ངན་སོང་སྦྱོང་བའི་དོན་གྱི་འབྲུ་འགྲེལ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) དུརྒ་ཏི་པ་རི་ཤོ་དྷ་ནཱརྠ་བཱརྟི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๖๖ · หน้า 180b
ནི་སྒྲིབ་པ་རྣམ་པ་གཉིས་བཅོམ་ལ། ལྡན་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པས་ཏེ། ལྷའི་དབང་པོ་བརྒྱ་བྱིན་དང་། གསོལ་པ་འཇིག་རྟེན་ལ་ཕན་པའི་ཐ་ཚིག་ཏུ་གསུངས་པའི་ཚིག་ཏུ་སྨོས་སོ། །སྒྲུབ་པའི་ཆོ་ག་འདི་གསུངས་སོ། །ཞེས་པ་ནི། སྒྲུབ་པ་
རྣམས་ནི་གསུམ་སྟེ། སྐུ་གཟུགས་གཟུགས་བརྙན་སྒྲུབ་པ་དང་། དངོས་གྲུབ་གྱི་རྫས་སྒྲུབ་པ་དང་། འབྲས་བུ་བླ་ན་མེད་པ་སྒྲུབ་པའི་ཕྱིར་ན་སྒྲུབ་པའོ། །ཆོ་ག་ནི་ཞིབ་མོའི་སྒོ་ནས་བྱ་བའི་ཐ་ཚིག་ལ། འདི་ནི་འོག་གི་དོན་ལ་གསུངས་པ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཐ་
ཚིག་གོ། །བཅོམ་ལྡན་འདས་ཐམས་ཅད་རིག་པ་ཞེས་པ་ནས། སྒྲོལ་མ་ཞེས་བྱ་བའི་བར་དུ་ནི་སྐུ་གཟུགས་བྲི་བའི་ལྷའི་ཁྱད་པར་སྟོན་ཏེ། ཅིའི་ཁྱད་པར་ཞེ་ན། དེ་བཞིན་གཤེགས་པ་ཡང་དག་པ། །ཞེས་པ་ནི། དབུས་སུ་རྣམ་པར་སྣང་མཛད་བྲིའོ། །ཡང་དག་པའི་ཡེ་ཤེས་
ཀྱིས་འཁོར་བའི་ངན་སོང་འཇོམས་པས་ངན་སོང་འཇོམས་པ་གཡས་སུ་བྲིའོ། །འཁོར་བ་གཡོན་ཕྱོགས་དང་འདྲ་བ་ལ། ཐུགས་རྗེ་དང་ལས་བསྐྱེད་པའི་ཕྱིར། ཤཱཀྱ་ཐུབ་པ་གཡོན་དུ་བྲིའོ། །ཐབས་ཐུགས་རྗེ་དང་ལྡན་པའི་རྟགས་སུ། ངན་སོང་སྦྱོང་བའི་འོག་ཏུ་སྤྱན་རས་
གཟིགས་བྲིའོ། །སྐུ་གསུང་ཐུགས་གསང་བའི་མཛོད་འཛིན་པས། ཤཱཀྱ་ཐུབ་པའི་འོག་ཏུ་ཕྱག་ན་རྡོ་རྗེ་བྲིའོ། །ཉོན་མོངས་པའི་ནད་བཞི་བརྒྱ་རྩ་བཞི་གསོ་བའི་རྟགས་སུ་སྨན་གྱི་བླ་བྲིའོ། །དུག་གསུམ་བདུད་རྩིར་བསྒྲུབ་པའི་ཕྱིར། ཀུན་རིག་གི་འོག་ཏུ་རྟ་མགྲིན་བྲིའོ། །བདུད་དང་
དྲེགས་བྱེད་གདུལ་བའི་ཕྱིར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟ་མགྲིན་གྱི་གཡོན་དུ་བྲིའོ། །ཡང་དག་པའི་ཤེས་རབ་ཀྱིས་རྟོགས་པའི་ཡུལ་ཡིན་པས། ཀུན་རིག་གི་མདུན་དུ་སངས་རྒྱས་སྤྱན་གྱི་ཟླ་བ་ཚེས་པ་ལ་སྤྱན་ཡོད་པ་བྲིའོ། །གཡས་སུ་མཱ་མ་ཀཱི་བྲིའོ། །གཡོན་
དུ་སྒྲོལ་མ་བྲི། རྒྱབ་ཏུ་གོས་དཀར་མོ་བྲི། འོག་ཏུ་མ་ཆག་པ་པདྨོའི་རྫིང་བུ་བྲིས་ལ། དེའི་ནང་དུ་ནི། ཉོན་མོངས་པ་འཁོར་བར་མི་གཏོང་བའི་ཆུ་སྲིན་གྱི་གཟུགས་དང་། གཟུང་འཛིན་རྣམ་པ་གཉིས་དང་བྲལ་བའི་རྟགས་སུ་སྦལ་པ་བྲིའོ། །ཐུགས་རྗེའི་རྫུ་འཕྲུལ་གྱིས་འཁོར་བའི་ཉེ་
เล่ม ๖๖ · หน้า 181a
གནས་ལ་འཛིན་ཅིང་འབྲེལ་པའི་རྟགས་སུ་སྦལ་པ་དཀར་པོའང་ཕྱིར་བྲིའོ། །སྐྱོན་གྱི་བག་ཆགས་དང་བྲལ་ཞིང་། ཐུགས་རྗེའི་ཐུགས་མངའ་བའི་རྟགས་སུ་རུས་སྦལ་དཀར་པོ་བྲི། ཉོན་མོངས་པ་ཟད་པར་མཛད་པའི་རྟགས་སུ་ཉ་དཀར་པོ་བྲིའོ། །དེ་རྣམས་ནི་ཡེ་
ཤེས་ཀྱི་རྟགས་དང་། མཛེས་པའི་རྒྱན་དང་ཐུགས་རྗེའི་ཡུལ་གསུམ་ཀ་སྦྱར་ཞིང་ཤེས་པར་བྱ། རྒྱན་ཆས་ཕྱི་མ་ནི་གཞུང་ལས་བྱུང་བར་བས། ལྷ་མི་བརྗེད་ཅིང་དྲན་པར་བྱ་བའི་ཕྱིར། བདག་ཉིད་ཀྱང་ཐལ་མོ་སྦྱར་ཞིང་མཆོད་པ་བྱེད་པའི་ཚུལ་དུ་བྲིའོ། །ད་ནི་མཆོད་པའི་ཐབས་སྟོན་ཏེ། དེ་
ནས་རི་མོའི་གཟུགས་དེ་མངོན་པར་མཆོད་དེ་ཞེས་པ་ནི། རི་མོའི་གཟུགས་བརྙན་རི་མོར་བྲིའོ། །མངོན་པར་ནི་དབང་པོའི་མངོན་སུམ་དུ་རི་མོ་གཞག་ལ་ཡིད་ཀྱི་མངོན་སུམ་ནི་ཏིང་ངེ་འཛིན་གྱི་མཎྜལ་དུ་བསྒོམ་པའི་དོན་ཏོ། །མཆོད་པའི་རྒྱུ་དང་རྐྱེན་དང་ཐབས་སོ། །རྒྱུ་ནི་ལུས་ངག་ཡིད་གསུམ་
གྱི་སྡིག་པ་བཤགས་པའོ། །རྐྱེན་ནི་དངོས་གྲུབ་ཀྱི་རྫས་ཀྱི་མར་དང་། བུ་རམ་དང་། ཛཱ་ཏི་ཕ་ལ་ལ་སོགས་ཏེ། དངོས་གྲུབ་ཀྱི་སྣོད་དུ་བླུགས་ནས་མཆོད་པར་བགྱི་བ་ནི་རྣམ་པ་གཉིས་ཏེ། གཟུགས་བརྙན་མཆོད་པའི་འབྲས་བུ་ནི། སྐུ་བཞད་པ་ལ་སོགས་པའི་རྟགས་འབྱུང་བའོ། །བདག་
ཉིད་ཀྱིས་སྤྱན་དབྱེ་ཞེས་པ་ནི། བདག་ཉིད་ནི་སྒྲུབ་པའོ། །སྤྱན་ནི་སྐུ་གཟུགས་ཀྱི་སྤྱན་ནོ། །དབྱེ་བ་ནི་རྣམ་པ་གཉིས་ཏེ། གཟུགས་བརྙན་དང་། མཚན་མའི་སྤྱན་དབྱེ་བའི་ཐབས་དང་གཉིས་སོ། །དེ་ལ་གཟུགས་བརྙན་གྱི་སྤྱན་ལ་ཡང་ཉི་ཟླའི་མཎྜལ་བསྒོམས་ནས། བདག་གི་མིག་
ལས་ཡེ་ཤེས་ཀྱི་ཛཿསྤྲོས་ཏེ། རང་གི་མཎྜལ་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ནས། བདག་ཏིང་ངེ་འཛིན་དང་། ཆུ་དང་འོ་མ་འདྲེས་པར་གྱུར་ཏེ། གྲངས་ཀྱི་བསྙེན་པ་དང་། མཚན་མའི་བསྙེན་པ་ཚུལ་བཞིན་དུ་བྱས་ནས་གཟུགས་བརྙན་གྱི་སྐུ་གཟུགས་ལ་ཕབ་སྟེ། གཉིས་སུ་མེད་
པར་བྱིན་གྱིས་བརླབ་ཅིང་བརྟན་པར་བྱས་ནས། ཡེ་ཤེས་ཀྱི་སྤྱན་གྱིས་འགྲོ་བ་ལ་གཟིགས་པ་དང་། བྱིན་གྱིས་རླབས་པར་བྱེད་པ་ནི་ཏིང་ངེ་འཛིན་གྱིས་སྤྱན་དབྱེ་བའོ། །དངོས་གྲུབ་སྒྲུབ་པའི་རྟགས་བདེ་སྟེ་མ་བྲིས་སོ། །ད་ནི་བྱིན་གྱིས་བརླབ་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་གཟུགས་བརྙན་
เล่ม ๖๖ · หน้า 181b
དེ་བྱིན་གྱིས་བརླབས་ཏེ་ཞེས་པ་ནི། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །གཟུགས་ནི་བརྟན་ཏེ་བྱུང་བ་དང་། མཚོན་པར་བྱེད་པའི་ཕྱིར་ན་གཟུགས་ཏེ། དེ་ནི་གོང་དུ་སྨོས་པ་ཡིན་ལ། བྱིན་གྱིས་བརླབས་ཏེ་ཞེས་པ་ནི། ཡེ་ཤེས་ཀྱི་སྐུའི་སྤྲུལ་པ་སྤྲོས་པ་སྐུ་ལ་ཕོག་སྟེ་སྐུ་སྟོང་པ་
ཉིད་དུ་བྱིན་གྱིས་བརླབས། གསུང་ཡིག་འབྲུའི་འཕྲོ་འདུ་སྤྲོས་ཏེ། གསུང་ལ་ཐིམ་པས་ན་གསུང་སྨོན་པ་མེད་པར་བྱིན་གྱིས་བརླབས་པའི་སྐུ་གཟུགས་དེ་ལ་དངོས་གྲུབ་གསོལ་བའི་ཕྱིར། སྤྱན་སྔར་མཆོད་པ་དབུལ་ཞིང་བསྙེན་པར་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན།
རྟག་ཏུ་མངོན་སུམ་འདུག་ཀྱང་ཞེས་གསུངས་ཏེ། རྟག་ཏུ་ཞེས་བྱ་བ་ནི། མི་འབྲལ་བར་བྱ་བའི་དོན་ཏོ། །མངོན་སུམ་དུ་ནི་དབང་པོས་མཐོང་བས་ལྟ། ཡིད་ཀྱིས་ནི་དམིགས་པའི་ཏིང་ངེ་འཛིན་གྱིས་ནི་བསྒོམ་པའི་དོན་ཏོ། །ད་ནི་བསྒྲུབ་པའི་གནས་བསྟན་ཏེ། དེ་ནས་
དབེན་པའི་གནས་སུ་ཞེས་པ་ནི། སེམས་དབེན་པ་ནི་ཕྱི་ཡུལ་ལ་མི་སྤྲོ་བ་དང་། ཡུལ་དབེན་པ་ནི་མིའི་སྐད་མི་ཐོས་པ་དང་། ཏིང་ངེ་འཛིན་དབེན་པ་ནི། སེམས་རྩེ་གཅིག་ཏུ་མི་འགྱུར་བའི་ཀློང་དུ་གྱུར་པ། གནས་ནི་ལུས་ཀྱི་གནས་ནི་དབེན་པ་ཡིན་ལ། དབང་པོ་དབེན་པའི་
གནས་ནི། གཟུགས་བརྙན་གྱི་སྐུ་ཡིན་ལ། ཏིང་ངེ་འཛིན་དབེན་པའི་གནས་ནི་ཆོས་ཉིད་ཡིན་ཏེ། བསྙེན་པའི་དོན་གྱི་དཀྱུས་ལས་འབྱུང་བས་མ་སྨོས་སོ། །ད་ནི་དངོས་གྲུབ་ཀྱི་རྫས་སྟོན་ཏེ། བསོད་ནམས་སྣོད་ལས་ཅི་དགའ་བར། །དངོས་གྲུབ་མཆོག་ནི་སྩོལ་བར་བྱ། །ཞེས་
གསུངས་ཏེ། སྒྲུབ་པ་པོས་དངུལ་གྱི་ཕོར་པའམ། རིན་པོ་ཆེའི་སྣོད་གཙང་མའི་ནང་དུ། དངོས་གྲུབ་ཀྱི་བུ་རམ་དང་ཙནྡན་ལ་སོགས་ཏེ་མཆོད་པའི་ཆ་རྐྱེན་ལ་བསྙེན་པ་ཚུལ་བཞིན་དུ་བྱས་ནས། ལྷའི་དབང་པོར་བྱིན་གྱིས་བརླབས་པ་སྟེ། འཕགས་པ་ལ་ཡང་དངོས་གྲུབ་
ཐོབ་ཙ་ན། མཆོད་རྫས་ཀྱི་སྐལ་བ་དབུལ། སེམས་ཅན་ལ་ཡང་སྙིང་རྗེའི་མགྲོན་དུ་སྦྱིན། བདག་གིས་ཀྱང་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད་པའི་ཕྱིར་གཟུང་། ཕྱི་མ་ནི་བདེ་སྟེ་མ་སྨོས་སོ། །སྐུ་གཟུགས་ཀྱི་ཆོ་ག་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་མ་གྲུབ་ན་སྤོགས་པའི་དོན་
เล่ม ๖๖ · หน้า 182a
ཏེ། ངན་སོང་ལས་ཐར་པར་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནི། ཕྱི་རབས་ཀྱི་སེམས་ཅན་རྣམས་ལ་ཕན་འདོགས་པའི་དོན་དུ་མ་གྲུབ་ན་སྤོགས་པའི་ཆོ་ག་སྟོན་ཏེ། ཞུ་བའི་ཡོན་བདག་ཡིན་པས་མ་སྨོས་སོ། །དེ་ལྟར་
ཞུ་བ་གསོལ་ནས། སྟོན་པས་གནང་ནས་བཀའ་སྩལ་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །ཞེས་གསུངས་ཏེ། དེ་བཞིན་ཞེས་བྱ་བ་ནི་གོང་མའི་རྩ་བའི་དཀྱིལ་འཁོར་ཆེན་པོ་ནས་བྱུང་བ་དེ་ལྟར་བྱ་བའི་ཐ་ཚིག་གོ། །དེ་ཡང་འཇིག་རྟེན་ལས་
འདས་པའི་མཎྜལ་སྒོ་གཉིས་པ་ཡན་ཆད་བྲི་བར་འབྱུང་སྟེ། དེ་ལྟར་གཉིས་སུ་སྨོས་པ་ཡང་། གོང་གི་སྒྲུབ་ཐབས་ཡིན་པས་འོག་མ་མ་གྲུབ་ན་སྤོགས་པའི་ཆོ་ག་ཡིན་ཏེ། གོང་མ་ནི་ནོར་བུ་དྲི་མ་མེད་པའི་དོན་དུ་གསུངས་ལ། འདི་ནི་ཕྱི་རབས་ཀྱི་སེམས་ཅན་ལ་མ་གྲུབ་ན་སྤོགས་
པའི་ཐབས་སུ་ཤེས་པར་བྱ། དེ་ལྟར་ཡང་ནི་བུམ་པ་ཞེས་པ་ནི། ལྷའི་གྲངས་སོ་སོའི་བསྙེན་པ་དབུལ་བ་རྟགས་མ་བྱུང་གི་བར་དུ་བསྙེན་པ་བྱས་ནས། བུམ་པ་ལ་བྲུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་ཆོས་ཀྱི་རང་བཞིན་དུ་བསྒོམ། ནང་གི་བཅུད་ཡེ་ཤེས་ཀྱི་ཕྲིན་ལས་ཐབས་
ཐུགས་རྗེ་འོད་ཟེར་སྣ་ཚོགས་པ་འབྱུང་བར་བསམས་ལ། ལྷ་སོ་སོའི་རྩ་བའི་སྔགས་དང་། ཤི་བའི་མིང་སྤེལ་མར་བཟླ་ཞིང་། ཡང་དང་ཡང་དུ་ཏིང་ངེ་འཛིན་གྱིས་དར་བསྐྱེད་ལ་གཞུང་ལས་བྱུང་བའི་ཡོན་ཏན་ཐོབ་པར་འགྱུར་རོ། །ད་ནི་དེའི་ཡན་ལག་མཚན་མ་ལ་དམིགས་
ནས། ངན་འགྲོ་ལས་ཐར་པའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡི་གཟུགས་བརྙན་བྲི་བའམ། གུར་གུམ་གྱིས་ནི་མིང་ཡང་རུང་། །ཞེས་གསུངས་ཏེ། དེ་ནི་དམིགས་པའི་རྟེན་གང་ལ་བྱ་བའོ། །གཟུགས་ནི་རྟེན་པར་བྱེད་པའི་གཞི་རྣམ་པར་བམ་པའི་རོའི་གཟུགས་བརྙན་
རས་སམ་ཤོག་ཤོག་ལ་བྲིས་པའོ། །མིང་ནི་གདགས་པའི་གཞི། བོད་པའི་བརྡ། གུར་གུམ་གྱིས་ཤིང་བུ་ལ་བྲི་བའི་ཐ་ཚིག་གོ། །དེ་ལ་སྔགས་དང་ཕྱག་རྒྱས་རྟགས་མ་བྱུང་གི་བར་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབས་ན་འགྲུབ་ཅེས་སོ། །དེ་ནི་ཇི་ལྟར་བྱ་བའི་ཐབས་སྟོན་ཏེ།
เล่ม ๖๖ · หน้า 182b
ཅིའི་ཕྱིར་ཞེ་ན། ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང་། །མཆོད་རྟེན་དབུས་སུ་གཞག་པར་བྱ། །ཞེས་པ་ནི། ལྷ་སོ་སོའི་སྐུའི་ཕྱག་རྒྱར་གཟུགས་ཀྱི་ངོ་བོ་བསྒོམས་ཏེ། དེ་ཡང་སྤྱི་བོར་ཀུན་རིག་གི་ཡིག་འབྲུས་བྱིན་གྱིས་བརླབ། སྙིང་གར་ངན་སོང་ཀུན་འདྲེན་གྱི་ཡིག་འབྲུས་
བྱིན་གྱིས་བརླབ། ལྷག་པར་རྒྱལ་བ་ཡེ་ཤེས་ཏོག །རྐང་མཐིལ་དུ་མེ་ཏོག་ཆེར་རྒྱས། ཁར་ཤཱཀྱ་ཐུབ་པ། ཆོ་འཕྲུལ་རྣམ་པ་བཞིའི་རང་བཞིན་དུ་བྱིན་གྱིས་བརླབ་ཅིང་། གསུང་ཡིག་འབྲུས་ཉོན་མོངས་པ་སྐྱེ་བའི་ཡུལ་གཞོམ་པའི་ཕྱིར་བརྟགས་ནས་སྤྲོ། སྐུ་ཙ་ཀ་ལིས་ཉོན་མོངས་
པའི་རྟེན་གཞོམ་པའི་ཕྱིར་བརྟགས་ནས་སྤྲོ། ཐུགས་ཕྱག་མཚན་ཉོན་མོངས་པའི་རྒྱུ་སེམས་སྦྱང་བའི་ཕྱིར་བརྟགས་ནས་སྤྲོ། དེ་བས་ན་མཆོད་རྟེན་ནི་མཎྜལ་བྱས་པའི་ཐ་ཚིག་ལ། དབུས་ནི་མཎྜལ་གྱི་ཕོ་བྲང་གི་དབུས་ལ་གཞག་པ་ནི་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བའི་
ཕྱིར་གཞག་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་མ་གྲུབ་ན་སྤོགས་པའི་ཆོ་ག་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཇི་སྲིད་མཚན་མ་ཤིན་ཏུ་ནི། །སྐྱེ་འགྱུར་འབར་བའི་གནས་ཀྱང་རུང་། ཞེས་པ་གསུངས་ཏེ། ཇི་སྲིད་ནི་མཚན་མ་སྤངས་པ་དང་། མ་གྲོལ་བ་དེ་སྲིད་ཀྱི་ཐ་ཚིག་གོ། །མཚན་མ་
ནི་དངོས་པོ་སྟེ་བག་ཆགས་ལ། ཤིན་ཏུ་ནི་མང་པོའི་ཐ་ཚིག་སྟེ། སྐྱེ་འགྱུར་ནི། འཁོར་བར་སྐྱེ་བར་འགྱུར་བ་དང་། ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཐ་ཚིག་གོ། །འབར་བ་སྟེ་ཡེ་ཤེས་དེ་མ་གྲུབ་ན་གཉེན་པོ་བསྒོམ་པའི་དོན་ཏོ། །གནས་ནི་ཐུགས་རྗེའི་གནས། སྙིང་
རྗེའི་ཡུལ་ཡིན་པས་དེ་ལ་དམིགས་པའི་ཡུལ། གནས་ཞེས་སྨོས་སོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཏིལ་དང་ཡུངས་ཀར་འབྲས་རྣམས་དང་། །ཞེས་གསུངས་ཏེ། ཉོན་མོངས་པའི་མཚན་མ་བསྲེག་པའི་ཕྱིར་དང་། ཐམས་ཅད་ཞིར་གཞུག་པའི་ཕྱིར་དང་། བདག་
ཉིད་ཀྱི་ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས། ཏིལ་དང་ཡུངས་ཀར་དང་། འབྲས་དང་། བུ་རམ་སྦྲང་རྩི་ལ་སོགས་པ་དང་། ར་རྒྱ་མོའི་འོ་མ་དང་། གུར་གུམ་གཉིས་བསྲེས་ཏེ། ཡམ་ཤིང་སོར་བཅུ་གཉིས་པ་ལ་བྱུགས་ནས། ཡ་ཐོག་མ་ཐོག་གཉིས་
เล่ม ๖๖ · หน้า 183a
སྦྲང་རྩིར་བྱུག་སྟེ། ཤི་བའི་མིང་དང་བསྲེས་ཏེ་སྦྱིན་སྲེག་བྱས་ན། ཤི་བ་དེ་ངན་སོང་ལས་ཐར་པའི་རྟགས་ནི་མེ་ལ་བལྟ་སྟེ། མེ་ལྕེ་མདོག་དཀར་བ་དང་། གཡས་སུ་འབར་བ་དང་། གྱེན་དུ་འབར་བ་དང་། དྲི་མ་མེད་པ་དང་། ཟླུམ་ལ་མི་འཕྲོ་བ་ནི་ངན་སོང་
ལས་ཐར་པའི་རྟགས་སུ་སྟོན་པས་གསུངས་སོ། །ཡོན་ཏན་དང་སྐྱོན་རྣམས་ཀྱི་ནི་བདེ་སྟེ་བརྡ་སྤྲད་པར་སླའོ། །མ་གྲུབ་ན་སྤོགས་པའི་ཐབས་ཀྱི་ཆོ་ག་ངན་སོང་ལས་ཐར་པའི་དོན་བསྡུས་པ་བསྟན་ཟིན་ཏོ། །ད་ནི་རོ་བསྲེག་ལ་ཧོམ་སྨོས་ཏེ། རོ་ནི་རྒྱུ་དང་འབྲས་བུའི་ཚུལ་ཏེ། རྒྱུ་
མ་རིག་པ་སྟེ། ཡང་དག་པའི་དོན་ལ་མགོ་རྨོངས་པའི་རྟོག་པ་གློ་བུར་བས། ཀུན་གཞིའི་སྒྲིབ་པ་ནི་རྒྱུའོ། །དེ་ཅིའི་ཕྱིར་ཞེ་ན། ནང་གི་ཉེ་བར་ལེན་པའི་ཕུང་པོ་འདི་ལེན་པའི་ཕྱིར་ན། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། རོ་ནི་ཤེས་པ་དང་
བྲལ་བ་ལྟར་རྒྱུ་དང་འབྲས་བུ་ལ་མགོ་རྨོངས་པའི་ཕྱིར་རོ། །ཕྱིའི་རོ་ནི་འབྲས་བུའི་ངོ་བོ་སྟེ། དབང་པོའི་ལྔའི་སྤྱོད་ཡུལ་དུ་ལས་དང་ཉོན་མོངས་པས་བསྐྱེད་པས་ཕུང་པོ་གདོས་པ་ཅན་དུ་སྣང་བའི་ཕྱིར་རོ། །ཧོམ་ནི་རྒྱ་གར་གྱི་སྒྲ་སྟེ་དེ་ལས་དྲངས་ནས་སྦྱིན་སྲེག་ཅེས་སྨོས་ཏེ། སྦྱིན་པ་ནི་
ཐུགས་རྗེས་ཏེ་བདེ་བ་སྦྱིན་ལ། སྲེག་པ་ནི་ཕྲིན་ལས་རྣམ་པ་བཞིས་སྲེག་པའི་ཕྱིར་རོ། །དེ་ལ་རོའི་རྒྱུ་ནི་ནང་གི་སེམས་ཏེ། གཉེན་པོ་འཕགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྲེག་ལ། འབྲས་བུའི་རོ་ནི་འཇིག་རྟེན་གྱི་མེས་སྲེག་པའི་ཐ་ཚིག་གོ། །དེ་བས་ན་ཁམས་
གསུམ་གྱི་མཚན་མའི་རང་བཞིན་ཏེ། དངོས་པོ་གཞོམ་པའི་ཕྱིར་ནི། ཡང་དག་པའི་ཡེ་ཤེས་མཚོན་པར་བྱེད་པའི་འཇིག་རྟེན་གྱི་མེ་དང་། ཆོས་ཀྱི་དབྱིངས་མཚོན་པར་བྱེད་པས་ཧོམ་ཁུང་དང་། ཐབས་ཐུགས་རྗེ་མཚོན་པའི་ཤིང་། ཏིང་ངེ་འཛིན་ལས་སྤྲུལ་པ་གཞན་ལ་འབྱུང་
བ་མཚོན་པའི་ཐབས་མཆོད་པའི་རྫས་དང་། བསྲེག་རྫས་དང་། མི་ཤིས་པ་དད་པ་བསྐྱེད་པའི་ཕྱིར་ན། ཚོན་རྩི་རྣམ་པ་ལྔ་དང་། དེ་མེད་ནའང་ལྕགས་རྣམ་པ་ལྔའམ། ཐ་མ་ནི་འབྲས་བུ་ཚོན་གྱིས་ཁ་དོག་བསྒྱུར་རོ། །ཉོན་མོངས་པ་རྣམ་པ་ལྔ་གཞོམ་པའི་ཐུགས་སརྦ་བིད་
เล่ม ๖๖ · หน้า 183b
ཀྱིས་བྱིན་གྱིས་བརླབ་པ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཁྲུ་བཞི་པ་ཡི་ཚད་དུ་ནི། །ཞེས་སྨོས་ཏེ། ཁྲུ་བཞི་པ་ནི། ཡེ་ཤེས་རྣམ་པ་བཞིས་སྐྱེ་རྒས་ན་འཆིའི་སྡུག་བསྔལ་སྦྱངས་པའི་ཕྱིར་ན་གྲུ་བཞི་པའོ་ཚད་དུ་ནི་ཞེས་པ་ནི། ཐབ་ཁུང་སོགས་གཅིག་གི་ཚད་ནི་ཁྲུ་བཞི་སྟེ། ཕྱིའི་ཚད་
ནི་ཁྲུ་བཅུ་གཉིས་ཏེ། རྟེན་འབྲེལ་བཅུ་གཉིས་འཁོར་བ་ལུགས་ལས་བཟློག་པའི་དོན་ཏེ། ཁྲུ་བཅུ་གཉིས་པ། ཁ་གསུམ་བཅད་པའི་དབུས་མ་ཐབ་ཁུང་སྟེ། གྲུ་བཞི་ཞེས་སྨོས་པའི་དོན་ཏོ། །དེའི་ཚད་ཕྱི་མའི་འོག་མས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཆོ་ག་བཞིན་དུ་ཁུང་བརྐོས་
ལ། །ཞེས་གསུངས་ཏེ། ཆོ་ག་ནི་རྣམ་པ་གཉིས་ཏེ། ནང་གི་ཟབས་དང་། ཕྱི་རོལ་གྱི་རྣམ་པ་གཉིས་སོ། །དེ་ལ་ནང་གི་ཟབས་ནི། ཁུང་བརྐོ་བ་སྟེ། ཅིའི་ཕྱིར་ཞེ་ན། ཁྲུ་གང་གི་ཡར་གྱེད་དེའི་ཕྱི་རོལ་སྨོས་སོ། །ཐབ་ཁུང་ལ་སོར་བརྒྱད་ནི་འཆད་པ་ལ་མུ་རན་དུ་བྱ། མེ་རི་ནི་དམར་པོར་
བཏང་སྟེ། རྣམ་པར་ཐར་པ་བརྒྱད་ཀྱི་ཡེ་ཤེས་ཞལ་གདངས་པའི་ཐ་ཚིག་གོ། །ཕྱི་རོལ་གྱི་སྣམ་བུའི་ནང་དུ་ཡང་ཁ་བཞིར་བཅད་དེ། ཕྲིན་ལས་རྣམ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པའི་རྟགས་ཏེ། བཞིའི་ནང་མ་གསུམ་དུ་ཁ་བཅད་དེ། གཅིག་ལ་རྡོ་རྗེ་ར་བ་བཏང་སྟེ། ཁ་ཁྱེར་
གཅིག་ལ་སེམས་དཔའ་བཅུ་དྲུག །གཅིག་ལ་བསྐལ་བཟང་རྒྱལ་སྲས་བཅུ་དྲུག །གྲུ་ཆད་ཀྱི་ནང་གཉིས་ལ་མཆོད་པའི་ལྷ་མོ་བརྒྱད། བཞི་ཆ་གཅིག་ལ་མཆོད་པ་རྣམས་དང་། དྲི་རེག་དང་། པཱཉྩ་རེ་ག་དང་། སྒོ་བཞི་མུ་ཁྱུད་དང་བཅས་པའི་ས་བཅད་དོ། །དེའི་སུམ་ཆ་
གཅིག་ཕྱིར་བཅད་དོ། །ཤིང་རྣམས་གཞག །བཞིའི་ཆ་ཐབ་ལྷག་ཁ་གཉིས་སུ་འཆད་དེ། གོང་མའི་སུམ་ཆ་ལ་ཕྱེད་པོ་དེ་ཡར་བསྣན་ལ། ཤིང་གི་སྣམ་བུ་ལ་གཞག །ཕྱེད་པོ་དེ་སུམ་ཆ་སུམ་གཉིས་སུ་བཏང་ལ། ཤིང་སྣམ་དང་། ཉེ་བའི་སུམ་ཆ་གཅིག །མཆོད་སྣམ་
སུམ་གཉིས། འཇིག་རྟེན་པའི་སྣམ་བུ་བཞི་ཆ་ཕྱེད་ནི་ཁ་གཉིས་སུ་བཏང་སྟེ། གཟའ་དང་རྒྱུ་སྐར་གྱི་སྣམ་བུའོ། །ཕྱི་མ་སྒོ་སྣམ་མོ། །དབུས་ཀྱི་ཐབ་ཁུང་ཐིག་བཞི་བཏབ་པའི་རེའུ་མིག་དགུར་བྱས་ལ། དབུས་སུ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་འཁོར་ལོ་འཇོམས་པ་ལ་འབུར་དུ་
เล่ม ๖๖ · หน้า 184a
བཏོད་ནས་བྲི། འཇིག་རྟེན་ལས་འདས་པའི་སྣམ་བུ་གཉིས་ནི་སེམས་དཔའ་བསྐལ་བཟང་ཤིང་སྣམ་བར་དུ་བཅུག་པ་ནི། འཇིག་རྟེན་པ་ཕྲག་དོག་ཆེ་བའི་ཕྱིར་རམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ངོ་ཤེས་པའི་ཕྱིར་གཞག །འཇིག་རྟེན་པའི་སྣམ་བུ་གཉིས་
ནི། བར་མ་ཕྱོགས་སྐྱོང་བཅུ་དང་བཀྲ་ཤིས་བརྒྱད། ཐ་མ་གཙུག་ལག་ཁང་གི་སྲུང་མ་དང་། གཟའ་དང་རྒྱུ་སྐར་དང་། རྒྱལ་པོ་བཞི། དེ་རྣམས་བྲི་བའི་དགོས་ཆེད་ནི། བཅོམ་ལྡན་འདས་ཀྱི་བཀའ་སྲུང་དང་། རང་གི་འཁོར་གྱི་གདུག་པ་ཞི་བར་བྱ་བའི་ཕྱིར་དང་། འཇིག་རྟེན་
པའི་མངོན་རྟོགས་སྟོན་པའི་ཕྱིར་བྲི། ད་ནི་མཆོད་པའི་རྒྱན་ཆས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། བྱ་དང་བུམ་པ་གང་བ་གཞག །ཅེས་པ་དང་། ཁུང་བུའི་དབུས་སུ་གཞག་པར་བྱ། །ཞེས་པའི་བར་ནི། འཁོར་བའི་ཉེ་གནས་ལ་ཕན་འདོགས་པའི་རྟགས་དངུལ་གྱི་བྱ་ཕོ་བཅུ་དྲུག་
དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྟགས་གསེར་གྱི་བུམ་པ་ལྔ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་རྟགས་གཏོར་མ་དང་། ཁམས་གསུམ་ཚིམ་པར་བྱ་བའི་ཕྱིར། བཟའ་བ་དང་བཅའ་བ་སྣ་ཚོགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་ལ་མེ་ཏོག་སྣ་ཚོགས་པ་དང་། ཐུགས་
རྗེ་རྒྱུན་མི་འཆད་པའི་ཕྲེང་བ་དང་། ཁམས་གསུམ་གྱི་བླ་མར་གྱུར་པས་བླ་རེ་དང་། ཉོན་མོངས་པའི་བདུད་ལས་རྒྱལ་བའི་རྟགས་རྒྱལ་མཚན་དང་། ཏིང་ངེ་འཛིན་སྣ་ཚོགས་དང་ལྡན་པའི་རྟགས་དར་སྣ་ཚོགས་པ་དང་། ཉོན་མོངས་པའི་ཚ་བས་གདུང་བ་ལས་བསིལ་བའི་གདུགས་དང་།
ཏིང་ངེ་འཛིན་ལ་ཤེས་པ་རྩལ་སྦྱོང་བ་དང་། དམ་རྫས་དང་ལྡན་པར་བྱ་བ་སྟེ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་ཅིང་། ཡེ་ཤེས་ཀྱི་འོད་ཟེར་དམིགས་ནས་བསྲེག་རྫས་དང་། མཆོད་རྫས་ལ་སོགས་པ་ཀུན་ནི། འཕགས་པ་མཉེས་པར་བྱ་བ་དང་། དངོས་གྲུབ་ཐོབ་པའི་རྟགས་སུ་ཁུང་
བུའི་དབུས་སུ་གཞག །ད་ནི་རོ་བྱིན་གྱིས་བརླབ་ཅིང་རྒྱས་གདབ་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་མཆོག་གིས་ནི་བཀྲུ་བར་བྱ། །ཞེས་པ་ནི། རོ་ནི་རྒྱུ་འབྲས་ཀྱི་ཚུལ་གོང་དུ་སྨོས་པའོ། །སྔགས་ནི་རིགས་རྣམ་པ་ལྔའི་སྐུ་བསྐྱེད་པ་དང་།
เล่ม ๖๖ · หน้า 184b
སྙིང་པོ་དང་། ཉེ་བའི་སྙིང་པོ་དང་ལྔ་སྟེ་བཅོ་ལྔའོ། །སྟོང་པར་བསྒོམ་པ་དང་། རྡོ་རྗེ་བསྒོམ་པ་གཉིས་ཏེ་བཅུ་བདུན་ནོ། །བཏབ་ནས་ཀྱང་ནི། ཕྱིའི་བཏབ་པ་ནི་ལུས་ལ་བཏབ་པ་དང་། ནང་གི་བཏབ་པ་ནི་ཡིག་འབྲུ་སྟེ། དེ་རྣམས་སྤྲུལ་པ་རོ་ལ་བསྟིམས་ནས་དངོས་པོ་མེད་
པར་བསྒོམ་པའོ། །ཆུ་ནི་བུམ་པའི་ནང་གི་ཆུ་སྟེ། དྲི་ཞིམ་པོ་ལ་སོགས་པ་གཞུང་ནས་འབྱུང་བ་རྣམས་སྦྱར་རོ། །མཆོག་ནི་སྙིང་པོ་བཅུ་བདུན་གྱིས་བྱང་ཆུབ་སེམས་ཟླ་བའི་མཎྜལ་དུ་གྱུར་པར་བསྒོམ་པའོ། །བཀྲུ་བར་བྱ་བ་ནི་རྣམ་པ་གཉིས་ཏེ། ཕྱིའི་བཀྲུ་བ་བུམ་པའི་ཆུས་
འཁྲུ་བ་དང་། ནང་གི་བཀྲུ་བ་ཏིང་ངེ་འཛིན་གྱི་འཕྲོ་འདུས་དག་པར་བྱེད་པའི་ཐ་ཚིག་གོ། །བཟླས་པ་དྲི་ཡིས་བྱུག་པར་བྱ། །ཞེས་པ་ནི། ཏིང་ངེ་འཛིན་གྱི་བཟླས་པ་དང་། ཡིག་འབྲུ་དང་འཕྲོ་འདུའི་བཟླས་པའོ། །དྲི་གུར་གུམ་ལ་སོགས་པས་ལུས་ལ་བྱུག་པ་དང་། ཚུལ་ཁྲིམས་
ཀྱི་དྲིས་བྱིན་གྱིས་བརླབས་པའི་ཐ་ཚིག་གོ། །གོས་དང་རྒྱན་གྱིས་ཀླུབས་ནས་ཀྱང་། །ཞེས་པ་ནི། གོས་ནི་སྔགས་མཁན་གྱི་ཆས་གོས་དང་། རོའི་གོས་ནི་ཕྲིན་ལས་རྣམ་པ་བཞིའི་ལས་གང་བྱེད་པའི་ཚུལ་དུ་བྱས་ལ། རྒྱན་ནི་སྐུ་བྲེའུ་ལྡིར་གྱི་ཅོད་པན་གྱི་རྒྱན་ལ་སོགས་པ་བཏགས་པ་
དང་། ཀླུབས་ནི་མང་བ་དང་མཛེས་པའི་ཐ་ཚིག་གོ། །ད་ནི་རོ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་གདགས་པའི་དོན་ཏེ། ཅིའི་ཕྱིར་ཞེ་ན། སྔགས་བྲིས་པ་ནི་གདགས་པར་བྱ། །ཞེས་འབྱུང་སྟེ། སྔགས་ནི་ལྷ་སོ་སོའི་ཡིག་འབྲུའོ། །བྲིས་པ་ནི་གྲོ་གའམ་ཤོག་ཤོག་ལ་བྲིའོ། །
གདགས་པ་ནི་ལུས་ལ་གདགས་པའོ། །དེའི་གནས་གང་ཡིན་ཞེ་ན། སྙིང་ག་ལྐོག་མ་ཁ་ཕྱོགས་དང་། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང་། །མིག་གཉིས་དང་ནི་གསང་བའི་གནས། །
དབང་པོ་རྣམས་ཀྱི་གནས་དག་ཏུ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་ཡང་དག་པའི་ཡེ་ཤེས་ཀྱིས། མཚན་མ་རྣམས་གཞོམ་པར་བྱ་བའི་ཕྱིར། དེའི་གནས་ནི་བཅུ་བདུན་ཡོད་དེ། རྟེན་འབྲེལ་བཅུ་གཉིས་དང་། དེ་ལས་བྱུང་བ་ལྔ་སྟེ། དེ་རྣམས་ནི་ཐུགས་ཀྱི་ངོ་བོར་སྦྱར་
เล่ม ๖๖ · หน้า 185a
བའི་ཕྱིར་རོ། །དེ་མཚོན་པའི་གནས་ནི་ལུས་ཏེ། ཅིའི་ཕྱིར་ཞེ་ན། སྔོན་གྱི་བག་ཆགས་ཀྱིས་བསྐྱེད་པའི་རང་བཞིན་ཡིན་པས་སེམས་རྟེན་པའི་གཞི་བྱེད་པས། ལུས་ཐམས་ཅད་ཀྱི་རང་བཞིན་ནི་མགོ་བོ་སྟེ། དེ་བཞིན་དུ་མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་
རང་བཞིན་ཏེ། ཅིའི་ཕྱིར་ཞེ་ན། མ་རིག་པ་མི་ཤེས་པའི་དབང་གིས་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། རྒྱུ་དང་འབྲས་བུ་ལ་མགོ་རྨོངས་པའི་ཕྱིར་རོ། །དེ་འཇོམས་པའི་སྔགས་ནི། རིན་ཆེན་མེ་ཏོག་གི་ཉེ་བའི་སྙིང་པོ་སྟེ། ཨོཾ་སརྦ་བིད་ཧཱུཾ་ཕཊ། དེ་མགོ་ལ་གདགས་
ཤིང་བྱིན་གྱིས་བརླབས་པ་ཚུལ་བཞིན་བྱའོ། །དཔུང་པ་ནི་ལས་ཀྱི་འདུ་བྱེད་ལ་རྩོལ་བར་བྱེད་པའི་རྒྱུ་ཡིན་པས་ན། དཔེ་དེ་དང་འདྲ་བར་མ་རིག་པ་མགོ་རྨོངས་པས་ན། ཕྱིའི་ཡུལ་རྣམས་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་བ་ནི་མངོན་པར་འདུ་བྱེད་པའི་ཕྱིར་ན་འདུ་བྱེད་
པའོ། །དེ་སྦྱོང་བའི་ཕྱིར་ཤཱཀྱ་ཐུབ་པའི་ཉེ་བའི་སྙིང་པོ་སྟེ། ཨོཾ་སརྦ་བིད་ཨཿ། དཔུང་པ་ལ་གདགས་ཏེ་གཉིས་སུ་མེད་པར་བྱིན་གྱིས་བརླབ་པའི་དོན་ཏོ། །སྙིང་ནི་ཁྱད་པར་དུ་ཡང་ཤེས་པའི་རང་བཞིན་གནས་པའི་ཡིན་ཏེ། དེ་བཞིན་དུ་རྣམ་པར་ཤེས་པ་ནི། འདུ་བྱེད་ཀྱི་རྐྱེན་གྱིས་
སོ་སོའི་སྤྲུལ་པ་རྣམ་པར་རིག་ཅིང་མ་འདྲེས་པར་མཆོད་པ་དང་། བདག་གིར་འཛིན་པའི་ཕྱིར་ཏེ། དེ་འཇོམས་པའི་ཕྱག་རྒྱ་ནི་རྣམ་པར་སྣང་མཛད་ཀྱི་སྙིང་པོ་སྟེ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། སྙིང་གར་བཏགས་ནས་
བྱིན་གྱིས་བརླབ་པའི་དོན་ཏོ། །རྐེད་པ་ནི་དང་པོ་ཕུང་པོ་སྐྱེ་བའི་རྒྱུ་བྱེད་པའི་རྟེན་ལྟེ་བའི་ཐད་ཀ་ནས་མ་ཟོས་པའི་དྲོད་ཀྱིས་རེག་པས་འཚོ་བར་བྱེད་པས་ན་ལུས་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་རྣམ་པར་ཤེས་པའི་རང་བཞིན་ལ་ལས་ཀྱི་བག་ཆགས་བསྒོས་ཤིང་སྨོན་པས་ལྷན་ཅིག་
སྐྱེས་པའི་ཉེ་བར་ལེན་པའི་ཕུང་པོ་ནི་མིང་དང་གཟུགས་འདི་འགྲུབ་སྟེ། དེ་འཇོམས་པའི་ཕྱག་རྒྱ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་བསྐྱེད་པའི་ས་བོན་ཏེ། ཨོཾ་སརྦ་བིད་ཨོཾ། རྐེད་པར་བྱིན་གྱིས་བརླབ་ཅིང་གདགས་པའི་དོན་ཏོ། །རྣ་བའི་དབང་པོ་གྲོ་ག་གཅུས་ཏེ་བཅད་པ་འདྲ་བ་ནི་རྣམ་
เล่ม ๖๖ · หน้า 185b
པར་ཤེས་པ་སྐྱེ་ཞིང་འབྱུང་བའི་གཞི་བྱེད་ལ། དཔེར་ན་རྒྱུ་མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་སྟེ། དེ་འཇོམས་པ་ནི། ཀུན་རིག་གི་ཉེ་བའི་སྙིང་པོ་སྟེ། ཨོཾ་སརྦ་བིད་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ། རྣ་བ་གཉིས་ལ་གདགས་ཤིང་གཉིས་སུ་མེད་
པར་བྱིན་གྱིས་བརླབ་པའི་དོན་ཏོ། །སྣའི་དབང་པོ་ཟངས་མའི་མོ་ཁབ་གཤིབས་པ་དང་འདྲ་བ་སྟེ། ཡུལ་ལ་བརྟེན་ནས་རྣམ་པར་ཤེས་པ་བྱུང་ནས་ཡུལ་ཉམས་སུ་མྱོང་བའི་དོན་ཏེ། དེ་བཞིན་དུ་ཡུལ་དང་དབང་པོ་དང་། རྣམ་པར་ཤེས་པ་གསུམ་འདུས་ནས། ཉམས་སུ་མྱངས་ནས་
ཕྲད་པ་ནི་རེག་པའོ། །དེ་འཇོམས་པ་ནི་མེ་ཏོག་ཆེར་རྒྱས་ཀྱི་ཉེ་བའི་སྙིང་པོ་སྟེ། ཨོཾ་སརྦ་བིད་ཏྲ་ཐ། སྣ་ལ་བཏགས་ལ་བྱིན་གྱིས་བརླབས་ནས་གཉིས་སུ་མེད་པར་བྱ་བའི་དོན་ཏོ། །དཔྲལ་བའི་ངོ་བོ་ནི་བཀྲག་མདངས་འབྱུང་བའི་རང་བཞིན་གྱི་གཞི་སྟེ། དེ་བཞིན་དུ་རེག་པས་ཡུལ་
དང་ཕྲད་པར་གྱུར་པའི་ཚེ། ཚེ་རབས་ཡུལ་གྱི་བདེ་སྡུག་ཉམས་སུ་མྱོང་བ་ནི་ཚོར་བ་སྟེ། དེ་འཇོམས་པའི་ཕྱག་རྒྱ་ནི། མེ་ཏོག་ཆེར་རྒྱས་ཀྱི་སྙིང་པོ་སྟེ། ཨོཾ་སརྦ་བིད་ཏྲ་ཐ། དཔྲལ་བར་བཏགས་ནས་བྱིན་གྱིས་བརླབ་པའི་དོན་ཏོ། །ཁ་ནི་ཟས་ལ་སོགས་པ་ལ་སྲེད་པའི་རང་བཞིན་
གྱི་རྒྱུ་བྱེད་པས་ན། དེ་བཞིན་དུ་ཚོར་བས་ཡུལ་གྱི་བདེ་སྡུག་ཉམས་སུ་མྱོང་ནས་ཕུང་པོ་ལྔ་ལ་མངོན་པར་ཞེན་པས་ནི་སྲེག་པའོ། །དེ་འཇོམས་པའི་ཕྱག་རྒྱ་ནི་ཤཱཀྱ་ཐུབ་པའི་སྙིང་པོ་སྟེ། ཨོཾ་སརྦ་ཨ་པ་ཡ་བི་ཤོ་དྷ་ཡ་ཧཱུཾ་ཕཊ། ཤཱཀྱ་ཐུབ་པའི་སྙིང་པོ་སྙིང་གར་བཏགས་ལ་བྱིན་གྱིས་བརླབ་
པའི་དོན་ཏོ། །པུས་མོ་ནི་བརྐྱང་བ་དང་། བསྐུམ་པའི་རྒྱུ་བྱེད་དེ། པུས་ཚིགས་ཏེ། དེ་བཞིན་དུ་སྲེད་པས་ཡུམ་གྱི་རྣམ་པར་ཤེས་པ་ལ་འཕེལ་ཞིང་འབྱུང་བའི་རྐྱེན་གྱིས་ལེན་པ་སྟེ། མེ་ཏོག་ཐུ་བ་ལྟ་བུ་སྟེ། ཡུལ་ལ་བདག་ཏུ་ཞེན་པའི་དོན་ཏོ། །དེ་འཇོམས་པ་ནི་ངན་སོང་སྦྱོང་བའི་
སྐུ་བསྐྱེད་པའི་སྙིང་པོ་སྟེ། ཨོཾ་སརྦ་བིད་སྭ། པུས་མོ་གཉིས་ལ་གཏགས་ལ་གཉིས་སུ་མེད་པར་བྱིན་གྱིས་བརླབ་པའི་དོན་ཏོ། །རྐང་པའི་བོལ་ནི་ཕུང་པོ་འདྲེན་ཅིང་མགྱོགས་པར་བྱེད་པའི་གཞི་བྱེད་པ་སྟེ། དེ་བཞིན་དུ་ཡུལ་ལ་ལེན་པས་བདག་ཏུ་གཟུང་བས་ལས་ཀྱིས་མའི་
เล่ม ๖๖ · หน้า 186a
མངལ་དུ་འཕངས་ནས། སྲིད་པའི་གཞི་བསྒྲུབ་པའི་ས་བོན་འབྱིན་པས་སྲིད་པའོ། །དེ་འཇོམས་པ་ནི་རིན་ཆེན་མེ་ཏོག་གི་སྐུ་བསྐྱེད་པའི་སྙིང་པོ་སྟེ། ཨོཾ་སརྦ་བིད་ཨ། རྐང་པའི་བོལ་གཉིས་ལ་བཏགས་ནས་གཉིས་སུ་མེད་པར་བྱིན་གྱིས་བརླབ་པའི་དོན་ཏོ། །
གསང་བའི་གནས་ནི་སེམས་ཅན་སྐྱེ་བའི་རྒྱུ་ས་བོན་འབྱུང་བའི་གནས་ཏེ། དེ་བཞིན་དུ་སྲིད་པས་སྲིད་ཅིང་རྟས་པར་བྱེད་པས་ཕུང་པོ་སྨིན་ཅིང་མའི་མངལ་ནས་བྱུང་ནས་ཕྱིར་འབྱུང་བ་ནི་སྐྱེ་བའོ། །དེ་འཇོམས་པ་ནི་རྡོ་རྗེའི་བསྒོམ་པ་སྟེ། ཨོཾ་བྷ་གསང་བའི་གནས་སུ་གདགས་ཏེ། གཉིས་
སུ་མེད་པར་བྱིན་གྱིས་བརླབ་པའི་དོན་ཏོ། །གཙུག་ཕུད་ནི་རྒས་པའི་རྟགས་ཏེ། ཅིའི་ཕྱིར་ཞེ་ན། སྐྲ་དཀར་པོར་གྱུར་པའི་རྟགས་སོ། །དེ་བཞིན་དུ་སེམས་ཅན་རྣམས་ལས་ཀྱིས་རབ་ཏུ་བསྐྱེད་ནས། ཕུང་པོ་སྨིན་ཅིང་མཐར་ཐུག་པའི་རྒས་པ་སྟེ་དེ་བདག་པོའོ། །དེ་འཇོམས་
པ་ནི་མེ་ཏོག་ཆེར་རྒྱས་ཀྱི་སྐུ་བསྐྱེད་པའི་སྙིང་པོ་སྟེ། ཨོཾ་སརྦ་བིད་ཏྲ་ཐ། གཙུག་ཕུད་དུ་བཏགས་ཏེ་གཉིས་སུ་མེད་པར་བྱིན་གྱིས་བརླབ་བོ། །ལྐོག་མ་ནི་དབུགས་ཕྱི་ནང་གཉིས་སུ་རྒྱུ་བའི་རྟེན་སྲོག་གི་གཟུངས་ཡིན་པས་དེ་བཞིན་དུ་དང་པོ་སྐྱེ་བའི་རྐྱེན་གྱིས་རྒས་ནས་ཁམས་
རབ་ཏུ་འགྱུར་ནས། ནད་ཀྱི་རྣམ་པ་སྣ་ཚོགས་ཕུང་པོ་རྣམ་པར་མི་བཟོད་པའི་སྡུག་བསྔལ་སྣ་ཚོགས་པས་གཟིར་ཏེ། འཇིག་པ་ནི་འཆི་བའོ། །དེ་འཇོམས་པའི་ཕྱག་རྒྱ་ནི། རིན་ཆེན་མེ་ཏོག་གི་སྙིང་པོ་སྟེ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་ཨ་པ་ཡ་ན་སརྦ་སྭ་རྒྱེ་བྷྱ་ཧཱུཾ། རིན་ཆེན་མེ་
ཏོག་གི་སྙིང་པོ་སྟེ། ལྐོག་མར་བཏགས་ལ་བྱིན་གྱིས་བརླབ་བོ། །ལོང་བུ་ནི། རྐང་པའི་ཚིགས་གནས་པའི་གཞི་སྟེ། དེ་བཞིན་དུ་རབ་ཏུ་འཆིང་བར་མྱོས་ཏེ། སེམས་ཅན་མངོན་པར་ཆགས་པ་དང་བཅས་ཏེ། གང་གིས་སེམས་རབ་ཏུ་གདུང་བའི་མྱ་ངན་ནོ། །དེ་འཇོམས་
པའི་ཕྱག་རྒྱ་ནི་ཤཱཀྱ་ཐུབ་པའི་སྐུ་བསྐྱེད་པ་སྟེ། ཨོཾ་སརྦ་བིད་ཧཱུཾ། ལོང་བུ་ལ་བཏགས་ལ་གཉིས་སུ་མེད་པར་བྱིན་གྱིས་བརླབ། མིག་ནི་ཡུལ་སྣ་ཚོགས་པ་མཐོང་བའི་རྒྱུ་མིག་གི་དབང་པོ་ཆུ་དང་བ་ལྟ་བུ་སྟེ། དེ་བཞིན་དུ་མྱ་ངན་གྱི་སེམས་རབ་ཏུ་གདུངས་ཏེ་ཤིན་ཏུ་མྱོས་ཏེ། ཚིག་
เล่ม ๖๖ · หน้า 186b
རྣམ་པ་སྣ་ཚོགས་སུ་སྨྲེ་སྔགས་འདོན་པ་ནི་སྨྲེ་སྔགས་འཇོམས་པའི་ཕྱག་རྒྱ་ནི་སྟོང་པར་བྱིན་གྱིས་བརླབ་པའི་སྔགས་ཏེ། ཨོཾ་ཤ་མིག་ལ་བཏགས་ལ་བྱིན་གྱིས་བརླབ་བོ། །མཛོད་སྤུ་ནི་ངོའི་བཀྲག་སྐྱེ་བའི་གནས་ཏེ། དཔེ་དེ་དང་འདྲ་བར་ནི། ནང་གི་རྣམ་པར་ཤེས་པའི་ཚོགས་
ལྔ་དང་། ལྷན་ཅིག་ཏུ་སྡུག་བསྔལ་སྣ་ཚོགས་མྱོང་སྟེ་རབ་ཏུ་ཉོན་མོངས་པས་གཟིར་བ་ནི། སྡུག་བསྔལ་གསུམ་དང་རྒྱུད་ཀྱི་རྒྱུ་སྟེ། དེ་འཇོམས་པའི་ཐབས་ཀྱི་ཕྱག་རྒྱ་ནི། ངན་སོང་སྦྱོང་བའི་ཉེ་བའི་སྙིང་པོ་སྟེ། ཨོཾ་སརྦ་བིད་ཧཱུཾ། མཛོད་སྤུ་ལ་བཏགས་ལ་གཉིས་སུ་མེད་པར་བྱིན་
གྱིས་བརླབ་བོ། །སྣའི་རྩེ་མོ་ནི། སྣ་ནི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་བྱེད་དེ། དཔེ་དེ་དང་འདྲ་བར་སྡུག་བསྔལ་གྱིས་སེམས་གཟིར་ཅིང་ཉོན་མོངས་པའི་ཚེ། ཡིད་མི་བདེ་བའི་འཁྲུལ་པ་སྣ་ཚོགས་ཉམས་སུ་མྱོང་བར་གྱུར་ནས། ཉོན་མོངས་པའི་སྡུག་བསྔལ་སྣ་ཚོགས་པས།
རང་གི་སེམས་གཟིར་ཅིང་ཡིད་འཁྲུལ་པ་ནི་ཡིད་མི་བདེ་བའོ། །དེ་འཇོམས་པའི་ཕྱག་རྒྱ་ནི་ངན་སོང་སྦྱོང་བའི་སྙིང་པོ་སྟེ། སྣའི་རྩེ་མོ་ལ་བཏགས་ལ་གཉིས་སུ་མེད་པར་བྱིན་གྱིས་བརླབ་བོ། །སྙིང་པོ་བཅུ་བདུན་དུ་སྨོས་པ་ནི། སྟོང་པར་བསྒོམ་པ་རིག་པའི་ཡེ་ཤེས་སོ། །དབྱིངས་
དང་ཡེ་ཤེས་ཀྱི་ཁྱད་པར་ལས། རིགས་ལྔའི་སངས་རྒྱས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཡང་སྨོས་སོ། །སེམས་ཅན་ཕྱི་གཟུང་བའི་ཡུལ་མེད་པ་ལ། ཡུལ་དུ་ལྟ་བའི་གཉེན་པོ་ནི། སྟོང་པར་བསྒོམ་པ་སྨོས་ལ། ནང་འཛིན་པའི་སེམས་མེད་པ་ལ་བདག་ཏུ་ལྟ་བའི་གཉེན་པོར་ནི་རྡོ་རྗེ་
བསྒོམ་པ་སྨོས་སོ། །ཕྱི་ལ་བཅོ་ལྔ་ཡོད་པ་ནི་རྣམ་པ་གསུམ་དུ་བསྡུས་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟར་གཞན་དུ་ཡི་གེ་སྔགས། །ཞེས་གསུངས་ཏེ། དེ་ལྟར་གོང་གི་ཡིག་འབྲུ་དགོད་པའི་བྱེ་བྲག་ལ་བྱ་བ་ཡིན་ལ། གཞན་དུ་ནི་འགྲོ་བ་གཞན་གྱི་དོན་ཆེད་དུ་འདི་ལྟར་དུ་ཡང་སྦྱར་བ་ཞེས་
པའི་ཐ་ཚིག་སྟེ། ཅིའི་ཕྱིར་ཞེ་ན། ཡི་གེ་ནི་མཚོན་པར་བྱེད་པའི་རྒྱུ་བྱང་ཆུབ་ལ་བྲི་བར་བྱེད་པ་ཡིན་ལ། སྔགས་ནི་རིག་པའི་ཁྱད་པར་དུ་བསྟན་པ་ཡིན་ཏེ། དེ་ཡང་རྣམ་པ་གསུམ་སྟེ། བྱང་ཆུབ་ཀྱི་སེམས་རྟོགས་པའི་ཁྱད་པར་ལས་ནི་སྙིང་པོ་རྣམ་པ་ལྔར་བསྟན་ལ། བྱང་ཆུབ་
เล่ม ๖๖ · หน้า 187a
སེམས་ཀྱི་འབྲས་བུ་བླ་ན་མེད་པ་ཐོབ་ཅིང་། སྦྱིན་པའི་རྒྱུ་བྱེད་པས་ཉེ་བའི་སྙིང་པོ་སྔར་བསྟན་ལ། འབྲས་བུ་ངོ་བོར་གཞག་པའི་ཕྱིར་ནི། སྐུ་བསྐྱེད་པ་ལྔ་བསྟན་ལ། དེ་ལ་སྙིང་པོ་ནི། རྒྱུའི་དོན་ཏོ། །ཉེ་བའི་སྙིང་པོ་ནི་རྐྱེན་སྙིང་པོ་འཕགས་པའི་ཡེ་ཤེས་ཀྱི་དོན་ཏོ། །
སྐུ་བསྐྱེད་པའི་འབྲས་བུ་བླ་ན་མེད་པ་འགྲོ་བ་ལ་བསྟན་པའི་ཐ་ཚིག་གོ། །དེ་ལ་སྙིང་པོ་བྱང་ཆུབ་ཀྱི་སེམས་རྒྱུ་རྣམ་པ་ལྔས་ནི་ངན་སོང་རྒྱུས་ཉོན་མོངས་པ་རྣམ་པ་ལྔ་ནི་ངན་སོང་གི་ཉོན་མོངས་པ་རྣམ་པ་ལྔ་འཇོམས་པའི་ཕྱག་རྒྱའོ། །རྐྱེན་གཉེན་པོ་ཡེ་ཤེས་ཀྱི་བརྩོན་འགྲུས་ཉེ་བའི་སྙིང་པོ་རྣམ་
པ་ལྔ་ནི། ངན་སོང་དུ་སྐྱེ་བའི་ལམ་རྒྱུད་ལྔ་འཇོམས་པའི་དོན་ཏོ། །སྐུ་བསྐྱེད་པ་རྣམ་པ་ལྔས་ནི། ངན་སོང་གི་རྟེན་ཕུང་པོ་རྣམ་པ་ལྔ་བཤིག་ཅིང་འཇོམས་པའི་ཐ་ཚིག་གོ། །དེ་ཡང་ཅིའི་ཕྱིར་ཞེ་ན། མཆོག་ཏུ་དགེ་བ་རྣམ་གཞག་གོ། །ཞེས་གསུངས་ཏེ། མཆོག་ནི་ཐུགས་ཀྱི་ཡིག་
འབྲུ་རྣམས་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཡོན་ཏན་གྱི་མཆོག་ཏུ་གྱུར་པའི་ཕྱིར་རོ། །དགེ་བའི་ཐབས་ཏེ་གོང་དུ་གསུངས་པ་ལྟར། ངན་སོང་གི་རྒྱུ་ལམ་དང་རྟོག་པ་བཅོམ་ནས་དེ་དགེ་བ་ལ་དགོད་པའི་ཐ་ཚིག་གོ། །དེ་བས་ན་གཞག་ཅེས་སྨོས་པའི་ཕྱིར་རོ། །སྔགས་ཀྱི་ཡིག་འབྲུ་
བཏགས་པའི་དོན་བསྟན་ཟིན་ཏོ། །ད་ནི་རོ་ཤིང་སྟེང་དུ་གཞག་པའི་དོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་ངན་སོང་སྦྱོང་བའི་ཕྱིར་ཞེས་སྨོས་སོ། །དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །ངན་པ་ནི་ཉོན་མོངས་པ་སྟེ་རྒྱུའོ། །སོང་བ་ནི་འབྲས་བུ་སྟེ་ཁམས་གསུམ་དུ་འཁོར་བའོ། །སྦྱོང་བ་ནི་རྒྱུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་
སྦྱང་བ་དང་། རྐྱེན་གཉེན་པོས་འཕགས་པའི་ཡེ་ཤེས་ཀྱི་འཕྲོ་འདུས་སྦྱང་བ་དང་། ངན་སོང་གི་འབྲས་བུ་འོད་ཟེར་གྱི་ཕྲེང་བས། སྐུའི་ས་བོན་གྱིས་སྦྱང་བ་དང་གསུམ་མོ། །ཅིའི་ཕྱིར་ཞེ་ན། སྟན་དང་བཅས་པས་དེ་དབུས་སུ། །གཞག་པ་ཉིད་དུ་བྱ་བ་ཡིན། །ཞེས་གསུངས་ཏེ། སྟན་ནི་རྣམ་པ་གཉིས་ཏེ། ཕྱི་རོལ་
དང་ཆོས་མཐུན་པར་བྱ་བའི་ཕྱིར་ན། ཤིང་གི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྱ་བ་དང་། ཏིང་ངེ་འཛིན་དང་འབྲེལ་པའི་ཕྱིར་ནི། པཾ་ལས་པདྨ་འདབ་མ་བརྒྱད་པ་མཾ་ལས་ཉི་མའི་དཀྱིལ་འཁོར་ལ་སོགས་པའི་ཏིང་ངེ་འཛིན་གྱིས་བསྒོམ་པའི་ཐ་ཚིག་གོ། །བཅས་ཞེས་བྱ་བ་ནི། སྟན་སྟེང་དུ་གཞག་པའི་ཐ་
เล่ม ๖๖ · หน้า 187b
ཚིག་གོ། །དབུས་ནི་ཕོ་བྲང་དཀྱིལ་འཁོར་དུ་ཁྱེར་བའི་དོན་ཏོ། །གཞག་པ་ནི་དེ་ཉིད་དུ་སྟན་ལ་གཞག་པར་བྱ་བའི་དོན་ཏོ། །རོ་ཉིད་ཀྱང་སྙིང་པོ་ལྔ་བཀོད་པས་ནི་ཉོན་མོངས་པ་རྣམ་པ་ལྔ་དང་བྲལ་ཏེ། ཡེ་ཤེས་རྣམ་པ་ལྔར་བསྒོམས་ལ། ཉེ་བའི་སྙིང་པོ་རྣམ་པ་ལྔར་བཀོད་པས་ནི། ལམ་རྣམ་པ་ལྔ་
སྦྱངས་ཏེ། རིགས་རྣམ་པ་ལྔར་བསྐྱེད་པ་དང་། སྐུ་བསྐྱེད་པ་རྣམ་པ་ལྔ་བསྐྱེད་པས་ནི་ངན་སོང་གི་རྟེན་ཕུང་པོ་ལྔ་བཅོམ་ནས། རིན་པོ་ཆེ་ལྔའི་མཆོད་རྫས་སུ་གྱུར་བ་འམ། རྣམ་པར་གྲོལ་བའི་ཕུང་པོ་ལྔར་གྱུར་པར་བསྒོམས་ནས་བྱ་བ་ཡིན་ཞེས་སྨོས་སོ། །ད་ནི་གོས་ལ་སྔགས་ཀྱིས་གདབ་
ཅིང་མེ་སྦར་བ་སྟོན་ཏེ། དེ་ནས་སྔགས་འཆང་སྔགས་ཀྱིས་ནི། །བཏབ་པའི་གོས་ཀྱིས་གཡོགས་པར་བྱ། །ཞེས་གསུངས་ཏེ། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །སྔགས་འཆང་ནི་སྒྲུབ་པ་པོ་ལས་རྡོ་རྗེའོ། །སྔགས་ནི་གཉེན་པོ་ཡེ་ཤེས་ཀྱི་འོད་ཟེར་གོས་ལ་འཕྲོ་བའོ། །བཏབ་པ་ནི་གོས་
ལ་བཏབ་པའོ། །རིགས་ལྔའི་ཡིག་འབྲུས་རིགས་དྲུག་ཁ་དོག་རྣམ་པ་ལྔར་བྱིན་གྱིས་བརླབས་པའི་ཐ་ཚིག་གོ། །གཡོགས་པ་ནི་རོ་ལ་གཡོགས་པའོ། །ད་ནི་མེ་སྦར་བ་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་བྱིན་ཟ་དགེ་བ་རབ་སྦར་ལ། །ཞེས་གསུངས་ཏེ། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །
བྱིན་ཟ་ནི་ཡེ་ཤེས་ཀྱི་ཞལ་ཏེ། སྲེག་ཁང་གཞལ་ཡས་ཁང་ངོ་། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱིས་ཉོན་མོངས་པ་ཟད་ཅིང་སྟོངས་པར་བྱེད་པའི་ཐ་ཚིག་གོ། །དགེ་བ་ནི་མི་དགེ་བ་འཇོམས་པར་བྱེད་པའི་གཞི་ཡིན་ལ། སྦར་བ་ནི་ཤིང་ལ་མེ་སྦར་བའི་ཕྱིར་ཏེ། ཅིའི་ཕྱིར་ཞེ་ན། མེ་ལྕེ་སྟོང་གིས་དཀྲིས་ཤིང་
འབར་བའི་ལུས། །ཞེས་གསུངས་ཏེ། དེ་ལ་མེ་ནི་ཡེ་ཤེས། ལྕེ་ནི་ཕྲིན་ལས། སྟོང་པ་ནི་སྤྲུལ་པ། དཀྲིས་པ་ནི་ཐུགས་རྗེས་འགྲོ་བའི་དོན་ལ་དཀྲིས་ཤིང་འབྲེལ། འབར་བ་ནི་རང་བཞིན། ལུས་ནི་ལྷ་ཡེ་ཤེས་སེམས་དཔའི་ལུས་སུ། བདག་དམ་ཚིག་སེམས་དཔའ་བསྒོམ་ཞིང་། གཉིས་
སུ་མེད་པར་བྱིན་གྱིས་བརླབ་པའི་ལུས་སོ། །དེ་ནས་སྔགས་པས་མཆོད་རྫས་ནི་གཡོན་དུ་གཞག བསྲེག་རྫས་ནི་གཡས་སུ་གཞག་སྟེ། མེ་ལྷ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། མཆོད་པ་སྦྱིན་སྲེག་ནས་འབྱུང་བ་བཞིན་བྱའོ། །ད་ནི་མཎྜལ་གྱི་ལྷ་སྤྱན་དྲངས་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་བཞིན་
เล่ม ๖๖ · หน้า 188a
གཤེགས་སོགས་དེ་ལྟར་སྤྱན་དྲངས་ལ། །ཞེས་གསུངས་ཏེ། དེ་ནི་མ་ནོར་བའི་ཆོས་ཉིད་དོ། །བཞིན་ནི་ཡེ་ཤེས་ཀྱིས་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །གཤེགས་པ་ནི་དབྱིངས་ཏེ། ཡེ་ཤེས་ཀྱི་ཁྱད་པར་ལས་རིགས་ལྔའི་སངས་རྒྱས་སུ་འགྲོ་བའི་དོན་ལ་གཤེགས་པའོ། །སོགས་ནི་
འཁོར་དང་བཅས་པའོ། །དེ་ལྟར་མེ་ལ་བྱ་བའི་ཐ་ཚིག་གོ། །སྤྱན་དྲང་བ་ནི། རང་བཞིན་གྱི་མཎྜལ་གྱི་འཕགས་པ་རྣམས་སྤྱན་དྲངས་ལ་བདག་གི་ཏིང་ངེ་འཛིན་བསྐྱེད་པ་ནི། ཆུ་དང་འོ་མ་འདྲེས་པ་ལྟར་གྱུར་ནས། ཡེ་ཤེས་ཀྱི་ཐབ་ཁུང་དུ་རིམ་པར་མཆོད་པ་གོང་ནས་བསྟན་པ་བཞིན་དུ་བྱ་བའི་ཐ་ཚིག་གོ། །
ད་ནི་མེ་བརྟག་པ་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་བྱིན་ཟ་ལ་ནི་བརྟག་བྱ་བ། །ཞེས་གསུངས་ཏེ། མེ་ལྕེ་ཟླུམ་ལ་འཁྱིལ་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྟགས་སོ། །དཀར་ལ་འཚེར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྟགས་སོ། །མེ་ལྕེ་དྲང་པོར་འབར་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་
རྟགས་སོ། །མེ་སྟག་མི་འཕྲོ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟགས་སོ། །མེ་ལྕེ་གྱེན་དུ་མི་འཐོར་བར་འབར་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རྟགས་སོ། །དེ་འཕགས་པའི་གནས་སྐབས་སོ། །སེམས་ཅན་གྱི་གནས་སྐབས་སུ་སྐྱོན་ཡོན་གཉིས་སུ་བསྟན་ཏེ། ཡོན་ཏན་ལ་ཁ་དོག་དཀར་བར་འབར་བ་
ནི་བག་ཆགས་ཟད་པའི་རྟགས་སོ། །གཡས་སུ་འཁྱིལ་ཞིང་འབར་བ་ནི་འཁོར་བ་ལས་ལྡོག་པའི་རྟགས་སོ། །གྱེན་དུ་འབར་བ་ནི་མཐོ་རིས་སུ་ཕྱིན་པའི་རྟགས་སོ། །དྲི་མ་མེད་པར་འབར་བ་ནི་ཉེ་བཞི་ལ་ཁ་ན་མ་ཐོ་བའི་སྐྱོན་གྱིས་མི་གོས་པའི་རྟགས་སོ། །མེ་ལྕེ་ཟླུམ་ལ་མེ་སྟག་མི་འཕྲོ་བར་འབར་བ་ནི།
ཉེ་བཞི་བཀྲ་ཤིས་པའོ། །མེ་ལྕེ་བརྟེན་ལ་གློག་བཞིན་དུ་དྲི་མ་མེད་པ་ལ་གསལ་བར་འབར་བ་ནི་ནོར་ཕྱུགས་འཕེལ་བའི་རྟགས་སོ། །དེ་ནི་མེའི་ཡོན་ཏན་བརྟག་ཐབས་དྲུག་གོ། །མེའི་སྐྱོན་རྣམ་པ་ལྔ་སྟེ། ཁ་དོག་ཁམ་ལ་མི་གསལ་བར་འབར་བ་ནི། བག་ཆགས་ཀྱི་སྒྲིབ་པ་མ་འབྱོངས་པའི་རྟགས་སོ། །
སྔོ་ལ་སྔོན་ལ་མེ་ལྕེ་གཡོན་དུ་འཁྱིལ་བ་ནི། མཐོ་རིས་སུ་མི་ཐར་བའི་རྟགས་སོ། །མེ་ལྕེ་ཐུར་དུ་འཚུབ་ཅིང་དུ་བ་དང་འདེས་ནས་འབར་བ་ནི། ཉེ་བཞི་ལ་མི་ཁས་བཙོགས་པའི་རྟགས་སོ། །མེ་ལྕེ་འཕྲོ་ཞིང་སྔོ་ནག་ཏུ་འབར་བ་ནི། ནོར་ཕྱུགས་མི་ཆགས་པའི་རྟགས་སོ། །མེ་འཚུབ་ཅིང་རླུང་གིས་
เล่ม ๖๖ · หน้า 188b
ལྷོ་ཕྱོགས་སུ་བསད་ན་རིམས་ནད་དང་ཡམས་འོང་བའི་རྟགས་སོ། །མེའི་རྟགས་སྐྱོན་རྣམ་པ་ལྔའོ། །ད་ནི་ལས་ཀྱི་ལྷག་ཆད་ཀྱི་ཁ་བསྐང་བ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་སྤྱན་དྲང་ཡོ་བྱད་གསུམ་མཆོད་ཅེས་གསུངས་ཏེ། དེ་ནས་ནི། གོང་དུ་མཆོད་པ་ཕུལ་བའི་ཕྱི་ནས་བྱ་བར་སྨོས་ལ། སྤྱན་
དྲང་བ་ནི། ལས་ཀྱི་ལྷག་ཆད་ཁ་བསྐང་བའི་ཕྱིར། ཐབ་ཁུང་དུ་རིམ་པར་ལྷ་སྤྱན་དྲང་བའོ། །ཡོ་བྱད་ནི་མཆོད་རྫས་དང་བསྲེག་རྫས་ཐམས་ཅད་དོ། །ལན་གསུམ་ནི། སྐུ་གསུང་ཐུགས་ལ་མཉེས་པར་བྱ་བའི་ཕྱིར། ལྷ་རེ་རེ་ལ་ལན་གསུམ་གསུམ་དབུལ་ལོ། །ད་ནི་མ་གྲུབ་ན་སྤོགས་པའི་ཆོ་
ག་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཕྱག་ན་རྡོ་རྗེ་པདྨའི་ཞགས་པ་བསྣམས། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གཟུགས། །ཞེས་གསུངས་ཏེ། ཕྱག་ན་རྡོ་རྗེ་ནི་ཐུགས་ཡང་དག་པའི་ཡེ་ཤེས་ཏེ། ཉོན་མོངས་པའི་སྐྱོན་གྱིས་མ་གོས་པ་ནི། ཕྱག་གཡས་པ་ན་པདྨ་བསྣམས། ཐབས་ཐུགས་རྗེ་
ཆེན་པོས་འཁོར་བ་མི་གཏོང་བའི་ཕྱིར་ནི་ཞགས་པ་བསྣམས། སྦྱིན་སྲེག་གི་གནས་སྐབས་སུ་བསྒོམས་པ་ལ། ད་ནི་རུས་པ་རྡོ་རྗེ་བསྡུ་བ་དང་། མ་གྲུབ་ན་སྤོགས་པའི་ཆོ་ག་བྱ་བའི་ཕྱིར། བདག་ཉིད་དེ་ལས་ལས་ཀྱི་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། སྐུ་མདོག་སྔོན་པོར་
འདུག་པ། དབུ་རྒྱན་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ་དབུ་གསུམ་ཕྱག་དྲུག །དབུ་གཡས་དཀར་གཡོན་དམར། ཕྱག་གཡོན་དང་པོ་གཉིས་ཧཱུཾ་གིས་མཛུབ་མོ་གཉིས་བསྒྲེང་བ། གཡས་བར་མ་ནི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡས་ཐ་མ་ན་པདྨ་འདབ་བརྒྱད་བསྣམས་པ།
གཡོན་ཐ་མ་ན་ཞགས་པ་བསྣམས་པ། ན་བཟའ་སྟོད་གཡོགས་དང་། སྨད་གཡོགས་ཀྱིས་བརྒྱན་པ། ཐུགས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་ནི་ཞབས་གཡས་བསྐུམ་པ། ཕྲིན་ལས་སྣ་ཚོགས་མཛད་པའི་རྟགས་སུ་ནི། གཡོན་བརྐྱང་བ་ལས་པདྨ་འདབ་མ་བརྒྱད་པ་
དཀར་པོའི་གདན་ལ་བཞུགས་པར་བསྒོམ། སྡིག་ཅན་གྱི་རོའམ་བསྲེགས་པའི་ཐལ་བའི་སྟེང་ན་གནོན་ཅིང་བཞུགས་པར་ཏིང་ངེ་འཛིན་གྱིས་བསྒོམ་མོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་པོ་སྟོང་ངམ་བྱེ་བ་ཙམ་བྱ་ཞིང་། སྡིག་ཅན་གྱི་མིང་ངམ་རུས་པ་དང་བསྲེས་ནས་སྦྱིན་སྲེག་བྱས་ན་
เล่ม ๖๖ · หน้า 189a
འགྲུབ་པར་གསུངས་སོ། །དེ་ནས་རུས་པ་རྡོ་རྗེ་བསྡུ་བའི་སྔགས་ཀྱིས་བསྡུ་བ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་ཐར་པར་གྱུར་པ་དང་། རྡོ་རྗེ་བསྡུ་བའི་སྔགས་ཀྱིས་ནི། །ཞེས་པ་ནི། དེ་ནས་བདག་ཉིད་ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་བསྒོམས་པ་དེས། རུས་
པ་ཉིད་རྡོ་རྗེ་བསྡུ་བའི་སྔགས་ཨོཾ་བཛྲ་ཏི་རིནྟི་ཞེས་བཟླས་ཤིང་རུས་པ་བསྡུ་སྟེ། ཅིའི་ཕྱིར་ཞེ་ན། དེ་ལྟར་མཚན་མ་སྲེག་པ་དེ་ཉིད་ལྷར་དབང་བསྐུར་བའི་ཕྱིར་རོ། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཞེས་གསུངས་ཏེ། ཆོ་ག་ནི་ཐབས་ཞིབ་མོ་སྟེ། བདག་ལྷར་བསྒོམས་པའི་ཆོ་གའོ། །བསྡུ་བ་ནི་རུས་
པ་རིན་པོ་ཆེའི་འབར་བར་བྱས། །རུས་པ་ཉིད་ནོར་བུ་རིན་པོ་ཆེར་བསྒོམ་པའི་ཆོ་ག་དང་སྔགས་ཡིག་འབྲུ་བྱང་ཆུབ་སེམས་ཟླ་བའི་མཎྜལ་དུ་བསྒོམ་པའི་ཆོ་ག་དང་། སྣོད་བྲུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྒོམ་པའི་ཆོ་གའོ། །བསྡུ་བ་ནི་རུས་པ་རིན་པོ་ཆེའི་འབར་བར་བྱས་ནས་སྣོད་
དུ་བསྡུ་བ་དང་། རྒྱུ་ཉོན་མོངས་པ་གཉེན་པོ་ཡེ་ཤེས་ཀྱི་སྟོབས་སུ་བསྡུ་བ་དང་། འབྲས་བུ་རིགས་ལྔའི་ངོ་བོར་བསྡུ་བའོ། །དེ་ལྟར་བསྡུས་ནས་སྔགས་མཁན་གྱིས། རྣམ་པར་རྒྱལ་བའི་བུམ་པ་དྲི་ཆུ་དང་། བའི་འོ་མ་དང་ཞོ་དང་མར་དང་། བའི་ལྕི་བ་དང་། གཅིན་དང་ལྔ། དྲི་སྣ་ཚོགས་
དང་བསྲེས་ལ་བཏགས་ཏེ། མཆོད་རྟེན་དུ་བྱས་ནས་སྔགས་དང་ཕྱག་རྒྱ་བརྒྱ་རྩ་བརྒྱད་དང་འབུམ་ཕྲག་གི་བར་དུ་ཏིང་ངེ་འཛིན་དང་བཟླས་པ་བྱ་ཞིང་། དངོས་གྲུབ་ཀྱི་རྟགས་མཆོད་རྟེན་འབར་བ་དང་། ཞལ་འཛུམ་པ་དང་། དྲི་དང་འོད་དང་། རྣམ་པ་སྣ་ཚོགས་ཀྱི་གཟུགས་སྟོན་པ་ནི་བཟང་པོའི་
རྟགས་སོ། །ཅི་སྲིད་མེ་ཏོག་ལ་སོགས་པ་འདོར་བ་དང་། དྲི་མི་ཞིམ་པ་ལ་སོགས་པ་བྱུང་ན་ནི་སྡིག་པའི་མཚན་མ་སྟེ། བདག་ཉིད་མི་ཉལ་བར་ཏིང་ངེ་འཛིན་རྩེ་གཅིག་པར་སྔགས་ཀྱི་ཡིག་འབྲུ་བཟླས་ནས། ལྷའི་གཟུགས་སུ་འགྱུར་ཞིང་བྱང་ཆུབ་ཀྱི་རྒྱུར་ངེས་པ་ཐེ་ཚོམ་མེད་པར་ཀུན་རིག་
གིས་གསུངས་སོ། །རུས་པ་རྡོ་རྗེ་བསྡུ་བའི་སྔགས་ཀྱིས་བསྡུ་བའི་ཆོ་ག་བྱེ་བྲག་དང་བཅས་པ་བཤད་ཟིན་ཏོ།། །།ད་ནི་ལས་ཀྱི་མཚན་ཉིད་བྱེ་བྲག་གཏན་ལ་དབབ་པ་སྟོན་ཏེ། མཚན་མ་འདི་དག་ཤེས་ནས་ནི། །ཞེས་པ་ནི། མཚན་མ་ནི་དངོས་གྲུབ་བཟང་ངན་གྱི་མཚན་མ་ལ། འདི་དག་ནི་གོང་དུ་གསུངས་
เล่ม ๖๖ · หน้า 189b
པ་ལ། ཤེས་ནས་ནི་ལས་ཀྱི་མཚན་ཉིད་གཏན་ལ་དབབ་པའི་དོན་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། རྣམ་པར་མི་རྟོག་སེམས་ཀྱིས་ཀྱང་། །ཞེས་གསུངས་ཏེ། རྣམ་པ་ནི་མཚན་མའི་བྱེ་བྲག་ལ། མི་རྟོག་པའི་ཡེ་ཤེས་ཀྱི་མཚན་མ་རྣམས་མ་བྱུང་མ་སྐྱེས་པར་བསྒོམ་པའོ། །སེམས་ནི་དེའི་དོན་བསྒྲུབ་
པའི་སེམས་ཀྱི་ཏིང་ངེ་འཛིན་གྱིས་བསྒོམ་ཞེས་པའི་ཐ་ཚིག་གོ། །དང་པོར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་པ་ལས། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་འགྲོ་བའི་དོན་བྱ་དགོས་པས་ན། བྱམས་དང་སྙིང་རྗེར་ལྡན་པ་ཡི། །ཞེས་གསུངས་ཏེ། བྱམས་པ་ནི་ཕྱོགས་མེད་པ་སྟེ།
ཀུན་ལ་ཁྱབ་པར་བསྒོམ་པ་ཡིན་པས། སྙིང་རྗེས་ཕན་འདོགས་པ་སྟེ། ཁྱད་པར་དུ་ཡང་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་ཅན་རྣམས་སོ། །ལྡན་པ་ནི་ཕྲིན་ལས་དང་ལྡན་པ་སྟེ། འགྲོ་བའི་དོན་བྱེད་པའི་ཐ་ཚིག་པས། ལས་དང་ཐམས་ཅད་གཏན་ལ་འབེབས་པར་མཛད་
པས་ན་ལས་གྲུབ་པའི་ཐ་ཚིག་གོ། །ད་ནི་ལྟོས་པའི་རོ་མེད་ན་ཡང་ཆོ་ག་བྱེད་པའི་ཁྱད་པར་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཡང་ན་མེད་པར་གྱུར་ན་ཡང་། །ཞེས་གསུངས་ཏེ། ཡང་ན་ནི་རོ་མེད་ན་ཡང་བྱ་བའི་ཐ་ཚིག་གོ། །འགྱུར་ན་ནི་འགྲོན་ལ་ཐ་ཚིག་ཏུ་སོང་བའམ་ཤི་བའམ། ཆུས་ཁྱེར་བའམ།
དངོས་པོ་མེད་པའོ། །ཅིའི་ཕྱིར་ཞེ་ན། བཟླས་ཤིང་བསྒོམས་པའི་ཚུལ་གྱིས་ནི། །མིང་རུས་ལེགས་པར་བྲི་བར་བྱ། །ཞེས་གསུངས་ཏེ། བཟླས་པ་ནི་སྔགས་ཀྱི་ཡིག་འབྲུ་བཟླས་པ་དང་། མཚོན་པའི་སྒོ་ནས་མིང་རུས་བཟླས་པ་དང་། བཏགས་པའི་སྒོ་ནས་མིང་ཟློས་ཤིང་། མིང་
རུས་སྔགས་ཀྱི་ཡིག་འབྲུ་དང་བསྲེས་ཤིང་། མ་ནོར་བར་བསྒོམ་པའི་ཚུལ་ཡིན་ཏེ། གྲོ་གའམ་ཤོག་ཤོག་ལ་མིང་རུས་གུར་གུམ་གྱིས་བྲིས་ཏེ། དེ་ལ་དམིགས་པའི་རྟེན་བྱས་ནས། གཉེན་པོ་ཡེ་ཤེས་ཀྱི་སྤྲུལ་པ་བསྟིམས་ནས། དེ་ཉིད་འཇིམ་པ་དང་བསྲེས་ལ་བཏགས་ཏེ་མཆོད་རྟེན་
གྱི་ཕྲེང་བའམ། ལྷའི་གཟུགས་སུ་བྱས་ནའང་རུང་། སྦྱིན་སྲེག་བྱས་ནས་དབང་བསྐུར་ན་ཡང་རུང་སྟེ། གདོན་མི་ཟ་བར་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་ཐལ་བ་ཉིད་ཡུངས་ཀར་དང་བསྲེས་ལ་ཤི་བའི་མིང་རུས་སྨོས་ལ་སརྦ་བིཏ་ཀྱི་སྔགས་ཀྱིས་བཏབ་ནས། རྒྱ་མཚོའམ་ཆུ་ཀླུང་དུ་
เล่ม ๖๖ · หน้า 190a
བླུགས་ནའང་ངན་འགྲོ་ལས་ཐར་བར་འགྱུར་རོ། །ད་ནི་དགེ་བའི་ཚོགས་ཆེ་བ་རྣམས་ངན་འགྲོ་ལས་ཐར་བར་ཐབས་སླ་བ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དགེ་བའི་མཆོག་ནི་བསྐྱེད་པ་དང་། །བྱང་ཆུབ་ས་བོན་ཐོབ་པའི་ཐབས། །ཞེས་གསུངས་ཏེ། དགེ་བ་ནི་སྔོན་གོམས་པའི་
མཐུས་དེ་ལྟར་མི་དགེ་བ་བཅུའི་དངོས་པོ་མེད་པའོ། །མཆོག་ནི་ཡིད་འཕགས་པའི་ལམ་ལ་འདུན་ཅིང་། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཤེས་བྱ་ལ་ཡེ་ཤེས་ཆུབ་པའོ། །ས་བོན་ནི་དཔེར་ན་ས་བོན་སྐྱེ་བའི་འབྲས་བུ་འབྱིན་པ་དང་འདྲ་བར་རྒྱུ་རང་གི་བྱང་ཆུབ་ཀྱི་སེམས་འབྲས་བུ་བྱང་
ཆུབ་ཏུ་སེམས་པ་སྐྱེད་པ་སྨོས་སོ། །སངས་རྒྱས་འབྲས་བུ་རྒྱུར་ལྡན་པ། །ཞེས་གསུངས་ཏེ། སངས་རྒྱས་ནི་རིགས་ལྔ་ལ་བྱ། འབྲས་བུ་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྟེ། རྒྱུ་ནི་རང་གིས་རྟོགས་པའི་ཁྱད་པར་རོ། །ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཕྱིན་པར་ལྡན། །
ཞེས་གསུངས་པ་དང་། ཤེས་རབ་རྣམས་ཀྱི་རྒྱུ་བསྒོམས་པ། །ཞེས་པའི་བར་གྱིས་སྟོན་ཏེ། དེ་ལ་སྦྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད་དེ། དེ་ལ་རྣམ་པ་གཉིས་ཏེ། ཆོས་དང་ཟང་ཟིང་གཉིས་སོ། །ཚུལ་ཁྲིམས་ནི་ཚུལ་ཡང་ཡང་དག་པའི་དོན་ལ། ཁྲིམས་ནི་དེ་ལས་མི་འདའ་བའི་
མཚན་ཉིད་དོ། །དེ་ལ་ཡང་གཉིས་ཏེ། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །བཟོད་པ་ནི་མི་འཁྲུགས་པའི་མཚན་ཉིད་དོ། །དེ་ཡང་གཉིས་ཏེ། ཆོས་ཟབ་མོ་ལ་ཡིད་ཆེས་པའི་བཟོད་པ་དང་། གནོད་པར་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །བརྩོན་
འགྲུས་ནི། སྐྱོ་དུབ་མེད་པའི་མཚན་ཉིད་དེ། དེ་ལ་ཡང་གཉིས་ཏེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་སོ། །བསམ་གཏན་ནི། ཆོས་ཉིད་ཀྱི་དོན་ལ་མཉམ་པར་འཇོག་པའི་མཚན་ཉིད་དེ། དེ་ལ་ཡང་གཉིས་ཏེ། ཆོས་ཉིད་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་གྱི་བསམ་
གཏན་ནོ། །ཤེས་རབ་ནི། སྤྱི་དང་རང་གི་མཚན་ཉིད་དོ། །དེ་ལ་ཡང་གཉིས་ཏེ། ཟག་པ་དང་བཅས་པའི་ཤེས་རབ་དང་། ཟག་པ་མེད་པའི་ཤེས་རབ་བོ། །དེ་ནི་རྒྱུད་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་འབྲས་བུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱེ་བའི་ཕྱིར་རོ། །དེ་ལྟ་བུའི་སེམས་ཅན་ནི་ཐེ་
เล่ม ๖๖ · หน้า 190b
ཚོམ་མེད་པར་འགྲུབ་པའི་དོན་ཏོ། །ད་ནི་དགེ་བའི་རྩ་བ་མ་བསྐྱེད་པས་མི་འགྲུབ་པའི་དོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་མ་བསྐྱེད་ལ། །མེད་པར་ལྟ་བ་གང་ཡིན་དང་། །ཞེས་གསུངས་ཏེ། དགེ་བ་ནི་རྣམ་པར་དཀར་བ་ལ་བྱ། རྩ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །མ་བསྐྱེད་པ་ནི་དེ་ལ་མི་
གནས་ཤིང་མ་མོས་པའོ། །མེད་པར་ལྟ་བ་ནི་རྒྱུ་དགེ་སྡིག་གཉིས་མི་དགེ་བར་ལྡན་པ་དང་། འབྲས་བུ་དགེ་སྡིག་གཉིས་མེད་པར་ལྟ་བའོ། །དེ་ནི་རྒྱུ་འབྲས་ལ་སྐུར་པ་འདེབས་པ་སྟེ། ཡང་དག་པའི་བྱང་ཆུབ་ཀྱི་སེམས་མ་རྟོགས་ནས། ལོག་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་བྱེད་
ཅིང་། སྡིག་པའི་རང་བཞིན་དུ་མཐོང་བ་དང་། ཕ་མ་ལ་སྙིང་རིང་ཞིང་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་རྣམས་འགྲུབ་པར་མི་འགྱུར་ཞེས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ཡན་ཆད་དུ་སྦྱིན་སྲེག་གི་དོན་བསྟན་ཟིན་ཏོ། །ད་ནི་ཆོ་གའི་ཕན་ཡོན་བསྟན་ཏེ། དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །
ཞེས་གསུངས་ཏེ། དེ་ནི་གོང་གི་སྦྱིན་སྲེག་གི་མཇུག་སྡུད་ལ། ནས་ནི་འོག་གི་ཕན་ཡོན་གྱི་མགོ་འདྲེན་ནོ། །བརྒྱ་བྱིན་ནི་ཡོན་བདག་ཡིན་པས་ན་སྣ་ལ་སྨོས་ལ། ལྷ་ཐམས་ཅད་ནོར་བུ་དྲི་མ་མེད་པའི་འོད་ཐར་པ་ལས་ཕལ་དམ་པའི་ཕྱིར་སྨོས་སོ། །དེ་ནས་དབང་པོར་བཅས་པ་ཡི། །ཞེས་པ་
ནས། སྣ་ཚོགས་འབྱུང་བ་འདི་ཅི་ལགས། །ཞེས་པ་འབྱུང་བའི་བར་གྱིས་ནི། །ཡོན་ཏན་ལ་མང་སྟེ། མཆོད་པ་དུ་མས་མཆོད་པ་སྟོན་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ཞེས་པ་ནས། བདེ་བར་གཤེགས་པ་ངོ་མཚར་ལགས་སོ་ཞེས་པའི་བར་གྱིས་ནི། ནོར་བུ་དྲི་མ་མེད་པའི་འོད་རྣམ་
པར་ཐར་པ་བསྟན་ལ། འཁོར་ངོ་མཚར་ཆེ་བར་བསྟན་ཏོ། །དེ་ནས་བརྒྱ་བྱིན་ལ་སོགས་པ། །ཞེས་པ་ནས། སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་པའི་བར་གྱིས་ནི། དཀོན་མཆོག་གསུམ་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་པ་བསྟན་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་ཞེས་པ་དང་། བལྟ་
བར་འཚལ་ལོ་ཞེས་པའི་བར་གྱིས་ནི། ནོར་བུ་དྲི་མ་མེད་པའི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་བལྟ་བར་ཞུ་བ་གསོལ་བ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་པའི་བར་གྱིས་ནི། དེ་བཞིན་གཤེགས་པའི་ནོར་བུ་དྲི་མ་མེད་པའི་འོད་ཟེར་གྱི་ཕྲེང་བས་
เล่ม ๖๖ · หน้า 191a
བསྐུལ་ནས་རང་གི་གནས་ནས་འོང་བ་སྟོན་ཏོ། །དེ་ནས་ལྷའི་བུ་དེ་ཉིད་ཅེས་པ་ནས། ཟིལ་གྱིས་མནན་ཏོ་ཞེས་པའི་བར་གྱིས་ནི། ནོར་བུ་དྲི་མ་མེད་པའི་འོད་ཀྱི་རྣམ་པར་འཕྲུལ་པས་ཐམས་ཅད་ཟིལ་གྱིས་མནན་པ་སྟོན་ཏོ། །དེ་ནས་ལྷའི་བུ་དེ་ཞེས་པ་ནས། མྱུར་དུ་དགྲོལ་
ཞེས་པའི་བར་གྱིས་ནི། ཡ་མཚན་ཆེ་ནས་ཐུགས་རྗེ་ལ་ངམ་ནས་བསྟོད་པ་སྟོན་ཏོ། །དེ་ནས་སྐད་ཅིག་མ་ཉིད་ཀྱི་ཚེ་ཞེས་པ་ནས། ཡ་མཚན་སྐྱེས་ཏེ་ཞེས་པའི་བར་གྱིས་ནི། རྣམ་པར་འཕྲུལ་པ་སྣ་ཚོགས་འཐོན་པ་སྟོན་ཏོ། །དེ་སྐད་ཅེས་སྨྲས་སོ་ཞེས་པ་ནས། ཚངས་སྤྱོད་ཚུལ་
ཁྲིམས་དྲི་མེད་སྐྱེ་བསམ་ཡས། །ཞེས་པའི་བར་གྱིས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ལ་དམ་པ་སྟོན་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་ཞེས་པ་ནས། བལྟ་བར་འཚལ་ལོ་ཞེས་པའི་བར་གྱིས་ནི་བལྟ་བར་ཞུ་བ་གསོལ་བ་སྟོན་ཏོ། །དེ་ནས་བཅོམ་
ལྡན་འདས་ཞེས་པ་ནས་མི་སྣང་བར་གྱུར་ཏོ་ཞེས་པའི་བར་གྱིས་ནི་སྣང་བར་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ནོར་བུ་དྲི་མ་མེད་པའི་ཞེས་པ་ནས། འདི་སྐད་གསོལ་ཏོ་ཞེས་པའི་བར་གྱིས་ནི་དེ་བཞིན་གཤེགས་པའི་སྤྱན་སྔར་འོངས་ནས་ཐམས་ཅད་ཟིལ་གྱིས་གནོན་པ་སྟོན་ཏོ། །ཀྱེ་མ་སངས་རྒྱས་
ཀྱི་སངས་རྒྱས། །ཞེས་པ་ནས། བདག་མྱུར་སྐྱེས་ཞེས་པའི་བར་གྱིས་སྔགས་ཀྱི་ཡོན་ཏན་ཀུན་ལ་བསྟོད་པ་བསྟན་ཏོ། །དེ་ནས་ནོར་བུ་དྲི་མ་མེད་པའི་འོད་དང་ཞེས་པ་ནས་དེ་བཞིན་དུ་སོང་བ་ཞེས་བྱ་བའི་བར་གྱིས་ནི། དྲིན་ལ་ལན་གྱིས་གླན་པའི་ཕྱིར་མཆོད་པའི་ཁྱད་པར་གྱིས་མཆོད་ནས་རང་གི་གནས་སུ་འགྲོ་བ་སྟོན་ཏོ། །
དེ་ནས་བརྒྱ་བྱིན་དང་ཞེས་པ་ནས། བཤད་དུ་གསོལ་ཞེས་པའི་བར་གྱིས་ནི། ཕྱི་རབས་ཀྱི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཞུ་བ་གསོལ་བ་སྟོན་ཏོ། །བརྒྱ་བྱིན་དང་ཞེས་པ་ནས་འགྲོ་བར་འགྱུར་ཞེས་པའི་བར་གྱིས་ནི། སྔགས་ཀྱི་དོན་ཐོས་པར་དཀའ་བའི་ཆེ་བའི་ཡོན་ཏན་འདི་བསྟན་ཏོ། །དེ་ནས་བརྒྱ་བྱིན་
དང་ཞེས་པ་ནས། རྣམ་པར་སྨིན་པ་ཇི་ལྟར་འགྱུར། །ཞེས་པའི་བར་གྱིས་ནི། རང་སྣོད་དུ་རུང་བས་ན་ཐེག་པ་ཆེན་པོ་ལ་དད་པའི་རྣམ་པར་སྨིན་པ་ཅིར་འགྱུར་ཞུ་བ་གསོལ་བ་བསྟན་ཏོ། །བཅོམ་ལྡན་འདས་ཀྱི་ཞེས་པ་ནས་སྨོས་ཅི་དགོས་ཞེས་པའི་བར་གྱིས་ནི། ཐེག་པ་ཆེན་པོའི་རིགས་ཅན་གྱི་ཡོན་
เล่ม ๖๖ · หน้า 191b
ཏན་གྱི་ཁྱད་པར་ཆེན་པོ་སྟོན་ཏོ། །དེ་ནས་བརྒྱ་བྱིན་དང་ཞེས་པ་ནས། བསྐྱབ་པར་བགྱི་ཞེས་པའི་བར་གྱིས་ནི། འཇིག་རྟེན་པའི་འཁོར་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཉིད་གང་ན་སྤྱོད་པ་དེ་བསྲུང་ཞིང་བསྐྱབ་པའི་ཐབས་སྟོན་ཏོ། །ལྷའི་དབང་པོ་ཞེས་པ་ནས། བསྒྲུབས་ཞེས་པའི་བར་
གྱིས་ནི། ཕྱི་རབས་ཀྱི་སེམས་ཅན་ལ་ཕན་པའི་ཕྱིར་གདམས་ངག་སྦྱིན་པ་སྟོན་ཏོ། །རོ་སྲེག་གི་ཧོམ་ཆོ་གའི་ཡན་ལག་ཕན་ཡོན་དང་བཅས་པའི་དོན་དཀའ་དཀའ་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་གཙུག་ཏོར་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་སྟོན་ཏེ། གཙུག་ཏོར་ཞེས་བྱ་བ་ནི་དཔེར་ན། ལུས་ཀྱི་རང་
བཞིན་མགོའི་གཙུག་ཡིན་ལ་དེ་བཞིན་དུ་ཆོས་རྣམས་ཀྱི་རང་བཞིན་རྣམ་པར་དག་པ་ནི། ཆོས་ཀྱི་དབྱིངས་ཏེ་དབུས་ཀྱི་ཕོ་བྲང་ཟླུམ་པོར་སྟོན་ཏེ། ཤཱཀྱ་ཐུབ་པ་དཀྱིལ་འཁོར་ན་བཞུགས་པའི་དོན་ཏོ། །འཐོར་ནི་འཁོར་ཏེ་ཤཱཀྱ་ཐུབ་པ་ཆོས་ཀྱི་སྐུ་ལས། ཡེ་ཤེས་རྣམ་པ་བཞི་དང་ཕྲིན་ལས་རྣམ་པ་
བཞིའི་རྟགས། གཙུག་ཏོར་བརྒྱད་འཁོར་དུ་ཕྱུང་བ་ནི་འཐོར་བའི་ཐ་ཚིག་སྟེ། ཐུགས་རྗེས་འགྲོ་བའི་ལས་འབྱུང་བའི་ཕྱིར་རོ། །དེའི་དོན་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་སྨོས་ཏེ། དེ་ནི་གོང་གི་ཆོ་གའི་དོན་བསྡུས་ལ། ནས་ནི་འོག་མའི་དཀྱིལ་འཁོར་མགོ་འདྲེན་པའི་
ཕྱིར་རོ། །བཅོམ་པ་ནི་ཡང་དག་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ཕྱིན་ཅི་ལོག་པའི་སྐྱོན་བཅོམ་པ་ཡིན་ལ། ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ལྡན་པ་ལ། འདས་ནི་མཐའ་གཉིས་དང་བྲལ་བའི་ཐ་ཚིག་སྟེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཕྱག་ན་རྡོ་རྗེ་ཞེས་གསུངས་ཏེ། བྱང་བ་ནི་གཟུང་འཛིན་རྣམ་པ་གཉིས་སྤངས་པ་ཡིན་ལ། ཆུབ་པ་ནི་ཤེས་བྱ་ལ་ཡེ་ཤེས་ཀྱིས་ཆུབ་ཅིང་གནས་ལ། སེམས་ནི་གཉིས་སུ་མེད་པའི་དོན་ལ་སེམས་ལ། དཔའ་ནི་དེའི་དོན་ལ་སྲན་འཛུགས་ཏེ། སེམས་ནི་ཐུགས་རྗེས་འགྲོ་བའི་སེམས་ལ།
དཔའ་ནི་འགྲོ་བའི་དོན་ལ་མི་ལྡོག་པ་སྟེ། དེ་ནི་གཞན་དཔའ་བའི་ཕྱིར་ན་ཆེན་པོའོ། །ཕྱག་ན་རྡོ་རྗེ་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་པའི་ཕྱིར་ན་ཕྱག་ན་རྡོ་རྗེ་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་པའི་བདུད་དང་དྲེགས་བྱེད་འདུལ་བའི་རྟགས་སུ་རྡོ་རྗེ་བསྣམས་
เล่ม ๖๖ · หน้า 192a
པས་ཀྱང་རྡོ་རྗེ། དེ་བཞིན་གཤེགས་པ་རྣམས་ཀྱིས་མིང་གི་དབང་བསྐུར་ཞིང་། རྡོ་རྗེ་ལག་ཏུ་བྱིན་པས་ཀྱང་རྡོ་རྗེའོ། །བཅོམ་ལྡན་འདས་ཀྱི་མཐུས་ཆོ་ག་ཞིབ་མོ་ཞེས་པ་ནི། དཔེར་ན་བོན་པོ་ལྷ་བཀའ་འབེབས་པ་ནི། ལྷའི་བཀའ་ཟེར་བ་དང་འདྲ་བར། ཕྱག་ན་རྡོ་རྗེ་བཤད་
པ་འདི་ཡང་བཅོམ་ལྡན་འདས་ཀྱི་མཐུས་ཞེས་སྨོས་པའི་ཕྱིར་རོ། །ཆོ་ག་སྒྲུབ་པར་བྱེད་པའི་ཐབས་ལ་བྱ་སྟེ། ཞིབ་མོ་ནི་མ་གྲུབ་ན་སྤོགས་པའི་ཆོ་ག་བྱེད་པའོ། །ཅིའི་ཕྱིར་ཞེ་ན། ཕྱི་མ་འདི་བཤད་དོ་ཞེས་གསུངས་སོ། །གོང་གི་རྩ་བའི་མཎྜལ་གྱི་དོན་འདིར་འདུས་པའི་ཕྱིར་རམ། འདི་བསྡུ་བའི་
ཕྱིར་རམ། འདི་དང་འབྲེལ་བའི་ཕྱིར་ནི་སྨོས་སོ། །དཔའ་བོ་གདན་ལ་བཞེངས་ནས་ནི། །ཞེས་པ་ནི། ལྟ་བས་མཚན་མ་འཇོམས་པ་དང་། ཐུགས་རྗེས་འཁོར་བ་འཇོམས་པས་དཔའ་བའོ། །གདན་ནི་ཡེ་ཤེས་ཏེ་ཆོས་ཉིད་དང་འབྲེལ་བའི་ཕྱིར་ན་གདན། ཐུགས་རྗེས་འཁོར་བ་ལས་འབྲེལ་བའི་
རྟགས་སུ་པདྨར་བསྟན་པས་ན་གདན། བཞེངས་པ་ནི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས། ཕྱག་ན་རྡོ་རྗེའི་སྐུ་ཕྱུང་བ་བཞེངས་ནས། ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་ནི། གཙུག་ཏོར་བརྒྱད་འབྱིན་པའི་ཕྱིར་ནི་བཞེངས་པའོ། །དགྱེས་ཤིང་རྡོ་རྗེ་གསོར་ནས་ནི། །ཞེས་པ་ནི། དགྱེས་པ་ནི་དེ་བཞིན་
གཤེགས་པས་བྱིན་གྱིས་བརླབས་པ་སྟེ། རྒྱུད་ཀྱི་དོན་སྟོན་པར་དགྱེས་པའོ། །རྡོ་རྗེ་ནི་རིགས་པས་ཏེ། མི་འགྱུར་བའི་དོན་ལའོ། །གསོར་བ་ནི་ཕྲིན་ལས་ཏེ་རྒྱུད་ཀྱི་དོན་སྟོན་པར་བྱེད་པའི་ཐ་ཚིག་གོ། །ཤཱཀྱ་ནི་རྒྱལ་པོ་ཤཱཀྱ་ཉི་མ་དམར་པོའི་རིགས་ཡིན་ལ། གཙོ་བོ་ནི་ཁམས་གསུམ་གྱི་གཙོ་བོའི་
ཐ་ཚིག་གོ། །དགྱེས་མཛད་ནི་རྒྱུད་ཀྱི་དོན་སྟོན་པའི་ཕྱིར་ན་དགྱེས་མཛད་དོ། །ཐུབ་པའི་གཙོ་ལ་ཕྱག་འཚལ་ནས། །ཞེས་གསུངས་ཏེ། ཐུབ་པ་ནི་སྐུ་གསུང་ཐུགས་ཐུབ་པའི་ཕྱིར་རོ། །གཙོ་བོ་ནི་རྐང་གཉིས་ཀྱི་གཙོ་བོ་ཡིན་ལ། ཕྱག་འཚལ་ནི་ཡ་རབས་བླ་མའི་ཚུལ་གཟུང་བའི་ཕྱིར་དང་། སྐུ་
གསུང་ཐུགས་ནན་ཏན་བསྐྱེད་པའི་ཕྱིར་སྨོས་སོ། །དེ་ཡན་ཆད་དུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས། ཕྱག་ན་རྡོ་རྗེས་བཤད་པ་བསྟན་ཟིན་ཏོ། །ད་ནི་རྩ་བའི་སྙིང་པོ་འབྱུང་བའི་ཕྱེད་དུ་བཤད་པའི་དོན་སྟོན་ཏེ། ཅིའི་ཕྱིར་ཞེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་
เล่ม ๖๖ · หน้า 192b
ངེ་འཛིན་ལ་ཞེས་པ་ནི། སྒྲིབ་པ་ནི་ཉོན་མོངས་པ་རྣམ་པར་བྱང་བའི་བག་ཆགས་རྣམ་པར་རྟོག་པ་སྟེ། རྣམ་པ་ལྔར་བསྟན་ཏེ། ལས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། སྐྱེ་བའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ལྔ་ནི་ཐམས་ཅད་དོ། །རྣམ་པར་དག་པ་ནི།
གཉེན་པོའི་ཡེ་ཤེས་ཀྱིས་མི་མཐུན་པ་དག་ཟིལ་གྱིས་གནོན་པ་སྟེ། ཅིའི་ཕྱིར་རྡོ་རྗེ་ཞེས་སྨོས་ཏེ། རྡོ་རྗེས་ཐམས་ཅད་འཇོམས་པ་དང་འདྲ་སྟེ། ཉོན་མོངས་པའི་མཚན་མ་འཇོམས་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་དེའི་ངང་ལས་མི་འདའ་ཞིང་འཛིན་པའི་ཕྱིར་རོ། །སྙོམས་པར་ཞུགས་པ་
ནི་གཉིས་སུ་མེད་པར་སྙོམས་པར་ཞུགས་པ་དང་། མི་འདའ་བར་སྙོམས་པར་ཞུགས་པའོ། །ངན་འགྲོ་ཐམས་ཅད་ནི། ངན་ནི་ངན་སོང་གསུམ་མོ། །འགྲོ་བ་ནི་ལས་ཀྱི་བག་ཆགས་ཀྱིས་དེར་འགྲོ་བའོ། །ཐམས་ཅད་ནི་དེ་རྣམས་ལ་བྱའོ། །རྣམ་པར་སྦྱོང་བ་ནི། ཐུགས་རྗེས་རྡོ་རྗེ་ལྟ་བུས་རྒྱུ་
སྦྱོང་བ་དང་། གཙུག་ཏོར་བརྒྱད་ཀྱི་སྙིང་པོ་ཕྱུང་བས་འབྲས་བུ་སྦྱོང་བའོ། །རང་གི་སྙིང་པོ་ནི། རང་ནི་ཕྱག་ན་རྡོ་རྗེའི་སྙིང་པོ་ནི་རིག་པའི་ཡེ་ཤེས་སོ། །འདི་ཉིད་ཐུགས་ཀ་ནས་ནི། འདི་ཉིད་ནི་སྙིང་པོ་འོག་ནས་འབྱུང་བ་ཉིད་དོ། །ཐུགས་ཀ་ནས་ནི་ཡེ་ཤེས་པའི་རྒྱུད་ལ་གནས་པ་ཞལ་དུ་
འབྱིན་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཕྱུང་ཞེས་སྨོས་པའི་ཐ་ཚིག་གོ། །སྔགས་ནི་སྙིང་པོ་ཡིན་པའི་ཕྱིར་ན་མ་བཤད་དོ། །དེ་ཡན་ཆད་དུ་སྔགས་ཀྱི་དོན་འབྱུང་བའི་དགོས་ཆེད་དང་བཅས་པའི་དོན་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་དཀྱིལ་འཁོར་གྱི་ལྷ་དགོད་པའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན།
འཁོར་ལོ་འདྲ་བའི་དཀྱིལ་འཁོར་ལ། །ཞེས་བྱ་བ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་གསེར་གྱི་འཁོར་ལོ་ནི་ལྟེ་བ་དང་མུ་ཁྱུད་དང་རྩིབས་དང་ལྡན་པ་ནི། དེ་དང་འདྲ་བའི་ཕྱིར་ན། དཀྱིལ་འཁོར་ལ་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། ཤིན་ཏུ་མཛེས་པའི་རྩིབས་བརྒྱད་ཅན། །ཞེས་གསུངས་
ཏེ་ཤིན་ཏུ་མཛེས་པ་ནི། ཚོན་སྣ་ལྔ་སྟེ། དཀར་དང་དམར་དང་སེར་དང་ལྗང་། །ཀུན་གྱི་མཐའ་མ་ལྕགས་ཀ་བ། །ཞེས་གསུངས་ཏེ། དབུས་ཀྱི་ཕོ་བྲང་ནི་གཟུང་འཛིན་དང་བྲལ་བས་དཀར་པོར་བྱ་བ་ཡིན་ལ། རིན་པོ་ཆེའི་ཕྲེང་བའི་གཞི་མ་ནི་མ་ཆགས་པས་དམར་བར་བྱ་བ་ཡིན་ལ། རྩིབས་ནི་
เล่ม ๖๖ · หน้า 193a
རྒྱལ་པོའི་གསེར་གྱི་འཁོར་ལོ་དང་མཐུན་པར་སེར་པོ་བྱ་བ་ཡིན་ནོ། །གྲུ་ཆད་བཞི་ནི་ཕྲིན་ལས་ཀྱི་རང་བཞིན་ཡིན་པས། ལྗང་གུར་བྱ་བ་ཡིན་ལ། མཐའ་མ་ནི་ལྕགས་ཀ་བཏང་སྟེ། པཉྩ་རེ་ག་ཡང་དེ་བཞིན་དུ་བྱས་པས་མཛེས་ཞེའོ། །རྩིབས་བརྒྱད་ནི་འཁོར་ལོའི་རྩིབས་བརྒྱད་དོ། །
ཅིའི་ཕྱིར་ཞེ་ན། ལྟེ་བར་བཅས་ཤིང་མུ་ཁྱུད་བཅས། །ཞེས་འབྱུང་སྟེ། དེ་ལ་དབུས་ཀྱི་ལྟེ་བ་ཟླུམ་པོ་ནི་ཆོས་ཀྱི་སྐུའོ། །རིན་པོ་ཆེའི་ཕྲེང་བ་ནི་ལོངས་སྤྱོད་རྫོགས་པའི་རྟགས་སོ། །འཁོར་ལོའི་རྩིབས་ནི་སྤྲུལ་པའི་སྐུའོ། །ཡང་དག་པའི་ཤེས་རབ་ཀྱིས་འཁོར་བ་འཇོམས་པས་འཁོར་
ལོའོ། །ཆེ་བའི་ཡོན་ཏན་སྣ་ཚོགས་ལ་མངའ་བརྙེས་པས་ན་རིན་པོ་ཆེའི་ཕྲེང་བའོ། །ཐུགས་རྗེའི་ཕྲིན་ལས་ཀྱིས་སྐྱེ་ཤི་རྩད་ནས་བཅད་པས་ན་རྩིབས་སོ། །ཏིང་ངེ་འཛིན་མི་འགྱུར་བའི་རྟགས་སུ་ནི་རྡོ་རྗེ་ར་བར་བསྟན་ཏོ། །དུས་རྣམ་པ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པའི་རྟགས་སུ་ནི་གྲུ་
ཆད་བཞིར་བསྟན་ཏོ། །སྐུ་གསུང་ཐུགས་མི་འགྱུར་བའི་རྟགས་སུ་ནི་ཏྲི་རཱ་ག་དང་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པའི་རྟགས་སུ་ནི་པཉྩ་རེ་གར་བསྟན། ཏིང་ངེ་འཛིན་རྟོགས་པའི་རྟགས་སུ་སྒོ་ཁྱུད་ལྡན་པས་ཐབས་ཐུགས་རྗེ། འཁོར་བ་ལས་མི་ཉམས་པའི་རྟགས་སེང་གེ་མགོ་གཡས་སུ་བསྟན་ལ།
སྐུ་ཡང་དག་པའི་སྟོབས་དང་ལྡན་པའི་རྟགས་སུ་ནི་གླང་པོ་ཆེ་གཡོན་དུ་བསྟན་ལ། སྒོ་སྟེང་ཐུགས་རྗེ་ཐབས་ཀྱི་རྟ་བབས་དང་ལྡན་པ་ལ་བྱང་ཆུབ་སེམས་ཀྱི་མུ་ཏིག་ཧ་ར་ལ་གསུང་རྣམ་པར་དག་པ་དྲིལ་བུ་དང་། ཕྲིན་ལས་སྣ་ཚོགས་སུ་འབྱུང་བའི་རིན་པོ་ཆེའི་དོ་ཤལ་དང་། ཐབས་ཐུགས་
རྗེའི་རྡོ་རྗེ་དང་། ཤེས་རབ་མ་སྐྱེས་པའི་ཟླ་བར་འབྲེལ་པ་ལྟ་བུ་ནི་དཀྱིལ་འཁོར་གྱི་རྒྱན་ཏེ་ཡེ་ཤེས་ཀྱི་རྟགས་སུ་བསྟན་ཏོ། །ད་ནི་ནང་དུ་ལྷ་བྲི་བའི་ཁྱད་པར་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ལྟེ་བའི་ནང་དུ་ཤཱཀྱ་ཐུབ། །ཅེས་གསུངས་ཏེ། ལྟེ་བ་ནི་དབུས་ཀྱི་ཕོ་བྲང་ངོ་། །ཤཱཀྱ་ནི་རྒྱལ་པོ་
ཤཱཀྱའི་རིགས་ཀྱི་སྲས་ཡིན་པའི་ཕྱིར་ན་ཤཱཀྱའོ། །ཐུབ་ནི་སྐུ་གསུང་ཐུགས་ཐུབ་ལ། སྐུ་མདོག་སེར་པོ་ཐུགས་རྗེ་ཐབས་ཀྱི་དྲང་སྲོང་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བར་དུ་བསྣམས་པར་བྲིའོ། །ད་ནི་མཎྜལ་གྱི་དོན་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་རྡོ་རྗེ་སྟོབས་པོ་ཆེ། །
เล่ม ๖๖ · หน้า 193b
དཔའ་བོ་དེ་ཡི་སྤྱན་སྔར་བྲི། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ལས་སྤྲུལ་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྟོབས་དང་ལྡན་ལ། ཡེ་ཤེས་ཀྱིས་ཆོས་ཉིད་སེམས་ཤིང་ཐུགས་རྗེས་འགྲོ་བའི་དོན་ལ་སེམས་པའི་ཕྱིར་ན་སྟོབས་ཆེན་ནོ། །དཔའ་བོ་ནི་ཤཱཀྱ་
ཐུབ་པ་སྟེ་ཏིང་ངེ་འཛིན་མི་འགྱུར་བའི་ངོ་བོར་གྲུབ་པའོ། །དེའི་སྤྱན་སྔར་བྲི་བ་ནི་མདུན་ཏེ་ཤར་ཕྱོགས་ཀྱི་རྩིབས་ལ་ཐུགས་ཀྱི་རྡོ་རྗེ་དང་། ཤེས་རབ་ཀྱི་དྲིལ་བུ་དང་ལྡན་པར་བྲི་བའི་ཐ་ཚིག་གོ། །རྒྱབ་ཏུ་འཁོར་ལོས་སྒྱུར་བ་བྲིས། །ཞེས་པ་ནི། རྒྱབ་ནི་ནུབ་ཕྱོགས་ཏེ། བཅོམ་ལྡན་འདས་
ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལས་སྤྲུལ་ཏེ། དམ་པའི་ཆོས་བདུད་རྩིའི་འཁོར་ལོ་ནི་འགྲོ་བའི་རྒྱུད་ལས་བསྐོར་བ། ཐུགས་རྗེའི་ཐབས་ཀྱི་འཁོར་ལོ་ནི་ཁམས་གསུམ་གྱི་ནང་དུ་སྒྱུར་བའི་ཕྱིར་རོ། །སྐུ་མདོག་དམར་པོ་ཕྱག་ན་འཁོར་ལོ་བསྣམས་པ་སྟེ་ནུབ་ཀྱི་ཕྱོགས་ཀྱི་རྩིབས་ལ་
བྲིའོ། །གཡས་ཕྱོགས་རྒྱལ་བའི་གཙུག་ཏོར་བྲི། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་གཡས་ནི་ལྷོ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཁྱད་པར་ལས་ཉོན་མོངས་པའི་བདུད་ལས་རྒྱལ་བས་ན་རྒྱལ་བའི་གཙུག་ཏོར་རོ། །ཐུགས་རྗེ་ཐབས་ཀྱིས་འཁོར་བ་དབང་དུ་སྡུད་ཅིང་། ཕྲིན་ལས་
ཐབས་ཀྱི་ཆོ་འཕྲུལ་རྒྱལ་བའི་རྟགས་མངའ་བས་ན་སྐུ་མདོག་སྔོན་པོ་ཕྱག་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་མི་འགྱུར་བའི་རྟགས་རྡོ་རྗེ་བསྣམས་པ་ལྷོ་ཕྱོགས་ཀྱི་རྩིབས་ལ་བྲིའོ། །གཡོན་རྣམ་པར་རྒྱལ་བ་ཞེས་པ་ནི་གཡོན་ནི་བྱང་ཕྱོགས་ཏེ། བཅོམ་ལྡན་འདས་ཀྱི་བྱ་བ་ནན་ཏན་གྱི་ཡེ་ཤེས་
ལས་ཐུགས་རྗེའི་སྐུ་སྤྲུལ་ཏེ་ཉོན་མོངས་པའི་མཚན་མའི་ཕྲག་དོག་ལས་རྒྱལ་བས་ན། ཐུགས་རྗེ་ཐབས་ཀྱི་སྤྲུལ་པས་རྒྱལ་བའི་རྟགས་སུ་སྐུ་མདོག་ལྗང་གུ་ཕྱག་ན་ཏིང་ངེ་འཛིན་གྱི་དབུ་རྒྱན་བསྣམས་པ་བྱང་གི་རྩིབས་ལ་བྲིའོ། །གཟི་བརྗིད་ཕུང་པོ་མེ་ཡི་ཕྱོགས། །ཞེས་པ་ཐུགས་
ཆོས་ཉིད་ཞི་བའི་ངོ་བོ་ལས་ཐུགས་རྗེར་སྤྲུལ་ཏེ་བྱུང་བས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་གཟི་བརྗིད་སྤངས་པ། རྣམ་པར་དག་པའི་སྐུ་གསུང་ཐུགས་ཀྱི་གཟི་བརྗིད་ཀྱི་ཕུང་པོ་བརྙེས་པས་སྐྱེ་བའི་སྡུག་བསྔལ་འཇོམས་པས་སྐུ་མདོག་དམར་སེར་ཕྱག་ན་ཡེ་ཤེས་ཀྱི་སྤྲིན་ཕུང་བསྣམས་པའོ། །
เล่ม ๖๖ · หน้า 194a
མེ་ལྷ་དྲང་སྲོང་སྟེ། ཤར་ལྷོའི་རྩིབས་ལ་བྲིའོ། །དབང་པོའི་ཕྱོགས་སུ་གདུགས་དཀར་པོ། །ཞེས་པ་ནི་དབང་ལྡན་བྱང་ཤར་མཚམས་ན་འདུག་པས་བྱང་ཤར་ཕྱོགས་སུའོ། །བཅོམ་ལྡན་འདས་ཀྱི་ཕྲིན་ལས་དྲག་པོའི་རང་བཞིན་ལས་སྐུ་སྤྲུལ་ཏེ་གཏུམ་པོ་ཆེན་པོ་ཡེ་
ཤེས་ཀྱི་གཙུག་ཏོར་དང་ལྡན་པ། འབར་བའི་ཕྲེང་བས་ཐུགས་རྗེའི་འོད་ཟེར་འཕྲོ་བ། བྱང་ཆུབ་ཀྱི་སེམས་ཐུགས་རྗེའི་དབུ་གདུགས་ཅན། གདུགས་དཀར་པོ་སྐུ་མདོག་དཀར་སྐྱར་གནས་པ་ཕྱག་ན་གཙུག་ཏོར་བསྣམས་པ་བྱང་ཤར་གྱི་རྩིབས་ལ་བྲིའོ། །རྣམ་པར་འཐོར་བ་རླུང་གི་
ཕྱོགས། །ཞེས་པ་ནི། བཅོམ་ལྡན་འདས་ཀྱི་ཐུགས་རྗེ་དབང་གི་ངོ་བོ་ལས་སྐུ་སྤྲུལ་ཏེ། ཕྱིན་ཅི་ལོག་གི་མཚན་མ་སྟོང་པར་བྱེད་པ་ཐུགས་རྗེ་སྤྲུལ་པ་སྡུད་ཅིང་འཐོར་བར་བྱེད་པ། འགྲོ་བའི་དོན་དུ་དབང་གི་རྒྱལ་མཚན་འཛུགས་པས་རྒས་པའི་སྡུག་བསྔལ་སྦྱོང་སྟེ། རྣམ་པར་
འཐོར་བ་ནི་སྐུ་མདོག་དམར་སྐྱ་ཕྱག་ན་རལ་གྲི་བསྣམས་པ་རླུང་གི་ཕྱོགས་ཏེ་ནུབ་བྱང་གི་རྩིབས་ལ་བྲིའོ། །རྣམ་པར་འཇོམས་པ་བདེན་བྲལ་ཕྱོགས། །ཞེས་པ་ནི། ཐུགས་མཆོག་ཡེ་ཤེས་རྒྱལ་བའི་ངོ་བོ་ལས་སྐུ་སྤྲུལ་ཏེ། ཐུགས་རྗེ་ཆེན་པོས་སྡུག་བསྔལ་གྱི་མཚན་མ་འཇོམས་པས་
ཡེ་ཤེས་ཀྱིས་རྟོག་པའི་དྲ་བ་བཤིགས་ཏེ། རྣམ་པར་འཇོམས་པ་ཐུགས་ཀྱི་སྤྲུལ་པས་ན་བའི་སྡུག་བསྔལ་འཇོམས་ཏེ། རྣམ་པར་འཇོམས་པ་ནི་སྐུ་མདོག་སྔོ་སྐྱ་ཕྱག་ན་བེ་ཅོན་བསྣམས་པ། རྣམ་པར་འཇོམས་པ་བདེན་བྲལ་གྱི་ཕྱོགས་ཏེ་ལྷོ་ནུབ་ཀྱི་ཕྱོགས་རྩིབས་ལ་བྲིའོ། །གྲྭ་ཡི་ཕྱོགས་ནི་
ཐམས་ཅད་དུ། །ཞེས་པ་ནི། སྦྱིན་པའི་ངོ་བོ་སྒེག་མོ་སྐུ་མདོག་དཀར་བ་རྡོ་རྗེ་བསྣམས་པ། ཚུལ་ཁྲིམས་ཀྱི་ངོ་བོ་ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། བཟོད་པའི་ངོ་བོ་གླུ་མཁན་མ་དམར་མོ་པི་ཝང་བསྣམས་པ། བརྩོན་འགྲུས་ཀྱི་ངོ་བོ་གར་མ་ཕྱག་གཉིས་གར་བྱེད་པ་གྲུ་ཆད་ལ་བྲིའོ། །བྲིས་
ནས་ཕྱི་རོལ་བྲི་བྱ་སྟེ། །བདུག་སྤོས་ལ་སོགས་བྲི་བར་བྱ། །ཞེས་པ་ནི། ཚུལ་ཁྲིམས་ཀྱི་བདུག་སྤོས་མ་དཀར་མོ་སྤོས་ཁང་བསྣམས་པ། ཏིང་ངེ་འཛིན་གྱི་མེ་ཏོག་མ་སེར་མོ་མེ་ཏོག་བསྣམས་པ། ཤེས་རབ་ཀྱི་མར་མེ་མ་དམར་མོ་མར་མེ་བསྣམས་པ། བྱང་ཆུབ་ཀྱི་སེམས་བདེ་བའི་དྲི་ཆབ་
เล่ม ๖๖ · หน้า 194b
མ་ལྗང་གུ་དྲི་ཆབ་བསྣམས་པ་ནི་གྲུ་ཆད་ཕྱི་མ་ལ་བྲིའོ། །དཔའ་བོ་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུ་སྙན་རྣམས་གཞག །ཅེས་པ་ནི་ཐུགས་རྗེའི་ལྕགས་ཀྱུ་མ་དམར་མོ་དང་། ཕྲིན་ལས་ཀྱི་ཞགས་པ་མ་སེར་མོ་དང་། ཐབས་ཀྱི་ལྕགས་སྒྲོག་མ་དམར་མོ་དང་། གསུང་རབ་
སྒྲའི་དྲིལ་བུ་མ་སྒོ་བཞིར་བྲིའོ། །ཤར་དུ་བྱམས་པ་སྐུ་མདོག་སེར་པོ་ཕྱག་གཡས་ན་ཀླུ་ཤིང་གི་མེ་ཏོག་བསྣམས་པ། གཡོན་པ་སྤྱི་བླུགས་བསྣམས་པ། མཐོང་བ་དོན་ཡོད་སྐུ་མདོག་སེར་པོ་གཡས་པ་པདྨ་བསྣམས་པ། པདྨའི་སྟེང་ན་མིག་གཡོན་པ་ཁུ་ཚུར་དཀུར་བཞག་པ། ངན་སོང་སྦྱོང་
བ་སྐུ་མདོག་དཀར་ལ་འོད་འབར་བ་ལྕགས་ཀྱུ་འཛིན་པའོ། །མྱ་ངན་མུན་འཇོམས་སྐུ་མདོག་དཀར་སེར་གཡས་པ་བེ་ཅོན་འཛིན་པ་གཡོན་པ་དཀུར་བཞག་པའོ། །ལྷོར་སྤོས་ཀྱི་གླང་པོ་སྐུ་མདོག་དཀར་ལྗང་གཡས་ན་སྤོས་ཀྱི་གླང་པོ་བསྣམས་པ་གཡོན་དཀུ་ལ་བརྟེན་པའོ། །དཔའ་
བར་འགྲོ་བ་སྐུ་མདོག་དུང་ལྟར་དཀར་བ་གཡས་པ་རལ་གྲི་འཛིན་པ། གཡོན་པ་ཁུ་ཚུར་དཀུ་ལ་བརྟེན་པའོ། །ནམ་མཁའི་མཛོད་སྐུ་མདོག་དཀར་སེར་གཡས་པདྨ་འཛིན་པ། གཡོན་པ་དཀུ་ལ་བརྟེན་པའོ། །ཡེ་ཤེས་ཏོག་སྐུ་མདོག་སྔོན་པོ་གཡས་པ་རྒྱལ་མཚན་འཛིན་པ་གཡོན་པ་ཁུ་ཚུར་དཀུ་
ལ་བརྟེན་པའོ། །ནུབ་ཏུ་ཟླ་འོད་སྐུ་མདོག་དཀར་པོ་ཕྱག་གཡས་ན་པདྨའི་སྟེང་ན་ཟླ་ཚེས། གཡོན་པ་ཁུ་ཚུར་དཀུ་ལ་བརྟེན་པའོ། །བདུད་རྩི་འོད་སྐུ་མདོག་དཀར་པོ་ཕྱག་གཡས་པ་བུམ་པ་འཛིན་པ་གཡོན་པ་ཁུ་ཚུར་དཀུ་ལ་བརྟེན་པའོ། །བཟང་སྐྱོང་དཀར་དམར་གཡས་རིན་པོ་ཆེ་འབར་བ་འཛིན་པ་གཡོན་པ་ཁུ་
ཚུར་དཀུར་བརྟེན་པའོ། །དྲ་བ་ཅན་གྱི་འོད་སྐུ་མདོག་དམར་བ་རྡོ་རྗེའི་དྲ་བ་འཛིན་པའོ། །བྱང་དུ་རྡོ་རྗེ་སྙིང་པོ་སྐུ་མདོག་སྔོ་སྐྱ་གཡས་ན་ཨུཏྤལ་གྱི་སྟེང་ན་རྡོ་རྗེ་དང་གཡོན་པ་དཀུ་ལ་བརྟེན་པའོ། །བློ་གྲོས་མི་ཟད་པ་རྡོ་རྗེ་དང་ཕྱག་གཉིས་ཀྱིས་བུམ་པ་འཛིན་པའོ། །སྤོབས་པ་བརྩེགས་པ་
སྐུ་མདོག་དམར་བ། གཡས་པས་པདྨའི་སྟེང་ན་རིན་ཆེན་བརྩེགས་པ་བསྣམས་པ་ཕྱག་གཡོན་པ་ཁུ་ཚུར་དཀུ་ལ་བརྟེན་པའོ། །ཀུན་དུ་བཟང་པོ་སྐུ་མདོག་སེར་པོ་གཡས་ན་རིན་པོ་ཆེའི་སྙེ་མ་བསྣམས་པ་གཡོན་པ་ཁུ་ཚུར་དཀུ་ལ་བརྟེན་པའོ། །དཀྱིལ་འཁོར་བྲི་བའི་
เล่ม ๖๖ · หน้า 195a
ཐབས་བཤད་ཟིན་ཏོ།། །།ད་ནི་དཀྱིལ་འཁོར་དུ་འཇུག་པ་སྟོན་ཏེ། དེ་ནས་དྲི་ཞིམ་ལ་སོགས་པས། །རང་གི་ལུས་ནི་བསྐུས་ནས་ཀྱང་། །རྡོ་རྗེ་འཛིན་པར་ཞུགས་ནས་ནི། །ཞེས་གསུངས་ཏེ། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །དྲི་ཞིམ་ནི་གུར་གུམ་དང་། ཙནྡན་
དང་། སྤོས་དང་གླ་རྩི་ལ་སོགས་པ་རྣམས་སོ། །རང་གི་ནི་སྒྲུབ་པོའམ་སློབ་མ་གང་རུང་བ་ལ་བྱའོ། །ལུས་བསྐུས་པ་ནི་ལུས་ལ་ལྡེ་གུ་ཡང་བྱ། ཆུ་དང་སྦྱར་ཏེ་བཀྲུ་བ་ཡང་ཡིན་ནོ། །རྡོ་རྗེ་ནི་རིག་པ་མོ་ཡང་ཡིན་ལ། འཛིན་པ་ནི་ཕྱག་རྒྱ་སྟེ་བཅའ་བའོ། །ཞུགས་པ་ནི་ལྷའི་དཀྱིལ་
འཁོར་དུ་སྤྱན་དྲང་བའི་ཕྱིར་ཕྱག་རྒྱ་བཞིའི་སྔགས་ཀྱིས་སྤྱན་དྲངས་ནས་གཟུགས་བརྙན་ལ་བཞུགས་པར་བསྒོམ་པའོ། །སློབ་དཔོན་རྟོག་པས་ཞུགས་པ་དང་། སློབ་མ་དད་པས་ཞུགས་པའི་ཕྱིར་སྨོས་སོ། །ཅིའི་ཕྱིར་ཞེ་ན། དེ་ནས་དེ་བཞིན་གཤེགས་པར་མོས་པ་བསྐྱེད་པ་ནི་ཞེས་
གསུངས་ཏེ། དེ་ནས་ནི་གོང་འོག་གི་མཚམས་སྦྱོར་བ། གཤེགས་པ་ནི་དེ་བཞིན་གཤེགས་པར་སེམས་ཀྱིས་མོས་པ་བསྐྱེད་པའོ། །མཆོད་པ་བྱས་ནས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་དབང་བསྐུར་ཏེ་ཞེས་པ་ནི། མཆོད་པ་ནི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་གཞུང་བཞིན་དུ་བྱེད་པའོ། །
དེ་བཞིན་ནི་གོང་མ་བཞིན་དུའོ། །བཅུག་ནི་སློབ་མ་དཀྱིལ་འཁོར་དུ་བཅུག་སྟེ་དེ་ནས་དབང་བསྐུར་ཏེ། ཐབས་དང་ཤེས་རབ་ཀྱི་རྡོ་རྗེ་དང་དྲིལ་བུ་དང་རིན་པོ་ཆེ་སྣ་བདུན་དང་ཡོ་གའི་དབང་རྫས་བཅུས་དབང་བསྐུར་ཏེ། ཡོན་ཏན་གཞུང་ལས་སྨོས་པ་བཞིན་ཐོབ་པར་འགྱུར་རོ། །ད་ནི་ཤི་བ་
ལ་སྒོས་སུ་ཕན་པའི་དོན་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ལྷ་དང་གནོད་སྦྱིན་སྲིན་པོ་ལ་སོགས་པ། །ཞེས་པ་ནི་ལྷའི་རྒྱལ་པོ་རྣམས་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ཡང་ཐུགས་རྗེའི་ཞིང་ཡིན་ཏེ་དེའི་མིང་དང་རུས་ཀྱི་སྒོ་ནས་དམིགས་ཏེ། དཀྱིལ་འཁོར་གྱི་ལྷ་ལ་སྦྱིན་སྲེག་གི་ལས་
བྱས་ཤིང་། མཁྱེན་པར་གསོལ་ན་ཡང་འགྲུབ་ལ། གལ་ཏེ་སེམས་ཅན་བར་མ་དོའི་སྲིད་པ་དེར་ལེན་པས་དེའི་དབང་དུ་ཡང་གསུངས་ཏེ། ཅིའི་ཕྱིར་ཞེ་ན། ངན་འགྲོའི་རྒྱུད་དབང་དུ་གྱུར་པ་རྣམས་ཀྱི་ཞེས་གསུངས་ཏེ་ངན་པ་ནི་བག་ཆགས་སོ། །འགྲོ་བ་ནི་དེར་འགྲོ་བའོ། །
เล่ม ๖๖ · หน้า 195b
རྒྱུད་ནི་སེམས་ཅན་གྱི་རྒྱུད་དོ། །དབང་དུ་གྱུར་པ་ནི་ལས་ཀྱི་ངོ་བོས་དེར་སྐྱེས་ནས་དབང་དུ་གྱུར་པ་སྟེ། དེ་ལ་ཕན་པའི་ཐབས་བསྟན་པའི་ཕྱིར་ཤི་བའི་རོའམ་གཟུགས་བརྙན་ནམ་མིང་ཞེས་སྨོས་ཏེ། ཤི་བ་ནི་སྲོག་དང་བྲལ་བའོ། །རོ་ནི་དངོས་པོ་ཡོད་པའི་དངོས་པོའོ། །གཟུགས་བརྙན་ནི་
མེད་ན་ཡང་རི་མོ་མཁན་གྱི་རས་སམ་དར་ལ་ཚོན་གྱིས་བྲིས་པའོ། །མིང་ནི་གྲོ་གའམ་ཤོག་ཤོག་ལ་གུར་གུམ་གྱིས་བྲིས་པའོ། །དེ་ཡང་དངོས་པོ་ལ་ཞེན་པས་ནི་རོ་སྨོས་ལ། གདགས་པའི་གཞི་དགོས་པའི་སྒོ་ནས་མིང་སྨོས་ལ། མཚོན་པར་བྱེད་པའི་སྒོ་ནས་ནི་གཟུགས་བརྙན་སྨོས་ཏེ།
དེ་ལ་ཏིང་ངེ་འཛིན་གྱི་བཟླས་པ་དང་། སྔགས་ཀྱིས་བརྗོད་པ་དང་། སྦྱིན་སྲེག་ཚུལ་བཞིན་དུ་ནི་བྱས་ཏེ་སྔ་མ་བཞིན་དུ་དབང་བསྐུར་ནས་ངན་སོང་ལས་ཐར་བར་འགྱུར་རོ། །གཙུག་ཏོར་བརྒྱད་ཀྱི་དཀྱིལ་འཁོར་གྱི་དོན་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་ཕྱག་རྒྱའི་ལེའུ་སྟོན་ཏེ། ཅིའི་ཕྱིར་ཞེ་
ན། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་གསུངས་ཏེ། རྒྱུད་ཀྱི་སྟོན་པ་གོང་དུ་བཤད་ཟིན་པ་ཡིན་པས་ཕྱག་རྒྱ་ལ་འཇུག་པའི་གོ་རིམས་སྨོས་མོ། །སེང་གེའི་ལྟ་བས་ཞེས་པ་ནི་བག་ཚ་ཞིང་འཇིགས་པ་དང་བྲལ་བའི་ཕྱིར་དང་འཁོར་ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར་དང་། ཐེག་པ་
ཆེན་པོའི་རིགས་ཅན་ཐམས་ཅད་གཟེངས་བསྟོད་པའི་ཕྱིར་བསྟན་ཏོ། །བཅོམ་ལྡན་འདས་ཕྱག་རྒྱ་དམ་པའི་ཞེས་པ་ནི། འཁོར་གར་བཞུགས་པའི་ཕྱིར་བཅོམ་ལྡན་འདས་ཞེས་གསུངས་སོ། །ཕྱག་རྒྱ་ནི་རྣམ་པ་གསུམ་སྟེ་མི་འདའ་བའི་ཕྱིར་ཕྱག་རྒྱ་ནི་ཆོས་ཉིད་རྟོགས་པས་མི་འདའོ། །
མཚོན་པའི་ཕྱག་རྒྱ་ནི་ཁ་དོག་རྣམ་པ་ལྔའམ་ཕྱག་རྒྱས་མཚོན་པའོ། །འཆའ་བའི་ཕྱག་རྒྱ་ནི་ལག་པའི་སོར་མོ་བྱིན་གྱིས་བརླབས་ཏེ་འཆའ་བའོ། །དམ་པ་མཉེས་པའི་ཕྱིར་དང་གཉིས་སུ་མེད་པའི་ཕྱིར་དམ་པའོ། །ཕྱག་རྒྱའི་མཚན་ཉིད་མདོར་བསྟན་པའོ། །ད་ནི་སྐུ་གཟུགས་
བྲི་བའི་ཆོ་ག་སྟོན་ཏེ། ཅིའི་ཕྱིར་ཞེ་ན། སྐུ་གཟུགས་ཀྱི་ཆོ་ག་འདིར་ཡང་དེ་བཞིན་དུ་བྱ་སྟེ་ཞེས་གསུངས་ཏེ། སྐུ་གཟུགས་ནི་གཙུག་ཏོར་བརྒྱད་ཀྱི་དཀྱིལ་འཁོར་རྣམས་ལ་སྐུ་གཟུགས་ལ་བྲིས་ཏེ། བདག་ཉིད་ཀྱང་དེའི་ཞབས་དྲུང་དུ་བྲིས་ལ། བསྙེན་པ་གོང་དུ་གསུངས་པ་ལྟར་བྱས་ནས་ཡི་
เล่ม ๖๖ · หน้า 196a
དམ་དུ་བཅས་ན་ངན་སོང་ལས་ཐར་པར་འགྱུར་རོ། །སྐུ་གཟུགས་ཀྱི་དོན་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་ཚངས་པ་ལ་སོགས་པ་ཞེས་པ་ནས། དབང་དུ་འགྱུར་ཞེས་པའི་བར་གྱིས་ནི་ནོར་བུ་དྲི་མ་མེད་པའི་འོད་སྔོན་ལས་ཅི་བྱས་པ་ཞུས་པའོ། །དེ་ནས་བཅོམ་ལྡན་
འདས་ཞེས་པ་ནས། མ་འོངས་པའི་དུས་ལས་འདས་སོ་ཞེས་པའི་བར་གྱིས་ནི་ལས་ཀྱི་རྣམ་པར་སྨིན་པ་ངན་པར་སྨིན་པའི་རྒྱུ་རྐྱེན་སྟོན། ལན་ཅིག་ཅི་ཞིག་གི་རྐྱེན་གྱིས་ཞེས་པ་ནས། བདེ་མང་ཀུན་གྱི་གནས་སུ་སྐྱེ། །ཞེས་བྱ་བའི་བར་གྱིས་ནི་ལས་ཀྱི་རྣམ་པར་སྨིན་པ་མ་ངེས་པའི་དོན་སྟོན་
ཏོ། །འབྲས་བུ་ངན་སོང་དུ་སྐྱེ་རྒྱུ་ལས་རྐྱེན་དྲང་སྲོང་དང་ཕྲད་ནས་ལྷར་སྐྱེས་པའི་དོན་སྟོན་ཏེ། ལྷའི་དབང་པོ་ཉོན་ཅིག་ཅེས་པ་ནས་ལྷའི་འཁོར་འདི་དག་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་སྔོན་ལས་མཐུན་པའི་འབྲེལ་པ་སྟོན་ཏེ། སྔོན་གྱི་གླེང་གཞིའི་རྒྱུ་ནི་མདོ་སྡེ་ལ་སྨོས་ཏེ་ཡན་ཆད་དུ་ཐལ་ལོ། །ད་ནི་
ཚེ་དཔག་མེད་ཀྱིས་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མཎྜལ་གྱི་དོན་སྟོན་ཏེ། དེ་ལ་ཚེ་ནི་ཡེ་ཤེས་སོ། །དཔག་མེད་ནི་དངོས་པོ་ཐམས་ཅད་དང་བྲལ་བའི་ཐ་ཚིག་གོ། །ལས་ནི་དགེ་སྡིག་རྣམ་པ་གཉིས་སོ། །སྒྲིབ་པ་ནི་ནམ་མཁའ་དངས་པ་ལ་སྤྲིན་གྱིས་གཡོགས་པ་དང་འདྲ་བར་ཀུན་གཞི་ལ་རྟོག་པ་གློ་
བུར་བས་བསྒྲིབས་པའོ། །རྒྱུན་གཅོད་ནི་གཉེན་པོ་འཕགས་པའི་ལམ་གྱི་ཡེ་ཤེས་ཀྱི་སྟོབས་ཀྱིས་མི་མཐུན་པ་རྒྱུན་གཅོད་པའི་ཐ་ཚིག་གོ། །དཀྱིལ་འཁོར་ནི་དཔག་མེད་དེ་ཆོས་ཉིད་དོ། །འཁོར་ནི་ཆེ་སྟེ་ཞེས་པ་ནི། སེམས་ནི་རངས་ཏེ་གསོལ་བ་འདེབས་པའི་ཐ་ཚིག་གོ། །ཡེ་ཤེས་
བཞིའི་འཁོར་རོ། །དེ་བཤད་པའི་ཕྱིར་ཞུ་བ་གསོལ་བ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་བརྒྱ་བྱིན་དང་ཞེས་སྨོས་སོ། །བརྒྱ་བྱིན་ནི་ཡོན་བདག་ཡིན་པའི་ཕྱིར་དང་གནས་ཀྱི་བདག་པོ་ཡིན་པའི་ཕྱིར་དང་པོར་སྨོས་སོ། །རབ་ཏུ་མགུ་ཞིང་ཡི་རངས་ཏེ། །ཞེས་པ་ནི་སེམས་ནི་རངས་
ཏེ་གསོལ་བ་འདེབས་པའི་ཐ་ཚིག་གོ། །བ་སྤུའི་བུ་ག་ནས་སྤུ་རྣམས་ལངས་པ་ནི་འཁོར་བ་ལ་སྐྲག་ཅིང་འབྲས་བུ་བླ་ན་མེད་པའི་སངས་རྒྱས་ལ་དགའ་བས་ན་སྣ་ལ་སྨོས་སོ། །རྒྱལ་བ་རྒྱལ་བ་ནི་ཡེ་ཤེས་ཀྱི་ཆོས་ཉིད་རྟོགས་པས་མཚན་མ་ལས་རྒྱལ་བ། ཐུགས་རྗེས་འགྲོ་
เล่ม ๖๖ · หน้า 196b
བའི་དོན་མཛད་པས་འཁོར་བ་ལ་སྤྱོད་པ་རྒྱལ་ལོ། །ཕྱག་ན་རྡོ་རྗེ་ལ་མིང་བཅུས་མངོན་པར་བསྟོད་དེ་ཞེས་པ་ནི། ཕྱག་ན་རྡོ་རྗེ་གནོད་སྦྱིན་ཀུན་དུ་བཟང་པོ་ཡིན་པའི་ཕྱིར་ནི། གནོད་སྦྱིན་སྐད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་ཡོན་ཏན་གྱི་སྒོ་ནས་བསྟོད་དོ། །དེ་ནི་ཚེ་དཔག་
མེད་ཀྱི་མཎྜལ་བཤད་པའི་གསོལ་བ་གདབ་པའི་ཐ་ཚིག་གོ། །ཀོ་ཊ་ཀྵ་ནི་ཁྱེད་ཀྱི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངའ་བརྙེས་པའི་རང་བཞིན་ནོ་ཞེས་པའི་ཐ་ཚིག་གོ། །ཀོ་ཊ་པ་ནི་ཁྱོད་ཀྱི་ཤེས་རབ་ཀྱིས་སྤྱི་དང་རང་གི་མཚན་ཉིད་འབྱེད་པའི་དོན་ཏོ། །ཀོ་ཊ་ཀོ་ཊ་ནི་ཁྱོད་ཀྱི་བརྩོན་
འགྲུས་ཀྱི་སྟོབས་དང་ལྡན་པས་འཁོར་བར་མི་གཏོང་བའི་རྟགས་སོ། །ཀོ་ལ་པ་ལ་ནི་ཁྱོད་ཀྱི་བཟོད་པས་ནི་མི་འཁྲུགས་ཤིང་སྲན་ཚུགས་པའི་དོན་ཏོ། །ཀ་ཏི་ར་ཀ་ནི་ཁྱོད་ཀྱི་ཚུལ་ཁྲིམས་ཡང་དག་པ་མི་ཉམས་པའི་དོན་ཏོ། །ཀོ་ལ་ཀྵ་ནི་ཁྱོད་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་
ནི་གཞན་གྱིས་མི་གནོན་པའི་རྟགས་སོ། །ཀོ་ལ་པ་ནི་ཁྱོད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད་དང་ལྡན་པའི་རྟགས་སོ། །ཀོ་ལ་ཀོ་ལ་ནི་ཁྱོད་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ནས་ཤེས་པའི་རང་བཞིན་ཅན་ཡིན་པའི་རྟགས་སོ། །བྷཉྫ་ནི་ཁྱོད་ཀྱི་
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱོ་དུབ་མེད་པའི་མཚན་ཉིད་དོ། །ཀོ་ལ་པ་ཏི་ནི་ཁྱོད་ཀྱི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐུན་པའི་ཡེ་ཤེས་ལ་དམིགས་པའི་དོན་ཏོ། །ཀོ་ལ་ཏ་ཐ་ཨིནྟི་ནི་ཁྱོད་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐོང་བའི་ཆོས་ཉིད་བསམ་དུ་མེད་པ་ལ་གཏན་
འཆའ་བའི་ཕྱིར་རོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་རྡོ་རྗེ་འཛིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མགོན་པོ་རྒྱལ་མཚན་གྱི་དཔུང་རྒྱན་ཅན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་གླང་པོའི་རྣ་བ་དང་ལྡན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ནི་རྣམ་པར་གནོན་པའི་ངོ་བོ་བརྙེས་
སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཡོན་ཏན་རིན་ཆེན་འབྱུང་ལྡན་དུ་འགྱུར་རོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་བདེན་པའི་དོན་སྟོན་པ་ཐོབ་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་གཟུགས་མཛེས་པ་ཐོབ་བོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཡིད་ཀྱིས་བརྒྱན་པ་
เล่ม ๖๖ · หน้า 197a
འགྲུབ་པོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་མེ་འབར་བ་ཅན་འགྲུབ་པོ། །བསམ་གཏན་གྱིས་ནི་གཟུགས་མཛེས་པ་ཡིན་ཞེས་པའོ། །གསང་བའི་བདག་པོས་བཤད་དུ་གསོལ། །ཞེས་པའི་བར་གྱིས་གསོལ་བ་བཏབ་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་
ནས་བཤད་དུ་གསོལ་ཞེས་པའི་བར་གྱིས་ནི་བཀའ་གནང་བ་བསྟན་ཏོ། །ད་ནི་དཀྱིལ་འཁོར་གྱི་ཡིག་འབྲུའི་དོན་ཏེ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་པ་ནི། གནང་ནས་ཚེ་དཔག་མེད་ཀྱི་ཏིང་ངེ་འཛིན་ལ་ཞུགས་པའི་ཕྱིར་ན་སྨོས་སོ། །ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་
པ་ཞེས་པ་ནི་ཐམས་ཅད་ནི་དངོས་པོར་སྣང་བའོ། །ཚེ་ནི་ཡེ་ཤེས་ཀྱི་དངོས་པོ་མེད་པར་རྟོགས་པས་ན་དཔག་མེད་དོ། །ཁྱད་པར་དུ་འབྱུང་བའི་རྡོ་རྗེ་ཞེས་པ་ནི། དབྱིངས་ཁྱབ་པའི་རང་བཞིན་ལས་ཡེ་ཤེས་འབྱུང་བའི་ཕྱིར་ན་རྡོ་རྗེ་ཞེས་སྨོས་སོ། །ཕྱི་མ་ནི་བདེ་སྟེ་མ་སྨོས་སོ། །ཐུགས་
ཆོས་ཀྱི་ཡི་གེ་ཉིད་དུ་ཞུགས་པར་གྱུར་པ་ནི་ཐུགས་ནི་ཡེ་ཤེས་ལྔའི་རང་བཞིན་ལ། ཆོས་ནི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་ཕྲིན་ལས་མཛད་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དཔག་ཏུ་མེད་པ་རྡོ་རྗེའི་འོད་བྱེད་པ་ནི། ཡང་དག་པའི་ཡེ་ཤེས་དངོས་པོ་དང་བྲལ་བས་ནི་དཔག་ཏུ་མེད་
ལ། རྡོ་རྗེ་ལྟར་འདུས་མ་བྱས་པས་ནི་ཐུགས་རྗེའི་འོད་བྱེད། གདོན་མི་ཟ་བའི་སྒྲིབ་པ་རྣམ་པར་འཇོམས་པ་ནི་ཞེས་པ་ལ་གདོན་མི་ཟ་ནི་ཕྲིན་ལས་གདོན་མི་ཟ་ལ། སྒྲིབ་པ་ནི་ཉོན་མོངས་པའོ། །འཇོམས་པ་ནི་མཚན་མ་ཐམས་ཅད་འཇོམས་པའོ། །དྲི་མ་མེད་ཅིང་རྣམ་པར་དག་
པའི་རྡོ་རྗེ་ནི། དྲི་མ་ནི་གཟུང་འཛིན་གྱི་བག་ཆགས་སོ། །མེད་པ་ནི་དག་པའོ། །རྡོ་རྗེ་ནི་ཆོས་ཉིད་དུ་བསྒོམ་པའོ། །གདོན་མི་ཟ་བར་མི་ཆོམས་པ། །ཞེས་པ་ནི། ཐུགས་རྗེ་དང་ཕྲིན་ལས་གཞན་གྱིས་མི་ཆོམས་པའོ། །དེ་རྣམས་ནི་རིགས་ལྔའི་སྙིང་པོ་སྟེ་ཅི་རིགས་པར་སྦྱར། སྔགས་
ཀྱི་ཡིག་འབྲུའི་དོན་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་དཀྱིལ་འཁོར་བྲི་བའི་ཐབས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། གྲུ་བཞི་པ་ལ་སྒོ་བཞི་པ། །སྒོ་བ་རྣམས་དང་ལྡན་པ་སྟེ། །རྟ་བབས་བཞི་དང་ལྡན་པར་བྱ། །ལྟེ་བ་དང་ནི་མུ་ཁྱུད་ལྡན། །ཞེས་གསུངས་ཏེ། གྲུ་བཞི་ནི་ཕྲིན་ལས་
เล่ม ๖๖ · หน้า 197b
རྣམ་པ་བཞིས་འགྲོ་བའི་དོན་བྱེད་པའི་རྟགས་ཡིན་པས་གྲུ་བཞིར་ལྡན་ནོ། །སྒོ་བཞི་ནི་ཚད་མེད་པའི་ཕྲིན་ལས་རྣམ་པ་བཞིས་འགྲོ་བ་ལ་དབྱུང་བའི་སྒོ་དང་། བསྡུ་བའི་དངོས་པོ་བཞིས་ཐེག་པ་ཆེན་པོ་ལ་འཛུད་ཅིང་འགོད་པའི་རྟགས་སོ། །སྒོ་བ་ནི་དེའི་ཕྱག་རྒྱ་སྟེ་ཡེ་ཤེས་ཀྱི་འོད་དང་
ལྡན་པར་བྲིའོ། །རྟ་བབས་བཞི་ནི་སྒོ་བཞི་བང་རིམ་གྱི་ཐེམ་པ་བཞི་སྟེ། སྙིང་རྗེ་ལ་སོགས་པ་ཚད་མེད་པ་བཞིའི་རྟགས་སོ། །ལྟེ་བ་ནི་དབུས་ཀྱི་ཕོ་བྲང་ཟླུམ་པོ་སྟེ་ཆོས་ཉིད་ཀྱི་རྟགས་སོ། །དེའི་དབུས་སུ་འཁོར་ལོ་ནི། །ཞེས་པ་ནི། དེ་ནི་དཀྱིལ་འཁོར་ལ་བྱའོ། །དབུས་ནི་དཀྱིལ་འཁོར་གྱི་སུམ་
གཉིས་ལ་བྱའོ། །འཁོར་ལོ་ནི་རྩིབས་བཞི་པའོ། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །ཞེས་པ་ནི། དཀྱིལ་ནི་དབུས་ཀྱི་ཕོ་བྲང་སྟེ་གཙོ་བོའི་ས་བཅད་དོ། །རྩིབས་བཞི་པ་དང་ལྡན་པ་ལ། །ཞེས་པ་ནི་རྩིབས་བཞི་པ་ནི་འཁོར་ལོའི་ལྕེ་བཞིའོ། །དེ་ནི་ཡེ་ཤེས་རྣམ་པ་བཞིའི་ཕྲིན་ལས་སོ། །ལྟེ་བ་དཀྱིལ་
འཁོར་ལྡན་པར་བྱ། །ཞེས་པ་ནི་ལྟེ་བ་ནི་དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ། དཀྱིལ་ནི་དེའི་ས་བཅད་དོ། །འཁོར་ལོ་ནི་རྩིབས་སུ་བསྟན་ཏོ། །ལྡན་པར་བྱ་བ་ནི་ལྷ་བྲི་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡི་དབུས་སུ་གཙོ་བོ་ནི། །ཞེས་གསུངས་ཏེ་དེ་ནི་འཁོར་ལོའོ། །དབུས་ནི་ལྟེ་བའོ། །གཙོ་བོ་ནི་
ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་སྐྱ་ཞལ་ཟླ་བ་རྒྱས་པ་ལྟར་འཛུམ་པ་ཕྱག་གཡས་ན་རྡོ་རྗེ། གཡོན་པ་ན་དྲིལ་བུ་བསྣམས་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བྲིའོ། །ཤར་གྱི་རྩིབས་ཀྱི་སྟེང་དུ་ནི་མགོན་པོ་མི་བསྐྱོད་པ་བྲི་བར་བྱ་ཞེས་པ་ནི། ཤར་ནི་ཤར་གྱི་ཕྱོགས་སོ། །རྩིབས་ནི་འཁོར་ལོའི་ལྕེའོ། །
མགོན་པོ་ནི་ཁམས་གསུམ་གྱི་མགོན་མཛད་ཅིང་མཚན་མས་མི་བསྐྱོད་པས་སྐུ་མདོག་དཀར་པོ་ས་གནོན་གྱི་ཕྱག་རྒྱ་ཅན་བྲིའོ། །ལྷོའི་རྩིབས་ལ་རིན་ཆེན་འབྱུང་ལྡན་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་བྲིའོ། །ནུབ་ཀྱི་རྩིབས་ལ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་བྲིའོ། །
བྱང་གི་རྩིབས་ལ་གདོན་མི་ཟ་བར་གྲུབ་པ་སྐུ་མདོག་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་བྲིའོ། །ཕྱི་མ་ནི་གཙུག་ཏོར་བརྒྱད་དང་ཆ་མཐུན་ནོ། །འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་བྲི། མཎྜལ་དུ་བདག་ཉིད་ཞུགས་ཤིང་ལྷ་སྤྱན་དྲང་བ་ནི། དེ་ནས་རྣམ་གྲོལ་ཅན་ཉིད་དང་། །ཞེས་པ་ནས།
เล่ม ๖๖ · หน้า 198a
ས་མ་ཡ་ཧཱུཾ་ཞེས་པའི་བར་གྱིས་བསྟན། རྡོ་རྗེ་ཏི་རི་ཞེས་པ་ནས་བཛྲ་ཧཱུཾ་ཞེས་པའི་བར་གྱིས་ནི་རིག་པའི་མེ་ཏོག་དེ་མཎྜལ་དུ་འཇུག་པ་བསྟན། དེ་ནས་ཞེས་པ་ནས་ཧཱུཾ་ཞེས་པའི་བར་གྱིས་ནི་དམ་ཚིག་བསྒྲག་པ་བསྟན། བར་གྱི་ཚིགས་གཉིས་ཀྱིས་ནི་དཀྱིལ་འཁོར་བསྟན་པའོ། །
དེ་ནས་འདི་ཞེས་པ་ནས་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པའི་བར་གྱིས་ནི་དབང་བསྐུར་བ་བསྟན། དེ་ནས་ཞེས་པ་ནས་ཨཿཞེས་པའི་བར་གྱིས་ནི་ཚེ་བསྲིང་བའི་ཐབས་བསྟན། དེའི་སྒྲུབ་པ་ཞེས་པ་ནས་བཟླས་བརྗོད་ཅེས་པའི་བར་གྱིས་ནི། བསྒྲུབ་པའི་ལྷ་བྲི་བ་བསྟན། ད་ནི་སྒྲུབ་པ་པོ་སྟོན་ཏེ་དེ་
ནས་ཟླ་བ་ཉའི་ཚེ་མཆོད་པ་ཆེན་པོ་བྱས་ལ་བ་དམར་སེར་གྱི་མར་སྣོད་སར་པར་བཅུག་ལ་ཞེས་པ་ནི་སྒྲུབ་པ་བྱེད་པའི་དུས་ནི་ཟླ་བ་ཉ་བ་སྟེ། ཚོགས་གཉིས་རྫོགས་པའི་ཕྱིར་དང་། ཏིང་ངེ་འཛིན་རྒྱས་པའི་ཕྱིར་དང་། འཇིག་རྟེན་པ་དང་མཐུན་པའི་ཕྱིར་སྨོས་སོ། །ཕྱི་ནང་གི་མཆོད་པས་
མཉེས་པར་བྱ་བའི་ཕྱིར་འཕགས་པ་ལ་མཆོད་པ་ཕུལ་ལ། བདག་གིས་སྣོད་གཙང་མའི་ནང་དུ་བ་དམར་སེར་གྱི་མར་དང་། ཏིལ་མར་དང་། གུར་གུམ་ལ་སོགས་པ་བསྲེས་ཤིང་བཅུག་ལ། བདག་ཉིད་ལས་ཀྱི་ལྷ་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་དུ་ཞུགས་ལ། ལག་པ་གཡོན་པ་རྡོ་རྗེ་རྩེ་གསུམ་གྱི་
ཕྱག་རྒྱ་བཅས་ལ་སྣོད་ལ་གཏད་ལ་གཡས་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། བཅོམ་ལྡན་འདས་ཚེ་དཔག་མེད་རབ་ཏུ་བསམ་ཞིང་། སྐུའི་གཟུགས་བརྙན་ལ་དམིགས་པའི་རྟེན་བཅས་ནས་བསྙེན་པ་དང་བཟླས་བརྗོད་ཚུལ་བཞིན་བྱས་ནས། དངོས་གྲུབ་མཚན་མ་མ་བྱུང་ན་ཡང་།
དེ་ལ་མར་སར་པའམ། ཏིལ་མར་རམ་འོ་མ་ཆང་ངམ་ཁྲག་གམ་ཞག་གམ་གླད་པའམ་ཤའམ་གང་ཡང་རུང་བ་ལ་བཟླས་ཤིང་བདག་ཉིད་ཀྱིས་བཤགས་པ་བྱ་ཞིང་། བདག་ཉིད་ཀྱི་ལུས་གུར་གུམ་གྱི་ཆུ་ལ་བཀྲུས་ལ་བསྙེན་པ་ཡུན་རིང་དུ་བྱས་ན་འགྲུབ་པར་ཐེ་ཚོམ་མེད་དོ། །ཚེ་
དཔག་མེད་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བཤད་ཟིན་ཏོ།། །།ད་ནི་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནས་རྒྱལ་པོ་ཆེན་པོ་བཞིས། །ཞེས་གསུངས་ཏེ། དེ་ནས་ནི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་རྟིང་ཐོགས་སུ་འབྱུང་བའི་ཕྱིར་ན་དེ་ནས་ཞེས་
เล่ม ๖๖ · หน้า 198b
བྱའོ། །རྒྱལ་པོ་ནི་རྒྱལ་པོ་ཆེན་པོ་བཞི་ལྷའི་རྒྱལ་པོ་ཡིན་པའི་ཕྱིར་རོ། །ཆེན་པོ་ནི་སྐུ་བཞི་དང་དཔལ་བརྒྱད་བཀའ་སྲུང་རིགས་ཀྱིས་འདུལ་བའི་ཕྱིར་ཕྲིན་ལས་མཛད་པའི་ཕྱིར་ན་ཆེན་པོའོ། །བཞི་ནི་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་སྲས་
ལ་སོགས་པ་བཞིས་བཀའ་སྩལ་དུ་གསོལ་བྱ་བའི་བར་གྱིས་རང་གི་སྙིང་པོ་འགྲོ་བ་ལ་ཕན་པའི་དོན་དུ་མདོངས་གསོལ་དུ་དབུལ་བར་གསོལ་པའོ། །དེ་བཞིན་གཤེགས་པས་བཀའ་གནང་བ་དང་རྒྱལ་པོས་སྙིང་པོ་ཕུལ་བ་ནི་བདེ་སྟེ་མ་སྨོས་སོ། །ད་ནི་དཀྱིལ་འཁོར་བྲི་བའི་དོན་བསྟན་ཏེ།
དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་གསུངས་ཏེ། དེ་ནས་ནི་སྙིང་པོ་ཕུལ་བའི་རྟིང་ཐོགས་སོ། །དཀྱིལ་ནི་ཕྱག་ན་རྡོ་རྗེ་དབུས་ན་བཞུགས་པའོ། །འཁོར་ནི་རྒྱལ་པོ་ཆེན་པོ་བཞིའོ། །བཤད་པ་ནི་དོན་བཤད་པའོ། །ཅིའི་ཕྱིར་ཞེ་ན། གྲུ་བཞི་པ་ལ་སྒོ་བཞི་པ། །དཀྱིལ་འཁོར་ལྔས་
ནི་བརྒྱན་པ་སྟེ། །ཞེས་གསུངས་ཏེ། གྲུ་བཞི་ནི་རྒྱལ་པོ་ཆེན་པོ་བཞི་ཡོད་པས་གྲུ་བཞིར་བྱའོ། །སྒོ་བཞི་ནི་རྒྱལ་པོ་བཞིས་ཕྱོགས་བཞི་ནས་རིགས་ཀྱིས་འདུལ་བ་དང་དམ་བཅའ་བའི་ཕྲིན་ལས་མཛད་པས་ན་སྒོ་བཞིའོ། །དཀྱིལ་འཁོར་ནི་ཕྱག་ན་རྡོ་རྗེ་དབུས་ན་བཞུགས་པའོ། །ལྔས་བརྒྱན་
ཞེས་པ་ནི་རྒྱལ་པོ་ཆེན་པོ་བཞི་དང་ལྔ་ཡོད་པའི་ཕྱིར་ན་ལྔས་བརྒྱན་ཏེ་ཞེས་སྨོས་སོ། །དེ་ཡང་མཎྜལ་གྱི་སུམ་གཉིས་ལ་ཐིག་བཞི་བཏབ་པའི་རེའུ་མིག་དགུ་ལ། དབུས་སུ་ཕྱག་ན་རྡོ་རྗེ་འགྱིང་བག་ཏུ་བྲི། རེའུ་མིག་གི་མཚམས་སུ་རྒྱལ་པོ་ཆེན་པོ་བཞིའི་བཙུན་མོ་བྲིའོ། །ཡུལ་འཁོར་
སྲུང་གི་བཙུན་མོ་རྡོ་རྗེ་མདའ་བྱེད་མ་དང་། འཕགས་སྐྱེས་པོའི་བཙུན་མོ་དཔེ་མེད་མ་དང་། མིག་མི་བཟང་གི་བཙུན་མོ་འདུལ་མཁས་མ་དང་། རྣམ་ཐོས་སྲས་ཀྱི་བཙུན་མོ་ཕྲེང་འཛིན་དང་། རེའུ་མིག་གི་བར་ཡང་རིན་པོ་ཆེའི་ཕྲེང་བས་བཅད་དོ། །ཕྱི་རོལ་ཡང་ཟླུམ་པོས་བསྐོར། གྲུ་
ཆད་བཞི་ལ་དུས་བཞི་བྲིའོ། །དེའི་ཕྱི་རོལ་དུ་མཆོད་སྣམ་བཅད། སྒོ་བཞི་ཡང་ཕྱོགས་སུ་བྲིའོ། །དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅས་ལ་སློབ་མ་གཞུག །རིག་པའི་མེ་ཏོག་དོར། གང་ལ་བབ་པའི་རྒྱལ་པོས་དབང་བསྐུར། ད་ནི་དབང་བསྐུར་བ་སྟོན་ཏེ། དེ་ནས་གྲྭ་ན་གཞག་པ་
เล่ม ๖๖ · หน้า 199a
ཡི། །བུམ་པ་བཞིས་ནི་དབང་བསྐུར་ཏེ། །ཞེས་གསུངས་ཏེ། དེ་ནས་ནི་ཞེས་པ་ནི་མཎྜལ་བྲི་བའི་རྟིང་ཐོགས་སོ། །མཚམས་ཞེས་བྱ་བ་ནི་རེའུ་མིག་གི་མཚམས་སུ་གཞག་པའོ། །བུམ་པ་བཞི་རྒྱལ་པོ་བཞིའི་སྔགས་དང་ཕྱག་རྒྱ་དང་ལྡན་པར་བྱ་སྟེ། དེ་ནས་བདག་ཉིད་ཕྱག་ན་རྡོ་རྗེའི་ཏིང་
ངེ་འཛིན་དུ་ཞུགས་ལ། དང་པོ་ཕྱག་ན་རྡོ་རྗེའི་དབང་བསྐུར། དེ་ནས་རྒྱལ་པོ་ཆེན་པོ་བཞིའི་བུམ་པ་ཕྱོགས་ཕྱོགས་ན་ཡོད་པས་རིམ་པས་དབང་བསྐུར་ལ་བྱིན་གྱིས་བརླབས་ན་ཡོན་ཏན་གཞུང་ལས་འབྱུང་བ་བཞིན་ཐོབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་གྱི་དོན་བསྡུས་པ་
བཤད་ཟིན་ཏོ།། །།ད་ནི་ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་བཤད་དེ། དེ་ནས་ཕྱོགས་སྐྱོང་བ་རྣམས་ཀྱིས་ཞེས་པ་ནི། དེ་ནས་ནི་རྒྱལ་པོ་ཆེན་པོ་བཞིའི་རྟིང་ཐོགས་སོ། །ཕྱོགས་ནི་ཕྱོགས་བཞི་མཚམས་བཞི་དང་བརྒྱད་སྟེང་འོག་དང་བཅུའོ། །སྐྱོང་བ་ནི་དེ་རྣམས་ཀྱིས་འཇིག་རྟེན་སྐྱོང་
བའོ། །དེ་རྣམས་ཀྱིས་ནི་འཁོར་རྣམས་ཀྱིས་རང་གི་སྙིང་པོ་འབུལ་བར་ཞུས་པ་དང་། གནང་བ་དང་སྙིང་པོ་ཕུལ་བའོ། །ད་ནི་དཀྱིལ་འཁོར་བྲི་བ་སྟོན་ཏེ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་པ་ནི། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །དེ་དག་ནི་ཕྱོགས་སྐྱོང་བའོ། །དཀྱིལ་ནི་
དབུས་སུ་མགོན་པོ་ཕྱག་ན་རྡོ་རྗེ་བྲིའོ། །འཁོར་ནི་ཕྱོགས་སྐྱོང་བཅུའོ། །བཤད་པ་ནི་དོན་བཤད་པའོ། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ་ཞེས་པ་ནི། སྔ་མ་ནི་རྒྱལ་པོ་ཆེན་པོ་བཞི་དང་འདྲ་བར་བྲི་བའི་ཐ་ཚིག་གོ། །ཕྱོགས་བཞི་མཚམས་བརྒྱད་ཀྱི་རེའུ་མིག་ལས་དབུས་ཀྱི་རེའུ་མིག་ལ་བཅོམ་
ལྡན་འདས་ཕྱག་ན་རྡོ་རྗེ་ཞི་བ་སྐུ་མདོག་ལྗང་གུ་ཕྱག་གཡས་པ་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུ་ལ་བརྟེན་པ་བྲིའོ། །དེའི་མདུན་དུ་ཉི་མ་དམར་པོ་ཤིང་རྟ་ལ་ཞོན་པ་ཉི་མ་འཛིན་པ། ཟླ་བ་དཀར་པོ་ངང་པ་ལ་ཞོན་པ་ཟླ་བ་འཛིན་པ། རྒྱབ་ཏུ་ས་བདག་ཕག་མགོ་ཅན་པི་ཝང་འཛིན་པ། ཤར་
དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་དབྱུག་ཏོ་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་རིན་པོ་ཆེ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ་རྩེ་
เล่ม ๖๖ · หน้า 199b
གསུམ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་ལ་ཞོན་པ་དབྱུག་ཏོ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ་མི་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་བྱང་དུ་རླུང་ལྷ་ལྗང་གུ་ཤ་བ་ལ་ཞོན་པ་བ་དན་འཛིན་པ། སྒོ་བ་རྣམས་ཀྱང་དེ་བཞིན་དུ་ཕྱི་མ་ནི་རྒྱལ་པོ་ཆེན་པོ་བཞི་དང་མཐུན་ནོ། །དེ་ནས་སྤྱན་དྲང་བ་
དང་། བདག་ཉིད་ཞུགས་པ་དང་། སློབ་མ་གཞུག་པ་དང་། ཕྱོགས་སྐྱོང་བ་བཅུའི་སྔགས་ཀྱིས་བཏབ་པའི་བུམ་པ་རྣམས་ཀྱིས་དབང་བསྐུར་བ་དང་། དེའི་ཡོན་ཏན་དང་། ཡོན་ཏན་གྱི་ཆེ་བ་བསྲུང་ཞིང་འཕེལ་བར་བྱ་བ་དང་། སོ་སོ་རང་རང་གི་ཕྱོགས་སྲུང་བའི་ཕྱིར་དམ་བཅས་པ་ནི་བདེ་སྟེ་
བཤད་མི་དགོས་སོ། །ཕྱོགས་སྐྱོང་བ་བཅུའི་མཎྜལ་འདིས་ནི་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཟློག་པར་བགྱིད་པས་ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་གསུངས་ཏེ་དེ་ནི་འཇིག་རྟེན་པའི་གཙོ་བོ་ཡིན་པས་ན་འཇིག་རྟེན་པ་ལ་ཕན་པའི་དོན་དུ་བཤད་དོ། །ཕྱོགས་སྐྱོང་བཅུའི་དཀྱིལ་
འཁོར་གྱི་དོན་མདོར་བསྡུས་པ་བཤད་ཟིན་ཏོ། །ད་ནི་གཟའ་ཆེན་པོ་བརྒྱད་ཀྱི་མཎྜལ་བཤད་དེ། དེ་ནི་སེམས་ཅན་ལ་གཟའ་ཆེན་པོ་བརྒྱད་གཤེད་དང་སྐར་མའི་རླུང་རྣམས་ཞི་བར་བྱ་བའི་ཕྱིར་གསུངས་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། དེ་ནས་གཟའ་ཆེན་པོ་བརྒྱད་དང་། འཁོར་རྒྱུ་སྐར་དང་བཅས་པ་
རྣམས་ཀྱིས་ཞེས་གསུངས་ཏེ། དེ་ནི་སྐབས་ཀྱི་རྟིང་ཐོགས་སུ་འབྱུང་བའོ། །ནས་ནི་འོག་གི་མགོ་འདྲེན་པའོ། །གཟའ་ནི་དཔེར་ན་འཇིག་རྟེན་པ་དག་སྒྲ་ལ་གཟའ་ཞུགས་ན་མི་རུང་བར་འགྱུར་རོ་ཞེས་གསུངས་ཏེ། དེ་བཞིན་དུ་འཇིག་རྟེན་པའི་གཟའ་ཆེན་པོ་བརྒྱད་ནི་འཇིག་རྟེན་ན་རྒྱུ་བའི་མ་
རུངས་པ་སྟེ་བར་སྣང་ལ་གནས་ཤིང་གནོད་པའི་གདུག་རྩུབ་བྱེད་པའི་ཕྱིར་སྨོས་སོ། །དེའི་འཁོར་ནི་རྒྱུ་སྐར་ཏེ་ནམ་མཁའ་ལ་རྒྱུ་ཞིང་ཟླ་བའི་མངག་གཞུག་དང་། ལས་ཀུན་བྱེད་པས་ན་རྒྱུ་སྐར་རོ། །དེ་རྣམས་ནི་བཅོམ་ལྡན་འདས་ཀྱི་འཁོར་ཡིན་པས་འཇིག་རྟེན་པའི་གནོད་པ་ཞི་བར་བྱ་བའི་ཕྱིར་སྨོས་
སོ། །འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། འོག་གི་དོན་འདི་ཁོ་ན་བཅོམ་ལྡན་འདས་ལ་ཞུ་བ་གསོལ་བའི་ཕྱིར་སྨོས་སོ། །བཅོམ་ལྡན་འདས་ཞེས་པ་ནི་ཉོན་མོངས་པའི་བདུད་བཅོམ་ཞིང་ཕ་རོལ་ཏུ་ཕྱིན་པའི་ལེགས་པའི་ཡོན་ཏན་དང་ལྡན་པས་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བས་ཕྱག་ན་
เล่ม ๖๖ · หน้า 200a
རྡོ་རྗེའོ། །བདག་ཅག་འཁོར་དང་བཅས་པ་ཞེས་པ་ནི་བདག་གི་གཟའ་ཆེན་པོ་བརྒྱད་ལ་པ་སངས་གཙོར་སྨོས་པའོ། །གཅིག་ནི་ཕུར་བུ་ལ་སོགས་པ་ཕྱི་མ་བདུན་གྱི་ཐ་ཚིག་གོ། །འཁོར་ནི་གཟའ་རེ་རེ་དང་རྒྱུ་སྐར་རྣམས་དུས་སུ་རྒྱུ་བས་ན་རྒྱུ་སྐར་གྱི་འཁོར་དུ་གསུངས་སོ། །
རང་རང་གི་གསང་སྔགས་ཀྱི་ཞེས་པ་ནི་རང་རང་གཟའ་དང་རྒྱུ་སྐར་ཉིད་ལ་བྱ་བའི་ཐ་ཚིག་གོ། །གསང་སྔགས་ནི་རང་རྟགས་ཀྱི་སྙིང་པོ་སེམས་ལ་གནས་པའི་དོན་ཏོ། །བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ནི། དཔེར་ན་རས་དཀར་པོ་དམར་པོར་བྱིན་གྱིས་བརླབ་པ་ནི་བཙོད་ལ་ཡོད་པ་དང་འདྲ་བར།
དེ་བཞིན་དུ་གཟའ་དང་རྒྱུ་སྐར་གྱི་སྙིང་པོ་བྱིན་གྱིས་བརླབ་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མངའ་བས་སོ། །བྱིན་གྱིས་བརླབ་པ་བཤད་ཟིན་ཏོ། །ད་ནི་སྙིང་པོ་བཤད་པ་སྟོན་ཏེ་ལེགས་སོ་དཔའ་ཞེས་པ་ནི་ལེགས་སོ་ནི་གཟའ་ཚིག་ལ་བཅོམ་ལྡན་འདས་མགུ་བའི་ཐ་ཚིག་གོ། །དཔའ་
ནི་ཕྱག་ན་རྡོ་རྗེ་ཉིད་ཀྱིས་གནང་བའི་ཐ་ཚིག་གོ། །ཕྱི་མ་ནི་བདེ་སྟེ་བཤད་མི་དགོས་སོ། །ད་ནི་དཀྱིལ་འཁོར་གྱི་དོན་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་པ་ནི། དེ་ནི་གོང་མའི་མཇུག་སྡུད་པ་ལ། ནས་ནི་འོག་གི་དཀྱིལ་འཁོར་གྱི་མགོ་འདྲེན་པ་ལའོ། །དེ་དག་
ནི་གཟའ་དང་རྒྱུ་སྐར་དེ་དག་གོ། །དཀྱིལ་ནི་ཕྱག་ན་རྡོ་རྗེ་དཀྱིལ་ན་བཞུགས་པའོ། །འཁོར་ནི་གཟའ་དང་རྒྱུ་སྐར་དུ་བཅས་པའོ། །བཤད་པ་ནི་ཚིག་དང་དོན་གསལ་བར་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་སུ་བྲི་ཞེས་པ་ནི། ཆོས་ཐམས་ཅད་རང་བཞིན་
གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་ནི་འཇིག །ཆད་པ་མ་ཡིན་པས་ནི་རྟེན་ལ། གསུམ་ནི་འདོད་ཁམས་དང་གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་གསུམ་ལ་བྱའོ། །རྣམ་པར་རྒྱལ་བ་ནི་མཚན་མའི་རྣམ་པ་སྟེ་དེ་རྣམས་ལས་ཐུགས་རྗེའི་ཕྲིན་ལས་ཀྱི་རྒྱལ་བའི་རྟགས་ཏེ།
དེ་ནི་ཕྱག་ན་རྡོ་རྗེ་སྟེ་གཟའི་དཀྱིལ་འཁོར་གྱི་སྐབས་སུ་ཁྲོ་བོར་སྟོན་ཏེ། ཧཱུཾ་ཀ་རའི་གཟུགས་སུ་བྲི་བའི་ཐ་ཚིག་གོ། །ངོས་རྣམས་སུ་ཕྱག་རྒྱ་ཆེན་པོ་བཞི་བྲི་ཞེས་པ་ནི། ངོས་ནི་དཀྱིལ་འཁོར་ཁ་གསུམ་དུ་བཅད་པ་དེའི་དབུས་ཐིག་བཞི་བཏབ་པའི་རེའུ་མིག་དགུ་པ་རིན་པོ་ཆེའི་ཕྲེང་བས་ཟླུམ་པོར་བསྐོར་
เล่ม ๖๖ · หน้า 200b
བའི་ཕྱི་རོལ་གྱི་གྲུ་ཆད་བཞི་ལ་བྱ་བའི་ཐ་ཚིག་གོ། །ཕྱག་རྒྱ་བཞི་ནི་དུས་བཞིའི་ལྷ་མོ་བཞི་ཕྱག་རྒྱ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་དང་བཞི་བྲིའོ། །རྣམ་པ་གཅིག་ཏུ་རྡོ་རྗེ་རིན་པོ་ཆེ། པདྨ་རྒྱ་གྲམ་ཞེས་སྨོས་སོ། །དེ་ཡི་མདུན་དུ་པ་བ་སངས། །ཞེས་པ་ནི་དེ་ནི་ཧཱུཾ་ཀ་རའོ། །མདུན་དུ་ནི་ཤར་ཕྱོགས་
ཀྱི་རེའུ་མིག་གོ། །པ་བ་སངས་མདོག་དཀར་པོ་ལག་ན་མེ་ཏོག་ཀུ་མུ་ཏ་དང་ཤིང་ཏོག་བསྣམས་པ། རྒྱབ་ཏུ་ཟླ་བ་བྲི་བར་བྱ། །ཞེས་པ་ནི་རྒྱབ་ནི་ནུབ་ཕྱོགས་ཏེ་གཟའ་ཟླ་བ་ཕྱག་ན་ཀུ་མུ་ཏ་ཐོགས་པ་དང་ངང་པ་ལ་ཞོན་པ་བྲི། གཡས་ནི་ལྷོ་ཕྱོགས་ཏེ་ཕུར་བུ་སྐུ་མདོག་སྔོན་པོ་ཕྱག་ན་པུསྟི་བསྣམས་པའོ། །
གཡོན་དུ་གཟའ་ལྷག་བྲི་བར་བྱ། །ཞེས་པ་ནི་གཡོན་ནི་བྱང་ཕྱོགས་ཏེ་གཟའ་ལྷག་པདྨ་ལ་འདུག་པ། ཕྱག་གཡས་མཆོད་སྦྱིན་བྱེད་པ། གཡོན་ཨུཏྤལ་བསྣམས་པ་བྲི། མེ་ཡི་ཕྱོགས་སུ་མིག་དམར་དང་། །ཞེས་པ་ནི་ཤར་ལྷོའི་མཚམས་ཏེ། མིག་དམར་མདོག་དམར་པོ་ཕྱག་གཡས་པ་ན་བདུད་
རྩིའི་བུམ་པ་བསྣམས་པ། གཡོན་པ་ན་མེ་སྒྲོན་བསྣམས་པའོ། །རླུང་གི་ཕྱོགས་སུ་ཉི་མ་སྟེ། །ཞེས་པ་ནི་རླུང་ནི་ནུབ་བྱང་གི་མཚམས་ཏེ་གཟའ་ཉི་མ་རྟ་ལ་ཞོན་པ་ཕྱག་གཡས་པ་ན་པདྨ་ཁ་བྱེ་བ་བསྣམས་པ། གཡོན་པ་ན་མཐའ་བེར་བསྣམས་པ་བྲི། དབང་ལྡན་ཕྱོགས་སུ་སྤེན་པའོ། །ཞེས་པ་
ནི་དབང་ལྡན་ནི་བྱང་ཤར་གྱི་ཕྱོགས་ཏེ། སྤེན་པ་ལག་པ་གཡས་ན་དབྱུག་པ་ཐོགས་པ། གཡོན་པ་དགྲ་སྟ་ཐོགས་པ། སྟན་ནང་ཚངས་ཅན་ལ་འདུག་པ་བྲི། སྲིན་པོའི་ཕྱོགས་སུ་སྒྲ་གཅན་བྲི། །ཞེས་པ་ནི། སྲིན་པོ་ནི་ལྷོ་ནུབ་ཀྱི་ཕྱོགས་སུ་སྒྲ་གཅན་མདོག་དུད་ཁ་མིའི་མགོ་ཅན་རོ་སྨད་སྦྲུལ་དུ་འདུག་
པ། ཕྱག་གཡས་པ་ན་པདྨ་སྡོང་བུ་དང་བཅས་པ། གཡོན་པ་ན་རལ་གྲི་བསྣམས་པ་བྲི། ད་ནི་འཁོར་རྒྱུ་སྐར་སྨོས་ཏེ། དཀྱིལ་འཁོར་ཕྱི་རོལ་ཁོར་ཡུག་ཏུ། །ཞེས་པ་ནི་ཕྱི་རོལ་གྲུ་ཆད་ཕྱི་སྣམ་ལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྩ་བའི་དཀྱིལ་འཁོར་ནས་འབྱུང་བ་བཞིན་དུ་བྲི་བ་ནི་ཕྱོགས་རེ་རེ་བདུན་བདུན་ནོ། །
སྨིན་དྲུག་དམར་པོ་བུམ་པ་ལ་གནས་པ། སྣར་མ་ལྗང་གུ་ཁྱུ་བ་དཀར་པོ་ལ་ཞོན་པ། མགོ་སེར་པོ་ཤ་བ་ལ་ཞོན་པ། ལག་དམར་པོ་སྦྲུལ་ལ་ཞོན་པ། ནབ་སོ་སེར་པོ་པདྨ་ལ་འདུག་པ། རྒྱལ་ལྗང་གུ་བུམ་པ་ལ་འདུག་པ། སྐག་ལྗང་གུ་བྱ་རོག་ལ་འདུག་པ། མཆུ་སེར་པོ་མེ་ཏོག་ལ་
เล่ม ๖๖ · หน้า 201a
འདུག་པ། གྲེ་དཀར་པོ་པདྨ་ལ་འདུག་པ། དབོ་ལྗང་གུ་ཆུ་སྲིན་ལ་འདུག་པ། མེ་བཞི་སེར་པོ་གླང་པོ་ཆེ་ལ་ཞོན་པ། ནག་པ་ལྗང་གུ་རྨ་བྱ་ལ་ཞོན་པ། ས་རི་དམར་པོ་ལྕོང་མོ་ལ་ཞོན་པ། ས་ག་ལྗང་གུ་རྟ་དཀར་པོ་ལ་ཞོན་པ། ལྷ་མཚམས་སེར་པོ་བྱ་རོག་ལ་ཞོན་པ། སྒྲོག་དམར་པོ་ནང་
ཚངས་ཅན་ལ་འདུག་པ། སྣྲུབས་ལྗང་གུ་སྦལ་པ་ལ་ཞོན་པ། ཆུ་སྟོད་སེར་པོ་ནང་ཚངས་ཅན་ལ་འདུག་པ། ཆུ་སྨད་ལྗང་གུ་མིའི་སྙིང་ལ་འདུག་པ། བྱི་བཞིན་དཀར་པོ་ནང་ཚངས་ཅན་ལ་འདུག་པ། གྲོ་བཞིན་སེར་པོ་སྐུར་མ་ལ་འདུག་པ། མོན་གྲུ་དམར་པོ་ནང་ཚངས་ཅན་ལ་འདུག་པ། མོན་
གྲེ་ལྗང་གུ་གླང་ཁྱུ་མཆོག་ཞོན་པ། ཆུ་སྟོད་ལྗང་གུ་གསེར་ཁྲི་ལ་འདུག་པ། ཐ་སྐར་ལྗང་གུ་མི་ལ་འདུག་པ། བྲ་ཉེ་སེར་པོ་འཁོར་ལོ་ལ་འདུག་པའོ། །སྒོ་སྒོར་དེ་བཞིན་སྒོ་བ་རྣམས། །ཁྲོས་པའི་ཡིད་དུ་བྲི་བར་བྱ། །ཞེས་པ་གསུངས་ཏེ། ཕྱི་རོལ་གྱི་སྒོ་བཞི་ལ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་
བཞི་རབ་ཏུ་ཁྲོས་པ་བསྐལ་པའི་མེ་དཔུང་འབར་བའི་དཀྱིལ་ན་རྡོ་རྗེའི་བྲག་རི་ལ་བརྐྱང་བསྐུམ་གྱི་ཚུལ་དུ་གནས་པ་བྲི། རྡོ་རྗེ་འཛིན་མར་ཞུགས་ནས་ནི། །ཞེས་པ་ནས་ས་མ་ཡ་ཧཱུཾ་གི་བར་གྱིས་ནི་དཀྱིལ་འཁོར་དུ་འཇུག་པ་བསྟན་ཏོ། །ད་ནི་དབང་བསྐུར་བ་སྟོན་ཏེ། དེ་ནས་གཟའ་བརྒྱད་སྔགས་བཏབ་
སྟེ། །དེ་བུམ་བརྒྱད་ཀྱིས་དབང་བསྐུར་རོ། །ཞེས་པ་ནི་བདག་ཉིད་ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་ཞུགས་ལ། བུམ་པ་བརྒྱད་གཟའ་བརྒྱད་ཀྱི་སྔགས་ཀྱིས་བཏབ་ནས་སློབ་མ་རྡོ་རྗེའི་ཕྱག་རྒྱ་བཅས་ནས་བསྒྲུབ་པར་བྱའོ། །དེ་ནས་ཙནྡན་དམར་པོའི་ཤིང་ལ་འབྲས་ཐུག་རིན་པོ་ཆེ་
དང་། ཏིལ་དང་། སྦྲང་རྩི་དང་། སཱ་ལུ་དཀར་པོ་དང་། བུ་རམ། གུ་གུལ། སྤོས། གླ་རྩི་གུར་གུམ་རྣམས་བསྲེས་ལ་གཟའ་བརྒྱད་བསྒྲུབ་པར་བྱའོ། །ད་ནི་གཟའ་བརྒྱད་ཀྱིས་དམ་བཅས་པ་སྟོན་ཏེ། དེ་ནས་གཟའ་ཆེན་པོ་དེ་དག་ནི་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་བསྲུང་ཞིང་། རང་གིས་དམ་
བཅས་པ་ཐམས་ཅད་མི་ཉམས་པར་བྱ་བའི་ཕྱིར་སྨོས་སོ། །དེ་ནས་རྒྱུ་སྐར་དང་ཡུད་ཙམ་གྱིས་ནི་ཞེས་པ་ནི་རྒྱུ་སྐར་རྣམས་ཡུད་ཙམ་གྱིས་ནི་མཁའ་ལ་འགྲོ་སྟེ། དེ་ཡང་ཡུད་ཙམ་གྱི་ཚད་ལས་ནི་ཞག་ཙམ་དུ་བརྩི་ཞིང་ཞག་ལ་རྒྱུ་སྐར་གྱི་རླུང་དེད་པའི་ཕྱིར་སྨོས་སོ། །སྐད་ཅིག་དང་། ཐང་ཅིག་
เล่ม ๖๖ · หน้า 201b
དང་། དུས་དང་ཟླ་ཚིགས་དང་ཞེས་པ་ནི་ཡུད་ཙམ་གྱི་ཚད་ལས་སྐད་ཅིག་བརྩི་སྟེ། ཡུད་ཙམ་ནི་བུད་མེད་བལ་འཁལ་བ་སྐྱེན་བུལ་རན་པས་མོ་རང་གི་ལག་པ་གང་ནར་གྱིས་དྲངས་ནས་བཀལ་ཏེ་འཕང་ལ་བགོས་པའི་ཚད་ནི་ཡུད་ཙམ་མོ། །ཡུད་ཙམ་ཉི་ཤུ་ནི་སྐད་ཅིག་གོ། །སྐད་ཅིག་ཉི་
ཤུ་ནི་ཐང་གཅིག་གོ། །ཐང་གཅིག་བཅུ་དྲུག་ནི་ཉིན་ཞག་གཅིག་གོ། །ཉིན་ཞག་གཅིག་ལ་གཟའ་དང་རྒྱུ་སྐར་རིམ་པར་རྒྱུ་བ་དེའི་ཉིན་པར་དེ་བསྒྲུབས་ན་འགྲུབ་པར་གསུངས་སོ། །དུས་དང་ལོ་ཚིགས་དང་ཞེས་པ་ནི། དུས་ནམ་ཟླ་དབྱར་དགུན་སྟོན་དཔྱིད་བཞིའོ། །དེ་ཡང་ལོ་གཅིག་ལ་ཟླ་བ་བཅུ་
གཉིས་ལ་དེ་ཡང་རབ་འབྲིང་གསུམ་གསུམ་དུ་དབྱེའོ། །དེ་རེ་རེ་ལ་ཡང་གཟའ་དང་རྒྱུ་སྐར་གང་རྒྱུ་བ་དེ་ཤེས་པར་བྱ་བའི་ཕྱིར་སྨོས་སོ། །སྦྱོར་བ་དང་ཁྱིམ་དང་དུས་སྦྱོར་དང་ཞེས་པ་ནི། སྦྱོར་བ་ནི་སྐར་མ་དང་གཟའ་སྦྱོར་བའོ། །དུས་ཚོད་དང་ཚེས་གྲངས་སུ་སྦྱོར་བ་དང་། ནམ་ཟླ་རེ་རེ་ལ་རྒྱུ་སྐར་རེ་རེ་ལ་
རྒྱུག་རིམ་དུ་སྦྱོར་བའོ། །ཁྱིམ་ནི་གནས་ཏེ་རྒྱུ་སྐར་རིམ་པར་རྒྱུ་བའི་གནས་ཏེ། དེའི་དུས་སུ་ཡང་རང་གི་ཁྱིམ་དུ་ཡང་རྒྱུ་སྐར་རྣམས་རིམ་པས་བསྒྲུབ་ཅིང་གནས་པར་བྱ་བའི་ཕྱིར་དུས་ནི་ནམ་ཟླ་དུས་བཞི་འམ། ཞག་གི་གྲངས་ཀྱི་དུས་སུ་རྒྱུ་སྐར་བསྒྲུབ་པའོ། །འཇུག་ཕོད་ལ་སོགས་པ་ནི་དཀྱིལ་
འཁོར་གྱི་ལྷ་གང་དུ་འཇུག་པ་དེ་སྨོས་སོ། །ཕྱི་མ་ནི་བདེ་སྟེ་མ་སྨོས་སོ། །གཟའ་བརྒྱད་ཀྱི་དཀྱིལ་འཁོར་གྱི་དོན་བསྡུས་པ་བཤད་ཟིན་ཏོ། །ད་ནི་ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་བཤད་དེ། དེ་ནི་འཇིག་རྟེན་པའི་སེམས་ཅན་ཀླུ་གདོན་གྱིས་ཟིན་པ་རྣམས་ཐར་བར་བྱ་བའི་ཕྱིར་སྨོས་སོ། །དེ་
ཡང་ཅིའི་ཕྱིར་ཞེ་ན། དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱིས་ཕུད་ཅེས་བྱ་བའི་སྒྲས་ནི་ཞེས་པ་ནི། དེ་ནས་ནི་སྐབས་ཀྱི་དེ་མ་ཐག་པ་སྟེ་གཟའ་བརྒྱད་ཀྱི་རྟིང་ཐོགས་སུ་འབྱུང་བའོ། །ཀླུ་ཆེན་པོ་བརྒྱད་ནི་མཐའ་ཡས་དང་རིགས་ལྡན་གཉིས་བྲམ་ཟེའི་རིགས་མེ་ལས་བྱུང་བ་སྟེ། དཀར་པོ་ནོར་རྒྱས་དང་དུང་
སྐྱོང་གཉིས་རྒྱལ་རིགས་ལས་བྱུང་བ་སྟེ་མདོག་ཀྱང་སེར། འཇོག་པོ་དང་པདྨ་ཆེན་པོ་གཉིས་རླུང་ལས་བྱུང་བས་རྗེའུའི་རིགས་ཏེ་མདོག་ཀྱང་དམར། སྟོབས་ཀྱི་རྒྱུ་དང་པདྨ་གཉིས་ཆུ་ལས་བྱུང་བ་སྟེ། དམངས་རིགས་མདོག་ནག་པོ་ནི་རིགས་བཞིའི་གཙོ་བོ་བཞི་ཡིན་པས་ཆེན་པོའོ། །ཕུད་
เล่ม ๖๖ · หน้า 202a
ཅེས་བྱ་བ་ནི་རང་གི་དམ་ཚིག་སྒྱུ་མེད་པའི་སྙིང་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་ནོར་གྱི་དམ་པ་ནི་ཕུད་དུ་བཅད་དེ་བཞག་པ་དང་། ཟས་ཀྱི་དམ་པ་ནི་ཕུད་སྣ་ལ་བཅད་དེ་གཞག་པ་ལྷ་མཆོད་པ་དང་འདྲ་བར། བདག་གི་དམ་ཚིག་སྒྱུ་མེད་པའི་རྟགས་ཡིན་པར་ཤེས་པར་བྱ་
སྟེ་རྣམ་པ་གཅིག་ཏུ་ཕུད་ནི་མང་པོ་ལས་ཉུང་ངུ་ན་གཅོད་པ་དང་འདྲ་བར་ཀླུའི་སྙིང་པོ་མང་པོ་ཞིག་བྱུང་ཡང་། ཉུང་ངུ་བསྟན་ན་ཕུད་ཅེས་བྱ་བ་ལས་མེད་པས་ན་ཕུད་ནི་བསྡུས་པ་དང་། འདུས་པའི་ཕྱིར་ན་སྒྲས་མཉམ་པའི་ཐབས་སུ་བརྗོད་དོ། །བཅོམ་ལྡན་འདས་ལ་སྙིང་པོ་དབུལ་བར་
ཞུ་བ་གསོལ་བ་དང་། ཀླུའི་རྒྱལ་པོ་ལ་གནང་བ་དང་། ཀླུའི་རྒྱལ་པོ་དགའ་ནས་སྙིང་པོ་བརྗོད་པ་ནི་རབ་ཏུ་བདེ་སྟེ་མ་སྨོས་སོ། །ད་ནི་ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་དོན་སྟོན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་སྨོས་སོ། །དེ་ནས་ནི་སྐབས་ཀྱི་རྟིང་
ཐོགས་སོ། །དེ་དག་ནི་ཀླུ་ཆེན་པོ་དེ་དག་གོ། །དཀྱིལ་ནི་ཕྱག་ན་རྡོ་རྗེ་ཀླུའི་རྒྱལ་པོའི་ཚུལ་དུ་གནས་སོ། །འཁོར་ནི་ཀླུ་ཆེན་པོ་བརྒྱད་དོ། །བཤད་པ་ནི་དེའི་དོན་དང་ཚིག་བསྟན་པའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། པདྨ་ཆེན་པོ་འདབ་བརྒྱད་ལ། །ཁ་དོག་དཀར་པོ་བྲི་བར་བྱ། །ཞེས་གསུངས་
ཏེ། པདྨ་ནི་དཀྱིལ་འཁོར་གྲུ་བཞིར་བྱས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པ་ཁ་དོག་དཀར་པོར་བྲིས་ཏེ། དཀྱིལ་འཁོར་སུམ་གཉིས་ལས་གཅད་པར་བྱའོ། །ཕྱིའི་གྲུ་ཆད་དང་། ཤིང་རྟའི་སྣམ་བུ་ལ་བང་མིག་དང་སྒོ་དང་ལྡན་པར་བྱའོ། །དབུས་སུ་ཕྱག་ན་རྡོ་རྗེ་སྦྲུལ་མགོ་མཐའ་ཡས་པའི་
གདེངས་ཀ་ཅན་ཀླུའི་རྒྱལ་པོ་བསྡིགས་པའི་ཚུལ་དུ་གནས་པར་བྱའོ། །པདྨའི་འདབ་མ་ལ་ཤར་ཕྱོགས་སུ་མཐའ་ཡས་ཕྱག་ན་ཨུཏྤལ་བསྣམས་པ། ལྷོར་འཇོག་པོ་དགྲ་སྟ། ནུབ་ཏུ་སྟོབས་ཀྱི་རྒྱུ་སྦྲུལ་གྱི་གཤོལ། བྱང་ཕྱོགས་སུ་དུང་སྐྱོང་དུང་ཕོར། ཤར་ལྷོར་ནོར་རྒྱས་བུམ་པ། ལྷོ་ནུབ་ཏུ་པདྨ་པདྨ་
འདབ་མ་བརྒྱད། ནུབ་བྱང་དུ་ཆུ་ལྷ་སྦྲུལ་ཞགས། བྱང་ཤར་དུ་རིགས་ལྡན་རིན་ཆེན་རྐྱལ་བུ་རྣམས། གྲུ་ཆད་ལ་དུས་བཞིའི་ལྷ་མོ། ཤིང་རྟའི་བང་མིག་ལ་ཀླུ་གནོད་སྒོར་སྒོ་བ་རྣམས་བྲིའོ། །དཀྱིལ་འཁོར་བྲི་བའི་ཐབས་བསྡུས་པ་བཤད་ཟིན་ཏོ། །མཆོད་རྫས་བདེ་སྟེ་མ་སྨོས་སོ། །
เล่ม ๖๖ · หน้า 202b
ད་ནི་དཀྱིལ་འཁོར་དུ་འཇུག་པ་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་རྡོ་རྗེ་བདག་ཉིད་ཞུགས་པ་ནི་ཞེས་པ་ནི། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །རྡོ་རྗེ་ནི་སློབ་དཔོན་སྐུ་གསུང་ཐུགས་རྡོ་རྗེར་བསྒོམ་པའོ། །བདག་ཉིད་ནི་དཀྱིལ་འཁོར་བདག་ཉིད་དུ་གནས་ཤིང་བསྒོམ་པའོ། །ཞུགས་པ་
ནི་གཉིས་སུ་མེད་པར་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྦྲུལ་མགོས་སྦྲུལ་མགོ་ཅན་རྣམས་དགུག །ཕུད་ཅེས་བྱ་བའི་ལྷན་ཅིག་ཏུ། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་། །ཞེས་གསུངས། སྦྲུལ་མགོས་ནི་ཞེས་པ་ནི་བདག་སློབ་དཔོན་ལས་ཀྱི་བདག་ཉིད་ཕྱག་ན་རྡོ་རྗེར་བསྒོམ་པའོ། །སྦྲུལ་མགོ་ཅན་རྣམས་
ནི་ཀླུ་རྣམ་པ་བརྒྱད་ལ་སོགས་པའོ། །དགུག་པ་ནི་དམ་ཚིག་གི་ཕྱག་རྒྱས་གཉིས་སུ་མེད་པར་བྱས་པའོ། །ཕུད་ནི་དམ་ཚིག་གི་མནའི་སྙིང་པོའོ། །ལྷན་ཅིག་ཏུ་ནི་དམ་ལས་མི་འདའ་བར་བྱ་བའི་ཐ་ཚིག་གོ། །ཛཿནི་ལྕགས་ཀྱུ། ཧཱུཾ་ནི་ཞགས་པ། བཾ་ནི་ལྕགས་སྒྲོག །ཧོཿནི་དྲིལ་བུ་ཕྱག་རྒྱ་རྣམ་པ་བཞིས་བཀུག་ནས་
དམ་ཚིག་དང་ལྡན་པར་བྱེད་པའོ། །ད་ནི་སློབ་མ་གཞུག་ཅིང་དབང་བསྐུར་བ་སྟོན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། དེ་ནས་བུ་ནི་རྒྱལ་པོ་དང་། །རྒྱལ་རིགས་ཐམས་ཅད་བཅུག་ནས་ནི། །ཞེས་གསུངས་ཏེ། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །བུ་ནི་སློབ་མ་སྟེ། རྒྱལ་པོ་ནི་རིགས་ཕུན་སུམ་ཚོགས་
པའོ། །རྒྱལ་རིགས་ཐམས་ཅད་དཀྱིལ་འཁོར་དུ་གཞུག་གོ། །དེ་ཅིའི་ཕྱིར་ཞེ་ན། དུག་གི་ཉེས་སྐྱོན་བསལ་བའི་ཕྱིར། །ཕུད་ཅེས་བྱ་བའི་དབང་བསྐུར་རོ། །ཞེས་པ་ནི་དུག་ནི་ཀླུས་ཟིན་ནས་སྡུག་བསྔལ་གྱི་ནད་དོ། །ཉེས་པ་ནི་འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་ཀླུ་དང་འགྲས་པ་
ན་བཀྲ་མི་ཤིས་ཤིང་མི་ལ་སྐྱོན་ཡོད་པ་བསལ་བའི་ཕྱིར་སྨོས་སོ། །ཕུད་ནི་དམ་ཚིག་སྙིང་པོ་ལ་དབང་བསྐུར་བ་ནི་སློབ་མ་སྟེ། ཀླུ་དང་གཉིས་སུ་མེད་པར་བྱ་ཞིང་མི་གནོད་པར་བྱ་བའི་ཕྱིར་དབང་བསྐུར་རོ། །དེ་ལྟར་བྱས་ན་ཀླུ་ཐམས་ཅད་འགུགས་པར་འགྱུར་རོ། །ཀླུ་བསྒྲུབས་
ན་དངོས་གྲུབ་འགྲུབ་བོ། །ཀླུ་མ་མགུ་ནས་སྨོན་ལམ་འདེབས་པ་དང་། རང་གི་དམ་ཚིག་གི་མནའ་བོར་བ་དང་། དུས་རྟག་ཏུ་སེམས་ཅན་ལ་ཕན་པ་དང་། རྒྱལ་བའི་བཀའ་སྲུང་བ་ནི་བདེ་སྟེ་མ་སྨོས་སོ། །ད་ནི་ཀླུ་བསྒྲུབས་ནས་ནད་ཞི་བར་བྱེད་པའི་ཐབས་སྟོན་ཏེ། དེ་ཡང་ཅིའི་
เล่ม ๖๖ · หน้า 203a
ཕྱིར་ཞེ་ན། དེ་ནས་སྒྲུབ་པ་བཤད་དེ། ལྷ་རྫས་འོད་ཕྲེང་དཀར་པོ་ཡི། །དབུ་ལ་སྦྲུལ་མགོ་བཞིས་བསྐོར་བའི། །ཞེས་གསུངས་ཏེ། དེ་ནི་གོང་གི་མཇུག་སྡུད་ལ་ནས་ནི་འོག་གི་མགོ་འདྲེན་པའོ། །བསྒྲུབ་པ་ནི་དུག་གི་དེ་ཁོ་ན་ཉིད་ཀྱིས། ཀླུའི་སྐྱོན་བསལ་ཅིང་ནད་ཞི་
བར་བྱེད་པས་བསྒྲུབ་པ། ལྷ་རྫས་ནི་བདག་ཉིད་ཕྱག་ན་རྡོ་རྗེར་བསྒོམས་པའི་དབུ་ལ་ལྷ་རྫས་ཀྱི་འོད་ཕྲེང་དཀར་པོའི་དབུ་རྒྱན་སྦྲུལ་མགོ་བཞིན་དུ་བསྒོམས་ཏེ། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་འཛིན་གཙོ་བསམས་ནས་ཀྱང་། །ཕུད་ཅེས་བྱ་བ་འབུམ་བཟླས་ལ། །ཞེས་གསུངས་ཏེ། རྡོ་རྗེ་འཛིན་
ནི་ལས་ཀྱི་ལྷའོ། །བསམ་པ་ནི་ཡིད་ཀྱིས་བསམ་ཞིང་བསྒོམ་པའོ། །དཀྱིལ་འཁོར་གྱི་གཙོ་བོ་ཡིན་པས་སྨོས་སོ། །ཕུད་ནི་སྙིང་པོ་ལ་འབུམ་ནི་གྲངས་ཏེ་བཟླས་པ་ནི་རྩ་བའི་སྙིང་པོ་དང་ཕུད་ཅེས་བྱ་བ་བསྲེས་ལ་བཟླས་སོ། །དེ་ཡང་ཅིའི་ཕྱིར་ཞེ་ན། དེ་ནས་དུག་བླང་ཕུད་ཅེས་ནི།
བྱ་བའི་དཀྱིལ་འཁོར་བསམས་ནས་ཀྱང་། །ལྷ་རྫས་འོད་ཟེར་ཕྲེང་བས་དགང་། །ཞེས་གསུངས་ཏེ། དུག་ནི་ཉོན་མོངས་པ། བླང་བ་ནི་མེད་པར་བྱ་བ་ཕུད་ནི་རིག་པའི་མེ་ཏོག་གི་སྙིང་པོ་ལ། བྱ་བ་ནི་བསྒྲུབ་པར་བྱ་བའི་ཐ་ཚིག་ལ། འཁོར་ནི་ཀླུ་རྣམས་ཏེ། བསམ་པ་ནི་ཡིད་ཀྱིས་
བསམ་པ། ལྷ་རྫས་ནི་མཆོད་པའི་རྫས་ཡིན་ཏེ། འོད་ནི་ཁ་དོག་རྣམ་པ་ལྔ་དང་དྲི་བསུང་དུ་ལྡན་པ་ལ། ཟེར་ནི་འཕྲོ་བ་སྟེ། ཕྲེང་བ་ནི་རྒྱུན་མི་འཆད་པའི་ཐ་ཚིག་ལ། དགོད་པ་ནི་མཆོད་པའི་རྫས་ཀྱིས་དགང་བའོ། །ད་ནི་ནད་པ་ལ་སྲུང་བའི་ཆོ་ག་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་
ཕུད་ཅེས་བྱ་བ་བསམ། ལག་པ་སྦྲུལ་མགོ་ཞགས་འདྲ་དང་། །ཕུད་ཅེས་བྱ་བའི་རླུང་གིས་གཏོར། །ཞེས་གསུངས་ཏེ། དེ་ནི་གོང་གི་མཇུག་སྡུད་ལ། ཕུད་ནི་དུག་ཞི་བར་བྱེད་པའི་སྔགས་ཡིན་པས་ཡིད་ཀྱིས་བསམ། ལག་པ་ནི་སྒྲུབ་པ་པོ་དག་གི། སྦྲུལ་མགོ་ནི་ལག་པའི་སོར་མོ་
རྣམས་སྦྲུལ་མགོ་འདྲ་བར་བྱས་པ་ལ། ཞགས་པ་འདྲ་ཞིང་ཞགས་པའི་ཕྱག་རྒྱ་བཅས་ལ་ཀླུ་དྲང་བའི་ཐ་ཚིག་གོ། །ཕུད་ཅེས་བྱ་བ་ནི་གཏོང་བའི་གཉེན་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན། རླུང་གིས་གཏོར་ཞེས་འབྱུང་བས། ཕུད་ལས་རླུང་དུ་གྱུར་པས་ནད་དང་དུག་དང་
เล่ม ๖๖ · หน้า 203b
རིམས་མེད་པར་འཐོར་བའི་ཐ་ཚིག་གོ། །དེ་ཡང་ཅིའི་ཕྱིར་ཞེ་ན། པགས་པ་ཤ་དང་རུས་གནས་པའི། །དུག་རྣམས་ཐམས་ཅད་མ་ལུས་པ། །ཕུད་ཅེས་བྱ་བའི་ལག་པས་དྲང་། །ཞེས་གསུངས་ཏེ། པགས་པ་ནི་ཕྱིའི་ཁ་དོག་སྟེ་སའི་ཁམས་ཤས་ཆེ་
བའི་ནད་ཡིན་པས་བསྡུས། སྦྲུལ་ཁ་དོག་དམར་པོར་བསམ་ཞིང་འོད་དམར་པོས་གཏོར། ཁ་ཆུ་འཛག་པ་དང་། ལྐོག་མ་འགག་པ་ནི་ཤའི་ནད་ཡིན་ཏེ། ཆུའི་ཁམས་ཀྱི་དུག་ཡིན་པས་སྦྲུལ་སྔོན་པོར་བསམ་ཞིང་། འོད་སྔོན་པོའི་རང་བཞིན་དུ་གཏོར།
རྐང་ལག་རུ་ཤིང་ལྷུ་ཚིགས་ན་བ་ནི་རུས་པ་ལ་གནས་པའི་ནད་ཡིན་ཏེ། རླུང་ལས་གྱུར་པའི་ཁམས་པས་ཕུད་ལས་རླུང་དཀར་པོར་གྱུར་པས་གཏོར། དེ་ལྟར་དུག་ཐམས་ཅད་མ་ལུས་པར་ལག་པ་སྦྲུལ་མགོ་ལ་ཕུད་ཅེས་བྱ་བའི་སྙིང་པོ་བསམས་ཏེ་དྲངས་ན་ནད་ཐམས་
ཅད་འབྱིན་པར་འགྱུར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ལས་རྣམས་ཐམས་ཅད་ཀུན་བྱེད་ཅིང་། །ཞེས་གསུངས་ཏེ། གོང་དུ་གསུངས་པ་དེ་ལྟར་བྱས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དུག་རིམས་དུག་སྦྱར་ལ་སོགས་པ། །ཞེས་པ་ནི་དུག་ནི་རྣམ་པ་གཉིས་ཏེ།
ཕྱིའི་ཧ་ལ་ཧ་ལའི་དུག་ལ་སོགས་པ་དང་། ནང་འདོད་ཆགས་ལ་སོགས་པའི་དུག་གོ། །རིམས་ནི་ཞག་གཅིག་པ་ལ་སོགས་པ་རྣམས་སོ། །དུག་སྦྱར་ནི་རང་བཞིན་དང་། སྦྱར་བའི་དུག་གོ། །ཁུ་ཚུར་ཕྱག་རྒྱས་ཀུན་འབྱིན་ན། །སྦྲུལ་མགོའི་ཕྱག་རྒྱས་སྨོས་ཅི་
དགོས། །ཞེས་པ་ནི། དེ་ལྟ་བུའི་དུག་རྣམས་ཁུ་ཚུར་གྱི་ཕྱག་རྒྱ་བཅས་ནས་བྱབས་ན་ཡང་དུག་འབྱིན་པར་འགྱུར་ན། སྦྲུལ་མགོའི་ཕྱག་རྒྱ་བཅས་ནས་དྲངས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཏོ། །ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་དོན་བསྡུས་པ་བཤད་ཟིན་ཏོ། །ད་ནི་
འཇིགས་བྱེད་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་དོན་སྟོན་ཏེ། དེ་ནི་ལྷ་གདོན་ལ་སོགས་པ་ཞི་བའི་ཕྱིར་སྨོས་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། དེ་ནས་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འཇིགས་བྱེད་ཆེན་པོ་བརྒྱད་ལ་བུད་མེད་རྣམས་ཀྱིས་བསྐོར་བས་ཞེས་གསུངས་པས། དེ་ནི་ཀླུ་བརྒྱད་ལ་སོགས་
เล่ม ๖๖ · หน้า 204a
པའི་མཇུག་བསྡུས་ལ། ནས་ནི་འོག་གི་འཇིགས་བྱེད་བརྒྱད་ཀྱི་མགོ་འདྲེན་པས་སོ། །ལྷ་ནི་འདོད་ཁམས་ཀྱི་ལྷ་ལ་ཆེན་པོ་ནི་དེའི་རྒྱལ་པོའོ། །རྣམས་ནི་མ་ལུས་པའོ། །བདག་པོ་ནི་དེ་རྣམས་ལ་དབང་བྱེད་པས་བདག་པོའོ། །འཇིགས་བྱེད་ནི་རབ་ཏུ་ཁྲོས་པའི་ཚུལ་དུ་
གནས་པས་འཇིགས་བྱེད་དོ། །བརྒྱད་ནི་ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་ལས་གཙོ་བོ་བརྒྱད་སྨོས་པའི་ཐ་ཚིག་གོ། །བུད་མེད་ནི་རང་རང་གི་བཙུན་མོའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་རང་གི་འཇིགས་པའི་ཚུལ་གྱིས་སེམས་ཅན་སྐྲག་པ་ལ་ཕན་གདགས་པའི་ཕྱིར། བཅོམ་
ལྡན་འདས་ལ་སྙིང་པོ་དབུལ་བར་ཞུ་བ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་གནང་བ་དང་རང་གི་སྙིང་པོ་བརྗོད་པ་ནི་རབ་ཏུ་བདེ་སྟེ་མ་སྨོས་སོ། །ད་ནི་དཀྱིལ་འཁོར་གྱི་དོན་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འཇིགས་བྱེད་ཆེན་པོ་ནི། །རྒྱལ་པོ་དེ་དག་གི་ངག་ཉན། །ཞེས་
གསུངས་ཏེ། བཅོམ་ལྡན་འདས་ནི་ཕྱག་ན་རྡོ་རྗེའོ། །འཇིགས་བྱེད་ཆེན་པོ་ནི་འཇིགས་བྱེད་བརྒྱད་དོ། །རྒྱལ་པོ་ནི་འཇིགས་བྱེད་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་སྨོས་སོ། །བདག་ནི་འཇིགས་བྱེད་ཁོ་ན། བདག་གི་ཐ་ཚིག་གོ། །ངག་ཉན་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་ཉན་པའོ། །དེའི་
དཀྱིལ་འཁོར་ནི་འདི་ལྟར་བྲི་སྟེ། ཅིའི་ཕྱིར་ཞེ་ན། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་སྨོས་ཏེ་དེ་དག་ནི་གོང་གི་འཇིགས་བྱེད་བརྒྱད་དོ། །དཀྱིལ་ནི་དབུས་ན་རྣམ་པར་རྒྱལ་བ་བཞུགས་པའོ། །འཁོར་ནི་འཇིགས་བྱེད་བརྒྱད་དོ། །བཤད་པ་ནི་ཕྱག་ན་རྡོ་རྗེས་བཤད་པའོ། །
དེ་ཅིའི་ཕྱིར་ཞེ་ན། འཁོར་ལོ་ཆེན་པོ་རྩིབས་བརྒྱད་པ། །བྲིས་ནས་དབུས་སུ་རྡོ་རྗེ་འཛིན། །ཞེས་གསུངས་ཏེ། འཁོར་ལོ་ནི་ལྟེ་བ་དང་མུ་ཁྱུད་དང་གོང་རས་དང་རྩིབས་སུ་ལྡན་པའོ། །བྲི་བ་ནི་འཁོར་ལོ་བྲི་བའོ། །དབུས་ནི་འཁོར་ལོའི་ལྟེ་བའོ། །རྡོ་རྗེ་འཛིན་པ་ནི་ཁམས་གསུམ་རྣམ་པར་
རྒྱལ་བའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཁྲོ་ཆེན་འཇིག་རྟེན་གསུམ་པས་ནི། །རྣམ་པར་རྒྱལ་བ་གཞག་པར་བྱ། །ཞེས་གསུངས་པ་སྟེ། ཁྲོ་བོ་ནི་ཡེ་ཤེས་ཏེ་ཉོན་མོངས་པ་ལ་ཁྲོ་བའོ། །འཇིག་རྟེན་ནི་རྒྱུ་ལ་བརྟེན། རྐྱེན་གྱིས་འཇིག་པའོ། །གསུམ་ནི་ཁམས་གསུམ་མོ། །རྣམ་པ་
เล่ม ๖๖ · หน้า 204b
ནི་དེ་རྣམས་སོ། །རྒྱལ་བ་ནི་དེ་རྣམས་འཇིགས་ཤིང་དེ་རྣམས་ལས་རྒྱལ་བའོ། །གཞག་པར་བྱ་བ་ནི་དབུས་སུ་བྲི་བ་སྟེ་གོང་དུ་གདུང་བསྲེག་གི་ནང་ནས་འབྱུང་བ་བཞིན་ནོ། །ད་ནི་དཀྱིལ་འཁོར་བྲི་བའི་དོན་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡི་ཞབས་དྲུང་འཇིགས་བྱེད་པའི། །བདག་པོ་ཆེན་པོ་
ཁྲོས་པ་ནི། །འཇིགས་བྱེད་མ་དང་བཅས་པར་བྲི། །ཞེས་གསུངས་ཏེ་དེ་ནི་ཕྱག་ན་རྡོ་རྗེའོ། །ཞབས་དྲུང་ནི་བདུན་དྲང་པོའོ། །ཤར་ཕྱོགས་ནི་ལྟེ་བའི་དྲུང་ངོ་། །འཇིགས་བྱེད་ཀྱི་བདག་པོ་ནི་དབང་ཕྱུག་མ་ཧཱ་དེ་བ་སྟེ། ཁྲོས་པ་ནི་འཇིགས་པའི་ཚུལ་དུ་གནས་པ་སྤྱན་གསུམ་མཆེ་བ་
གཙིགས་པ། འཇིགས་པའི་ཆ་བྱད་སྣ་ཚོགས་པ་དང་ལྡན་པ། ཕྱག་ན་ཁ་ཊྭཱཾ་ག་བསྣམས་པ་བཙུན་མོ་འཇིགས་བྱེད་མ་ཨུ་མ་དེ་བ་དང་བཅས་པ་བྲི་བའི་ཐ་ཚིག་གོ། །ད་ནི་འཁོར་འཇིགས་བྱེད་བརྒྱད་སྟོན་ཏེ། ཅིའི་ཕྱིར་ཞེ་ན། རྩིབས་ཀྱི་ནང་ནི་ཐམས་ཅད་དུ། །གཞན་ཡང་
འཇིགས་བྱེད་བརྒྱད་པོ་ནི། །བུད་མེད་རྣམས་དང་ལྡན་པ་ལ། །ཞེས་གསུངས་ཏེ། རྩིབས་ནི་འཁོར་ལོའི་རྩིབས་སོ། །ནང་ནི་ཕྱི་རོལ་མ་ཡིན་ཏེ་རྩིབས་ཀྱི་ནང་ལྕེ་ལ་བྱ་བའི་ཐ་ཚིག་གོ། །གཞན་ཡང་ནི་དབང་ཕྱུག་ཆེན་པོ་མ་གཏོགས་པའི་གཞན་ཡང་འཇིགས་བྱེད་བརྒྱད་ཡོད་པ་
སྨོས་སོ། །ཤར་གྱི་རྩིབས་ལ་འཇིགས་བྱེད་ཕྲ་མི་ཏ་མདོག་དཀར་བ་ཕྱག་ན་རིན་པོ་ཆེ་འབར་བ་བསྣམས་པ། བཙུན་མོ་ཚངས་མ་དང་ལྡན་པར་བྲིའོ། །ལྷོའི་རྩིབས་ལ་འཇིགས་བྱེད་བྷེ་ར་བ་སྟེ། སྐུ་མདོག་སྔོ་ནག་ཕྱག་ན་རྩེ་གསུམ་བསྣམས་པ། བཙུན་མོ་བདེ་སོགས་མ་དང་བཅས་པ་བྲིའོ། །ནུབ་ཀྱི་རྩིབས་
ལ་འཇིགས་བྱེད་ཀ་ལ་བྷཻ་ར་སྟེ་སྐུ་མདོག་དམར་ནག་ཏུ་འདུག་པ། ཕྱག་ན་ཐོད་དབྱུག་བསྣམས་པ། ཆུང་མ་རཽ་དྲི་མ་དང་བཅས་པ་བྲིའོ། །བྱང་གི་རྩིབས་ལ་འཇིགས་བྱེད་ཡཀྵེ་བྷཻ་ར་སྟེ་སྐུ་མདོག་ལྗང་ནག་ཕྱག་ན་འཁོར་ལོ་བསྣམས་པ་ཆུང་མ་ཀཽ་མཱ་རི་དང་ལྡན་པར་བྲིའོ། །ཤར་ལྷོའི་
རྩིབས་ལ་འཇིགས་བྱེད་བྷཻ་ཤཱནྟ་སྐུ་མདོག་དམར་ནག་ཕྱག་ན་མདའ་གཞུ་བསྣམས་པ་བཙུན་མོ་བེ་སྣ་བི་དང་ལྡན་པར་བྲིའོ། །ལྷོ་ནུབ་ཀྱི་རྩིབས་ལ་འཇིགས་བྱེད་བི་དི་བྷཻ་ར་སྟེ་སྐུ་མདོག་སྔོ་ནག་ཕྱག་ན་དགྲ་སྟ་བསྣམས་པ་བཙུན་མོ་ཕག་མོ་དང་ལྡན་པར་བྲིའོ། །ནུབ་བྱང་གི་རྩིབས་ལ་འཇིགས་
เล่ม ๖๖ · หน้า 205a
བྱེད་ཀཱ་ལ་བྷེ་ར་བ་སྐུ་མདོག་དུད་ཁ་ཕྱག་ན་རལ་གྲི་བསྣམས་པ་ཆུང་མ་མ་ནུ་ཧ་ར་དང་བཅས་པ་བྲིའོ། །བྱང་ཤར་གྱི་རྩིབས་ལ་འཇིགས་བྱེད་ག་ན་པ་ཏི་སྐུ་མདོག་སྔོ་ནག་ཕྱག་ན་རྡོ་རྗེ་འབར་བ་བསྣམས་པ། བཙུན་མོ་ཙ་མུཎྜཱི་དུད་ཁ་དང་བཅས་པ་བྲིའོ། །ཕྱི་རོལ་གྲུ་ཆད་ལ་དུས་
བཞི་དང་ལྡན་པར་བྲི། སྒོར་སྒོ་བ་བཞི་བྲིའོ། །དེ་དག་ཀྱང་རབ་ཏུ་ཁྲོས་པའི་ཚུལ་དུ་བྲིའོ། །དཀྱིལ་འཁོར་གྱི་མཆོད་རྫས་དང་སློབ་མ་གཞུག་ཅིང་དབང་བསྐུར་བ་ལ་སོགས་པ་བདེ་སྟེ་མ་སྨོས་སོ། །ད་ནི་འཇིགས་བྱེད་བརྒྱད་སྒྲུབ་པའི་ཆོ་གའི་ཐབས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་
ལས་རྣམས་སྦྱིན་བྱ་སྟེ། །བུད་མེད་ཁྱིམ་མམ་མཚན་གཅིག་པ། །ཞེས་གསུངས་ཏེ། ལས་ནི་སྒྲུབ་པར་བྱེད་པའི་ཐབས་ཏེ་སྦྱིན་པ་ནི་དེ་བསྒྲུབས་ན་དངོས་གྲུབ་སྦྱིན་པའོ། །བུད་མེད་ཁྱིམ་ནི་མ་མོའི་གནས་དང་། སྨད་འཚོང་མའི་གནས་དང་། མོ་རེང་མོ་འདུག་པའི་ཁྱིམ་
མོ། །མཚན་གཅིག་པ་ནི་ས་མཚན་མ་ཅན་དང་། རི་མཚན་མ་ཅན་གཉེན་པོ་འཇིག་རྟེན་པའི་ལྷ་ཆེན་པོའི་རྟེན་ཡོད་པར་ཤ་ཁྲག་ཆང་ལ་སོགས་པས་དམ་རྫས་བྱས་ནས་བསྒྲུབས་ན་དངོས་གྲུབ་ཀྱི་རྟགས་ཉེ་བར་འོང་གསུངས་སོ། །ཕྱི་མ་བདེ་སྟེ་མ་སྨོས་སོ། །འཇིགས་
བྱེད་མགུ་ན་དངོས་གྲུབ་སྩོལ་བ་ཡང་བདེ་སྟེ་མ་སྨོས་སོ། །ད་ནི་དངོས་གྲུབ་ཀྱི་རྟགས་གསོལ་ཏེ་མ་སྨོས་སོ། །ཁུ་བ་བྲོ་བ་བཏུང་བ་དང་། །རྫས་དང་རལ་གྲི་འཁོར་ལོ་དང་། །རྩེ་གསུམ་དང་ནི་མཐོ་རིས་ལྷ་ཞེས་གསུངས་ཏེ། ཁུ་བ་ནི་དངུལ་ཆུའི་རིགས་གསེར་དུ་སྣང་བས་ལྕགས་
སྲང་སྟོང་གསེར་དུ་འགྱུར་བ་ལྟར་དངོས་གྲུབ་ཀྱི་རྫས་བྱང་ཆུབ་སེམས་ཀྱི་ཁུ་བ་དང་ལྡན་ཞིང་། རོ་བྲོ་བའི་བཏུང་བ་དམ་པའི་རྟགས་འབྱུང་བ་དང་། གཞན་ཡང་དངོས་གྲུབ་ཀྱི་རྟགས་རལ་གྲི་དང་། རྩེ་གསུམ་དང་། འཁོར་ལོ་ལ་སོགས་པ་འབྱུང་བ་དང་། འོད་ཟེར་དང་གཟུགས་
མཐོང་བར་གྱུར་ན་མཐོ་རིས་ཀྱི་ལྷ་དང་མི་ལ་སོགས་པས་དངོས་གྲུབ་ཐོབ་བོ། །དངོས་གྲུབ་སྦྱིན་དུ་འོང་ན། སྐྲག་ན་ནི་འཆི་སྟེ་མི་སྐྲག་པར་དངོས་གྲུབ་བླང་ངོ་། །འཇིགས་བྱེད་བརྒྱད་ཀྱི་དཀྱིལ་འཁོར་གྱི་དོན་བསྡུས་པ་བཤད་ཟིན་ཏོ། །ད་ནི་ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་དོན་
เล่ม ๖๖ · หน้า 205b
བསྡུས་པ་སྟོན་ཏེ། དེ་ནི་འཇིག་རྟེན་པའི་ལྷ་ཆེན་པོ་མི་དགེ་བ་དེ་ཞི་བར་བྱ་བའི་ཕྱིར་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱི་ཞེས་གསུངས་ཏེ། དེ་ནི་གོང་གི་མཇུག་སྡུད་པ་ལ། ནས་ནི་འོག་གི་ལྷ་ཆེན་པོ་རྣམས་ཀྱི་
མགོ་འདྲེན་པའོ། །ཚངས་པ་ནི་ཉོན་མོངས་པའི་འཁོར་བ་གྱད་ཁྲིན་དང་འདྲ་བ་ལས་ཚངས་ཤིང་འཇིག་རྟེན་པའི་མེས་པོ་ཆེན་པོ་ཡིན་པས་ཚངས་པ་སྣ་ལ་སྨོས་སོ། །ཕྱི་མ་ལྷ་ཆེན་པོ་རྣམས་ནི་དེའི་ཞར་ལ་སྨོས་པས་སོགས་ཞེས་བྱ་བའི་ཐ་ཚིག་གོ། །ལྷ་ཆེན་པོ་རྣམས་ཀྱིས་
རང་གི་སྙིང་པོ་བཤད་པར་འཚལ་ཞིང་བྱིན་གྱིས་བརླབ་པར་གསོལ་ནས་སྙིང་པོ་བཤད་པ་ནི་བདེ་སྟེ་མ་སྨོས་སོ། །ད་ནི་དཀྱིལ་འཁོར་གྱི་དོན་སྟོན་ཏེ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །ཞེས་གསུངས་ཏེ་དེ་དག་ནི་ལྷ་ཆེན་པོ། །དཀྱིལ་
འཁོར་ནི་གཙོ་བོ་དང་འཁོར་དུ་བཅས་པའི་དོན་སྟོན་ཏོ་ཞེའོ། །སྔ་མ་བཞིན་ནི་འཇིགས་བྱེད་ཆེན་པོ་ལྟར་བྱ་བའི་ཐ་ཚིག་གོ། །དབུས་སུ་ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་འདུལ་བྲིའོ། །ཤར་དུ་དབང་ཕྱུག་མདུང་རྩེ་གསུམ་བྲིའོ། །ལྷོར་བརྒྱ་བྱིན་རྡོ་རྗེ་གདེངས་པ་བྲི། ནུབ་ཏུ་ཚངས་པ་
རིན་པོ་ཆེ། བྱང་དུ་ཁྱབ་འཇུག་འཁོར་ལོ། །ཤར་ལྷོར་འདོད་པའི་དབང་ཕྱུག་གི་མདའ་གཞུ། ལྷོ་ནུབ་ཏུ་ཚོགས་བདག་གི་དགྲ་སྟ། ནུབ་བྱང་དུ་བྷྲྀང་གི་རི་ཏིའི་རིན་པོ་ཆེའི་སྒྲོམ། བྱང་ཤར་དུ་གཞོན་ནུ་ཀཱརྟི་ཀ་མདུང་བསྣམས་པ་བྲིའོ། །གྲུ་ཆད་ལ་སྟོབས་བཟང་སྐུ་མདོག་ལྗང་གུ་
གཤོལ་ཐོགས་པ་བྱང་དུ་བྲི། དགའ་བའི་དབང་ཕྱུག་སྐུ་མདོག་དམར་པོ་ཕྱག་ན་གཤོང་ཐུང་བ་ནུབ་ཕྱོགས་སུ་བྲིའོ། །ནག་པོ་ཆེན་པོ་སྐུ་མདོག་ནག་པོ་མི་སྡུག་པ་ཕྱག་ན་མདུང་རྩེ་གསུམ་བསྣམས་པ། རྒྱན་དང་ཆ་ལུགས་ཀྱིས་བརྒྱན་པ་ལྷོར་བྲིའོ། །སེང་གེའི་ཏོག་ཕྱག་ན་
ཐོད་པ་ཁྲག་གིས་བཀང་བ་ཐོགས་པ་ཤར་ལྷོའི་གྲུ་ཆད་ལ་བྲི་བར་བྱའོ། །སྒོར་སྒོ་བ་བཞི་བྲི་བར་བྱའོ། །དཀྱིལ་འཁོར་དུ་འཇུག་པ་དང་དངོས་གྲུབ་ཀྱི་རྟགས་མཐོང་ནས་མཆོད་པ་དང་། རྡོ་རྗེ་འཛིན་མའི་ཕྱག་རྒྱས་སློབ་མ་གཞུག་ཅིང་མེ་ཏོག་དོར་བ་དང་། མིག་དབྱེ་བ་
เล่ม ๖๖ · หน้า 206a
དག་སྔགས་ཀྱིས་བཏབ་པའི་བུམ་པས་དབང་བསྐུར་ཞིང་། སྔགས་ཀྱིས་བསྙེན་པའི་ཚད་བསྒྲུབ་པའི་གནས་དང་། ལྷ་འོངས་ནས་དངོས་གྲུབ་སྟེར་ཞིང་གསོལ་བ་གདབ་པ་ནི་བདེ་སྟེ་མ་སྨོས་སོ། །ཕྱི་མ་ལྷ་ཆེན་པོ་རྣམས་ཀྱིས་འཇིག་རྟེན་ལ་ཕན་པར་བྱེད་
པའི་ཐབས་སྣ་ཚོགས་འབྱུང་བ་ནི་བདེ་སྟེ་མ་སྨོས་སོ། །ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་དོན་བསྡུས་པ་བཤད་ཟིན་ཏོ། །ད་ནི་ཚེ་དཔག་མེད་གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་སྟོན་ཏེ། དེ་ནི་སེམས་ཅན་དུས་མ་ཡིན་པར་འཆི་བས་འཇིགས་པའི་གཉེན་པོར་
གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དཀྱིལ་འཁོར་ལ་ཀུན་དུ་གཟིགས་ནས་འཛུམ་པ་མཛད་པ་དང་ཞེས་པ་ནི་ཐུགས་ཡང་དག་པའི་ཡེ་ཤེས་ལས་སྐྱེས་པའི་ཕྱག་ན་རྡོ་རྗེ་ཉིད་ཀྱི་དཀྱིལ་འཁོར་འཇིག་རྟེན་པའི་འཁོར་སྣ་ཚོགས་པ་ལ་ཚེ་དཔག་མེད་ཀྱི་དཀྱིལ་
འཁོར་བཤད་པར་བཞེད་ནས། གླང་པོ་ཆེའི་ལྟ་སྟངས་ཀྱིས་ཀུན་དུ་གཟིགས་ནས། ཞལ་འཛུམ་པ་གསེར་གྱི་ཁ་དོག་ལྟ་བུ་མཛད་ནས་འོད་ཀྱིས་འཇིག་རྟེན་གྱི་ཁམས་སྣང་བར་མཛད་དོ། །དེ་ཡང་ཅིའི་ཕྱིར་ཞེ་ན། འཁོར་གྱི་དཀྱིལ་འཁོར་དེ་དག་གཡོས་ཞེས་གསུངས་ཏེ།
འཁོར་གྱི་དཀྱིལ་འཁོར་ནི་ཚངས་པ་ལ་སོགས་པའི་འཇིག་རྟེན་པའི་འཁོར་རོ། །གཡོས་པ་ནི་དྲོད་དེ་སྔོན་གྱི་དགེ་བའི་རྩ་བའི་ཚོགས་གཡོས་པའོ། །ཡང་དག་པར་གཡོས་པ་ནི་རྩེ་མོ་སྟེ། དགེ་བའི་རྩ་བ་རྣམ་པར་འཕེལ་བའི་རྩེ་མོ་བྱུང་བས་ཕྱི་གཟུང་བའི་ཡུལ་སྤངས་པས་
ཡང་དག་པར་གཡོས་སོ། །ཡང་དག་པར་འགུལ་ནི་བཟོད་པ་སྟེ་ཕྱི་གཟུང་བའི་ཡུལ་སྤངས་པས་ན་འགུལ། ནང་འཛིན་པའི་སེམས་སྤོང་བ་ལ་ཞུགས་པས་ནི་ཡང་དག་པར་འགུལ་ཏོ། །འབར་རབ་ཏུ་འབར་ནི་འཇིག་རྟེན་ཆོས་ཀྱི་མཆོག་སྟེ་ནང་འཛིན་པའི་སེམས་སྤོང་བས་ནི་
འབར་རོ། །ས་དང་པོར་བདེན་པ་མཐོང་བས་ནི་རབ་ཏུ་འབར་རོ། །ཡང་དག་པར་རབ་ཏུ་འབར་ཞིང་ས་དང་པོ་བདེན་པ་མཐོང་བའི་ལམ་སྟེ་འཇིག་རྟེན་པའི་མཚན་མ་རབ་ཏུ་འཇོམས་པས་ཡང་དག་པར་རབ་ཏུ་འབར་རོ། །དགོད་རབ་ཏུ་ཡང་དག་པར་རབ་ཏུ་དགོད་ནི་ཡེ་ཤེས་ནི་
เล่ม ๖๖ · หน้า 206b
དགོད་པར་བྱེད་པའོ། །གྲོགས་བྱང་ཆུབ་ཀྱི་ཡན་ལག་གིས་ནི་རབ་ཏུ་དགོད་པར་བྱེད་དོ། །སྤྱོད་པ་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་རབ་ཏུ་དགོད་དོ། །བརྩེ་རབ་ཏུ་བརྩེ་ཡང་དག་པར་རབ་ཏུ་བརྩེ་ཞེས་པ་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པས་ནི་བརྩེའོ། །འབྲས་བུ་སངས་རྒྱས་པར་
བྱེད་པས་ནི་ཡང་དག་པར་རབ་ཏུ་བརྩེ་ཞིང་ཞེས་སྨོས་སོ། །རྨད་ཀྱི་ཡ་མཚན་དུ་མ་འཇིག་རྟེན་དུ་སྣང་བར་གྱུར་ཏོ། །དགའ་ལྡན་གནས་ནས་འཇིག་རྟེན་མི་ཡུལ་དུ་བབས་ཏེ་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཐ་ཚིག་གོ། །འཇིག་རྟེན་པའི་འཁོར་དམ་
པར་འགྱུར་རམ་འཛུམ་པའི་དོན་བསྟན་པར་ཞུ་བ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དཔག་ཏུ་མེད་པའི་འཆི་བདག་བཅོམ་པའི་དོན་ཐོས་སམ་ཞེས་པ་དང་། འཁོར་རྣམས་དགའ་ནས་ཞུ་བ་གསོལ་བ་དང་། རྩ་བའི་སྔགས་ཀྱི་ཡིག་འབྲུ་བཤད་པ་ནི་རབ་ཏུ་བདེ་སྟེ་བརྡ་ཕྲད་
སླའོ། །དཀྱིལ་འཁོར་བྲི་བའི་ཐབས་དང་། སྔགས་མཁན་བདག་ཉིད་ཞུགས་ནས་ལྷ་སྤྱན་དྲང་བ་དང་། བདག་ཉིད་དབང་བསྐུར་ཞིང་སྤྱན་རས་གཟིགས་བསྒྲུབས་ན་དངོས་གྲུབ་ཀྱི་རྟགས་སེམས་ཉམས་དགའ་བར་འགྱུར་བ་དང་། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། སློབ་མ་
གཞུག་ཅིང་མེ་ཏོག་དོར་བ་དང་། ཕྲེང་བ་ལ་སོགས་པས་དབང་བསྐུར་བ་དང་། དམ་ཚིག་འབོགས་པའི་ཁྱད་པར་དང་། དམ་ཉམས་གསད་པའི་ལས་བྱ་བ་ནི་བདེ་སྟེ་མ་སྨོས་སོ། །སྡིག་པ་ཆེ་བ་མེད་པར་བསྒྲུབ་པ་དང་། དམ་ཚིག་ཁྱད་པར་བསྟན་པ་དང་དབང་བསྐུར་བ་ནི་བདེ་སྟེ་མ་
བཤད་དོ། །སློབ་དཔོན་མཉེས་པའི་ཡོན་དབུལ་བ་དང་དངོས་གྲུབ་གསོལ་བ་དང་སློབ་དཔོན་གྱིས་སློབ་མ་ལ་དངོས་གྲུབ་སྦྱིན་པ་ནི་བདེ་སྟེ་མ་སྨོས་སོ། །ད་ནི་སྒྲུབ་པའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པར་བྱས་
ནས་ཀྱང་། །ཞེས་གསུངས་ཏེ་དཀྱིལ་འཁོར་དྲུག་པོ་གང་སྒོམ་ཡང་གཙོ་བོ་མངོན་བྱང་ལྔ་པོ་འདིས་བསྐྱེད་དོ། །དེ་ལ་དང་པོ་སྟོང་པ་ལ་མངོན་པར་བྱང་ཆུབ་པ་ནི་ལག་པ་མཉམ་གཞག་བྱ་སྟེ། ངག་ཏུ་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་པས་ཆོས་ཐམས་ཅད་
เล่ม ๖๖ · หน้า 207a
སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེའི་ངང་ལས་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་མངོན་པར་བྱང་ཆུབ་པ་ནི་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། ཨཱ་ལི་བཅུ་དྲུག་ལས་ཟླ་བའི་དཀྱིལ་འཁོར་དུ་བསམ་མོ། །དེ་ནས་བརྟན་པའི་སྙིང་པོ་ནི། ཨོཾ་ཙིཏྟ་
པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བརྗོད་པས་རང་གི་སེམས་རང་གིས་རིག་པའོ། །རང་གི་ས་བོན་དེ་དབུས་སུ་ཞེས་སོ། །ཡང་དེའི་སྟེང་དུ་སྙིང་པོ་བསམ་དེའི་མཐའ་ན་ཕར་ཀཱ་ལི་ལས་ཟླ་བའི་དཀྱིལ་འཁོར་ཉིས་བརྩེགས་སུ་གྱུར་པར་བསམ། དེ་བརྟན་པར་བྱ་བ་ནི། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་
ཡ་མི་ཞེས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་རྫོགས་སོ། །ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ་ནི་དེའི་སྟེང་དུ་ལྷ་གང་བསྒོམ་གྱི་སྙིང་པོ་བསམ། དེ་བརྟན་པའི་སྙིང་པོ་ནི་ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱའོ། །དེ་ལས་འོད་འཕྲོས་འདུས་པ་ལས་དམ་ཚིག་གི་ཕྱག་རྒྱ་ལ་
བསམས་ནས་དམ་ཚིག་ཕྱག་རྒྱ་ཡང་ཞེས་སོ། །མངོན་པར་བྱང་ཆུབ་པ་ནི་ལྷ་གང་བསྒོམ་གྱི་ཕྱག་མཚན་དུ་གྱུར་པའོ། །དེ་བརྟན་པར་བྱ་བ་ནི། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་པས་བརྟན་པར་གྱུར་ཏོ། །མཚན་མ་དེ་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དཔག་ཏུ་མེད་པར་ཞུགས་པ་
ལས། ཕྱག་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པ་ནི་དཀྱིལ་འཁོར་གང་བསྒོམ་གྱི་གཙོ་བོར་གྱུར་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏཱ་སྟ་ཧཾ་ཞེས་བརྗོད་པས་བཅུ་གཅིག་པར་སངས་རྒྱས་པར་གྱུར་ཏོ། །དེ་ནས་རང་གི་ས་བོན་དང་ལྷ་གང་བསྒོམ་གྱི་སྔགས་དང་། དམ་ཚིག་གི་ཕྱག་རྒྱས་སྐུ་ཕྱག་
རྒྱ་ཆེན་པོ་ལ་གནས་བཞིར་བྱིན་གྱིས་བརླབ་བོ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་ཞེས་སོ། །དེ་ནས་རིགས་ལྔའི་ཕྱག་རྒྱས་དབང་བསྐུར་རོ། །ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥཉྩ་ཨོཾ་སྤྱི་བོར། ཨོཾ་བཛྲ་མུ་དྲ་ཨ་བྷེ་ཥིཉྩ་ཧཱུཾ། མཚོག་ཁར། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཱཾ། ལྟག་པ་གཡས།
ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱིཿ། ལྟག་པ་རུ། ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥྀཉྩ་ཨཱཿ། ལྟག་པ་གཡོན་དུའོ། །དེ་ནས་དར་དཔྱང་གི་དབང་ནི། ཨོཾ་བཛྲ་པ་ཊཾ་བཱ་ལཾ་བི་ནི་ཨ་བྷི་ཥིཉྩ་ཧྲཱིཿཞེས་པའོ། །དེ་ལས་ལྷའི་སྐུར་བསྐྱེད་དེ། བསྒྲུབས་ན་དངོས་གྲུབ་ཐོབ་ཅེས་གསུངས་སོ། །མཎྜལ་དུ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด