜལ་དུ་བཀོད་པ་རྣམས་སོ། །གཏོར་མ་ནི་ཕྲིན་ལས་ཏེ་ཁྱབ་པར་བྱེད་པ་སྟེ།

མ་ནི་ལེན་པར་བྱེད་པ་སྟེ་མི་དམིགས་པར་གཏོང་བའོ། །ད་ནི་སློབ་མ་འཇུག་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་སྔགས་པ་བླ་མེད་བྱང་ཆུབ་ཀྱི། །ཞེས་པ་ནི། སྔགས་པ་ནི་སློབ་དཔོན་ཏེ། ཏིང་ངེ་འཛིན་སྔགས་ཀྱི་མཐུ་དཔལ་སྐྱེ་བས་སྔགས་པའོ། །བླ་མེད་ནི་རྒྱུ་བླ་ན་མེད་པའི་སྒོ་ནས་

ནི་ཞུགས། འབྲས་བུ་བླ་ན་མེད་པ་ཐོབ་པའོ། །བྱང་ཆུབ་ནི་ཟད་པ་དང་། མི་སྐྱེ་བ་སྟེ། སློབ་མ་དེ་ལ་ཞུགས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ་ཞེས་གསུངས་སོ། །མཚོན་པའི་གནས་ནི་དཀྱིལ་འཁོར་རོ། །རྒྱུའི་གནས་ནི་སློབ་མའི་སེམས་སོ། །

ཡོངས་སུ་སྨིན་པར་བྱ་བ་ནི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། སེམས་མ་གྲོལ་བ་གྲོལ་བར་བྱ་བའི་ཕྱིར། སློབ་མ་སེམས་བསྐྱེད། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། མནྜལ་སློབ་དཔོན་ལ་ཡོན་འབུལ་ལོ། །རིག་པའི་མེ་ཏོག་ལྷ་ལ་འཕངས་པའོ། །གང་ལ་བབ་པའི་

ལྷ་དེ་ལ་བསྟན་པ་དང་། ཡི་དམ་དུ་འཆར་གཞུག་པའོ། །ད་ནི་སློབ་མ་ལ་དམ་ཚིག་དབོག་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་སྔགས་པ་མཁས་པ་ཡིས། །ཞེས་པ་ནི། དེ་ནས་སྐབས་ཀྱི་རྟིང་ཐོགས་སོ། །སྔགས་པ་ནི་སློབ་དཔོན་ནོ། །མཁས་པ་ནི་དམ་ཚིག་སྒྲོགས་

པ་ལ་མཁས་པའོ། །སློབ་དཔོན་གྱིས་ཨརྒྷ་བྱིན་གྱིས་བརླབས་ནས། སློབ་མ་ལ་དམ་ཚིག་བསྒྲགས་པའི་ཚིགས་བཅད་དང་། སྔགས་དང་སྐྱོན་ཡོན་ནི་བདེ་སྟེ་མ་བྲིས་སོ། །ད་ནི་དམ་ཚིག་དབོག་སྟེ། ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་པ་ནས།

མདོར་ན་ཡིད་གཉིས་སོམ་ཉི་མི་བྱ་སྟེ། །ཞེས་པའི་བར་ནི་སྙིང་རྗེ་རྒྱུན་མི་འཆད་པའི་ཕྱིར་རོ། །སྲོག་མི་གཅོད་པ་དང་། ཆགས་པས་ཁམས་གསུམ་དུ་འཁོར་བར་མ་བྱིན་པར་མི་བླང་བ་དང་། དམ་པའི་ཆོས་དང་མི་མཐུན་པའི་བརྫུན་མི་སྨྲ་བ་དང་། ཆགས་པས་ཏིང་ངེ་འཛིན་

เล่ม ๖๖ · หน้า 178b

ཉམས་པའི་གཞི་ཡིན་པས་བུད་མེད་ལ་ཆགས་པ་མི་སྐྱེད་པ་དང་། ཉེས་པའི་གཞི་ཡིན་པས་ཆང་མི་འཐུང་བ་དང་། འབྱུང་པོའི་ཁ་ཟས་ཤ་མི་ཟ་བ་དང་། བསམ་པ་ངན་པའི་སྦྱོར་བ་སེམས་ལ་མི་བྱ་བ་དང་། དམིགས་པའི་རྟེན་དཀོན་མཆོག་གསུམ་མི་སྤང་བ་དང་། བྱང་ཆུབ་ཀྱི་

སེམས་རྗེས་སུ་གཟུང་བ་དང་། ལྷའི་སྙིང་པོ་རྫོགས་པ་དང་། ཕྱག་རྒྱ་རྣམས་རྟག་ཏུ་བྱ་བ་དང་། ལྷ་དང་སློབ་དཔོན་དབྱེར་མེད་པར་བལྟ་བ་དང་། སློབ་དཔོན་གྱི་བཀའ་ལས་མི་འདའ་ཞིང་། ལྷ་ལ་ཕུལ་བ་ལ་མི་འགོང་བ་དང་། སྔགས་དང་ཕྱག་རྒྱ་ལ་མི་སྨད་ཅིང་དང་དུ་བླང་བ་

དང་། གྲོང་སྔགས་ཀྱི་ལས་མི་བྱ་བ་དང་། ཡིད་གཉིས་དང་སོམ་ཉི་མི་བྱའོ། །ད་ནི་མི་འདའ་བའི་ཐབས་བསྟན་ཅིང་དབང་བསྐུར་བ་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་གི་དེ་བཞིན་དང་ནི་སྔགས་སོགས་དེ་བཞིན་པ་ནི། བདག་སྒྲུབ་པ་པོ་སློབ་དཔོན་ནོ། །དེ་ཉིད་ནི་སློབ་མ་ཉིད་ལ་བྱ་ལ།

སྔགས་རིག་པ་ལ་སོགས་པ་ནི་མངོན་པར་བྱང་ཆུབ་པ་ལྔ་དང་། ཆོ་འཕྲུལ་རྣམ་པ་བཞི་ལ་སོགས་པ་ལ། དེ་བཞིན་བདག་ཉིད་ཇི་ལྟར་བསྒོམས་པས་དེ་བཞིན་དུ་སློབ་མ་ཡང་སྒོམ་དུ་གཞུག་པའོ། །རྣམ་གཅིག་ཏུ་ནི་བདག་ནི་སློབ་མ་ཉིད། ལྷ་སྔགས་ནི་ལྷའི་སྙིང་པོའོ། །སོགས་

ནི་ཕྱག་རྒྱ་ལ་སོགས་པ། དེ་བཞིན་སློབ་མ་དེ་སྒོམ་དུ་གཞུག་པའི་ཐ་ཚིག་གོ། །དེ་ཡང་ཅིའི་ཕྱིར་ཞེ་ན། མོས་པ་བརྟན་དང་ལྡན་པ་དམ་བཅས་ནས། །ཞེས་པ་ནི། མོས་པ་ནི་སློབ་མ་ཡིད་ཆེས་པའི་སྒོ་ནས་སོ། །བརྟན་པ་ནི་སེམས་མི་འགྱུར་ཞིང་འཁུ་ལྡོག་མེད་པའོ། །ལྡན་པ་ནི་

ཡོན་ཏན་ཚང་བའི་ཕྱིར་སྨོས་ལ། དམ་བཅའ་བ་ནི་མི་འདའ་ཞིང་། མི་འགྱུར་བར་དམ་བསྒྲགས་ནས་དབང་བསྐུར་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བདག་གི་དེ་བཞིན་དང་ནི་སྔགས་སོགས་དེ་བཞིན་ཉིད། །ཅེས་པ་ནི། སརྦ་ནི་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་རྣམས་སོ། །བིད་

ནི་རིག་པ་སྟེ་ཐུགས་སོ། །ཇི་བཞིན་ནི་སློབ་མ་སྟེ། ལྷ་ཇི་བཞིན་དུ་དམ་བཅའ་བའོ། །དབང་ནི་ཐུགས་ཏེ་ཡོ་གའི་དབང་བཅུ་དང་། ཐབས་དང་ཤེས་རབ་ཀྱི་དབང་དང་། རིན་པོ་ཆེ་སྣ་བདུན་གྱི་དབང་དང་གསུམ་མོ། །བསྐུར་ནི་སློབ་མ་ལ་སྦྱིན་པའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། བུམ་པ་ལ་

เล่ม ๖๖ · หน้า 179a

སོགས་ཇི་སྙེད་མང་ཐོགས་ལ། །བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར། །ཞེས་པ་ནི། སློབ་དཔོན་གྱིས་བུམ་པ་ཐུགས་ཀྱི་ངོ་བོ་སརྦ་བིད་ཀྱི་བྱིན་གྱིས་བརླབས་ནས། བདུད་རྩི་བུམ་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའོ། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་

སྤྲུལ་པ་འབྱུང་བས་སློབ་མ་ལ་དབང་བསྐུར་བས། ཉོན་མོངས་པ་ལྔ་འཇོམས་པས་རིགས་རྣམ་པ་ལྔའི་དབང་དང་། ཐབས་མཁས་པ་ཐུགས་རྗེའི་ཕྲེང་བའི་དབང་དང་། བྱང་ཆུབ་སེམས་དཔའ་ཅོད་པན་གྱི་དབང་དང་། མི་འདའ་བ་ཕྱག་རྒྱའི་དབང་དང་། རྒྱལ་བའི་སྲས་ཡིན་

པས་མིང་གི་དབང་དང་། དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པས་ལས་ཀྱི་དབང་དང་། འཁོར་བ་གཏིང་ནས་འཇོམས་པས་འཁོར་ལོའི་དབང་དང་། གཉིས་སུ་མེད་པ་གཟུངས་ཀྱི་དབང་དང་། ཆོས་ཉིད་ཀྱི་དོན་མཐོང་བས་གསང་བའི་དབང་དང་། རྒྱལ་བའི་སྲས་ཡིན་པས་མིང་

གི་དབང་དང་། དེ་བཞིན་གཤེགས་པའི་དེ་བཅུ་ནི་སློབ་མ་ཇི་ལྟར་དགའ་བར་དབང་རིམ་པས་བསྐུར་རོ། །ད་ནི་ཐབས་ཤེས་རབ་ཀྱི་དབང་བསྐུར་ཏེ། དེ་ནས་ལག་ཏུ་རྡོ་རྗེ་དང་དྲིལ་བུ་སྦྱིན། ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཐབས་ཀྱི་དབང་དང་། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་

དྲིལ་བུ་ཤེས་རབ་ཀྱི་དབང་དང་། གཉིས་ནི་མཐའ་གཉིས་དབང་བསྐུར་བས་ཐབས་དང་ཤེས་རབ་བོ། །ད་ནི་ས་དང་པོ་ཐོབ་པའི་ལས་རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར་ཏེ། ཅིའི་ཕྱིར་ཞེ་ན། འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། མི་དབང་དབང་ཕྱུག་འཁོར་ལོ་ཐོབ་པ་

དང་། སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་པ་ནི། འཁོར་ལོ་ནི་གཙོ་བོ་ཡིན་པས་སྣ་ལ་སྨོས་སོ། །སོགས་ཀྱི་ཁུངས་སུ་རིན་པོ་ཆེ་སྣ་བདུན་འབྱུང་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་དང་སྦྱར་ཏེ། ཆོས་རྣམ་པར་འབྱེད་པ་ནི་ཤེས་རབ་ཀྱི་རང་བཞིན་ཏེ། རང་བཞིན་

ནི་ཡན་ལག་གོ། །དེའི་རྟགས་ནི་ཡང་དག་པའི་ཤེས་རབ་ཀྱིས་འཁོར་བ་འཇོམས་པས་ན་འཁོར་ལོའོ། །རིན་པོ་ཆེ་ནི། བཏང་སྙོམས་ནི་མཐོང་བས་ན་སྤང་བར་བྱ་བའི་ཏིང་ངེ་འཛིན་སྤངས་ནས་ཉོན་མོངས་པ་རྒྱུན་དུ་མི་འབྱུང་བས། ཉོན་མོངས་པ་མེད་པའི་ཡན་ལག་སྟེ། དེའི་རྟགས་ནི་

เล่ม ๖๖ · หน้า 179b

ཐབས་ཐུགས་རྗེས་ནོར་བུ་རིན་པོ་ཆེའོ། །ཤིན་ཏུ་སྦྱངས་པ་ནི་ལུས་སེམས་ལས་སུ་རུང་བ་སྟེ། འདོད་ཆགས་ལ་སོགས་པ་མི་འབྱུང་བས་དེའི་རྟགས་ནི་ཡང་དག་པའི་ཤེས་རབ་ཀྱི་བཙུན་མོའོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། སོ་སོའི་གནས་ལས་ངེས་པར་

འབྱུང་བའི་ཡན་ལག་སྟེ། དེའི་རྟགས་ནི་རྫུ་འཕྲུལ་གྱི་རྟ་རིན་པོ་ཆེའོ། །ཏིང་ངེ་འཛིན་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བས་གནས་ཀྱི་ཡན་ལག་གོ། །དེའི་རྟགས་ནི་ཐབས་མཁས་པའི་གླང་པོ་རིན་པོ་ཆེའོ། །དགའ་བའི་ཕན་ཡོན་གྱི་ཡན་ལག་སྟེ། ས་དང་

པོར་བདེན་པ་མཐོང་བས་དེས་ལུས་སེམས་ལས་སུ་རུང་བས་ཕན་འདོགས་པས་ན་དེའི་རྟགས་ནི་འཁོར་བའི་དགྲ་འཇོམས་པ་དམག་མི་རིན་པོ་ཆེའོ། །དྲན་པ་ནི་ཤེས་རབ་ཀྱི་རྒྱུ་སྟེ། གནས་ཀྱི་ཡན་ལག་ཡིན་པས་དེའི་རྟགས་ནི་དྲན་པ་དང་ལྡན་པའི་ཁྱིམ་བདག་རིན་པོ་ཆེའོ། །མི་དབང་

ནི་འཇིགས་པས་མཐོང་བའི་ཕྱིར་རོ། །དབང་ནི་ས་དང་པོ་ཐོབ་ཅིང་དེ་ལ་ལོངས་སྤྱོད་པས་ཕྱུག་གོ། །སྡིག་པ་ནི་བག་ཆགས་ལ། གཞོམ་པ་ནི་སྤྲུལ་པའི་སྐུ་འཕྲོ་འདུ་བསྟིམས་ལ། དབང་ནི་བྱིན་གྱིས་བརླབས་ལ་བྱིན་པའོ། །ད་ནི་སློབ་མ་དགའ་བའི་གཏང་རག་ཡོན་འབུལ་བ་

བསྟན་ཏེ། ཅིའི་ཕྱིར་ཞེ་ན། སྔགས་འགྲུབ་ཕྱིར་ནི་མོས་ལྡན་སློབ་མ་ལ། །ཞེས་གསུངས་ཏེ། སྔགས་ནི་ཉོན་མོངས་པ་བཅོམ་ནས་དབང་ཐོབ་པའོ། །གྲུབ་པ་ནི་ཆུད་མ་ཟོས་པར་རོ། །ཕྱིར་ནི་ཡོན་འབུལ་བའི་ཕྱིར་ན། མོས་པ་ནི་སེམས་ལ། ལྡན་པ་ནི་དད་པའོ། །སློབ་མ་ནི་དབང་

བསྐུར་བ་སྟེ། དེས་སློབ་དཔོན་གྱི་ངག་མཉན་ནས་གཞུང་ལས་བྱུང་བ་བཞིན་ཡོན་འབུལ་བའོ། །དབང་བསྐུར་བའི་ཡོན་ཏན་ཡང་བདེ་སྟེ་མ་སྨོས་སོ། །ད་ནི་སློབ་དཔོན་གྱི་བལྟ་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀུན་དང་བླ་མར་མཉམ། །ཞེས་པ་ནི། སངས་རྒྱས་ཀུན་ནི་

དཀྱིལ་འཁོར་གྱི་ལྷ་ལ་བྱ་ལ། བླ་མ་ནི་སློབ་དཔོན་ཏེ། མཉམ་པ་ནི་ལྷ་དང་འདྲ་བར་བལྟ་བའི་ཕྱིར། ལྷ་ངོ་ཤེས་སུ་འཇུག་ཅིང་དམ་མི་འདའ་བར་སྟོན་པས་མཉམ། སློབ་དཔོན་ལ་ནི་བརྙས་མི་བྱ། །ཞེས་པ་ནི། བདག་འཁོར་བ་ལས་འདྲེན་ཅིང་ཡང་དག་པའི་དོན་སྟོན་པས་ན།

เล่ม ๖๖ · หน้า 180a

སློབ་དཔོན་ལ་བརྙས་ན་འཕགས་པ་ཐམས་ཅད་ལ་བརྙས་པའི་ཐ་ཚིག་གོ། །དེའི་འོག་ཏུ་གྲོགས་མཆེད་ལ་བརྙས་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། རྡོ་རྗེ་སྤུན་དང་སྲིང་མོ་དང་། །ཞེས་གསུངས་ཏེ། རྡོ་རྗེ་ནི་དམ་ཚིག་རྡོ་རྗེ་ལྟར་བསྲུང་བ་དང་། དངོས་གྲུབ་རྡོ་རྗེ་བསྟན་པའི་

སྒོ་ནས་བསྒྲུབ་པའོ། །སྤུན་ནི་ཕ་མ་གཅིག་པའི་དོན་ཏོ། །ལྷ་དང་སློབ་དཔོན་ཕ་དང་འདྲ་བ་དང་། དམ་པའི་ཆོས་མ་དང་འདྲ་བ་དང་། གཉིས་པ་རྟེན་ཅིང་གནས་པ་དང་། མི་འབྲལ་ཞིང་འགྲོགས་པའི་ཕྱིར་ན་སྤུན་ནོ། །སྲིང་མོ་ནི་མིང་སྲིང་ལྟར་ཚུལ་བསྲུང་བ་དང་། ཕ་མའི་

རྒྱུ་རྐྱེན་གཅིག་ལས་བྱུང་བ་འདྲ་བས། རྒྱུ་རང་གི་སེམས་ལ། རྐྱེན་རང་སློབ་དཔོན་གྱི་བཀའ་དྲིན་གྱིས་འབྲས་བུ་བླ་ན་མེད་པ་འབྱུང་བའི་ཕྱིར་ན། སྒྲུབ་པའི་གྲོགས་ནི་མི་བརྙས་པར་བརྩེ་གདུང་བྱ་བའི་ཐ་ཚིག་སྟེ། ཞིབ་ཏུ་གཞུང་ལས་སྨོས་སོ། །ད་ནི་དཀོན་མཆོག་གསུམ་པོ་ལ་

གནོད་པ་བྱེད་པ་ལ། བཟོད་པ་མི་བསྒོམ་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །ཞེས་གསུངས་ཏེ། དཀོན་པ་ནི་རྒྱུ་བསྒྲུབ་པར་དཀའ་བ་དང་། འབྲས་བུ་ཐོབ་པར་དཀའ་བའི་ཕྱིར་དཀོན་ནོ། །མཆོག་ནི་རྐང་གཉིས་མཆོག་སངས་རྒྱས། འདོད་

ཆགས་དང་བྲལ་བའི་མཆོག་དམ་པའི་ཆོས། མང་པོ་འདུས་པའི་མཆོག་དགེ་འདུན་ཏེ། དེ་གསུམ་ལ་གནོད་པ་བྱེད་པ་ལ་བཟོད་པ་མི་སྐྱེད་དེ། ཅིའི་ཕྱིར་ཞེ་ན། ཉེས་པ་བྱེད་པ་ལ་ཆད་པས་མ་ཆོད་ན། གླང་པོ་ཆེ་རྫིང་རྙོག་པ་ལྟར། ཡུལ་ལ་ཉེས་པ་འཕེལ་བའི་གཞིའོ། །བསྒྲུབས་

ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་པ་ནི། བསྒྲུབས་པ་ནི་གོང་མའི་དོན་ལ་བྱ། མྱུར་བ་ནི་གུས་པར་གྲུབ་པས་མི་ཐོགས་པའི་ཕྱིར་རོ། །འགྱུར་ནི་རས་དཀར་པོ་དམར་པོར་བྱ་བའི་མཐུ་བཙོད་ལ་ཡོད་པ་དང་འདྲ་བར། འབྲས་བུ་བླ་ན་མེད་པའི་རྒྱུ་ནི་རང་གི་སེམས་ལ་ཡོད་པའི་ཐ་

ཚིག་གོ། །ཀུན་རིག་རྩ་བའི་དཀྱིལ་འཁོར་ཡན་ལག་དང་བཅས་པ་བཤད་ཟིན་ཏོ།། །།ད་ནི་བསྒྲུབ་པར་བྱ་བའི་ཐབས་སྐུ་གཟུགས་ཀྱི་དོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་ཞེས་པ་ནི། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །བཅོམ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด