རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན

ชื่อสันสกฤต (อักษรทิเบต ตามตัวบท) བཻ་རོ་ཙ་ན་ཨ་བྷི་སམྦོ་དྷི་ཏནྟྲ་པིཎྜཱརྠ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๙ · หน้า 29b

འཁོར་འདི་གསུམ་ཆར་ཡང་གདན་དང་ར་བའི་རི་མོ་དང་ལྷའི་གཟུགས་དང་། ཕྱག་རྒྱ་རྣམས་ཁྲུ་དང་མཐོ་ལ་སོགས་པའི་གྲངས་ངེས་པ་ཉིད་དུ་མ་བསྟན་གྱི། ཁྲུ་ལ་སོགས་པའི་ཚད་མ་ངེས་པར་ཀུན་དུ་བསྟན་ཏོ། །ཇི་ལྟར་དཀྱིལ་འཁོར་ཆེན་པོ་གཞན་དག་ལས་ར་བའི་རི་མོ་ངེས་

པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་ཆ་ཁྲུ་བདུན་དང་བརྒྱད་ལ་སོགས་པ་ངེས་པར་སྣང་བ་དང་། ཇི་ལྟར་དཀྱིལ་འཁོར་ཆེན་པོ་བཀོད་པ་ལ་སོགས་པའི་རྒྱུད་དག་ལས། ལྷའི་གཟུགས་དང་ཕྱག་རྒྱ་བྲི་བར་བྱ་བ་རྣམས། ཁྲུ་དང་མཐོ་ལ་སོགས་པ་རབ་ཏུ་ཕྱེ་སྟེ་བསྟན་པ་དེ་ལྟར་རྣམ་

པར་སྣང་མཛད་ཀྱི་རྒྱུད་འདི་ལས་ནི། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དག་ཏུ་རྫོགས་པར་བྱང་ཆུབ་པ་རྣམས་ཀྱི་ར་བའི་རི་མོ་དང་། ལྷའི་གཟུགས་དང་། ཕྱག་རྒྱ་བྲི་བར་བྱ་བ་དག་གི་ཚད་ངེས་པར་མ་བསྟན་ཏོ། །དེས་ན་དཀྱིལ་འཁོར་འདི་གསུམ་ནི་ཁྲུ་ལ་སོགས་

པའི་གྲངས་ཀྱི་ཚད་འདི་མ་ངེས་སོ་ཞེས་བྱ་བར་གནས་སོ། །དེ་སྐད་དུ་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བསྟན་པ་ལས། རྣམ་པར་སྣང་མཛད་ཀྱི་གདན་པདྨའི་མཚན་ཉིད་འདི་བཤད་དེ། དེ་ཡི་ཚད་ཀྱང་སོར་བཅུ་དྲུག །ཡན་ཆད་དུ་ནི་བཤད་པ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །

འདིའི་དོན་ནི་རྣམ་པར་སྣང་མཛད་ཀྱི་གདན་པདྨའི་ཚད་སོར་བཅུ་དྲུག་ཡན་ཆད་སོར་བཅུ་བདུན་དང་བཅོ་བརྒྱད་ལ་སོགས་པར་བྱའི། སོར་བཅུ་དྲུག་གི་འོག་མ་གྲངས་བཅུ་བཞི་དང་བཅོ་ལྔ་ལ་སོགས་པའི་མཚན་ཉིད་དུ་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་ན་དཀྱིལ་འཁོར་གསུམ་

ཆར་ལ་ཡང་རྣམ་པར་སྣང་མཛད་ཀྱི་གདན་པདྨ་འབའ་ཞིག་སོར་བཅུ་དྲུག་ལས་མི་ཆུང་བར་བྱའི། དཀྱིལ་འཁོར་གྱི་ལྷའི་བྱེ་བྲག་ལྷག་མ་རྣམས་ཀྱི་གདན་པདྨ་ནི་མ་ངེས་པ་ཁོ་ནར་བཤད་པར་བལྟ་བར་བྱའོ། །དེ་ལྟར་ན་དཀྱིལ་འཁོར་གསུམ་ཆར་ལ་ཡང་སྤྱིར་ལྷའི་གཟུགས་དང་། གདན་དང་

ཕྱག་རྒྱ་རྣམས་ཀྱི་ཚད་ངེས་པ་མེད་པ་ཁོ་ནར་གཞུང་འདིས་བསྟན་ཏེ། ཡིད་ཀྱི་རྒྱ་ནི་ཇི་ཙམ་པ། །སྟན་དང་ཕྱག་རྒྱ་དག་དང་ནི། །ལྷ་ཡི་ཚད་ཀྱང་གོ་རིམས་བཞིན། །དེ་ཙམ་དུ་ནི་ཤེས་པར་བྱ། །ཞེས་གང་གསུངས་པ་ཡིན་ནོ། །ཚུལ་འདིས་ནི་ཡིད་ཀྱི་རྒྱ་ཇི་ལྟ་བར་རྣམ་པར་སྣང་མཛད་ཀྱི་

เล่ม ๖๙ · หน้า 30a

གདན་པདྨའི་སོར་དག་ཇི་ལྟ་ཇི་ལྟར་བསྐྱེད་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་ར་བ་ལ་ལྷའི་གཟུགས་དང་། ཕྱག་རྒྱ་ཚད་མ་ངེས་པ་རྣམས་ཀྱང་རྣམ་པར་སྣང་མཛད་ཀྱི་གདན་པདྨའི་རྗེས་སུ་མཐུན་པར་མངོན་པར་བསྐྱེད་པར་བྱའོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །སྙིང་རྗེ་

ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་ལ་སོགས་པ་འདི་ནི་སྐུ་མི་ཟད་པ་ལ་སོགས་པ་བཀོད་པ་བསྡུས་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ལ་དཀྱིལ་འཁོར་གྱི་ཐིག་གདབ་པ་ནི་ཚོན་སྣ་ལྔ་པའི་སྲད་བུ་རྣམ་པ་གཉིས་སུ་བསྟན་ཏེ། འདི་ལྟ་སྟེ། བར་སྣང་ལ་རང་བཞིན་གྱི་དཀྱིལ་འཁོར་གྱི་ཐིག་

གདབ་པ་དང་། ས་ལ་དེའི་གཟུགས་བརྙན་དུ་གྱུར་པ་བྱིན་གྱིས་བརླབ་པའི་དཀྱིལ་འཁོར་གྱི་ཐིག་གདབ་པ་སྟེ། སྲད་བུ་རྣམ་པ་བཞིར་བཤད་དེ། །དཀར་པོ་སེར་པོ་དམར་པོ་དང་། །ནག་པོ་ཞེས་ནི་བརྗོད་པར་བྱའོ། །སྔ་མ་ནམ་མཁའ་ལྟ་བུར་བཤད། །བར་སྣང་ལ་ནི་བཟུང་བས་སུ། །

དེར་ནི་དཀྱིལ་འཁོར་བརྟག་པར་བྱ། །སྲད་བུ་དག་ནི་གཉིས་པ་ཡིས། །ས་ལ་དཀྱིལ་འཁོར་དགོད་པར་བྱ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལ། བར་སྣང་ལ་ནི་བཟུང་ནས་སུ། །ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དུ་ཚོན་སྣ་ལྔའི་སྲད་བུ་བསྐོར་ནས་བར་སྣང་

ལ་ཚངས་པའི་སྲད་བུའི་ཆོ་གས་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །སྲད་བུ་དག་ནི་གཉིས་པ་ཡིས། །ཞེས་བྱ་བ་ནི་ཚོན་སྣ་ལྔ་པའི་སྲད་བུ་དག་གིས་བར་སྣང་གི་དཀྱིལ་འཁོར་གྱི་ཐིག་གདབ་པའི་སྲད་བུ་དེ་ཉིད་ཀྱིས་སའི་དཀྱིལ་འཁོར་གྱི་ཐིག་གདབ་པར་མི་བྱ་སྟེ། རྒྱུ་

དེ་ནི་དཀྱིལ་འཁོར་གཞན་དུ་སྤྱད་ཟིན་པ་ཉིད་ཀྱིས་དམན་མ་དང་འདྲ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །གཤེར་ཐིག་ནི་མཚན་ཉིད་མ་བསྟན་ཀྱང་། ཁ་དོག་འཆོལ་པ་ཡོངས་སུ་སྤང་བའི་ཕྱིར། དཀར་པོ་ཁོ་ནར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལ་འདི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་

སོགས་པའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་བཤད་པ་ཡིན་ཏེ། འདི་ལ་ཡང་ཐིག་ནི་རྣམ་པ་གཉིས་སོ། །གཅིག་ནི་བར་སྣང་གི་དཀྱིལ་འཁོར་རྣམ་པར་དབྱེ་བའི་ཐིག་ཡིན་ཏེ། གང་གི་དབང་དུ་མཛད་ནས། ཤར་ཕྱོགས་སྲད་བུ་བྲེ་བ་ནི། །ལྟེ་བའི་ཐད་ཀར་བཟུང་ནས་སུ། །བར་

เล่ม ๖๙ · หน้า 30b

སྣང་ལ་ནི་གཟུང་བར་བྱའོ། །དེ་ནས་ལྷོ་ཕྱོགས་སོང་ནས་སུ། །བྱང་ཕྱོགས་སུ་ནི་བྲི་བར་བྱ། །ཞེས་གསུངས་པ་ཡིན་ནོ། །འདིའི་དོན་ནི་དཀྱིལ་འཁོར་གྱི་ཐིག་གི་ཐོག་མ་གཉིས་སློབ་དཔོན་རང་གི་ལྟེ་བའི་ཐད་ཀར་དང་ཐིག་འཛིན་པར་བྱེད་པའི་ལྟེ་བའི་ཐད་ཀར་བཟུང་ནས་མྱུར་དུ་བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་སྐུ་མི་ཟད་པ་ལ་སོགས་པ་བཀོད་པའི་མཚན་ཉིད་བསམས་ནས། ཕྱིས་དེ་གསལ་བའི་ཕྱིར་ས་ལ་ཚོན་སྣ་ལྔ་པའི་སྲད་བུ་གཞན་གྱིས་དེའི་གཟུགས་བརྙན་དུ་གྱུར་པ་ནི་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ་

ཞེས་བྱ་བ་ཡིན་ནོ། །དེ་ལ་ཡང་དང་པོ་ཁོ་ནར་དཀྱིལ་འཁོར་གྱི་སའི་དབུས་སུ་གཏན་ལ་དབབ་པའི་ཕྱིར་ཚངས་པའི་སྲད་བུའི་ཆོ་ག་བསྟན་པ་འདི་ལྟ་སྟེ། དེ་ནས་སྲད་བུ་གཉིས་པ་ནི། །རང་གིས་བླངས་ནས་དེ་ཉིད་དུ། །དེ་བཞིན་གཤེགས་པ་རྗེས་དྲན་ཞིང་། །ཤར་ཕྱོགས་

བལྟས་ཏེ་བྲི་བར་བྱ། །དེ་ནས་ལྷོ་ཕྱོགས་སོང་ནས་ནི། །བྱང་ཕྱོགས་སུ་ནི་བྲི་བར་བྱ། །ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་ཀུན་ནས་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ་བ་དེ་སྟོན་ཏོ། །བློ་ཅན་དེ་ནས་སླར་ལོག་ནས། །བདེན་བྲལ་ཕྱོགས་སུ་གནས་ནས་ནི། །བྱང་ཕྱོགས་སུ་ནི་བྲི་བར་

བྱ། །དེ་ནས་གཡས་སུ་བསྒྱུར་བར་བྱ། །བསྒྱུར་ཏེ་དེ་རུ་འདུག་ནས་ནི། །ལྷོ་ཡི་ཕྱོགས་སུ་བྲི་བར་བྱ། །དེ་ནས་གནས་དེ་བཏང་ནས་སུ། །མེ་ཡི་ཕྱོགས་སུ་གནས་ནས་ནི། །སྔགས་པར་གསང་སྔགས་ཆོ་གར་གནས། །ཤར་དུ་སྲད་བུ་བྲེ་བར་བྱ། །དེ་ནས་དེ་བཞིན་དབང་ལྡན་ཕྱོགས། །

སོང་ནས་ནུབ་ཏུ་ཁ་བལྟས་ཏེ། །རླུང་གི་ཕྱོགས་ཀྱི་བར་དུ་ནི། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །སྔགས་པ་ཡིས་ནི་དེ་ལྟ་བུར། །ཀུན་ནས་གྲུ་བཞི་ལྷམ་པ་བྱ། །ཞེས་བྱ་བ་ཡིན་ནོ། །ད་ནི་ཆའི་སྒོ་ནས་དཀྱིལ་འཁོར་གྱི་གནས་སུ་གྲུ་བཞིར་བྱས་པ་ལ། དེའི་ནང་དུ་རིམ་པ་གསུམ་གྱིས་

ཆར་བརྟག་པར་བྱའོ་ཞེས་སྟོན་ཏེ། དེ་ནས་དབུས་སུ་ཞུགས་ནས་ནི། །དེ་ལ་ཆ་ནི་གསུམ་དུ་བརྟག །ཅེས་བྱ་བ་ཡིན་ནོ། །དེ་ལ་དཀྱིལ་འཁོར་གྱི་སའི་ཆ་གསུམ་དུ་བརྟག་པའི་རིམ་པ་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་སའི་ཐིག་གིས་ཀུན་ནས་གྲུ་བཞིར་བྱས་པའི་ནང་དུ་ངོས་གཉིས་

เล่ม ๖๙ · หน้า 31a

ནས་རི་མོ་བརྒྱད་བརྒྱད་ཀྱིས་ཡོངས་སུ་བཅད་ལ་རེའུ་མིག་བརྒྱད་ཅུ་རྩ་གཅིག་ཏུ་བྱའོ། །རེའུ་མིག་དེ་དག་ཀྱང་ཆ་གསུམ་བྱས་ནས་ཆ་རེ་རེ་ལ་རེའུ་མིག་ཉི་ཤུ་རྩ་བདུན་དུ་འགྱུར་རོ། །དེའི་ཕྱིར་དཀྱིལ་འཁོར་གྱི་རིམ་པ་རེ་རེ་ལ་རེའུ་མིག་ཉི་ཤུ་རྩ་བདུན་དག་ཏུ་

བསྒྲུབ་པར་བྱའོ་ཞེས་བྱ་བར་གནས་སོ། །དེ་ལ་རེའུ་བསྒྲེངས་པ་ངོས་བཞི་ན་གནས་པ་དང་པོས་དཀྱིལ་འཁོར་གྱི་རིམ་པ་དང་པོ་བྱའོ། །རེའུ་མིག་གི་ཕྲེང་བ་དང་པོ་ངོས་བཞི་ན་གནས་པ་དེ་ཡང་བགྲང་ན་རེའུ་སུམ་ཅུ་རྩ་གཉིས་སུ་འགྱུར་ཏེ། དེའི་ཕྱིར་འདི་ལ་རེའུ་མིག་ལྔ་ལྷག་པར་

གྱུར་ཏོ། །སྔར་ནི་རིམ་པ་གསུམ་རེའུ་མིག་ཉི་ཤུ་རྩ་བདུན་དག་ཏུ་ཤེས་པར་བྱའོ་ཞེས་བཤད་དེ། དེའི་ཕྱིར་རེའུ་ལྔ་པོ་འདི་དག་གིས་སའི་ཆ་དང་ནང་རོལ་གྱི་རིམ་པ་དག་ཏུ་འབྲེལ་པར་མངོན་ཏེ། འདི་ལྟར་རེའུ་ལྔ་པོ་འདི་དག་མེད་པར་ནང་རོལ་གྱི་རིམ་པ་དག་རེའུ་ཉི་ཤུ་རྩ་བདུན་

དུ་མི་འགྱུར་རོ། །དེའི་ཕྱིར་རེའུ་ལྔ་པོ་འདི་དག་རྣམས་ཀྱིས་སའི་ཆ་རིམ་པ་དང་པོའི་རེའུ་དག་གི་ནང་ནས་ཀུན་ནས་དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་སར་བསྣན་པར་བྱའོ། །དེའི་རིམ་པ་ཡང་འདི་ཡིན་ཏེ། རེ་ཞིག་དང་པོ་རེའུ་བཞི་ལས་རེའུ་རེ་རེ་ཞིང་ཆ་བརྒྱད་བརྒྱད་དུ་བྱས་

ནས་རེའུ་བཞི་པོ་འདི་དག་ཆ་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །དེའི་ཕྱིར་རིམ་པ་དང་པོའི་རེའུ་བསྒྲེངས་པ་སུམ་ཅུ་རྩ་གཉིས་དག་ལས་ཆ་རེ་རེ་ཞིག་ཀུན་ནས་དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུའི་ས་དག་ཏུ་བསྣན་པར་བྱའོ། །དེ་ལྟར་ན་རིམ་པ་དང་པོའི་རེའུ་བསྒྲེངས་པ་དག་ལས་རེའུ་

བཞི་ཀུན་དུ་དྲངས་པར་འགྱུར་རོ། །རེའུ་ལྔ་པ་གང་ཡིན་པ་དེ་ཡང་ཆ་བཞིར་བྱས་ལ། ཆ་རེ་རེ་ལ་ཡང་བརྒྱད་བརྒྱད་དུ་བྱས་ན། སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །དེའི་ཕྱིར་འདིར་ཡང་སྔ་མ་བཞིན་དུ་རིམ་པ་དང་པོའི་རེའུ་བསྒྲེངས་པ་ཕྱོགས་བཞི་ན་གནས་པ་དག་ལ་ཆ་རེ་རེ་ཞིག་ཀུན་ནས་

དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུའི་ས་དག་ཏུ་ཀུན་ནས་བསྣན་པར་བྱའོ། །དེ་ལྟར་ན་རེའུ་ལྔ་པོ་འདི་ཡང་རིམ་པ་དང་པོའི་རེའུ་བསྒྲེངས་པ་དག་ལས་ཀུན་ནས་དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུ་མིག་དག་ཏུ་ཀུན་ནས་བསྣན་པར་འགྱུར་རོ། །དེ་ལྟར་ན་རིམ་པ་དང་

เล่ม ๖๙ · หน้า 31b

པོའི་རེའུ་མིག་གི་ས་ཉི་ཤུ་རྩ་བདུན་དག་ཏུ་བྱས་པར་འགྱུར་རོ། །དེ་ལྟར་རིམ་པ་དང་པོའི་ལས་དྲངས་པའི་རེའུ་ལྔ་པོ་ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུ་ས་དག་ཏུ་བསྣན་པ་དག་གིས་རིམ་པ་གཉིས་པོ་དེ་རེའུ་ས་ཉི་ཤུ་རྩ་བདུན་དག་ཏུ་མཉམ་པར་འགྱུར་མོད་ཀྱི། འོན་ཀྱང་རེའུ་བགོ་བ་སྔ་མ་དང་

སྦྱར་ན་ནང་རོལ་གྱི་རིམ་པ་གཉིས་པོ་འདི་བྱར་མི་རུང་སྟེ། དེ་ལྟ་བས་ན་ནང་རོལ་གྱི་རིམ་པ་གཉིས་རྣམ་པར་དབྱེ་བའི་ཕྱིར། རིམ་པ་དང་པོའི་རེའུའི་ས་ཀུན་ནས་དྲངས་པ་གང་ཡིན་པ་དེ་དག་ཐམས་ཅད་ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུ་མིག་དང་བཅས་ཏེ་ཅིག་ཅར་ཕྱིས་ནས་ནང་གི་ཆ་དང་

གཅིག་ཏུ་བྱས་ལ་ཡང་རི་མོ་དྲུག་པ་དག་གིས་ཀུན་ནས་ཡོངས་སུ་བཅད་དེ། རེའུ་བཞི་བཅུ་རྩ་དགུ་པར་ཐིག་གདབ་པར་བྱའོ། །དེའི་ཕྱིར་རིམ་པ་དང་པོ་དང་ཉེ་བའི་ཕྱོགས་བཞིར་ཡང་རེའུ་བསྒྲེངས་པ་དག་གིས་རེའུ་ཉི་ཤུ་རྩ་བཞིར་འགྱུར་ཏེ། དེ་དག་གིས་རིམ་པ་གཉིས་པ་བརྟག་པར་

བྱའོ། །དེའི་ནང་རོལ་ན་ལྷག་མ་ཉི་ཤུ་རྩ་ལྔ་ཞིག་ལུས་གང་དག་ཡིན་པ་དེ་དག་གི་ནང་ནས་རེའུ་ཉི་ཤུ་རྩ་བཞི་ནང་རོལ་གྱི་རིམ་པ་གསུམ་པ་བྱའོ། །འདིར་ཡང་རེའུ་ཉི་ཤུ་རྩ་ལྔ་པ་གང་ཡིན་པ་དེའི་ཕྱེད་རིམ་པ་དབུ་མ་ཁོ་ནར་བཞག་ལ། ཆེད་གཞན་གང་ཡིན་པ་དེ་ཆ་བཅུ་དྲུག་ཏུ་བྱ་སྟེ།

དེའི་ཆ་རེ་རེའི་ཚད་དུ་ནི་རིམ་པ་དབུ་མ་དང་འབྲེལ་པའི་རེའུ་བཅུ་དྲུག་ངོས་བཞི་ན་གནས་པ་ལས་ཆ་རེ་རེ་ཞིག་ཀུན་ནས་དྲངས་ཏེ་རིམ་པ་གཉིས་པའི་རེའུ་མིག་གི་ས་ཕྱོགས་བཞི་ན་གནས་པ་དག་ཏུ་ཡང་བསྣན་པར་བྱའོ། །དེ་ལྟར་ན་རིམ་པ་གཉིས་པ་དང་གསུམ་པ་ནི་སོ་སོར་རེའུ་ས་ཉི་ཤུ་རྩ་

ཕྱེད་དང་ལྔ་དག་ཏུ་བྱས་པར་འགྱུར་རོ། །དེ་ལྟ་བས་ན་དེ་ལྟར་རིམ་པ་གསུམ་ཆར་ཡང་ཆུ་དང་ཞིང་གི་ཚད་དག་གིས་སོ་སོའི་རེའུའི་ས་ཉི་ཤུ་རྩ་བདུན་དག་ཏུ་ཀུན་ནས་ཆ་མཉམ་པར་ཐིག་གདབ་པར་འགྱུར་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེའི་རྗེས་ལ་ཕྱོགས་བཞི་ཆར་དུ་ཡང་རིམ་པ་རེ་རེ་ཞིང་

ཆུ་དང་ཞེང་གི་ཚད་དག་ལས་ཐིག་གིས་ཆ་མཉམ་དུ་བྱ་སྟེ། རིམ་པ་རེ་རེ་ཞིང་ཆ་རེ་རེ་འཁོར་སར་བྱའོ། །ལྷག་མ་རིམ་པ་རེ་རེ་ཞིང་ཆ་གཉིས་ལུས་པ་གང་ཡིན་པ་དེ་ནི། སོ་སོ་རང་རང་གི་ལྷ་རྣམས་ཀྱི་གནས་སུ་བརྟག་པར་བྱ་སྟེ། རེ་ཞིག་འདི་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ལས་སྙིང་

เล่ม ๖๙ · หน้า 32a

རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་རིམ་པ་གསུམ་ཆར་ཡང་སོ་སོར་ཆུ་དང་ཞེང་གི་ཚད་དག་གིས་མཉམ་པར་བརྟག་པར་བཤད་པ་ཡིན་ནོ། །གསང་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་མ་བཤད་པ་ཐམས་ཅད་བསྡུས་པར་གྱུར་པ་ལས་

ནི་རིམ་པ་དང་པོ་ལྷག་པར་བྱ་བར་གསུངས་ཏེ། འདི་ལྟར་དེ་ལས་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་འདི་སྐད་དུ། དཀྱིལ་འཁོར་ཡང་དག་པར་བསྡུ་བར་བྱ་བ་ལ་ཡང་རིམ་པ་གཉིས་སམ་གསུམ་མམ་བཞི་ཡང་རུང་། རིམ་པ་མང་པོ་ཡང་རུང་སྟེ། ཕྱི་རོལ་གྱི་རིམ་པ་གང་ཡིན་

པ་དེ་ནི་རྒྱ་ཆེ་བ་དང་། སྒོ་གཅིག་པར་རབ་ཏུ་བརྟག་པར་བྱའོ་ཞེས་གསུངས་སོ། །དེ་ཡང་ཇི་ལྟར་འགྱུར་ཞེ་ན། གོང་དུ་བཤད་པའི་ལུགས་སུ་རེའུ་གཅིག་པོ་འདི་ཁོ་ན་རིམ་པ་དང་པོ་ལས་ཀུན་དུ་དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་སར་མ་བསྣན་ན་དེ་ལྟར་ན་རིམ་པ་དང་པོ་འདི་

ནང་རོལ་གྱི་རིམ་པ་གཉིས་པས་རེའུ་ས་གཅིག་གིས་ལྷག་པར་འགྱུར་རོ། །དེ་ལྟར་ན། དེ་ནས་དབུས་སུ་ཞུགས་ནས་སུ། །དེ་ལ་ཆ་ནི་གསུམ་དུ་བརྟག །ས་རྣམས་ཐམས་ཅད་ཀུན་དུ་ཡང་། །ཆ་གསུམ་དག་ཏུ་བརྟགས་ནས་ནི། །ཆ་རྣམས་ཀྱང་ནི་རེ་རེ་ལ། །ཆ་གསུམ་དག་ཏུ་རབ་ཏུ་

བརྟག །ཅེས་བྱ་བ་གསུངས་པ་གང་ཡིན་པ་དེ་གསལ་བ་ཡིན་ཏེ། འདི་ནི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་། རིམ་པར་དབྱེ་བ་སྤྱིའི་ཡིན་པར་རིག་པར་བྱའོ། །དེ་ལ་གོང་དུ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་གྱི་སྐུ་བཀོད་པ་མི་

ཟད་པའི་མཛོད་རྣམ་པར་བསྒྱིངས་པ་བྱིན་གྱིས་རློབ་པར་འགྱུར་བ་ཡིན་ནོ། །ཡི་གེ་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་ནི་གསུང་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་བྱིན་གྱིས་རློབ་པ་ཡིན་ནོ། །གསང་བའི་དཀྱིལ་འཁོར་ནི་ཐུགས་བཀོད་པ་མི་ཟད་པའི་མཛོད་རྣམ་པར་

བསྒྱིངས་པ་བྱིན་གྱིས་རློབ་པར་འགྱུར་བ་ཡིན་པར་རིག་པར་བྱའོ་ཞེས་བཤད་དོ། །དེ་ལ་དཀྱིལ་འཁོར་གསུམ་ཆར་ལ་ཡང་ཕྱག་རྒྱའི་གཟུགས་གྲུ་གསུམ་བྲི་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ལ་རྣམ་པར་ཞུགས་པ་ཐམས་ཅད་ཡིན་ཏེ། སྙིང་པོ་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་

เล่ม ๖๙ · หน้า 32b

པས་མཚན་པ་རྣམ་པར་ཐར་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོད་པ་མེད་པ་དང་གསུམ་སྟོན་པར་བྱེད་པ་དང་། གྲུ་གསུམ་པར་བྱིན་གྱིས་རློབ་པ་གྲུ་གསུམ་དག་ཏུ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་སྙིང་རྗེ་ཆེན་པོ་ཅན་གྱི་དཀྱིལ་འཁོར་དུ་ནི་བཅོམ་ལྡན་འདས་

རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་རྟོགས་པའི་ཚེ་བརྙེས་པ་གནས་གྱུར་པའི་སྐུ་དང་རང་གི་སྐུའི་ཁྱད་པར་རིགས་གསུམ་དུ་སྣང་བ་འཇིག་རྟེན་དབང་ཕྱུག་དང་། རྡོ་རྗེ་འཛིན་པ་ལ་སོགས་པའི་མཚན་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དེ་ལྟ་བུ་དག་དང་

ཐབས་ཅིག་ཏུ་ནང་གི་དཀྱིལ་འཁོར་ན་རྣམ་པར་བཞུགས་སོ། །འཇིག་རྟེན་དབང་ཕྱུག་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་སྙིང་པོའི་དཀྱིལ་འཁོར་ན་གནས་པ་རྣམས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཡིན་པར་ཡང་འདི་ལས་གོང་དུ་འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར་བསྐྱེད་

པ་རྣམས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ས་བཅུ་པའི་བར་ལ་གནས་པ་འདི་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་དང་། ལས་ཀྱི་ཚེ་བཀག་པ་རྣམས་ལ་ཡང་སྲིད་པའི་མྱུ་གུ་མངོན་པར་གྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང་། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་

དང་། ཕྱག་ན་པདྨའི་ལུས་འདྲ་བ་དང་ཕྱོགས་བཅུ་ན་གསང་སྔགས་ཀྱི་ཚུལ་གྱི་ཚིག་རྣམ་པར་དག་པའི་ཚིག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་བྱ་བའི་གཞུང་འདིས་ཡོངས་སུ་བསྟན་ཏོ། །རིམ་པ་གཉིས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྤྲུལ་པའི་སྐུ་བཅོམ་ལྡན་འདས་

ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའི་ལྷ་དག་དང་ཐབས་ཅིག་ཏུ་རྣམ་པར་བཞུགས་སོ། །རིམ་པ་གསུམ་པ་ན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྐུ་ལ་སོགས་པ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་རྫོགས་པར་

བྱང་ཆུབ་པའི་གནས་སྐབས་ན་བརྙེས་པ་དང་དེ་བཞིན་དུ་སེམས་ཅན་གྱི་དོན་གྱི་ཐབས་སྒོ་དུ་མ་ལྟ་བ་དང་མཉམ་པའི་ཕྱིར་ཡང་དག་པར་ལྷགས་པ་བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དག་སྐུ་སྣ་ཚོགས་སུ་སྣང་བ་ཁོ་ནར་རྣམ་པར་བཞུགས་པར་ཤེས་པར་

เล่ม ๖๙ · หน้า 33a

བྱའོ། །དེ་བཞིན་དུ་ཡི་གེའི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དང་། གསང་བའི་དཀྱིལ་འཁོར་དུ་ཡང་ལྷ་དགོད་པའི་རིམ་པ་ནི་འདི་ཁོ་ནར་ཟད་དོ། །འོན་ཀྱང་འདི་ལས་ཡི་གེའི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ནི་གསུང་བཀོད་པ་མི་ཟད་པའི་མཛོད་བྱིན་གྱིས་

རློབ་པ་ཡིན་པར་བསྟན་ཏེ། འདི་ལྟར་འདི་ལས་དཀྱིལ་འཁོར་གྱི་ལྷ་དེ་དག་ཉིད་གསུང་བྱིན་གྱིས་རློབ་པར་གྱུར་པ་ས་བོན་གྱི་ཡི་གེ་དེ་དག་ཉིད་ཏིང་ངེ་འཛིན་སྟོན་པར་བྱེད་པ་རྣམས་སུ་དགོད་པར་བསྟན་ཏོ། །འདི་ལས་དཀྱིལ་འཁོར་གྱི་ལྷ་རྣམས་ས་བོན་དག་གམ། ཕྱག་རྒྱ་དག་ཏུ་དགོད་

པར་བྱའོ་ཞེས་གསུངས་པ་གང་ཡིན་པ་དེར་ཡང་དགོངས་པ་ནི་འདི་ཡིན་ཏེ། རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དེ་དག་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡེ་ཤེས་ཀྱི་མཚན་མར་གྱུར་པ་ཡིན་ལ་ཡེ་ཤེས་ཀྱི་དབང་གིས་ཀྱང་གདུལ་བ་རྣམས་ལ། །ལྷའི་སྐུ་དང་གསུང་དང་ཐུགས་དག་ཏུ་སྣང་ངོ་། །དེའི་

ཕྱིར་དངོས་སུ་ན་ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བས། ཡེ་ཤེས་གང་ཡིན་པ་དེ་སྐུ་དང་གསུང་ཡིན་ཏེ། ཡེ་ཤེས་ཀྱི་མཚན་མ་དེས་གསུང་གི་མཚན་མར་ཡང་མཚོན་པར་གྱུར་པས་ཉེས་པ་མེད་དོ། །དེ་བཞིན་དུ་གསང་བའི་དཀྱིལ་འཁོར་དུ་ནི་དཀྱིལ་འཁོར་གྱི་ལྷ་དེ་དག་ཉིད་ཀྱི་ཐུགས་བཀོད་པ་མི་

ཟད་པའི་མཛོད་བྱིན་གྱིས་རློབ་པར་འགྱུར་བ། རལ་གྲི་དང་པདྨ་དང་རྡོ་རྗེ་ལ་སོགས་པ་ཕྱག་རྒྱའི་ཁྱད་པར་མེ་དང་རླུང་དང་ས་དང་ཆུའི་དཀྱིལ་འཁོར་ལ་གནས་པ་དག་ཏུ་དགོད་པར་རིག་པར་བྱའོ། །སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་འདི་དག་གསུམ་ཆར་ལ་ཡང་རིམ་པ་རེ་རེ་

ཞིང་སྒོ་རེ་རེ་ཁོ་ནར་བསྟན་ཏེ། དེ་ལ་ནང་གི་དཀྱིལ་འཁོར་གྱི་སྒོའི་ནང་གི་ཕྱག་རྒྱ་ནི་རྣམ་པར་སྣང་མཛད་ཀྱི་པདྨའི་ཚད་དུ་བྱའོ། །དཀྱིལ་འཁོར་གྱི་རིམ་པ་གཉིས་པ་དང་གསུམ་པའི་སྒོ་ནི་དེ་དང་འཚམ་པར་རིམ་གྱིས་ཅུང་ཟད་ལྷག་པར་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། དང་པོའི་སྒོ་ནི་སྙིང་པོ་ཡི། །

དཀྱིལ་འཁོར་དང་ནི་མཉམ་ཞེས་བྱ། །འཇིགས་མེད་དག་གི་རིམ་གྱིས་ནི། །བསྐྱོད་དེ་དེ་ལས་ལྷག་ཅེས་བྱ། །ཞེས་གང་གསུངས་པ་ཡིན་ནོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཡང་ཕྱོགས་བཞི་ཆར་དུ་ཡང་རྟ་བབས་བྲི་བའམ་ཤིང་ལ་སོགས་པའི་རྒྱུ་ལས་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་

เล่ม ๖๙ · หน้า 33b

གྱི་ཕྱི་རོལ་ཉིད་དུ་རྟ་བབས་དང་འབྲེལ་པའི་སྒོ་ཁྱུད་དག་བྲི་བར་བྱའོ། །དེ་བཞིན་དུ་གཞན་ཡང་། བློ་དང་ལྡན་པས་ཕྱོགས་བཞི་རུ། །སོ་སོའི་ཕྱོགས་དེར་སྒོ་ཁྱུད་ནི། །སྡོམ་བརྩོན་ཅན་གྱིས་ནན་ཏན་དུ། །ལྷ་རྣམས་གཙོ་བོའི་གནས་སུ་བྱ། །ཞེས་གང་གསུངས་པ་དང་། འདི་

གསུམ་ཆར་གྱི་ཡང་ཚད་བསྟན་པའི་ཕྱིར། རྟ་བབས་རྣམས་ཀྱི་ཚད་ཀྱང་ནི། །དཀྱིལ་འཁོར་དབུ་མ་དང་མཉམ་མོ། །སྒོ་ཁྱུད་དག་ཀྱང་དེ་དང་མཉམ། །པདྨ་སོར་བཅུ་དྲུག་ཏུ་བཤད། །ཅེས་བྱ་བ་གསུངས་ཏེ། འདིའི་དོན་ནི་རྟ་བབས་དག་དང་། སྒོ་ཁྱུད་ཀྱི་ཚད་རིམ་པ་དབུ་མའི་

སྣམ་བུ་གཅིག་གི་ཞེང་གི་ཚད་དུ་བྱ་བ་ཡིན་ནོ། །དེ་བཞིན་དུ། པདྨ་སོར་བཅུ་དྲུག་ཏུ་བཤད། །ཅེས་བྱ་བ་འདིའི་དོན་ནི་རྣམ་པར་སྣང་མཛད་ཀྱི་པདྨའི་རྒྱར་སོར་བཅུ་དྲུག་ཏུ་བཤད་ལ། སྒོ་ཁྱུད་དག་ནི་ཕྱོགས་བཞིར་པདྨ་སོར་བཅུ་དྲུག་པ་དེ་ཡང་ཚད་མ་ངེས་པ་ཁོ་ནར་བྱའོ་སྙམ་དུ་

དགོངས་པ་ཡིན་ནོ། །གང་ཡང་ཕྱོགས་ཆ་ཕྱོགས་ཆར་ལྷ་གཙོ་བོ་རྣམས་ཀྱི་སྒོ་ཁྱུད་དག་བྱའོ་ཞེས་བཤད་པ་འདིའི་དོན་ནི་ལྷའི་སྟན་པདྨ་དེ་དག་གི་ཡང་སྒོ་ཁྱུད་དུ་བྱ་སྟེ། འོན་ཀྱང་ངོས་གཅིག་ཁོ་ནར་སྒོ་ཁྱུད་གཅིག་ཁོ་ན་ཞིག་བྱའོ་སྙམ་དུ་དགོངས་པ་འདི་ཡིན་ནོ། །དེ་ལ་དབུས་ཀྱི་དཀྱིལ་

འཁོར་དུ་ནི་རྣམ་པར་སྣང་མཛད་ཀྱི་གདན་པདྨའི་སྒོ་ཁྱུད་དག་ཁོ་ནར་ནང་དུ་ཕྱོགས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་། འཇིག་རྟེན་དབང་ཕྱུག་དང་རྡོ་རྗེ་འཛིན་དག་དགོད་པར་བྱའོ། །རིམ་པ་གཉིས་པར་ནི། དཀྱིལ་འཁོར་དབུ་མའི་ཁྱམས་དང་འབྲེལ་

པའི་སྒོ་ཁྱུད་དག་བྱ་སྟེ། དེར་ཤར་ཕྱོགས་སུ་ནི་ཤཱཀྱ་ཐུབ་པའི་རྒྱལ་པོ་དགོད་པར་བྱ་སྟེ། དེ་བཞིན་དུ་བྱང་ཕྱོགས་སུ་ནི་ལྷའི་རྒྱལ་པོའོ། །ལྷོ་ཕྱོགས་སུ་ནི་གཤིན་རྗེ་དགོད་པར་བྱའོ། །དེ་བཞིན་དུ་རིམ་པ་གཉིས་པ་དང་འབྲེལ་པའི་ཤར་ཕྱོགས་ལ་སོགས་པའི་སྒོ་ཁྱུད་དག་ཏུ་

བཅོམ་ལྡན་འདས་འཇམ་དཔལ་དབྱངས་ལ་སོགས་པའི་དཀྱིལ་འཁོར་གསུམ་པའི་བདག་པོ་ལྷ་གཙོ་བོའི་རང་བཞིན་ཅན་བཞི་ཕྱོགས་བཞིར་དགོད་པར་བྱའོ། །ད་ནི་དཀྱིལ་འཁོར་གྱི་ཐིག་གདབ་པའི་འོག་ཏུ་དཀྱིལ་འཁོར་གྱི་ཚོན་དགྱེ་བར་བྱའོ། །དེའི་ཡན་ལག་ནི་ལྔ་སྟེ། འདི་ལྟ་སྟེ། སློབ་

เล่ม ๖๙ · หน้า 34a

དཔོན་གྱིས་ཚོན་བྱིན་གྱིས་བརླབ་བའི་ཏིང་ངེ་འཛིན་བསྟན་པ་དང་། ཚོན་བྱིན་གྱིས་བརླབ་པའི་ཆོ་ག་དང་། ཚོན་དགྱེ་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་གྱི་ཚོན་དཀར་པོ་ལ་སོགས་པའི་ར་བའི་རིམ་པ་བསྟན་པ་དང་། ཚོན་དགྱེ་བའི་ཐབས་སོ། །དེ་ལ་ཚོན་བྱིན་

གྱིས་བརླབ་པའི་ཏིང་ངེ་འཛིན་ནི། བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་ཏེ། དེ་ནས་ཡང་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་གང་

གསུངས་པ་ཡིན་ནོ། །དེ་ལ་ཚོན་བྱིན་གྱིས་བརླབ་པ་ནི་ཚོན་དཀར་པོ་ནི་ར་ཞེས་བྱ་བ་བཀོད་ནས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །ཚོན་དམར་པོ་ནི་ཨཾ་ཞེས་བྱ་བ་བཀོད་ནས་རྫོགས་པའི་སངས་རྒྱས་ཐུབ་དཀའ་བའི་ངོ་བོ་ཉིད་དུའོ། །ཚོན་སེར་པོ་ནི་ཡི་གེ་ཀ་ཞེས་བྱ་བ་

བཀོད་ནས་གསེར་ཐུབ་ཀྱི་ངོ་བོ་ཉིད་དུའོ། །ཚོན་ལྗང་གུ་ནི་བ་ཞེས་བྱ་བ་བཀོད་ནས་ཐུབ་པ་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་ངོ་བོ་ཉིད་དུའོ། །ནག་པོ་ལ་ནི་ཧ་ཞེས་བྱ་བ་བཀོད་ནས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ངོ་བོ་ཉིད་དུའོ་སྙམ་དུ་རྣམ་པར་བསམ་པར་བྱ་སྟེ། ཐོག་མར་

ཚོན་རྩི་དཀར་པོ་བླངས་ལ་འདི་ལྟར་བྱིན་གྱིས་བརླབ་པར་བྱའོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རྣམ་སྦྱོང་བ། །འདི་ནི་བདག་ཉིད་དེ་བཞིན་གཤེགས། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནས་རྒྱས་པར། བདུད་སྡེ་སྡང་བ་ཐམས་ཅད་ལ། །

རྣམ་པ་ཀུན་དུ་བསྡིགས་པར་བྱེད། །ཅེས་བྱ་བའི་བར་གསུངས་པའོ། །ཚོན་དགྱེ་བའི་ཏིང་ངེ་འཛིན་དེ་ལས་ལངས་ཏེ་དཀྱིལ་འཁོར་བསྐོར་ལ་ནང་དུ་ཞུགས་ནས་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་སྒྲུབ་པ་པོ་ལ་དམིགས་ཏེ། བདག་ཉིད་ཅེས་བྱ་བས་ལས་ཀྱི་རྡོ་རྗེ་སེམས་

དཔར་བྱིན་གྱིས་བརླབས་ལ། རྡོ་རྗེ་དམ་པ་སྦྱིན་པ་དང་ལྷན་ཅིག་ཏུ་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བ་གང་གསུངས་པ་ཡིན་ནོ། །དཀར་པོ་ལ་སོགས་པའི་ར་བའི་རི་མོའི་རིམ་པ་འདི་ལྟ་སྟེ། དཀར་པོ་ཐོག་མར་གཏང་བར་བྱ། །དེ་ཡི་འོག་ཏུ་དམར་པོ་སྟེ། །དེ་ནས་

เล่ม ๖๙ · หน้า 34b

སེར་པོ་གཏང་བར་བྱ། །དེ་ཡི་འོག་ཏུ་ལྗང་གུ་གཏང་། །ཀུན་གྱི་ནང་རོལ་ནག་པོ་སྟེ། །ཚོན་རྩིའི་ཆོ་ག་དེ་ལྟར་བཤད། །ཅེས་བྱ་བ་ཡིན་ནོ། །ར་བ་རྣམས་ཀྱི་ཚོན་དགྱེ་བའི་ཐབས་ཀྱི་དབང་དུ་མཛད་ནས། ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །ཞེས་བྱ་བ་

གསུངས་སོ། །དཀྱིལ་འཁོར་བྲིས་ནས་མཆོད་པ་བྱའོ། །དེའི་ཡན་ལག་ནི་བཞི་སྟེ། འདི་ལྟ་སྟེ། མཆོད་པའི་ཏིང་ངེ་འཛིན་མངོན་དུ་བྱ་བ་དང་། དཀྱིལ་འཁོར་བསྲུང་བ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ཡང་དག་པར་གནས་པར་བསམ་པ་དང་། མཆོད་པ་རྣམ་པ་བཞི་བསྒྲུབ་

པའོ། །དེ་ལ་མཆོད་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། ཆོས་ཀྱི་དབྱིངས་ལ་གཞོལ་བ་ཡི། །སྔགས་པ་དེ་ན་འདུག་ནས་སུ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི། །བྱང་ཆུབ་སེམས་སུ་གྱུར་པ་ཡིས། །ཤར་ཕྱོགས་ཁ་བལྟས་གནས་ནས་ནི། །རྡོ་རྗེ་ཅན་གྱི་རྒྱ་བཅིངས་ནས། །

དེ་ནས་ལས་ནི་རྡོ་རྗེར་གྱུར། །ནན་ཏན་དུ་ནི་མཆོད་པར་བྱ། །ཞེས་བྱ་བ་གསུངས་སོ། །དཀྱིལ་འཁོར་བསྲུང་བ་ནི་ཕྱག་རྒྱ་རིམ་པར་ཕྱེ་བས་ལས་བཤད་པ་མཚམས་བཅད་པ་ལ་སོགས་པའི་ཕྱག་རྒྱ་དག་གིས་བྱའོ། །དེ་ལ་ལྷ་ཡང་དག་པར་གནས་པར་བསམ་པ་ནི་རྒྱུད་ཐམས་ཅད་ལས་འདི་ལྟ་སྟེ།

དཀྱིལ་འཁོར་ལ་སོགས་པར་ལྷ་སྤྱན་དྲངས་པ་རྣམས་དང་སྤྱན་མ་དྲངས་པ་རྣམས་ཀྱང་། ཆོས་ཀྱི་དབྱིངས་ལས་བྱུང་བ་དེའི་ངོ་བོར་མོས་པའི་སྒོ་ནས་ཏེ་རྣམ་པ་གཉིས་སོ། །དེ་ལ་རྣལ་འབྱོར་གྱི་ལུགས་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་དང་བྱ་བའི་རྒྱུད་ཐམས་ཅད་ལས་ཀྱང་ལྷ་རྣམས་

ཡང་དག་པར་གནས་པར་བསམས་ལ་ཕལ་ཆེར་སྤྱན་འདྲེན་པ་སྔོན་དུ་འགྲོ་བ་ཅན་ཁོ་ནར་མཐོང་སྟེ། འདི་ལྟར་རྒྱུད་དེ་དག་ལས། བཅོམ་ལྡན་འདས་འདུལ་བའི་སྐྱེ་བོའི་ངོར་ཡུལ་དང་དུས་མ་ངེས་པ་ན་ཡང་བཞུགས་པར་བསྟན་ཏོ། །འདི་ལྟར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས།

བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་སྟུག་པོར་མངོན་པར་རྫོགས་པར་སངས་རྒྱས་ནས་རི་རབ་ཀྱི་སྟེང་དུ་གཤེགས་ཏེ། ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་སྟོན་ཏོ། །དེ་ནས་ཀྱང་འཛམ་བུའི་གླིང་ལ་སོགས་པར་གཤེགས་ཏེ་ཕན་གདགས་པར་མཛད་དོ་ཞེས་འབྱུང་སྟེ། རྣལ་

เล่ม ๖๙ · หน้า 35a

འབྱོར་གྱི་རྒྱུད་དག་ལས་དེ་ལྟ་བུའི་ལ་སོགས་པ་བསྟན་པར་སྣང་ངོ་། །བྱ་བའི་རྒྱུད་དག་ལས་ཀྱང་རིག་སྔགས་དང་གསང་སྔགས་ཀྱི་ལྷ་རྣམས་གནས་མ་ངེས་པ་ཁོ་ནར་བསྒྲགས་ཏེ། དེའི་ཕྱིར་རྒྱུད་དེ་དག་ལས་ལྷ་རྣམས་མཆོད་པའི་ཕྱིར་སྤྱན་དྲང་བའི་ཆོ་ག་ཉིད་སྔོན་

དུ་འགྲོ་བ་ཉིད་དུ་རུང་བར་འབྱུང་བས་དེ་ཁོ་ན་ལྟར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ལས་ནི། དཀྱིལ་འཁོར་གྱི་ཆོ་ག་དག་དང་བཟླས་བརྗོད་ལ་སོགས་པའི་ལས་ལ་ལྷ་རྣམས་སྤྱན་མ་དྲངས་པ་ཉིད་དུ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བསམ་པ་ཁོ་ནས་ལྷ་རྣམས་ཡང་དག་པ་ཁོ་ནས་

གནས་པར་བསམ་པར་བཤད་དེ། འདི་ལྟར་འདི་ལས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། སྐུ་བཀོད་པ་མི་ཟད་པ་ལ་སོགས་པ་བྱང་ཆུབ་རྟོགས་པའི་དུས་ན་བརྙེས་པ་རྟག་ཏུ་འགྲོ་བ་གསུམ་ལ་ཁྱབ་པར་མཛད་པས།

སེམས་ཅན་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་མཚན་མར་སྣང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་ལ་སོགས་པའི་ངོ་བོ་ཉིད་དག་གིས་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་གང་ནས་ཀྱང་མི་བྱོན་གང་དུ་ཡང་མི་བཞུད་དོ་ཞེས་འབྱུང་སྟེ། འདི་ལས་ཇི་སྐད་དུ་བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པའི་རྡོ་རྗེ་ཆེན་པོ་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྡོ་རྗེ་འཛིན་ཐམས་ཅད་འདུ་བ་ཞེས་བྱ་བ་ནས་རྒྱས་པར་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་

དག་གིས་ཀྱང་བསྐོར་ཞིང་མདུན་གྱིས་བལྟས་པ་ལ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉིད་དུས་གསུམ་ལས་འདས་པར་བྱིན་གྱིས་བརླབས་ནས་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོའི་ཆོས་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་

ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་། གསང་བའི་བདག་པོ་ལ་སོགས་པ་རྡོ་རྗེ་འཛིན་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་སོ། །དེ་བཞིན་དུ་གསུང་དང་ཐུགས་

เล่ม ๖๙ · หน้า 35b

མཉམ་པ་ཉིད་བཀོད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའམ་གསུང་ངམ། ཐུགས་ལ་འཇུག་པའམ་ལྡོག་པ་ཡང་མི་དམིགས་སོ། །ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་ཕྲིན་ལས་

ཐམས་ཅད་དང་། གསུང་གི་ཕྲིན་ལས་ཐམས་ཅད་དང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཀུན་དུ་གསང་སྔགས་ཀྱི་ཚུལ་གྱི་ཚིག་དག་གིས་ཆོས་སྟོན་པ་དག་མཐོང་ན་ནི་འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར་བསྐྱེད་པ་

རྣམས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་བཅུ་པའི་བར་གནོན་པ་འདི་ལྟ་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་དང་། ལས་ཀྱི་ཚེ་བཀག་པ་རྣམས་ཡང་སྲིད་པའི་མྱུ་གུ་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང་། བྱང་ཆུབ་སེམས་དཔའ་ཀུན་དུ་

བཟང་པོ་དང་། ཕྱག་ན་པདྨའི་ལུས་འདྲ་བ་དང་། ཕྱོགས་བཅུ་ནས་གསང་སྔགས་ཀྱི་ཚུལ་གྱི་ཚིག་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་འདི་དག་ཡིན་ནོ། །འདིར་ལས་ཀྱི་ཚེ་བཀག་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཕུང་པོ་ལྷག་མ་དང་བཅས་

པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རྣམ་པར་གནས་པ་དག་ཡིན་པར་དགོངས་སོ། །དེ་དག་ཡང་སྲིད་པའི་མྱུ་གུ་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེས་པ་རྣམས་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་

རྣམས་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་དོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ལྟར་དེ་ནི་ཟད་པ་དང་། མི་སྐྱེ་བ་དང་། འགོག་པ་ཤེས་པ་དང་། སྙོམས་པར་འཇུག་པའི་སྟོབས་བསྐྱེད་པས། དུས་རེ་ཞིག་ཅིག་ཏིང་ངེ་འཛིན་གྱི་བདེ་བ་ཉམས་སུ་མྱོང་ལ། སངས་རྒྱས་བཅོམ་ལྡན་

འདས་ཀྱིས་བསྐུལ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ། དེ་དག་ལས་ས་དང་ཕ་རོལ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་དག་ཐོབ་ནས། དེས་སྒྲུབ་པ་དག་ལྷུར་ལེན་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྒོ་ནས་མི་གནས་

เล่ม ๖๙ · หน้า 36a

པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པའི་བར་དུ་འགྱུར་རོ་ཞེས་བཤད་པར་འགྱུར་རོ། །འདི་ལྟར་དོན་འདི་ཉིད་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ཉིད་ཁོ་ནའི་རྒྱུད་ཕྱི་མ་དང་འབྲེལ་བ་གསང་བའི་རིམ་པར་ཕྱེ་བ་ལས་རྒྱས་པར་ཡང་དག་པར་བསྟན་ཏེ། བྱང་ཆུབ་

སེམས་པའི་སྤྱོད་པ་གསང་སྔགས་ཀྱི་སྒོའི་ལམ་ཤེས་པ་ཉིད་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ལམ་གྱི་རྣམ་པ་ཤེས་པ་དམིགས་པ་དང་བཅས་པའི་ས་ལ་གནས་པའི་རང་གི་སེམས་ཀྱི་སྤྱོད་ཡུལ་མ་ཐོབ་པའི་སེམས་དང་ལྡན་པ་རྣམས་ཇི་སྐད་དུ་

བཤད་པ་རྒྱས་པར་བརྗོད་ནས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་བསྒྲིབས་པ་རྣམས་བདག་ཉིད་ལམ་མཉམ་པ་ཉིད་ལ་དམིགས་ནས་ཉོན་མོངས་པ་རྣམས་རྣམ་པར་མནན་ཏེ། མཐའ་གཉིས་ཤིན་ཏུ་མེད་པར་བྱ་བ་ལ། ཡེ་ཤེས་མེད་ཅིང་རྒྱུ་དང་འབྲས་བུ་འགགས་པ་དང་མཐའ་

གཉིས་མེད་པ་དང་། སེམས་འགོག་པ་མེད་པའི་ཕྱིར་ཉན་ཐོས་ཀྱི་ཡེ་ཤེས་ཀྱི་མིག་ཡོངས་སུ་མ་དག་པའི་ཏིང་ངེ་འཛིན་ལས་ལྡང་བའི་སྦྱོར་བ་ཅན་རྣམས་གཟུགས་དང་། སྣང་བ་དང་། དེ་ལས་སྐྱེས་པའི་རྐྱེན་བག་ཆགས་ཀྱིས་མཚམས་སྦྱོར་བ་ལ་འཛིན་པར་བྱེད་ཅིང་ཁམས་གསུམ་ན་

ཉོན་མོངས་པའི་སྤྱོད་པ་རྣམས་རྣམ་པར་མནན་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་ཕུང་པོ་ཡོངས་སུ་བོར་ནས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྐྱེ་བ་འཐོབ་སྟེ། ཡང་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ས་དང་ཕ་རོལ་ཏུ་ཕྱིན་པ་གནོན་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་དོན་དུ་

གཉེར་བར་བྱའོ། །ཟད་པ་དང་། མི་སྐྱེ་བ་དང་། འགོག་པ་དང་སྙོམས་པར་འཇུག་པའི་སྟོབས་ཀྱིས་འཕེན་པས་ལོ་དྲུག་ཁྲིར་པདྨའི་སྙིང་པོ་ལ་མྱོས་ཤིང་གནས་སོ། །དེ་ནས་སྨོན་ལམ་ཇི་ལྟ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་དག་པར་འགྱུར་རོ་ཞེས་གང་

གསུངས་པ་ཡིན་ཏེ། རྒྱས་པར་གསང་བའི་རིམ་པར་ཕྱེ་བ་ལས་རྟོགས་པར་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་ལ་སོགས་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་དང་། རིག་སྔགས་ལ་སོགས་པའི་ངོ་བོར་རྣམ་པར་གནས་ན། དེ་ལ་

เล่ม ๖๙ · หน้า 36b

སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་ལྟ་ཅི་ཞིག་དགོས། ཡང་དོན་འདི་ཉིད་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་ཏེ་རྒྱུད་འདི་ལས་གཞུང་འདིས་བསྟན་ཏེ། གསང་བའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་དང་རྗེས་སུ་མཐུན་པ་སེམས་ཅན་ཐམས་ཅད་ཀྱི་

བསམ་པ་དང་མཐུན་པ་སེམས་ཅན་ཐམས་ཅད་ཡང་དག་པར་མགུ་བར་མཛད་པ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གསང་སྔགས་སྤྱད་པ་སྤྱོད་པ་རྣམས་ཀྱི་མདུན་དུ་གཟུགས་བརྙན་ལྟ་བུར་བཞུགས་སོ། །དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་ཅིང་། ཡིད་ཀྱི་ཡུལ་ལས་

ཡང་དག་པར་འདས་པ་དུས་དང་ཡུལ་དང་དབྱེ་བ་དང་། ལས་དང་ཆོས་མ་ཡིན་པ་རྣམ་པར་སྤངས་ཀྱང་། གསང་སྔགས་སྤྱོད་པ་ལས་བྱུང་བའི། །ཐམས་ཅད་མཁྱེན་པའི་གོ་འཕང་སྩོལ། །དེ་བས་ཀུན་མཁྱེན་དངོས་གྲུབ་དང་། །གོ་འཕང་མཆོག་ཀྱང་བསྒྲུབ་པར་བྱ། །

ཞེས་གང་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་རྣམས་རིམ་པ་གསུམ་པར་བྲི་བར་བྱའོ་ཞེས་བཤད་པ་མ་ཡིན་ནམ། དེ་དག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ནའི་སྐུ་མི་ཟད་པ་ལ་སོགས་པ་རྣམ་

པར་སྤྲུལ་པ་རྟག་ཏུ་འགྲོ་བ་གསུམ་ལ་ཁྱབ་པ་མ་ཡིན་པས་དེའི་ཕྱིར་གདོན་མི་ཟ་བར་དེ་དག་ཡང་དག་པར་གནས་པར་བསམ་པར་བྱ་བའི་ཕྱིར་སྤྱན་དྲང་དགོས་ན། དེ་ཅིའི་ཕྱིར་དེ་དག་གི་སྤྱན་དྲང་བའི་རིམ་པ་མ་བརྗོད་ཅེ་ན། འདི་ནི་ཉེས་པ་མེད་དེ། བྱང་ཆུབ་སེམས་དཔའ་དེ་

དག་ནི་རྟག་ཏུ་ཡེ་ཤེས་ཀྱི་མིག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་པ་ལ་སོགས་བཀོད་པ་ཅི་འདྲ་བ་དང་། དེ་ཇི་ལྟར་སེམས་ཅན་གྱི་དོན་དུ་འཇུག་པ་དེ་ཁོ་ན་ངེས་པར་རྟོག་པ་ལྷུར་ལེན་པ་ཉིད་ཡིན་ཏེ། དེའི་ཕྱིར་གང་དུ་བཅོམ་ལྡན་འདས་སེམས་ཅན་གྱི་དོན་དུ་སྙིང་རྗེ་

ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་སྒོ་ནས་སྣང་བ་དེ་དག་གི་མངོན་སུམ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་དེ་དག་ཀྱང་དམ་ཚིག་གི་དབང་གིས་དེ་ན་བྱིན་གྱིས་རློབ་པར་བྱེད་དོ། །རྣམ་པ་གཅིག་ཏུ་ན་དེ་དག་ཀྱང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་ཡིན་པས། གནས་གཅིག་ན་

เล่ม ๖๙ · หน้า 37a

འདུག་ཀྱང་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་དུ་དེ་ལྟར་སྣང་སྟེ། དེའི་ཕྱིར་ཡང་ཉེས་པ་མེད་དོ། །གཞན་ཡང་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་འབའ་ཞིག་ལས། དཀྱིལ་འཁོར་ལ་སོགས་པའི་རིག་སྔགས་དང་གསང་སྔགས་རྣམས་སྤྱན་མ་དྲངས་

པ་ཁོ་ནར་བྱིན་གྱིས་རློབ་པར་བཤད་པ་ཡང་མ་ཟད་ཀྱི། རྣལ་འབྱོར་གྱི་རྒྱུད་དང་བྱ་བའི་རྒྱུད་ལས་གང་དག་ལས་དཀྱིལ་འཁོར་ལ་སོགས་པར་སྤྱན་མ་དྲངས་པ་ཉིད་ཀྱི་ལས་བསྟན་པ་དེ་དག་ལས་ཀྱང་། རིག་སྔགས་དང་གསང་སྔགས་རྣམས་སྤྱན་མ་དྲངས་པ་ཁོ་ན་ལས་སའི་ཕྱག་རྒྱ་

ལ་སོགས་པས་བདག་བསྲུང་བ་དང་། གནས་བསྲུང་བ་དང་། མེ་ཏོག་ལ་སོགས་པ་མཆོད་པ་སྔགས་ཀྱིས་གདབ་པ་དང་། བགེགས་ལ་སོགས་པ་བསྡིགས་པ་རྣམ་པ་དུ་མ་ཡང་སྣང་ན། དེ་ཇི་ལྟར་ལས་ཀྱི་ཕྱག་རྒྱ་དང་སྔགས་དག་ཀྱང་སྤྱན་མ་དྲངས་པར་རང་བྱིན་གྱིས་

རློབ་པར་མཛད། དེའི་ཕྱིར་རྒྱུད་དེ་དག་ལས་ཀྱང་སྤྱན་མ་དྲངས་པའི་ངེས་པ་མ་བརྗོད་པ་ཉིད་པས་ཉེས་པ་མེད་དོ། །རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ལས་ནི་རྣམ་པ་ཐམས་ཅད་དུ་རིག་སྔགས་དང་གསང་སྔགས་རྣམས་སྤྱན་མ་དྲངས་པ་ཁོ་ནར་ཡང་དག་པར་གནས་པར་བསམ་པར་

བྱའོ་ཞེས་བསྟན་ཏོ། །འདིར་དཀྱིལ་འཁོར་ནི་དང་པོར་ནམ་མཁའི་ཕྱོགས་སུ་ངེས་པར་བསམ་པ་དང་། ས་ལ་དཀྱིལ་འཁོར་བྲི་བ་དང་རྣམ་པ་གཉིས་སུ་བསྟན་ཏོ། །དཀྱིལ་འཁོར་རྣམ་པ་འདི་གཉི་ག་ལ་ཡང་དག་པར་གནས་པར་བསམ་པར་བྱ་བའི་ཕྱིར། དམ་ཚིག་གསུམ་གྱི་

ཕྱག་རྒྱ་བཅིངས་ནས། དམ་ཚིག་གསུམ་གྱི་སྔགས་ཟློས་ཤིང་དང་པོར་ནམ་མཁའི་ཕྱོགས་སུ་རང་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་དུ་ཁྱབ་པ་ཆོས་ཀྱི་དབྱིངས་ལས་ངེས་པར་སྐྱེས་པ་བསམས་ལ། ཕྱིས་ས་ལ་ཡིད་ཀྱིས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་མཚན་

ཉིད་བསྒྲུབས་ནས་མཆོད་པ་བྱ་སྟེ། དེ་ནས་ལས་ཀྱི་རྡོ་རྗེར་གྱུར། །ནན་ཏན་དུ་ནི་མཆོད་པར་བྱ། །ཀུན་དུ་ཁྱབ་པའི་ཡིད་ཀྱིས་སུ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱིས། །དམ་ཚིག་ཅེས་བྱའི་རྒྱུ་བསྟན་ནས། །གསང་སྔགས་ལན་གསུམ་བཟླ་བར་བྱ། །ཞེས་གང་

เล่ม ๖๙ · หน้า 37b

གསུངས་པ་ཡིན་ནོ། །རྣམ་པ་གང་གིས་དཀྱིལ་འཁོར་ལ་སོགས་པར་ལྷ་རྣམས་སྤྱན་མ་དྲངས་པ་ཉིད་དུ་ཡང་དག་པར་གནས་པར་བསམ་པར་རུང་བའི་སྦྱོར་བ་བཤད་ཟིན་ཏོ། །མཆོད་པའི་ཆོ་ག་ལེགས་པར་བརྗོད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་འདི་ལས་ནི་ཕྱི་དང་ནང་

གི་མཆོད་པའི་བྱེ་བྲག་གི་མཆོད་པ་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ལ་ཕྱིའི་མཆོད་པ་ནི་འདི་ལྟ་སྟེ། མེ་ཏོག་དང་། དྲི་དང་། བདུག་པ་དང་། ལྷ་བཤོས་དང་། མར་མེ་དང་། ན་བཟའ་དང་། བུམ་པ་དག་དབུལ་བའི་སྒོ་ནས་རྣམ་པ་བདུན་ཏེ། དེ་ནས་སྔགས་པ་དེ་ཡིས་

སུ། །མེ་ཏོག་དཀར་པོ་སེར་པོ་དམར། །ཡིད་དུ་འོང་བས་ནན་ཏན་དུ། །ལྷ་རྣམས་ལ་ནི་མཆོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར། ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་དབུལ་བར་བྱ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ལན་རེ་དབུལ་བར་རབ་

ཏུ་བསྒྲགས། །ཞེས་གང་གསུངས་པ་ཡིན་ནོ། །འདིའི་ཚུལ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་གོང་དུ་བཤད་པ་ལྟ་བུས་བར་སྣང་གི་དཀྱིལ་འཁོར་ལ་གནས་པར་བསམ་པའི་ལྷ་དག་ན། ཕྱིའི་ཚོན་དགྱེ་བ་ལ་སོགས་པའི་མཚན་མ་ལ་མི་

ལྟོས་པའི་ཕྱིར། འཇིག་རྟེན་ལས་འདས་པའོ་ཞེས་བསྟན་ཏོ། །ལྷ་དེ་དག་ཉིད་སྔར་བཤད་པའི་ཆོ་གས་ས་ལ་གནས་པའི་དཀྱིལ་འཁོར་དུ་བྲིས་པ་རྣམས་ནི། ཕྱིའི་ཚོན་དགྱེ་བ་ལ་སོགས་པ་བྱ་བ་ལ་ལྟོས་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱ་སྟེ། འདི་ལྟར་གང་གི་ཚེ་འདི་

ལས་བཟླས་བརྗོད་དང་སྦྱིན་སྲེག་དང་། མཆོད་པ་ལ་སོགས་པའི་ཕྱིའི་བཟླས་བརྗོད་དང་། སྦྱིན་སྲེག་དང་མཆོད་པའི་ཡན་ལག་ལ་ལྟོས་པ་དང་བཅས་པ་ཉིད་དུ་མཛད་པ་དེའི་ཚེ་ནི་རྒྱུད་འདི་ལས་ཕལ་ཆེར་འཇིག་རྟེན་པའོ་ཞེས་ཐ་སྙད་དུ་འདོགས་སོ། །གང་གི་ཚེ་བཟླས་བརྗོད་ལ་སོགས་

པ་དེ་དག་ཉིད་ཕྱིའི་མཚན་མ་ལ་མི་ལྟོས་ཤིང་སེམས་ཙམ་གྱི་རྣམ་པར་རྟོག་པས་སྒྲུབ་པར་བྱེད་པའི་ཚེ་ནི་ཕལ་ཆེར་འཇིག་རྟེན་ལས་འདས་པ་ཞེས་ཀྱང་བཤད་དོ། །དེའི་ཕྱིར་གང་དག་གི་ངེས་པའི་ཚིག་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཞེས་བྱ་བ་དེ་སྐབས་དང་སྦྱར་ཏེ། སྐབས་ཁ་

เล่ม ๖๙ · หน้า 38a

ཅིག་ཏུ་ནི་འཇིག་རྟེན་པའི་ལྷའི་ཁྱད་པར་ཇི་ལྟར་བསྒྲགས་པ་དག་ཁོ་ན་ཡིན་པར་ཤེས་པར་བྱའོ། །སྐབས་དང་སྦྱར་ཏེ་ལ་ལར་ནི་འཇིག་རྟེན་ལས་འདས་པ་དག་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་བར་སྣང་གི་དཀྱིལ་འཁོར་དུ་བསམས་པའི་ལྷའི་ཁྱད་པར་འཇིག་

རྟེན་ལས་འདས་པར་བསྒྲགས་པ་རྣམས་ལ་མེ་ཏོག་དབུལ་བའི་སྦྱོར་བ་ནི། མཐེ་བོང་སྲིན་ལག་སྦྱར་བ་ནི། །བཀྲ་ཤིས་པ་ཞེས་བཤད་པ་སྟེ། །དེ་ཡི་མེ་ཏོག་བླངས་ནས་སུ། །རང་གི་སྙིང་གའི་ཕྱོགས་ནས་དབུལ། །ཞེས་གསུངས་པ་འདི་ཡིན་ནོ། །དེ་དག་ཉིད་སའི་དཀྱིལ་

འཁོར་ལ་བྲིས་ཤིང་འཇིག་རྟེན་པ་ཞེས་བསྒྲགས་པ་རྣམས་ལ་མེ་ཏོག་དབུལ་བའི་ཚུལ་བསྟན་པའི་ཕྱིར། འཇིག་རྟེན་པ་ཡི་ལྷ་རྣམས་ལ། །ལྟེ་བའི་ཐད་ཀ་ནས་ཤེས་བྱ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པ་རྣམས་ལ་བདུག་པ་དབུལ་བའི་སྦྱོར་བའི་ཁྱད་

པར་བཤད་པ། བདུག་སྤོས་རྡོ་རྗེ་ཁུ་ཚུར་རམ། །ཡང་ན་པདྨའི་ཕྲེང་བ་ཡི། །བར་སྣང་ལ་ནི་བཟུང་ནས་སུ། །འཇིག་རྟེན་མགོན་སྐྱོབ་རྣམས་ལ་དབུལ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་བཞིན་དུ་སའི་དཀྱིལ་འཁོར་དུ་བྲིས་པ་རྣམས་ལ་དབུལ་བའི་ཆོ་ག་ཡང་། དེ་ལས་གཞན་

པའི་འཇིག་རྟེན་པའི། །ལྷ་རྣམས་ལ་ནི་གོ་རིམས་བཞིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་འདི་ནི་སྔར་བཤད་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ནམ་མཁའི་དཀྱིལ་འཁོར་དུ་བསམས་པ་རྣམས་དང་། སའི་དཀྱིལ་འཁོར་ལ་

བྲིས་པ་རྣམས་དང་། མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པའི་རིམ་པ་བསྟན་པ་ཡིན་ནོ།། །།བམ་པོ་བཞི་པ། འདི་ལ་ནང་གི་མཆོད་པ་ནི་རྣམ་པ་གསུམ་དུ་བཤད་དེ། འདི་ལྟ་སྟེ། ཕྱག་འཚལ་བའི་ཐལ་མོ་སྦྱར་བ་དང་། བྱམས་པ་དང་། སྙིང་རྗེ་གོམས་པ་དང་། དེ་

བཞིན་དུ་ཡིད་ཀྱི་མཆོད་པ་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །སྔར་བཤད་པའི་ཕྱིའི་མཆོད་པ་དང་རྣམ་པ་བཞིར་བཤད་དོ། །དེ་ཉིད་ཀྱི་ཕྱིར། མཆོད་པ་རྣམ་བཞིར་ཤེས་པར་བྱ། །ཕྱག་འཚལ་ཐལ་མོ་སྦྱར་བ་དང་། །དེ་བཞིན་བྱམས་དང་སྙིང་རྗེ་དང་། །མེ་ཏོག་བདུག་སྤོས་འཇིག་

เล่ม ๖๙ · หน้า 38b

རྟེན་པའི། །སོར་མོ་ལས་བྱུང་མེ་ཏོག་རྣམས། །སྐྱོབ་པ་ཀུན་ལ་དབུལ་བར་བྱ། །ཡན་ལག་ཀུན་འབྱུང་ཕྱག་རྒྱ་ནི། །བཅིངས་ནས་བྱང་ཆུབ་སེམས་བསྒོམས་ཏེ། །སོ་སོར་མགོན་པོ་ཐམས་ཅད་དང་། །དེ་ཡི་སྲས་རྣམས་ནན་ཏན་བྱའོ། །འདི་ནི་སྐྱོན་མེད་མེ་ཏོག་སྟེ། །རབ་ཏུ་

བསྲུང་ཞིང་རྣམ་པར་མཛེས། །ཆོས་ཀྱི་དབྱིངས་ཀྱི་ལྗོན་ཤིང་རྣམས། །རྒྱལ་བ་མཆོད་པའི་ཕྱིར་འབྱུང་བ། །ཏིང་འཛིན་དབང་གིས་བསྒྱུར་བ་ཡིས། །སྔགས་ཀྱིས་དེ་དག་བྱིན་བརླབས་ནས། །ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། །སྤྲིན་མང་རྒྱ་ཆེན་དམ་པ་རྣམས། །སངས་རྒྱས་རྣམས་

ཀྱི་སྤྱན་སྔར་ནི། །དེ་ཚེ་རྟག་ཏུ་ཆར་བཞིན་དབབ། །ལྷ་རྣམས་ཕལ་པ་གཞན་ལ་ནི། །མེ་ཏོག་འདི་རྣམས་བསྒྲགས་པ་སྟེ། །རང་གི་སྔགས་རྒྱུད་རྟོགས་ཤེས་པས། །ཇི་ལྟར་རིགས་པས་དབུལ་བར་བྱ། །ཞེས་བྱ་བ་གསུངས་སོ། །དེ་ལ་འདིར། མེ་ཏོག་བདུག་སྤོས་འཇིག་རྟེན་

པའི། །ཞེས་བྱ་བ་ནི་ཕྱིའི་མཆོད་པ་བསྟན་པར་གསུངས་པ་ཡིན་ཏེ། དེའི་མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པ་ཡན་ལག་ལ་ལྟོས་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །སོར་མོ་ལས་བྱུང་མེ་ཏོག་རྣམས། །ཞེས་བྱ་བ་ལ་སོགས་པས་ནི་ཡིད་ཀྱི་མཆོད་པའི་སྦྱོར་བ་ཀུན་དུ་

བསྟན་པར་མཛད་དོ། །འདིར་ཡང་། ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། །སྤྲིན་མང་རྒྱ་ཆེན་དམ་པ་རྣམས། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། །དེ་ཚེ་རྟག་ཏུ་ཆར་བཞིན་དབབ། །ཅེས་བྱ་བ་འདིས་ནི་རང་བཞིན་གྱི་དཀྱིལ་འཁོར་དུ་ཡིད་ཀྱིས་མཆོད་པར་བྱ་བའི་མཆོད་པའི་སྦྱོར་བ་

དངོས་སུ་བསྟན་ཏེ། དེ་ཉིད་ཀྱི་ཕྱིར། ལྷ་རྣམས་ཕལ་པ་གཞན་ལ་ནི། །མེ་ཏོག་འདི་རྣམས་བསྒྲགས་པ་སྟེ། །ཞེས་བྱ་བ་གསུངས་ཏེ། ཕལ་པ་ཞེས་བྱ་བའི་སྒྲས་ནི། འཇིག་རྟེན་ལས་འདས་པའི་ལྷ་དེ་ཉིད་སའི་དཀྱིལ་འཁོར་དུ་བྲི་བ་རྣམས་གཟུང་བའི་འཇིག་རྟེན་ལས་འདས་པའི་

ལྷ་སའི་དཀྱིལ་འཁོར་དུ་བྲིས་པ་རྣམས་ལ་མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པ་བཀག་པར་འགྱུར་དུ་འོང་བས། ཕལ་པ་ཞེས་བྱ་བའི་སྒྲས་ཁྱབ་འཇུག་དང་ཚངས་པ་ལ་སོགས་པའི་འཇིག་རྟེན་པ་ཉིད་ནི་མིག་ཟུང་ངོ་། །དཀྱིལ་འཁོར་འདིར་ནི་འཇིག་རྟེན་པའི་ལྷ་ཁྱབ་འཇུག་དང་ཚངས་པ་

เล่ม ๖๙ · หน้า 39a

ལ་སོགས་པ་ཇི་ལྟར་གྲགས་པ་ཡང་བྲི་བ་མེད་དོ། །འདིར་དབུས་ཀྱི་དཀྱིལ་འཁོར་དུ་འཇིག་རྟེན་པའི་ལྷའི་ཁྱད་པར་གང་དག་ཡིན་པ་དེ་དག་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པའི་སྐུའི་སེམས་ཅན་དག་ཡིན་པར་བལྟ་བར་བྱ་སྟེ། འདི་སྐད་དུ།

འདི་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་རིམ་པར་ཕྱེ་བ་ཡོངས་སུ་རྫོགས་པར་མཛད་ནས། གསང་བའི་བདག་པོ་དེ་ལྟ་བུ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མོས་པ་ལས་བྱུང་བ། བྱང་ཆུབ་ཀྱི་མཚན་མར་

གྱུར་པ་ཕྱག་རྒྱ་རབ་འབྱམ་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཏེ། མཆོད་པ་རྣམ་པ་བཞི་དབུལ་བའི་རིམ་པ་ནི་འདི་ལྟ་སྟེ། དང་པོར་བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་བསྒོམས་ནས། དྲི་དང་མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པའི་ཡན་ལག་ཆོས་ཀྱི་དབྱིངས་ཀྱི་

ཡི་གེས་རྣམ་པར་དག་པ་འཕགས་པ་མི་གཡོ་བའི་སྙིང་པོའི་སྔགས་ཀྱིས་བཏབ་པ་དྲི་དང་མེ་ཏོག་ལ་སོགས་པ་མཆོད་པའི་སྔགས་དག་གི་སྔགས་ཀྱིས་གདབ་པར་བྱའོ། །དེ་ནས་ས་ལ་བྲིས་པའི་དཀྱིལ་འཁོར་དུ་བསྲུང་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། དམ་ཚིག་

གི་སྔགས་ཟློས་ཤིང་ནམ་མཁའི་ཕྱོགས་སུ་རང་བཞིན་གྱི་དཀྱིལ་འཁོར་ཡང་རྣམ་པར་བསམས་ལ། དེའི་གཟུགས་བརྙན་གྱི་དཀྱིལ་འཁོར་ས་ལ་ཇི་ལྟར་བྲིས་པ་ཡང་སྲོག་དང་བཅས་པ་ལྟ་བུ་ཡིད་ཀྱིས་བསམས་ཏེ། དེ་བྲིས་པའི་ལྷ་རྣམས་ལ་སོ་སོ་རང་རང་གི་ཕྱག་རྒྱ་བཅིངས་ནས་དེའི་

སྔགས་ཟློས་ཤིང་མྱུར་དུ་དེའི་བསམ་གཏན་བྱའོ། །དེ་ནས་མཆོད་པ་རྣམ་པ་བཞི་བྱ་སྟེ། དེའི་རིམ་པ་ནི་དང་པོ་པུས་མོ་གཉིས་ས་ལ་བཙུགས་ཏེ། ཕྱག་འཚལ་བའི་ཐལ་མོ་སྦྱར་ནས་ཕྱག་བྱ་སྟེ། འདི་ནི་ཕྱག་འཚལ་བའི་མཆོད་པ་ཡིན་ཏེ་དང་པོའོ། །དེ་ནས་སྔར་བཤད་པའི་ཚུལ་

དུ་དྲི་དང་མེ་ཏོག་ལ་སོགས་པ་ཇི་ལྟར་ཡང་དག་པར་བསྒྲགས་པ་རྣམས་ཀྱིས་མཆོད་པར་བྱ་སྟེ། འདི་ནི་ཕྱིའི་མཆོད་པའི་མཚན་ཉིད་ཡིན་ཏེ་མཆོད་པ་གཉིས་པའོ། །དེ་ནས་གསང་བའི་ཕྱག་རྒྱ་བརྒྱད་རིམ་པར་ཕྱེ་བ་ལས་བཤད་པ་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་བཅིངས་ནས།

เล่ม ๖๙ · หน้า 39b

དེ་བཞིན་གཤེགས་པའི་དཀྱིལ་འཁོར་འཇིག་རྟེན་གྱི་ཁམས་རབ་འབྱམ་ན་རྣམ་པར་བཞུགས་པ་ཐམས་ཅད་མཆོད་པའི་ཡན་ལག་བཟང་པོ་དཔེ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་ངེས་པར་འབྱུང་བ་རྣམས་འབྱུང་བར་གྱུར་ཅིག་ཅེས་རྣམ་པར་བསམས་ཏེ།

དེ་ནས་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ནས། ལངས་ལ་ནམ་མཁའ་མཛོད་ཀྱི་རིག་སྔགས་ལན་གསུམ་བརྗོད་པར་བྱ་སྟེ། འདི་ནི་ཡིད་ཀྱི་མཆོད་པའི་མཚན་ཉིད་ཡིན་ཏེ། མཆོད་པ་གསུམ་པའོ། །དེ་ནས་བྱམས་པ་དང་སྙིང་རྗེ་གོམས་པའི་མཚན་ཉིད་ཅན་སྒྲུབ་པའི་མཆོད་པ་

རྣམ་པ་གཉིས་སུ་བྱ་སྟེ། དེའི་སྦྱོར་བ་ནི་འདི་ཡིན་ནོ། །བདག་གིས་དགེ་བ་ཇི་ལྟར་བྱས་པའི་དགེ་བའི་རྩ་བས་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དག་ནི་འབྱུང་བར་

གྱུར་ཅིག་ཅེས་བསམ་པར་བྱ་སྟེ། འདི་ནི་མཆོད་པ་བཞི་པ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་གོམས་པའི་མཚན་ཉིད་ཅན་བསྒྲུབ་པའི་མཆོད་པ་ཡིན་པར་བསྟན་ཏོ། །ད་ནི་སློབ་མ་གཟུང་བའི་ཆོ་ག་བཤད་པར་བྱ་སྟ། དེ་ལ་སློབ་མའི་མཚན་ཉིད་ནི་གོང་དུ་འདི་ལྟ་

སྟེ། ཁྱད་པར་གྱི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། རབ་ཏུ་དབྱེ་བ་ཞེས་བྱ་བའི་མཚན་ཉིད་རྣམ་པ་གསུམ་དུ་བཤད་དོ། །སློབ་མ་དེ་དག་ཀྱང་སྔོན་རིག་སྔགས་མནོས་ཀྱང་རུང་རིག་སྔགས་མ་མནོས་ཀྱང་རུང་དཀྱིལ་འཁོར་དུ་འཛུད་དེ། དེ་དག་གི་ནང་ནས་སྔོན་དཀྱིལ་འཁོར་

མ་མཐོང་བ་ཉིད་ཀྱིས་རིག་སྔགས་མ་མནོས་པའི་སྔོན་དུ་དམ་ཚིག་ནོད་པ་ཁོ་ནའི་ཕྱིར། དཀྱིལ་འཁོར་དུ་འཇུག་པ་ནི་གཅིག་ཡིན་ནོ། །གཞན་ནི་དངོས་གྲུབ་མཆོག་དང་། འབྲིང་དང་ཐ་མ་ལ་སོགས་པ་དོན་དུ་གཉེར་བ་སྟེ། དཀྱིལ་འཁོར་དུ་བཅུག་ནས་བྱང་ཆུབ་ཀྱི་སེམས་གོམས་

པར་མ་བྱས་པ་དེ་གོམས་པར་བྱ་སྟེ། རིག་སྔགས་སྔོན་དུ་འགྲོ་བའི་བསྒྲུབ་པ་ལ་བརྩོན་པར་བྱེད་པའོ། །གཞན་དག་ནི་སྔོན་བྱང་ཆུབ་ཀྱི་སེམས་གོམས་པར་བྱས་ཀྱང་རུང་། བྱང་ཆུབ་ཀྱི་སེམས་གོམས་པར་མ་བྱས་ཀྱང་རུང་། རིག་སྔགས་དང་གསང་སྔགས་མནོས་པ། རིག་

เล่ม ๖๙ · หน้า 40a

སྔགས་དང་གསང་སྔགས་ཀྱི་རྟོག་པ་དག་ལ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སེམས་ཤིན་ཏུ་གཏན་ལ་ཕབ་པ་སྟེ། སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་རམ། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་བཅུག་ནས། དེ་ལས་

བྱུང་བའི་སློབ་དཔོན་དུ་དབང་བསྐུར་བ་དོན་དུ་གཉེར་བ་ཡིན་ནོ། །དེ་བཞིན་དུ་གཞན་དག་ནི་སྔར་བཤད་པའི་རིམ་པས་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ཀྱང་། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དོན་དུ་གཉེར་བ་སྟེ། གསང་བའི་དཀྱིལ་འཁོར་དུ་འཇུག་པར་བྱས་ནས་དེ་ལས་

བྱུང་བའི་དབང་བསྐུར་བ་ནོད་པ་ཡིན་ནོ། །དེ་ལས་གཞན་དག་ནི་དང་པོ་ཉིད་ནས་དམ་ཚིག་ཅན་ཡིན་ལ། རིག་སྔགས་མནོས་ཀྱང་རུང་མ་མནོས་ཀྱང་རུང་། དེ་བཞིན་དུ་སློབ་དཔོན་གྱི་ཐབས་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་སྟེ། རང་གི་བསོད་ནམས་འཕེལ་བར་བྱ་བ་ཁོ་ནའི་ཕྱིར་དཀྱིལ་

འཁོར་གང་ཡང་རུང་བ་ལྟ་བར་བྱེད་པ་ཡིན་ནོ། །གཞན་དག་ནི་བགེགས་ཀྱི་འཚེ་བ་ལ་སོགས་པ་ཞི་བ་དོན་དུ་གཉེར་བའམ། འབྱོར་བ་འདོད་པས་དཀྱིལ་འཁོར་ལྟ་བར་ཡིད་དགའ་བ་ཡིན་ནོ། །དེ་ལྟ་བས་ན་འདི་དག་ནི་དང་པོ་ནས་ཅི་རིགས་པར་དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་དམ་

ཚིག་ཅན་ཁོ་ན་ཡིན་ནོ། །དེ་ལས་གཞན་པ་ནི་དཀྱིལ་འཁོར་གཅིག་ཀྱང་མ་མཐོང་བའི་ཕྱིར་དམ་ཚིག་ཅན་མ་ཡིན་ནོ། །དེའི་ཕྱིར་རེ་ཞིག་སློབ་མ་འདི་རྣམས་དཀྱིལ་འཁོར་གསུམ་དུ་འཇུག་པའི་སྤྱིའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་དང་པོར་སློབ་དཔོན་གྱིས་སྔར་བཤད་པའི་རིམ་པས་

བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། ཇི་སྐད་བཤད་པའི་མཆོད་པ་རྣམས་མངོན་པར་བསྒྲུབ་པར་བྱའོ། །དེ་ནས་སྔར་བཤད་པའི་སློབ་དཔོན་གྱིས་རྣལ་འབྱོར་རྣམས་ལས་གང་ཡང་རུང་བ་ཞིག་གིས་བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་ལ། སློབ་

མ་རྣམས་བོས་ཏེ་དཀྱིལ་འཁོར་གྱི་སྒོའི་ཕྱི་རོལ་དུ་འདུག་པ་ལ། ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་བཟླས་བརྗོད་བྱས་པའི་ཆུས་བསང་གཏོར་བྱས་ནས། སློབ་དཔོན་བདག་ཉིད་ཀྱིས་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ཏེ། རས་ལ་དམ་ཚིག་གསུམ་གྱི་གསང་སྔགས་

เล่ม ๖๙ · หน้า 40b

ཀྱིས་ལན་གསུམ་དུ་སྔགས་ཀྱིས་གདབ་བོ། །དེ་ནས་རས་དེས་སློབ་མའི་གདོང་བཀབ་སྟེ། དཀྱིལ་འཁོར་གསུམ་པའི་སྒོར་སྒོ་ཁྱུད་ཀྱི་ནང་དུ་ལེགས་པར་གཞག་པར་བྱའོ། །དེར་བཞག་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བྱིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཕྱག་

རྒྱ་བཅིངས་ལ། དེར་གསང་སྔགས་བརྗོད་ཅིང་སློབ་མ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་སྟོང་པར་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་ནས་དེའི་སྔགས་བརྗོད་ཅིང་། སློབ་མ་དེ་ཉིད་རྡོ་རྗེ་སེམས་དཔའི་སྐུར་བསམ་པར་བྱའོ། །དེ་ནས་དེ་ལ་དམ་

ཚིག་གི་ཕྱག་རྒྱ་བཅིངས་པའི་ལག་པར་མེ་ཏོག་བཞག་ལ་དམ་ཚིག་གསུམ་གྱི་སྔགས་ལན་གསུམ་བརྗོད་པར་བྱའོ། །དེའི་རྗེས་ལ་དེའི་སྤྱི་བོར་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་བསམ་པར་བྱའོ། །དེ་ནས་བདེན་པའི་བྱིན་རླབས་བྱ་སྟེ། ཕྱག་རྒྱ་ལ་འདུག་པའི་མེ་ཏོག་དཀྱིལ་འཁོར་དུ་དོར་དུ་

བཅུག་ལ། གང་ལ་མེ་ཏོག་བབ་པ་དེའི་གསང་སྔགས་དེ་ལ་སྦྱིན་པར་བྱའོ། །སློབ་མ་སྔོན་དེ་ལས་གཞན་པའི་དཀྱིལ་འཁོར་མཐོང་བ་དམ་ཚིག་ཅན་གསང་སྔགས་མནོས་པ་ནི་གདོང་བཀབ་པ་ཕྱེ་སྟེ། ཕྱིས་ཕྱག་རྒྱ་ལ་འཇུག་པའི་མེ་ཏོག་རྣམས་དཀྱིལ་འཁོར་གྱི་བདག་པོ་བཅོམ་

ལྡན་འདས་རྣམ་པར་སྣང་མཛད་དམ། སྔོན་དེ་ལས་གཞན་པའི་དཀྱིལ་འཁོར་དུ་རང་གི་རིག་སྔགས་མནོས་པ་ཡོད་ན་དབུལ་བར་བྱའོ། །གཏན་ཚིགས་ནི་སྔོན་གྱི་དཀྱིལ་འཁོར་མཐོང་བ་གསང་སྔགས་མནོས་པ། དམ་ཚིག་ཅན་རྣམས་ནི་གདོང་མ་བཀབ་པ་ཁོ་ནར་བདེན་པའི་བྱིན་

རླབས་སྔོན་དུ་འགྲོ་བ་ཉིད་ཀྱིས་མེ་ཏོག་དོར་བར་འདོད་པ་ཉིད་དེ། དེ་ལྟར་རིག་སྔགས་ཀྱི་ཆ་མང་པོ་ཉིད་ཀྱིས་སྒྲུབ་པ་པོ་རིག་སྔགས་དུ་མ་བསྒྲུབ་པའི་སྣོད་ཅན། སྔོན་མནོས་པའི་རིག་སྔགས་ལ་མ་གཏོགས་པ། དེ་ལས་གཞན་པའི་རིག་སྔགས་ལ་མེ་ཏོག་བབ་ན། རིག་སྔགས་

གཉིས་བཟླས་རྗོད་བྱེད་པའི་གོ་སྐབས་སུ་འགྱུར་དུ་འོང་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རིག་སྔགས་གང་ཡང་རུང་བ་ཞིག་བཟླས་བརྗོད་བྱེད་ཅིང་དེ་ལས་གཞན་པའི་རིག་སྔགས་ཁྱད་དུ་གསད་ན་ཕུང་བ་འབྱུང་བར་འགྱུར་ཏེ། དེ་སྐད་དུ། གང་ལ་མེ་ཏོག་བབ་པའང་། །དེ་ཉིད་བསྒྲུབ་

เล่ม ๖๙ · หน้า 41a

བྱའི་རིག་སྔགས་གཞན། །བཟླས་བརྗོད་བྱས་ན་བརླག་པར་འགྱུར། །ཞེས་གསུངས་སོ། །དཀྱིལ་འཁོར་གསུམ་དུ་སློབ་མ་གཟུང་པའི་ཆོ་ག་འདི་ཡང་། རྒྱུད་འདི་ལ་གཞུང་འདི་ཁོ་ནས་བསྟན་ཏེ། ཇི་སྐད་དུ། སློབ་མ་དཀྱིལ་འཁོར་དྲུང་བཀུག་

སྟེ། །སྔགས་པ་ཡིས་ནི་བསང་གཏོར་བྱ། །དྲི་དང་མེ་ཏོག་ཕྲེང་སྦྱིན་བྱ། །དེ་བཞིན་གཤེགས་པ་དྲན་བྱས་ནས། །བྱང་ཆུབ་སེམས་ཀྱང་འཛིན་དུ་གཞུག །དེས་ན་རྒྱལ་བའི་རིགས་དག་ལ། །ཐམས་ཅད་རབ་ཏུ་སྐྱེས་པར་འགྱུར། །ཆོས་ཀྱི་དབྱིངས་ལས་སྐྱེས་པ་ཡིས། །

ཕྱག་རྒྱ་དེ་དག་རྣམས་ལ་བཅིངས། །ཆོས་ཀྱི་འཁོར་ལོ་བཅིངས་ནས་ནི། །རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས། །དེ་ནས་སངས་རྒྱས་ཀུན་གྱི་ནི། །དམ་ཚིག་སྡོམ་བརྩོན་བདག་གིས་བཅིངས། །དེ་ཚེ་སྔགས་པས་ཆོ་ག་བཞིན། །རས་ལ་ལན་གསུམ་གདབ་པར་བྱ། །སྙིང་

རྗེར་གྱུར་པའི་ཡིད་ཀྱིས་སུ། །དེ་དག་གིས་ནི་གདོང་ཡང་བཀབ། །དམ་ཚིག་ལན་གསུམ་བཟླས་ནས་ནི། །སྤྱི་བོར་ཡི་གེ་ར་ཞེས་བྱ། །གླད་ཀྱི་འཁོར་བཅས་བརྗིད་དང་ལྡན། །འབར་བའི་ཕྲེང་བ་རྣམ་པར་འཕྲོ། །ཟླ་བ་འཆར་ཀ་ལྟ་བུ་ཡི། །ཁ་དོག་དཀར་པོ་གཞག་པར་བྱ། །

སྐྱོབ་པ་ཀུན་གྱི་སྤྱན་སྔར་ནི། །དེ་ནས་མེ་ཏོག་འདོར་དུ་གཞུག །མེ་ཏོག་གང་ལ་བབ་པ་དེ། །སྔགས་པས་དེ་ལ་སྦྱིན་པར་བྱ། །དཀྱིལ་འཁོར་དང་པོ་སྒོ་ཡི་དྲུང་། །སྒོ་ཁྱུད་ཀྱི་ནི་དབུས་ཀྱི་ཆ། །དཀྱིལ་འཁོར་གྱི་ནི་སྒོ་གཉིས་ཀྱི། །བར་དུ་སློབ་མ་གཟུང་བར་བྱ། །དེར་གནས་པ་ལ་ཆོ་ག་

ཀུན། །རིམ་པ་བཞིན་དུ་ལེགས་པར་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། འདི་ནི་དཀྱིལ་འཁོར་གསུམ་ཆར་དུ་འཇུག་པའི་སྤྱིའི་ཆོ་ག་ཡིན་ནོ། །གསང་བའི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་ཁྱད་པར་དུ་ཆོ་ག་གཞན་བསྟན་པས་དེ་བརྗོད་པར་བྱ་སྟེ། རེ་ཞིག་དང་པོར་སྙིང་རྗེ་ཆེན་པོའི་སྙིང་པོ་

ཅན་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་སློབ་མ་སྔར་བཤད་པའི་ཆོ་ག་ཁོ་ནས་གསང་བའི་དཀྱིལ་འཁོར་དུ་བཅུག་ལ། དེའི་ནང་དུ་ལེགས་པར་བཞག་ནས་དེའི་སྙིང་ཁར་རཾ་ཞེས་བྱ་བའི་མེའི་དཀྱིལ་འཁོར་ལ་གནས་པ་འབར་བའི་ཕྲེང་བས་འཁྲིགས་པ་

เล่ม ๖๙ · หน้า 41b

རྣམ་པར་བསམ་སྟེ། དེའི་འབར་བས་དེའི་ལུས་ཐམས་ཅད་ཐལ་བར་བརླག་པར་བསམ་པར་བྱའོ། །ཐལ་བའི་དབུས་སུ་ས་བོན་དུ་གྱུར་པའི་ཡི་གེ་ཨོཾ་ཞེས་བྱ་བ་མེ་ཏོག་ཀུནྡ་དང་ཟླ་བ་ལྟ་བུར་དཀར་བ་རྣམ་པར་བརྟག་པར་བྱ་སྟེ། དེས་ཀྱང་ལུས་དེ་ཉིད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་

མཛད་ཀྱི་སྐུར་བསྒྲུབ་པ་ནས། དེའི་གདན་པདྨ་ལ་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་འབྱུང་བར་བསམ་པར་བྱའོ། །སློབ་མ་ལ་ཡང་ཁྱོད་ཉིད་ཀྱིས་ཀྱང་འདི་ལྟར་སྒོམས་ཤིག་བྱ་བའི་ལུང་འདི་བསྒོ་བར་བྱ་སྟེ། དེ་སྐད་དུ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་དཀྱིལ་

འཁོར་དུ་འཇུག་པའི་ཆོ་ག་གསུངས་པ། ཀུན་དུ་བསླབ་པའི་སྔགས་པ་ནི། །གསང་བའི་དཀྱིལ་འཁོར་ལ་མཁས་པས། །དེ་ཚེ་སློབ་མའི་སྡིག་པ་ཀུན། །ཆོ་ག་བཞིན་དུ་བསྲེག་པར་བྱ། །ཅི་ནས་སླར་ཡང་མི་སྐྱེ་བར། །དེ་ཡི་འཚོ་བའང་བསྲེག་པར་བྱའོ། །བསྲེགས་ཏེ་ཐལ་བར་

གྱུར་ནས་ཀྱང་། །དེ་ནི་སླར་ཡང་གསོ་བར་བྱ། །ཡི་གེ་ཡིས་ནི་མི་འགྱུར་བསྲེག །འཚོ་བས་སླར་ཡང་གསོ་བར་བྱ། །འཚོ་བས་ཐམས་ཅད་གསོས་པ་ནི། །ཀུན་དུ་དག་ཅིང་དྲི་མ་མེད། །ཡན་ལག་བཅུ་གཉིས་ཚིག་རྣམས་ནི། །དེ་ཡི་སྣོད་ལ་དགོད་པར་བྱ། །བྱང་ཆུབ་སེམས་དཔའ་

སྐྱོབ་རྣམས་དང་། །སངས་རྒྱས་རྣམས་ཀྱི་དམ་ཚིག་ནི། །སངས་རྒྱས་རྣམས་དང་ཉན་ཐོས་དང་། །འཇིག་རྟེན་རྣམས་ཀྱིས་བཀུར་བ་ཡིན། །གསང་བའི་དཀྱིལ་འཁོར་དབུས་གནས་པའི། །དམ་ཚིག་འདི་ནི་སུས་རིག་པ། །རྒྱུད་རྣམས་ཀུན་དུ་ཞུགས་པ་དང་། །དཀྱིལ་འཁོར་ཀུན་ལ་

དབང་བ་ཡིན། །སྔགས་པ་དེ་ནི་ང་དང་འདྲ། །དམ་ཚིག་ཅེས་ནི་གཞན་མི་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །འདིའི་དོན་ནི། ཀུན་དུ་བསླབ་པའི་སྔགས་པ་ནི། །གསང་བའི་དཀྱིལ་འཁོར་ལ་གནས་པས། །ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པ་དཀྱིལ་འཁོར་བྲི་

བའི་ཆོ་ག་དང་། རིག་སྔགས་དང་གསང་སྔགས་ཐམས་ཅད་བསྒྲུབ་པའི་ཡན་ལག་གི་ཆོ་ག་དག་ལས། ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཅི་ནུས་སུ་ནན་ཏན་དུ་བསླབ་པ་ཞེས་བྱ་བར་དགོངས་པ་ཡིན་ནོ། །དེ་ཚེ་སློབ་མའི་སྡིག་པ་ཀུན། །ཆོ་ག་བཞིན་དུ་

เล่ม ๖๙ · หน้า 42a

བསྲེག་པར་བྱ། །ཞེས་བྱ་བ་ལ་འདིར་སྡིག་པ་ཞེས་བྱ་བའི་སྒྲ་ནི་འདིར་ནི་མི་འདོད་པའི་ལས་ཀྱི་བག་ཆགས་ངན་སོང་བ་ཡིན་པར་དགོངས་པ་ཡིན་ནོ། །དེར་བསྲེག་པ་ནི་སློབ་མའི་རྒྱུད་བསལ་བ་ཡིན་ནོ། །དེ་ལ་དགོངས་པ་ནི་སློབ་མའི་སྙིང་གར་ཆོས་ཀྱི་དབྱིངས་ཀྱི་

ཡི་གེ་དགོད་པ་དང་། དེའི་དོན་སེམས་པའི་སྒོ་ནས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བརྟག་པར་བྱའོ། །སློབ་མ་ཉིད་ཀྱང་དེ་བཞིན་དུ་བདག་ཉིད་ལ་མོས་པར་བྱའོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་སེམས་མོས་པ་ནི་མི་འདོད་པའི་ལས་ཀྱི་བག་ཆགས་ཀྱིས་མི་མཐུན་པའི་ཕྱོགས་ཡིན་པས་སྡིག་

པ་ཀུན། ཆོ་ག་བཞིན་དུ་བསྲེག་པར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ཡི་ཆོ་གའང་བསྲེག་པར་བྱ། །ཞེས་བྱ་བ་ལ་འཚོ་བ་ནི་རང་གི་ལུས་ལ་བྱ་སྟེ། དེ་བས་ན་དགོས་པ་ནི་ཆོས་ཀྱི་དབྱིངས་སུ་མོས་པ་སྡིག་པའི་བག་ཆགས་ཀྱི་གཉེན་པོ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་རང་བཞིན་གྱི་ལུས་སུ་སྣང་

བའི་གཉེན་པོ་ཡང་ཡིན་ནོ་སྙམ་པ་འདི་ཡིན་ནོ། །ཅི་ནས་སླར་ཡང་མི་སྐྱེ་བ་ཞེས་བྱ་བ་ནི་སློབ་དཔོན་དང་སློབ་མ་དག་ཆོས་ཀྱི་དབྱིངས་སུ་ཤིན་ཏུ་མོས་པ་སྟོན་པར་བྱེད་དོ། །བསྲེགས་ཏེ་ཐལ་བར་གྱུར་ནས་ཀྱང་། །ཞེས་པ་འདིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་སྙིང་གར་དགོད་པ་དེའི་དོན་སེམས་པའི་

སྒོ་ནས་སློབ་མ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བྱིན་གྱིས་བརླབ་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། རཾ་ཞེས་བྱ་བ་སྙིང་གར་བཀོད་པ་འབར་བའི་ཕྲེང་བས་འཁྲིགས་པ་དེ་ཁོ་ནས་སློབ་མ་ཐལ་བར་བརླག་པར་ཡང་བསམ་པར་བྱ་བ་འདི་སྟོན་པར་བྱེད་དོ། །དེ་ནི་སླར་ཡང་གསོ་བར་བྱ། །ཞེས་

བྱ་བ་ནི་ཡང་རང་གི་ལུས་སུ་སྣང་བར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ཡི་འཚོ་བའང་བསྲེག་པར་བྱ། །ཞེས་གང་གསུངས་པ་གང་གིས་བསྲེག་པར་བྱ་བ་མ་གསུངས་པས་དེའི་ཕྱིར། ཡི་གེ་ཡིས་ནི་མི་འགྱུར་བསྲེག །ཅེས་བྱ་བ་གསུངས་ཏེ། དེ་ལ་ཡི་གེ་ཡིས་ཞེས་བྱ་བ་ནི་རཾ་ཞེས་བྱ་

བའི་དཀྱིལ་འཁོར་ལ་གནས་པས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །མི་འགྱུར་བསྲེག་ཅེས་བྱ་བ་ནི་ངོ་བོ་ཉིད་ལས་མི་འགྱུར་བས་ན་མི་འགྱུར་བའོ། །བསྲེག་པ་ནི་ལེགས་པར་བསྲེག་ཅེས་བཤད་པ་ཡིན་ནོ། །དེ་ནི་སླར་ཡང་གསོ་བར་བྱ། །ཞེས་བཤད་ཀྱི། ཇི་ལྟར་གསོ་བར་བྱ་བ་ནི་མ་

เล่ม ๖๙ · หน้า 42b

བཤད་པས་དེའི་ཕྱིར། འཚོ་བས་སླར་ཡང་གསོ་བར་བྱ། །ཞེས་གསུངས་སོ། །དེ་ལ་འཚོ་བ་ཞེས་བྱ་བ་ནི་འདིར་ཨ་ཞེས་བྱ་བ་ཡི་གེ་ཐམས་ཅད་ཀྱི་འཚོ་བ་ཡིན་པར་བཤད་དེ། ཇི་སྐད་དུ། ཨ་ཞེས་བྱ་བ་འཚོ་བར་བཤད། །ཀུན་དུ་གཙོ་བོར་དབང་ཕྱུག་ཡིན། །ཞེས་གསུངས་

པ་ལྟ་བུ་ཡིན་ནོ། །དེའི་ཕྱིར་ཨ་ཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབ་པར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། འཚོ་བ་ཐམས་ཅད་གསོ་བ་ཡིན། །ཀུན་དུ་དག་ཅིང་དྲི་མ་མེད། །ཅེས་བྱ་བ་གསུངས་ཏེ། འདི་ནི་གདན་པདྨ་ལ་བཞུགས་པའི་བྱིན་གྱིས་

བརླབ་པར་བྱ་བ་ཡིན་ནོ། །པདྨ་དེའི་འདབ་མ་དེ་དག་ལ་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་འབྱུང་བར་བསམ་པར་བྱ་སྟེ་དེའི་ཕྱིར། ཡན་ལག་བཅུ་གཉིས་ཚིག་རྣམས་ནི། །དེ་ཡི་སྣོད་ལ་དགོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྣོད་ནི་འདིར་རྟེན་ཡིན་པར་བཤད་

དོ། །དེ་ལྟ་བས་ན་རིམ་པ་འདིས་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བསྒྲུབ་པ་དེ་ཡིན་པ་དེ་ཉིད་འདིར་མི་རུང་བའི་དོན་དམ་རྟོགས་པར་བྱ་བའི་དོན་གྱིས་དམ་ཚིག་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་སྐུར་མོས་པར་བྱ་བའི་དམ་ཚིག་གང་ཡིན་པ་དེ་ནི་

ཐམས་ཅད་ཀྱིས་བཀུར་ཞིང་མངོན་པར་འདོད་པ་ལ་འདའ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང་། །སངས་རྒྱས་རྣམས་ཀྱི་དམ་ཚིག་འདི། །སངས་རྒྱས་རྣམས་དང་ཉན་ཐོས་དང་། །འཇིག་རྟེན་རྣམས་ཀྱིས་བཀུར་བ་ཡིན། །

ཞེས་གསུངས་སོ། །རྣམ་པར་སྣང་མཛད་ཀྱི་སྐུའི་མཚན་ཉིད་ཀྱི་དམ་ཚིག་འདི་ཡང་གསང་བའི་དཀྱིལ་འཁོར་གྱི་ནང་ཁོ་ནར་བྱིན་གྱིས་བརླབ་པའི་དམ་ཚིག་ཅེས་བྱའི། གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསང་བའི་དཀྱིལ་འཁོར་དབུས་གནས་པའི། །དམ་ཚིག་

འདི་ནི་སུས་རིག་པ། །ཞེས་བྱ་བ་གསུངས་སོ། །གསང་བའི་དཀྱིལ་འཁོར་གྱི་ནང་དུ་བྱས་པའི་དམ་ཚིག་འདིའི་ཕན་ཡོན་བསྟན་པའི་ཕྱིར། རྒྱུད་རྣམས་ཀུན་དུ་ཞུགས་པ་དང་། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །ཞེས་བྱ་བ་གསུངས་ཏེ་དེ་ལ། རྒྱུད་རྣམས་ཀུན་དུ་

เล่ม ๖๙ · หน้า 43a

ཞུགས་པ་དང་། །ཞེས་བྱ་བ་འདི་ནི་རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་དག་ཏུ་དམ་ཚིག་ཅན་དག་ཏུ་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །ཞེས་བྱ་བ་ནི་རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་རོ་ཞེས་

བཤད་པར་འགྱུར་རོ། །གོང་དུ། འཚོ་བས་ཐམས་ཅད་གསོས་པ་ནི། །ཀུན་དུ་དག་ཅིང་དྲི་མ་མེད། །ཅེས་བཤད་པའི་ཚིག་འདི་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བྱའོ་ཞེས་གསལ་བར་ཀུན་དུ་མ་བསྟན་པས། སྔགས་པ་དེ་ནི་ང་དང་འདྲ། །དམ་ཚིག་ཅན་ནི་གཞན་

མི་བྱ། །ཞེས་བྱ་བ་གསུངས་ཏེ། འདིའི་དོན་སློབ་མ་དེས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསྒོམ་པར་བྱའོ་ཞེས་པ་ཡིན་ནོ། །ད་ནི་དབང་བསྐུར་བའི་རིམ་པ་ཀུན་ནས་བསྡུ་བར་བྱ་སྟེ། དེ་ལ་དབང་བསྐུར་བའི་སྒྲའི་དོན་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་

ལྷ་བྲིས་པ་རྣམས་ཀྱི་མདུན་དུ་གཤེར་བར་བྱ་བའི་ཁྲུས་གང་ཡིན་པ་དེ་ནི་དབང་བསྐུར་བ་ཞེས་བྱ་བའི་ཚིག་གི་དོན་ཡིན་ནོ། །དབང་བསྐུར་བ་དེ་ཡང་སློབ་མ་ཇི་ལྟ་བུ་ཞིག་ལ་བྱ་བ་དང་། ཅི་ལྟར་བྱ་བ་དང་། ཅིའི་ཕྱིར་བྱ་བ་ཞེས་བྱ་བ་འདི་གསུམ་བརྗོད་པར་བྱ་སྟེ། དེ་ལ་རྒྱུད་འདི་ལས་

དབང་བསྐུར་བར་མོས་པའི་སློབ་མ་གཉིས་ཀྱིས་མཚན་ཉིད་གསུངས་ཏེ། འདི་ལྟ་སྟེ། དམ་ཚིག་དཀྱིལ་འཁོར་མཐོང་བ་བྱང་ཆུབ་ཀྱི་སེམས་ལ་ལེགས་པར་གོམས་པར་བྱས་པ་ཉིད་ཀྱིས་ཤེས་རབ་ཟབ་མོ་དང་ལྡན་པ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཤིན་ཏུ་རྣམ་

པར་ངེས་པས་རིག་སྔགས་དང་གསང་སྔགས་དང་། རྒྱུད་དང་རྟོག་པ་ལ་སོགས་པའི་དོན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཐེག་པ་ཆེན་པོའི་ཚུལ་ཟབ་མོ་ལ་མོས་པ་ལས་བྱུང་བའི་བློས་མོས་པ་ཤིན་ཏུ་བརྟན་པར་བྱ་བའི་སློབ་མ་འདི་ནི་དབང་བསྐུར་བར་འོས་པ་ཅིག་ཡིན་ནོ། །

གཉིས་པ་ནི་དམ་ཚིག་གི་དཀྱིལ་འཁོར་མཐོང་བ་དེ་བཞིན་དུ་རིག་སྔགས་དང་གསང་སྔགས་དང་རྒྱུད་དང་རྟོག་པ་དག་ལ་ཐོས་པ་དང་བསམས་པ་དང་གོམས་པས་སེམས་ཀྱི་རྒྱུད་ཤིན་ཏུ་དྲི་མ་མེད་པར་བྱས་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་དུ་མ་གྱུར་པའི་ཚེ། དམིགས་པ་ཅན་ཉིད་ཀྱིས་

เล่ม ๖๙ · หน้า 43b

ཕྱིའི་བྱ་བ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་གཉིས་ཀྱི་མཚན་ཉིད་ཀྱང་། རྒྱུད་འདི་ལས་སློབ་དཔོན་རབ་ཏུ་དབྱེ་བ་བསྟན་པ་ཁོ་ན་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལས་ནི་སློབ་མ་ཤེས་རབ་ཟབ་མོ་ལ་མོས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དག་བྲི་བར་བྱ་

བའི་སློབ་དཔོན་ཉིད་དུ་དབང་བསྐུར་བར་བྱ་བ་ནི་གཅིག་ཡིན་ནོ། །དེ་ལས་གཞན་པ་ནི་འཇིག་རྟེན་པའི་དཀྱིལ་འཁོར་གྱི་སློབ་དཔོན་དུ་དབང་བསྐུར་བར་བྱ་བ་ཡིན་ནོ་ཞེས་བཤད་དོ། །ཇི་སྐད་དུ། གསང་སྔགས་ཕྱག་རྒྱ་རྟོག་ཤེས་པའི། །སློབ་དཔོན་རྣམ་པ་གཉིས་ཤེས་བྱ། །

ཟབ་དང་མི་ཟབ་བྱེ་བྲག་ལས། །དེ་ཡི་མཚན་ཉིད་ཤེས་པར་བྱ། །ཟབ་མོ་རྒྱ་ཆེན་ཤེས་པར་བྱ། །ལུས་ཅན་རྣམས་ནི་ཡིད་མི་རྟོན། །སངས་རྒྱས་རྣམས་ཀྱི་སྲས་མཆོག་སྟེ། །མཐོང་བའི་ཆོས་ནི་རྣམ་པར་སྤངས། །གཉིས་པ་མཐོང་བའི་ཆོས་རྣམས་ཀྱིས། །མོས་པར་

གྱུར་པ་དམིགས་པ་ཅན། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །འཇིག་རྟེན་པ་ཡི་དཀྱིལ་འཁོར་ཀུན། །དེ་ཡིས་བྲི་བར་བྱ་བའི་ཕྱིར། །རྗེས་སུ་གནང་ཞིང་དབང་ཡང་བསྐུར། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །འདིར། འཇིག་རྟེན་པ་ཡི་དཀྱིལ་འཁོར་ཀུན། །

དེ་ཡིས་བྲི་བར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་གོང་དུ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཚོ་ན་དགྱེ་བ་ལ་སོགས་པའི་བྱ་བ་ལ་ལྟོས་པ་དང་བཅས་པ་དག་ཁོ་ན་འཇིག་རྟེན་པ་ཞེས་བྱའོ་ཞེས་བཤད་པ་ཡིན་ནོ། །དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །

དེ་ལ་ཕྱག་རྒྱ་མི་བསྟན་ཅིང་། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་བཟུང་། །ཞེས་བཤད་པ་མ་ཡིན་ནམ། ཇི་ལྟར་དམིགས་པ་དང་བཅས་པ་བྱང་ཆུབ་ཀྱི་སེམས་མ་གོམས་པ་ཉིད་ཀྱིས་སློབ་དཔོན་དུ་དབང་བསྐུར་བའི་

གོ་སྐབས་སུ་འགྱུར། །འདི་ལྟར་གང་ལ་ཕྱག་རྒྱ་དང་སྔགས་ཀྱང་མི་སྦྱིན་པའི་སློབ་མ་དམིགས་པ་ལ་སྤྱོད་པ་དེ་ལ། ཇི་ལྟར་སློབ་དཔོན་དུ་དབང་བསྐུར་བ་སྦྱིན་པར་བྱ་ཞེས་བརྗོད་ཅེ་ན། འདི་ནི་ཉེས་པ་མེད་དེ་འདི་ལྟར་ཚིག་འདི་ནི་སྒྲུབ་པ་པོ་ལ་དགོངས་པས་བཤད་པར་བྱ་བ་ཡིན་ཏེ། སློབ་

เล่ม ๖๙ · หน้า 44a

མ་གང་ཞིག་སྔགས་ཀྱིས་དངོས་གྲུབ་སྒྲུབ་པར་འདོད་པ་དེ་ལ་བྱང་ཆུབ་ཀྱི་སེམས་མ་གོམས་པར་སྔགས་སྦྱིན་པར་མི་བྱའོ། །གང་ཞིག་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་པར་འདོད་པ་རྣམས་སམ་གསང་སྔགས་བཟླས་བརྗོད་བྱེད་པ་ལ་

སོགས་པས་བསོད་ནམས་སྒྲུབ་པ་དེ་ལ་ནི་བྱང་ཆུབ་ཀྱི་སེམས་མ་གོམས་ཀྱང་སྔགས་སྦྱིན་པར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟ་བས་ན་ཡང་དག་པར་བརྗོད་པའི་ཡོན་ཏན་དང་ལྡན་པའི་སློབ་མ་དམིགས་པ་ཅན་དང་། དམིགས་པ་མེད་པར་གཉིས་ཀ་ལ་ཡང་དཀྱིལ་འཁོར་གྱི་སློབ་དཔོན་གྱི་

དབང་བསྐུར་བར་བྱའོ་ཞེས་བྱ་བར་གནས་སོ། །དཀྱིལ་འཁོར་དེ་ཡང་གོང་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བཤད་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་ཚོན་གྱིས་བྲི་བ་ལ་སོགས་པའི་

ཕྱིའི་བྱ་བ་ལ་ལྟོས་པ་དང་བཅས་པ་དག་སྒྲུབ་པར་བྱེད་པ་དེའི་ཚེ་ནི་འཇིག་རྟེན་པའོ་ཞེས་ཐ་སྙད་འདོགས་སོ། །འདི་ལྟར་རྒྱུད་འདི་ལས་གསང་སྔགས་མཉེས་པར་བྱ་བའི་ཡན་ལག་ཕྱིའི་བཟླས་བརྗོད་དང་། སྦྱིན་སྲེག་དང་མཆོད་པ་ལ་སོགས་པ་སྒྲུབ་པ་གཞན་དག་ལ་བཤད་པའི་སྦྱིན་སྲེག་

ལ་སོགས་པ་དེ་དག་གི་མཚན་ཉིད་ཀྱི་ཚིག་དག་ལ་ཡང་འཇིག་རྟེན་པའོ་ཞེས་བཤད་དོ། །ཕྱིའི་མེ་ཏོག་ལ་སོགས་པའི་དཀྱིལ་འཁོར་མཚན་མ་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །གང་གི་ཚེ་སློབ་དཔོན་གྱིས་སློབ་མ་སེམས་ཟབ་ཅིང་རྒྱ་ཆེ་བ་དང་སྐལ་བ་མཉམ་

པ་རྣམས་ཁོ་ནའི་ཆེད་དུ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དེ་ཉིད་དམ། དཀྱིལ་འཁོར་གཞན་ཡང་རུང་སྟེ་ཡིད་ཀྱིས་བཤད་པའི་མཚན་ཉིད་ཅན་ཡིད་ཀྱིས་བསྒྲུབས་ཏེ། སློབ་མ་དེ་དག་ལ་དམ་ཚིག་སྦྱིན་པ་ལ་སོགས་པའི་བྱ་བ་ལ་འཇུག་པའི་ཚེ་ནི་རྒྱུད་འདི་ལས་

དཀྱིལ་འཁོར་དེ་ཕྱིའི་བྱ་བ་ཚོན་དགྱེ་བ་ལ་སོགས་པ་ལྟོས་པ་དང་བཅས་པ་མ་ཡིན་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་ཞེས་བཤད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་གོམས་པ་ཟབ་ཅིང་རྒྱ་ཆེ་བ་ལ་སོགས་པ་ནི་ཁྱད་པར་མེད་པར་འཇིག་རྟེན་དང་འཇིག་རྟེན་

เล่ม ๖๙ · หน้า 44b

ལས་འདས་པའི་དཀྱིལ་འཁོར་གཉིས་ཀ་བྲི་བར་དབང་བསྐུར་བ་ཁོ་ནར་རྗེས་སུ་དཔག་ལ། སློབ་མའང་དམིགས་པ་ཅན་ནི་འཇིག་རྟེན་པའི་དཀྱིལ་འཁོར་དག་ཁོ་ན་བྲི་བ་དབང་བསྐུར་བ་དེ་ཡང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དག་ཏུ་རྣམ་པ་ཀུན་དུ་བསྟན་ཏེ།

ཚུལ་འདི་ལ་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་སློབ་མ་དབང་བསྐུར་བ་གསུམ་ཆར་ཡང་རིམ་གྱིས་ཐོབ་ནས་སློབ་དཔོན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་དང་ལྡན་པར་འགྱུར་རོ་སྙམ་པ་ཡིན་པར་མངོན་ནོ། །དེ་ལ་དཀྱིལ་འཁོར་གསུམ་ཆར་དུ་ཡང་དབང་བསྐུར་བ་ནོད་པའི་རིམ་པ་ནི་བརྗོད་

པར་བྱ་སྟེ། དེ་ལ་རེ་ཞིག་དང་པོར་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བྲིས་པའི་མདུན་དུ། བྱང་ཆུབ་ཀྱི་སྙིང་པོ་དང་མཐུན་པར་བྱེད་པའི་དབང་བསྐུར་བའི་དཀྱིལ་འཁོར་བྲིས་པར་སློབ་མ་ཇི་ལྟར་རྩ་བའི་དཀྱིལ་འཁོར་དུ་འཇུག་པའི་ཚེ། རྡོ་རྗེ་སེམས་དཔའི་སྐུ་ཁོ་ནར་བྱིན་གྱིས་

བརླབས་པ་ལྟ་བུ་ཁོ་ནས་སློབ་དཔོན་ཉིད་ཀྱིས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར་རོ། །དེ་ནས་དམ་ཚིག་བསྒྲགས་པར་བྱ་སྟེ་འདི་ནི་སློབ་མ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོར་དབང་

བསྐུར་ཏེ་དང་པོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དབང་བསྐུར་བ་འདིའི་མཚན་ཉིད་ཀྱང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བསྟན་པ་ལས་གསུངས་ཏེ། གསང་བའི་བདག་པོ་དེ་ལ་སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་བར་ཁྲུ་དོ་བོར་ནས། ཕྱི་རོལ་གྱི་ས་ལ་

དཀྱིལ་འཁོར་གཉིས་པ་གྲུ་བཞི་པ་སྒོ་གཅིག་པ་བྲི་བར་བྱའོ། །གྲྭ་བཞིར་རྡོ་རྗེ་འཛིན་པ་བཞི་དགོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྤྲོས་པ་མེད་པར་གནས་པ་དང་། ནམ་མཁའ་དྲི་མ་མེད་པ་དང་། དྲི་མ་མེད་པའི་མིག་དང་། གོས་སྣ་ཚོགས་གོན་པ་རྣམས་སོ། །དབུས་སུ་

པདྨ་ཆེན་པོ་འདབ་མ་བརྒྱད་པ་ཟེ་བ་དང་བཅས་པ་བཞག་སྟེ། འདབ་མ་བཞི་ལ་བྱང་ཆུབ་སེམས་དཔའ་གྲོགས་སུ་གྱུར་པ་སྔོན་གྱི་སྨོན་ལམ་གྱི་མཐུ་ཅན་བྲི་བར་བྱ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། དྲན་པ་དང་ཤེས་བཞིན་ཅན་དང་ཕན་པའི་ལྷག་པའི་བསམ་པ་ཅན་དང་

เล่ม ๖๙ · หน้า 45a

སྙིང་རྗེ་ཅན་ནོ། །འདབ་མ་གཞན་རྣམས་ལ་ནི་ཕྱག་བརྙན་བཞི་བྲི་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སེམས་ཀྱི་ཁྱད་པར་ལ་སྤྱོད་པ་དང་། འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། མ་ཆགས་པ་དང་རྣམ་པར་གྲོལ་བའོ། །དབུས་སུ་ནི་ཆོས་ཀྱི་

དབྱིངས་བསམ་གྱིས་མི་ཁྱབ་པའི་གཟུགས་བཞག་གོ། །དེ་ནས་རིན་པོ་ཆེའི་བུམ་པ་བཞིར་རིན་པོ་ཆེ་དང་སྨན་ཐམས་ཅད་བླུགས་པ་ཀུན་དུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་ཐམས་ཅད་སྤོང་བ་རྣམས་ཀྱིས་བྱིན་གྱིས་

བརླབས་པས་སྤྱི་བོ་ནས་དབང་བསྐུར་རོ། །པདྨ་དམ་པ་དེ་ལ་ནི། །སྔགས་པ་བདག་གིས་དེ་བཞིན་ཏེ། །སྤོས་དང་མེ་ཏོག་གིས་མཆོད་ནས། །མར་མེ་མཆོད་ཡོན་སྦྱིན་པར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང་། །རྔ་སྒྲ་ཡིད་དུ་འོང་བ་དང་། །བཀྲ་ཤིས་རྒྱ་ཆེན་

སྙན་པ་ཡི། །ཚིག་གིས་ལེགས་པར་མངོན་དགའ་བྱ། །སྐྱོབ་པ་རྣམས་ཀྱི་སྤྱན་སྔ་རུ། །དེ་ནི་བསྒྲིམས་ཏེ་དབང་བསྐུར་རོ། །སྤོས་དང་མེ་ཏོག་བཟང་པོ་ཡིས། །དེ་ལ་ཡང་ནི་མཆོད་པར་བྱ། །དེ་ནས་གསེར་གྱི་ཐུར་མ་ནི། །ཐོགས་ཏེ་མདུན་དུ་འདུག་ནས་སུ། །སློབ་

མའི་སྙིང་ལ་འབབ་པའི་ཚིག །འདི་སྐད་དུ་ནི་སྨྲ་བར་བྱ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་བཞིན། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་བླངས་ནས་སུ། །ཆོས་ཀྱི་མཚན་ཉིད་

བཤད་པར་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དངས་ཤིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་འབྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་པ་མེད། །དེ་ལྟར་ཆོས་རྣམས་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །

འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་རྐང་པའི་བར་འོག་ཏུ། །ཆོས་ཀྱི་འཁོར་ལོ་གཞག་པར་བྱ། །དེ་ནས་ལག་པ་གཡས་པར་ཡང་། །ཤིན་ཏུ་བཟང་པོའི་དུང་བྱིན་ཏེ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་དུ་རྒྱས་པར་བུས་ནས་ཀྱང་། །དེ་རིང་ཕན་ཆད་འཇིག་རྟེན་ལ། །

เล่ม ๖๙ · หน้า 45b

སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་བྱས་པ་གཟོ་ཞེས་བྱའོ། །རྡོ་

རྗེ་འཛིན་པ་དེ་ཀུན་ཀྱང་། །ཁྱོད་ལ་རྣམ་པ་ཀུན་དུ་སྲུང་། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་རིན་པོ་ཆེའི་བུམ་པ་བཞི་ཞེས་བྱ་བ་ནི། རིན་པོ་ཆེ་ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་སྔོན་པོར་སྣང་བ་ལས་བྱས་པའམ། དེ་དང་མཐུན་པར་ཁམ་པ་ལས་བྱས་པ་དག་སྙམ་

དུ་དགོངས་པ་ཡིན་ནོ། །བུམ་པ་ཀུན་དུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ངན་སོང་ཐམས་ཅད་སྤོང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སྐལ་ལྡན་དེ་དག་གིས་མིང་དོན་དང་མཐུན་པ་དག་ཁོ་ནས་བུམ་

པ་བཞིའི་དབང་བསྐུར་བར་དགོངས་པར་བཤད་པ་ཡིན་ཏེ། འདི་ལྟར་ངན་སོང་གི་ལས་ཐམས་ཅད་ཟད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ངན་སོང་ཐམས་ཅད་སྤོང་བས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་རོ། །དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་རྣམ་པར་གནོན་

པའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པའི་བུམ་པས་དབང་བསྐུར་རོ། །དེའི་ཕྱིར་དབང་བསྐུར་བ་འདི་དག་གཉིས་ནི་འཁོར་བའི་ཉེས་པ་ཐམས་ཅད་རྣམ་པར་བཟློག་པའི་ཕྱིར། ལས་དང་ཉོན་མོངས་པ་ཐམས་ཅད་འཇོམས་པའི་གཉེན་པོའི་ས་བོན་བཏབ་པ་ཡིན་ནོ། །ཀུན་དུ་

བཟང་པོས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་གནས་སྐབས་ཀྱི་ས་བོན་བཏབ་པ་ཡིན་ནོ། །བྱམས་པས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་བ་ནི་རྒྱལ་ཚབས་ཀྱི་ས་ཐོབ་པའི་ས་བོན་བཏབ་པ་ཡིན་ནོ། །

དེའི་ཕྱིར་དབང་བསྐུར་བར་བྱ་ཞིང་། འདི་གཉིས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གོ་འཕང་ཐོབ་པའི་རྒྱུའི་ས་བོན་བཏབ་པ་བྱས་པ་ཡིན་ནོ་ཞེས་བྱ་བར་བལྟ་བར་བྱའོ། །དེའི་ཕྱིར་སློབ་དཔོན་གྱི་རིམ་པ་འདི་ཉིད་ཀྱི་བུམ་པ་དག་གིས་དབང་བསྐུར་བར་བྱ་ཞིང་། དོན་དེ་ལྟ་བུ་

เล่ม ๖๙ · หน้า 46a

དང་ལྡན་པའི་ཚིག་དག་གིས་མངོན་པར་དགའ་བ་སྔོན་དུ་འགྲོ་བ་བརྗོད་པའི་བུམ་པས་དབང་བསྐུར་བར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་དབང་བསྐུར་བའི་སློབ་མ་ཡང་རྩ་བའི་དཀྱིལ་འཁོར་གྱི་ནང་དུ་བཅུག་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་

མདུན་དུ། གོང་དང་མཐུན་པར་བྱས་ནས་སྔགས་རྣམས་མཉན་པར་བྱ་བ་དང་། དཀྱིལ་འཁོར་རྣམས་བྲི་བར་བྱ་བ་ལ་དབང་བསྐུར་བར་འགྱུར་བ་ལ་ལུས་དང་ངག་དང་ཡིད་ཀྱི་བསླབ་པ་དགེ་བ་དང་མི་དགེ་བ་ལ་འཇུག་ཅིང་ལྡོག་པའི་ངོ་བོ་དམ་ཚིག་ཅེས་བྱ་བ་ནོད་དུ་གཞུག་གོ། །

བསླབ་པ་དེ་ནི་འདིས་དངོས་གྲུབ་ལ་སོགས་པ་ཀུན་ནས་ཐོབ་པར་འགྱུར་བས་རྒྱུད་འདི་ལས་དམ་ཚིག་ཅེས་བཤད་དོ། །དེ་ཉིད་འདའ་བར་མི་རུང་བའི་དོན་གྱིས་ཀྱང་དམ་ཚིག་ཅེས་བྱ་བར་བསྟན་ཏོ། །དམ་ཚིག་ནོད་པའི་ཆོ་ག་ནི། །དེ་ནས་སློབ་མ་དེ་བསླང་ལ། །སྔགས་པ་སྙིང་

རྗེར་གྱུར་པ་ཡིས། །ཡིད་ཀྱིས་ནང་དུ་བཅུག་ནས་ནི། །དེ་ལ་དམ་ཚིག་བསྟན་པར་བྱ། །དེ་རིང་ཕན་ཆད་ཁྱོད་ཀྱིས་ནི། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཁྱོད་ཀྱི་སེར་སྣ་དང་ནི་གང་། །སེམས་ཅན་གནོད་

པར་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་བདག་གིས་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་བསྲུང་། །ཞེས་བྱ་བ་གསུངས་པ་ཡིན་ནོ། །སློབ་དཔོན་གྱི་དམ་ཚིག་བསྒོ་བ་དང་། སློབ་མས་ཁས་བླང་བའི་ལུང་

ནི། སློབ་མས་བླ་མའི་རྐང་པ་ལ། །དད་ཅིང་གུས་པས་ཕྱག་བྱས་ནས། །ཤིན་ཏུ་ངེས་པའི་ཡིད་ཀྱིས་ནི། །དེ་དག་ཐམས་ཅད་ཁས་བླང་ངོ་། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་མནོས་པའི་སློབ་མ་དེའི་འོག་ཏུ་ཡི་གེ་

འཁོར་ལོའི་དཀྱིལ་འཁོར་བྲིས་པ་དེའི་མདུན་དུ་དབང་བསྐུར་བར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ཡི་གེས་ས་བོན་བྱས་པའམ་པདྨ་ཅན་གྱི་དཀྱིལ་འཁོར་བྲིས་པའི་མདུན་དུ་བཅུག་ལ། སློབ་མ་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལོངས་

เล่ม ๖๙ · หน้า 46b

སྤྱོད་རྫོགས་པའི་སྐུ་འོག་ནས་འབྱུང་བའི་རིམ་གྱིས་ཡི་གེ་དགོད་པ་སྔོན་དུ་འགྲོ་བ་ཅན་གྱི་སྐུར་བྱིན་གྱིས་བརླབས་ཏེ། རིན་པོ་ཆེ་སྣ་བཞིའི་བུམ་པ་སྔ་མ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་སྔགས་ཀྱིས་བཏབ་པ་དག་གིས་དབང་བསྐུར་བར་བྱའོ། །དེ་ནས་ཡང་འོག་ནས་འབྱུང་བའི་

རིམ་གྱིས་ཨོཾ་ཞེས་པ་ལ་སོགས་པའི་ཡི་གེ་དགོད་པའི་སྒོ་ནས་རྣམ་པར་སྣང་མཛད་ཀྱི་སྐུ་རྫོགས་པར་མོས་པ་བྱ་སྟེ། ཇི་སྐད་དུ་གསང་བའི་བདག་པོ་དེ་ལ་སློབ་དཔོན་གྱིས་བདག་ཉིད་དེ་བཞིན་གཤེགས་པའི་གཟུགས་སུ་དེའི་སྔགས་སམ་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་སློབ་མ་

རྣམས་བོས་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་པདྨའི་རྒྱལ་པོ་ཞེས་བྱ་བ་ལ་བཞག་སྟེ། ཡན་ལག་འབྱུང་བའི་ཕྱག་རྒྱ་བཅིངས་ལ་བྱང་ཆུབ་སེམས་དཔའ་བཞིའི་བྱིན་གྱིས་བརླབས་པའི་རིན་པོ་ཆེ་སྣ་བཞིའི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །ཨ་ནི་ཀླད་ཀོར་བཅས་པ་

རུ། །མཁས་པས་སྤྱི་བོར་བཞག་ནས་ནི། །ཨ་ཞེས་བྱ་བ་སྙིང་ཁར་གཞག །ར་ཞེས་བྱ་བ་བྲང་དུ་གཞག །ཡང་ན་ཨ་ནི་ཀུན་དུ་གཞག །གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དང་ནི་དབུ་རྒྱན་བཅས། །པདྨ་དཀར་པོའི་གདན་ལ་བཞུགས། །རྒྱལ་བའི་མཆོག་

ནི་ཏིང་འཛིན་གནས། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་པདྨ་ལ་དབང་བསྐུར་བའི་དགོངས་པ་ནི། ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་སྟོང་པ་ཡིན་ནོ། །དེ་བརྗོད་པར་འགྱུར་བའི་ས་བོན་ནི་རྒྱུད་འདི་ལས་ར་ཞེས་བྱ་བར་བཤད་པ་ཡིན་ནོ། །དེས་མཚོན་པའི་པདྨ་ནི་

ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པར་བཤད་དོ། །དེ་ལ་འདུག་པའི་སློབ་མ་ལ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། ཇི་ལྟར་ཆོས་ཀྱི་དབྱིངས་ཉེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དེ་ལྟར་འདིར་དབང་བསྐུར་བའི་སློབ་མ་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཐོབ་པའི་ས་བོན་དང་

ལྡན་པ་ཡང་རིམ་གྱིས་སྐུ་གཉིས་ཐོབ་ནས། སེམས་ཅན་གྱི་དོན་གྱི་རྗེས་སུ་ཆགས་པའི་ཆོས་དག་སྟོན་ཀྱང་། ཆོས་ཀྱི་དབྱིངས་ལྟ་བུར་ཉེས་པ་ཐམས་ཅད་ཀྱིས་མ་གོས་པར་འགྱུར་རོ་སྙམ་པ་འདི་ཡིན་ནོ། །དེ་བཞིན་དུ་གསང་བའི་དཀྱིལ་འཁོར་བྲིས་པར་སྔར་མ་བཤད་པའི་ཆོ་གས་

เล่ม ๖๙ · หน้า 47a

བཅུག་ལ། དེའི་ནང་དུ་བཞག་སྟེ། ཡི་གེ་ཡིས་ནི་མི་འགྱུར་བསྲེག །ཅེས་བྱ་བ་ལ་སོགས་པས་ཏིང་འཛིན་སྒོམ་པའི་ལུང་གིས་ཆོས་ཀྱི་སྐུའི་དབང་བསྐུར་བས་དབང་བསྐུར་བར་བྱ་བ་འདི་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆོས་ཀྱི་སྐུ་འཐོབ་པར་

འགྱུར་བའི་དབང་བསྐུར་བ་སྟེ་གསུམ་པ་ཡིན་པར་བལྟའོ། །འདི་ལྟར་གསང་བའི་དཀྱིལ་འཁོར་ལས་དབང་བསྐུར་བའི་དཀྱིལ་འཁོར་ཇི་སྐད་བཤད་པ་ལྟ་བུ་བྲི་བ་ཡང་མ་སྨོས་ལ་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་གཞན་ཡང་ཡང་དག་པར་མ་བསྟན་གྱི། གསང་བའི་

དཀྱིལ་འཁོར་དུ་འཇུག་པའི་ཕན་ཡོན་བསྟན་པའི་སྐབས་སུ། གསང་བའི་དཀྱིལ་འཁོར་དབུས་གནས་པའི། །དམ་ཚིག་འདི་ནི་སུས་རིག་པ། །རྒྱུད་རྣམས་ཀུན་དུ་ཞུགས་པ་དང་། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །ཞེས་བྱ་བ་འདི་གསུངས་སོ། །དཀྱིལ་འཁོར་ཀུན་ཞེས་

བྱ་བ་ནི་འདིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་གཟུང་ངོ་། །དེ་དག་ལ་དབང་བ་ནི་བྲི་བ་དང་། ལུང་འབོགས་པ་ལ་སོགས་པ་སྟེ། དེ་ཡང་ཤུགས་ཀྱིས་སློབ་དཔོན་གྱི་དབང་བསྐུར་བ་རྣམས་ཐོབ་ནས་འཐོབ་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །གསང་བའི་དཀྱིལ་འཁོར་གྱི་

ནང་དུ་བཅུག་པའི་ཚེ་ཏིང་ངེ་འཛིན་བསྒོམ་པའི་ལུང་། ཡི་གེ་ཡིས་ནི་མི་འགྱུར་བསྲེག །ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན། སློབ་མ་དང་སློབ་དཔོན་བདག་ཉིད་ཀྱི་ཡི་གེས་ལུས་སྲེག་པའི་རིམ་གྱིས་སློབ་མ་ཆོས་ཀྱི་སྐུར་བསམ་པ་གང་ཡིན་པ་འདི་ཉིད་གསང་བའི་དཀྱིལ་འཁོར་དུ་

དབང་བསྐུར་བ་ཡིན་པར་རྗེས་སུ་དཔག་གོ། །གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་འདིའི་མཚན་ཉིད་ཀྱང་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་སྐབས་ཁོ་ནར་བསྟན་པར་བྱའོ། །དཀྱིལ་འཁོར་གསུམ་ཆར་དུ་སློབ་མ་དབང་བསྐུར་བའི་ཆོ་ག་བཤད་ཟིན་ཏོ། །དེ་ལྟར་ན་སྙིང་རྗེ་

ཆེན་པོའི་སྙིང་པོ་ཅན་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་ཕྱིའི་དབང་བསྐུར་བ་གཉིས་བཤད་པ་ཡིན་ནོ། །དབང་བསྐུར་བ་དེ་གཉིས་ཀྱི་དབང་བསྐུར་བའི་ཕྱིར་ཡོ་བྱད་རྣམས་འབྱོར་ཀྱང་རུང་མ་འབྱོར་ཀྱང་རུང་སྟེ། ཟབ་ཅིང་རྒྱ་ཆེ་བ་ལ་སྤྱོད་པའི་སློབ་མ་ལ་ཡིད་ཀྱིས་དབང་བསྐུར་བ་

เล่ม ๖๙ · หน้า 47b

འདི་གཉིས་བཤད་དོ། །དེ་ལ་ཡིད་ཀྱིས་དབང་བསྐུར་བའི་ཆོ་ག་ནི། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ནི་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བྲིས་པའི་མདུན་དུ་བཞག་ནས། ཅི་རིགས་པར་དཀྱིལ་འཁོར་གཉིས་སུ་དབང་བསྐུར་བའི་ཆོ་ག་ཡིད་ཀྱིས་བསྒོམས་ཏེ་འདི་སྐད་དུ། ངས་

ཁྱོད་ཆོ་ག་ཅི་ནུས་སུ་དབང་བསྐུར་ཟིན་གྱི་གསང་སྔགས་ཀྱི་ཚུལ་ལ་འཇུག་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་ལྟ་བས་ན་ཡིད་ཀྱིས་དབང་བསྐུར་བ་འདི་དང་། འོག་ནས་འབྱུང་བའི་ཆོ་གས་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བ་དང་། གོང་དུ་བཤད་པའི་ཕྱིའི་

དབང་བསྐུར་བ་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །རྣམ་པ་འདི་གསུམ་གྱི་མཚན་ཉིད་ཀྱང་རྒྱུད་ལས་བཤད་དེ། དབང་བསྐུར་གསུམ་དུ་ཤེས་བྱ་སྟེ། །དེ་བས་ནན་ཏན་མཉན་པར་གྱིས། །ཕྱག་རྒྱ་གང་ཞིག་དབང་བསྐུར་བ། །ལས་དང་བྱ་བ་སྤངས་པ་སྟེ། །སྐྱོབ་པ་རྣམས་ཀྱིས་

དབང་བསྐུར་བ། །དེ་ནི་མཆོག་སྟེ་དང་པོ་ཡིན། །གཉིས་པ་ལས་དང་བྱ་བ་ཡིས། །ཀུན་ནས་བསླང་བར་ཡང་དག་བཤད། །གསུམ་པ་ཡིད་ཀྱིས་ཞེས་བྱ་སྟེ། །ཡུལ་དང་དུས་ནི་སྤང་བའོ། །བླ་མ་ལེགས་པར་མགུ་བྱས་ན། །ཕན་པར་བྱེད་པ་གང་སྨྲས་པ། །དབང་བསྐུར་

འདི་ནི་མཆོག་ཡིན་པར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྒྲགས། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་སློབ་མ་ཕྱག་རྒྱས་གང་ཞིག་དབང་བསྐུར་བ་ཞེས་བྱ་བ་ནི་སློབ་མ་དབང་བསྐུར་བ་སྦྱིན་པར་འོས་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་རམ། ཡི་གེ་

འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བྲིས་པར་བཅུག་ལ་དཀྱིལ་འཁོར་གྱི་མདུན་དུ་བཞག་སྟེ། ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །ཁྱད་པར་དུ་ནི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བྲིས་པའི་མདུན་དུ་དབང་བསྐུར་བའི་ཚེ་ནི་དབང་བསྐུར་བ་གསུམ་

ཆར་ལ་ཡང་ཅི་རིགས་པར་སློབ་མ་རྡོ་རྗེ་སེམས་དཔའི་སྐུ་ཁོ་ནར་བྱིན་གྱིས་བརླབ་པར་བྱའོ། །ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་ནི་སློབ་མ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཉིད་དུ་བསྒོམས་ནས་དབང་བསྐུར་བར་བྱའོ། །གསང་བའི་དཀྱིལ་འཁོར་

เล่ม ๖๙ · หน้า 48a

དུ་དབང་བསྐུར་བའི་ཚེ་ནི། སློབ་མ་རྡོ་རྗེ་སེམས་དཔའི་སྐུ་ཉིད་དུ་བསྒོམས་ནས་དཀྱིལ་འཁོར་དེར་བཅུག་སྟེ། དེ་ལས་བཤད་པའི་མཚན་ཉིད་ཅན་ཆོས་ཀྱི་སྐུའི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ལ་སློབ་མ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་

དུ་དབང་བསྐུར་བ་ནི། །བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་སྐུ་ཐོབ་པར་བྱེད་པ་ཡིན་ནོ། །ཡི་གེ་འཁོར་ལོ་བསྐོར་བར་དབང་བསྐུར་བ་ནི་ཕྱིས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཐོབ་པར་བྱེད་པ་ཡིན་ནོ། །གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་གང་ཡིན་པ་འདི་ནི་འདིའི་ཆོས་ཀྱི་སྐུ་ཐོབ་

པ་ཡིན་པར་བལྟའོ་ཞེས་སྔར་བཤད་པ་ཡིན་ནོ། །དེ་ལ་འདི་ལ་བྱང་ཆུབ་ཀྱི་སྙིང་པོའི་སྐུ་ལ་སོགས་པ་ལ་འཇུག་པའི་མཚན་ཉིད་བཤད་པ་ནི། ད་ནི་འཇིག་རྟེན་དང་པོ་ཡི། །འཇིག་རྟེན་མགོན་ཞེས་བསྒྲགས་པ་ཡིན། །བླ་མེད་གཟོད་ནས་ཞི་བ་ནི། །མཉམ་པ་མེད་པའི་ཆོས་བཤད་

དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་ནས་བྱིན་གྱིས་བརླབས། གང་གིས་བྱིན་དུ་བརླབས་ན་བྱང་ཆུབ་སེམས་དཔའ་དེ་རྣམས་དང་། རྡོ་རྗེ་འཛིན་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པ་ནམ་མཁའ་

བཞིན་དུ་སྤྲོས་པ་མེད་པ། སྤྱོད་པ་ལ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་མཚན་ཉིད་ལས་ཀྱི་རྣམ་པར་སྨིན་པ་བཞིན་དུ་མཐོང་བར་གྱུར་པ་དེ་ལྟ་བུས་བྱིན་གྱིས་བརླབས་པ་མཛད་དོ་ཞེས་གང་གསུངས་པ་ཡིན་ཏེ། དེ་ལ་ད་ནི་འཇིག་རྟེན་དང་པོའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་

ནི། །བདག་ཉིད་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་འཇིག་རྟེན་ལ་ཆོས་སྟོན་པར་བྱེད་དོ། །དེ་ལ་དང་པོ་འབྱུང་བའི་འཇིག་རྟེན་ནི་འཇིག་རྟེན་དང་པོ་སྟེ་མུ་སྟེགས་བྱེད་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་ཡིན་ཏེ། འཆགས་པའི་བསྐལ་པ་

དང་པོ་ཉིད་དུ་བྱུང་བའི་ཕྱིར་རོ། །འཇིག་རྟེན་དང་པོ་དེ་དག་གི་ནང་ན་ནི་འཇིག་རྟེན་གྱི་མགོན་ཡིན་ནོ། །ཁྱོད་ཇི་ལྟར་འཇིག་རྟེན་མགོན་པོ་ཡིན་ཞེ་ན་ཞེས་བྱ་བའི་སྒྲ་ནི། གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཆོས་བླ་ན་མེད་པ་གཟོད་མ་ནས་ཞི་བ། མཉམ་པ་མེད་པས་

เล่ม ๖๙ · หน้า 48b

སྟོན་པ་ཞེས་བྱ་བའི་དོན་ཡིན་ནོ། །དེ་བས་ན་དགོངས་པ་ནི་དེ་དག་གི་ལམ་ཟག་པ་དང་བཅས་ཤིང་དམིགས་པ་དང་བཅས་པ་སྟོན་པར་བྱེད་པ་ཉིད་ཀྱིས་ཡང་དག་པར་འཇིག་རྟེན་སྐྱོང་བ་མ་ཡིན་ནོ་སྙམ་པ་འདི་ཡིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་

བཞུགས་པར་མཐོང་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མངོན་པར་བྱང་ཆུབ་པའི་སྐུ་ལ་འཇུག་པ་སྟོན་ཏོ། །འདི་ལྟར་དང་པོར་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ལ་འཇུག་པར།

དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་དེ་དག་དང་། གསང་བའི་བདག་པོ་ལ་སོགས་པའི་རྡོ་རྗེ་འཛིན་པ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་སོ། །དེ་བཞིན་

དུ་གསུང་དང་ཐུགས་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་ཏེ་ཞེས་བྱ་བའི་གཞུང་འདིས་བསྟན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་པ་ལ་སོགས་པ་མཐོང་ནས་ཡོན་ཏན་གྱི་ཁྱད་པར་མཐོང་བས། བཅོམ་ལྡན་འདས་

རྣམ་པར་སྣང་མཛད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་མཐོང་བའི་ལམ་དུ་གྱུར་པ་དེ་རྣམས་ཀྱིས་ཤེས་པར་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་། ང་ནི་འཇིག་རྟེན་དང་པོ་ཡི། །འཇིག་རྟེན་མགོན་ཞེས་བསྒྲགས་པ་ཡིན། །བླ་མེད་གཟོད་ནས་ཞི་བ་ནི། །མཉམ་པ་མེད་པའི་ཆོས་

བཤད་དོ། །ཞེས་བྱ་བའི་ཚིག་འདི་རྣམས་ཀྱི་ཚིག་གི་དོན་ཁ་ཅིག་ཆོས་ཀྱི་སྐུའི་དགོངས་པས་གཞན་དུ་ཡང་དཔོག་པར་བྱེད་དེ། འདི་ལྟ་སྟེ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གསུམ་གྱི་བྱེ་བྲག་གིས་

སྐུ་གསུམ་ཡིན་ནོ། །དེ་ལ་དེ་དག་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི། ངོ་བོ་ཉིད་གཅིག་པ་མི་འགྱུར་བར་ཡོངས་སུ་གྲུབ་པས་རྟག་པར་འགྲོ་བ་སྐྱེ་བ་དང་འཇིག་པ་དང་ལྡན་པ་ཐོག་མ་མེད་པ་ཐམས་ཅད་ཀྱི་དང་པོར་གྱུར་པ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་དེ་བདག་ཉིད་ཀྱི་ཐུགས་ལ་

เล่ม ๖๙ · หน้า 49a

བཞག་ནས། ང་ནི་འཇིག་རྟེན་དང་པོའི་ཞེས་བྱ་བ་གསུངས་ཏེ། དེས་ན་དགོངས་པ་ནི་ང་ཉིད་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་འཇིག་རྟེན་སྐྱེ་བ་དང་འཇིག་པ་དང་ལྡན་པ་རྣམས་ཀྱི་དང་པོ་ཡིན་ནོ། །ཕྱོགས་འདི་ལ་ནི་ཚིགས་སུ་བཅད་པ་དང་མཐུན་པར་རྣམ་པར་དབྱེ་བ་དང་པོ་

མི་མངོན་པར་བསྟན་པར་རིག་པར་བྱའོ། །ཆོས་བཤད་དོ་ཞེས་བྱ་བ་འདིའི་དོན་ཡང་ཆོས་ཀྱི་སྐུའི་དབང་གིས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་གསུང་བཀོད་པའི་རྒྱན་སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་འགྲུབ་པའི་ཕྱིར་རོ་སྙམ་པ་ཡིན་ནོ། །ཆོས་ཀྱི་སྐུ་ལ་འཇུག་པ་ཡང་གསང་

བའི་དཀྱིལ་འཁོར་བསྟན་པའི་སྐབས་སུ་བསྟན་ཏེ། རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་འབྱུང་བ་བཤད་པའི་སྐབས་དེར་ཇི་སྐད་དུ། དེ་ནས་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་ལ་བཞུགས་ནས་ཆོས་མཉམ་པ་

ཉིད་ལ་བལྟས་ཏེ། མ་འོངས་པའི་སྐྱེ་བོ་རྣམས་ལ་བརྟགས་ནས་རིག་སྔགས་ཀྱི་རྒྱལ་པོ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་འདི་སྨྲས་སོ་ཞེས་བྱ་བ་ལ་སོགས་པ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །བསམ་པ་ཐམས་ཅད་མགུ་གྱུར་པ། །རྫོགས་སངས་རྒྱས་ཀྱིས་བྱིན་བརླབས་

པས། །འདི་སྐད་ཀྱི་ནི་ཚིག་ཏུ་སྨྲས། །ཆོས་འདི་རྣམས་ནི་མཚན་ཉིད་མེད། །ངོ་བོ་ཉིད་མེད་གནས་མེད་པ། །ལས་དང་ཚེ་ལས་རྣམ་པར་གྲོལ། །རྫོགས་པའི་སངས་རྒྱས་འདྲ་བར་འདོད། །ཐུགས་རྗེ་མངའ་ནི་མཛད་པ་ཡི། །མགོན་པོ་རྣམས་ཀྱི་ཐབས་ཀྱིས་ནི། །

རྣམ་པར་སྤྲུལ་ནས་ཆོས་རྣམས་ཀྱི། །མཚན་ཉིད་འདི་དག་རྟོགས་པར་གྱུར། །ཞེས་བྱ་བའི་བར་བསྟན་པ་ལྟ་བུ་ཡིན་ནོ། །དཀྱིལ་འཁོར་དུ་སློབ་དཔོན་དུ་དབང་བསྐུར་བའི་ཆོ་ག་རྣམ་པ་གསུམ་ཆར་ཡང་བཤད་ཟིན་ཏོ་ཞེས་བྱ་བའི་ཆོ་ག་ནི། འོག་ནས་མཚན་མ་དང་བཅས་པ་དང་།

མཚན་མ་མེད་པ་ལ་སྦྱོར་བ་ལ་གོམས་པའི་སྒོ་ནས་ཀུན་ནས་བསྡུ་བར་བྱ་སྟེ། འདི་ནི་དཀྱིལ་འཁོར་རྣམ་པ་གསུམ་ཆར་ལས་བཤད་པའི་ཆོ་ག་བསྡུས་པའི་དོན་ཡིན་ནོ།། །།བམ་པོ་ལྔ་པ། ད་ནི་རིག་སྔགས་དང་གསང་སྔགས་ལ་སོགས་པ་མཉེས་པར་བྱ་བའི་ཕྱིར། སྒྲུབ་པ་

เล่ม ๖๙ · หน้า 49b

པོ་རྣམས་ཀྱི་སྤྱོད་པའི་འབྲས་བུ་དང་བཅས་པ་རྒྱུད་ལས་བཤད་པའི་བསྡུས་པའི་དོན་དཔྱད་པར་བྱའོ། །དེ་ལ་སྒྲུབ་པ་པོའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ་དང་། གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྔར་བསྙེན་

པའི་ཆོ་གའི་མཚན་ཉིད་ཅན་གྱི་སྦྱོར་བའི་སྤྱོད་པ་དང་། དེ་བཞིན་དུ་སྤྱོད་པ་གསུམ་པ་གསང་སྔགས་བསྒྲུབས་པས་གསང་སྔགས་ཀྱི་འབྲས་བུ་འགྲུབ་པ་སྟེ། འབྲས་བུ་ནི་གསང་སྔགས་ཀྱི་འབྲས་བུའི་ངོ་བོ་ཉིད་དངོས་གྲུབ་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལ་གསང་སྔགས་མཉེས་

པར་བྱ་བ་ལ་འཇུག་པའི་སྤྱོད་པ་ནི། ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་ནི་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བའི་མཚན་ཉིད་ཇི་སྐད་དུ་བཤད་པ་དག་ཡིན་ནོ། །དེ་ལས་གཞན་པ་དག་ནི་རིག་སྔགས་དང་གསང་སྔགས་མཉེས་པར་བྱེད་པའི་དམ་ཚིག་གི་ངོ་བོ་

ཉིད་ཡིན་ཏེ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཡང་དང་ཡང་དུ་སྙིང་རྗེ་དང་། །བྱམས་པའི་སེམས་ནི་ཉེར་བཞག་སྟེ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་

པ་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། རེ་ཞིག་འདི་ནི་གསང་སྔགས་མཉེས་པར་བྱེད་པ་རྣམས་ཀྱི་འཇུག་པའི་སྤྱོད་པ་ཕལ་ཆེར་ཐུན་མོང་དུ་བྱ་བའི་ངོ་བོ་ཉིད་ཡིན་ནོ། །དེ་ལས་གཞན་པ་དག་

ནི་འདི་ལས་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་དང་། གསང་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྤྱོད་པ་ཐུན་མོང་དུ་བཤད་པ་དག་ཡིན་ཏེ། དེ་ཡང་འདི་ལས་བསླབ་པ་བཟུང་བར་རིམ་པར་ཕྱེ་བ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ཐབས་དང་བཅས་པའི་རྗེས་སུ་བྱེད་པའི་ངོ་

བོ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསླབ་པའི་གཞི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེ་ཚོམ་དང་ཡིད་གཉིས་མ་མཆིས་ཤིང་འཁོར་བ་ན་འཁོར་བའི་

เล่ม ๖๙ · หน้า 50a

ཚེ། ཉམས་པར་མི་འགྱུར་བ་དག་བཤད་དུ་གསོལ་ཞེས་བྱ་བ་རྒྱས་པར་གསུངས་པ་ནས་ཡང་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ལས་ཕྱིར་ལྡོག་པར་བྱའོ། །བརྫུན་དུ་སྨྲ་བ་དང་། ངག་

རྩུབ་མོ་སྨྲ་བ་དང་། ཕྲ་མ་ཟེར་བ་དང་། ཚིག་འཁྱལ་པར་སྨྲ་བ་ལས་ཕྱིར་ལྡོག་པར་བྱའོ། །བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་ལས་ཀྱང་ཕྱིར་ལྡོག་པར་བྱའོ་ཞེས་བྱ་བ་གང་གསུངས་པ་ཡིན་ཏེ། འདི་དག་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ལས་འདའ་

བ་དང་མི་འདའ་བ་ནི་རྒྱུད་འདི་ལས་ཡོངས་སུ་དཔྱད་པར་བྱ་སྟེ། འདི་ནི་སྒྲུབ་པ་པོ་རྣམས་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་འཇུག་པས་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ཕྱིའི་ཞེས་བཤད་པ་ཡིན་ནོ། །ནང་གི་ནི་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་མཉམ་པར་འཇོག་པ་དང་།

མཐུན་པ་ཁོ་ན་ཡིན་ཏེ། དེ་ཡང་འདི་ལས་སེམས་ཀྱི་རྒྱུན་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་མཉམ་པར་འཇོག་པ་དང་མཐུན་པ་ཉིད་དུ་རྣམ་པ་གཉིས་སུ་བསྟན་པར་ཤེས་པར་བྱ་སྟེ། སྒྲུབ་པ་པོ་རྣམས་ཀྱི་གོམས་པའི་མཐུ་དང་མཐུན་པར་བསྟན་པ་ཡིན་ནོ། །དེ་ལ་སྒྲུབ་

པ་པོའི་འཇུག་པའི་སྤྱོད་པ་མཚན་མ་མེད་པ་ནི། བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་དེ་གང་གི་དབང་དུ་མཛད་ནས། དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཞིང་། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་

སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་བཟུང་། །ཞེས་གསུངས་པ་ཡིན་ནོ། །རེ་ཞིག་འདི་ནི་གསང་སྔགས་སྒྲུབ་པ་ཐམས་ཅད་ཀྱི་འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་བཞིན་དུ་ཁྱད་པར་དུ་ཡང་དེ་བཞིན་གཤེགས་པའི་སྙིང་

པོ་རྣམས་བསྒྲུབ་པའི་སྐབས་ནས། འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་ཅན་ཁོ་ནར་བཤད་དེ། གང་གི་དབང་དུ་མཛད་ནས། སྐྱེད་མོས་ཚལ་ལམ་གཙུག་ལག་ཁང་ངམ། ཕུག་གམ་ཡིད་གང་དུ་དབེན་པ་དེར་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་ནམ་མཚན་མ་

เล่ม ๖๙ · หน้า 50b

བྱུང་གི་བར་དུ་དེ་སྲིད་དུ་འདུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་མཚན་མ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པའི་ཏིང་ངེ་འཛིན་ལ་སེམས་དུས་ཇི་སྲིད་འདོད་ཀྱི་བར་དུ་བརྟན་པར་གྱུར་པ་ཡིན་ཏེ། དེ་སྐད་དུ་འདི་ལས། སློབ་མས་བསྒྲིམས་

ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་དུ་དག་པར་བྱའོ། །གང་ཚེ་དམིགས་པ་རྣམས་ཀྱིས་ནི། །སློབ་མ་ནམ་ཡང་མི་གཡོ་བ། །དེ་ཚེ་ནམ་མཁའ་ལྟ་བུར་ནི། །དྲི་མེད་ཀུན་དུ་དག་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་གཞན་ལས་ཀྱང་སེམས་ཡོངས་སུ་སྦྱོར་བ་མཚན་མ་དང་

བཅས་པ་དང་མཚན་མ་མེད་པ་ལ་དམིགས་པའི་ཏིང་ངེ་འཛིན་གོམས་པ་ལས་སེམས་དམིགས་པ་གཅིག་ལ་དུས་ཇི་སྲིད་འདོད་ཀྱི་བར་དུ་བརྟན་པར་གྱུར་པས་བཟླས་བརྗོད་ལ་སོགས་པ་ལ་བཏུབ་པའི་སེམས་མཉམ་པར་འཇོག་པ་གྲུབ་པ་གང་ཡིན་པ་དེ་ཉིད་དེ་ཡོངས་སུ་སྦྱོར་བའི་མཚན་ཉིད་

དུ་གསུངས་ཏེ། སྣ་ཡི་རྩེ་མོར་བལྟ་ཞིང་རྣམ་རྟོག་སྤང་། །གང་ཚེ་རྣམ་པར་སྤྱོད་ཀྱང་མི་གཡོ་བ། །དེ་ཚེ་སེམས་ནི་དམིགས་པ་ལ་གནས་པ། །ཐོབ་པར་འགྲུབ་ཅེས་བྱ་བར་ཤེས་པར་བྱའོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ཉིད་ལས་སེམས་དམིགས་པ་གཅིག་ལ།

བརྟན་པ་ལུས་དང་སེམས་ཀྱི་ཡོན་ཏན་འབྱུང་བས་བཟླས་བརྗོད་ཀྱི་ལྷ་བསྒོམ་པ་ལ་སོགས་པ་བཏུབ་པ་ཉིད་དུ་བསྟན་པའི་ཕྱིར། སྒྲུབ་པ་པོ་ནི་བསམ་གཏན་དང་ལྡན་པའི། །མི་ལ་དགའ་བའི་མཆོག་ནི་སྐྱེ་བར་འགྱུར། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པར་འགྱུར། །ཤིན་ཏུ་ལུས་

སྦྱངས་པ་ལས་བདེ་སྟེར་འགྱུར། །དགའ་ཞིང་བདེ་ན་དེ་ཚེ་དོགས་མེད་པར། །བཟླས་བརྗོད་དག་ལ་ཡིད་གཅིག་ཏིང་འཛིན་སྐྱེ། །ཞེས་གསུངས་སོ། །དེ་བཞིན་དུ་དེ་ཉིད་ལས་བཟླས་བརྗོད་བྱེད་པ་ན་སེམས་བརྟན་པའི་བཟླས་བརྗོད་བྱེད་པའི་ཕན་ཡོན་བཤད་དེ། བཟླས་བརྗོད་ཀྱིས་

ནི་ཚེ་རབས་བརྒྱུད་པར་གང་། །སྡིག་པ་བྱས་ཏེ་མ་ལུས་ཟད་པར་འགྱུར། །སྡིག་པ་ངན་པ་ཀུན་ནས་ཟད་གྱུར་ན། །དངོས་གྲུབ་ཡིད་དུ་འོང་བ་ཐོབ་པར་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ལས་སེམས་བརྟན་པར་མ་བྱས་པའི་བཟླས་བརྗོད་ཀྱི་སྦྱོར་བའི་ལུང་ཡང་

เล่ม ๖๙ · หน้า 51a

བསྟན་ཏེ། ལེ་ལོའི་དགའ་དང་སྡུག་བསྔལ་མཚུངས་ལྡན་པའི། །སེམས་ནི་གང་དང་གང་དུ་རྒྱུར་གྱུར་པ། །དེ་དང་དེ་ནས་བསྒྲིམས་ཏེ་དེ་བཟློག་ནས། །གསང་སྔགས་ཡི་གེ་མཆོད་བྱ་དག་ལ་སྦྱར། །ཞེས་གང་གསུངས་པ་ཡིན་ནོ། །སེམས་

མཉམ་པར་གཞག་པའི་མཚན་མ་འདི་ནི་རང་གི་སེམས་ཡོངས་སུ་སྦྱང་བ་དང་། མཚན་མ་དང་བཅས་པ་དང་མཚན་མ་མེད་པའི་འོག་ནས་འབྱུང་བ་དག་ལས་ཀྱང་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས་འཇུག་པའི་སྤྱོད་པ་མཚན་མ་

མེད་པའི་རྣལ་འབྱོར་གོམས་པའི་མཚན་ཉིད་ཅན་ཡང་བཤད་དོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་སྒྲུབ་པར་འདོད་པས་འདི་ལྟར་བསམ་པར་བྱའོ། །མཚན་མ་རྣམས་གང་ནས་བྱུང་། ཅི་བདག་གི་

ལུས་སམ་བདག་གི་སེམས་སམ། བདག་གི་ཡིད་ལས་བྱུང་། དེ་ལ་ལུས་ནི་ལས་ལས་སྐྱེས་པ་སྟེ། རྩྭ་དང་ཤིང་དང་བོང་བ་ལྟ་བུ་ངོ་བོ་ཉིད་ཀྱིས་བྱ་བ་མེད་པ་བླུན་པ། ཕྱི་རོལ་གྱི་རྣམ་པ་ལྟ་བུ་ལ། བཟོས་བྱས་པའི་གཟུགས་ལྟ་བུར་བརྟག་པར་བྱའོ། །ཇི་ལྟར་བཟོས་བྱས་པའི་གཟུགས་

དེ་ལས་མི་ཞིག་ཁྲོས་ཏེ། མེའམ་དུག་གམ་མཚོན་ནམ་ཆུའམ། རྡོས་བཤིག་གམ་བསྲེགས་སམ་བཅད་ཀྱང་། མི་དགའ་ཅུང་ཟད་ཀྱང་མེད་ལ། བཟའ་བའམ། བཏུང་བའམ། བཀྲུ་བའམ། བྱུག་པའམ། སྤོས་སམ་ཕྲེང་བའམ་གོས་སམ་ཙནྡན་ནམ་ག་པུར་ལ་སོགས་པ་ལྷ་དང་མིའི་ཡོ་

བྱད་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཀྱང་མི་དེ་ལ་དགའ་བར་འགྱུར་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་དེ་ལ། རང་གི་ང་རྒྱལ་ཀུན་ནས་བསླང་བའི་ཕྱིར་ཕྱིན་ཅི་ལོག་གི་ཡང་དག་པ་མ་ཡིན་པར་རྟོག་པ་ལས་བྱུང་བའི་མཆོད་པའམ་གནོད་པར་བྱེད་པའི་མི་གང་ཡིན་པ་

དེ་ནི་བྱིས་པའི་རང་བཞིན་ཅན་ཡིན་ནོ། །གསང་བའི་བདག་པོ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པས་ངོ་བོ་ཉིད་ཀྱིས་སྟོང་པར་བསྒྲུབ་པར་བྱའོ། །གསང་བའི་བདག་པོ་གཞན་ཡང་། སེམས་ནི་ངོ་བོ་ཉིད་མེད་པ་མཚན་མ་ཐམས་ཅད་དང་བྲལ་བ། ངོ་བོ་ཉིད་ཀྱིས་སྟོང་པར་བསམ་

เล่ม ๖๙ · หน้า 51b

པར་བྱའོ། །གསང་བའི་བདག་པོ་སེམས་ལས་ནི། དུས་གསུམ་མེད་དོ། །དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་མཚན་མ་དང་བྲལ་བའོ་སྙམ་དུ་བསམ་པར་བྱའོ། །གསང་བའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས་པར་རྟོགས་ཏེ།

འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ཚིག་བླ་དགས་མ་ཡིན་ནོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི། མ་སྐྱེས་པའོ་ཞེས་བྱ་བར་ནི་རབ་ཏུ་མི་ཤེས་སོ། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་དེ་ལྟར་

བསམས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གསང་བའི་བདག་པོ་ནམ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ་དེ་ལ་དེ་བཞིན་གཤེགས་པའི་གསང་སྔགས་རྣམས་མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །

འདིར་སེམས་ཞེས་བྱ་བའི་སྒྲ་ནི་གཟུགས་ལ་སོགས་པ་ལ་དམིགས་པ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་བཟུང་སྟེ། སེམས་ཀྱི་དམིགས་པ་གཟུགས་ལ་སོགས་པ་དེ་དག་ནི་གཅིག་དང་དུ་མའི་རིགས་པའམ། གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པས་དཔྱད་ན།

ངོ་བོ་ཉིད་མེད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་སེམས་ཀྱིས་དམིགས་པར་རུང་བ་མ་ཡིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པའི་དམིགས་པ་མེད་པའི་ཕྱིར། དེ་ལ་དམིགས་པར་བྱེད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡང་མ་སྐྱེས་པ་ཡིན་ནོ། །གང་མ་སྐྱེས་པ་

དེ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བར་རྣམ་པར་གཞག་པར་རུང་བ་མ་ཡིན་ནོ། །དེའི་ཕྱིར་སེམས་ལ་དུས་གསུམ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་གཟུགས་ལ་སོགས་པའི་ཕུང་པོ་བཞིའི་ངོ་བོ་ཉིད་ལ་དམིགས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་ཉིད་ཀྱི་སེམས་

མེད་པར་བརྟག་པར་བྱའོ། །ད་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་ཀྱི་སེམས་ཀྱང་གཟོད་མ་ནས་མ་སྐྱེས་ཤིང་མ་བྱུང་བ་ཉིད་དུ་བརྟགས་པའི་ལུང་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས་པར་རྟོགས་ཏེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ཚིག་བླ་དགས་སོ། །ཡང་

เล่ม ๖๙ · หน้า 52a

དག་པ་མ་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བར་ནི། མི་ཤེས་སོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་འདིར་ཡིད་ཅེས་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ཡིན་པར་དགོངས་ཏེ། དེ་སྐད་དུ་འདི་ལས། དཀར་པོ་སེར་པོ་དམར་པོ་གང་། །

ཡིད་ཀྱིས་སེམས་པར་བྱེད་པ་སྟེ། །དེ་ལ་ཡོངས་སུ་གཅོད་པ་གང་། །དེ་ནི་སེམས་ཀྱིས་བྱེད་པ་ཡིན། །སེམས་ནི་མགུ་ནས་ངེས་གྱུར་པ། །ཏིང་ངེ་འཛིན་ཞེས་བསྒྲགས་པ་ཡིན། །རྣལ་འབྱོར་དེར་གནས་རྫོགས་སངས་རྒྱས། །རྐང་གཉིས་དམ་པར་བསམ་པར་བྱ། །ཞེས་གསུངས་

སོ། །འདིར་དཀར་པོ་ནི་ཟླ་བའི་དཀྱིལ་འཁོར་རོ། །སེར་པོ་ནི་སའི་དཀྱིལ་འཁོར་རོ། །དམར་པོ་ནི་མེའི་དཀྱིལ་འཁོར་ཏེ་ཅི་རིགས་པར་རྒྱུད་འདི་ལས་རྫོགས་པར་སངས་རྒྱས་པ་ལ་སོགས་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་བསྟན་པ་ཉིད་དུ་བཤད་དོ། །ཡིད་དེ་

ལ་སྔོན་པོ་དང་སེར་པོ་དང་དམར་པོ་ལ་སོགས་པར་སྣང་བ་གང་ཡིན་པ་དེ་སྔར་མཛད་པའི་རིགས་པ་ཉིད་ཀྱིས་དཔྱད་ན་རུང་བ་མ་ཡིན་པས་རྣལ་འབྱོར་པ་རྣམས་དེའི་རྣམ་པ་ཅན་གྱི་ཡིད་ཀྱང་མེད་པ་ལ་འཇུག་གོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ཚིག་བླ་དགས་

སོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བ་གསུངས་ཏེ། དེ་སྐད་དུ་གཞན་ལས་ཀྱང་། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བ་དེ་དོ་ན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་བཤད་དོ། །དེ་ལྟར་མཚན་མ་མེད་པའི་

ཏིང་ངེ་འཛིན་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་དང་པོ་ཉིད་དུ་ལུས་མ་བསྒོམས་པའི་གཟུགས་ཉིད་རང་བཞིན་གྱིས་བེམས་པོ་ཉིད་ཡིན་པས་སྔོན་པོ་ལ་སོགས་པ་མཚན་མའི་རྣམ་པར་རྟོག་པའི་རྒྱུ་མ་ཡིན་པ་ཉིད་ལ་འཇུག་གོ། །དེའི་འོག་ཏུ་སྔར་བཤད་པའི་ཚུལ་གྱིས། ཕྱིའི་གཟུགས་

ལ་སོགས་པའི་ཕུང་པོ་ཡང་མེད་པ་ལ་ཞུགས་ནས་དེ་ལ་དམིགས་པའི་སེམས་ཀྱང་སྐྱེ་བ་མེད་པར་སེམས་པར་བྱེད་དོ། །དེའི་ཕྱིར་རྣལ་འབྱོར་པས་དོན་དང་སེམས་ཅན་ལ་སོགས་པར་སྣང་བའི་ཡིད་ཀྱང་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་དོན་

เล่ม ๖๙ · หน้า 52b

དང་འབྲེལ་པ་ཉིད་ཀྱིས་མེད་པ་ལ་ཞུགས་ཏེ། ཐོས་པ་དང་། བསམ་པ་དང་བསྒོམ་པའི་སྒོ་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངང་དུ་བྱའོ་ཞེས་བྱ་བར་གནས་སོ། །འདིའི་ཕན་ཡོན་བཤད་པ་ཡང་འདི་ཡིན་ཏེ། གང་ཚེ་མཚན་མ་མེད་པ་ཡི། །ཏིང་འཛིན་ཇི་ལྟ་བཞིན་རེག་པའི། །དེ་ཚེ་

སྔགས་པས་དངོས་གྲུབ་ནི། །ཡིད་ལ་ཡང་དག་འབྱུང་བ་འཐོབ། །ཅེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་མཚན་མ་མེད་པའི་རྣལ་འབྱོར་གྱི་ཕན་ཡོན་བསྟན་པའི་སྐབས་ནས། མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །མཚན་མར་བཅས་

པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་བསྒྲུབ་ཏུ་རུང་། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པར་བརྟེན་པར་བྱ། །ཞེས་གཞན་འདི་ཡང་གསུངས་སོ། །སྒྲུབ་པ་པོ་འཇུག་པའི་སྤྱོད་པ་མཚན་མ་དང་

བཅས་པ་ནི། ནང་གི་ཞེས་བྱ་སྟེ། དེ་ཡང་གསང་སྔགས་ཐམས་ཅད་ཀྱི་སྤྱིའི་བཟླས་བརྗོད་ཡན་ལག་བཞི་པའི་སྐབས་ནས། བདག་ལྷར་སྒྱུར་བ་ལ་སོགས་པ་ཡན་ལག་བཞིའི་གོམས་པའི་མཚན་ཉིད་བཤད་པ་ནི་གཅིག་ཡིན་ཏེ། གཞི་ནི་རང་གི་ལྷ་བཞག་པ། །རང་གི་ལུས་ཀྱི་གནས་ཞེས་

བྱ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྣམས་སྒྲུབ་པའི་སྐབས་ནས། བདག་ཉིད་རྫོགས་པར་སངས་རྒྱས་པའི་སྐུར་བསྒྱུར་བ་གོམས་པའི་སྒོ་ནས་བཤད་པ་ཡིན་ཏེ། དེ་ནས་སྙིང་པོ་དེ་དག་ལས་གང་ཡང་རུང་བ་ཅིག་

བཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ནི་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ཐམས་ཅད་ཀྱི་སྤྱིའི་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་རྣལ་འབྱོར་གོམས་པའི་སྒོ་ནས། སེམས་སྦྱོར་

བའི་མཚན་ཉིད་བཤད་པ་འདི་ཡིན་ཏེ། དེ་ཡང་མིག་གཉིས་སུ་ར་ཞེས་པ་སྣང་བའི་བཀོད་པས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྫོགས་པར་བྱང་ཆུབ་པའི་སྐུ་སྙིང་པོ་ཨ་ཞེས་བྱ་བས་བསྒྲུབ་པ་པདྨོ་ལ་བཞུགས་པར་བསྒོམས་ལ། རང་གི་ཀླད་པའི་རྒྱས་

เล่ม ๖๙ · หน้า 53a

ཀྱི་ནང་དུ། ཡང་སྙིང་པོ་ཨཾ་ཞེས་བྱ་བ་དེ་བཞིན་གཤེགས་པའི་གནས་སྐབས་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི་སྐུ་རྗོད་པར་བྱེད་པར་གྱུར་པ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལས་བཤད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་འབྱུང་བའི་ཕྱག་རྒྱ་ལ་གནས་པའི་རྡོ་རྗེའི་དཀྱིལ་ན་

འདུག་པར་ཇི་སྲིད་དུ་མིག་ཏུ་བཀོད་པའི་ར་ཞེས་བྱ་བའི་སྣང་བས་ཟླ་བའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྫོགས་པར་བྱང་ཆུབ་པའི་སྐུ་པདྨ་ལ་བཞུགས་པ་གཟུགས་བརྙན་ལྟ་བུར་མཐོང་བའི་བར་དུ་ལེགས་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་འོད་ཀྱི་ལམ་གྱིས་རང་

གི་སེམས་གྱེན་དུ་བཏང་ཞིང་ཀླད་པའི་རྒྱས་སུ་བཀོད་པའི་སྙིང་པོ་ཨཾ་ཞེས་བྱ་བ་དེ་ཤིན་ཏུ་ཆ་ཕྲ་ཞིང་ཟླ་བ་ལྟར་དཀར་ལ་རབ་ཏུ་གསལ་བར་སྣང་བ་ཉིད་དུ་བྱ་སྟེ། ཡུན་དེ་ལྟ་བུར་རིང་དུ་བསྒོམ་པར་བྱའོ། །དེ་ནས་སྔར་མིག་གཉིས་སུ་ར་ཞེས་བྱ་བ་བཀོད་པའི་གནས་སུ་ལ་ཞེས་བྱ་བ་ཟླ་བ་ལྟར་དཀར་བ་

ཉིད་བཀོད་ནས་དེའི་ཚེ་ན་ཆོས་ཐམས་ཅད་མཚན་ཉིད་དང་བྲལ་བའོ་ཞེས་བྱ་བར་སེམས་ཤིང་ཆོས་ཀྱི་སྐུ་ལ་མོས་པས་རང་གི་ལུས་རིལ་དང་འཇིག་རྟེན་གསུམ་གྱི་མཐས་གཏུགས་པར་སྟོང་པར་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་པར་བྱའོ། །དེའི་མཇུག་བསྡུ་བ་ནི་རང་གི་ལུས་དེ་བཞིན་གཤེགས་པ་ལ་

སོགས་པ་དང་ལྡན་པ་ཇི་ལྟར་བཀོད་པ་དང་ལྡན་པ་མཐོང་བའི་སྒོ་ནས་བྱས་ལ། དེ་བཞིན་གཤེགས་པ་ལ་སོགས་པར་སྣང་བ་མཇུག་བརྟུལ་བ་ཡང་རང་གི་ལུས་འབའ་ཞིག་ལྟ་བའི་སྒོ་ནས་བྱ་སྟེ། དེ་ལྟ་བས་ན་འདི་ནི་རིམ་གྱིས་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་

གཉིས་སེམས་པའི་སྒོ་ནས་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ནང་གི་ཡིན་པར་བལྟ་བར་བྱ་སྟེ། ཇི་སྐད་དུ། དཀར་པོ་སེར་པོ་དམར་པོ་གང་། །ཡིད་ཀྱིས་སེམས་པར་བྱེད་པ་སྟེ། །དེ་ལ་ཡོངས་སུ་གཅོད་པ་གང་། །དེ་ནི་སེམས་ཀྱིས་བྱེད་པ་ཡིན། །སེམས་ནི་མགུ་ནས་ངེས་གྱུར་པ། །དེ་ནི་སྙིང་ཞེས་

བཤད་པ་ཡིན། །གནས་དེར་གནས་པའི་གསང་སྔགས་རྣམས། །འབྲས་བུ་རྒྱ་ཆེན་སྟེར་བར་འགྱུར། །དེ་རུ་པདྨ་བསམ་པ་ནི། །འདབ་མ་བརྒྱད་པ་ཟེ་བར་བཅས། །ཨ་ཞེས་བྱ་བ་འབར་ཕྲེང་འཁྲུག །བཟང་པོ་དེ་རུ་གནས་པ་ལ། །ཞི་བ་ཀུན་དུ་རྣམ་པར་གཡོ། །གཙོ་བོ་སྣ་

เล่ม ๖๙ · หน้า 53b

ཚོགས་གཟུགས་མངའ་བ། །གློག་སྟོང་དག་ནི་འཁྲུག་པ་བཞིན། །སྣ་ཚོགས་ཀུན་དུ་སྟོན་པ་ནི། །མེ་ལོང་ཕུག་ན་གནས་པ་བཞིན། །ཆུ་ཡི་ཟླ་བ་རྣམ་པ་བཞིན། །ཐམས་ཅད་ན་ཡང་མདུན་ན་གནས། །སྔགས་པས་གསང་སྔགས་ལ་གནས་པ། །ཡིད་ནི་བདེ་བར་ཤེས་ནས་སུ། །

དེ་ནས་སྔགས་པས་སྟོང་དུ་ཡང་། །ཀླད་པའི་རྒྱས་ཀྱི་དབུས་སུ་ནི། །ཀླད་ཀོར་བཅས་པའི་མཚན་མ་ཅན། །ཨཾ་ཞེས་བྱ་བ་དེར་བསམས་ཏེ། །ཤེལ་དངས་པ་དང་གངས་འདྲ་བ། །དྲི་མེད་དག་པ་མཐོང་བ་ནི། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐམས་ཅད་ཀྱི་ནི་གཞི་ཞེས་བྱ། །དེ་ལས་གསང་

སྔགས་དངོས་གྲུབ་ནི། །སྣ་ཚོགས་གཟུགས་ཅན་འཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་གནས་མཐོང་ན། །མཐོ་རིས་དང་ནི་བྱང་གྲོལ་ཐོབ། །ར་ཞེས་བྱ་བ་མར་མེ་བཞིན། །འབར་བའི་མིག་ཏུ་བཞག་ནས་ཀྱང་། །མགྲིན་པ་ཅུང་ཟད་དགུ་པོར་བྱ། །ལྕེ་ཡང་རྐན་ལ་སྦྱར་ནས་

ནི། །སྙིང་གའི་གནས་སུ་རྣམ་བལྟ་ཞིང་། །མཉམ་པར་བཞག་སྟེ་ཡིད་ལ་བལྟ། །དྲི་མེད་ཤིན་ཏུ་རྣམ་དག་པར། །རྟག་ཏུ་མེ་ལོང་བཞིན་དུ་གནས། །དེ་ནི་ཡིད་ཀྱི་ཡང་དག་པར། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས། །ཡིད་ཀྱིས་སྣང་བྱས་ལམ་ལ་ནི། །རྣམ་པར་ཤེས་པ་སྣང་

བར་འགྱུར། །དེ་ནས་སྔགས་པས་རྫོགས་སངས་རྒྱས། །རྐང་གཉིས་གཙོ་བོ་མཐོང་བར་འགྱུར། །དེ་མཐོང་སྔགས་པས་དངོས་གྲུབ་ནི། །རབ་ཏུ་རྟག་པ་ཐོབ་པར་འགྱུར། །དེ་ནས་གོང་དུ་བསྒྱུར་ནས་སུ། །ཡི་གེ་ཡོངས་སུ་བསམ་པ་ནི། །ལ་ཞེས་བྱ་བ་ཀླད་ཀོར་བཅས། །མིག་གི་

གནས་སུ་བསམ་པར་བྱ། །འདི་ཀུན་སྟོང་པར་མཐོང་ན་ནི། །གོ་འཕང་མི་ཉམས་ཐོབ་པར་འགྱུར། །ཡེ་ཤེས་རླབས་པོ་ཆེའམ་ནི། །ཡང་ན་མངོན་ཤེས་ལྔ་པོ་དང་། །རིག་སྔགས་འཆང་གྱུར་དངོས་གྲུབ་དང་། །ཚེ་རིང་གཞོན་ནུར་གྱུར་པ་གང་། །གལ་ཏེ་མཐོང་བར་འདོད་ན་ནི། །ཇི་སྲིད་

འདི་དག་མ་བསྙེམས་པར། །དེ་སྲིད་འཐོབ་པར་མི་འགྱུར་རོ། །གསང་སྔགས་ཡེ་ཤེས་ལས་བྱུང་བའི། །འདི་ནི་དེ་ཉིད་ཡེ་ཤེས་མཆོག །ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདི་ཡང་གསང་སྔགས་ཐམས་ཅད་སྒྲུབ་པར་བྱེད་པའི་ཐབས་དང་ཤེས་

เล่ม ๖๙ · หน้า 54a

རབ་བསླབ་པའི་སྔགས་པ་རྣམས་ཀྱིས་སྒྲུབ་པ་པོའི་སྤྱོད་པའི་མཚན་ཉིད་ཅན་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། རྣལ་འབྱོར་གྱི་ངོ་བོ་ཉིད་ཁོ་ནར་བཤད་པ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་དུ་བཅོམ་ལྡན་འདས་ཀྱིས་དཔའ་བོ་ཆེན་པོའི་སྙིང་པོ་སྒྲུབ་པར་

བྱེད་པ་རྣམས་ཀྱི་བསྒྲུབ་པའི་སྤྱོད་པ། བྱང་ཆུབ་ཀྱི་སེམས་གོམས་པ་སྔོན་དུ་འགྲོ་བ་ཅན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སའི་དཀྱིལ་འཁོར་ལ་གནས་པ་བདག་གི་དེ་ཁོ་ན་ཉིད་ཅེས་བྱ་བ་འགྲུབ་པའི་མཚན་ཉིད་ཀྱང་གསུངས་པ་ཉིད་དེ། ཆོ་ག་ཤེས་པས་ཐོག་མར་ནི། །བདག་གི་དེ་ཉིད་རིམ་

བཞིན་བྱ། །སྔགས་པ་སྔ་མ་བཞིན་འདུག་ལ། །དེ་བཞིན་གཤེགས་པ་རྗེས་དྲན་ནས། །བདག་ཉིད་ཨ་ཞེས་བྱ་བ་ནི། །ཀླད་ཀོར་རྒྱས་དང་བཅས་བྱས་པ། །ཐམས་ཅད་ཤིན་ཏུ་སེར་ཞིང་བཟང་། །གྲུ་བཞི་རྡོ་རྗེས་མཚན་བྱས་ཤིང་། །སྔགས་པས་དེར་གནས་རྫོགས་པ་ཡི། །སངས་རྒྱས་

ཀུན་གྱི་གཙོ་བོར་བསམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བདག་གི་དེ་ཉིད་ཡིན་པར་གསུངས། །ནམ་ཞིག་སྔགས་པས་བདག་གི་ནི། །དེ་ཉིད་དོགས་པ་མེད་གྱུར་པ། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པ་ཉིད་དུ་འགྱུར། །ངོ་མཚར་སྣ་ཚོགས་དག་དང་ལྡན། །མིག་

འཕྲུལ་ཅན་གྱི་གནས་འདུག་ལ། །སྔགས་པས་ནམ་ཞིག་མཉམ་གཞག་ན། །སྲིད་པ་རབ་ཏུ་དོགས་པར་ནི། །ཐོག་མེད་དུས་ནས་མི་ཤེས་པས། །བསགས་པའི་ལས་དེ་ཀུན་ཟད་འགྱུར། །བླ་ན་མེད་པའི་བྱང་ཆུབ་སེམས། །སེམས་ནི་ནམ་ཞིག་སྒོམ་བྱེད་པ། །དེ་ཚེ་སྔགས་པ་རྣལ་འབྱོར་

པ། །ཆུ་ཡིས་པདྨ་ལྟ་བུར་ནི། །དགེ་དང་མི་དགེའི་འབྲས་བུར་ནི། །ལས་ཀྱིས་རྟག་པར་མི་གོས་ན། །འདི་བདག་ཉིད་ནི་རྒྱལ་མཆོག་ཏུ། །བསྒྱུར་ན་སྨོས་ཀྱང་ཅི་ཞིག་དགོས། །ཞེས་གང་གསུངས་པ་ཡིན་ཏེ། འདི་ནི་གསང་སྔགས་སྒྲུབ་པར་བྱེད་པའི་འཇུག་པའི་སྤྱོད་པ་མཚན་མ་དང་

བཅས་པ་ནང་གི་བཤད་པ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་པ་ཅི་རིགས་པར་ཕྱི་དང་ནང་གི་འཇུག་པའི་སྤྱོད་པ་གང་ཡང་རུང་པ་ལེགས་པར་བྱས་པའི་མཚན་ཉིད་ཅན་གྱིས་གསང་སྔགས་མཉེས་པར་བྱ་བའི་སྦྱོར་བའི་སྤྱོད་པ་སྔོན་དུ་བསྙེན་པའི་བཟླས་བརྗོད་ཀྱི་མཚན་ཉིད་བརྩམ་པར་བྱའོ། །དེ་ཡང་

เล่ม ๖๙ · หน้า 54b

མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་བཟླས་བརྗོད་ཀྱི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་མཚན་མ་དང་བཅས་པའི་བཟླས་བརྗོད་ཀྱི་སྦྱོར་བ་ནི། གསང་སྔགས་སྒྲུབ་པར་བྱེད་པ་ཐམས་ཅད་ཀྱི་སྦྱོར་བ་ཕྱིའི་བཟླས་བརྗོད་ཡན་ལག་བཞིའི་མཚན་ཉིད་ཅན་བརྩམ་པར་བྱའོ་

ཞེས་བཤད་པ་ཁོ་ན་ཡིན་ཏེ། དེའི་ཆོ་ག་ཡང་འདི་ལས། ཡི་གེ་དང་ནི་ཡི་གེར་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །བཞི་ནི་རང་གི་ལྷ་

བཞག་ལ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམས་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །ཅེས་

བྱ་བ་ལ་སོགས་པ་གསུངས་པ་འདི་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་བཞིས་བཟླས་བརྗོད་བྱེད་པ་རྣམས་ཀྱི་ནང་གི་བཟླས་བརྗོད་ཡན་ལག་བཞི་པའི་སྦྱོར་བ་ཡང་བཤད་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རྒྱུད་ལས་བསྟན་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ཨ་བྱང་ཆུབ་ཀྱིའོ། །

ཨཱ་སྤྱོད་པའོ། །ཨཾ་རྫོགས་པར་སངས་རྒྱས་པའི་གོ་འཕང་ངོ་། །ཨཿམྱ་ངན་ལས་འདས་པའོ་ཞེས་བྱ་བ་ཡིན་ཏེ། དེ་ལྟ་བས་ན་སྙིང་པོ་བཞི་པོ་དེ་དག་གིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་དང་། སྤྱོད་པ་དང་། རྫོགས་པར་སངས་རྒྱས་པ་དང་། མྱ་ངན་ལས་འདས་པའི་ཡེ་ཤེས་

ཀྱི་གནས་སྐབས་དག་བསྡུ་བ་ཡིན་ནོ། །དེ་ལ་བྱང་ཆུབ་ནི་རང་གི་སེམས་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་ཅིང་ཡེ་ཤེས་སྐྱེ་བ་མེད་པར་རྟོགས་པ་ཡིན་ཏེ། བྱང་ཆུབ་རྟོགས་པའི་གནས་སྐབས་དེ་ཡང་སྙིང་པོ་ཨ་ཞེས་བྱ་བས་མཚོན་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་

པའི་དུས་ཉིད་ན། ཆོས་ཉིད་ཀྱིས་ཐོབ་པ་སྐུ་དང་གསུང་དང་ཐུགས་བཀོད་པ་མི་ཟད་པ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་མཚན་ཉིད་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པར་བཞུགས་པ་དག་གིས་འགྲོ་བ་གསུམ་ཆར་ཁྱབ་ཅིང་སེམས་ཅན་གྱི་དོན་དང་སྒྲོལ་བར་བྱེད་པའི་

เล่ม ๖๙ · หน้า 55a

མཚན་ཉིད་ཅན་གྱི་བདག་ཉིད་གང་ཡིན་པ་འདི་ཉིད་བཅོམ་ལྡན་འདས་ཀྱི་སྤྱོད་པ་ཞེས་བཤད་དོ། །དེ་ཡང་སྙིང་པོ་ཨཱ་ཞེས་བྱ་བ་རིང་དུ་འདྲེན་པས་མཚོན་པ་ཡིན་ནོ། །གང་གི་ཚེ་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་དེ་བུད་ཤིང་ཟད་ནས་མེ་མི་འབར་བ་བཞིན་དུ་དམིགས་པ་མེད་

པས་ཤེས་བྱ་ལ་མི་འཇུག་པ་དེའི་ཚེ། ཤེས་བྱ་སྟོང་པ་ཉིད་དུ་བརྗོད་པའི་ཀླད་ཀོར་དང་ལྡན་པ་ཡིན་པས་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་སེམས་དང་ཡུལ་རྣམས་སྐྱེ་བ་མེད་པར་རྟོགས་པའི་ཕྱིར་ཀུན་ནས་སངས་རྒྱས་པ་ཞེས་བྱ་སྟེ། ཡེ་ཤེས་དེ་རྟོགས་པའི་གནས་སྐབས་དེ་ཡང་ཨཾ་ཞེས་བྱ་བ་འདིས་

མཚོན་པ་ཡིན་ནོ། །དེའི་རྗེས་ལ་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་དང་ཤེས་བྱ་དག་སྟོང་པ་ཉིད་རང་གི་ངོ་བོ་ཡང་ངོ་བོ་ཉིད་མེད་དོ། །ཞེས་བྱ་བ་ལ་དེ་ལྟར་རྟོགས་པའི་གནས་སྐབས་དེ་ཉིད་ན། མྱ་ངན་ལས་འདས་པ་དང་འདྲ་བ་མཐའ་ལས་འདས་པ་སྟོང་པ་ཉིད་རྟོགས་པའི་གནས་སྐབས་ཡིན་

ཏེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དུ་རྗོད་པར་བྱེད་པའི་སྙིང་པོ་ཨཿཞེས་བྱ་བ་ཆོ་ག་གཉིས་དང་ལྡན་པས་མཚོན་པར་བྱེད་པ་ཡིན་ནོ། །དེ་ལ་སྙིང་པོ་བཞི་པོ་འདི་དག་ནི་ནང་གི་བཟླས་བརྗོད་ཡན་ལག་བཞི་པའི་སྦྱོར་བ་འདི་ཡིན་ཏེ། འདི་ལྟ་སྟེ། བདག་ཉིད་ཨ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་

བཞི་པས། སྙིང་པོ་གང་ཡང་རུང་བ་གཅིག་གིས་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བསམས་ལ། སྙིང་པོ་ཡི་གེ་འདི་ཉིད་ཀྱིས་རྫོགས་པའི་སངས་རྒྱས་བདག་དང་གཉིས་སུ་མེད་པར་གྱུར་པ་དེའི་ཐུགས་ཀར་དེར་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེར་ཡང་དག་པར་རྫོགས་

པའི་སངས་རྒྱས་ཀྱི་སྐུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གདན་པདྨ་ལ་བཞུགས་པ་གཞན་ཞིག་བསམས་ནས་དེའི་ཐུགས་ཀར་ཡང་སྙིང་པོ་ཡི་གེ་དེ་ཉིད་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་ཞིང་དེ་བཟླས་བརྗོད་བྱ་བ་ཡིན་ཏེ། དེ་བསྟན་པའི་ཕྱིར། དེ་ནས་སྙིང་པོ་དེ་དག་གང་

ཡང་རུང་བ་གཅིག་བཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ། །དེ་ནས་སྙིང་པོ་སྙིང་གར་བཞག་སྟེ་ཡིད་བསྒྲུབ་པར་བྱའོ། །ཤིན་ཏུ་རྣམ་པར་དག་པའི་དྲི་མ་མེད་པར་བརྟན་པར་རབ་ཏུ་མི་གཡོ་བ་རྣམ་པར་མི་རྟོག་པ་མེ་ལོང་ལྟ་བུར་རབ་ཏུ་ཕྲ་བ་ལ་མངོན་དུ་བལྟ་ཞིང་

เล่ม ๖๙ · หน้า 55b

རྟག་ཏུ་གོམས་པའི་སྦྱོར་བས། རང་གི་ལུས་རང་གི་ལྷའི་ལུས་སུ་མཐོང་བའི་བར་དུ་བྱའོ། །དེ་ནས་གཞི་གཉིས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་དེ་ཉིད་ན། པདྨའི་རྒྱལ་པོ་ཆེན་པོ་ལ་བཞུགས་པ་ཕུག་ན་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

པ་ཐོར་ཚུགས་དང་དབུ་རྒྱན་ཅན་འོད་ཟེར་མཐའ་ཡས་པས་བསྐོར་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ནམ་མཁའ་བཞིན་གཟོད་མ་ནས་ཞི་བ་སྟེ། དེ་ལ་སྒྲ་གནས་པར་བསམ་ཞིང་། །མཉམ་པར་གཞག་པས་བཟླས་བརྗོད་བྱའོ་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་རང་གི་ལྷ་ཆོས་ཀྱི་སྐུ་སྦྱོར་བའི་སྒོ་ནས་ཀྱང་ཅིར་རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་བཟླས་བརྗོད་ཀྱི་ཆོ་ག་བཤད་དེ། འདི་ལས་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་གཉིས་ཀྱིས་གོ་རིམས་བཞིན་དུ་ཡོངས་

སུ་མ་དག་པ་དང་ཡོངས་སུ་དག་པའི་སྐུ་གཉིས་ཀྱི་བྱེ་བྲག་གི་སྒོ་ནས། ལྷའི་སྐུའི་ངོ་བོ་ཉིད་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ཡང་ཡོངས་སུ་དག་པ་ནི་ཆོས་ཀྱི་སྐུ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡེ་ཤེས་རྣམ་པ་མེད་པའི་རང་བཞིན་གྱི་མཚན་ཉིད་ཡིན་ནོ། །ཡོངས་སུ་མ་དག་པ་ཡང་ཀུན་

དུ་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་ཇི་ལྟར་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་མཚན་ཉིད་གདུལ་བྱའི་སྐྱེ་བོ་ལ་སྣང་བའི་དབང་གིས་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །ལྷའི་ཁྱད་པར་ཡོངས་སུ་དག་པ་དང་།

ཡོངས་སུ་མ་དག་པ་དེ་ལས་གཞན་པ་རྣམས་ཀྱི་གཟུགས་ཀྱི་སྐུ་བསོད་ནམས་ཀྱི་རྒྱུ་ཇི་ལྟར་གཟུང་བ་བཞིན་དུ་སྣང་བ་ཡང་། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཡོངས་སུ་མ་དག་པ་ཡིན་ནོ། །འདིར་ཡང་དེ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའི་སེམས་གོམས་པའི་མཚན་ཉིད་ཇི་ལྟར་རྟོགས་པ་གང་ཡིན་

པ་དེ་ནི་དེ་དག་གི་ཡང་ཆོས་ཀྱི་སྐུ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་སྟེ། དེ་སྐད་དུ་གཞན་ལས་ཀྱང་། གསང་སྔགས་བྱང་ཆུབ་སེམས་ཡིན་ཏེ། །ཞེས་གསང་སྔགས་སྤྱིའི་མཚན་ཉིད་གསུངས་སོ། །སྐུ་དེ་གཉི་གའི་མཚན་ཉིད་ཀྱང་འདི་ལས་ཡོངས་སུ་བསྟན་ཏེ། ལྷའི་གཟུགས་ཀྱང་

เล่ม ๖๙ · หน้า 56a

རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི་རྟོགས་པའི་ངོ་བོ་སྟེ་མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི་མཚན་མ་དང་བཅས་པའི་གཟུགས་ཏེ་ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་

པ་གཉིས་ཀྱིས་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་

མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་སྒྲུབ་ཏུ་རུང་། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པ་བརྟེན་པར་བྱ། །ཞེས་གང་གསུངས་པ་ཡིན་ཏེ། ལྷའི་སྐུ་མཚན་མ་མེད་པ་ལ་འཇུག་པའི་ཐབས་དེ་ཡང་འདི་ལས་སྔར་མཚན་མ་མེད་པའི་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་བཤད་

པ་འདི་ཉིད་དོ། །དེ་ལ་རང་གི་ལྷ་ལ་སོགས་པ་ཀུན་དུ་བརྟགས་པ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་སྣང་བའི་མཚན་ཉིད་ཀྱི་སྐུས་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་སྒྲུབ་པ་ནི་སྔར་བཤད་ཟིན་ཏོ། །རང་གི་ལྷ་ཆོས་ཀྱི་སྐུའི་མཚན་ཉིད་ཅན་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་

ནས་བཟླས་བརྗོད་སྒྲུབ་པའི་སྦྱོར་བའི་གོ་རིམས་འདི་ཡིན་ཏེ། དེ་ལ་རེ་ཞིག་སྔ་མ་བཞིན་དུ་བཟླས་བརྗོད་ཡན་ལག་བཞི་ལ་སོགས་པ་ཐམས་ཅད་མངོན་དུ་བྱས་ལ་རང་གི་ལྷའི་སྐུ་བདག་དང་གཉིས་སུ་མེད་པའི་ཁ་དོག་དང་དབྱིབས་ལ་སོགས་པའི་ངོ་བོ་ཉིད་ཀུན་དུ་བརྟགས་པར་སྣང་བ་ལ་རྡུལ་ཕྲ་རབ་ཏུ་རྣམ་

པར་གཞག་པར་བརྟགས་པའམ་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པའམ། དེ་བཞིན་དུ་རང་གི་སེམས་ཁ་ནང་དུ་བལྟས་པར་བྱ་བའི་སྦྱོར་བའི་སྒོ་ནས་སྲོག་སླར་སྡུད་པའི་རིགས་པའམ། དེར་སྣང་བ་ཡིད་ལ་མི་བྱེད་པའི་སྒོ་ནས་ཀྱང་རུང་སྟེ། ཇི་ལྟར་རྟོགས་པ་བཞིན་སེམས་རང་

རིག་པ་ཙམ་རང་གི་ལྷའི་གཟུགས་ཀྱི་སྐུ་དང་བྲལ་བ་སྣང་བ་མེད་པ་མངོན་དུ་བྱ་སྟེ། ཅི་རིགས་པར་རང་གི་ཡིད་ལ་རིག་སྔགས་བཟླས་བརྗོད་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་བསྟན་པའི་ཕྱིར། ཡིད་ཀྱི་འཇིག་རྟེན་འདས་ཞེས་བྱ། །སླར་སྡུད་ལ་སོགས་རྣམ་པར་སྤངས། །ལྷ་དང་གཅིག་ཏུ་སྦྱོར་བ་

เล่ม ๖๙ · หน้า 56b

དང་། །ཐ་དད་མ་ཡིན་འཇིག་པའོ། །ཡིད་ཀྱི་རང་བཞིན་དབྱེར་མེད་བྱ། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། འདི་ནི་སྒྲུབ་པ་པོ་རྣམས་ཀྱིས་སྔོན་དུ་བསྙེན་པའི་ཚེ་གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྦྱོར་བའི་སྤྱོད་པ་བཤད་པ་ཡིན་ནོ། །ད་ནི་སྔར་བསྙེན་པ་བྱས་ཟིན་

པའི་གསང་སྔགས་ཀྱི་དངོས་གྲུབ་སྒྲུབ་པའི་སྤྱོད་པའི་སྦྱོར་བ་བརྗོད་པར་བྱ་སྟེ། དེ་ཡང་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་ནི་གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་དཀྱིལ་འཁོར་འདི་ཡིན་ཏེ། འདི་ལྟར་ཇི་སྐད་དུ་གསང་སྔགས་སྒྲུབ་པའི་དཀྱིལ་འཁོར་གྱི་

མཚན་ཉིད། ཀུན་དུ་གྲུ་བཞི་ལྷམ་པ་སྟེ། །སྒོ་གཅིག་པ་ལ་མུ་རན་ཅན། །ཐམས་ཅད་ཁ་དོག་སེར་པོ་ཡི། །རྡོ་རྗེ་དཀྱིལ་འཁོར་མཆོག་བྲིས་ནས། །རྡོ་རྗེ་ཕན་ཚུན་འབྲེལ་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ཡིན་ཏེ། དཀྱིལ་འཁོར་གྱི་མཚན་ཉིད་རྒྱས་པར་གསུངས་ནས།

དེ་ནི་བསྲུང་བྱས་དེར་འདུག་སྟེ། །སྦྱངས་པའི་རྫས་ནི་བླངས་ནས་སུ། །ནང་གི་བདག་ཉིད་རྣམ་དག་པས། །མཚན་གཅིག་ཐལ་བྱུང་བཟླས་བརྗོད་བྱ། །དེར་ནི་ནམ་གྱི་ཕྱེད་དུས་སམ། །ཡང་ན་ཉི་མ་འཆར་བའི་ཚེ། །རྫས་དེ་ཡོངས་སུ་གྱུར་པ་ནི། །འབར་ཕྲེང་ཅན་གྱི་གཟི་བརྗིད་བཞིན། །ཞེས་

བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་ལྟ་བས་ན་འདི་ནི་ཕྱིའི་དངོས་གྲུབ་རལ་གྲི་ལ་སོགས་པའི་མཚན་ཉིད་རྣམས་བསྒྲུབ་པའི་ཕྱིར་ཕྱིའི་སྒྲུབ་པའི་དཀྱིལ་འཁོར་དངོས་སུ་བཤད་པ་ཡིན་ནོ། །ནང་གི་དཀྱིལ་འཁོར་ནི་མེ་དང་རླུང་དང་ཆུ་དང་སའི་མཚན་ཉིད་ཡིན་ཏེ། དེ་དག་གོམས་པར་

བྱས་པས་ནང་གི་དངོས་གྲུབ་སེམས་ཀྱི་དབང་ཙམ་ལ་རག་ལས་པ་མངོན་པར་ཤེས་པ་ལ་སོགས་པའི་མཚན་ཉིད་དག་ཁོ་ན་སྒྲུབ་པར་བྱེད་དོ། །ནང་གི་དངོས་གྲུབ་དེ་དག་གི་མཚན་ཉིད་ཀྱང་འདི་ལས་དཔའ་བོ་ཆེན་པོའི་རིམ་པར་ཕྱེ་བ་དང་ཡི་གེ་བརྒྱ་པ་རིམ་པར་ཕྱེ་བ་བསྟན་པ་ལས་དངོས་སུ་བསྟན་

པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་འདི་ལས་ནང་གི་དངོས་གྲུབ་རྣམས་འགྲུབ་པར་བྱ་བའི་ཕྱིར་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་དབང་ཐོབ་པ་གཞན་ཡང་གསུངས་པ་ཉིད་དོ། །གང་ཚེ་མཚན་མ་མེད་པའི་ས། །ཏིང་འཛིན་ཇི་ལྟ་བཞིན་རེག་པ། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด