རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན

ชื่อสันสกฤต (อักษรทิเบต ตามตัวบท) བཻ་རོ་ཙ་ན་ཨ་བྷི་སམྦོ་དྷི་ཏནྟྲ་པིཎྜཱརྠ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๙ · หน้า 1b

༄༅༅། །རྒྱ་གར་སྐད་དུ། བཻ་རོ་ཙ་ན་ཨ་བྷི་སམྦོ་དྷི་ཏནྟྲ་པིཎྜཱརྠ། བོད་སྐད་དུ། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན། བམ་པོ་དང་པོ།

བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ། །གང་ཞིག་ཉིད་ཀྱི་སྐུ་གསུང་ཐུགས་བཅས་པའི། །ཚོགས་ཟད་མི་ཤེས་རྣམས་ཀྱིས་འཇིག་

རྟེན་གྱི། །སྐྱེ་རྒྱུད་རབ་ཏུ་ཞི་མཛད་བདེ་གཤེགས་ལས། །འབྱུང་བའི་སྐུ་གསུང་སྩོལ་མཛད་བྱང་ཆུབ་ཕྱིར། །རྡོ་རྗེ་ཅན་དང་རྒྱལ་བའི་སྲས་རྣམས་ཀྱིས། །བསྟེན་བྱ་རྣམ་པར་སྣང་མཛད་དེ་དང་ནི། །དེ་

ཡི་སྐུ་གསུང་ཉིད་ལའང་ཕྱག་འཚལ་ནས། །རྣམ་སྣང་རྒྱུད་བསྡུས་པ་ཡི་དོན་བསྡུས་བཤད། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཀྱིས་རང་དང་གཞན་གྱི་དོན་ཕུན་སུམ་

ཚོགས་པ་ཐུགས་སུ་ཆུད་པར་མཛད་ནས། གདུལ་བྱ་རྣམས་དེ་ཁོ་ན་ལ་གཟུད་པའི་ཕྱིར་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་དག་ཉིད་གསང་སྔགས་ཀྱི་སྤྱོད་པ་སྟོན་པར་བྱེད་པ་དང་། ཕ་རོལ་

เล่ม ๖๙ · หน้า 2a

ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་བྱེད་པའི་མདོ་སྡེ་རྣམས་ཀྱིས་བསྟན་ཏོ། །དེ་ལྟ་བས་ན་རྒྱུད་འདི་ནི་འདི་ལྟ་སྟེ། བསྡུས་པ་དང་རྒྱས་པ་དང་རྣམ་པ་གཉིས་ཀྱི་སྒོ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་གི་

དོན་ཕུན་སུམ་ཚོགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དོན་བསྡུ་བར་བཞེད་དོ། །དེ་ལ་བསྡུས་པའི་སྒོ་ནས་ནི། །རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བའི་མིང་གི །

རྒྱུད་ཀྱི་དོན་ཐམས་ཅད་སྟོན་པར་བྱེད་པ་འདིས་བསྡུས་པར་བཞེད་པ་ཡིན་ནོ། །རྒྱས་པའི་སྒོ་ནས་ནི། རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་མཐའ་དག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་དང་ངོ་བོ་

ཉིད་དང་། འབྲས་བུ་ཕུན་སུམ་ཚོགས་པ་གསུམ་གྱི་མཚན་ཉིད་ཅན་རབ་ཏུ་དབྱེ་བ་དང་། དེ་བཞིན་དུ་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་ཕྱག་རྒྱ་དང་། དཀྱིལ་འཁོར་དང་གསང་སྔགས་ལ་སོགས་པའི་མཚན་ཉིད་ཅན་

བསྟན་པ་དང་། རབ་ཏུ་དབྱེ་བའི་སྒོ་ནས་བསྡུས་པར་བཞེད་པ་ཡིན་པར་བལྟའོ། །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་ནི། འདི་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འགྲུབ་པའི་ལམ་གྱི་རིམ་པ་བསྟན་པའི་སྒོ་ནས་བརྗོད་པ་ཡིན་ནོ། །

เล่ม ๖๙ · หน้า 2b

ངོ་བོ་ཉིད་ཕུན་སུམ་ཚོགས་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་བསྟན་པའི་སྒོ་ནས་བརྗོད་པ་ཡིན་ནོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི་སྐུ་ལ་སོགས་པ་བཀོད་པ་མི་ཟད་པའི་རྣམ་པར་སྤྲུལ་པའི་མཚན་ཉིད་བསྟན་པའི་སྒོ་ནས་བརྗོད་པ་ཡིན་ནོ། །གཞན་གྱི་དོན་ཕུན་སུམ་

ཚོགས་པ་ནི་སྐུ་ལ་སོགས་པ་མི་ཟད་པ་རྣམ་པར་སྤྲུལ་པ་དེ་ཉིད་ཀྱི་བྱིན་གྱི་རླབས་ཀྱི་ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་ལ་སོགས་པར་བརྟགས་པའི་སྒོ་ཐབས་དང་བཅས་པར་བརྗོད་པ་ཡིན་ནོ། །རྣམ་པར་སྤྲུལ་པ་འདི་ཕྱག་རྒྱ་དང་གསང་སྔགས་ལ་སོགས་པར་བྱིན་

གྱིས་བརླབས་པའི་སྒོ་ནས་གཞན་གྱི་དོན་དུ་བརྟགས་པ་དེ་ཡང་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། དཀྱིལ་འཁོར་གྱི་སློབ་དཔོན་གྱི་མཚན་ཉིད་བསྟན་པ་དང་། སློབ་མའི་མཚན་ཉིད་རྣམ་པར་དབྱེ་བ་དང་། དཀྱིལ་འཁོར་གྱི་སའི་མཚན་ཉིད་དང་། ཡོངས་སུ་དག་པ་

དང་། ཡོངས་སུ་གཟུང་བའི་མཚན་ཉིད་དང་། དངོས་པོ་གསུམ་བསྟན་པ་དང་། སློབ་མ་སྟ་གོན་དུ་གནས་པའི་ཆོ་ག་བརྗོད་པ་དང་། དཀྱིལ་འཁོར་གྱི་ཐིག་བྲི་བ་དང་། དེའི་རིམ་པ་དང་། དེའི་སྒོ་ཁྱུད་ཀྱི་མཚན་ཉིད་དང་། དངོས་པོ་གསུམ་རྣམ་པར་དབྱེ་བ་དང་། སྙིང་རྗེ་ཆེན་པོ་

འབྱུང་བའི་དཀྱིལ་འཁོར་དུ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལུས་བཀོད་པ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་བཀོད་པ་མི་ཟད་པའི་བྱིན་གྱི་རླབས་བརྗོད་པ་དང་། ཡི་གེ་འཁོར་ལོ་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱི་གསུང་བཀོད་པ་མི་ཟད་པའི་བྱིན་གྱི་རླབས་སུ་གྱུར་པའི་

ས་བོན་གྱི་ཡི་གེ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་དགོད་པ་དང་། གསང་བའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་བཀོད་པ་མི་ཟད་པའི་བྱིན་གྱི་རླབས་སུ་གྱུར་པ་མེ་དང་རླུང་དང་། ས་དང་ཆུའི་དཀྱིལ་འཁོར་ལ་གནས་པའི་ཕྱག་རྒྱའི་ཁྱད་པར་དག་གིས་དཀྱིལ་

འཁོར་དེའི་ལྷ་རྣམས་དགོད་པའི་བྱེ་བྲག་བསྟན་པ་དང་། ཚོན་རྩི་དགྱེ་བའི་བྱེ་བྲག་བསྟན་པ་དང་། དཀྱིལ་འཁོར་བྲིས་ཟིན་ནས་དཀྱིལ་འཁོར་གྱི་ལྷ་རྣམས་བྱིན་གྱིས་བརླབ་པའི་སྦྱོར་བ་བསྟན་པ་དང་། དེ་དག་ཉིད་ལ་ཕྱི་ནང་གི་མཆོད་པ་བྱ་བའི་ཕྱིར་མཆོད་པའི་ཡན་ལག་བསྟན་པ་དང་།

เล่ม ๖๙ · หน้า 3a

སློབ་མ་གཟུང་བའི་ཆོ་ག་བརྗོད་པ་དང་། དེ་དག་ཉིད་ལ་དམ་ཚིག་བསྒྲགས་པའི་ཆོ་ག་བསྟན་པ་དང་། དེ་དག་དབང་བསྐུར་བའི་ཆོ་ག་བསྟན་པ་དང་། དེ་བཞིན་དུ་རིག་སྔགས་འཛིན་དུ་གཞུག་པའི་ཆོ་ག་བརྗོད་པ་དང་། རིག་སྔགས་དང་། གསང་སྔགས་དང་། ཕྱག་

རྒྱ་རྣམས་ཀྱི་ཁྱད་པར་རྒྱས་པར་བསྟན་པ་དང་། སྒྲུབ་པའི་ཡན་ལག་རབ་ཏུ་དབྱེ་བ་བསྟན་པ་དང་། རིག་སྔགས་དང་། གསང་སྔགས་ལ་སོགས་པའི་སྒྲུབ་པའི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པའི་ཡན་ལག་བསྟན་པ་དང་། གྲུབ་པའི་མཚན་མ་བསྟན་པ་དང་། ཕྱི་དང་ནང་

གི་གྲུབ་པའི་མཚན་ཉིད་བརྗོད་པ་དང་། མེས་བྱ་བའི་ཆོ་ག་བསྟན་པ་དང་། སྒྲུབ་པའི་ཡན་ལག་རབ་ཏུ་དབྱེ་བ་བསྟན་པའོ། །དེ་ལྟ་བས་ན་འདི་ལས་ནི་དངོས་པོ་འདི་རྣམས་ཀྱི་མཚན་ཉིད་རང་གི་དང་། གཞན་གྱི་དོན་བཟླས་བརྗོད་ལ་སོགས་པ་མདོར་བསྟན་པར་ལྡན་པ་དང་། རྒྱས་

པར་བསྟན་པའི་སྒོ་ནས་བསྟན་ཏེ། དེའི་ཕྱིར་བློ་བཟང་པོ་རྣམས་དྲན་པ་བསྐྱེད་པའི་ཕྱིར་འདི་དག་གིས་བསྡུས་པའི་དོན་ཅི་རིགས་པར་མདོར་བསྡུས་ནས་རིག་པར་བྱའོ། །དེ་ལ་མདོར་ན། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་མིང་འདིས་ནི་རྒྱུད་

མཐའ་དག་གི་དོན་ཇི་ལྟར་བསྡུས་པ་དེ་བཞིན་དུ་འདིའི་མིང་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །གང་གི་ཕྱིར་གདུལ་བ་རྣམ་པ་གཉིས་ཡིན་པ་དེའི་ཕྱིར་ཁ་ཅིག་ནི་ཐེག་པ་ཆེན་པོ་ལ་སོགས་པའི་མདོ་སྡེ་ལས་བསྟན་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པས་མངོན་པར་མཐོ་བའི་

མཚན་ཉིད་ལྷ་དང་མིའི་དཔལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བ་ཉམས་སུ་མྱོང་བར་བྱས་ཏེ། རིམ་གྱིས་དཔལ་རྣམ་པར་སྣང་མཛད་ཀྱི་གོ་འཕང་འདོད་དོ། །གཞན་དག་ནི་རིག་སྔགས་དང་། གསང་སྔགས་མཉེས་པར་བྱེད་པའི་སྒོ་ནས་བསོད་ནམས་

དང་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། དེའི་འབྲས་བུར་གྱུར་པ་ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་བྱས་ནས་རྣམ་པར་སྣང་མཛད་ཆེན་པོའི་གོ་འཕང་འདོད་དེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་མོས་པ་རྣམས་ལ་དངོས་སུ་ཕན་གདགས་པའི་ཕྱིར་མདོ་སྡེའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་

เล่ม ๖๙ · หน้า 3b

གཙོར་མཛད་པ་འཕགས་པ་ས་བཅུ་པ་དང་། དཀོན་མཆོག་སྤྲིན་དང་བློ་གྲོས་མི་ཟད་པ་ལ་སོགས་པ་དག་དང་། དོན་ཟབ་ཅིང་རྒྱ་ཆེ་བ་གཙོར་མཛད་པ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། སྡོང་པོས་བརྒྱན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དག་བསྟན་ཏོ། །གསང་

སྔགས་ཀྱི་སྤྱོད་པ་རྣམས་ལ་མོས་པ་ནི་ཁ་ཅིག་ལ་ཕན་གདགས་པའི་ཕྱིར་རྣལ་འབྱོར་གྱི་ལུགས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པའི་རྣལ་འབྱོར་ལ་གོམས་པ་གཙོར་མཛད་ཅིང་རང་གི་ལྷག་པའི་ལྷ་མཉེས་པར་བྱ་བ་དང་། རྗེས་སུ་མཐུན་པའི་ལུས་ལ་སོགས་པའི་སྤྱོད་པ་དང་། མཆོད་

པའི་ཡན་ལག་གི་ཁྱད་པར་དག་ཅི་རིགས་པར་བྱེ་བྲག་ཏུ་བསྟན་པ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དང་། དཔལ་མཆོག་དང་པོ་ལ་སོགས་པ་དག་བསྟན་ཏོ། །དེ་ལས་གཞན་པའི་གདུལ་བ་དག་ལ་ནི་དད་པའི་སྒོ་ནས་བྱ་བའི་ལུགས་ཅན་གྱི་རྒྱུད་ཕྱིའི་བྱ་བའི་ཁྱད་པར་ཡང་དག་པར་

བསྟན་པ་ཐབས་དང་ཤེས་རབ་ལ་གོམས་པ་གཙོར་མཛད་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་དག་བསྟན་ཏེ། འདི་ལྟར་འཕགས་པ་དམ་ཚིག་གསུམ་གྱི་རྒྱལ་པོ་དང་། སྐུ་གསུམ་གྱི་གཙུག་ཏོར་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་དག་ཡིན་ནོ། །རྣམ་པར་

སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་དོན་དམ་པའི་ཚུལ་རབ་ཏུ་བསྒྲགས་པ་སྒྲུབ་པའི་སྦྱོར་བ་ཐབས་དང་ཤེས་རབ་ལ་གོམས་པ་སྔོན་དུ་འགྲོ་བ་ཡང་དག་པར་བསྟན་པ་ཕྱིའི་གཙང་སྦྲ་སྤྱོད་པ་ལ་སོགས་པའི་སྒྲུབ་པ་རྣམ་པར་སྨད་པ་དོན་དམ་

པའི་རྣལ་འབྱོར་ལ་གོམས་པའི་རྒྱུར་གྱུར་པ་བསྟན་པ་འདི་ཡང་གདུལ་བའི་སྐྱེ་བོ་བྱ་བའི་རྒྱུད་ཀྱི་ལུགས་དེ་ལྟ་བུ་ལ་མོས་པ་དག་གཟུང་བའི་ཕྱིར་བྱ་བའི་རྒྱུད་དོ་ཞེས་བསྒྲགས་སོ། །གསང་སྔགས་ཀྱི་ལུགས་ལ་མོས་པའི་གདུལ་བ་དེ་དག་ཀྱང་། རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མགོ་

སྨོས་པས་གོ་བ་དང་། རྣམ་པར་ཕྱེ་བས་གོ་བ་དང་། ཚིག་ལྷུར་ལེན་པའོ། །དེ་ལ་ཤེས་རབ་ཤིན་ཏུ་རྣོ་བ་དང་། ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་ཆེར་གོ་བ་དང་ལྡན་པ་དག་ནི་ཚིག་དང་ངག་མདོར་བསྡུས་པས་ཀྱང་མགོ་སྨོས་པའི་དོན་གྱིས་རིགས་ཀུན་ཤེས་པར་ནུས་པས་མགོ་

เล่ม ๖๙ · หน้า 4a

སྨོས་པས་གོ་བ་ཞེས་བྱའོ། །ཤེས་རབ་འབྲིང་དང་ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་འབྲིང་དུ་གོ་བ་དང་ལྡན་པ་དག་ནི་ཚིག་དང་ངག་རྣམ་པར་ཕྱེ་བའི་དོན་འཛིན་པར་ནུས་པས་རྣམ་པར་ཕྱེ་བས་གོ་བ་ཡིན་ནོ། །ཤེས་རབ་ཕལ་པ་དང་། ཆོས་ཕལ་པར་གོ་བ་

དང་ལྡན་པ་དག་ནི་ཚིག་རེ་རེ་ནས་རྣམ་པར་བཤད་པས་དོན་འཛིན་ནུས་པའི་ཕྱིར་ཚིག་ལྷུར་ལེན་པ་ཞེས་བསྟན་ཏོ། །དེ་ལ་གདུལ་བ་མགོ་སྨོས་པས་གོ་བ་རྣམས་ཀྱི་དབང་དུ་མཛད་དོ། །དོན་དང་མཐུན་པའི་མིང་མདོ་སྡེ་དང་། རྒྱུད་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པའི་སྒོ་དང་། བྱང་

ཆུབ་སེམས་དཔའ་ལ་སོགས་པ་དག་ཁོ་ནས་བསྟན་ཏེ། འདི་ལྟར་དེ་དག་གིས་ནི་མདོར་བསྡུས་པ་ལས་ཀྱང་མགོ་སྨོས་པའི་དོན་རྒྱས་པར་ཁོང་དུ་ཆུད་པར་ནུས་སོ་སྙམ་དུ་དགོངས་པ་ཡིན་ནོ། །རྣམ་པར་ཕྱེ་བས་གོ་བ་རྣམས་ལ་ཡང་ཕན་གདགས་པའི་ཕྱིར་མིང་དེ་དག་ཉིད་ཀྱི་དོན་ནི་རབ་ཏུ་དབྱེ་བ་

ཙམ་དུ་བརྗོད་དོ། །ཚིག་ལྷུར་ལེན་པ་རྣམས་ལ་ནི་ཕན་གདགས་པའི་ཕྱིར་རྒྱུད་ལ་སོགས་པའི་ཚིག་དེ་དག་ཉིད་ཀྱི་ཡན་ལག་རྣམ་པར་དབྱེ་བ་བརྟག་པའི་རིམ་གྱིས་རྒྱས་པར་སྤྲོས་ཏེ་རྣམ་པར་བཤད་པ་མཛད་དོ། །དེ་ལྟ་བས་ན་འདིར་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་

པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མིང་དོན་དང་མཐུན་པ་བྱེ་བྲག་ཏུ་སྟོན་པར་མཛད་པ་མགོ་སྨོས་པས་གོ་བ་རྣམས་ལ་ཕན་གདགས་པར་བསྟན་པ་སྟེ། འདི་ལྟར་དེ་ལྟར་དེ་དག་ནི་ཤེས་རབ་ཤིན་ཏུ་རྣོ་བ་དང་ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་ཆེར་གོ་པ་དང་ལྡན་པས་

རྒྱུད་འདིའི་མིང་ཐོས་པས་ཀྱང་དོན་འདི་ཁོང་དུ་ཆུད་པར་བྱེད་དེ། འདི་ལྟ་སྟེ། འདི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུལ་དུ་བྱུང་བ་དང་ལྡན་པ་ཡིན་ནོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཐུགས་སུ་ཆུད་

པ་ཡིན་ཏེ། སྐད་ཅིག་མ་དང་པོ་ལ་རང་གི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ཉེས་པ་སྤངས་པ། ནམ་མཁའ་བཞིན་དུ་སྤྲོས་པའི་བག་ཆགས་ཀྱི་གནས་ཐམས་ཅད་བསལ་བ་ཤིན་ཏུ་འོད་གསལ་ཞིང་རང་རིག་པའི་ངོ་བོ་ཉིད་ཡིན་ནོ། །བྱང་ཆུབ་

เล่ม ๖๙ · หน้า 4b

དེ་བརྙེས་པ་ཁོ་ནའི་ཆོས་ཉིད་ཀྱིས་ཐོབ་པ་སྐུ་ལ་སོགས་པ་བཀོད་པ་སེམས་ཅན་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པ་ལ་སོགས་པ་དང་འདྲ་བ་དང་། སངས་རྒྱས་ཀྱི་གསུང་བཀོད་པ་སེམས་ཅན་ཐམས་ཅད་ཀྱི་སྐད་དུ་གསུང་བར་མཁས་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དོན་

དམ་པ་དང་། ཀུན་རྫོབ་ཀྱི་བདེན་པ་ཡུལ་ཅན་འགྲུབ་པས་ནི་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་ཡིན་ཏེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་

པར་སངས་རྒྱས་ནས་ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་དུ་གནས་སོ། །སྐུ་ཅི་སྙེད་པ་དེ་སྙེད་ཀྱི་གསུང་དང་། སྐུ་དང་གསུང་ཇི་སྙེད་པ་དེ་སྙེད་ཀྱི་

ཐུགས་དག་ཀུན་དུ་གནས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་ན་སེམས་ཅན་གྱི་ཁམས་ཚད་མེད་པ་ཡིན་པས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་། གསུང་དང་། ཐུགས་རབ་འབྱམ་ཚད་མེད་པ་ཁོ་ནར་རྟོགས་པར་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །ཡང་དོན་འདི་ཉིད་རྒྱུད་

འདི་ཁོ་ན་ལས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པ་དེ་དག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མི་གཡོ་བའི་སྐུ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་ཞུགས་པར་མཐོང་ངོ་ཞེས་གང་རྒྱས་པར་གསུངས་པ་འབྱུང་བའི་གཞུང་འདིས་

ཡང་དག་པར་བསྟན་ཏེ་རྒྱུད་ལས་བརྟག་པར་བྱའོ། །རྣམ་པར་སྤྲུལ་པ་ནི་རྣམ་པར་རོལ་པ་སྟེ། སྐུ་ལ་སོགས་པ་བཀོད་པ་རྣམ་པར་སྤྲུལ་པ་ཞེས་བྱ་བ་འདི་ནི་སེམས་ཅན་ཐམས་ཅད་ཡང་དག་པར་དགའ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བར་བཤད་པར་འགྱུར་རོ། །དེ་

ལྟ་བས་ན། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྣམ་པར་སྤྲུལ་པ་འདི་ལྷག་པར་གནས་པ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དགོངས་པ་ནི་ཅི་རིགས་པར་སེམས་ཅན་ཐམས་ཅད་ལ་སོགས་པའི་ལུས་དང་ངག་དང་ཡིད་དང་འདྲ་བ་ཉིད་བཀོད་པ་མི་ཟད་པའི་མཚན་ཉིད་ཀྱིས་

เล่ม ๖๙ · หน้า 5a

རྣམ་པར་སྤྲུལ་པ་དེ་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་ཀྱི་སྒོ་ནས་མཚོན་ཏེ། འཁོར་བ་ཇི་སྲིད་པར་སེམས་ཅན་སྐལ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་དགའ་བར་བྱེད་པར་བྱིན་གྱིས་རློབ་ཅིང་ལྷག་པར་གནས་པ་གང་ཡིན་པ་དེ་རྗོད་པར་བྱེད་པ་ནི་

རྒྱུད་འདི་ཡིན་ནོ། །གདུལ་བྱ་མགོ་སྨོས་པས་གོ་བས་འདིའི་མིང་གི་དོན་ངེས་པར་དཔྱད་པ་ཉིད་ཀྱིས་རྒྱུད་ཀྱི་དོན་མཐའ་དག་མདོར་གོ་བར་བྱེད་དོ་སྙམ་པ་འདི་ཡིན་ནོ། །དེའི་ཕྱིར་གདུལ་བྱ་མགོ་སྨོས་པས་གོ་བ་རྣམས་ལ་ཕན་གདགས་པའི་ཕྱིར་མིང་དོན་དང་མཐུན་པ་རྣམ་པར་སྣང་མཛད་

མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བ་འདིར་བཏགས་སོ། །གཞན་ཡང་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བའི་མིང་དོན་དང་མཐུན་པ་གང་ཡིན་པ་འདི་ནི་སེམས་ཅན་མགོ་སྨོས་པས་གོ་བ་ལ་

ཕན་གདགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་རྒྱུད་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་ཡང་སྟོན་པར་བྱེད་དེ། འདི་ལྟར་རྒྱུད་འདིས་རྣམ་པར་སྣང་མཛད་ཀྱི་སྐུ་དང་། གསུང་དང་། ཐུགས་མི་ཟད་པ་རྣམ་པར་སྤྲུལ་པ་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་སྒོ་

ནས་མཚོན་པར་བྱེད་པས་དེའི་ཕྱིར་དེའི་སྐུ་ལ་སོགས་པ་བཀོད་པ་ནི་རྒྱུད་འདིའི་རྒྱུ་ཡིན་ལ། རྒྱུད་འདི་ནི་དེའི་འབྲས་བུ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱའོ། །བརྗོད་པར་བྱ་བ་ཡང་སྐུ་ལ་སོགས་བཀོད་པ་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པས་མཚོན་པ་དེ་ཉིད་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །

འདིའི་དགོས་པ་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པས་མཚོན་པ་ཡིན་ནོ། །མཚོན་པ་དེའི་དགོས་པ་ནི། ངེས་པར་ལེགས་པ་དང་མངོན་པར་མཐོ་བ་ཐོབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གདུལ་བ་རྣམ་པར་སྤྲོས་པས་གོ་བ་རྣམས་ཀྱིས་ནི་མིང་དོན་དང་མཐུན་པས་ཡང་དག་པར་

བསྟན་པའི་དོན་རྒྱས་པར་ཁོང་དུ་ཆུད་པར་མི་ནུས་པས་དེ་དག་ལ་ཕན་གདགས་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་བཤད་པ་འདི་མཛད་དོ། །འདི་ལྟར་དེ་དག་ལ་རྣམ་པར་སྣང་མཛད་ཀྱི་རྒྱུ་ནི་གང་། དེའི་ངོ་བོ་ཉིད་ནི་གང་། དེའི་

เล่ม ๖๙ · หน้า 5b

མངོན་པར་རྫོགས་པའི་བྱང་ཆུབ་པའི་རྒྱུ་ནི་གང་། དེའི་ངོ་བོ་ཉིད་ནི་ཇི་ལྟ་བུ། དེའི་རྣམ་པར་སྤྲུལ་པ་ནི་གང་གི་ཚེ་འབྱུང་། དེའི་ངོ་བོ་ཉིད་ནི་གང་། རྣམ་པར་སྤྲུལ་པ་དེ་ནི་ཇི་ལྟར་ན་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་སྒོ་ནས་མཚོན་པ་བརྗོད་དགོས་ཏེ། དེའི་ཕྱིར་དེ་དག་ལ་ཕན་གདགས་

པར་དེ་དག་ཐམས་ཅད་རྒྱུད་འདི་ལས་སྟོན་ཏོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བས་ན་ཚིག་འདི་རྣམས་སོ་སོར་བསྡུས་པའི་དོན་བསྟན་པ་རྒྱུད་ཀྱི་ཚིག་རྣམས་ཡང་དག་པར་བསྡུ་བར་བྱའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་གོ་འཕང་ཐོབ་པར་འགྱུར་བའི་རྒྱུ་ནི་འདི་ལྟ་སྟེ། འཇིག་རྟེན་པའི་ལམ་

གྱིས་འཇུག་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲུབ་པའོ། །དེ་ལ་རྒྱུད་འདི་ལས་འཇིག་རྟེན་པའི་ལམ་གྱིས་འཇུག་པའི་རིམ་པ་འདི་ཡང་དག་པར་བསྟན་ཏེ། འདི་ལྟ་སྟེ། སེམས་ཅན་འཁོར་བ་པའི་ཁྱད་པར་ངར་འཛིན་པ་དང་ང་ཡིར་འཛིན་པ་དག་གིས་བདག་ཏུ་འཛིན་པས་ཟིན་

པ་འགའ་ཁོ་ན་སྡུག་བསྔལ་གསུམ་གྱི་རྒུད་པས་གཟིར་བ་ནི་ཆོས་ཀྱི་འདུ་ཤེས་ཀྱིས་བསྙུང་བའི་སེམས་ལ་སོགས་པའི་སེམས་བརྒྱད་སྐྱེད་པར་བྱེད་དེ། རྒྱུད་འདི་ལས་བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་དག་བརྒྱ་ལམ་ན་རེས་འགའ་རེས་འགའ་ཞིག་ལ་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི་

འདི་ལྟ་སྟེ། བསྙུང་བར་གནས་པ་ལ་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནས། འདི་ནི་སྟོབས་སུ་གྱུར་པ་སྟེ། སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟར་བདག་ལ་སོགས་པར་ང་རྒྱལ་བྱེད་པས་ཟིན་པའི་སྦྱིན་པ་དང་ཚུལ་

ཁྲིམས་ལ་གོམས་པར་བྱས་པའི་རིམ་གྱིས་འཇིག་རྟེན་པའི་ལམ་སྟོན་པ་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་ཚངས་པ་ལ་སོགས་པ་སྟོན་པ་ཉིད་དུ་ཁས་བླངས་པ་ནི་དེ་དག་གི་བསྟན་པ་ལ་ཞུགས་པ་རྣམས་ལ་དེ་དག་གི་བསྟན་བཅོས་ཀྱི་དོན་ཁོང་དུ་ཆུད་པར་བྱ་སྟེ། དེ་དག་གིས་ཉེ་བར་བསྟན་པའི་ལམ་གྱིས་

འབའ་ཞིག་པ་ཉིད་ལ་བློ་ཉེ་བར་བསྐྱེད་ནས་འདི་སྙམ་དུ་བདག་ལས་དང་ཉོན་མོངས་པ་ལ་སོགས་པའི་ཞགས་པ་ལྷན་ཅིག་སྐྱེས་པ་དང་། གློ་བུར་བ་དང་བྲལ་བ་འབའ་ཞིག་པའི་དངོས་པོ་ནི་འབའ་ཞིག་པ་ཉིད་ཅེས་བྱའོ། །དེའི་ཕྱིར་འབའ་ཞིག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཐར་པ་ལ་ཡང་དག་པ་མ་

เล่ม ๖๙ · หน้า 6a

ཡིན་པའི་གྲོང་ཁྱེར་འདི་དག་ཐམས་ཅད་མེད་པ་ཉིད་དེ་བདག་འབའ་ཞིག་པ་ཉིད་ཆ་ཕྲ་བ་མི་གསལ་བ་སྐྲའི་རྩེ་མོ་འབུམ་གྱི་ཆ་ཙམ་ཞིག་ལུས་སོ་སྙམ་དུ་རྟོག་པར་བྱེད་དོ། །དེའི་ཕྱིར་དེ་དག་བདག་ཏུ་འཛིན་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ནར་རྟོགས་པར་བྱེད་པས་ལམ་དམ་

པ་མ་ཡིན་ནོ་ཞེས་སྟོན་ཅིང་འདི་ཡང་སྤང་བར་བྱ་བའི་ཕྱོགས་ཉིད་ཡིན་པར་སྟོན་པར་མཛད་དེ། གསང་བའི་བདག་པོ་གཞན་ཡང་ཁྱད་པར་རྟོགས་པ་ཇི་སྐད་དུ། ཡོངས་སུ་བསྒྲགས་པའི་ཁྱད་པར་དེ་དང་དེ་དག་ལས་ཁྱད་པར་དུ་གནས་པ་རྣམས་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཞིང་དེ་ལ་ཡང་

ཡོད་དོ་ཞེས་སྟོང་པ་ཉིད་ཁོ་ན་ལ་དངོས་པོར་སེམས་ཏེ་ཞེས་བྱ་བ་ལ་སོགས་པ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་མི་ཤེས། །ཞེས་བྱ་བའི་བར་གང་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདིའི་རིམ་པ་འདིས་དགེ་བའི་བཤེས་གཉེན་ལ་ཡང་དག་པར་བསྟན་ཏེ། རིགས་པ་

དང་། ལུང་དག་གིས་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འཇིག་རྟེན་པའི་ལམ་ཡང་ཐར་བར་བྱེད་པའི་ལམ་མ་ཡིན་ནོ་ཞེས་ངེས་པར་བརྟགས་ནས་འཇིག་རྟེན་ལས་འདས་པའི་ལམ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་དག་ལ་བརྟེན་ཏེ། དེ་ལས་ཉེ་བར་བསྟེན་པ་འཇིག་

རྟེན་ལས་འདས་པའི་ལམ་གྱིས་ཐར་པར་བྱ་བའི་ཕྱིར་ཡང་དག་པར་རྩོལ་བ་རྩོམ་པར་བྱེད་དོ། །ལམ་དེ་ཡང་འདིར་རྣམ་པར་སྣང་མཛད་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའི་མཚན་ཉིད་ཀྱི་ཐར་པའི་ལམ་ཡིན་པར་དགོངས་པ་ཡིན་ནོ། །དེ་ལ་འཇུག་པ་ཡང་འདི་ལས་སེམས་ཅན་དབང་པོ་རྟུལ་པོ་

དང་། དབང་པོ་རྣོན་པོའི་བྱེ་བྲག་གིས་གང་ཟག་ལ་བདག་མེད་པར་རྟོགས་པ་དང་། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་སྒོ་ནས་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ལ་དབང་པོ་རྟུལ་པོ་ནི། དང་པོ་ཉིད་དུ་འཇིག་རྟེན་པའི་ལམ་འབའ་ཞིག་པའི་ལམ་སྤངས་ནས་གང་ཟག་ལ་

བདག་མེད་པར་རྟོགས་པའི་ལམ་ལ་འཇུག་སྟེ། འོག་ནས་འདོད་ཆགས་ཀྱི་སེམས་ལ་སོགས་པའི་མཚན་ཉིད་ཅན་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་འབྱུང་བ་དེ་ལྟ་བུ་རྣམས་སུན་ཕྱུང་ནས་གང་ཟག་ལ་བདག་མེད་པར་རྟོགས་པར་བྱེད་དེ། འདོད་ཆགས་ཀྱི་སེམས་དང་། འདོད་ཆགས་

เล่ม ๖๙ · หน้า 6b

དང་བྲལ་བའི་སེམས་དང་། ཞེ་སྡང་གི་སེམས་དང་། བྱམས་པའི་སེམས་དང་། གཏི་མུག་གི་སེམས་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བྱ་སྟེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱིས་འདས་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ། འདི་ལྟ་སྟེ། འདི་

ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །དབང་པོའི་གྲོང་ཁྱེར་ཁམས་རྣམས་ཀྱིས། །འཇིག་རྟེན་དོན་མེད་རྣམ་པར་ཉམས། །ཞེས་བྱ་བ་ལ་སོགས་པའི་བར་གང་གསུངས་པ་ཡིན་ནོ། །རྣལ་འབྱོར་པ་དབང་པོ་རྣོན་པོ་ནི་དང་པོ་ཉིད་དུ་བདག་ལ་སོགས་པ་དང་། ཕུང་པོ་

དང་ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དག་བསལ་ཏེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ལས་འདས་ནས་གང་ཟག་དང་ཆོས་ལ་བདག་མེད་པ་ལ་འཇུག་སྟེ། གསང་བའི་བདག་པོ་གཞན་ཡང་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་

རྣམས་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་དག་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་འཇིག་པ་ན་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར། སྒྱུ་མ་དང་སྨིག་རྒྱུ་དང་གཟུགས་བརྙན་དང་བྲག་ཅ་དང་མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་

ལྟ་བུའི་འདུ་ཤེས་སྐྱེས་སོ། །གསང་བའི་བདག་པོ་དེའི་ཕྱིར་དེ་དག་གི་སེམས་ཀྱི་དབང་དུ་བྱས་པའི་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟར་དབང་པོ་རྟུལ་པོ་དང་དབང་པོ་རྣོན་པོ་དག་ལས་ཅིག་ཤོས་གང་ཟག་ལ་བདག་

མེད་པའི་ལམ་ལ་གོམས་པར་བྱེད་པའམ། དབང་པོ་རྣོན་པོ་ཆོས་དང་གང་ཟག་ལ་བདག་མེད་པར་བྱེད་པའི་ལམ་ལ་གོམས་པར་བྱེད་པ་ན་རྣལ་འབྱོར་པ་དབང་པོ་རྟུལ་པོ་འདོད་ཆགས་ལ་སོགས་པ་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་སྤངས་པ་སྔོན་དུ་འགྲོ་བ་ཅན་རིམ་གྱིས་རྒྱུན་དུ་ཞུགས་པའི་

འབྲས་བུ་ལ་འཇུག་པ་ལ་སོགས་པ་འབྲས་བུ་བརྒྱད་ཐོབ་ནས་ཕྱིས་ཕུང་པོ་ལ་སོགས་པ་དེ་དག་ཉིད་ལ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུར་ཞུགས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་འདུ་ཤེས་མ་ལུས་པ་བྲལ་བས་དེ་དག་ཉིད་ཞི་བ་སྟོང་པ་ཉིད་ཀྱི་མཚན་ཉིད་ཁོ་ན་

เล่ม ๖๙ · หน้า 7a

རྟོགས་པར་འགྱུར་ཏེ། དེ་སྐད་དུ། གསང་བའི་བདག་པོ་དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་རྣམས་ལ་ཡང་ཕུང་པོ་དག་ལ་ཡོད་དོ་སྙམ་པའི་བློ་ཉེ་བར་སྐྱེའོ། །གང་དེའི་ཚེ་ཕུང་པོ་དག་ལ་འདོད་ཆགས་དང་བྲལ་བ་བསྐྱེད་པ་དེའི་ཚེ། ལྦུ་བ་

དང་ཆུའི་ཆུ་བུར་དང་སྨིག་རྒྱུ་དང་མཚུངས་པར་འཇིག་པས་རྣམ་པར་གྲོལ་བར་འགྱུར་ཏེ། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་འཛིན་པ་རྣམ་པར་སྤངས་ལ། ཆོས་ཉིད་ཀྱི་རང་བཞིན་ངོ་བོ་ཞི་བའི་དབྱིངས་རྟོགས་པར་འགྱུར་རོ། །གསང་བའི་བདག་

པོ་འཇིག་རྟེན་ལས་འདས་པའི་སེམས་ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཁྱད་པར་བརྒྱད་དང་འབྲེལ་པ་ལས་དང་ཉོན་མོངས་པའི་དྲ་བ་དང་འབྲེལ་པ་འདི་ནི་རྣལ་འབྱོར་པ་དག་ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལ་འདོད་ཆགས་ཀྱི་སེམས་ལ་སོགས་པ་དག་

ལས་ཁ་ཅིག་ལུང་ལས་ཉེ་བར་བསྟན་པའི་ལུགས་སུ་བསྡུས་པའི་དོན་གྱི་སྒོ་ཉིད་ནས་གསལ་བར་བྱ་བ་བརྗོད་དོ། །དེ་ལ་འདོད་ཆགས་ཀྱི་སེམས་གང་ཞེ་ན། ཆགས་པ་ཅན་ཆོས་ཀུན་དུ་སྟན་པའོ་ཞེས་གང་གསུངས་པ་རྒྱུད་ཀྱི་ཚིག་འདི་ནི་མདོར་བསྡུས་ནས་རྣམ་པར་དབྱེ་བ་ཉེ་བར་བསྟན་པར་བྱ་སྟེ། དེ་

ལ་ཅི་རིགས་པར་འདོད་པའི་ཁམས་ན་སྤྱོད་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཆགས་པ་དང་མངོན་པར་ཞེན་པ་གང་ཡིན་པ་དང་། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་དང་། བསམ་གཏན་དང་། ཏིང་

ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་ལ་སོགས་པ་དག་ལ། ཆགས་པ་དང་མངོན་པར་ཞེན་པ་དང་། རོ་མྱོང་བ་གང་ཡིན་པ་དེ་ནི་འདིར་འདོད་ཆགས་ཀྱི་སྒྲར་དགོངས་པ་ཡིན་ནོ། །སེམས་ཅན་གང་འགའ་ཞིག་ལ་འདོད་ཆགས་ཀྱི་མཚན་ཉིད་སེམས་ལས་བྱུང་བ་དེ་དང་ལྡན་

པའི་སེམས་ཡོད་པ་དེ་ནི་ཆགས་པ་ཅན་ཡིན་ནོ་ཞེས་བྱ་བར་བཞེད་དོ། །དེ་ལྟ་བུ་དེ་ཇི་སྐད་བཤད་པའི་ཡུལ་མ་ཐོབ་པ་ཐོབ་པར་བྱ་བ་དང་། ཐོབ་པ་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་ཅི་ཞིག་བྱེད་ཅེ་ན། ཆོས་ཀུན་དུ་སྟོན་ཞེས་བྱ་བ་གསུངས་སོ། །ཆོས་ཞེས་བྱ་བའི་སྒྲ་ནི་ངན་འགྲོ་དམྱལ་བ་དང་། ཡི་དགས་

เล่ม ๖๙ · หน้า 7b

དང་དུད་འགྲོའི་གཡང་སར་ལྷུང་བ་ལས་འཛིན་པའི་ཕྱིར་ཆོས་ཏེ། དེ་ཡང་མདོར་ན། སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། བསམ་གཏན་ལ་སོགས་པ་ལ་གོམས་པའི་མཚན་ཉིད་ཡིན་ནོ། །དེས་ན་དགོངས་པ་ནི་ཇི་སྐད་བཤད་པའི་ཡུལ་དེ་ཐོབ་པར་འདོད་པ་དང་། ཐོབ་པ་མངོན་པར་

འཕེལ་བར་བྱ་བའི་ཕྱིར་ཡུལ་དེ་ལ་ཆགས་པ་ཅན་དུ་གྱུར་ན། དེ་ཐོབ་པར་བྱ་བ་ཁོ་ནའི་ཕྱིར། སྦྱིན་པ་ལ་སོགས་པའི་ཆོས་རྣམས་ལ་འཇུག་གི་འཁོར་བའི་བཙོན་ར་ནས་མངོན་པར་འབྱུང་བའི་ལམ་དུ་གྱུར་པ་ཟག་པ་མེད་པའི་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་ལ་རོ་མྱོང་བ་

མེད་པར་འཇུག་པ་ནི་མ་ཡིན་ནོ་སྙམ་པ་འདི་ཡིན་ནོ། །དེ་ལྟར་ན་སེམས་འདི་ཡང་ཐར་པ་འདོད་པས་གང་ཟག་ལ་བདག་མེད་པའི་ལམ་ལ་གོམས་པའམ། ཆོས་དང་གང་ཟག་ལ་བདག་མེད་པ་གོམས་པའི་སྒོ་ནས་སྤང་བར་བྱ་བ་ཡིན་ནོ་ཞེས་འདི་ཉིད་ལས་སེམས་བརྒྱ་དྲུག་ཅུ་བཤད་པའི་མཇུག་ཏུ་རྒྱུད་ལས་བཤད་

པའི་ཚིག་ཡང་དག་པར་བསྡུ་བ་བསྟན་པ་བཤད་པར་བྱའོ། །འདི་ལས་གཞན་པ་ཞེ་སྡང་ལ་སོགས་པའི་སེམས་དེ་དག་ལས་འདའ་བ་དང་། རྣམ་པར་དབྱེ་བའི་བྱ་བ་འོག་ནས་འབྱུང་བ་རྣམས་ལ་ཡང་ཕལ་ཆེར་ལུགས་འདི་ཁོ་ནས་བསྒྲེ་བར་བྱའོ། །འདི་དག་གི་ཁྱད་པར་གང་ཡིན་པ་དེ་ནི་འདིར་བརྗོད་པར་བྱ་སྟེ།

སྡང་བས་ཆོས་ཀུན་དུ་བསྟེན་པའོ་ཞེས་བྱ་བ་འདིའི་དོན་ནི་དགྲ་བསད་པའི་བསམ་པས་བཟླས་བརྗོད་དང་། སྦྱིན་སྲེག་དང་། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་དེ་ཁོ་ན་བྱེད་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །མ་དཔྱད་པར་ཆོས་ཀུན་དུ་བསྟེན་པའོ་ཞེས་བྱ་བ་འདི་སྦྱིན་པ་

དང་ཚུལ་ཁྲིམས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་དེའི་མཐོང་བ་དང་མ་མཐོང་བའི་འབྲས་བུ་འདི་ཡིན་ནོ་ཞེས་མ་དཔྱད་པར་བ་ལང་གི་ཁྱུའི་ཚུལ་དུ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་བྱམས་པ་དང་ལྡན་པས་ཆོས་ཀུན་དུ་བསྟེན་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྒྱ་མཚོ་ལྟ་བུའི་སེམས་ལ་

ཐུག་པའི་བར་གྱི་ཚིག་རྣམས་ཀྱང་ཁོང་དུ་ཆུད་པར་སླ་བའི་ཕྱིར། བདག་གིས་འདིར་རྣམ་པར་མ་ཕྱེ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལ་སྐྱེ་བར་འགྱུར་བའི་སེམས་གང་ཞེ་ན། གང་གི་སེམས་འདུ་བྱེད་པ་གང་ཁོ་ན་དང་སྐྱེས་པ་དེ་ཁོ་ན་དང་ལྷན་ཅིག་འགྲོ་བ་སྟེ་ཞེས་བྱ་བ་འདིའི་དོན་ནི་ཡུལ་འགའ་ཞིག་

เล่ม ๖๙ · หน้า 8a

ལ་འདོད་ཆགས་ལ་སོགས་པའི་འདུ་བྱེད་གང་ཁོ་ན་དང་མཚུངས་པར་ལྡན་པའི་སེམས་སྐྱེས་པ་སེམས་ལས་བྱུང་བ་དེ་ཁོ་ན་དང་ལྷན་ཅིག་སྐད་ཅིག་མའི་འགག་པའམ་རྒྱུན་གྱིས་འགགས་པས་རྣམ་པར་འཇིག་པར་འགྱུར་གྱི། འདོད་ཆགས་ལ་སོགས་པའི་འདུ་

བྱེད་དང་མཚུངས་པར་ལྡན་པའི་སེམས་ཀྱི་རྒྱུན་དེའི་ཡུལ་བརྒྱུད་པ་གཞན་ཐོབ་པར་བྱ་བའི་ཕྱིར། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཆོས་ཀུན་དུ་རྩོམ་པ་དེ་ནི་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་བའི་སེམས་ལ་ཐུག་གི་བར་གྱི་དྲུག་ཅུ་

པོ་འདི་དག་བརྒྱ་དྲུག་ཅུར་འགྱུར་བ་དེ་བསྟན་པའི་ཕྱིར། གཅིག་གཉིས་གསུམ་བཞི་ལྔ་གཉིས་སུ་བསྒྱུར་བ་བྱས་པས་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུར་བསྐལ་པ་གསུམ་གྱིས་འདས་ནས་ཞེས་བྱ་བ་གསུངས་སོ། །དེ་བས་ན་ཡན་ལག་གི་དོན་ནི། གཅིག་དང་གཉིས་དང་གསུམ་དང་

བཞི་དང་ལྔ་གཉིས་སུ་བསྒྱུར་བ་འདི་དག་ནི་གཅིག་གཉིས་གསུམ་བཞི་ལྔ་གཉིས་སུ་བསྒྱུར་བ་འདི་དག་ཡིན་ལ། དེ་དག་བྱ་བ་ནི། འདོད་ཆགས་ལ་སོགས་པའི་སེམས་གཅིག་གཉིས་གསུམ་ལ་སོགས་པར་བགྲངས་པས་བརྒྱ་དྲུག་ཅུར་བྱ་བ་ཡིན་ནོ། །འདིར་གཉིས་སུ་བསྒྱུར་བ་བྱས་པ་ཞེས་

བྱ་བ་གཞན་གཉིས་སུ་བསྒྱུར་བར་བྱ་བའི་སྐབས་མ་ཡིན་པའི་ཕྱིར་གཅིག་དང་གཉིས་དང་གསུམ་ལ་སོགས་པའི་སེམས་ལྔ་པོ་འདི་དག་ཉིད་སོ་སོར་གཉིས་སུ་བསྒྱུར་བར་བྱ་བ་ཉིད་དུ་མཛད་པར་མངོན་ནོ། །དེ་ལྟ་བས་ན་དགོངས་པ་ནི་འདི་ཡིན་ཏེ། གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་

རྒྱུན་ཆགས་པར་རང་གི་ཡུལ་རེ་རེ་ཁོ་ན་ལ་དམིགས་པ་དེའི་ཚེ་ནི་ཁམས་གསུམ་པའི་འདོད་ཆགས་ལ་སོགས་པའི་ཡུལ་ལ་དམིགས་པའི་སེམས་འདི་དག་དྲུག་ཅུ་ཡིན་ནོ། །གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་གང་ཡང་རུང་བའི་ཡུལ་གྱི་རྒྱུ་ན་དེ་ཉིད་ལ་ཅི་རིགས་པར་ཞེ་སྡང་ལ་སོགས་

པའི་སེམས་གཉིས་པ་གང་ཡང་རུང་བ་ཞིག་གིས་དམིགས་པ་གང་ཡིན་པ་དེའི་ཚེ་ནི་སེམས་དྲུག་ཅུ་པོ་འདི་དག་རྒྱུན་གྱི་སེམས་སུམ་ཅུར་འགྱུར་ཏེ། དེ་སྐད་དུ། ཆོས་མངོན་པ་དག་ལས་ཀྱང་། གང་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་མཚུངས་པར་ལྡན་པ་དེ་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་

เล่ม ๖๙ · หน้า 8b

ཡང་མཚུངས་པར་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་བཞིན་དུ་གང་གི་ཚེ། འདོད་ཆགས་ལ་སོགས་པའི་སེམས་གང་ཡང་རུང་བ་གསུམ་གྱི་ཡུལ་གྱི་རྒྱུན་དེ་ཉིད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་དག་གི་ནང་ནས་སེམས་གསུམ་པ་གང་ཡང་རུང་བ་

གཅིག་གིས་དམིགས་པ་དེའི་ཚེ་ནི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་དྲུག་ཅུ་པོ་འདི་དག་རྒྱུན་གྱི་སེམས་ཉི་ཤུར་འགྱུར་རོ། །གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་གང་ཡང་རུང་བ་གསུམ་གྱི་ཡུལ་གྱི་རྒྱུན་དེ་ཉིད་འདོད་ཆགས་ལ་སོགས་པ་སེམས་དྲུག་ཅུ་པོ་

འདི་དག་གི་ནང་ནས་སེམས་བཞི་བ་གང་ཡང་རུང་བ་ཅིག་གིས་དམིགས་པ་དེའི་ཚེ་ནི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་དྲུག་ཅུ་པོ་འདི་དག་ཉིད་རྒྱུན་གྱི་སེམས་བཅོ་ལྔར་འགྱུར་རོ། །གང་གི་ཚེ་ཁམས་གསུམ་པའི་ཡུལ་གྱི་རྒྱུན་ཅི་རིགས་པར་འདོད་ཆགས་ལ་སོགས་པའི་

སེམས་བ་ཞིའི་དམིགས་པར་གྱུར་པ་དེ་ཉིད་སེམས་དྲུག་ཅུ་པོ་འདི་དག་གི་ནང་ནས་སེམས་ལྔ་པ་གང་ཡང་རུང་བ་ཞིག་གིས་དམིགས་པ་དེའི་ཚེ་ནི་སེམས་དྲུག་ཅུ་པོ་འདི་དག་རྒྱུན་གྱི་སེམས་བཅུ་གཉིས་སུ་འགྱུར་རོ། །དེ་ནི་གྲངས་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་འདི་ཉིད་ཀྱིས་གཅིག་ལ་སོགས་

པས་སོ་སོར་གཉིས་སུ་བསྒྱུར་བར་བྱ་བ་ཉིད་སྦྱར་བར་བྱ་སྟེ། དེ་ལ་གང་གི་ཚེ་ཁམས་གསུམ་པའི་ཡུལ་ལ་ཅི་རིགས་པར་འདོད་ཆགས་ལ་སོགས་པའི་སེམས་རེ་རེས་དམིགས་པ་དེའི་ཚེ་ནི་སེམས་འདི་དག་དྲུག་ཅུ་ཡིན་ནོ་ཞེས་གོང་དུ་བཤད་ཟིན་པས་ཡང་མི་བགྲང་ངོ་། །གང་གི་ཚེ་འདོད་ཆགས་ལ་

སོགས་པའི་སེམས་ཀྱི་ཡུལ་དེ་ཉིད་ལ་སེམས་གཉིས་ཀྱི་དམིགས་པ་དེའི་ཚེ་ནི། དེ་དག་ཉིད་གོང་མ་བཞིན་དུ་གཉིས་སུ་བསྒྱུར་བའི་གྲངས་ཀྱིས་བརྩིས་ན་སུམ་ཅུ་ཁོ་ནར་འགྱུར་བས་ཡང་མི་བགྲང་ངོ་། །དེས་ན་གྲངས་གཅིག་གཉིས་སུ་བསྒྱུར་བ་ནི་གོང་དུ་བརྩིས་ཟིན་པ་ཉིད་ཀྱི་ཕྱིར་བགྲང་བར་མི་

བྱ་ལ། དེ་བཞིན་དུ་གྲངས་གཉིས་གཉིས་སུ་བསྒྱུར་བ་ཡང་རྒྱུན་གྱི་སེམས་བཞིར་འགྱུར་ལ་དེ་ཡང་གོང་དུ་གྲངས་བཞིར་བགྲང་བ་ཉིད་དུ་བརྩིས་ཟིན་པ་ཡང་མི་བགྲང་གི །སྔར་མ་བསྒྱུར་བ་གྲངས་གསུམ་གཉིས་སུ་བསྒྱུར་ན་གྲངས་དྲུག་ཅུར་འགྱུར་རོ། །དེས་ན་དགོངས་པ་ནི་འདི་ཡིན་ཏེ། གང་

เล่ม ๖๙ · หน้า 9a

གི་ཚེ་ཡུལ་གྱི་རྒྱུན་གཅིག་ཁོ་ན་ལ་སེམས་དྲུག་གིས་དམིགས་པ་དེའི་ཚེ་ནི་སེམས་དྲུག་ཅུ་པོ་འདི་དག་རྒྱུན་གྱི་སེམས་དྲུག་ཅུར་འགྱུར་བར་ཤེས་པར་བྱའོ། །དེ་བཞིན་དུ་སྔར་བཤད་པའི་གྲངས་བཞི་གཉིས་སུ་བསྒྱུར་ན་གྲངས་བརྒྱད་དུ་འགྱུར་ཏེ། དེ་ལྟར་འདོད་ཆགས་ལ་སོགས་

པའི་སེམས་དྲུག་ཅུ་པོ་གྲངས་བརྒྱད་དང་ལྡན་པ་འདི་དག་ནི་རྒྱུན་གྱི་སེམས་བདུན་དུ་འགྱུར་རོ། །འདིར་གྲངས་བཞི་དང་ལྡན་པའི་རྒྱུན་གྱི་སེམས་གཅིག་ཁོ་ནར་འགྱུར་བ་གང་ཡིན་པ་དེ་ནི་གོང་དུ་རྒྱུན་གྱི་སེམས་གྲངས་བཞིར་བགྲང་བ་བརྩིས་ཟིན་པ་ཉིད་ཀྱི་ཕྱིར་ཡང་མི་བགྲང་ངོ་། །དེ་བཞིན་དུ་འདོད་

ཆགས་ལ་སོགས་པའི་སེམས་འདི་དག་ཉིད་གོང་དུ་བཤད་པའི་གྲངས་ལྔ་གཉིས་སུ་བསྒྱུར་ན་གྲངས་བཅུར་འགྱུར་ཏེ། དེས་ན་འདོད་ཆགས་ལ་སོགས་པའི་སེམས་འདི་དག་རྒྱུན་གྱི་སེམས་གྲངས་བཅུར་ཡོངས་སུ་ཆུད་པ་དྲུག་ཏུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ན་གོང་དུ་བཤད་པའི་སེམས་ནི་

དྲུག་ཅུའོ། །དེ་དག་གཉིས་སུ་བསྒྱུར་བ་ནི་སུམ་ཅུའོ། །དེ་བཞིན་དུ་གསུམ་དུ་བསྒྱུར་བ་ནི་ཉི་ཤུའོ། །བཞིར་བསྒྱུར་བ་ནི་བཅོ་ལྔའོ། །ལྔར་བསྒྱུར་བ་ནི་བཅུ་གཉིས་སོ། །ཡང་གསུམ་གཉིས་སུ་བསྒྱུར་བ་ནི་དྲུག་གོ། །གྲངས་བཞི་གཉིས་སུ་བསྒྱུར་བ་ནི་བདུན་ནོ། །གྲངས་ལྔ་གཉིས་སུ་

བསྒྱུར་བ་ནི་དྲུག་གོ། །དེ་ལྟ་བས་ན་ཚུལ་འདིས་འདོད་ཆགས་ལ་སོགས་པའི་སེམས་དྲུག་ཅུ་བགྲང་བ་དག་སེམས་བརྒྱ་དྲུག་ཅུར་འགྱུར་བར་ཤེས་པར་བྱའོ། །འདི་ནི་རྣལ་འབྱོར་པ་གང་ཟག་ལ་བདག་མེད་པར་རྟོགས་པར་བྱ་བ་ལ་ཞུགས་པའམ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་

པར་བྱ་བ་ལ་རབ་ཏུ་སྦྱོར་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་པས། དེའི་ཕྱིར་གང་ཟག་ལ་བདག་མེད་པའི་ལམ་རྟོག་པས་སྤང་བར་བྱ་བ་དང་། གང་ཟག་དང་ཆོས་ལ་བདག་མེད་པའི་ལམ་རྟོག་པས་སྤང་བར་བྱ་བ་ཡིན་ཏེ། རྒྱུད་ལས། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་

གསུམ་གྱིས་འདས་པ་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བ་ནི་འདི་ལྟ་སྟེ། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །དབང་པོ་གྲོང་ཁྱེར་ཁམས་རྣམས་ཀྱིས། །འཇིག་རྟེན་དོན་མེད་རྣམ་པར་ཉམས། །ཞེས་བྱ་བ་ལ་སོགས་པ་གང་རྒྱས་པར་གསུངས་པ་

เล่ม ๖๙ · หน้า 9b

པ་ཡིན་ནོ། །སེམས་བརྒྱ་དྲུག་ཅུར་སྦྱར་བ་ཞར་ལ་འོངས་པ་འདི་ནི་རྫོགས་སོ།། །།དཀྱུས་མ་བརྗོད་པར་བྱ་བ་སྟེ། གོང་དུ་བཤད་པའི་ཚུལ་གྱིས་ན། རྣལ་འབྱོར་པ་དབང་པོ་རྣོན་པོ་དང་། དབང་པོ་རྟུལ་པོའི་རིམ་གྱིས་གང་ཟག་དང་ཆོས་ལ་བདག་མེད་པའི་ལམ་དུ་ཞུགས་

ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་སྣང་བ་སེམས་རྨོངས་པར་བྱེད་པ་ལ་ཞུགས་པ་གཉིས་ཀ་ཡང་མོས་པས་སྤྱོད་པའི་ས་རྟོགས་པར་བྱ་བའི་ཕྱིར་འབད་པ་རྩོམ་པར་བྱེད་དེ་དེའི་རིམ་པ་ནི་འདིའོ། །གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ལམ་ཇི་ལྟར་ཁོང་དུ་ཆུད་པ་དེ་ཉིད་དུ་འཇུག་པ་

དང་གནས་པ་དང་ལྡང་བའི་སེམས་མངོན་པར་འདུ་བྱེད་པའི་བསྒོམ་པས་གོམས་པར་བྱེད་ཅིང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྒྲུབ་པ་སྔོན་དུ་འགྲོ་བའི་རྗེས་སུ་འཛིན་པས་ན། ས་བཅུ་པ་ལ་འཇུག་པར་བྱེད་པ་རྣམས་དང་། དེ་དག་

གི་རྒྱུ་མཐུན་པའི་ལུས་དང་ངག་དང་ཡིད་ཀྱི་ཡོན་ཏན་རྣམས་མ་ཐོབ་ཀྱང་ཐོས་པ་དང་བསམས་པས་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་དེ་དག་ལ་འཇུག་པའི་ཆོས་ཀྱི་ཚིག་དག་གིས་བསྟན་པ་རྣམས་ལ་དེ་ཁོ་ན་ལྟར་ཡིན་ནོ་ཞེས་མོས་པ་ནི་མོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་མོས་པ་

སྔོན་དུ་འགྲོ་བ་ཅི་རིགས་པར་རང་དང་གཞན་གྱི་དོན་བསྒྲུབ་པའི་ངོ་བོ་གང་ཡིན་པ་དེ་ནི་མོས་པས་སྤྱོད་པ་ཡིན་ཏེ། མོས་པས་སྤྱོད་པ་ཉིད་བཞིའི་དོན་གྱི་ས་ཡིན་ནོ། །མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་འདའ་བར་འགྱུར་རོ་ཞེས་སྟོན་པར་མཛད་དེ། མོས་པའི་ས་ནི་སྤྱོད་པའི་ས། །

སེམས་གསུམ་རྣམ་པར་བསྒོམ་པ་སྟེ། །ཕ་རོལ་ཕྱིན་རྣམས་སྤྱོད་པ་དང་། །བསྡུ་བ་དག་ནི་བཞི་པོ་ཡིས། །མོས་པའི་ས་ནི་མཚུངས་པ་མེད། །དཔག་ཏུ་མེད་ཅིང་བསམ་མི་ཁྱབ། །དཔག་མེད་ཡེ་ཤེས་འབྱུང་བ་ནི། །སེམས་བཅུ་དག་གིས་ཐོབ་པར་འགྱུར། །ངས་གང་ཅུང་ཟད་བརྗོད་པ་

ནི། །ཐམས་ཅད་འདི་ཡིས་ཐོབ་པར་འགྱུར། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡིས། །མོས་པ་ཞེས་ནི་བྱ་བར་བཤད། །བློ་ལྡན་བསྐལ་པ་གཅིག་གིས་ནི། །ས་ལས་ཡང་དག་འདའ་བར་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །གཞན་ཡང་སེམས་གསུམ་རྣམ་པར་བསྒོམ་པ་མོས་པ་སྤྱོད་

เล่ม ๖๙ · หน้า 10a

པའི་སར་བཤད་པ་འདི་ཉིད་དང་ཡེ་ཤེས་ཀྱི་ས་བཅུ་རྫོགས་པར་བྱེད་པའི་ཆོས་དག་ལས་མོས་པའི་སའི་སེམས་བཅུ་པོ་འདི་དག་གསལ་བར་བྱེད་པ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ཉིད་ཀྱི་རྒྱུད་ཕྱི་མ་དང་འབྲེལ་པ་གསང་བའི་རིམ་པ་ཕྱེ་བ་ལས་གཞུང་འདིས་ཡང་དག་

པར་བསྟན་ཏེ། དེ་ལ་གསང་བའི་བདག་པོ་མོས་པས་སྤྱོད་པའི་སེམས་གསུམ་ཡོངས་སུ་ཤེས་པ་གང་ཞེ་ན། གསང་བའི་བདག་པོ་སེམས་ཀྱི་སྐད་ཅིག་མ་དང་པོ་རྟོགས་པའི་ཕྱིར། སེམས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཁོང་དུ་ཆུད་པའི་མཚན་ཉིད་ནི་རྟོགས་པ་དང་པོ་ཡིན་ནོ། །གཉིས་

པ་ནི་རྟོག་པའི་དྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ་རྣམ་པར་མི་རྟོག་པ་ཡིན་ནོ། །སྒྲིབ་པ་མེད་པར་རྟོགས་ནས་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་དགོད་པར་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ། འདི་ནི་འདིའི་སེམས་གསུམ་པ་ཡིན་ནོ། །གསང་བའི་བདག་པོ་སེམས་

གསུམ་བསྒྲུབས་པས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་རྣམས་བསྒྲུབ་པར་འགྱུར་རོ། །གསང་བའི་བདག་པོ་དེ་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པའི་སྦྱོར་བ་དག་ནི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ཐབས་དང་ཤེས་རབ་དང་

ཡེ་ཤེས་དང་ལྡན་པ་གང་གི་ཚེ། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞི་དག་གིས་ཡང་དག་པར་ལེན་དུ་བཅུག་སྟེ། ཡིད་རབ་ཏུ་དགའ་བས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་འདི་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་ནོ། །གསང་བའི་བདག་པོ་གཞན་ཡང་བྱང་

ཆུབ་སེམས་དཔའི་སེམས་རྣམ་པར་དག་པ་འདུས་མ་བྱས་པའི་ཚུལ་ཁྲིམས་ལ་གནས་པ་ནི་ཆོས་དེ་ཉིད་བྱིན་ཞིང་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་བཀོད་ལ། བདག་ཉིད་ཀྱང་དེ་ལ་གནས་པར་འགྱུར་ཏེ། འདི་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་

ཡིན་པར་བལྟའོ། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་འོད་གསལ་ཞིང་སེམས་ཀྱི་ཕྱོགས་བཅུའི་ཆོས་ལ་ཁྱབ་པ་གང་གི་ཚེ། བདག་ཉིད་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལ། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་འདི་ནི་དེའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་

เล่ม ๖๙ · หน้า 10b

གི་སྦྱོར་བ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་ནི་སེམས་དེ་ཉིད་ཀྱི་ཕྱིར་ཕྱིར་ཞིང་གོང་ནས་གོང་དུ་རྟོགས་པ་ལ་མཁས་པའི་བློས་བརྩོན་འགྲུས་རྩོམ་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དེ། གསང་བའི་བདག་པོ་འདི་ནི་འདིའི་ས་དང་

ཕ་རོལ་ཏུ་ཕྱིན་པའི་ཡན་ལག་དག་བསྒྲུབ་པའི་སྦྱོར་བ་ཡིན་པར་བལྟའོ། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་གང་གི་ཚེ་སེམས་དེ་ཉིད་བསམ་གཏན་ཐམས་ཅད་ལ་མི་ལྟ་བར་ཡེ་ཤེས་དང་ལྡན་པའི་བློས་ངེས་པར་

སེམས་ཤིང་གཞན་དག་ཀྱང་དེ་ལ་ཡང་དག་པར་ལེན་དུ་འཇུག་པ་དེའི་ཚེ། འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་འགྲུབ་པའི་སྦྱོར་བ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང་སེམས་འདི་ཉིད་ཀྱིས་ཡེ་ཤེས་དང་ལྡན་པའི་བློས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཉན་

ཐོས་ཀྱི་བསམ་གཏན་དང་ཚད་མེད་པ་དག་ལ་མི་ལྟ་བར་བདག་ཉིད་ཀྱང་དེ་ལ་གནས་པར་འགྱུར་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་དེའི་ཚེ་འདིའི་ས་དང་ཕ་རོལ་ཕྱིན་པའི་ཡན་ལག་འགྲུབ་པ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་

ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བསམ་གཏན་གྱི་ལྷག་པའི་བསམ་པ་དེ་ལྟ་བུ་དང་ལྡན་པ་ནི་སེམས་དེ་ཉིད་ཀྱིས་ཡེ་ཤེས་དང་ལྡན་པའི་བློས་བདག་ཉིད་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་རྣམ་པར་སྤྱོད་པར་བྱེད་པ་ལ་གནས་པར་འགྱུར་ཞིང་གཞན་དག་ཀྱང་དེ་ལ་

འགོད་པར་བྱེད་དེ། དེ་ལྟ་བུ་ནི་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ས་མངོན་དུ་འགྱུར་གྱི་ཡན་ལག་འགྲུབ་པ་ཡིན་པར་བལྟའོ། །གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཀྱིས་ཡང་དག་པར་བསྡུ་བ་ལ་མཁས་པ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་བྱིན་གྱིས་

བརླབས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨོན་ལམ་བཏབ་ནས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞི་དག་གིས་སྡུད་པར་བྱེད་དེ། འདི་ནི་འདིའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ས་རིང་དུ་སོང་བའི་སྦྱོར་བ་འགྲུབ་པ་ཡིན་པར་བལྟའོ། །

เล่ม ๖๙ · หน้า 11a

གསང་བའི་བདག་པོ་གཞན་ཡང་ཡེ་ཤེས་དང་ལྡན་པའི་བློ་མི་གཡོ་ཞིང་རབ་ཏུ་མི་བསྒུལ་བ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་དང་བདུད་ཀྱི་རིགས་ཀྱི་ལྷ་དག་གིས་ཀྱང་ཟིལ་གྱིས་མི་ནོན་ཏེ། འདི་ནི་འདིའི་ས་མི་གཡོ་བ་དང་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ཡིན་པར་བལྟའོ། །

གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཟིན་པ། ཆོས་ཐམས་ཅད་ལ་སྒྱུ་མའི་ཆོས་དང་མཉམ་པ་ཉིད་དུ་གྱུར་པ་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་

དག་ཀྱང་ཁྱབ་པར་བྱེད་ཅིང་། ལུས་དང་། ངག་དང་། ཡིད་མཉམ་པ་ཉིད་ཀྱིས་ཡང་དག་པར་མགུ་ནས་ལུས་ཀྱི་སྤུ་ལངས་ཤིང་དགའ་བ་མང་པོས་ཕྱོགས་བཅུ་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཐོང་བར་འགྱུར་རོ། །སེམས་ཅན་གྱི་མཐར་ཐུག་པའི་སྙིང་རྗེ་ཆེན་པོ་

དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་ནམ་མཁའི་མཐར་ཐུག་པ་དང་། སེམས་ཅན་གྱི་མཐར་ཐུག་པ་དང་། ཡེ་ཤེས་ཀྱི་མཐར་ཐུག་པ་དང་། རྣམ་པར་ཤེས་པའི་མཐར་ཐུག་པས་ཁྱབ་པར་བྱེད་དེ། དེ་ལྟར་དད་པ་དང་། བརྩོན་འགྲུས་དང་། ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པ་ན་རྨི་

ལམ་དང་མངོན་སུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་ཞིང་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་མོས་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཞུགས་པ་ཡིན་པར་ཤེས་པར་བྱའོ་ཞེས་གང་གསུངས་

པ་ཡིན་ཏེ། རྒྱས་པར་རྒྱུད་ཕྱི་མ་ལས་བཤད་པ་གསང་བའི་རིམ་པར་ཕྱེ་བ་ལས་རྟོགས་པར་བྱའོ། །ཞར་ལ་འོངས་པ་འདི་རྫོགས་སོ།། །།དཀྱུས་མ་བརྗོད་པར་བྱ་སྟེ། མོས་པས་སྤྱོད་པའི་ས་བསྐལ་པ་གཅིག་གིས་འདའ་བར་འགྱུར་རོ་ཞེས་བཤད་པ་འདིའི་མཇུག་ཐོགས་

སུ་ཡང་མོས་པས་སྤྱོད་པའི་སའི་སྟེགས་སུ་གྱུར་པ་ཡོན་ཏན་ཅན་ཡེ་ཤེས་ཀྱིས་རབ་ཏུ་དགའ་བ་བྱང་ཆུབ་ཀྱི་སེམས་དང་པོའི་མཚན་ཉིད་ལ་འཇུག་པར་གྱུར་པ་རྣམས་བསྐལ་པ་བཞི་ཆའི་བར་དུ་གོམས་པར་བྱས་ནས་མོས་པས་སྤྱོད་པའི་ས་ལས་འདས་ཏེ། ཡེ་ཤེས་ཀྱི་ས་ལ་འཇུག་པར་

เล่ม ๖๙ · หน้า 11b

འགྱུར་རོ་ཞེས་བྱ་བ་གང་ཡིན་པ་སྟོན་ཏེ། འདི་ཡི་ཡང་ནི་བཞི་ཆ་ཡིས། །མོས་པ་ལས་ནི་འདའ་བར་འགྱུར། །ཞེས་བྱ་བ་ཡིན་ནོ། །དེའི་འོག་ཏུ་གང་ཟག་དང་ཆོས་ལ་བདག་མེད་པའི་ལམ་ཇི་ལྟར་རྟོགས་པའི་ལམ་དེ་ཉིད་འཇུག་པ་དང་། གནས་པ་དང་། ལྡང་བ་དང་ལྡན་པའི་སྒོ་

ནས་མངོན་དུ་བྱེད་པ་ན། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་ཕྱིར། བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བསྒྲུབ་པ་ལྷུར་ལེན་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་སྒོ་ནས་ས་དང་པོའི་མཚན་ཉིད་ཕུང་པོ་ལ་སོགས་པ་

ལ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་རྣམས་ཀྱི་ཡང་གཉེན་པོར་གྱུར་པའི་སེམས་ཐོབ་པར་གྱུར་པ་དེ་སྟོན་ཏེ། གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བསྐལ་པ་བྱེ་བ་ཁྲག་

ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་བསགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་རྫས་མེད་པ་མཚན་ཉིད་མེད་པ་མཚན་མ་མེད་པ། སྤྲོས་པ་ཐམས་ཅད་ལས་འདས་པ་ནམ་མཁའ་ལྟ་བུར་དཔག་

ཏུ་མེད་པ་ཆོས་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དང་བྲལ་བ་ལས་དང་བྱ་བ་མེད་པ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་བྲལ་བ་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་བསྐྱེད་དེ། གསང་བའི་བདག་པོ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་ཞེས་རྒྱལ་

བ་རྣམས་ཀྱིས་གསུངས་སོ་ཞེས་བྱ་བའི་བར་ཡིན་ནོ། །དེ་བས་ན། དེ་ལྟར་བཤད་མ་ཐག་པའི་རིམ་གྱིས་ན་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ས་བཅུ་ལ་འཇུག་པར་བྱེད་པའི་ཡོན་ཏན་ཅན་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་གོམས་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་ས་བཅུའི་བར་དུ་

གོ་རིམས་ཇི་ལྟ་བ་བཞིན་ཁོ་ནར་བསྒྲུབ་པ་ལ་ཞུགས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་འཐོབ་བོ་ཞེས་སྟོན་ཏེ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་འབྱུང་བ་ཡིན་

เล่ม ๖๙ · หน้า 12a

ནོ། །དེ་རྟོགས་འདོད་པ་ཞེས་བྱ་བ་ནི། སོ་སོའི་མཚན་ཉིད་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་ལ་དམིགས་པ་གོ་རིམས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བ་ལ་ཞུགས་པའོ་སྙམ་དུ་དགོངས་པ་ཡིན་ནོ། །དེའི་འོག་ཏུ་གང་གི་ཚེ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། དབང་

བཅུ་བསྒྲུབ་པ་སྔོན་དུ་འགྲོ་བ་ཆོས་སྒྱུ་མ་ལྟ་བུ་རྣམས་ཀྱང་སྟོང་པ་ཉིད་དུ་རྟོགས་པར་བྱེད་ཅིང་ཀུན་རྫོབ་ཀྱི་ལམ་ལ་ཡང་ཞུགས་ཏེ། སེམས་ཅན་རྣམས་ཀྱི་ལས་བདེ་འགྲོ་དང་ངན་འགྲོར་འདྲེན་པར་བྱེད་པ་དང་། རྒྱུ་དང་འབྲས་བུ་སོ་སོར་ངེས་པ་ལ་འདྲིས་པ་ཇི་སྲིད་པ་དེ་བཞིན་དུ་ཡུལ་གྱི་ཡེ་ཤེས་

མངོན་དུ་མཛད་པའི་སྒོ་ནས་མཁྱེན་པ་དེའི་ཚེ། སངས་རྒྱས་ཞེས་བྱ་བར་ཐ་སྙད་གདགས་པ་དེ་སྟོན་ཏེ། གང་གིས་ས་བཅུ་བསྒྲུབས་ནས་ནི། །དབང་བཅུ་ལེགས་རྟོགས་ཁོང་དུ་ཆུད། །སྟོང་པ་སྒྱུ་མ་འདྲ་བའི་ཆོས། །རྣམ་པ་ཐམས་ཅད་མཁྱེན་ཅིང་འདིར། །འཇིག་རྟེན་ཀུན་གྱི་ཚུལ་

མཁྱེན་པ། །སངས་རྒྱས་ཞེས་ནི་བྱ་བ་ཡིན། །ཞེས་འབྱུང་བ་ཡིན་ནོ། །སངས་རྒྱས་ཞེས་བྱ་བ་ནི་གང་གིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དུ་ཡང་མེད་པར་རྟོགས་པ་སྟེ། དེའི་ཕྱིར་སངས་རྒྱས་ཞེས་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །ད་ནི་གང་གི་ཚེ་མ་རྟོགས་པའི་ཆོས་ཐམས་ཅད་

དོན་དམ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་སྟོང་པ་ཉིད་དུ་ཇི་ལྟར་རྟོགས་པ་བཞིན་ནམ་མཁའ་དང་འདྲ་བར་གཉིས་སུ་མེད་པའི་མཚན་ཉིད་དུ་མཚན་ཉིད་གཅིག་པར་རྟོགས་པར་བྱ་སྟེ། ཀུན་རྫོབ་ཀྱི་ཡེ་ཤེས་ཀྱིས་ཀྱང་སྟོབས་བཅུ་དག་སྒྲུབ་པར་བྱེད་པ་དེའི་ཚེ། རྫོགས་པར་བྱང་ཆུབ་པ་ཞེས་བྱའོ་ཞེས་བྱ་བར་

སྟོན་ཏེ། ཆོས་ནི་ནམ་མཁའི་མཚན་ཉིད་དེ། །གཉིས་སུ་མེད་ཅིང་མཚན་ཉིད་གཅིག །སྟོབས་བཅུ་རྫོགས་པར་སངས་རྒྱས་པ། །དེ་ནི་རྫོགས་སངས་རྒྱས་ཞེས་བྱ། །ཞེས་འབྱུང་བ་ཡིན་ནོ། །རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ཡང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་གཅིག་པར་

རྟོགས་པའི་ཕྱིར་ཡང་ཀུན་དུ་བྱང་ཆུབ་པའོ་ཞེས་བྱེ་བྲག་ཏུ་བཤད་པའི་ཕྱིར་ཏེ། དེ་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པར་རྟོགས་པའི་མཚན་ཉིད་ནི་འདི་ལྟ་སྟེ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཚོར་བ་རྣམ་པར་དག་

เล่ม ๖๙ · หน้า 12b

པའོ། །ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་ཚོར་བ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྫོགས་པར་བྱང་ཆུབ་པའི་ཡེ་

ཤེས་རྟོགས་པའི་གནས་སྐབས་འདི་ཡང་འདི་ལས་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་བསྟན་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ཁོ་ནས་སྤྲུལ་པའི་སྦྱོར་བ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཁམས་ཉིད་དུ་སྐྱེ་བ་ལེན་པ་དང་།

མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་ལ་སོགས་པ་ཀུན་དུ་བསྟན་ཏེ། བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་གཤེགས་པ་སྔོན་དུ་འགྲོ་བ་ཅན་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ཡན་ལག་ལྔ་པ་རྟོགས་པའི་སྒོ་ནས་བདུད་བཞི་ལས་རྒྱལ་ནས་བརྙེས་སོ་ཞེས་འབྱུང་ངོ་། །དེ་ལ་འདི་ལས་དཔའ་བོ་

ཆེན་པོའི་ཏིང་ངེ་འཛིན་བསྟན་པར་གསུངས་པ་འདི་ཡིན་ཏེ། ཇི་སྐད་དུ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། བྱང་ཆུབ་སྙིང་པོར་འདུག་ནས་སུ། །བདུད་ནི་རྣམ་པ་བཞི་བཅོམ་པས། །དེས་ན་དཔའ་བོ་ཆེན་པོ་ཞེས། །ཚངས་

པ་ལ་སོགས་ལྷ་ཚོགས་རྣམས། །འཇིགས་པ་ཐམས་ཅད་མེད་པའི་སྒྲ། །དགའ་བ་བཞིན་དུ་སྒྲོགས་པར་བྱེད། །དེ་ཕྱིན་ཅད་ནི་ང་དཔའ་བོ། །དཔའ་བོ་ཆེན་པོ་ཞེས་སུ་གྲགས། །སྐྱེ་བ་མེད་པར་ངས་རྟོགས་པ། །ཚིག་གི་སྤྱོད་ཡུལ་རྣམ་སྤངས་ཤིང་། །ཉེས་པ་ཐམས་ཅད་

མེད་པ་སྟེ། །རྒྱུ་དང་རྐྱེན་དང་བྲལ་བ་ཡིན། །སྟོང་པའི་ཡེ་ཤེས་མཁའ་འདྲ་བ། །མུན་པ་ཀུན་དང་བྲལ་གྱུར་ཅིང་། །ཤིན་ཏུ་དྲི་མེད་དེ་ཁོ་ན། །ཇི་ལྟར་འབྱུང་བ་ང་ལས་འབྱུང་། །ཀུན་མཁྱེན་ཙམ་གྱི་ཚུལ་དུ་གནས། །ཀུན་མཁྱེན་སངས་རྒྱས་མཚན་ཉིད་དོ། །ང་ཡི་དེ་ཉིད་དམ་

པ་འདི། །འཇིག་རྟེན་སྣང་བར་བྱེད་པ་སྟེ། །བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་སུ། །ཡིག་འབྲུ་རྣམས་སུ་བསྟན་ནས་ནི། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཐམས་ཅད་རབ་ཏུ་བཤད། །ཅེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལ་དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་

เล่ม ๖๙ · หน้า 13a

ཏིང་ངེ་འཛིན་འདིའི་གཞིར་གྱུར་པ་དཔའ་བོ་ཆེན་པོའི་སྙིང་པོའི་མཚན་ཉིད་ཀྱི་ཡིག་འབྲུ་དག་ནི། ན་མཿས་མནྟ་བུདྡྷཱ་ནཱན། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བ་ཡིན་ཏེ། ས་བོན་གྱི་ཡི་གེ་འདི་ལྔས་དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་ཡན་ལག་ལྔ་པའི་

གཞིས་བྱས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་སྙིང་པོ་འདིའི་མཐུ་དང་སྒྲུབ་པ་དག་ཀྱང་འདི་ཉིད་ལས་དཔའ་བོ་ཆེན་པོ་རིམ་པར་ཕྱེ་བ་ལས་རྒྱས་པར་བསྟན་ཏོ། །དེ་བཞིན་དུ་ཡང་བཅོམ་ལྡན་འདས་འདི་ཉིད་འདིར་སེམས་ཅན་རྫོགས་པར་བྱང་ཆུབ་པ་སྟོན་པ་སྔོན་དུ་འགྲོ་བའི་གསང་

སྔགས་སྤྱོད་པར་མོས་པ་རྣམས་ལ་ཕན་གདགས་པའི་ཕྱིར། སངས་རྒྱས་ཀྱི་ཞིང་སྟུག་པོར་གཤེགས་ཏེ། དེ་ནས་ཡོད་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཀྱིས་བསྐུལ་ནས་མངོན་པར་རྫོགས་པར་བྱང་ཆུབ་

པ་རྣམ་པ་ལྔའི་སྦྱོར་བས་སངས་རྒྱས་ཀྱི་སྐུར་བྱིན་གྱིས་བརླབས་ཏེ། རི་རབ་ཀྱི་སྟེང་དུ་གཤེགས་ནས་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཀུན་བརྟགས་པའི་སྒོ་ནས་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷ་རྣམས་ལ་ཕན་གདགས་པ་དང་། སྡང་བ་རྣམས་ཚར་བཅད་པ་མཛད་དེ།

ཡང་འཛམ་བུའི་གླིང་དུ་གཤེགས་ནས་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ཏེ། གསང་སྔགས་ཀྱི་ཚུལ་བཤད་པའི་རིམ་པས་དེ་ལ་མོས་པའི་ལྷ་དང་མི་ལ་ཕན་གདགས་པའི་ཕྱིར་ཡང་རྣལ་འབྱོར་གྱི་ལུགས་ཀྱི་རྒྱུད་ཀྱི་ཚུལ་གྱིས་བྱང་ཆུབ་པ་ཀུན་དུ་བསྟན་ཏེ། དོན་འདི་ཡང་རྒྱས་པར་དེ་ཁོ་ན་ཉིད་

བསྡུས་པའི་རྒྱུད་ལས་བསྟན་ཏོ། །དེ་ལྟ་བས་ན་སྒོ་སྣ་ཚོགས་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་རྟོགས་པའི་མཐུ་བསྟན་པས། གདུལ་བར་བྱ་བ་རྣམས་གཟུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོ་གཞན་དང་གཞན་དག་ཀྱང་གསང་སྔགས་ཀྱི་རྒྱུད་

དང་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་རྗེས་སུ་འབྲང་བའི་སྒོ་ནས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ན་སྔར་བཤད་པའི་འཇིག་རྟེན་པའི་སེམས་རྣམ་པ་བརྒྱད་ནས་བཟུང་སྟེ། རྫོགས་པར་བྱང་ཆུབ་པའི་གནས་སྐབས་དཔའ་བོ་ཆེན་པོ་ལ་སོགས་པའི་བར་འདི་ནི་བཅོམ་

เล่ม ๖๙ · หน้า 13b

ལྡན་འདས་དཔལ་རྣམ་པར་སྣང་མཛད་དུ་འགྲུབ་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་པོ་ཉིད་ཡིན་ནོ། །བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ནི་སྐུ་བཞིའི་མཚན་ཉིད་ཡིན་ཏེ། འདི་ལྟར་རྒྱུད་འདི་ལས་སྤྲུལ་པའི་སྐུ་རྣམ་པ་གཉིས་སུ་བརྟག་པ་མཛད་ནས་

སྐུ་བཞིར་བཤད་དེ། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པའི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ཞེས་བྱ་བ་ཡིན་ནོ། །དེ་ལ་སྐུ་འདི་རྣམས་དོན་དམ་པར་མངོན་པར་རྟོགས་པའི་རིམ་པ་ནི་འགའ་ཞིག་ཇི་སྐད་དུ་བཤད་པའི་འཁོར་བས་སྐྱོ་ཞིང་

སྨྱུང་བ་དང་། བརྟུལ་ཞུགས་དང་ངེས་པ་ལ་སོགས་པའི་མཚན་ཉིད་ཀྱིས་འཇིག་རྟེན་པའི་ལམ་ལ་ཞུགས་ཏེ། རིགས་དང་བཤེས་གཉེན་ལ་བརྟེན་པའི་སྒོ་ནས་རིམ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བྱང་ཆུབ་སེམས་དཔའི་ས་བཅུ་རྟོག་པ་སྔོན་དུ་འགྲོ་བའི་བར་དུ་བསགས་ཤིང་

རྫོགས་པར་བྱང་ཆུབ་པའི་གནས་སྐབས་འདི་ལྟ་བུའི་བར་དུ་རྟོགས་པར་མཛད་ནས་ཁམས་གསུམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་ཞིང་སྟུག་པོ་ན་གནས་པ་རྣམས་དང་སྐལ་བ་མཉམ་པར་སྐྱེས་པ་དང་། ཡེ་ཤེས་ཀྱི་སྤྱན་གྱིས་སེམས་ཅན་གྱི་ཁམས་སྡུག་བསྔལ་གསུམ་གྱི་མེ་འབར་

བས་དཀྲིས་པ་ལ་གཟིགས་ཏེ་ཐུགས་རྗེ་ཆེན་པོའི་ཡུམ་གྱི་ཐུགས་སྤྲོ་བ་བསྐྱེད་ནས་འདི་སྙམ་དུ་སེམས་ཅན་གྱི་ཁམས་འདི་ནི་སྐུ་མི་ཟད་པ་ལ་སོགས་པ་རྡོ་རྗེ་བཀོད་པ་ཕུན་སུམ་ཚོགས་པ་མེད་པར་སྡུག་བསྔལ་གསུམ་དང་བྲལ་བ་གསལ་བར་མི་ནུས་ལ། སྐུ་མི་ཟད་པ་ལ་སོགས་པ་ཕུན་སུམ་

ཚོགས་པ་དེ་ཡང་བྱང་ཆུབ་རྟོགས་པ་མེད་པར་མི་འགྱུར་བས་དེའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། ཡེ་ཤེས་ཀྱི་སྣང་བ་རྣམ་པར་རྟོག་པའི་དགྲའི་ཚོགས་ཐམས་ཅད་དང་བྲལ་བ་སྤྲོས་པའི་བག་ཆགས་ཀྱི་རྟེན་ཐམས་ཅད་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་

མངོན་དུ་བྱའོ། །དེ་མངོན་དུ་བྱས་པ་ལས་ཀྱང་སྔོན་གྱི་སྨོན་ལམ་གྱི་འཕེན་པ་ལས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཀོད་པ་སེམས་ཅན་བསྐལ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་མགུ་བར་མཛད་པ་གཅིག་པུ་མཐར་ཐུག་པ་འདི་དག་འབྱུང་བར་འགྱུར་རོ་སྙམ་དུ་དགོངས་སོ། །དེ་ལྟར་དགོངས་

เล่ม ๖๙ · หน้า 14a

ནས་ཇི་ལྟར་དགོངས་པ་སྒྲུབ་པ་ལྷུར་ལེན་པ་གནས་གྱུར་པ་དང་། སྐུ་བཞི་བརྙེས་པར་གྱུར་ཏོ། །དེ་ལ་ཡེ་ཤེས་རྣམ་པར་རྟོག་པའི་རྟེན་ཐམས་ཅད་གསལ་བ་རྣམ་པ་ཐམས་ཅད་ལས་ངེས་པར་གྲོལ་བས་ཤིན་ཏུ་འོད་གསལ་བ་རང་རིག་པ་ཙམ་གྱིས་མཐར་ཐུག་པས་འཁོར་

བ་ཇི་སྲིད་པར་རྒྱུན་མི་འཆད་པའི་སྐད་ཅིག་མའི་རྒྱུན་བརྒྱུད་པའི་ཚོགས་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སྐབས་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཆོས་ཀྱི་སྐུ་དེའི་མཚན་ཉིད་ནི་འདི་ལས། འདུ་ཤེས་ཙམ་ཡང་སྤང་བའི་ཕྱིར། །རང་གི་ངོ་བོར་བསྟན་དུ་མེད། །ཤེས་

པ་རང་རིག་བྱ་བ་འདི། །དེ་བཞིན་གཤེགས་པ་ཡིན་ཞེས་བཤད། །ཅེས་འབྱུང་བ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་ཆོས་ཀྱི་སྐུ་འདིའི་ངོ་བོ་ཉིད་ཀྱང་རིགས་པ་དང་ལུང་དག་གིས་ཀྱང་མ་སྐྱེས་ཤིང་སྐྱེ་བ་མེད་པར་བརྟག་པ་སྔོན་དུ་འགྲོ་བའི་ལམ་དངོས་པོ་ཉིད་མངོན་

པར་ཞེན་པ་ཡོངས་སུ་འདོར་བ་ལས་འཇུག་པར་འགྱུར་ཏེ། འདི་ལྟར་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་ངོ་བོ་ཉིད་དུ་རྣམ་པར་བརྟགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་ཤིང་སྐྱེ་བ་མེད་པར་བརྟག་པའི་རིགས་པས་བརྟགས་ན་དངོས་པོ་ཡོད་པར་ཁོང་དུ་མི་

ཆུད་དེ། ཇི་སྐད་དུ། བློ་ཡིས་རྣམ་པར་གཞིགས་རྣམས་ཀྱིས། །ངོ་བོ་ཉིད་ནི་ངོས་མི་ཟིན། །དེ་ཕྱིར་དེ་དག་ངོ་བོ་ཉིད། །མེད་ཅིང་སྐྱེ་བ་མེད་པར་བསྟན། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཆོས་ཐམས་ཅད་རིགས་པས་སྐྱེ་བ་མེད་པར་བརྟག་པ་ཡང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་

ཞལ་སྔ་ནས་ལ་སོགས་པ་དག་གིས་དབུ་མ་ལ་སོགས་པའི་བསྟན་བཅོས་དུ་མ་ལས་རྒྱས་པར་སྤྲོས་ཏེ་བཤད་ཟིན་པས་ཡང་འདིར་དེའི་དོན་དུ་འབད་པར་མི་བྱའོ། །དེའི་ཕྱིར་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་གནས་སྐབས་ཀྱི་མཚན་ཉིད་ཡོངས་སུ་དག་པ་འདི་ཡང་རྟེན་ཅིང་འབྲེལ་པར་འབྱུང་

བ་ཡིན་པའི་ཕྱིར་དོན་དམ་པར་དངོས་པོ་ཡོད་དོ་སྙམ་དུ་མངོན་པར་ཞེན་པར་མི་བྱ་སྟེ། དེ་སྐད་དུ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་ཀྱང་། འཇམ་དཔལ་སྐྱེ་བ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་སོ། །ཡང་

เล่ม ๖๙ · หน้า 14b

དེ་ཉིད་ལས། སྐྱེ་མེད་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །དེ་བཞིན་གཤེགས་པ་དགེ་བས་ཟག་མེད་ཀྱི། །གཟུགས་བརྙན་དག་ཏུ་

གྱུར་པ་ཡིན་ཏེ་འདིར། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་ཀུན་ན་གཟུགས་བརྙན་ཡང་དག་སྣང་། །ཞེས་གསུངས་ཏེ། ཚུལ་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་ཆོས་ཐམས་ཅད་ལ་དངོས་པོར་མངོན་པར་ཞེན་པ་ཡོངས་སུ་དོར་བའི་རིགས་པ་ལ་ཉེ་

བར་སྦྱར་རོ།། །།བམ་པོ་གཉིས་པ། དེ་ལྟ་བས་ན་ཆོས་ཀྱི་སྐུ་འདིའི་དབང་གིས་དང་པོ་ཉིད་དུ་འོག་ནས་འབྱུང་བའི་མཚན་ཉིད་ཅན་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་འཇུག་པའི་རིམ་གྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྒྱུད་ཡོངས་སུ་དག་པ་རྣམས་ལ་རྣམ་པར་སྣང་

མཛད་ཆེན་པོ་བཟང་པོ་དཔེ་མེད་པ་ཇི་ལྟར་སྟོན་པའི་དུས་བཞིན་དུ་རྟག་ཏུ་སྣང་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་འདིའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ཉིད་ནི་དེ་ལྟ་བུས་འདུལ་བ་རྣམས་ལ་རྟག་ཏུ་སྣང་བར་འགྱུར་བའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པའི་

སྐུ་ཞེས་བཤད་དོ། །དེའི་མཚན་ཉིད་ཀྱང་འདི་ལས། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པ་དེ་དག་གིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པར་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཁོ་ན་བརྙེས་

པའི་དུས་ཉིད་དུ་ན། ཆོས་ཉིད་ཀྱིས་འཐོབ་པའི་སྐུ་དང་། གསུང་དང་། ཐུགས་མི་ཟད་པའི་བཀོད་པས་སེམས་ཅན་མོས་པ་ཇི་ལྟ་བ་བཞིན་ཡང་དག་པར་མགུ་བར་མཛད་པ་འགྲོ་བ་གསུམ་ལ་སྣང་བར་གྱུར་པ་གང་དག་ཡིན་པ་དེ་དག་གི་ནང་ནས་བྱང་ཆུབ་ཀྱི་སྙིང་པོའམ་གཞན་གང་ཡང་རུང་སྟེ།

ཡུལ་དང་དུས་ལ་སོགས་པ་མ་ངེས་པ་ཉིད་དག་ན་བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་རྣམས་ཁོ་ན་ལ་སྐུ་བཟང་པོ་དཔེ་མེད་པ་སྣང་བར་གྱུར་པའི་སྒོ་ནས་ལུང་དང་རྟོགས་པའི་བདག་ཉིད་ཀྱིས་ཆོས་ཟབ་ཅིང་རྒྱ་ཆེ་བ་རབ་ཏུ་སྟོན་པ་ལྷུར་མཛད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གི་དམིགས་པ་

เล่ม ๖๙ · หน้า 15a

གང་ཡིན་པ་དེ་ནི་འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཡིན་པར་བསྟན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་འདི་ཡང་རྒྱུད་འདི་ལས་འདི་ལྟ་སྟེ། སེམས་ཅན་ལས་

ཀྱི་ཚེ་རྣམ་པར་བསྐྱེད་པ་རྣམས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་བཅུའི་བར་མནན་པ་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་དང་ལས་ཀྱི་ཚེ་བཀག་པ་རྣམས་ཀྱང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང་། བྱང་ཆུབ་སེམས་དཔའ་ཀུན་

དུ་བཟང་པོ་དང་། ཕྱག་ན་པདྨོའི་ལུས་འདྲ་བ་ཕྱོགས་བཅུ་ན་གསང་སྔགས་ཀྱི་ཚུལ་གྱིས་ཚིག་རྣམ་པར་དག་པའི་ཚིག་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་བྱ་བའི་མདོའི་ཚིག་འདི་དག་གིས་ཡོངས་སུ་བསྟན་ཏོ། །ལྷ་དང་། མི་དང་། མི་མ་ཡིན་པ་ལ་སྣང་བའི་སྐུ་གང་དག་ལྷ་

དང་མི་དང་མི་མ་ཡིན་པ་ལ་སོགས་པ་ཁོ་ན་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་ལ་སོགས་པ་སྦྱོར་བར་སྣང་བར་འགྱུར་ཞིང་བྱིས་པ་སོ་སོའི་སྐྱེ་བོ་ལ་སོགས་པ་དག་ཅི་རིགས་པར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ལ་གཟུད་པར་ཞུགས་པ་དེ་ནི་འདིར་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བྱ་

བར་ཤེས་པར་བྱའོ། །འདིའི་མཚན་ཉིད་ཀྱང་བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་སྟེ། ཚུལ་སྣ་

ཚོགས་དང་བསམ་པ་སྣ་ཚོགས་དང་ཐབས་སྣ་ཚོགས་དག་གིས་སྟོན་ཅིང་། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་ཅིག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ། ཁ་ཅིག་ལ་ནི་ལྷར་

སྐྱེ་བར་བྱ་བ་དང་། ཁ་ཅིག་ལ་ནི་མིར་སྐྱེ་བར་བྱ་བ་ནས། ལྷ་ཆེན་པོ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅིར་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་པ་ལགས། དེ་ལ་སེམས་ཅན་ལ་ལ་སངས་རྒྱས་ཀྱིས་གདུལ་བར་བྱ་བ་

เล่ม ๖๙ · หน้า 15b

དག་གིས་ནི་སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་ཉན་ཐོས་ཀྱི་གཟུགས་སུ། ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ། ལ་ལས་ནི་བྱང་ཆུབ་སེམས་དཔའི་གཟུགས་སུ། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགས་སུ། ལ་ལས་ནི་ཚངས་པའི་གཟུགས་སུ།

ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་སུ་ནས། ལ་ལས་ནི་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་རང་གི་ཚིག་བརྗོད་པའི་ཚུལ་དག་དང་། སྤྱོད་ལམ་སྣ་ཚོགས་སུ་མཐོང་ལ། ཐམས་ཅད་མཁྱེན་

པའི་ཡེ་ཤེས་དེ་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོར་གཅིག་པ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་བཀོད་པ་སྤྲུལ་པ་རྣམ་པར་སྤྲུལ་པ་བཤད་པ་འདི་ཡང་ཡིན་ཏེ། གསང་བའི་བདག་པོ་

ངའི་གསུང་གི་འཁོར་ལོའི་དཀྱིལ་འཁོར་སྤྲུལ་པ་རྒྱ་ཆེན་པོ་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཁྱབ་པ། རྣམ་པར་དག་པའི་སྒོ་སེམས་ཅན་ཐམས་ཅད་རེ་བ་ཇི་ལྟ་བ་བཞིན་མགུ་བར་བྱེད་པ། ཆོས་ཀྱི་དབྱིངས་སོ་སོར་རྣམ་པར་རིག་པར་བྱེད་པའི་སྒོ་ནི་ད་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་

པ་འཇིག་རྟེན་གྱི་ཁམས་ནམ་མཁའི་དབྱིངས་ཀྱི་ཀླས་པ་མ་ལུས་པར་སངས་རྒྱས་ཀྱི་བྱ་བ་བྱེད་པ་ལ་ཞུགས་ཀྱང་གསང་བའི་བདག་པོ་སེམས་ཅན་རྣམས་ཀྱིས་འདི་ནི་བཅོམ་ལྡན་འདས་ཀྱི་གསུང་གི་འཁོར་ལོའི་དཀྱིལ་འཁོར་བྱུང་བ་སྟེ། སངས་རྒྱས་ཀྱི་གསུང་རྣམ་པར་བཀོད་པའི་རྒྱན་གྱི་སྙིང་

པོ་འབྱུང་བའི་སངས་རྒྱས་ཀྱི་སྐུ་སེམས་ཅན་རེ་བ་ཇི་ལྟ་བ་བཞིན་དུ་མགུ་བར་མཛད་པ་བྱུང་བ་བཞིན་ནོ་ཞེས་བྱ་བར་རབ་ཏུ་མི་ཤེས་པ་ལ་ལྟོས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སྐུ་བཞི་པོ་འདི་བྱིན་གྱིས་རློབ་པ་ཡང་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་རྣམ་པར་དགོད་པར་སངས་

རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་དང་། ཕྱག་རྒྱ་དང་། རིག་སྔགས་དང་། གསང་སྔགས་ཀྱི་མཚན་མས་གསལ་བར་ཀུན་དུ་བསྟན་ཏེ། འདི་ལྟར་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་བྱིན་གྱིས་རློབ་པ་ནི་གྲུ་གསུམ་པའི་ཕྱག་རྒྱ་རྣམ་པར་དགོད་པར་བསྟན་ཏོ། །བཅོམ་

เล่ม ๖๙ · หน้า 16a

ལྡན་འདས་རྣམ་པར་སྣང་མཛད་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་སྐུ་ནི་སྙིང་པོའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་དུ་རྣམ་པར་གཞག་གོ། །དེ་བཞིན་དུ་སྙིང་པོའི་རིམ་པ་ཉིད་དུ་འཇིག་རྟེན་དབང་ཕྱུག་དང་། རྡོ་རྗེ་འཛིན་པ་ལ་སོགས་པ་རིགས་གསུམ་གྱིས་

བསྡུས་པའི་ལྷའི་མཚན་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུ་བྱིན་གྱིས་རློབ་པའི་གཟུགས་དག་བལྟ་བར་བྱའོ། །དེ་བཞིན་དུ་སྙིང་པོའི་རིམ་པ་ཉིད་དུ་རིམ་པ་གཉིས་པར་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་འཇིག་རྟེན་པའི་ལྷའི་གཟུགས། དབང་པོ་དང་། གཤིན་རྗེ་དང་།

ཆུ་ལྷ་དང་། རླུང་ལྷ་དང་། མེ་ལྷ་དང་། ཚངས་པ་དང་། ཁྱབ་འཇུག་དང་། བདེ་བྱེད་ལ་སོགས་པའི་གཟུགས་སུ་སྣང་བ་སེམས་ཅན་དེ་དག་ལ་མོས་པ་ཡང་དག་པར་མགུ་བར་བྱེད་པ་གཞན་དག་དང་ཐབས་ཅིག་ཏུ་རྣམ་པར་བཞུགས་སོ། །དེ་ལྟར་ན་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་

ཆེན་པོའི་རིམ་པ་དང་གཉིས་པའི་ལྷ་རྣམས་རྣམ་པར་དགོད་པས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་སྐུ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་རྣམས་བསྡུས་པར་བལྟའོ། །རིམ་པ་ལྟར་གསུམ་པར་ནི་ཕ་རོལ་ཏུ་ཕྱིན་པའི་

སེམས་དཔའ་བཅོམ་ལྡན་འདས་འཇམ་པའི་དབྱངས་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུའི་སའི་དབང་ཕྱུག་འཁོར་དང་བཅས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ལ་

སོགས་པ་བལྟ་བར་འདོད་པས་ཉེ་བར་ལྷགས་པ་དག་རྣམ་པར་འཁོད་དོ། །དེ་ལྟར་ན་འདི་ནི་སྐུ་བཞིའི་མཚན་ཉིད་བསྟན་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་བསྟན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ང་ནི་འདི་བསམ་པར་བྱ་སྟེ། སངས་རྒྱས་བརྒྱུད་པ་ཐོག་མ་མེད་པས་

དེ་བཞིན་གཤེགས་པ་རེ་ཞིག་ཆོས་ཀྱི་སྐུ་ལ་རྣམ་པར་གནས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་ཁ་ཅིག་ལ་གདུལ་བའི་དུས་ལ་ལར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུར་སྣང་བར་འགྱུར་རོ་ཞེས་བཤད་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་མང་པོ་དག་དེ་ལྟར་སྣང་བར་བསྐྱེད་ན་དུས་

เล่ม ๖๙ · หน้า 16b

གཅིག་ཁོ་ནར་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་སྐུ་ཕལ་མོ་ཆེ་སྣང་བར་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་ཡང་ཡིན་དུ་ཟད་མོད་ཉེས་པ་ཅི་ཞིག་ཡོད། འདི་ལྟར་ཐེག་པ་ཆེན་པོ་ལས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུར་སྣང་

བའི་རྒྱལ་བ་དག་དུས་གཅིག་ཁོ་ནར་འདུ་བར་འདོད་པ་ཉིད་དེ། ཇི་ལྟར་སངས་རྒྱས་ཡང་དག་པར་བགྲོ་བ་ལ་སོགས་པའི་མདོ་དག་ལས་འབྱུང་བ་ལྟ་བུའོ། །གསང་སྔགས་ཀྱི་མདོ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་དག་ལས་ཀྱང་གདུལ་བའི་སྐྱེ་བོ་དེ་ལྟ་བུའི་ངོར་མངོན་པར་

རྫོགས་པར་བྱང་ཆུབ་པའི་སྐུར་སྣང་བ་དེ་ལྟ་བུ་ཡང་འབྱུང་བར་འགྱུར་རོ་ཞེས་འབྱུང་སྟེ། འདི་ལ་ཉེས་པ་ཅི་ཞིག་ཡོད། རྣམ་པ་གཅིག་ཏུ་ན། ཚོགས་དང་ཆོས་ཀྱི་སྐུ་དག་དང་། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་ཉིད། །ཅེས་འབྱུང་བའི་ཕྱིར་སངས་

རྒྱས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུར་སྣང་བ་གཅིག་པོ་ཁོ་ན་ཡིན་ལ། གདུལ་བའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་དོན་མཛད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་ཡང་ཉེས་པ་མེད་དོ། །དེ་ལྟ་ན་འོ་ན་ནི། དེ་བཞིན་གཤེགས་པའི་སྐུ་སྣང་བ་གཅིག་ཁོ་ནས་སེམས་ཅན་

ཐམས་ཅད་ཀྱི་དོན་འགྲུབ་པས་དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དོན་མེད་པར་འགྱུར་རོ་ཞེ་ན། འདི་ནི་ཉེས་པ་མེད་དེ། འདི་ལྟར་དོན་དམ་པར་ནི་གདུལ་བའི་སྐྱེ་བོ་རྣམས་རང་གི་རྒྱུད་ལ་ཡོད་པའི་འཁོར་བའི་སྡུག་བསྔལ་གསུམ་གྱི་མེ་འབར་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་

རིམ་གྱིས་ཡང་དག་པའི་ལམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་འབྱུང་བ་ལ་ཀུན་དུ་བརྟེན་ཅིང་དེ་ལྟར་ཞུགས་པ་རྣམས་ལ་རྫོགས་པའི་བྱང་ཆུབ་རང་གི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་མཚན་ཉིད་མངོན་དུ་འགྱུར་ཏེ། དེའི་ཕྱིར་སེམས་ཅན་གྱི་དོན་ལ་འཇུག་པ་ནི་སྔོན་ཡང་བྱང་ཆུབ་

ཐོབ་པའི་ཡན་ལག་ཏུ་གྱུར་པ་ཁོ་ན་ཡིན་ལ། ཕྱིས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་བཀོད་པ་མི་ཟད་པ་ལ་སོགས་པས་སེམས་ཅན་གྱི་དོན་ལ་མངོན་དུ་འཇུག་པའི་ཆོས་ཉིད་ཀྱིས་འཐོབ་པ་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པ་གཅིག་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་

เล่ม ๖๙ · หน้า 17a

པར་སྤྱོད་པས་བདག་གིས་ནི་མི་བྱའོ་ཞེས་བྱ་བར་ཡལ་བར་མི་འདོར་ཏེ་ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱི་སྐུ་བཞིའི་མཚན་ཉིད་བཤད་ཟིན་ཏོ། །དེ་ལྟ་བས་ན་སྐུ་བཞི་པོ་འདི་ཐོབ་པའི་རྒྱུ་ནི་མངོན་སུམ་དང་བརྒྱུད་པའི་རྒྱུ་

གཉིས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ཏེ། དེ་ལ་བརྒྱུད་པའི་རྒྱུའི་མཚན་ཉིད་ནི་བཤད་ཟིན་ཏེ། འདི་ལྟ་སྟེ། འཇིག་རྟེན་པའི་སྦྱིན་པ་ལ་སོགས་པའི་སེམས་ནས་བཟུང་སྟེ། དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་གནས་སྐབས་ཀྱི་བར་ཡིན་ནོ། །ཉེ་བའི་རྒྱུ་ནི་བྱང་ཆུབ་དང་ཐམས་

ཅད་མཁྱེན་པ་ཉིད་ཡིན་ནོ། །དེ་ལ་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ནི། སངས་རྒྱས་ཀྱི་སའི་མདོ་ལས་གསུངས་ཏེ། འདི་ལྟ་སྟེ། བྱང་ཆུབ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་མཁྱེན་པ་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་ཞེས་བྱ་བ་ཡིན་ནོ། །

འདི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཡུན་རིང་པོ་ནས་འགྲོ་བ་སྣ་ཚོགས་སྒྱུ་མ་ལྟ་བུར་གོམས་པ་དང་ཡང་དག་པར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོམས་པ་གཉི་ག་ཡང་མཛད་དེ། དེ་ལྟ་བས་ན་རྒྱུ་རྣམ་པ་འདི་གཉིས་ཀྱི་འབྲས་བུ་ནི་སོ་སོར་རྟོག་པ་ལ་སོགས་པའི་ཡེ་

ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་རྣམ་པ་གཉིས་ཁོ་ན་ཡིན་ནོ། །མངོན་པར་རྫོགས་པའི་དུས་ན་སྐད་ཅིག་མ་དང་པོ་ལ་མཉམ་པ་ཉིད་དང་། སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་ལྔ་པོ་རྣམ་པ་མེད་པ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པ་འབྱུང་བ་ནི། བྱང་

ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེའི་འོག་ཏུ་ནི་ཆོས་ཀྱི་སྐུའི་མིང་ཐོབ་བོ། །དེ་ཉིད་ཀྱི་ཕྱིར་འདི་ལས་སྙིང་རྗེ་ཆེན་པོ་འབྱུང་བ་ལ་སོགས་པའི་དཀྱིལ་འཁོར་དུ་ཆོས་ཀྱི་སྐུའི་བྱིན་གྱིས་རློབ་པར་འགྱུར་བ་གྲུ་གསུམ་གྱི་ཕྱག་རྒྱའི་དཀྱིལ་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཡོད་པ་ཡིན་པར་བཤད་དོ། །

འདི་ལས་ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ལྔ་པོ་འདི་ཡང་དེ་བཞིན་ཉིད་ལ་དམིགས་པའམ། གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པ་མི་བཟོད་པ་ཉིད་ཀྱི་ཕྱིར་དོན་དམ་པར་ངོ་བོ་ཉིད་གཅིག་པར་བཤད་དེ། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་དང་འདི་

เล่ม ๖๙ · หน้า 17b

གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་གསུངས་པ་ཡིན་ནོ། །འདི་ལས་འདི་གཉིས་ནི་རྟོགས་པར་བྱ་བའི་ཕྱིར་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་དང་ས་དང་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པ་དང་རྒྱུ་གསུམ་དུ་བཤད་

དེ། ཇི་སྐད་དུ། འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཅན་སྙིང་རྗེའི་རྩ་བ་ཅན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་སྟེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདིས་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་རྟོགས་པར་བྱེད་པའི་རྒྱུ་

གསུམ་བཤད་པ་ཡིན་ཏེ། འདི་ལྟ་སྟེ། རྟོག་པ་འཇུག་པའི་རྒྱུ་དང་། རྟོག་པ་ཉེ་བར་ལེན་པའི་རྒྱུ་དང་། རྟོག་པ་ལྷན་ཅིག་བྱེད་པའི་རྒྱུའོ། །དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱེད་པའི་འཇུག་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་ཡིན་ཏེ། འདི་ལྟར་དེའི་མཚན་

ཉིད་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པ་ཡིན་ནོ། །ཉེ་བར་ལེན་པའི་རྒྱུ་ནི་ས་དང་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། འདི་ལྟར་དེ་ཉིད་ས་གོང་ནས་གོང་དུ་མི་མཐུན་པ་དང་གཉེན་པོའི་ཚུལ་གྱིས་ཡོངས་སུ་སྦྱངས་ནས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་འགྱུར་རོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སྒྲུབ་པ་ཡིན་པ་ཉེ་བར་བསྟན་ཏོ། །དེ་ལ་རང་གི་སེམས་དང་ཆོས་ཐམས་ཅད་མངོན་པར་རྟོགས་པའི་དུས་ན་སྐད་ཅིག་མ་དང་པོ་ལ་

བྱུང་བ་མ་སྐྱེས་ཤིང་སྐྱེ་བ་མེད་པར་རྟོགས་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ནི་བྱང་ཆུབ་ཅེས་བྱ་སྟེ། དེ་རྟོགས་པའི་ཐབས་ཀྱང་དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ་ཞེས་བྱ་བ་ལ་སོགས་པའི་ངོ་བོ་ཉིད་བརྗོད་པས་སྟོན་ཏོ། །དེ་ལ་དངོས་པོ་

རྣམས་ལ་རྟོག་པ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། སེམས་སྣང་བ་ལ་མ་གཏོགས་པ་ཕྱིའི་དོན་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོར་རྟོག་པ་དང་དེ་ལས་གཞན་ཏེ་ཕྱིའི་དོན་མེད་པ་ཁོ་ནར་སྔོན་པོ་ལ་སོགས་པར་

เล่ม ๖๙ · หน้า 18a

སྣང་བ་ཉིད་ཀྱིས་དེ་ཉིད་གཟུང་བ་དང་འཛིན་པར་རྟོག་པའོ། །དེ་ལྟ་བས་ན་རྟོག་པ་འདི་གཉིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྒྱུ་ཡིན་པ་ཉིད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་བཞི་ཐོབ་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་སྤང་བར་བྱ་བ་

ཡིན་ནོ། །འདི་སྤོང་བའི་ལམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ལ། དེ་ཡང་རེ་ཞིག་དང་པོར་རང་གི་སེམས་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་གཉེན་པོར་གྱུར་པ་ཁོ་ན་ཡིན་པར་བསྟན་པའི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་

བ་བཞིན་ཡོངས་སུ་ཤེས་པ་སྟེ་ཞེས་བྱ་བ་གསུངས་སོ། །དེ་ལ་བྱང་ཆུབ་ཅེས་བྱ་བ་ནི་སྐད་ཀྱི་དབྱིངས་ལས་རྟོགས་པ་ཡིན་པར་འབྱུང་བས་བྱང་ཆུབ་ཅེས་བྱ་བའི་སྒྲ་བྱང་ཆུབ་སྤྱིར་སྟོན་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ་ཞེས་བྱ་

བ་ཁྱད་པར་དུ་བྱེད་དེ། དེ་ལ་རང་གི་སེམས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་སྣང་བའི་སེམས་དབང་པོ་དང་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པའི་ངོ་བོ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་སྟོན་པར་བྱེད་པའི་རིགས་པ་

དང་ལུང་དེ་དག་གིས་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་སེམས་དེའི་ངོ་བོ་ཉིད་བརྟག་པའི་སྒོ་ནས་རྣམ་པ་ཐམས་ཅད་མི་དམིགས་པར་རྟོགས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་བྱང་ཆུབ་ཡིན་པ་སྟེ། ཡང་དག་པ་ཞེས་བྱ་བའི་སྒྲ་ནི་ཕྱིན་ཅི་མ་ལོག་པའི་དོན་སྟོན་པར་བྱེད་པ་ཡིན་

པའི་ཕྱིར་རོ། །དེ་སྐད་དུ་འདི་ལས་ཀྱང་གསང་བའི་བདག་པོ་ཇི་ལྟར་རང་གི་སེམས་ཡོངས་སུ་ཤེས་པར་བྱ་ཞེ་ན་འདི་ལྟ་སྟེ། རྣམ་པར་རམ། ཁ་དོག་ཏུའམ། དབྱིབས་སུའམ། ཡུལ་དུའམ། གཟུགས་སུའམ། ཚོར་བར་རམ། འདུ་ཤེས་སུའམ། འདུ་བྱེད་དུའམ། རྣམ་པར་

ཤེས་པའམ། བདག་ཏུའམ། བདག་གིར་རམ། གཟུང་བར་རམ། འཛིན་པར་རམ། དག་པར་རམ། མ་དག་པར་རམ། ཕུང་པོར་རམ། ཁམས་སུའམ། སྐྱེ་མཆེད་དུའམ། རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་བཙལ་ཡང་མི་དམིགས་པ་ཡིན་ཏེ་ཞེས་གསུངས་ཏེ། རང་

เล่ม ๖๙ · หน้า 18b

གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་འདི་ཡང་། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བ་འདིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དག་ལས་ཀྱང་ཁྱད་པར་དུ་བྱེད་དོ། །དེས་ན་དགོངས་པ་ནི་ཉན་ཐོས་དང་

རང་སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་ནི་ཕུང་པོ་ལ་སོགས་པ་སྣང་བ་ཉིད་ཀྱིས་ཡང་དག་པ་ཀུན་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་གི་གཉེན་པོ་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསང་བའི་བདག་པོ་དེ་ལ་ནི་ཆོས་རྡུལ་ཙམ་ཡང་མེད་ཅིང་མི་དམིགས་སོ་ཞེས་བྱ་བར་གསུངས་ཏེ།

བྱང་ཆུབ་འདི་ཕུང་པོ་ལ་སོགས་པར་སྣང་བ་དང་བྲལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་ཡིན་པར་བསྟན་ཏེ། འདིའི་དོན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལ། ཆོས་རྡུལ་ཙམ་ཕྲ་མོ་ཡང་གཟུང་བའི་ངོ་བོར་མེད་ཅིང་

དེ་བཞིན་དུ་འཛིན་པའི་ངོ་བོར་ཡང་མི་དམིགས་སོ་ཞེས་བྱ་བ་འདི་ཡིན་ནོ། །དེའི་ཕྱིར་དགོངས་པ་ནི་དེ་རྣམ་པ་ཐམས་ཅད་ཀྱིས་དབེན་པ་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་བའི་ཕྱིར། གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་ཆོས་ཕྲ་མོ་ཡང་མེད་ཅིང་མི་དམིགས་སོ་སྙམ་པ་འདི་ཡིན་ནོ། །དེ་

ཉིད་ཀྱི་ཕྱིར། བྱང་ཆུབ་དེ་ནི་ནམ་མཁའི་མཚན་ཉིད་དེ། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་ཀྱི་དཔེ་ནམ་མཁའ་ཡང་རྣམ་པ་ཐམས་ཅད་ཀྱིས་དབེན་པ་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་སྟོན་པར་བྱེད་པ་ཡིན་གྱི་མ་སྐྱེས་པའི་དངོས་པོའི་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱེད་པ་ནི་མ་ཡིན་

ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་བྱང་ཆུབ་པར་བྱེད་པ་ཡང་མེད་ལ་བྱང་ཆུབ་པར་བྱ་བ་འགའ་ཡང་མེད་དོ་ཞེས་བྱ་བ་གསུངས་ཏེ། དེ་བས་ན་དགོངས་པ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་བདག་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་

བའི་ངོ་བོ་ཉིད་ཀྱི་བྱང་ཆུབ་ནི་ཡོད་པ་ཁོ་ན་ཡིན་ལ། འོན་ཀྱང་དེ་བྱང་ཆུབ་པར་བྱེད་པ་དང་བྱང་ཆུབ་པར་བྱ་བའི་རྣམ་པར་རྟོག་པ་དང་བྲལ་བ་ནི་བྲལ་ལོ་སྙམ་པ་འདི་ཡིན་ནོ། །ཡང་ཅིའི་ཕྱིར་བྱང་ཆུབ་དེ་ལ་བྱང་ཆུབ་པར་བྱེད་པ་དང་བྱང་ཆུབ་པར་བྱ་བའི་རྣམ་པར་རྟོག་པ་མི་སྲིད་སྙམ་པ་ལ།

เล่ม ๖๙ · หน้า 19a

བྱང་ཆུབ་ལ་མཚན་ཉིད་མེད་པའི་ཕྱིར་ཏེ་ཞེས་བྱ་བ་གསུངས་ཏེ། དེས་ན་དགོངས་པ་ནི་སྔོན་པོ་ལ་སོགས་པའི་སེམས་ཀྱི་རྣམ་པར་རྟོག་པ་གང་གིས་སྔོན་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དངོས་པོ་ཤེས་པར་བྱེད། མཚོན་པར་བྱེད། རྟོགས་པར་བྱེད་པ་དེ་ནི་

མཚན་ཉིད་ཅེས་བྱ་ན། དེ་ཡང་བྱང་ཆུབ་དེ་ལ་རྣམ་པ་མེད་ཅིང་རྣམ་པར་མི་རྟོག་པའི་ཕྱིར་མེད་དེ། དེའི་ཕྱིར་མཚན་ཉིད་མེད་པ་ཞེས་བཤད་དོ་སྙམ་པ་འདི་ཡིན་ནོ། །དེ་ལྟར་བྱང་ཆུབ་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་སེམས་ཀྱི་གཉེན་པོ་ཉིད་ཡིན་པར་བརྗོད་ནས་ཕུང་པོ་དང་ཁམས་

དང་སྐྱེ་མཆེད་རྣམས་ཀྱི་གཉེན་པོ་ཉིད་ཀྱང་ཡིན་པར་བསྟན་པའི་ཕྱིར། གསང་བའི་བདག་པོ་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པ་སྟེ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་ཉིད་དག་གོ། །དེ་དག་གི་མཚན་ཉིད་ནི་ཆོས་མངོན་

པ་ལས་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བའོ། །ཚོར་བའི་མཚན་ཉིད་ནི་མྱོང་བའོ། །འདུ་ཤེས་ཀྱི་མཚན་ཉིད་ནི་མཚན་མར་འཛིན་པའི་བདག་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་དག་གི་མཚན་ཉིད་འདི་ཡང་ཆོས་བདག་མེད་པར་སྟོན་པའི་རིག་

པ་དག་གིས་བརྟགས་ན་ཡོད་པ་མ་ཡིན་པས་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པའོ་ཞེས་བཤད་དོ། །མཚན་ཉིད་དགག་པ་འདི་ཡང་ཕུང་པོ་ལ་སོགས་པ་ཀུན་རྫོབ་པའི་ངོ་བོ་ཉིད་མེད་པ་ཁོ་ནར་སྟོན་པ་ཡིན་གྱི། འདི་དག་གི་དོན་དམ་པའི་ངོ་བོ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་

མཚན་ཉིད་གང་ཡིན་པ་དེ་ནི་མི་འགོག་གོ་ཞེས་འདི་ལྟ་སྟེ། ནམ་མཁའི་མཚན་ཉིད་དོ་ཞེས་བྱ་བ་ནམ་མཁའི་དཔེས་བསྟན་ཏོ། །དེ་ནས་འདི་སྐད་དུ་གང་དག་ལ་ནམ་མཁའ་ལྟ་བུའི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཁོ་ནར་ཡོད་པ་དེ་དག་ནི་ནམ་མཁའི་མཚན་ཉིད་དོ་ཞེས་བཤད་པ་

ཡིན་ཏེ། ནམ་མཁའི་དཔེ་ཡང་སྐབས་འདིར་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀུན་རྫོབ་པ་ངོ་བོ་ཉིད་མེད་པར་སྟོན་པར་བྱེད་པ་ཉིད་དུ་བཤད་དོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་ནི་རང་གི་སེམས་དང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པ་ཡིན་ནོ་ཞེས་བྱང་ཆུབ་

เล่ม ๖๙ · หน้า 19b

ཀྱི་མཚན་ཉིད་བཤད་པ་ཡིན་ནོ། །བྱང་ཆུབ་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་འོད་གསལ་བའི་སེམས་འདི་ཡང་དེ་བཞིན་གཤེགས་པའི་ས་ལས་འབྱུང་བའི་སྐད་ཅིག་མ་དང་པོ་ལ་ནི་བྱང་ཆུབ་ཅེས་བྱའོ། །དེའི་འོག་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་

སྐུ་ཞེས་བྱ་བའི་མིང་འཐོབ་བོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་སྐུ་འདིའི་དབང་གིས་ཀྱང་གདུལ་བ་རྣམས་ལ་སྐབས་ཇི་ལྟ་བར་དུས་ཇི་ལྟ་བ་བཞིན་ཇི་སྐད་བཤད་པའི་སྐུ་སོ་སོར་སྣང་སྟེ། དེའི་ཕྱིར་འདི་ལ་བཤད་པའི་མཚན་ཉིད་ཅན་གྱི་སྐུ་བཞི་ཆར་ཡང་བྱང་ཆུབ་ཁོ་ནའི་རྒྱུ་

ཅན་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་རྫོགས་པར་བྱང་ཆུབ་པ་དང་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་འདི་ལ་ཡང་རང་གི་བདག་ཉིད་ལ་ཡང་། དེ་ལས་གཞན་པ་ལ་དངོས་པོའི་ངོ་བོ་ཉིད་དུ་རྟོག་པ་མི་སྲིད་དོ། །འདི་ལྟར་རང་བཞིན་གྱིས་

ཤིན་ཏུ་འོད་གསལ་བའི་ཕྱིར་དང་བདག་དང་གཞན་མཉམ་པ་ཉིད་ཀྱི་མཚན་ཉིད་ཀྱི་སྟོང་པ་ཉིད་འདྲིས་པར་བྱ་བའི་ཕྱིར། རྟག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་གྱི་ངང་དུ་གྱུར་པའི་ཕྱིར་རོ། །བཅོམ་ལྡན་འདས་དག་གིས་འདི་དང་གཞན་ལས་གདུལ་བ་རྣམས་ཀྱི་

དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་དགག་པའི་ཕྱིར། ཐེག་པ་ཆེན་པོ་ལ་སོགས་པ་སྟོན་པ་ལུང་གི་བདག་ཉིད་ཀྱི་གཏན་ཚིགས་འབྱུང་བ་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའི་ངོ་བོ་ཉིད་དག་ཀྱང་སྤྱིར་གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་

པར་སྟོན་པ་ཁོ་ནར་དངོས་པོར་འཛིན་པ་དགག་པར་གསུངས་ཏེ། ཇི་སྐད་དུ། བློ་ཡིས་རྣམ་པར་གཞིགས་རྣམས་ཀྱིས། །ངོ་བོ་ཉིད་ནི་ངོས་མ་ཟིན། །དེའི་ཕྱིར་དེ་དག་ངོ་བོ་ཉིད། །མེད་ཅིང་སྐྱེ་བ་མེད་པར་བསྟན། །ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་

ཡུལ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས། སྐྱེ་མེད་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་སོ། །དོན་འདི་ཉིད་ཀྱང་

เล่ม ๖๙ · หน้า 20a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པས་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་བཅོམ་ལྡན་འདས་དོན་

དམ་པར་བལྟ་བར་བྱ་བ་དེ་བཞིན་དུ་ཡང་འདི་ཉིད་ལས། ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་རིག་པར་མི་རུང་སྟེ། །འདི་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཇི་ལྟར་ཀུན་རྫོབ་ཏུ་དེ་བཞིན་

གཤེགས་པ་མི་མཐོང་བ་དང་འདིའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱང་དངོས་པོར་ཡོད་པར་མ་ཡིན་ནོ་ཞེས་བྱ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགེ་ཆོས་ཟག་མེད་ཀྱི། །གཟུགས་བརྙན་དག་ཏུ་གྱུར་པ་ཡིན་ཏེ་འདིར། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་

ཀུན་ན་གཟུགས་བརྙན་ཡང་དག་སྣང་། །ཞེས་གསུངས་པ་འདི་ཡིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང་། འཕགས་པ་རབ་འབྱོར་གྱིས་གདུལ་བ་རྣམས་ལ་གཟིགས་ནས་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའི་ཆོས་རྣམས་ལ་དངོས་པོར་

འཛིན་པ་ཡང་དག་པ་བཤད་དེ། འདི་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ལྷའི་བུས་སྨྲས་པ། འཕགས་པ་རབ་འབྱོར་ཅི་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་མྱ་ངན་ལས་འདས་

པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཡིན་ནོ་ཞེས་སྨྲས་ལ། གང་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་སྨྲའོ་ཞེས་གང་སྨྲས་པ་ཡིན་ནོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཆུས་བརླན་པ་མྱ་ངན་ལས་

འདས་པའི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱེད་པའི་དེད་དཔོན་ཆེན་པོར་གྱུར་པ་དག་གིས་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའི་ངོ་བོ་ཉིད་ཀྱི་དངོས་པོ་རྣམས་ལ་དངོས་པོར་འཛིན་པའི་རྟོག་པས་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ངར་འཛིན་པ་

เล่ม ๖๙ · หน้า 20b

དང་ང་ཡིར་འཛིན་པ་ལ་སོགས་པ་སྔོན་དུ་འགྲོ་བ་འཇུག་པར་དགོངས་ནས་དེའི་མངོན་པར་ཞེན་པ་ཡོངས་སུ་དོར་བའི་ཕྱིར། གདུལ་བའི་སྐྱེ་བོ་འདྲེན་པ་ལ་ཕན་པར་བྱེད་པ་དངོས་པོ་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཞིང་སྐྱེ་བ་མེད་པར་བསྟན་པར་མཛད་པར་ཁོང་དུ་ཆུད་པར་བྱ་སྟེ། འདི་

ལྟར་དངོས་པོ་ཀུན་རྫོབ་པ་རྣམས་ནི་བསྐལ་པ་བརྒྱར་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་བསྟན་ཀྱང་ཐ་སྙད་ཆད་པར་མི་སྣང་ངོ་། །དེ་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། རྟག་ཅེས་བྱ་བ་བཏགས་པ་ཙམ། །འཁོར་བ་ལ་ནི་མཐའ་མི་དམིགས། །ཞེས་

གསུངས་སོ། །གཞན་ཡང་ཁ་ཅིག་དངོས་པོ་ཀུན་རྫོབ་པ་དང་དོན་དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་རྗོད་པར་བྱེད་པའི་ལུང་ངེས་པའི་དོན་ཡང་དྲང་བའི་དོན་ཉིད་དུ་འདྲེན་པར་བྱེད་ལ། དེ་བཞིན་དུ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་དོན་རིག་པ་དང་ལྡན་པ་ཡང་ཚིག་སྟོན་པ་དག་གིས་རིགས་པ་

དང་མི་ལྡན་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་དེ། འདི་ལ་ཁོ་བོ་ཅག་ལྟར་མངོན་པར་ཞེན་པའི་དཔྱང་ཐག་ལ་འཇུག་པ་ཡིད་ལ་བྱེད་པས་ཅི་ཞིག་བྱ། དེའི་ཕྱིར་མཁས་པ་རྣམས་གཟུ་བོ་ལྟ་བའི་རི་བོ་དམ་པ་ལ་འཛེགས་ཏེ། དམ་པ་མ་ཡིན་པའི་རྣམ་པར་རྟོག་པའི་ཆོམ་རྐུན་པ་བཟླས་

བརྗོད་དང་བསམ་གཏན་ལ་སོགས་པའི་མདའ་དག་གིས་བསྣུན་ནས་རྫོགས་པར་བྱང་ཆུབ་པའི་ཕུན་སུམ་ཚོགས་པ་བླང་བ་ལྷུར་བྱའོ་སྙམ་ན་དེ་ལྟར་ན་ཆེས་རིགས་པར་ཞུགས་པ་ཡིན་ནོ་ཞེས་བརྗོད་དོ། །ཁོ་བོ་ཡང་དམ་པ་རྣམས་ལ་པུས་མོ་གཅིག་ས་ལ་བཙུགས་ཏེ་སྤྱི་བོར་ཐལ་མོ་སྦྱར་ནས།

དམ་པ་བདེ་གཤེགས་ཇི་སྐད་བཤད་པ་ཡི། །རང་ལྷའི་རྣལ་འབྱོར་ཀུན་དང་བཟླས་བརྗོད་དང་། །གསང་སྔགས་མཛོད་ཅིག་དེ་ནས་གྲུབ་པ་དང་། །རྒྱལ་བ་གཟིགས་ནས་དེ་ཉིད་རིག་མཁྱེན་མཛོད། །ཅེས་རྣམ་པ་ཐམས་ཅད་དུ་གསོལ་བ་འདེབས་སོ། །དེ་ལ་རང་གི་ལྷའི་ངོ་བོ་ཉིད་

ཀུན་རྫོབ་དང་དོན་དམ་པ་དང་ཀུན་དུ་སྦྱོར་ཞིང་ལྡན་པ་ཞེས་བྱ་བ་ནི། རང་གི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་ཡིན་ནོ། །ཀུན་དུ་སྦྱོར་བ་རྒྱུད་ལས་གསུངས་པ་འདིའི་གོ་རིམས་ཀྱང་འདི་ཡིན་ཏེ། རྒྱུད་འདི་ལས་འདི་ལྟ་སྟེ། ཇི་ལྟར་མཐོང་བ་དང་ཐོས་པའི་དངོས་པོ་རྣམས་གཟོད་མ་ནས་མ་

เล่ม ๖๙ · หน้า 21a

སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པས་དོན་དམ་པའི་ངོ་བོ་ཉིད་སྐྱེ་བ་མེད་པའི་མཚན་ཉིད་ལ་མོས་པར་བྱས་ནས། དེའི་འོག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་རྟོག་པ་ཀུན་རྫོབ་ཏུ་ཡོད་པ་ཡང་གཅིག་དང་དུ་མར་དཔྱད་པའི་རིགས་པས་ཆ་ཤས་ནས་བརྟགས་ཏེ།

དེ་དག་ཏུ་སྣང་བས་དབེན་པའི་སེམས་མངོན་སུམ་དུ་བྱས་ནས་རང་གི་ལྷའི་རྣལ་འབྱོར་དུ་སྒྲུབ་པ་ཀུན་རྫོབ་པའམ་དོན་དམ་པར་བྱའོ་ཞེས་འབྱུང་ངོ་། །དེ་ལ་ལྷའི་མཚན་ཉིད་དོན་དམ་པའི་ངོ་བོ་ཉིད་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། རང་གི་ལྷ་དང་བདག་གི་དེ་བཞིན་ཉིད་དག་ཐ་མི་དད་པའི་མཚན་ཉིད་དུ་

མོས་པའི་སྒོ་ནས་དེ་དང་ལྷན་ཅིག་གཅིག་པ་ཉིད་འདི་ནི་རང་གི་ལྷའི་རྣལ་འབྱོར་དོན་དམ་པ་ཡིན་ནོ། །རང་གི་ལྷའི་རྣལ་འབྱོར་ཀུན་རྫོབ་པའི་གོ་རིམས་ཀྱང་འདི་ལས་རྣམ་པ་གཉིས་སུ་བསྟན་ཏེ། དེ་ལ་གཅིག་ནི་རང་གི་སེམས་ཀྱི་རྣམ་པ་སྣང་བ་ཐམས་ཅད་ཀྱིས་དབེན་པ་ཟླ་བའི་དཀྱིལ་འཁོར་

ལ་སོགས་པའི་རྣམ་པར་བསྒྱུར་བས་བདག་ཉིད་རང་གི་ལྷར་སྣང་བ་བསྒྲུབ་པ་ཡིན་ནོ། །དེ་ལས་གཞན་པ་ནི་སྣང་བས་དབེན་པའི་སེམས་ལས་ལངས་ཏེ། བདག་དང་རང་གི་ལྷ་སྒྱུ་མ་ལྟ་བུར་མཉམ་པ་ཉིད་དུ་མོས་པ་སྔོན་དུ་འགྲོ་བ་ཆོས་ཉིད་དུ་མཉམ་པར་གཅིག་ཏུ་མོས་པས་བདག་ཉིད་ལྷའི་

གཟུགས་སུ་མོས་པར་བྱས་ཏེ། བདག་གི་རྣམ་པར་སྨིན་པའི་གཟུགས་ཀྱི་རྣམ་པ་ཁོ་ན་རང་གི་ལྷ་ཉིད་དུ་ང་རྒྱལ་བྱ་བ་ནི་འདི་ལྟ་སྟེ། རང་གི་ལྷའི་རྣལ་འབྱོར་ཀུན་རྫོབ་པ་གཉིས་པ་ཡིན་ནོ། །དོན་འདི་ཡང་རྒྱུད་འདི་ལས་ལྷའི་དེ་ཁོ་ན་ཉིད་ལ་སོགས་པ་རིམ་པར་ཕྱེ་བ་དག་ལས་བསྟན་པ་ཡིན་

པར་ཁོང་དུ་ཆུད་པར་བྱའོ། །ཞར་ལ་འོངས་པ་རྫོགས་སོ།། །།རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པར་དཔྱད་པའི་རིམ་པ་ལ་བབ་པའི་དཀྱུས་མ་ཉིད་བརྗོད་པར་བྱ་སྟེ། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཁོ་ན་རྟོགས་པའི་དུས་

ཉིད་ན་སྔོན་གྱི་སྨོན་ལམ་གྱི་འཕེན་པས་སྐུ་དང་གསུང་དང་ཐུགས་རབ་འབྱམ་སེམས་དང་སེམས་མ་ཡིན་པ་ཐམས་ཅད་དང་འདྲ་བར་སེམས་ཅན་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་སྣང་བ་དག་གིས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་ཁྱབ་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པ་ཡིན་ནོ་

เล่ม ๖๙ · หน้า 21b

ཞེས་བྱ་བར་ཤེས་པར་བྱའོ། །དེའི་མཚན་ཉིད་ཀྱང་འདི་ལས་གོང་དུ་བསྟན་ཟིན་ཏེ། འདི་ལྟ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་དེ་དག་དང་། གསང་བའི་བདག་པོ་ལ་སོགས་པ་རྡོ་རྗེ་འཛིན་པ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་

རླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་བཞུགས་སོ། །དེ་བཞིན་དུ་གསུང་དང་ཐུགས་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་འདི་ཡིན་ནོ། །རྣམ་པར་སྣང་མཛད་མངོན་པར་རྫོགས་

པར་བྱང་ཆུབ་པའི་དུས་གཞན་ལས་ཀྱང་གསུངས་ཏེ། དེ་སྐད་དུ། དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་ཀྱང་ཡང་དག་པར་བསྟན་ཏོ། །སྔར་བྲིས་ཟིན་པ་གང་ཡིན་པ་དེ་ཡང་མཚམས་སྦྱར་བའི་ཕྱིར་སྐབས་འདིར་བྲི་བར་བྱ་སྟེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་

རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་དུ་གནས་སོ། །སྐུ་ཇི་སྙེད་པ་དེ་སྙེད་ཀྱི་གསུང་དང་། གསུང་ཇི་

སྙེད་པ་དེ་སྙེད་ཀྱི་ཐུགས་ཀུན་དུ་གནས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ཡིན་ནོ། །སྐུ་མི་ཟད་པའི་བཀོད་པ་ལ་སོགས་པ་བསྟན་པ་འདིས་ཀྱང་བཅོམ་ལྡན་འདས་ཀྱིས་དེའི་རང་གི་ངོ་བོ་རྟོགས་པར་བྱ་བའི་ཕྱིར། ཐབས་ཡང་དག་པར་བསྟན་པས་སེམས་ཅན་ཡོངས་སུ་དག་པ་བྱང་ཆུབ་

སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པའི་དོན་མཛད་པ་ཡིན་ནོ། །ཡོངས་སུ་མ་དག་པ་ཐུབ་པ་དང་མི་དང་ལྷ་དང་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པ་གང་ཡིན་པ་དེ་དག་ནི་དེའི་མི་ཟད་པ་བཀོད་པ་གསུམ་གྱི་ངོ་བོ་རང་གི་ངོ་བོའི་སྒོ་ནས་མཐོང་བའི་ལམ་དུ་མི་འཇུག་སྟེ། དེའི་ཕྱིར་དེ་དག་ལ་ཕན་

གདགས་པའི་ཆེད་དུ་རྒྱུད་འདི་ལས་དེའི་སྐུ་ལ་སོགས་པ་བཀོད་པའི་དཀྱིལ་འཁོར་དང་ཕྱག་རྒྱ་དང་གསང་སྔགས་ཀྱི་མཚན་མར་བྱིན་གྱིས་བརླབས་ནས་བསྟན་ཏེ། འདི་ལྟར་དེ་དག་གིས་དེའི་སྐུ་ལ་སོགས་པ་བཀོད་པའི་དཀྱིལ་འཁོར་དང་ཕྱག་རྒྱ་དང་གསང་སྔགས་ཀྱི་ངོ་བོར་གྱུར་པ་ཡང་

เล่ม ๖๙ · หน้า 22a

དེ་དག་མཉེས་པར་བྱེད་པའི་སྦྱོར་བས་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་དག་ཁོ་ནས་མཉེས་པར་བྱ་སྟེ། འབྲས་བུ་ལེགས་པར་ངེས་པ་དང་མངོན་པར་མཐོ་བ་སྟོན་པར་འགྱུར་རོ། །དེའི་མཚན་མ་ཡང་རྒྱུ་དང་ངོ་བོ་ཉིད་དང་འབྲས་བུའི་མཚན་མའི་བྱེ་བྲག་གིས་

རྣམ་པ་གསུམ་ཡིན་ནོ། །དེ་ལ་འདིའི་རྒྱུ་ནི་མངོན་སུམ་དང་བརྒྱུད་པའི་རྒྱུའི་ངོ་བོ་ཉིད་གཉིས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་འདིའི་བརྒྱུད་པའི་རྒྱུ་ནི་འཇིག་རྟེན་པ་དང་། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དང་། རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་དང་བཞིའི་བྱེ་བྲག་

གིས་ཤེས་པར་བྱའོ། །མངོན་སུམ་གྱི་རྒྱུ་ནི་རྫོགས་པར་བྱང་ཆུབ་པ་དང་ཆོས་ཀྱི་སྐུའོ། །རྣམ་པར་སྤྲུལ་པ་འདིའི་ངོ་བོ་ཉིད་ནི་ཇི་སྐད་དུ། མཚན་ཉིད་སྔར་བཤད་པ་ཡིན་ནོ། །འདིའི་འབྲས་བུ་ནི་ཐབས་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་གདུལ་བ་ལ་སྦྱོར་བ་དག་ཡིན་ནོ། །དེ་ལྟ་

བས་ན་རྒྱུད་འདི་ལས་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་འདི་བྱིན་གྱིས་རློབ་པ་ན་ངོ་བོ་ཉིད་དུ་གསུམ་པོ་དེ་འདི་དག་དཀྱིལ་འཁོར་དང་ཕྱག་རྒྱ་དང་། གསང་སྔགས་དང་ཏིང་ངེ་འཛིན་གྱི་མཚན་མར་བསྟན་པའི་སྒོ་ནས་ཅི་རིགས་པར་བྱིན་གྱིས་བརླབ་པར་རྗེས་སུ་དཔག་པའོ། །དེ་ལ་སྐུ་བཀོད་པ་

བྱིན་གྱིས་རློབ་པ་ནི་འདི་ལས་སྙིང་རྗེ་ཆེན་པོས་འབྱུང་བའི་དཀྱིལ་འཁོར་གྱི་སྒོ་ནས་དངོས་སུ་བསྟན་ཏེ། དེ་ལས་ནི་དཀྱིལ་འཁོར་གྱི་སྦྱོར་བའི་སྒོ་ནས་ལྷའི་སྐུ་གཟུགས་དག་ཁོ་ནར་དགོད་པར་གསུངས་ཏེ། འདི་སྐད་དུ། དེ་ཡི་སྙིང་པོ་དབུས་སུ་ནི། །རྒྱལ་མཆོག་གཙོ་བོ་གསེར་གྱི་མདོག །འབར་

བཅས་ཐོར་ཚུགས་དབུ་རྒྱན་ཅན། །ཞེས་བྱ་བ་ལ་སོགས་པ་དང་། མགོན་པོ་ཡི་ནི་བྱང་ཕྱོགས་སུ། །སྤྱན་རས་གཟིགས་ཀྱི་དབང་པོ་ནི། །པདྨ་དཀར་པོའི་སྟན་ལ་འདུག །དུང་དང་ཀུནྡ་ཟླ་འདྲ་ལ། །མགོ་ལ་འོད་དཔག་མེད་བཞུགས་ཤིང་། །བཞིན་ནི་བག་ཙམ་འཛུམ་པ་བྲི། །ཞེས་བྱ་

བ་ལ་སོགས་པ་དང་། མགོན་པོ་རྣམ་སྣང་མཛད་ཆེན་གྱི། །ལྷོ་ཡི་ཕྱོགས་སུ་རྡོ་རྗེ་འཛིན། །རེ་བ་ཐམས་ཅད་སྐོང་བྱེད་པ། །མདོག་ནི་པྲི་ཡངྐུ་ལྟ་བུར། །ལྗང་སེར་རམ་ནི་མརྒད་ལྟར། །སྔོ་བསངས་མགོན་པོ་དབུ་རྒྱན་ཅན། །སེམས་དཔའ་ཆེན་པོ་རྒྱན་ཀུན་གྱིས། །རྣམ་པར་བརྒྱན་

เล่ม ๖๙ · หน้า 22b

ཅིང་མཐའ་ཡས་པར། །འཇུག་པ་རྒྱ་ཆེན་རྡོ་རྗེར་བཅས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ལས་རིག་པར་བྱའོ། །གསུང་མི་ཟད་པ་བཀོད་པ་བྱིན་གྱིས་རློབ་པ་ཡང་འདི་ལས་དངོས་སུ་ཡི་གེའི་འཁོར་ལོ་བསྐོར་བའི་

དཀྱིལ་འཁོར་གྱི་རྣམ་པར་བསྟན་ཏེ། འདི་ལྟར་དེར་ནི་དཀྱིལ་འཁོར་དུ་ལྷ་རྣམས་ཕྱག་རྒྱ་དག་གམ་ས་བོན་གྱི་ཡི་གེ་དག་ཏུ་དགོད་པར་བཤད་དོ། །འདི་སྐད་དུ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བསྟན་པ་ལས་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་

གཟུགས་དང་ཕྱག་རྒྱ་དང་ས་བོན་གྱི་ཡི་གེ་རྣམས་ལས་གང་ཡང་རུང་བ་ཞིག་ཏུ་དགོད་པར་ཡང་དག་པར་བརྗོད་ནས། དེ་ལས་གཞན་པ་རྣམས་ཕྱག་རྒྱའམ་ས་བོན་གྱི་ཡི་གེ་དག་ཏུ་དགོད་པར་བསྟན་པར་འབྱུང་སྟེ། དེ་སྐད་དུ་ཤར་ཕྱོགས་སུ་སངས་རྒྱས་ཐམས་ཅད་ཀྱི་ཡི་གེ་ཨ་ཞེས་བྱ་བ་

ཀླད་ཀོར་དང་བཅས་པ་སྟེ། ཨཾ་མེའི་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ། ཡི་གེ་ཀ་བྲི་སྟེ་ཀ་དེ་བཞིན་དུ་དཀྱིལ་འཁོར་བསྟན་པ་འདི་ལས་ནི་གཞན་དུ་ཡང་ཕལ་ཆེར་ས་བོན་གྱི་ཡི་གེ་དག་ཁོ་ནར་བསྟན་ཏོ། །དེ་བཞིན་དུ་གསང་བའི་

དཀྱིལ་འཁོར་ནི་ཐུགས་མི་ཟད་པ་བཀོད་པ་བསྡུས་ནས་བསྟན་ཏེ། འདི་ལྟར་གསང་བའི་དཀྱིལ་འཁོར་དུ་ལྷ་རྣམས་ཕྱག་རྒྱའི་ཁྱད་པར་རང་གི་རྣམ་པར་ཐར་པའི་དོན་གྱི་རྗེས་སུ་བྱེད་པ་པདྨ་དང་རྡོ་རྗེ་ལ་སོགས་པ་དག་དང་། དེ་བཞིན་དུ་མེའི་དཀྱིལ་འཁོར་ལ་སོགས་པའི་རང་གི་སེམས་སྣང་

བའི་ཁྱད་པར་མེ་དང་རླུང་དང་ས་དང་ཆུའི་དཀྱིལ་འཁོར་དགོད་པ་དག་གིས་དགོད་པར་འབྱུང་སྟེ། གསང་བའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་འདྲ་བ་མདོག་དུང་ལྟ་བུའི་དབུས་སུ་ནི། སངས་རྒྱས་ཀུན་གྱི་གྲུ་གསུམ་པ། །པདྨ་

དཀར་པོའི་སྟེང་ན་འདུག །ཀླད་ཀོར་བཅས་པའི་མཚན་གྱིས་བཏབ། །རྡོ་རྗེའི་མཚན་མ་རྣམས་ཀྱིས་མཚན། །དཔྱད་མི་དགོས་པ་ཀུན་ནས་ནི། །འོད་ཟེར་དག་ནི་གཉིས་བྱ་བ། །གསང་སྔགས་མགོན་ལས་བྱུང་ནས་སུ། །དེ་ནི་ཕྱོགས་བཅུ་རྣམས་སུ་སོང་། །ཞེས་བྱ་བ་དང་། དེ་

เล่ม ๖๙ · หน้า 23a

བཞིན་འཇིག་རྟེན་མགོན་གྱི་ནི། །སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ནི། །དེ་ལས་ནན་ཏན་མཉན་པར་གྱིས། །ཀུན་དུ་གྲུ་བཞི་ལྷམ་པ་ལ། །དབུས་སུ་དུང་འདྲ་གཞག་པར་བྱ། །དེ་ཡི་སྟེང་དུ་པདྨ་ནི། །ས་བོན་བཅས་བྱས་རྒྱས་པར་བྲི། །དེ་ཡི་སྟེང་དུ་རྡོ་རྗེ་

ཆེ། །རྡོ་རྗེ་ལས་ཀྱང་པདྨ་ཆེ། །ཐམས་ཅད་ས་བོན་རྣམས་ཀྱིས་མཚན། །རང་གི་ས་བོན་ལེགས་པར་སྦྱོར། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། རྒྱས་པར་གསང་བའི་དཀྱིལ་འཁོར་བསྟན་པ་ལས་ཁོང་དུ་ཆུད་པར་བྱའོ། །དཀྱིལ་འཁོར་འདི་གསུམ་ཡང་གྲངས་བཞིན་

དུ་སྐུ་གསང་བ་ལ་སོགས་པའི་གསུམ་བསྡུས་པར་གྱུར་པ་ཡིན་པར་བཤད་མོད་ཀྱི། འོན་ཀྱང་སྐུ་མེད་པའམ་གསུང་མེད་ལ། ཐུགས་ཀྱང་ཕལ་ཆེར་སྐུ་མེད་པར་མེད་པས་དཀྱིལ་འཁོར་རེ་རེ་ལ་ཡང་སྐུ་ལ་སོགས་པ་གསུམ་ཆར་བྱིན་གྱིས་རློབ་པར་རིག་པར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་

གསུམ་ཆར་ལ་ཡང་ཕལ་ཆེ་བའི་ཕྱིར། ལ་ལར་སྐུ་དང་གསུང་དང་ཐུགས་དག་བྱིན་གྱིས་རློབ་པར་གྱུར་ན་གཟུགས་དང་ཕྱག་རྒྱ་དང་ས་བོན་རྣམས་བཀོད་པ་ཡང་སྣང་ངོ་། །དེ་བཞིན་དུ་འདི་ལས་རིམ་པ་མདོར་བསྡུས་པ་ལ་སོགས་པའི་མཚན་ཉིད་ཀྱི་དཀྱིལ་འཁོར་བསྟན་པ་གཞན་དག་ཀྱང་

འདིའི་རྒྱུད་ཕྱི་མ་ལས་བཤད་པ་གསང་བའི་རིམ་པར་ཕྱེ་བ་ལ་སོགས་པ་ལས་བལྟ་བར་བྱ་སྟེ། དེ་དག་ཏུ་ཡང་དགོངས་པ་ནི་འདི་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་སྐུ་ལ་སོགས་པ་བཀོད་པ་འདི་ཉིད་ལས་སྒྲུབ་པ་པོ་རྣམས་ལས་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པ་སྟོན་པར་ལྷ་

སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་གཟུགས་ལ་སོགས་པ་ནང་དང་ཕྱི་རོལ་དུ་གྱུར་པ་བསམ་གཏན་བྱ་བའི་སྒོ་ནས་བསྟན་ཏེ། འདི་ལས་ཇི་སྐད་དུ། ཡི་གེ་དང་ནི་ཡི་གེར་སྦྱར། །དེ་བཞིན་བཞི་ལས་བཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་

ཕྲག་གཅིག་བྱའོ། །ཞེས་བྱ་བ་དང་། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་གཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་

เล่ม ๖๙ · หน้า 23b

རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམས་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རི་མོའི་སྐུ་གཟུགས་དང་སྐུ་གཟུགས་ཀྱི་རྣམ་པ་བྱིན་གྱིས་རློབ་པའི་སྒོ་ནས་ཀྱང་ཁོང་དུ་

ཆུད་པར་བྱའོ། །གསུང་མི་ཟད་པ་བཀོད་པ་ཡང་འདི་ལས་གསང་སྔགས་དང་རིག་སྔགས་ཀྱི་ས་བོན་གྱི་ཡི་གེ་བྱིན་གྱིས་རློབ་པའི་སྒོ་ནས་བསྟན་པར་སྣང་སྟེ། འདི་ལྟར་གསང་སྔགས་དག་ནི། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱན། ཨཱཿབི་ར་ཧཱུཾ་ཁཾ། ཞེས་བྱ་བ་ལ་སོགས་པ་དང་། ན་མཿས་མནྟ་

བུདྡྷཱ་ནཱན། ཨ་ས་མེ་ཏྲི་ས་མེ་ས་མ་ཡེ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རིག་སྔགས་ཀྱི་ས་བོན་གྱི་ཡི་གེ་དག་ནི། ཨ་ཨཱ་ཨཾ་ཨཿ། ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་ཐུགས་མི་ཟད་པ་བཀོད་པ་ཡང་། ལག་པའི་ཕྱག་རྒྱ་དགོད་པ་དང་བྲི་བའི་ཕྱག་རྒྱ་དགོད་པའི་སྒོ་

ནས་བསྟན་པར་བལྟ་བར་བྱའོ། །དེ་ལྟར་ན་སྐུ་ལ་སོགས་པ་བཀོད་པ་འདིའི་རྒྱུ་དང་ངོ་བོ་ཉིད་དང་འབྲས་བུའི་མཚན་མ་ཡང་འདི་ལས་དེ་ལྟ་བུ་ལ་སོགས་པ་བསྟན་པ་ལས་བལྟ་བར་བྱའོ་ཞེས་བཤད་པ་ཡིན་ནོ། །རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་བསྡུས་པའི་དོན་ནི་

འདི་ལས་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་དཀྱིལ་འཁོར་དང་། རིག་སྔགས་དང་། གསང་སྔགས་དང་། ཕྱག་རྒྱ་དང་ས་བོན་གྱི་ངོ་བོ་མཉེས་པར་བྱེད་པའི་སྒོ་ནས་རང་བཞིན་གྱིས་དོན་འགྲུབ་པར་བྱ་བའི་ཕྱིར། སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཅན་ལ་སོགས་པའི་གསང་སྔགས་

བསྟན་པ་ཡིན་ནོ། །སྤྱོད་པ་དེ་ཡང་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་དཀྱིལ་འཁོར་གྱི་ཆོ་ག་ལ་ཡང་དག་པར་བསྟན་པ་ཡིན་ནོ། །དེ་ལས་གཞན་པ་ནི་རིག་སྔགས་དང་། གསང་སྔགས་ལ་སོགས་པ་བསྟན་པའི་མཚན་ཉིད་ཡིན་ཏེ། ཅི་རིགས་པར་རྒྱུད་ཀྱི་རྗེས་སུ་འབྲང་ནས་རིག་

པར་བྱའོ། །དེ་ལ་དཀྱིལ་འཁོར་གྱི་ཆོ་ག་ལ་ཡང་དག་པར་བསྟན་པ་ནི་འདིར་རྣམ་པ་བཅུ་བཞིས་བསྟན་ཏེ། འདི་ལྟ་སྟེ། སློབ་དཔོན་གྱི་མཚན་ཉིད་བསྟན་པ་དང་། དཀྱིལ་འཁོར་གྱི་ས་བསྟན་པ་དང་། དེ་ཡོངས་སུ་དག་པའི་མཚན་ཉིད་བསྟན་པ་དང་། དེའི་བྱིན་གྱིས་རློབ་པའི་ཆོ་ག་དང་།

เล่ม ๖๙ · หน้า 24a

སློབ་མའི་མཚན་ཉིད་བསྟན་པ་དང་། སློབ་མ་སྟ་གོན་དུ་གནས་པའི་ཆོ་ག་བསྟན་པ་དང་། དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་བརྗོད་པ་དང་། དཀྱིལ་འཁོར་གྱི་རིམ་པ་ལ་སོགས་པ་རྣམ་པར་དབྱེ་བ་དང་། དཀྱིལ་འཁོར་གྱི་ཚོན་གྱི་མཚན་ཉིད་དང་། དེ་དགྱེ་

བ་ལ་སོགས་པའི་ཆོ་ག་བསྟན་པ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ཉེ་བར་བྱ་བའི་སྦྱོར་བ་དང་། དེ་དག་མཆོད་པའི་ཆོ་གའི་ཡན་ལག་བསྟན་པ་དང་། སློབ་མ་གཟུང་བའི་ཆོ་ག་བསྟན་པ་དང་། དེ་དབང་བསྐུར་བའི་ཆོ་ག་བརྗོད་པ་དང་། མེས་བྱ་བའི་ཆོ་ག་བསྟན་པ་བཅུ་བཞི་

ཡིན་ནོ། །དེ་ལ་སློབ་དཔོན་གྱི་མཚན་ཉིད་ནི། སློབ་དཔོན་ཉིད་དུ་འཇུག་པ་དང་། མངོན་པར་འདུ་བྱེད་པ་དང་། གྲུབ་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་ལ་སློབ་དཔོན་ཉིད་དུ་འཇུག་པའི་མཚན་ཉིད་ནི་སྙིང་རྗེ་ཅན་སྒྱུ་རྩལ་དག་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་ཚུལ་ལ་རྟག་ཏུ་མཁས་པ་ཐེག་པ་གསུམ་གྱི་ཁྱད་པར་ཤེས་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་པ་བསམ་པ་ཤེས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་ལ་སོགས་པ་ཡིན་ནོ། །སློབ་དཔོན་ཉིད་དུ་མངོན་པར་འདུ་བྱེད་པའི་མཚན་ཉིད་

ཟབ་པ་དང་མི་ཟབ་པའི་བྱེ་བྲག་གི་སྒོ་ནས་ཏེ། གསང་སྔགས་ཕྱག་རྒྱ་རྟོག་ཤེས་པའི། །སློབ་དཔོན་རྣམ་པ་གཉིས་ཞེས་བྱ། །ཟབ་དང་མི་ཟབ་བྱེ་བྲག་གིས། །དེ་ཡི་མཚན་ཉིད་ཤེས་པར་བྱ། །ཟབ་མོ་རྒྱ་ཆེར་ཤེས་པར་བྱ། །ལུས་ཅན་རྣམས་ནི་ཡིད་མི་རྟོན། །སངས་རྒྱས་

རྣམས་ཀྱི་སྲས་མཆོག་སྟེ། །མཐོང་བའི་ཆོས་ནི་རྣམ་པར་སྤངས། །གཉིས་པ་མཐོང་བའི་ཆོས་རྣམས་ཀྱིས། །མོས་པར་གྱུར་པ་དམིགས་པ་ཅན། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །འཇིག་རྟེན་པ་ཡི་དཀྱིལ་འཁོར་ཀུན། །དེ་ཡིས་བྲི་བར་བྱ་བའི་ཕྱིར། །

རྗེས་སུ་གནང་ཞིང་དབང་ཡང་བསྐུར། །ཞེས་གང་གསུངས་པ་ཡིན་ཏེ། སློབ་དཔོན་དམིགས་པ་ཅན་མངོན་པར་འདུ་བྱས་པ་འདི་ནི་གཉིས་པ་ཡིན་ནོ། །སློབ་དཔོན་གྱི་ཐབས་བསྒྲུབ་པའི་མཚན་ཉིད་ནི། འདི་ལས་རྣམ་པ་གཉིས་སུ་བསྟན་ཏེ། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའི་སྙིང་པོ་

เล่ม ๖๙ · หน้า 24b

ཅན་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་འདྲི་བའི་སློབ་དཔོན་དུ་དབང་བསྐུར་བ་དང་། གསང་བའི་དཀྱིལ་འཁོར་འདྲི་བར་དབང་བསྐུར་བ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་མདོར་ན་ནི། །དམ་ཚིག་ཅན་རྣམས་སྔར་བཤད་དེ། །དཀྱིལ་འཁོར་འདི་ནི་མཐོང་བ་ལས། །

དམ་ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང་། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་བཟུང་། །དཀྱིལ་འཁོར་མཐོང་ཞེས་བྱ་བ་འདི། །དམ་ཚིག་ཅན་གཉིས་ཤེས་པར་བྱ། །དཀྱིལ་འཁོར་དང་ནི་

ཕྱག་རྒྱ་མཐོང་། །ལས་དང་བྱ་བ་ལ་ཡང་སྦྱར། །བླ་མས་ལུང་ནི་མ་བྱིན་པ། །དེ་ཡང་དམ་ཚིག་ཤེས་པར་བཤད། །ཕྱག་རྒྱ་དཀྱིལ་འཁོར་བྲི་བ་རྣམས། །དེ་ཚེ་ཆོ་ག་བཞིན་བསྟན་ན། །གསང་བའི་ཡེ་ཤེས་འབྱུང་བ་ཡི། །དབང་བསྐུར་མེད་པའི་སྔགས་པ་མིན། །གསང་བའི་

དཀྱིལ་འཁོར་དབུས་སུ་ནི། །སྔགས་པ་ཆོ་གས་དབང་བསྐུར་བ། །དམ་ཚིག་ཤེས་པ་སྔར་ཤེས་བྱ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་རིམ་པ་འདིས་ནི་དཀྱིལ་འཁོར་གསུམ་གྱི་སློབ་དཔོན་ཉིད་ཀྱི་ཐབས་ཐོབ་པས་དཀྱིལ་འཁོར་འདྲི་བའི་

ཚེ་རིག་པའི་རྒྱལ་མོ་ཡན་ལག་བཅུ་གཉིས་པ་འབྱུང་བས་སྔར་བསྙེན་པ་བྱ་སྟེ། ཇི་སྐད་དུ། དཀྱིལ་འཁོར་གྱི་ནི་སྔོན་རོལ་དུ། །བྱ་བ་རྣམས་ནི་ངེས་པས་ཉོན། །སོ་སོའི་ལས་རྣམས་འདོད་པ་ཡིས། །ཚུལ་ཤེས་པས་ནི་ཅི་རིགས་པར། །རང་གི་ཏིང་འཛིན་ལ་གནས་ཏེ། །རིག་སྔགས་

རྒྱལ་པོ་སྟོབས་པོ་ཆེ། །ཡན་ལག་བཅུ་གཉིས་ཚིག་འབྱུང་བ། །གོ་རིམས་བཞིན་དུ་བཟླས་བརྗོད་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེའི་ཕྱིར་སློབ་མ་བྱང་ཆུབ་ཀྱི་སེམས་ཤིན་ཏུ་གོམས་པ་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་དུ་གྱུར་པའང་རུང་། བྱང་ཆུབ་ཀྱི་སེམས་མ་གོམས་པ་ཉིད་

ཀྱིས་དམིགས་པ་ཅན་ཡང་རུང་སྟེ། དཀྱིལ་འཁོར་འདྲི་བའི་ཚེ་རིག་པའི་རྒྱལ་པོ་ཡན་ལག་བཅུ་གཉིས་པ་འབྱུང་བ་སྔར་བསྙེན་པ་བྱའོ་ཞེས་བསྟན་པར་འགྱུར་རོ། །རང་གི་ཏིང་ངེ་འཛིན་ལ་གནས་ཏེ་ཞེས་བྱ་བའི་དགོངས་པ་ནི། སློབ་དཔོན་རང་གི་ཏིང་ངེ་འཛིན་ལ་གནས་ཏེ། རིག་པའི་

เล่ม ๖๙ · หน้า 25a

རྒྱལ་པོ་འདི་བཟླས་བརྗོད་བྱའོ་ཞེས་བཤད་པར་འགྱུར་བ་འདི་ཡིན་ནོ། །ན་མཿས་མནྟ་བུདྡྷཱ་ནཱན། ཨ་ས་མནྟ་དྷརྨཱ་དྷཱ་ཏུ་ཀརྱ་ག་ཏི་ག་ཏཱ་ནཱན་སརྦ་ཐཱ། ཨཱཾ་ཁཱཾ་ཨཾ་ཨཿ། སཾ་ས་ཧཾ་ཧ་རཾ་ར་བཾ་བ་སྭཱ་ཧཱ། ཧཾ་ཧ་སྭཱ་ཧཱ། རཾ་ཧ་སྭཱ་ཧཱ། རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་

གཉིས་འབྱུང་བ་ཡིན་ནོ། །སློབ་དཔོན་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱང་བཤད་པ་ནི་འདི་ཡིན་ནོ། །བདག་ཉིད་ཨ་ཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབ་པ་ལ་ཡི་གེའི་འཁོར་ལོ་མཐའ་དག་རང་གི་ལུས་ལ་དགོད་དེ། ཀ་ནི་ལྐོག་མར་ཤེས་པར་བྱ། །ཞེས་བྱ་བ་ལ་

སོགས་པ་གསུངས་པ་གང་ཡིན་པ་རིམ་གྱིས་རང་གི་ལུས་ལ་དགོད་པ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་གཅིག་པ་ཡིན་ནོ། །དེ་བཞིན་དུ་དེ་ཁོ་ན་དང་འདྲ་བར་རྣམ་པར་སྣང་མཛད་ཀྱི་སྐུར་བྱས་ལ། རིགས་ཀྱི་བདག་པོ་གསུམ་གྱི་ས་བོན་གསུམ་དགོད་པ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་གཉིས་པ་ཡིན་

ནོ། །ཡང་ན་དཔའ་བོ་ཆེན་པོའི་ཡི་གེ་ལྔ་བཀོད་པས་ཤཱཀྱ་ཐུབ་པའི་སྐུར་བྱིན་གྱིས་བརླབས་ཏེ། སློབ་དཔོན་གྱི་ཏིང་ངེ་འཛིན་གསུམ་པ་ཡིན་ནོ། །ཅི་ཞིག་འཚལ་ནས་སློབ་དཔོན་འགྱུར། །ཞེས་གང་གསུངས་པ་ལ་གླེང་སྟེ། ཨ་ནི་གསང་སྔགས་ཐམས་ཅད་ཀྱི། །སྙིང་པོ་ཡིན་པར་ཡང་

དག་བཤད། །འདི་ལས་འབྱུང་བའི་གསང་སྔགས་ནི། །གྲངས་མེད་རྣམས་ཀྱང་འབྱུང་བར་འགྱུར། །སྤྲོས་པ་ཐམས་ཅད་ཞི་བ་ཡི། །ཡེ་ཤེས་མཐའ་དག་སྐྱེ་བར་འགྱུར། །ཞེས་བྱ་བ་དང་། རྫོགས་པའི་སངས་རྒྱས་རྐང་གཉིས་གཙོས། །ཨ་ནི་འཚོ་བ་ཡིན་པར་གསུངས། །དེ་

བས་འདི་ཀུན་ཐམས་ཅད་དེ། །ཡན་ལག་ཀུན་ལ་རྣམ་པར་གནས། །ཡན་ལག་རྣམས་ཀྱང་ཅི་རིགས་པར། །རྟག་པར་ཀུན་དུ་རིག་པར་གྱིས། །ཡི་གེ་རྣམས་ཀྱིས་ཐམས་ཅད་ཁྱབ། །ཡི་གེ་རྣམས་ཀྱང་དེ་ཡིས་ཁྱབ། །ཡི་གེ་རྣམས་ལས་སྒྲ་འབྱུང་བ། །ཆ་དང་ཆ་ལས་བྱུང་བའོ། །

དེ་བས་འདི་ཀུན་ཐམས་ཅད་དེ། །ལུས་ནི་སྣ་ཚོགས་ལས་བྱུང་བའོ། །དེ་ཡི་དགོངས་པ་ཡང་དག་བསྟན། །སྙིང་པོ་དག་ནི་ངེས་པས་ཉོན། །ཡན་ལག་རྣམས་ལ་ཡན་ལག་དགོད། །བློ་ལྡན་རྣལ་འབྱོར་སྟན་འདུག་སྟེ། །བདག་ལུས་རྫོགས་སངས་རྒྱས་ཀྱི་སྐུར། །བྱས་ནས་དེ་

เล่ม ๖๙ · หน้า 25b

བཞིན་གཤེགས་པ་རྣམས། །དྲན་པར་བྱས་ཏེ་འདི་ཀུན་བྱ། །གང་གིས་ཡེ་ཤེས་རྒྱ་ཆེན་ཏེ། །ཆོ་ག་བཞིན་དུ་ཤེས་གྱུར་ན། །དེ་ཚེ་སངས་རྒྱས་མཐུ་ཆེན་གྱིས། །དེ་ནི་སློབ་དཔོན་ཡིན་པར་བཤད། །དེ་བས་དེ་ཉིད་དེ་བཞིན་གཤེགས། །དེ་ཉིད་རྫོགས་སངས་རྒྱས་ཞེས་བྱ། །

སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །ཞེས་བྱ་བ་ལ་སོགས་པ་ཕན་ཡོན་རྒྱས་པར་རྒྱུད་ལས་རྟོགས་པར་བྱའོ། །སློབ་དཔོན་བྱང་ཆུབ་ཀྱི་སེམས་ལེགས་པར་བསྒོམ་པ་རང་གི་ལུས་ལ་ཡི་གེའི་འཁོར་ལོ་དགོད་པ་ནི། དོན་དམ་

པར་འཇུག་པའི་ཐབས་ཡིན་པ་ཉིད་ཀྱིས་འབྲས་བུའི་ཕན་ཡོན་ཆེ་བར་བསྟན་པའི་ཕྱིར། གང་ཞིག་བྱང་ཆུབ་སེམས་བརྟན་ཞིང་། །སྒྲ་ཤེས་པས་ནི་ལྷུར་ལེན་གང་། །ཆོས་རྣམས་ཀུན་ལ་མ་ཆགས་པར། །རྣམ་པ་ཀུན་དུ་ཀུན་ཞེས་བྱ། །ཡི་གེའི་འཁོར་ལོ་ཐམས་ཅད་ནི། །གང་གི་

ལུས་ལ་རྣམ་གནས་པ། །དེ་ནི་སྔགས་པ་གསང་སྔགས་འཆང་། །དཔལ་ལྡན་སྔགས་རྒྱལ་རྡོ་རྗེ་འཛིན། །ཞེས་བྱ་བ་གསུངས་སོ། །འདི་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་ཡི་གེའི་འཁོར་ལོའི་དགོད་པའི་རིམ་པ་རྒྱས་པ་ཡིན་ཏེ། སློབ་དཔོན་གྱི་རྣལ་འབྱོར་གྱི་ཆོ་ག་འདི་ནི་སློབ་དཔོན་ཟབ་

ཅིང་རྒྱ་ཆེ་བ་ལ་མོས་པ་བྱང་ཆུབ་ཀྱི་སེམས་བརྟན་པ། སྒྲའི་དོན་དེ་ཁོ་ན་ཉིད་ལ་མཁས་པ་ཁོ་ནའི་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །ད་ནི་སློབ་དཔོན་རྣམ་པ་གཉིས་ཀའི་ཡང་ཆོ་ག་མདོར་བསྡུས་པ་དང་། བར་མའི་རིམ་གྱིས་སོ་སོར་སློབ་དཔོན་གྱི་རྣལ་འབྱོར་གཉིས་སྟོན་ཏེ། སློབ་དཔོན་

ཉིད་ལུས་རྣམ་པར་སྨིན་པ་ཁོ་ན་ལ་རིགས་ཀྱི་བདག་པོ་གསུམ་གྱི་ས་བོན་གྱི་ཡི་གེ་གསུམ་བཀོད་པ་ལས་སྒྲའི་དེ་ཁོ་ན་ཉིད་ལ་གཏོད་པའི་སྒོ་ནས་དེ་མདོར་བསྡུས་པ་བསྟན་པའི་ཕྱིར། སྨིན་མཚམས་དབུས་སུ་ཡི་གེ་ཧཱུཾ། །རྡོ་རྗེ་ཅན་གྱི་གཞི་ཡིན་ནོ། །བྲང་དུ་ཡི་གེར་ཞེས་བྱ། །ཕྱག་

ན་པདྨའི་གཞི་ཞེས་བྱ། །ཨ་ནི་སྙིང་གའི་གནས་བཞག་ལ། །ཀུན་གྱི་རྗེ་དེ་དབང་ཕྱུག་ཡིན། །རྒྱུ་དང་རྒྱུ་མིན་སྣ་ཚོགས་པ། །མཐའ་དག་ངས་ནི་རབ་ཏུ་ཁྱབ། །ཅེས་བྱ་བ་གསུངས་སོ། །དེ་བཞིན་དུ་གཞན་ཡང་སློབ་དཔོན་གྱི་རྣལ་འབྱོར་བར་མ་ནི་གསང་བའི་དཀྱིལ་འཁོར་འདྲི་

เล่ม ๖๙ · หน้า 26a

བའི་ཚེ་ཉིད་ན་སྔོན་གྱི་རྣམ་པར་སྨིན་པའི་ལུས་ཁོ་ན་ལ་ཡི་གེ་ལྔ་པ་འདི་དག་བཀོད་ལ། སྒྲའི་དེ་ཁོ་ན་ཉིད་ལ་གཏོད་པའི་སྒོ་ནས་ཡོངས་སུ་གསུངས་ཏེ། དེ་བསྟན་པའི་ཕྱིར། ཨཱ་ཞེས་བྱ་བ་སྲོག་གི་མཆོག །བཱི་ཞེས་བྱ་བ་ཚིག་ཏུ་བཤད། །ར་ཞེས་བྱ་བ་མེ་ཞེས་

བརྗོད། །ཧཱུཾ་ཞེས་བྱ་བ་ཁྲོ་བོར་བཤད། །ཁ་ནི་ནམ་མཁར་ཤེས་པར་བྱ། །ཀླད་ཀོར་སྟོང་པའི་མཆོག་ཅེས་བྱ། །གང་ཞེས་སློབ་དཔོན་ཞེས་བྱ་བ། །འདི་ནི་ཡང་དག་དམ་པ་ཡིན། །ཞེས་བྱ་བ་གསུངས་སོ། །ཡི་གེ་ལྔ་པོ་འདི་དག་ནི་དཔའ་བོ་ཆེན་པོའི་སྙིང་པོ་དགོད་པའི་རིམ་

པར་གོ་རིམས་བཞིན་དུ་ཆུ་སོ་དང་། ལྟེ་བ་དང་། བྲང་དང་། སྨིན་མཚམས་དང་། ཀླད་པར་དགོད་པ་ཤེས་པར་བྱའོ། །དེ་ལྟ་བས་ན་དེ་ལྟར་ཏིང་ངེ་འཛིན་གང་ཡང་རུང་བ་ལ་གནས་ཏེ། རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་འབྱུང་བ་བཟླས་བརྗོད་བྱའོ་ཞེས་བཤད་པར་

བྱའོ། །དེ་ལ་དཀྱིལ་འཁོར་གྱི་ས་ནི་ཕྱི་དང་ནང་གི་བྱེ་བྲག་གི་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་སའི་མཚན་ཉིད་བསྟན་པའི་ཕྱིར། མེ་ཏོག་འབྲས་བུ་ལྡན་པའི་རི། །གཙང་ཞིང་ཡིད་འོང་ཆུ་ཡི་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱས་པར་རྒྱུད་ལས་ཤེས་པར་བྱའོ། །

དེ་ནི་སྦྱང་བ་ཡང་ཀུན་རྫོབ་པ་ཁོ་ནར་བཤད་དེ། རྡོ་བ་དང་། བོང་བ་དང་། གྱོ་མོ་དང་། གསེག་མ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །སྦྱང་བ་ནི་སྔར་སའི་ལྷ་ལ་སྦྲན་པར་བཤད་དེ། སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་

ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱེད་ནི་དཔང་དུ་གྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དོན་དམ་པའི་ས་ནི་སློབ་དཔོན་ཟབ་མོ་སྤྱོད་པའི་རང་གི་སེམས་ཁོ་ན་ཡིན་ལ། དེ་ལ་སྦྱང་བ་ཡང་བྱང་ཆུབ་ཀྱི་སེམས་གོམས་པའི་སྒོ་ནས་ཡིན་ནོ། །དེ་གཉིས་ཀ་ཡང་བསྟན་པའི་ཕྱིར། །ས་ནི་

དང་པོར་ཤེས་པར་བྱ། །སེམས་ཀྱི་སར་ནི་བཤད་པ་ཡིན། །སྦྱང་བ་སྔར་ནི་བསྟན་པ་ཡིན། །དེ་ཡིས་དེ་ནི་ཡོངས་སུ་སྦྱང་། །ཞེས་བྱ་བ་རྒྱས་པར། མངོན་པར་བྱང་ཆུབ་མཐོང་བས་ན། །དེ་ལྟར་དེ་ནི་བསྟན་ཞེས་བྱ། །ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ཏེ། དེ་སྦྱང་བ་དེ་ནི་བྱང་ཆུབ་

เล่ม ๖๙ · หน้า 26b

ཀྱི་སེམས་གོམས་པའི་སྦྱོར་བ་ཡིན་པར་བཤད་དོ། །དེ་ལྟ་བས་ན་དགོངས་པ་ནི། ཕྱི་རོལ་གྱིས་སྦྱང་བ་མེད་པར་ཡང་བྱང་ཆུབ་ཀྱི་སེམས་གོམས་པའི་སྒོ་ནས་སའི་སྐྱོན་དུ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ཁོ་ནས་ཡོངས་སུ་དག་པར་འགྱུར་རོ་སྙམ་པ་འདི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར།

སྔགས་པ་རྟོག་ལ་གནས་ནས་སུ། །གང་ཞིག་སྦྱོང་བར་བྱེད་པ་ནི། །བྱང་ཆུབ་སེམས་ནི་རྣམ་སྤངས་པ། །གསང་བའི་བདག་པོ་དེ་མི་འདག །དེ་བས་རྟོག་པ་རྣམ་སྤངས་ནས། །ས་ཀུན་རྣམ་པར་དཔྱད་པར་བྱ། །ང་ཡིས་དཀྱིལ་འཁོར་རྣམས་ཀྱི་ནི། །ཆོ་ག་རྒྱས་པར་གང་བསྟན་

པ། །དེ་དག་ཐོག་མར་བསྟན་པ་ནི། །རྨོངས་པ་རྣམས་ཀྱིས་མི་ཤེས་ཏེ། །རྟོག་པ་སྡུག་བསྔལ་རྒྱུར་འགྱུར་བར། །ཇི་སྲིད་མ་སྤངས་བར་དུ་ནི། །འཇིག་རྟེན་འདི་ན་སངས་རྒྱས་མིན། །ཀུན་མཁྱེན་ཞེས་ཀྱང་མི་བྱའོ། །ཞེས་བྱ་བ་གསུངས་སོ། །རང་གི་སེམས་ཀྱིས་ཡོངས་སུ་

སྦྱང་བའི་དོན་འདི་ཉིད་རྡོ་རྗེ་དམ་ཚིག་མངོན་པར་འབྱུང་བ་ལ་སོགས་པའི་རྒྱུད་ལས་རྒྱས་པར་བསྟན་ཏོ། །དེ་ནས་ཞག་གསུམ་ནས་དཀྱིལ་འཁོར་འདྲི་བར་རྩོམ་པས་ས་ཡོངས་སུ་གཟུང་བར་བྱ་སྟེ། དེའི་མཚན་ཉིད་ནི། ས་བྱིན་གྱིས་བརླབ་པ་དང་པོ་ནི། རྫོགས་སངས་རྒྱས་ཀྱིས་བྱ་

བར་བཤད། །གཉིས་པ་སེམས་ཀྱི་དབང་གིས་ཏེ། །འདི་ནི་གཞན་དུ་མི་བྱའོ། །ཞེས་བྱ་བ་གསུངས་སོ། །དེ་ལ་སེམས་ཀྱི་དབང་གིས་ཞེས་བྱ་བ་ནི། སློབ་དཔོན་གྱི་སེམས་ཀྱི་དབང་ས་ཕྱོགས་འདིར་བདག་གིས་དཀྱིལ་འཁོར་བྲི་བར་བྱའོ་སྙམ་པ་དེ་ལྟ་བུའི་རྣམ་པར་རྟོག་པས་སོ། །

རྫོགས་པའི་སངས་རྒྱས་ཀྱིས་ས་ཡོངས་སུ་གཟུང་བ་ནི་རྣམ་པ་བཅུར་བཤད་དེ། འདི་ལྟ་སྟེ། ཡོངས་སུ་འཛིན་པའི་ཚེ་བའི་ལྕི་བ་ས་ལ་མ་ལྷུང་བ་དང་། བའི་གཅིན་གྱིས་བྱུག་པ་དང་། གསང་སྔགས་ཀྱིས་མངོན་པར་བསྔགས་པས་བགེགས་ཉེ་བར་ཞི་བར་བྱ་བ་དང་། བྱུག་སྤོས་

ཀྱིས་ལྷ་རྣམས་ཀྱི་དཀྱིལ་འཁོར་བྱ་བ་དང་། དཀྱིལ་འཁོར་གྱི་སར་ཅི་རིགས་པར་རྫོགས་པའི་སངས་རྒྱས་རྣམས་ཉེ་བར་བྱ་བ་དང་། དྲི་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱ་བ་དང་། ཡོངས་སུ་གཟུང་བའི་བསམ་པས་ལག་པ་ས་ལ་བཞག་སྟེ། འཕགས་པ་འཇིག་རྟེན་

เล่ม ๖๙ · หน้า 27a

གསུམ་ལས་རྣམ་པར་རྒྱལ་བ་དང་། མི་གཡོ་བའི་སྔགས་དག་ལས་གང་ཡང་རུང་བ་ཞིག་བརྗོད་པ་དང་། དཀྱིལ་འཁོར་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲང་བ་དང་། གསང་སྔགས་ཀྱི་སའི་ལྷ་ཡང་དག་པར་མགུ་བར་བྱ་བ་དང་། དཀྱིལ་

འཁོར་གྱི་ས་ཉིད་དུ་ཉལ་བར་བྱ་བ་དང་། རྨི་ལམ་བཟང་པོ་བརྟག་པའོ། །རྣམ་པ་བཅུ་པོ་འདི་དག་ནི་ས་ཡོངས་སུ་གཟུང་བར་བྱ་བ་ལ་བསྟན་པ་སྟེ། དེ་ལ་ཇི་སྐད་དུ་བསྟན་པའི་གནས་གང་ཡང་རུང་བར་ས་གཞི་རབ་ཏུ་འཐས་པར་བཅགས་ཏེ། བའི་ལྕི་བ་ས་ལ་མ་ལྷུང་བ་དང་། བའི་

གཅིན་དུ་བསྲེས་པས་བྱུག་གོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར། དེ་ནས་སྔགས་པས་རྨི་ལམ་བལྟ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ནམ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར། །བདག་ཉིད་ཀུན་དུ་རྩོལ་འབད་པའམ། །

བདག་ཉིད་ལ་ནི་འདི་སྐད་དུ། །སེམས་དཔའ་ཆེན་པོ་བུ་ཁྱོད་ལེགས། །དཀྱིལ་འཁོར་མྱུར་དུ་བྲིས་ཤིག་ཅེས། །སྤྲོ་བ་བསྐྱེད་པ་མཐོང་ཡང་རུང་། །ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་ལྟར་ས་ཡོངས་སུ་གཟུང་བ་བྱས་ནས་སང་ལྟ་བུ་དཀྱིལ་འཁོར་འདྲི་བ་དང་། སློབ་

མ་དེ་དག་ཡོངས་སུ་བརྟགས་ནས་གཟུང་བར་བྱའོ།། །།བམ་པོ་གསུམ་པ། དེ་ལ་སློབ་མ་རྣམས་ཀྱི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ཁྱད་པར་གྱི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། རབ་ཏུ་དབྱེ་བའི་མཚན་ཉིད་དོ། །དེ་ལ་ཁྱད་པར་གྱི་མཚན་

ཉིད་བསྟན་པའི་ཕྱིར། སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་མཚན་ཉིད་འདི་ལྟ་བུ་དང་ལྡན་པ་མང་པོ་མི་སྲིད་པས། བཅུའམ་བརྒྱད་དམ་བདུན་ནམ་ལྔ། །

གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། །ཞེས་གྲངས་ངེས་པ་ཀུན་དུ་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར། གང་དག་གིས་སྔོན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྱོད་པའི་ཚུལ་སྒོ་མཐའ་ཡས་པ་བསྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་དོན་

เล่ม ๖๙ · หน้า 27b

གྱི་ཕྱིར། གྲངས་ཀྱི་ཚད་འདི་བྱས་སོ་ཞེས་བྱ་བ་གསུངས་སོ། །དེ་ལ་སྤྱིའི་མཚན་ཉིད་ནི་ཡོན་ཏན་འདི་ལྟ་བུ་མེད་པ་རྣམས་ཀྱང་དཀྱིལ་འཁོར་དུ་གཟུད་པའི་ཕྱིར་ཡོངས་སུ་གཟུང་བ་གང་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར། འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས། སེམས་

ཅན་གྱི་ཁམས་མ་ལུས་པར་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་གྱུར་པར་བྱ་བའི་ཕྱིར། སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་གཟུང་བར་བྱའོ་ཞེས་བྱ་བ་གསུངས་སོ། །སློབ་མ་རབ་ཏུ་དབྱེ་བའི་མཚན་ཉིད་ཀྱི་དབང་དུ་མཛད་ནས། དུས་

དང་དུས་མིན་བྱེ་བྲག་ལས། །སློབ་མ་རྣམ་བཞིར་ཤེས་བྱ་སྟེ། །གཅིག་ནི་དེ་ཡི་མོད་ལ་བསྒྲུབ། །གཉིས་སུ་བསྒྲུབ་དང་གཉི་གར་མིན། །མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །སློབ་མ་དེ་ནི་རྒྱལ་བའི་མཆོག །ཅེས་བྱ་བ་གསུངས་སོ། །དེ་ལ་གཅིག་ནི་དེའི་མོད་ལ་བསྒྲུབ་ཅེས་

བྱ་བ་ནི། སློབ་མ་དཀྱིལ་འཁོར་མཐོང་བ། བྱང་ཆུབ་ཀྱི་སེམས་གོམས་པ་དང་དུ་གྱུར་པ། སློབ་དཔོན་ལས་ཕྱག་རྒྱ་དང་གསང་སྔགས་མནོས་པ། རྒྱུད་ཐོས་པ་ལས་གསང་སྔགས་སྤྱད་པའི་བྱ་བ་ཆོ་ག་ཤེས་པ་ཞི་བ་ལ་སོགས་པའི་ལས་དང་། དངོས་གྲུབ་མཆོག་ལ་སོགས་པའི་

ལས་ཀྱི་ཆོ་ག་ལ་མཁས་པ་གང་ཡིན་པ་སྟེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ནི་སློབ་དཔོན་གྱི་ཐབས་སུ་སྒྲུབ་པ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་དུ་བཅུག་པའི་ཚེ། མཇུག་ཐོགས་ཁོ་ནར་དབང་བསྐུར་བའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྒྲུབ་ཅིང་རྫོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །

གསང་སྔགས་མནོས་པ་ནི། གསང་སྔགས་རབ་ཏུ་འབྱིན་པས་བཟླས་བརྗོད་བྱེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ལྟ་བས་ན་འདི་ཡང་། དེའི་མོད་ལ་བསྒྲུབ་པར་བྱ་ཞེས་བྱའོ། །གཉིས་སུ་བསྒྲུབ་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མ་གོམས་པ་དཀྱིལ་འཁོར་དུ་བཅུག་ནས་ཕྱིས་བྱང་ཆུབ་

ཀྱི་སེམས་སྒོམ་དུ་བཅུག་སྟེ། ཕྱག་རྒྱ་དང་གསང་སྔགས་བྱིན་ནས། དེ་ཡང་བཟླས་བརྗོད་བྱེད་པ་ཉིད་དུ་བསྒྲུབ་པར་བྱ་སྟེ། དེ་ལྟ་བས་ན་འདི་ནི་དུས་གཉིས་སུ་བསྒྲུབ་པར་བྱ་བ་ཡིན་པས་གཉིས་སུ་བསྒྲུབ་ཅེས་བྱའོ། །ཡང་ན་དེ་ཉིད་རྒྱུད་ཉན་དུ་བཅུག་ནས། བྱ་བའི་ལས་ལ་མཁས་

เล่ม ๖๙ · หน้า 28a

པར་བྱས་ལ་སློབ་དཔོན་དུ་དབང་བསྐུར་ཏེ། སློབ་དཔོན་གྱི་ཐབས་སུ་བསྒྲུབ་པའི་སྒོ་ནས་བསྒྲུབ་པར་བྱ་སྟེ། དེ་ལྟ་བས་ན་འདི་ཡང་དུས་གཉིས་སུ་བསྒྲུབ་པ་ཡིན་ཏེ། དང་པོ་དཀྱིལ་འཁོར་དུ་བཅུག་པའི་དུས་ནི་གཅིག་ཡིན་ལ། དེ་ལས་གཞན་པ་ནི་སློབ་དཔོན་དུ་

དབང་བསྐུར་བའི་དུས་ཡིན་པས། གཉིས་པ་ནི་དུས་སུ་བསྒྲུབ་པར་བརྗོད་པ་ཡིན་ནོ། །གང་ཞིག་བྱང་ཆུབ་ཀྱི་སེམས་གོམས་པ་དང་དུ་མ་གྱུར་པ་དེ་ནི་དང་པོ་དཀྱིལ་འཁོར་དུ་འཇུག་པ་ན་ཡང་ཕྱག་རྒྱ་དང་གསང་སྔགས་ཀྱི་འོས་མ་ཡིན་ལ་ཕྱིས་ཀྱང་བྱང་ཆུབ་ཀྱི་སེམས་གོམས་པར་མི་ནུས་

པའི་ཕྱིར་དང་། དེ་བཞིན་དུ་རྒྱུད་ལ་སོགས་པ་ཐོས་པར་འཛིན་མི་ནུས་པའི་ཕྱིར་གཉིས་ཀར་ཡང་མིན་ཞེས་བྱའོ། །མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །སློབ་མ་དེ་ནི་རྒྱལ་བའི་མཆོག །ཅེས་བྱ་བ་ནི་གང་ཞིག་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་དང་། ཡི་གེ་འཁོར་ལོ་བསྐོར་བ་དང་།

གསང་བའི་དཀྱིལ་འཁོར་གསུམ་ཆར་དུ་དབང་བསྐུར་བ་དེ་ནི་སློབ་དཔོན་གྱི་མཚན་ཉིད་རྣམ་པ་ཐམས་ཅད་དུ་རྫོགས་པར་གྱུར་པ་ཡིན་པས། མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །སློབ་དཔོན་དེ་ནི་རྒྱལ་བའི་མཆོག །ཅེས་བྱའོ། །འདི་ལྟར་སློབ་དཔོན་གྱི་ལམ་ཐབས་ཐོབ་པ་དེ་ལྟ་བུ་ཡང་

བསོད་ནམས་མངོན་པར་འཕེལ་བར་བྱ་བའི་ཕྱིར་དང་། བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར་དང་། སྡིག་པ་རྣམས་ཟད་པར་བྱ་བའི་ཕྱིར། སློབ་དཔོན་གཞན་གྱིས་དཀྱིལ་འཁོར་ལེགས་པར་བྲིས་པ་མཐོང་བར་བྱེད་པས་འདི་ཡང་སློབ་མའི་གྲངས་སུ་འགྲོའོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ།

དེ་སྐད་དུ། ཇི་ལྟ་ཇི་ལྟར་རིག་སྔགས་ཚོགས་ཀྱིས་ནི། །བསྟེན་པའི་དཀྱིལ་འཁོར་བསོད་ནམས་ཅན་མཐོང་བ། །དེ་ལྟ་དེ་ལྟར་རྡོ་རྗེ་རིགས་བསྟེན་པའི། །ལུས་ལ་འདིར་ནི་བྱིན་རླབས་ཀུན་དུ་འཇུག །རྡོ་རྗེའི་ལུས་ནི་རྒྱ་ཆེར་མཐོང་འགྱུར་ནས། །བགེགས་རྣམས་མཐའ་དག་འཇིག་པར་

རབ་ཏུ་འགྱུར། །ཞེས་གསུངས་ཏེ། རྒྱས་པར་ནི་ལག་བཟངས་ཀྱིས་ཞུས་པ་ལས་འབྱུང་ངོ་། །གོ་རིམས་འདི་ནི་དམ་ཚིག་ཅན་རྣམ་པ་ལྔའི་མཚན་ཉིད་བསྟན་པ་ལས་ཁོང་དུ་ཆུད་པར་བྱ་སྟེ། རྒྱུད་འདི་ཉིད་ལས་ཇི་སྐད་དུ། དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་

เล่ม ๖๙ · หน้า 28b

པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང་། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་བཟུང་། །དཀྱིལ་འཁོར་མཐོང་ཞེས་བྱ་བ་འདི། །དམ་ཚིག་ཅན་གཉིས་ཤེས་པར་བྱ། །དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང་། །

ལས་དང་བྱ་བ་ལ་ཡང་སྦྱར། །བླ་མས་ལུང་ནི་མ་བྱིན་པར། །དེ་ཡང་དམ་ཚིག་ཤེས་པར་བཞེད། །ཕྱག་རྒྱ་དཀྱིལ་འཁོར་བྲི་བ་རྣམས། །དེ་ཚེ་ཆོ་ག་བཞིན་དུ་བསྟན། །གསང་བའི་ཡེ་ཤེས་འབྱུང་བ་ཡི། །དབང་བསྐུར་མེད་པའི་སྔགས་པ་ཡིན། །གསང་བའི་དཀྱིལ་འཁོར་

དབུས་སུ་ནི། །སྔགས་པ་ཚུལ་བཞིན་དབང་བསྐུར་བ། །དམ་ཚིག་ཤེས་པ་སྔར་ཤེས་བྱ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །ཞེས་གསུངས་པ་ལྟ་བུའོ། །འདིའི་དོན་བཤད་མ་ཐག་པ་ཁོ་ན་ཡིན་པས་རྣམ་པར་མི་བཤད་དོ། །དེ་ལ་སློབ་མ་སྟ་གོན་དུ་གནས་པ་ནི་རྣམ་པ་དགུ་སྟེ།

འདི་ལྟ་སྟེ། གསུམ་པ་སྐྱབས་སུ་བཏང་བ་དང་། སྡིག་པ་རྣམས་བཤགས་པ་དང་། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་དུ་གཞུག་པ་དང་། སྟ་གོན་དུ་གནས་པར་བྱ་བ་ལ། མེ་ཏོག་དང་དྲི་ལ་སོགས་པ་སྦྱིན་པ་དང་། སོ་ཤིང་བཅའ་བའི་མཚན་མ་བརྟག་

པ་དང་། འཕགས་པ་མི་གཡོ་བ་ལ་སོགས་པ་བཟླས་བརྗོད་བྱས་པའི་སྐུད་པས་བཅིངས་ཏེ་བསྲུང་བའི་སྦྱོར་བ་དང་། སློབ་མ་སྟ་གོན་དུ་གནས་པ་ཡང་དག་པར་དགའ་བར་བྱ་བའི་སྦྱོར་བ་དང་། སྟ་གོན་དུ་གནས་པ་རྣམས་གཉིད་ལ་ཉལ་ཁར་རྨི་ལམ་བཟང་ངན་གྱི་ཁྱད་པར་བརྗོད་པ་དང་།

དེ་དག་ཁོ་ན་ལ་ཆོས་བཤད་པས་སེམས་སྤྲོ་བ་བསྐྱེད་པའོ། །སྟ་གོན་དུ་གནས་པའི་དུས་ན། དགོས་པའི་ཆོ་ག་རྣམ་པ་འདི་དགུ་ཡང་། གསུམ་ལ་སྐྱབས་སུ་གཏང་བར་བྱའོ། །སྡིག་པ་མི་བྱ་བ་རྣམས་ཀྱང་བསྒོ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་

ངག་དང་ཡིད་ཡོངས་སུ་མ་བཏང་བར་བསླབ་པ་འཛིན་པར་མི་བྱེད་དོ་ཞེས་བྱ་བའི་བར་གྱི་གཞུང་འདིས་བསྟན་ཏོ། །དེ་ལ་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་ལ་སྦྱོར་བ་དྲུག་སྟེ། འདི་ལྟ་སྟེ། སློབ་དཔོན་དང་སྲད་བུ་འཛིན་པ་དག་དཀྱིལ་འཁོར་གྱི་ཐིག་གདབ་པར་གསུངས་པའི་ལྷའི་རྣལ་

เล่ม ๖๙ · หน้า 29a

འབྱོར་མངོན་དུ་བྱ་བ་དང་། དཀྱིལ་འཁོར་གྱི་མཚན་བསྟན་པ་དང་། དཀྱིལ་འཁོར་གྱི་ཐིག་གདབ་པའི་རབ་ཏུ་དབྱེ་བ་བསྟན་པ་དང་། དེའི་རིམ་པ་རྣམ་པར་དབྱེ་བ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་དགོད་པ་བརྗོད་པ་དང་། སྒོ་དང་རྟ་བབས་དང་སྒོ་ཁྱུད་

རྣམ་པར་དབྱེ་བའོ། །དེ་ལ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་གྱི་ཐིག་འདེབས་པའི་ཚེ་ནི་དཀྱིལ་འཁོར་གྱི་སློབ་དཔོན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱ་བ་ཁོ་ནར་བསྟན་ཏེ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་གྱི་ཐིག་གདབ་པ་བསྟན་པ་ལས། ཚོན་སྣ་ལྔ་

པའི་སྲད་བུ་ཐོགས་ཏེ། བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་ཞེས་བྱ་བ་གང་རྒྱས་པར་གསུངས་པ་ཡིན་ནོ། །ཡི་གེ་འཁོར་ལོ་སྒྲུབ་པའི་དཀྱིལ་འཁོར་གྱི་ཐིག་གདབ་པ་ནི་ཆོས་ཀྱི་སྐུར་མོས་པས་གདབ་སྟེ། འདི་ལྟར་བདག་ཉིད་གཟོད་མ་ནས་ཞི་བ་

གཉིས་སུ་མེད་པའི་རྣལ་འབྱོར་གྱི་གཟུགས་དེ་བཞིན་གཤེགས་པའི་གཟུགས་སྟོང་པ་ཉིད་ཀྱི་རང་གི་ངོ་བོར་བྱིན་གྱིས་བརླབས་ལ་ཞེས་གང་གསུངས་པ་ཡིན་ནོ། །གསང་བའི་དཀྱིལ་འཁོར་ནི་བདག་ཉིད་རྫོགས་པར་སངས་རྒྱས་པའི་སྐུ་སའི་དཀྱིལ་འཁོར་ལ་སོགས་པ་བཞི་དང་ལྡན་

པས་བྱིན་གྱིས་བརླབས་ལ་བྲི་བ་དང་ཐིག་གདབ་པར་བྱ་སྟེ། ཇི་སྐད་དུ། དང་པོར་སྔགས་པས་དཀྱིལ་འཁོར་དེ། །རང་གི་ལུས་ལ་དགོད་བྱ་སྟེ། །རྐང་པ་ནས་ནི་ཆུ་སོ་ལ། །ཐུག་གི་བར་དུ་ས་ཡི་བསམ། །དེ་ནས་གོང་དུ་སྙིང་གའི་བར། །སྡོམ་བརྩོན་ཅན་གྱིས་ཆུ་ཡི་བསམ། །

ཆུ་ཡི་ཡན་ཆད་མེ་ཡི་སྟེ། །མེ་ཡི་ཡན་ཆད་རླུང་ཡིན་ནོ། །བསམས་ནས་དེ་ནི་མཁས་པ་ཡིས། །ས་ལ་གཟུགས་བརྙན་གཞག་པར་བྱའོ། །ཞེས་གང་གསུངས་པ་ཡིན་ནོ། །སློབ་མ་རྣམས་གཟུང་བའི་ཚེ་ནི། སློབ་དཔོན་གྱི་ཏིང་ངེ་འཛིན་སྔར་བཤད་པ་ཡི་གེ་བཀོད་པའི་

རྣལ་འབྱོར་གྱི་སྒོ་ནས་རྒྱས་པ་དང་། བར་མ་དང་མདོར་བསྡུས་པ་ཁོ་ན་བྱ་བར་ཁོང་དུ་ཆུད་པར་བྱའོ། །དཀྱིལ་འཁོར་གྱི་ཐིག་གདབ་བའི་ཚེ་སློབ་དཔོན་གྱི་ཏིང་ངེ་འཛིན་གྱི་ཁྱད་པར་བཤད་ཟིན་ཏོ། །ད་ནི་དཀྱིལ་འཁོར་གྱི་ཚད་ཀྱི་ཆོ་ག་དཔྱད་པར་བྱ་སྟེ། དེ་ལ་རྒྱུད་འདི་ལས་དཀྱིལ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด