ตัวบทไม่มีชื่อ — ประโยคแรก: རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་བཞུགས

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๙ · หน้า 173a

པ་ནི་རྒྱུ་དང་ལས་དེ་དག་གིས་ཡང་ཕུང་པོ་སྐྱེད་པ་སྟེ། དེ་དག་ཐམས་ཅད་དམིགས་སུ་མེད་པར་སྟོང་པས་ན་འཇོམས་པར་འགྱུར་ཞེས་པའོ། །དེ་ཡི་གཟུགས་ཀྱང་བཤད་པ་ནི། །ཁ་དོག་ནག་ལ་འོད་ཆེ་བ། །འཇིགས་ཤིང་འབར་བའི་ཕྲེང་བར་འཁོར། །ཀུན་དུ་གཡོ་བ་འབར་

བཞིན་དུའོ། །ཞེས་པ་ནི་ཡི་གེ་ཧ་ཉིད་ཀྱི་གཟུགས་བསྟན་པ་སྟེ། དེ་ཡང་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་གནས་པར་བསམ་སྟེ། རླུང་གི་དཀྱིལ་འཁོར་གསུངས་པ་དང་། །དཀྱིལ་འཁོར་དེའི་སྟེང་བསམ་པ་ནི། །ཞེས་པ་ནི། བ་དན་བཅས་པར་གཡོ་བཞིན་ཏེ། །ཞེས་པའི་

བར་དུ་སྟེ་གཡོ་བཞིན་པ་ནི་རླུང་གི་རང་བཞིན་གཡོ་བས་དཀྱིལ་འཁོར་གཡོ་བར་བསམ་མོ། །སྔགས་པས་བསམས་དེར་འདུག་པར་ནི། །ཡི་གེ་མཆོག་གི་ཡི་གེའོ། །ཞེས་པ་ནི་ཡི་གེའི་རང་བཞིན་སྔར་ཡང་བཤད་ཟིན་མོད་ཀྱི། ཡི་གེ་ཤེས་རབ་ཀྱི་སྒྲ་ནི་མི་འགྱུར་ཞེས་པ་སྟེ།

འདི་ཡང་བཟླས་ཏེ་གསུངས་པ་ནི། རབ་ཏུ་གོམས་པའི་མཐུས་ཡི་གེ་མི་འགྱུར་བསམ་ཞེས་པའོ། །དེར་ནི་དངོས་པོ་རྣམས་སྒྲུབ་པ། །དེ་ཀུན་སྔགས་པ་ཡིས་བྱས་པ། །སེམས་ཐུབ་དཀྱིལ་འཁོར་འདུག་ནས་སོ། །ཞེས་པའི་བར་དུ་མིང་གིས་སྨོས་པའི་དངོས་པོ་དེ་རྣམས་སྔགས་

པ་རླུང་གི་དཀྱིལ་འཁོར་ལ་གནས་ནས་རྒྱུད་གཞན་ལས་བྱུང་བའི་ཆོ་ག་བཞིན་དུ་གྲུབ་པར་བྱའོ་ཞེས་པ་སྟེ། ཡི་གེ་དེ་བཞི་ཆར་ཡང་བརྩིས་ན་གོ་གཅིག་པ་ནི། དབང་ཆེན་གྱི་དཀྱིལ་འཁོར་གྱི་ནང་དུ་བསམ་ཞིང་། བདག་ཉིད་ཀུན་དུ་སངས་རྒྱས་པའི་སྐུར་བསྒྱུར་དང་། ནང་གི་རྡོ་རྗེའི་

དཀྱིལ་འཁོར་ཡི་གེ་བ་ལ་སོགས་པ་གང་བསམས་པའི་གནས་དེ་ཉིད་དུ་སྤོང་ཞིང་བསམས་པ་དང་ལས་སུ་བྱ་བ་རྣམས་མ་རྟོགས་པར་བསྒྲུབ་པ་རྣམས་ལ། ཕྱག་ན་རྡོ་རྗེ་རྩེ་ལྔ་པ་བཅིངས་ཏེ། སྔོན་དུ་བསྙེན་པ་ཟླ་བ་གཅིག་ཏུ་དུས་གསུམ་དུ་བྱ་བ་དང་། མཚན་མ་དང་བཅས་པ་དང་

མཚན་མ་མེད་པ་གཉིས་བསྒྲུབ་ཏུ་རུང་བ་ནི་ཀུན་ལ་སོ་སོར་སྤྱད་པར་བྱའོ། །དེས་ནི་སྙིང་པོ་བྱང་ཆུབ་ཏུ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །བདུད་རྣམས་རྣམ་པར་འདུལ་བྱེད་པ། །རྒྱུ་ཀུན་མི་དམིགས་པ་རུ་སྟེ། །ཞེས་པ་ནི་ཡི་གེའི་མཐུ་བསྟན་པ་སྟེ། བྱང་

เล่ม ๖๙ · หน้า 173b

ཆུབ་སེམས་དཔའ་རྣམས་ཀྱང་ཡི་གེ་འདིའི་སྒོ་ནས་ཆོས་ཐམས་ཅད་རྒྱུ་དང་བྲལ་བར་ཆུད་ནས། བདུད་བཞི་རྣམ་པར་བཅོམ་སྟེ། མངོན་པར་བྱང་ཆུབ་པ་ཐོབ་བོ་ཞེས་པའོ། །རྒྱུ་མེད་པས་ན་འབྲས་བུ་ཡང་མེད་དོ། །ཞེས་པ་ནས། གནས་མཆོག་དམ་པ་བསྒྲུབ་པར་བྱའོ། །ཞེས་བྱ་བའི་

བར་དུ་ཡི་གེ་ཁྃ་གི་རང་བཞིན་དང་སྒྲུབ་པ་བཤད་པ་སྟེ། ལས་དེ་ཡང་ནི་ཡོད་པ་མ་ཡིན་ཏེ། །དེ་ལྟར་དངོས་སུ་དེ་མེད་པས། །སྟོང་པའི་ཡེ་ཤེས་ཐོབ་པ་ཡིན། །ཞེས་པ་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྒྱུ་དང་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་དང་། བཟང་འགྲོ་དང་ངན་

འགྲོ་ལ་སོགས་པའི་འབྲས་བུ་ཡི་གེ་ཁཾ་གཟུང་བ་དང་འཛིན་པ་སྟོང་པར་སྟོན་པའི་སྒོ་ནས་དམིགས་སུ་མེད་ཅེས་པའོ། །དེ་ཡི་གཟུགས་ཀྱང་གསུངས་པ་ནི། །མཐུ་ཆེན་སངས་རྒྱས་རྫོགས་པ་སྟེ། །ཀླད་ཀྱི་འཁོར་དང་བཅས་པ་ནི། །ཁཾ་སྟེ་ནམ་མཁའི་མཆོག་ཅེས་བྱ་བ་ནི། ཡི་གེ་དེའི་རང་

བཞིན་གསུངས་པ་སྟེ། ཡི་གེ་ཁཾ་དེ་གཟུང་བ་དང་འཛིན་པ་གཉིས་ཀ་དང་བྲལ་བར་སྟོན་པས་སྟོང་པའི་མཆོག་ཅེས་བྱའོ། །རལ་གྲི་ཕྱག་རྒྱ་བཅས་པ་རུ། སྒྲུབ་པ་འདི་རྣམས་གདོན་མི་ཟ་བར་སྒྲུབ། རལ་གྲི་ཞགས་པ་འཁོར་ལོའམ། །མདའ་འམ་ཐོ་བའམ་དེ་བཞིན་ཏེ། །དེ་འདྲའི་རྫས་དང་ལྡན་པ་རུ། །

གནས་མཆོག་དམ་པར་བསྒྲུབ་པར་བྱའོ། །ཞེས་པ་ནི་སྔགས་སྦྱོར་བའི་སྟན་ལ་གནས་ནས་སྤྱི་བོར་ཡི་གེ་ཁཾ་བསམས་ཏེ། ཐམས་ཅད་ནམ་མཁའི་རང་བཞིན་དུ་བསམས་ཏེ། ཡི་གེ་ཁཾ་འབའ་ཞིག་ཁ་དོག་ནམ་མཁའ་དང་འདྲ་བར་བསམས་ནས། རལ་གྲི་ཕྱག་རྒྱ་བཅིངས་ཏེ་སྔ་མ་བཞིན་དུ་

བཟླས་ན་མིང་གིས་སྨོས་པ་རྣམས་འགྲུབ་པར་འགྱུར་རོ། །ནང་པར་བདག་གི་གཟུགས་བསྒྱུར་ནས། ཕྱི་རོལ་དང་ནང་ལ་མི་རྟོག་པར་འགྱུར་ན་ཞེས་པ་ནས། དེ་ལྟ་བུ་ལ་སོགས་པ་སྒྲུབ་པའི་ཚིག་ནི་ཡིད་ལས་འབྱུང་བའོ་ཞེས་པའི་བར་དུ་སྔགས་པ་སྦྱོར་བའི་བསྟན་པ་སྔ་མ་བཞིན་དུ་བསྒོམ་པ་ལས་

ཁྱད་པར་དུ་བདག་གི་དེ་ཁོ་ན་སྟོང་པར་བསྒོམ་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀུན་ནས་མི་ལྡང་པར་ནུས་ཀྱི། བར་དུ་གོམས་པར་བྱས་ན་ཨ་ལ་སོགས་པའི་སྙིང་པོ་རྣམས་སྒྲུབ་པ་དང་། ལས་རྣམས་ཕྱི་རོལ་གྱི་རྫས་ལ་མི་ལྟོས་པར་སྒྲུབ་པ་བཤད་པ་དེ། ནམ་ཨར་བདག་གི་

เล่ม ๖๙ · หน้า 174a

གཟུགས་བསྒྱུར་ནས། ཕྱི་རོལ་དང་ནང་ལ་མི་རྟོག་པར་གྱུར་ན་ཞེས་པ་ནི། ཨ་ལ་སོགས་པའི་རང་བཞིན་དུ་བསྒྱུར་ཏེ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་དངོས་པོ་རྣམས་དང་། ནང་གི་གཟུགས་ཡོད་པའི་བློ་མི་སྐྱེ་བ་སྟེ། དངོས་པོ་རྣམས་ལ་མ་ཆགས་པར་གྱུར་པ་བྱས་

ལ། ཨ་དེ་བསྒྲུབས་ན་དེའི་འབྲས་བུ་བོང་བ་དང་རྡོ་དག་དང་གསེར་དུ་ཡང་མི་འབྱེད་དེ། ཇི་ལྟར་རྡོ་དང་བོང་བ་ལ་ཆགས་པ་མི་སྐྱེ་བ་དེ་བཞིན་དུ། གསེར་ལ་ཡང་ཆགས་པ་མི་སྐྱེ་སྟེ། འདོད་ཆགས་དང་ཞེ་སྡང་མངོན་དུ་མི་ལྡང་བ་དང་མི་དགེ་བ་བཅུའི་ལས་བྱས་པའི་སྡིག་པའི་འབྲས་

བུའི་དབང་དུ་མི་འགྱུར་ཞིང་སྟེ། དེ་བས་གསུངས་པ་དེ་རྣམ་པར་དག་སྟེ། རྫོགས་པའི་སངས་རྒྱས་དང་འདྲ་བར་གྲུབ་པར་འགྱུར་རོ། །དེ་ནི་ལས་ཐམས་ཅད་ཀྱང་ནུས་ཞེས་པ་ནི་གྲུབ་པ་རབ་འབྲིང་ལ་སོགས་པ་གྲུབ་པ་དང་། ཞི་བ་ལ་སོགས་པའི་ལས་རྣམས་ནུས་ཞེས་པའོ། །ཉེས་པ་

ཀུན་དང་བྲལ་བ་ཡིན། །ཞེས་པ་ནི་ལས་དེ་དག་བྱེད་ན་མ་རྒྱས་པའམ་འཁྲུལ་པ་ལ་སོགས་པའི་ཉེས་པ་མེད་པར་བྱེད་ནུས་པར་འགྱུར་ཞེས་པའོ། །དེ་ལས་གཞན་ཡང་བཤད་པ་ནི། །ཞེས་པ་ནས། གང་གིས་ཆུ་དེ་འཐུངས་པ་དང་། །ལག་པས་ཀྱང་ནི་རེག་ཀྱང་རུང་། །གདོན་མི་ཟ་བར་དེ་

དག་ཀུན། །ཐེ་ཚོམ་མ་ཟ་བྱང་ཆུབ་འགྱུར། །ཞེས་པའི་བར་དུ་བའི་སྦྱོར་བ་སྟེ། སྔགས་པ་སྦྱོར་བའི་སྟན་ལ་གནས་ནས། ཡི་གེ་བ་ལས་ཆུའི་དཀྱིལ་འཁོར་ལ་སོགས་པ་བསམ་པ་ནི་སྔ་མ་བཞིན་ཏེ། ཁྱད་པར་དུ་བ་ལས་ཆུའི་རྒྱུན་འབྱུང་བ་དང་། ཆུའི་དཀྱིལ་འཁོར་གྱིས་བདག་གི་

ལུས་སྤྱི་བོ་ནས་རྟིང་པའི་བར་དུ་རྒྱས་པར་གང་བར་བསམས་ཏེ། དེ་ལྟར་བསྟན་པར་ཡིད་ཆེས་ཏེ། ཆུ་དེ་ཐམས་ཅད་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་བྱུང་སྟེ། བདག་གི་ལུས་ཀྱི་ཐེན་འཁོར་དང་། ཁང་པ་ལ་སོགས་པ་ཀུན་གང་བར་བསམས་ནས། རིམ་གྱིས་གཙུག་ལག་ཁང་དང་

ཡུལ་ལ་སོགས་པ་ཐམས་ཅད་དུ་གང་བར་བསམས་ན། ཆུ་དེ་ལ་གང་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱིས་འཐུངས་སམ་རེག་པ་ན། དེ་ལྟར་འཐུངས་པ་དང་། རེག་པའི་སྤྱོད་ཡུལ་དུ་གྱུར་པ་དེ་ནི་སེམས་ཅན་ཕལ་དང་མི་འདྲ་བར་སྐལ་བ་དང་ལྡན་པར་མངོན་པས་བྱང་ཆུབ་ཏུ་ངེས་

เล่ม ๖๙ · หน้า 174b

པར་འགྱུར་རོ་ཞེས་པའོ། །ལུས་ཀུན་དུ་ནི་ར་དེའང་། །ཤིན་ཏུ་ཐུབ་པར་སེམས་ཀྱིས་བསམ། །ཞེས་པ་ནས། ར་དེའི་རྣམ་པར་འཕྲུལ་པའོ། །ཞེས་པའི་བར་དུ་རའི་སྦྱོར་བ་སྟེ། ལུས་ཀུན་དུ་ནི་ར་དེའི་ཡང་། །ཤིན་ཏུ་ཐུབ་པར་སེམས་ཀྱིས་བསམ། །ཞེས་པ་ནི་སྔགས་པ་སྦྱོར་

བའི་སྟན་ལ་སྔ་མ་བཞིན་དུ་གནས་ནས། སྙིང་གར་ཡི་གེ་ར་མེའི་དཀྱིལ་འཁོར་ལ་གནས་པར་བསམ་སྟེ། འབར་བའི་འོད་འཕྲོས་རང་གི་ལུས་ཀྱི་ནང་ཐམས་ཅད་ཁྱབ་པར་གང་བར་བསམས་ནས། དེ་ལྟར་བསྟན་པར་གྱུར་པ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་བྱུང་སྟེ་རིམ་གྱིས་གྲོང་

ཁྱེར་དང་ཡུལ་ལ་སོགས་པ་ཐམས་ཅད་མེའི་འོད་འཕྲོ་སྣང་བས་གང་བར་བསམས་ཏེ། དེ་བས་ན་གསུངས་པ། དེ་ནས་ཕྱི་རོལ་གྱི་གཏོང་བ་ནི། སྦྱོར་བས་སྣང་བྱེད་འབར་བ་སྟེ། །ཞེས་པའོ། །སྔགས་པ་འདོད་བཞིན་བྱེད་པ་ནི། །ར་དེས་རྣམ་པར་སྤྲུལ་པ་ཡིས། །ཞེས་པ་ནི་སྦྱོར་བ་དེ་ལྟར་

བྱས་ན་ར་ལས་མེ་བྱུང་བ་དེས་སྔགས་པའི་ཅི་འདོད་པ་བཞིན་དུ་བྱེད་པར་འགྱུར་རོ་ཞེས་པའོ། །རོ་སྟོད་དུ་ནི་ར་དེར་བྱ་བ་ནི། །ལྟེ་བའི་ཁུང་གི་ནང་དུ་གཞག །འབར་བ་དང་ནི་ཆུ་འབབ་པར། །དེ་ནི་གཉིས་ཀའང་སྟོན་པར་འགྱུར། །ཞེས་པ་ནི་ར་དང་བ་གཉིས་དུས་གཅིག་ཏུ་སྦྱར་བ་སྟེ། སྔགས་

པ་སྔ་མ་བཞིན་དུ་སྦྱོར་བའི་སྟན་ལ་གནས་ནས། སྙིང་གར་ཡི་གེ་ར་མེའི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། ལྟེ་བའི་ཁུང་གི་སྔ་མ་བཞིན་དུ་ཆུའི་དཀྱིལ་འཁོར་ལ་གནས་པར་བསམས་ན། དུས་གཅིག་ཏུ་ར་ལས་མེ་འབྱུང་བ་དང་བ་ལས་ཆུ་འབབ་པའི་ཆོ་འཕྲུལ་ཅན་དུ་འགྱུར་རོ། །

གྲང་བས་སྡུག་བསྔལ་སེམས་ཅན་དམྱལ། །རས་ནི་ཤིན་ཏུ་ཞི་བར་བྱེད། །ཅེས་པ་ནི་ར་འབའ་ཞིག་ཏུ་སྔ་མ་བཞིན་དུ་མེའི་དཀྱིལ་འཁོར་ལ་གནས་ནས་བསྒྲིམས་ཏེ། བསྒྲུབས་ན་འགྲུབ་པའི་མེ་དེ་སེམས་ཅན་དམྱལ་བའི་སྟེང་བར་སྣང་ལ་གནས་ནས་ལུས་ལ་མེ་བྱུང་སྟེ། སེམས་

ཅན་དམྱལ་བ་ཐམས་ཅད་ཁྱབ་པར་བྱས་ནས། གྲང་བས་བསྒྲིབས་ཤིང་སྡུག་བསྔལ་བའི་སེམས་ཅན་དེ་རྣམས་མེ་དེས་ཞི་བར་ནུས་ཞེས་པའོ། །བས་ནི་གདུང་བའི་རྣམ་པ་སྟེ། །སྔགས་པ་སྔགས་ཀྱི་ཆོ་གར་གནས། །ཞེས་པ་ནི་རབ་ཏུ་ཞི་བར་འགྱུར་ཞེས་པ་དང་སྦྱར་ཏེ། སྔགས་པ་

เล่ม ๖๙ · หน้า 175a

སྔ་མ་བཞིན་དུ་སྦྱོར་བའི་སྟན་ལ་གནས་ནས། ཡི་གེ་སྔ་མ་བཞིན་དུ་ཆུའི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། བ་ལས་ཆུ་བྱུང་བ་ནི་ཡང་སྔ་མ་ལྟར་བསམས་ནས། བདུད་རྩིའི་ཆུ་དེ་ཚ་བས་གདུངས་པའི་སེམས་ཅན་དམྱལ་བ་དེ་དག་ཐམས་ཅད་བསིལ་བར་

འགྱུར་ཏེ་ཞི་བར་བྱས་ནས། ཐབས་ནི་མེའི་སྦྱོར་བ་དང་མཐུན་ནོ། །དེའི་འོག་ཏུ་བཞག་པ་ནི་ཧ་ཞེས་པ་སྟེ། བ་དང་བཅས་པ་དེའི་ལས་རྣམས་བསྒྲུབས་ཏེ། སྡིག་པ་དང་ལྡན་པའི་མི་ཡང་རུང་ཞེས་པ་ནི། མི་དེའི་ལས་སྦྱར་བ་ལས་མེ་མི་འབར་ཞིང་ལས་སུ་མ་བཏུབ་པར་གྱུར་ན། མེ་དེའི་

དཀྱིལ་འཁོར་གྱི་འོག་ཏུ་ཡི་གེ་ཧ་རླུང་གི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། རླུང་དེས་བསྐྱོད་པར་བསམས་ན། མེ་དེ་ལས་གང་ལས་ཀྱང་སྦྱར་བ་དེ་ངེས་པར་འབྱེད་དོ་ཞེས་པ་སྟེ། སྡིག་དང་ལྡན་པའི་མི་ཡང་རུང་། །ཞེས་པ་ནི་སྡིག་པ་དང་ལྡན་པའི་མིས་སྦྱར་ན་ཡང་འགྲུབ་

ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་སྟེ། ངེས་པར་ལས་བྱེད་པའི་ཚིག་བསྟན་པ་ཡིན་ནོ། །སྦྱོར་བས་ཕྱི་དང་ནང་གི་དངོས་པོ་རྣམས་ལ་མི་ལྟོས་ཏེ། ཀུན་ནས་ལྡང་བ་དང་བྲལ་བས་བསྒོམ་པར་བྱ་བ་ཡིན་པས། སྡིག་པ་དང་ལྡན་པར་མི་སྤྱོད་དོ། །སྔགས་པ་དབང་ཆེན་ལ་འདུག་

ནས། །ཆུ་ཡི་ལས་ལ་ཞུགས་ཤིག་དང་། །བསྡུ་བ་ལ་སོགས་པ་ཐམས་ཅད། །གདོན་མི་ཟ་བར་བྱེད་པར་འགྱུར། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་ལ་ཆུའི་ལས་བྱར་རུང་བར་བཤད་པ་སྟེ། སྔགས་པ་སྔ་མ་བཞིན་དུ་སྦྱོར་བའི་སྟན་ལ་གནས་ནས། ཡི་གེ་ཨ་

དབང་ཆེན་གྱི་དཀྱིལ་འཁོར་ལ་སྔ་མ་བཞིན་དུ་བསམས་ཏེ། ཡི་གེ་བས་སྒྲུབ་པར་བྱེད་པའི་ལས་རྣམས་བྱེད་དོ་ཞེས་པའོ། །དེ་བའི་ལས་ཆུ་ཐམས་ཅད་དུ་གང་བར་བྱ་བ་ནི་མ་གཏོགས་ཏེ། ཆུ་ཐམས་ཅད་དུ་གང་བར་བྱས་ནས། དབང་ཆེན་གྱི་དཀྱིལ་འཁོར་དེ་ཉིད་ཆུའི་དཀྱིལ་འཁོར་

དུ་གྱུར་པས་དབང་ཆེན་གྱི་དཀྱིལ་འཁོར་དུ་མི་འགྱུར་བའི་ཕྱིར་རོ། །བསྡུ་བ་ལ་སོགས་པ་ཐམས་ཅད་ཀྱང་བྱེད་པར་འགྱུར་ཞེས་པ་ནི་ཡི་གེ་ཨ་དེ་ནད་པ་ལ་སོགས་པའི་སྤྱི་བོར་བསམས་ལ། དེའི་འོད་འཕྲོ་བ་སེར་པོ་ཞི་བའི་རང་བཞིན་གྱིས་སྤྱི་བོ་ནས་མཐར་ཕྱི་ནང་ཁྱབ་པའི་རྟིང་པའི་

เล่ม ๖๙ · หน้า 175b

བར་དུ་ཕྱིན་པར་བཀྲུས་པར་བསམས་ན། ནད་ཀྱང་དེ་བཞིན་དུ་འདག་པར་འགྱུར་ཞེས་པའོ། །དེ་བཞིན་ནམ་ཡི་གེ་སྦྱོར་བར་བྱེད་ན་ཡང་ནད་པའི་སྤྱི་བོར་བ་དེའི་ཆུའི་དཀྱིལ་འཁོར་ལ་སོགས་པ་སྔ་མ་བཞིན་དུ་བསམས་ལ། བུམ་པ་ཁ་སྦུབ་པའི་ཁ་ནས་བདུད་རྩིའི་ཆུ་དཀར་པོ་བབ་པར་

བསམས་ཏེ། ཆུ་དེས་སྤྱི་བོ་ནས་རྟིང་པའི་བར་དུ་མཐར་གྱིས་ཕྱི་ནང་བཅས་པར་བཀྲུས་པར་བསམས་ན་ནད་ཐམས་ཅད་འབྱང་བར་འགྱུར་ཏེ། སྦྱོར་བ་དེ་ནི་སྤྱིའི་ཆོ་ག་སྟེ། གཞན་དག་ཏུ་སྦྱར་བར་བྱའོ། །རླུང་ནི་ཀུན་དུ་འགྲོ་བ་སྟེ། །ཞེས་པ་ནས། འཕྲུལ་གྱི་རྣ་བ་ཐོབ་པར་འགྱུར། །ཞེས་

པའི་བར་དུ་ཡི་གེ་ཧ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཀུན་གྱི་ལས་བྱེད་པར་བཤད་པ་སྟེ། དེ་ལ་རླུང་ནི་ཀུན་དུ་འགྲོ། །ཞེས་གསུངས་པ་ཞེས་པ་ནི། ཡི་གེ་ཧ་ནི་རླུང་གི་རང་བཞིན་ཏེ། དེ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཀུན་དུ་གཏོགས་ཞེས་པ་སྟེ། དབང་ཆེན་གྱི་དཀྱིལ་

འཁོར་དབྱིབས་གྲུ་བཞི་ཆུའི་དཀྱིལ་འཁོར་ཟླུམ་པོ་ལ་སོགས་པ་དབྱིབས་སོ་སོར་བྱེད་པ་ནི་རླུང་ཡིན་པའི་ཕྱིར་ཏེ། དེ་བས་ན་གསུངས་པ་དེ་ནི་ཐམས་ཅད་བྱེད་པའོ། །རྣམ་པ་ཐ་དད་སྣ་ཚོགས་པའི་ལས་རྣམས་ནི། རབ་ཏུ་རྣམ་པར་དབྱེ་བ་རྣམས། དེའི་ཚོགས་བྱ་བ་ནི། གཟུགས་ཀྱི་

དཀྱིལ་འཁོར་དབུས་སུ་ཞེས་པ་དང་འབྲེལ་ཏེ། རྣམ་པ་ཐ་དད་པར་ཞེས་པ་ནི། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཁ་དོག་སེར་པོ་དང་དམར་པོ་དང་དཀར་པོ་ལ་སོགས་པའི་རྣམ་པ་ཐ་དད་པའོ། །སྣ་ཚོགས་ལས་རྣམས་ཞེས་པ་ནི། དཀྱིལ་འཁོར་དེ་རྣམས་ཀྱི་སོ་སོའི་ལས་སྣ་ཚོགས་

པ་ཞེས་པའོ། །རབ་ཏུ་རྣམ་པར་དབྱེ་བའི་ལས་ཞེས་པ་ནི། དབང་ཆེན་དང་ཆུའི་དཀྱིལ་འཁོར་ལ་སོགས་པའི་སོ་སོའི་བའི་རྣམས་ཞེས་པའོ། །དེའི་ཚོགས་བྱ་ཞེས་པ་ནི་ཡི་གེ་ཧའི་ཚོགས་བྱ་ཞེས་པའོ། །གཟུགས་ཀྱི་དཀྱིལ་འཁོར་དབུས་སུའོ། །ཞེས་པ་ནི་སྔགས་པ་ལྷའི་གཟུགས་སུ་བསྒྱུར་

ཏེ། དབང་ཆེན་གྱི་དཀྱིལ་འཁོར་སྦྱོར་བ་སྟན་ལ་གནས་པ་ཞེས་པ་སྟེ། མདོར་ན་ཡི་གེ་ཨ་དང་བ་ལ་སོགས་པའི་སོ་སོའི་དཀྱིལ་འཁོར་དུ་ཡི་གེ་ཧ་བསམས་ཏེ། སྦྱོར་བ་བྱས་ན་ཨ་ལ་སོགས་པའི་ལས་རྣམས་བྱེད་པར་འགྱུར་རོ་ཞེས་པའོ། །ཡིད་ཀྱང་ཡོངས་སུ་སྦྱོང་བར་དུ། །བཟླས་ན་ཡིད་ནི་

เล่ม ๖๙ · หน้า 176a

དགའ་བར་འགྱུར། །ཞེས་པ་ཡིད་ནི་ཇི་བཞིན་པ་དང་བཅས་པའི་སེམས་ཏེ། སྙིང་གར་མེ་ལོང་གི་དཀྱིལ་འཁོར་བསམས་ལ། དེའི་དབུས་ན་ཡི་གེ་ཧ་མེ་ལོང་གི་དྲི་ཕྱི་བ་བཞིན་དུ་བསམས་ཏེ། བཟླས་ན་ཕ་རོལ་སེམས་ཤེས་པར་འགྱུར་རོ། །ལུས་ནི་ཡང་བར་བསྒོམས་ནས་

སུ། །འགྲོ་ཞིང་འཆག་ཚེ་བཟླས་ན་ནི། །འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར། །ཞེས་པ་ནི་སེམས་ལ་བདག་གི་ལུས་ཡང་བ་ཤིང་བལ་ལྟ་བུའམ། ནམ་མཁའ་ལ་འཕུར་དུ་ཆ་སྙམ་དུ་སེམས་ཤིང་འཆག་པའི་ཚེ། ཡི་གེ་ཧ་བཟླས་ན་རྫུ་འཕྲུལ་གྱི་རྐང་པ་ཐོབ་ཅིང་ནམ་མཁའ་ལ་འགྲོ་བར་འགྱུར་

རོ་ཞེས་པའོ། །ཨ་ནི་ཙོག་པུར་རབ་ཏུ་ཡང་། །རྣ་བར་བཞག་ནས་བཟླས་བྱ་བ། །ཟླ་བ་གཅིག་ཏུ་ཚང་བར་ཏེ། །འཕྲུལ་གྱི་རྣ་བར་འགྱུར་ཞེས་པ་ནི་སྔགས་པ་ཙོག་པུར་བྱས་ཏེ། ཡི་གེ་རྣ་བར་བཞག་ལ་ཟླ་བ་གཅིག་ཏུ་བཟླས་ན། འཕྲུལ་གྱི་རྣ་བ་ཐོབ་པར་འགྱུར། །ཞེས་པའོ། །གསང་བའི་

དེ་ལྟ་བུ་ལ་སོགས་པ་སྒྲུབ་པའི་ཚིག་ལས་བྱུང་བའོ་ཞེས་པ་ནི་གོང་དུ་སྨོས་པའི་སྒྲུབ་པ་དེ་རྣམས་ཕྱི་རོལ་དང་ནང་ལ་མི་རྟོག་པར་གྱུར་པས་བསྒོམས་པ་ཡིད་ལ་བྱུང་ཞེས་པའོ། །གསང་བའི་བདག་པོ་གཟུགས་མེད་པས་སེམས་མེད་པའི་དངོས་པོ་རྣམས་ཞེས་པ་ནས། དེ་བས་ཀུན་མཁྱེན་འགྲུབ་པ་

ཡང་། །གནས་མཆོག་ཀྱང་ནི་བསྒྲུབ་པར་བྱའོ། །ཞེས་པའི་བར་དུ་སྤྱིར་སྔགས་ཀྱི་གྲུབ་པ་རྣམས་སེམས་ཀྱིས་བསམས་པ་དང་། ཚིག་ཏུ་བརྗོད་པ་དང་། དེ་བཞིན་གཤེགས་པའི་བྱིན་རླབས་ལས་བྱུང་བར་བསྟན་པ་སྟེ། གཟུགས་མེད་པའི་ངོ་བོ་རྣམས་ལས་ཞེས་པ་ནི། སེམས་དང་སེམས་

ལས་བྱུང་བའི་ངོ་བོ་གཟུགས་མེད་པ་རྣམས་ལས། རྣམ་པ་ཐ་དད་པ་རྣམས་ལས་མངོན་པར་འདུ་བྱས་པ་རྣམས་སེམས་ཀྱི་བསམ་པ་ལས་འབྱུང་ངོ་ཞེས་པ་དང་འབྲེལ་ཏེ། མདོར་ན་ཕྱི་རོལ་གྱི་དངོས་པོ་རྣམས་ལས་ཞེས་པ་ནི། སེམས་ཀྱི་བསམ་པ་ཙམ་ལས་གྲུབ་པ་རྣམ་པ་མང་པོ་སྣ་ཚོགས་

པ་གཟུགས་དང་ལྡན་པ་རྣམས། སེམས་ལས་བྱུང་བའི་གཟུགས་མེད་པ་འབྱུང་བར་འགྱུར་རོ་ཞེས་པའོ། །ངག་རྣམ་པར་བསྐྱོད་པ་ཙམ་གྱིས་ལས་ཐམས་ཅད་དང་། ས་བོན་བྱ་བ་འབྱུང་ཞེས་པ་ནི་ཧ་ལ་སོགས་པའི་ཡི་གེ་རྣམས་ཀྱི་སྒྲ་བརྗོད་པ་ཙམ་ལས་ཧ་ལ་སོགས་པའི་ཡིག་འབྲུ་

เล่ม ๖๙ · หน้า 176b

དབང་ཆེན་ལ་སོགས་པའི་ས་བོན་གྱི་དཀྱིལ་འཁོར་གྱི་ས་བོན་དུ་འགྱུར་བ་ཡང་། རབ་དང་འབྲིང་ལ་སོགས་པའི་གྲུབ་པ་དང་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པར་འགྱུར་བ་འབྱུང་ངོ་ཞེས་པའོ། །ལས་ཐམས་ཅད་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་ན་ཞེས་པ་ནས།

དེ་བཞིན་གཤེགས་པ་གཟུགས་བརྙན་ལྟ་བུར་བཞུགས་སོ་ཞེས་པའི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱིན་གྱིས་བརླབས་པར་བཤད་པ་སྟེ། དེ་བཞིན་གཤེགས་པ་དེ་བྱིན་གྱིས་བརླབ་པ་ཡང་སྨོན་ལམ་གྱི་ཤུགས་ཀྱིས་གདུལ་བའི་འགྲོ་བ་རྣམས་ཇི་ལྟར་དད་པའི་སོ་སོའི་རྗེས་སུ་

མཐུན་པ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་སེམས་ཅན་རེ་རེའི་མདུན་ན་གཟུགས་བརྙན་ལྟ་བུར་བཞུགས་པ་ནི། ཟླ་བ་གནམ་ལ་འདུག་ཀྱང་གཟུགས་བརྙན་མཚོ་དང་རྫིང་བུ་དང་སྣོད་ཀྱི་ཆུ་ལ་སོགས་པ་ཐམས་ཅད་དུ་སྣང་བར་གྱུར་པ་དང་འདྲ་སྟེ། དེ་ལྟ་བུར་སེམས་ཀྱིས་

ཚིག་བརྗོད་པ་ཙམ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ལས་གྲུབ་པ་རྣམ་པ་མང་པོ་སྣ་ཚོགས་པ་རྣམས་འབྱུང་བ་ལ་ལྟོས་ཞེས་པའོ། །དེ་བཞིན་གཤེགས་པ་དེ་ནི་རྣམ་པར་རྟོག་པ་ཡང་མེད་ཅེས་པ་ནས། ཆོས་དང་ཆོས་མ་ཡིན་པ་ལས་རྣམ་པར་དུལ་ཞེས་པའི་བར་ནི། དེ་

བཞིན་གཤེགས་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་མདུན་ན་གནས་ཀྱང་རྣམ་པར་རྟོག་པ་ལ་སོགས་པའི་དངོས་པོ་འདི་རྣམས་དང་བྲལ་ཞེས་པ་སྟེ། དེ་ལ་རྣམ་པར་རྟོག་པ་ཡང་མེད་ཅེས་པ་དེ་ནི་དེ་བཞིན་གཤེགས་པ་དེ་ངས་སེམས་ཅན་འདི་རྣམས་ཀྱི་དོན་བྱའོ་སྙམ་པའི་རྣམ་པར་རྟོག་པ་དེ་ལ་

མི་འཛིན་ཞེས་པའོ། །ཡིད་ཀྱི་ཡུལ་ལས་འདས་ཞེས་པ་ནི། ཡིད་ནི་ཇི་བཞིན་པ་དང་བཅས་པའི་སེམས་ཏེ་དེ་ལས་འདས་ཞེས་པའོ། །བྱ་བ་དང་ལས་དང་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སྤྱོད་པའི་བྱ་བ་དང་ལས་རྣམས་དང་བྲལ་ལོ་ཞེས་པའོ། །ཆོས་དང་ཆོས་མ་ཡིན་

པ་ལས་རྣམ་པར་བྲལ་བ་ཞེས་པ་ནི། ཆོས་ནི་དགེ་བ་བཅུའི་ལས་ཀྱི་ལམ། ཆོས་མ་ཡིན་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། དེ་དག་ནི་དངོས་པོ་རྣམས་དང་བྲལ་ལོ་ཞེས་པའོ། །ཀུན་མཁྱེན་གནས་སུ་ཐོབ་བྱེད་པ། །སྔགས་སྤྱད་ལས་ནི་འབྱུང་བ་སྟེ། །ཞེས་པ་ནི་དེ་ལྟར་དངོས་པོ་དེ་

เล่ม ๖๙ · หน้า 177a

རྣམས་དང་ཡང་ལྔ་མངོན་པར་ཤེས་པ་ལ་སོགས་པའི་དངོས་པོ་རྣམས་སྔགས་ཀྱི་སྤྱོད་པའི་སྒོ་ནས་ཐོབ་པར་བྱེད་དོ་ཞེས་པའོ། །དེ་བས་ཀུན་མཁྱེན་སྒྲུབ་པ་དང་། །གནས་མཆོག་ཀྱང་ནི་བསྒྲུབ་པར་བྱའོ། །ཞེས་པ་ནི་དེ་ལྟ་བས་ན་ལྔ་མངོན་པར་ཤེས་པ་དང་། སངས་

རྒྱས་བཅོམ་ལྡན་འདས་ཀྱིས་ཤེས་ནས་མཆོག་ཀྱང་བསྒྲུབ་པར་བྱའོ་ཞེས་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་པ་ནས། ཡིད་ནི་དེ་ལྟར་ཤེས་པར་བྱ། །སྔགས་པ་སྔགས་རྒྱུད་ལ་གནས་སོ། །ཞེས་པའི་བར་དུ་སྔ་ཕྱི་དང་ནང་གི་བསླབ་པའི་ཡན་ལག་བཞི་དང་དཔའ་བོ་

ཆེན་པོ་སྙིང་པོ་ལྔའི་བཟླས་པ་ཡན་ལག་གསུམ་སྔར་བཤད་པ་རྣམས་དེ་བཞིན་གཤེགས་པའི་སྙིང་ག་ནས་ཟླ་བའི་དཀྱིལ་འཁོར་ལ་བཟླས་པར་བྱ་བའི་སྔགས་དགོད་པ་དང་། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་བཟླས་པར་བྱ་བའི་སྔགས་རྣམས་དགོད་དེ། བཟླས་པར་

བྱའོ་ཞེས་མདོ་ཙམ་དུ་གསུངས་ཏེ། ཟླ་བའི་དཀྱིལ་འཁོར་དང་བཟླས་པའི་སྔགས་རྣམས་ཟློས་པ་ཉིད་ཀྱི་ཚེ་ན། གསལ་བར་སྣང་བར་བསམ་པའི་ཐབས་ཞིབ་ཏུ་མ་གསུངས་ཏེ། དེ་དག་གསལ་བར་སྣང་བའི་ཡོངས་སུ་སྦྱང་བའི་སྒོ་ནས་བཤད་པ་དང་། ནང་གི་བཟླས་པའི་ཡན་

ལག་བཞིའི་སྦྱོར་བ་ལ། བདག་གི་སྙིང་གར་དེ་བཞིན་གཤེགས་པའི་སྐུ་མེ་ལོང་གི་དཀྱིལ་འཁོར་གྱི་ནང་ན་བཞུགས་པར་བསམ་པ་ཡང་མདོ་ཙམ་གསུངས་ཏེ། གསལ་བ་ཉིད་དུ་མ་བཤད་པས་དེ་ཡང་སྔགས་ཟློས་པའི་ཚེ་ན་སེམས་ཀྱི་གསལ་བར་སྣང་བར་བྱ་བར་བཤད་པ་སྟེ།

དེ་ལ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །མིག་མི་འཛུམས་པར་ངོ་མཚར་ཏེ། །ཞེས་པ་ནི་གོང་དུ་དབང་ཆེན་པོའི་སྙིང་པོ་རྣམས་བཤད་པ་ཐོས་ཤིང་ཆུད་ན་ངོ་མཚར་དུ་འགྱུར་བའོ། །དེ་ནི་རྡོ་རྗེ་སྤོར་བ་ནི། །འོད་ཟེར་ཀུན་དུ་འབར་བ་བཞིན། །འདི་ཀུན་སྣང་བར་གྱུར་པ་ཡང་། །སངས་

རྒྱས་ཞིང་རྣམས་ཁྱབ་པར་རོ། །ཞེས་པ་ནི་དེ་ལྟར་ངོ་མཚར་དུ་གྱུར་ཏེ། དགའ་བའི་ཤུགས་ཀྱིས་རྡོ་རྗེ་སྤོར་བ་སྟེ། རྡོ་རྗེའི་འོད་འཕྲོ་འབར་བ་དང་འདྲ་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་སྟེ་སྣང་བར་གྱུར་པའོ། །གཉིས་སུ་དེ་ལྟར་རྡོ་རྗེ་སྤོར་བ་ཡང་མ་འོངས་པའི་འགྲོ་བ་རྣམས་

เล่ม ๖๙ · หน้า 177b

སྔགས་སྤྱོད་པ་ལ་དད་པ་བསྐྱེད་པ་སྟེ། སྔགས་ཀྱི་ཕྱག་རྒྱ་རྡོ་རྗེ་སྤོར་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ཀྱིས་ཁྱབ་པ་མཐོང་ན་དད་པ་སྐྱེ་བའི་ཕྱིར་རོ། །སྔགས་པ་རྣམས་ཀྱི་གནས་གསུངས་པ། །གནས་དེ་ཡང་ནི་མ་རྙེད་ན། །སྔགས་དེ་རྣམས་ནི་གང་ནས་དོང་། །གཙོ་བོ་དེ་

རྣམས་གང་ནས་ལྷགས། །ཞེས་པ་ནི་སྔར་བཟླས་པའི་ཡན་ལག་བཞི་ལ་སོགས་པ་གསུངས་པ་ནི། ཟླ་བའི་དཀྱིལ་འཁོར་ལ་སྔགས་གནས་པར་བྱ་བ་བཤད་པ་རྣམས་ཟློས་པ་ཉིད་ཀྱི་ཚེ་ན། བདག་གི་སྙིང་ག་ནས་དེ་བཞིན་གཤེགས་པའི་སྙིང་གར་འདོད་པ་དང་། དེ་བཞིན་གཤེགས་

པའི་སྙིང་ག་ནས་དབུགས་སླར་སྡུད་པར་བསམ་ཞིང་། བདག་གི་སྙིང་གར་དམིགས་པ་ན་གང་ནས་ལྷགས་པའི་གནས་གསལ་བར་བདག་གིས་མ་དམིགས་ན། དེ་གནས་དེ་དག་དམིགས་པར་བགྱི་བ་བཤད་དུ་གསོལ་ཞེས་པའོ། །ཚིག་མཆོག་ཁྱོད་ཀྱིས་མི་མཁྱེན་མེད། །ཆོས་རྣམས་

ཀུན་གྱི་གནས་ཁྱོད་དོ། །ཆུ་རྣམས་ཀྱི་ནི་རྒྱ་མཚོ་བཞིན། །ཞེས་པ་ནི་བཅོམ་ལྡན་འདས་ལ་བསྟོད་པའི་ཚིག་སྟེ། ཆོས་རྣམས་ཀུན་གྱི་གནས་ཁྱོད་དོ། །ཞེས་པ་ནི་ལུགས་ཀྱི་ཆོས་དང་ཆུད་པའི་ཆོས་ཀྱི་གནས་ཞེས་པའོ། །ཆུ་རྣམས་ཀྱི་ནི་རྒྱ་མཚོ་བཞིན། །ཞེས་པ་ནི་དེའི་དཔེ་སྟེ་ཆུ་རྣམས་

ཐམས་ཅད་ཀྱི་གནས་ཀྱང་རྒྱ་མཚོ་ཡིན་པ་དང་འདྲའོ་ཞེས་པའོ། །སེམས་དཔའ་ཆེན་པོ་ཡིད་གནས་པར། །དཀྱིལ་འཁོར་རྣམས་ནི་བཤད་པ་སྟེ། གོང་དུ་ཕྱག་ན་རྡོ་རྗེས་གསོལ་བའི་དོན་ཏེ། སྔགས་རྣམས་ཀྱི་གནས་དཀྱིལ་འཁོར་རྣམས་གསུངས་པ་ནི་ཡིད་ཡིན་པར་བཤད་དེ། ཡིད་

ཅེས་པ་ནི་ཇི་བཞིན་པ་དང་བཅས་པའི་སེམས་ཏེ། ནམ་བདག་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་ཇི་བཞིན་པར་སྣང་བར་གྱུར་པ་དེ་ཉིད་གནས་ཞེས་བཤད་དོ་ཞེས་པ་སྟེ། མདོར་ན་སྔགས་ཟློས་པར་བྱེད་པའི་ཚེ། རབ་ཏུ་གོམས་པའི་མཐུས་བདག་གི་སེམས་ཉིད་ཟླ་བའི་

དཀྱིལ་འཁོར་ལ་སོགས་པ་ཇི་བཞིན་པར་གསལ་བར་སྣང་བར་བྱའོ། །དེ་བས་ན་གསུངས་པ་སྔགས་རྣམས་ཀྱི་གནས་སྙིང་དུ་ཤེས་ན་འབྲས་བུ་ཐོབ་ཅེས་པ་སྟེ། བདག་ཉིད་སེམས་ཉིད་སྔགས་རྣམས་ཀྱི་གནས་སུ་ཤེས་ན། ཏིང་ངེ་འཛིན་ཁུགས་ཤིང་སེམས་སྦྱོང་བའི་མཚན་མ་བས་

เล่ม ๖๙ · หน้า 178a

ཏེ། དེས་ན་ཇི་ལྟར་བསམ་པའི་གྲུབ་པ་ལ་སོགས་པ་འཐོབ་པར་འགྱུར་ཞེས་པའོ། །ཡིད་ཀྱིས་བསམས་པ་དེ་ཡང་ནི། །དཀར་པོ་སེར་པོ་དམར་པོ་སྟེ། །དེ་ལ་བྱེ་བྲག་འབྱེད་པ་ཡང་། །སེམས་ཀྱིས་ཀྱང་ནི་བྱ་བ་ཡིན། །ཞེས་པ་ནི། སེམས་དཔའ་ཆེན་པོ་ཡིད་

གནས་པ་ནི། དཀྱིལ་འཁོར་རྣམས་ནི་བཤད་པ་སྟེ། །ཞེས་པའི་འབྲེལ་པའི་ཚིག་སྟེ། ཡིད་ཇི་ལྟར་གནས་ཡིན་པ་དང་། དཀྱིལ་འཁོར་ཡང་གང་རྣམས་ཡིན་པ་བསྟན་པ་སྟེ། དབང་ཆེན་དང་ཆུའི་དཀྱིལ་འཁོར་དཀར་པོ་དང་སེར་པོ་དང་དམར་པོ་ལ་སོགས་པ་རྣམས་ཡིད་ཀྱིས་

བསམས་པ་སྟེ། དེ་རྣམས་བྱེ་བྲག་ཏུ་འབྱེད་ཅིང་ཡོངས་སུ་ཆད་པར་བྱེད་པ་ནི་སེམས་ཉིད་དེ། སེམས་ཀྱི་དཀྱིལ་འཁོར་དེ་རྣམས་གང་ཡང་རུང་བ་ཅིག་བསམས་ནས། གོམས་པའི་མཐུས་དཀྱིལ་འཁོར་ཇི་བཞིན་པ་ཉིད་དུ་བདག་གི་སེམས་གྱུར་ན། དེ་སེམས་དེ་གནས་ཤེས་བྱ་ཞེས་པའོ། །

སེམས་དེ་ངེས་པར་མགུ་བ་ན། །དེ་ཡི་སྙིང་དུ་བཤད་པ་ཡིན། །ཞེས་པ་ནི་སྔགས་རྣམས་ཀྱི་གནས་སྙིང་དུ་ཤེས་ན་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་གོང་དུ་བཤད་པའི་འབྲེལ་པ་སྟེ། བདག་གི་སེམས་དཀྱིལ་འཁོར་ཇི་བཞིན་པར་ཞེན་པར་འགྱུར་ཏེ། དེ་ལས་མི་འགྱུར་ཞིང་རྩེ་གཅིག་པར་

གྱུར་ན། དེ་ན་སེམས་ངེས་པར་མགུ་བ་ཡིན་ཏེ། དེ་ལྟ་བུའི་ཚུལ་དུ་སེམས་མགུ་བར་གྱུར་པ་དེ་ནི་སྔགས་རྣམས་ཀྱི་གནས་སྙིང་དུ་ཤེས་པ་ཞེས་བྱའོ། །གནས་དེར་གནས་པའི་སྔགས་རྣམས་ཀྱིས། །འབྲས་བུ་ཡང་ནི་རྒྱ་ཆེར་སྦྱིན། །ཞེས་པ་དེ་ལྟར་རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་ལ་

སོགས་པ་ཇི་བཞིན་པར་འགྱུར་ཏེ། སྔགས་རྣམས་ཀྱང་དེར་གནས་པར་སྣང་ཞིང་། སེམས་ཙམ་ན་སྔགས་དེ་རྣམས་འབྲས་བུ་རྒྱ་ཆེར་སྟེར་ཏེ་ཞེས་པའོ། །དེ་རུ་བསམ་པ་པདྨོ་སྟེ། །འདབ་མ་བརྒྱད་པ་གེ་སར་བཅས། །ཞེས་པ་ནས། སྔགས་པ་སྔགས་རྒྱུད་གནས་པའོ། །

ཞེས་པའི་བར་དུ་ནང་གི་ཡན་ལག་བཞིས་བཟླས་པ་སྔར་བཤད་པ་ནི། བདག་གི་ལུས་ལྷར་བསྒྱུར་བའི་སྙིང་ག་ན། དེ་བཞིན་གཤེགས་པའི་སྐུ་མེ་ལོང་གི་དཀྱིལ་འཁོར་གྱི་ནང་ན་གནས་པར་བསམ་པ་དེ་ཉིད་ཞིབ་ཏུ་བཤད་པ་སྟེ། དེ་རུ་བསམ་པ་པདྨོ་སྟེ། །འདབ་མ་བརྒྱད་པའི་གེ་

เล่ม ๖๙ · หน้า 178b

སར་བཅས། །དེ་ཡི་སྟེང་དུ་ཨ་དེ་གནས། །ཞེས་པ་ནི་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ཇི་བཞིན་པར་གྱུར་པ་སྟེ། པདྨོ་དང་ཨ་བསམ་མོ་ཞེས་པའི་ཨ་དེ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསམ་པ་ནི། འབར་བའི་ཕྲེང་བ་བཟང་པོས་འཁོར། །ཀུན་དུ་ཡང་ནི་གཡོ་བཞིན་

པ། །ཞེས་པ་ལ་སོགས་པ་སྟེ། ཀུན་དུ་གཡོ་བཞིན་པ་ཞེས་པ་ནི་སྲོག་དང་བཅས་པར་འདྲ་བར་བསམ་མོ་ཞེས་པའོ། །གཙོ་བོ་རྣམ་མང་གཟུགས་ཀྱང་འཆང་། །ཞེས་པ་ནི་སྐུ་མི་ཟད་པའི་རྒྱན་ལ་སོགས་པ་རྣམ་པ་དུ་མར་འབྱུང་བའི་རང་བཞིན་ཅན་ཞེས་པའོ། །མེ་ལོང་ཕུག་ན་འདུག་བཞིན་དུ། །ཞེས་པ་ནི་སྔར་བཤད་

ཟིན་ཏོ། །སྣང་བ་ཀུན་ཀྱང་སྟོན་པ་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་མདུན་ན་གནས་པར་སྟོན་པ་ཞེས་པའོ། །ཆུ་དང་ཟླ་བར་འདྲ་བ་རུ། །ཞེས་པ་ནི། སྣང་བ་ཀུན་ཀྱང་སྟོན་པ་སྟེ། །ཞེས་པ་ནི་དཔེ་སྟེ། ཟླ་བ་དེ་ཆུའི་ནང་ན་གཟུགས་བརྙན་འབྱུང་བར་བྱེད་པ་དང་འདྲའོ། །ཡིད་ནི་

དེ་ལྟར་ཤེས་པར་བྱ། །ཞེས་པ་ནི་སྔགས་པས་རང་གི་ཡིད་དེ་དེ་བཞིན་གཤེགས་པའི་སྐུ་དེ་ལྟ་བུ་ཇི་བཞིན་པ་ཉིད་དུ་གྱུར་པར་ཤེས་པར་བྱའོ་ཞེས་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་སྐུའི་བྱེ་བྲག་བཤད་པ་དེ་རྣམས་ཀྱང་སྦྱོར་བ་བས་ཚུལ་དེ་ལྟར་བསྒོམ་པར་བྱ་བ་བསྟན་པ་དང་། དེ་བཞིན་

གཤེགས་པའི་སྐུ་གསུམ་ཆར་ལ་བསྟོད་པ་ཡང་ཞར་ལ་བསྟན་པ་སྟེ། དེ་ཡི་སྟེང་དུ་ཨ་དེ་གནས། །ཞེས་པ་ནི་ཆོས་ཀྱི་སྐུའི་རང་བཞིན་བསྟན་ཅིང་བསྟོད་པའོ། །འབར་བའི་ཕྲེང་བ་བཟང་པོས་འཁོར། །ཞེས་པ་ནས། གཙོ་བོ་རྣམ་མང་གཟུགས་ཀྱང་འཆང་། །ཞེས་པའི་བར་དུ་རྫོགས་

ལོངས་སྤྱོད་པའི་སྐུའི་རང་བཞིན་དུ་བསྟོད་པའོ། །སྣང་བ་ཀུན་ཀྱང་སྟོན་པ་སྟེ། །ཆུ་ནང་ཟླ་བ་འདུག་པ་བཞིན། །ཞེས་པ་ནི་སྤྲུལ་པའི་སྐུའི་རང་བཞིན་ལ་བསྟོད་པའོ། །དེ་ནས་སྔགས་པ་རོ་སྟོད་ཀྱི། །ཞེས་པ་ནས། བླ་མེད་སངས་རྒྱས་ཡེ་ཤེས་སོ། །ཞེས་པའི་བར་དུ་སྦྱར་བ་སྦྱོར་བའི་

སྟན་སྦྱར་བ་ལས། ཀླད་པའི་ནང་དུ་ཡི་གེ་ཨ་ཤིན་ཏུ་དཀར་བ་བསམས་ལ། མིག་གི་ནང་དུ་ཡི་གེ་ར་བསམས་ཏེ། །ཡི་གེ་དེའི་འོད་ཀྱིས་སྙིང་ག་ནས་དེ་བཞིན་གཤེགས་པའི་སྐུ་བསམ་པ་སྟེ། སྣང་བར་བསམ་པ་དང་། དེ་རྣམས་བསམས་ནས་ཀྱང་ཡི་གེ་རའི་གནས་མིག་གཉིས་སུ་

เล่ม ๖๙ · หน้า 179a

ཡི་གེ་ལ་བསམས་ཏེ། རའི་སྒྲ་ནི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་མཚན་ཉིད་མེད་པར་སྟོན་པ་ལ་དམིགས་ནས། ཐམས་ཅད་སྟོང་པའི་རང་བཞིན་དུ་བསམས་པ་དང་། ཨ་ལ་སོགས་པའི་ཡི་གེ་དག་བསམས་པ་ལས་གྲུབ་པར་འགྱུར་བ་དང་། དེའི་རྗེས་སུ་སྔགས་པ་

རྣམས་འཆད་དེ། ཡི་གེ་དེ་རྣམས་དེ་ལྟར་བསམས་པ་དང་། སེམས་ཡོངས་སུ་སྦྱང་བ་དང་། དེ་རྣམས་སྦྱར་བ་ལས་གྲུབ་པ་ཐོབ་པའི་ཕྱིར་ཏེ། དེ་སེམས་ཡོངས་སུ་སྦྱང་བའི་རིམ་པ་ཡང་ཐོག་མ་ཉིད་བདག་གི་ལུས་ཡི་གེ་ཨ་ལ་སོགས་པའི་སྒོ་ནས་མ་བྱུང་མ་སྐྱེས་པར་སྟོང་པར་བཤིགས་

ཏེ། དེ་རྣམས་སླར་ཡི་གེ་ཨ་བསམས་ཏེ། ཨ་དེ་ལས་གོང་མའི་རིམ་བཞིན་དུ་ཕྱི་ནང་གི་དབང་གི་རྡོ་རྗེ་དཀྱིལ་འཁོར་དང་བཅས་པའི་ལྷའི་གཟུགས་སུ་བདག་གི་ལུས་བསྒྱུར་ཏེ། ནང་གི་དཀྱིལ་འཁོར་གྱི་དབུས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གོང་དུ་སྨོས་པའི་ཚུལ་བཞིན་དུ་

བསམས་ཏེ། དེ་ནས་ཀླད་པའི་ནང་དུ་ཡི་གེ་ཨ་ཤིན་ཏུ་དཀར་བ་བསམས་ལ་མིག་གཉིས་སུ་ར་བསམས་ཏེ། ར་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཤིན་ཏུ་དཀར་བ་སྟེ། དེའི་འོད་ཀྱིས་སླར་སྙིང་ག་ན། བཅོམ་ལྡན་འདས་ཀྱི་སྐུ་མེ་ལོང་ནང་ན་བཞུགས་པ་བཞིན་གསལ་བར་སྣང་བར་བྱའོ། །

དེ་ནས་དེའི་འོད་ཀྱིས་སླར་ཡང་བསམས་ན་ཡི་གེ་ཨ་དེ་ཤིན་ཏུ་གསལ་བར་སྣང་བར་བྱས་ཏེ། དེ་ལྟར་གསལ་བར་བརྟན་པར་གྱུར་པ་ཡང་ཡི་གེ་རའི་གནས་མིག་གཉིས་སུ་ཡི་གེ་ཀླད་ཀོར་དང་བཅས་པར་བསམས་ལ། དེའི་སྒྲ་ཁོ་ན་ཉིད་ཆོས་ཐམས་ཅད་མཚན་ཉིད་དང་བྲལ་བ་ལ་དམིགས་པས།

ཡི་གེ་ཨ་ལ་སོགས་པ་ལྟར་བསམས་པ་ཐམས་ཅད་སྟོང་པར་བསམ་མོ། །དེ་ལྟར་སྟོང་པར་བསམ་པ་ཡང་བརྟན་པར་གྱུར་ནས། ཡང་བདག་གི་སེམས་དབང་དུ་གྱུར་པར་བྱ་བའི་ཕྱིར། སྔ་མའི་རིམ་བཞིན་དུ་སྦྱོར་བའི་གནས་དང་། བཅོམ་ལྡན་འདས་ཀྱི་སྐུ་སྙིང་གར་བསམས་པ་དང་། ཀླད་

པར་ཨ་བསམས་པ་སྔ་མའི་རིམ་བཞིན་དུ་བྱའོ། །དེ་བཞིན་དུ་དེ་ཡང་དང་ཡང་དུ་ཡི་གེ་ལ་བསམས་ནས་སྟོང་པར་བྱ་བ་དང་། སླར་བཅོམ་ལྡན་འདས་ཀྱི་གཟུགས་དང་ཨ་ལ་སོགས་པ་བསམས་པ་དང་། སྟོང་པར་བྱ་བ་དག་སེམས་ལ་དབང་དུ་བྱ་བའི་ཕྱིར་ལན་མང་དུ་གོམས་པར་བྱ་བ་སྟེ། དེ་

เล่ม ๖๙ · หน้า 179b

བས་ན་གསུངས་པ། དེ་ནས་སྔགས་པ་རོ་སྟོད་ཀྱི། །ཐོད་པའི་རིམ་པའི་དབུས་སུ་ནི། །ཀླད་མཚན་འཁོར་གྱིས་བཏབ་བཅས་པ། །ཨ་ཞེས་བྱ་བ་དེ་ལྟར་བསམས། །ཞེས་པ་སྟེ་དེ་ཉིད་ཀྱི་བྱེ་བྲག་ཏུ་གསུངས་པ་མཐོང་བ་རྒྱ་ཆེ་བ་དག་སྟེ། ཤེལ་དང་ཟླ་བ་བཞིན་དུ་གསལ། །ཞི་བ་ཆོས་

ཀྱི་སྐུ་ཡིན་ཏེ། །ཀུན་གྱི་རྟེན་ཞེས་བྱ་བ་ཡིན། །ཞེས་པ་སྟེ། བསམ་པའི་ཐབས་ནི་གོང་དུ་བཤད་པའི་ཡི་གེའི་དོན་ནི། མདོར་ན་ཡི་གེ་ཨ་ཤེལ་དང་ཟླ་བ་ལྟ་བུར་དཀར་བ་ཀླད་ཀོར་དང་བཅས་པར་བསམས་ཏེ། དེ་ནི་ཆོས་ཀྱི་སྐུའི་རང་བཞིན་དུ་ཤེས་པར་བྱའོ། །དེ་བས་ན། ཀུན་གྱི་རྟེན་

ཞེས་བྱ་བ་ཡིན། །ཞེས་པ་སྟེ་ཆོས་ཀྱི་སྐུ་ནི་ཐམས་ཅད་ཀྱི་རྟེན་ཏེ། ཆོས་ཀྱི་སྐུའི་དབང་གིས་ཐམས་ཅད་འབྱུང་བའི་ཕྱིར་རོ། །ཡང་གཉིས་སུ་ཨ་དེ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་ཀུན་གྱི་རྟེན་བྱའོ། །དེ་ལ་སྔགས་ཀྱིས་བསྒྲུབ་པ་ནི། །རྣམ་པ་མང་པོའི་གཟུགས་ཀྱང་ཐོབ། །མཐོ་

རིས་མྱ་ངན་འདའ་བའང་ཐོབ། །དེ་བཞིན་གཤེགས་ནས་མཐོང་བའོ། །ཞེས་པ་ནི་དེ་ལྟར་སེམས་ཡོངས་སུ་སྦྱངས་ནས། ཨ་དེ་ཀླད་པའི་ནང་དུ་བསམས་ཏེ། རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་པར་འགྱུར་ཞེས་པའོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་ལུས་

དང་ངག་དང་ཡིད་ཀྱི་དཀྱིལ་འཁོར་གསུམ་བྱིན་གྱིས་བརླབས་པ་ལས་ལུས་ཀྱི་འཁོར་ལོ་བྱིན་གྱིས་བརླབས་པ་ནི་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་དེ་བཤད་ལགས། ངག་གི་འཁོར་ལོས་བྱིན་གྱིས་བརླབས་པ་ཡི་གེ་འཁོར་ལོའི་སྐོར་འདིར་བཤད་པར་བྱ་སྟེ། ལུས་དང་ངག་དང་ཡིད་གསུམ་ཀའི་

འཁོར་ལོ་འདིར་འདུས་མོད་ཀྱི། ངག་གི་འཁོར་ལོ་གཙོ་བོ་བས་ངག་གི་འཁོར་ལོར་བྱིན་གྱིས་བརླབས་པ་སྟེ། གཞན་ཡང་མེད་པ་མ་ཡིན་ནོ། །དེ་ལ་དཀྱིལ་འཁོར་དང་པོ་བྲི་བར་བརྩམས་པའི་ཚེ། དཀྱིལ་འཁོར་གྱི་སློབ་དཔོན་རང་གི་ཏིང་ངེ་འཛིན་རྣམ་པར་བཤད་པ་གང་ཡང་རུང་བ་ལ་

དམིགས་ཏེ། བདག་དང་འཁོར་ཐམས་ཅད་བསྲུང་བའི་ཕྱིར། རིག་པ་འདི་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་པར་བྱས་ཏེ། རིག་པ་དེ་བཅོམ་ལྡན་འདས་ཀྱིས་རིག་པ་དེའི་དོན་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་དམིགས་ནས་སྔགས་བཤད་པར་མཛད་པ་ནི། དེ་ནས་

เล่ม ๖๙ · หน้า 180a

བཅོམ་ལྡན་འདས་ཞེས་པ་ནས་རིག་པའི་རྒྱལ་མོ་འབྱུང་ངོ་ཞེས་པའི་བར་དུ་གསུངས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་སྲུང་བའི་འཁོར་ལ་གཟིགས་ནས་ཞེས་པ་དེ་ལ་ཐམས་ཅད་སྲུང་བ་ཞེས་པ་ནི། འཁོར་བྱང་ཆུབ་སེམས་དཔའ་

ཕྱག་ན་རྡོ་རྗེ་དེ་སེམས་ཅན་ཐམས་ཅད་ལ་སྲུང་ཞིང་སྐྱོབ་པའི་ཕྱིར་རོ། །ཡང་ན་གཅིག་ཏུ་ན་ཐམས་ཅད་དང་ལྡན་པ་ནི་འཁོར་དེ་དག་ཉིད་ཐམས་ཅད་ཉིད་དང་ལྡན་པ་ཞེས་པའི་དོན་ཏོ། །གཟིགས་པ་རྣམ་པ་གཉིས་ཀྱི་ཕྱིར་འཁོར་ལ་གཟིགས་པ་ཆོས་ཉིད་ཀྱིས་དེ་བཞིན་ཏེ། འཁོར་སེམས་ཅན་

འདུས་པར་བསྐུལ་བ་དང་སྣོད་དུ་གྱུར་ཏམ་མ་གྱུར་བརྟག་པ་སྟེ། འདིའི་སྐབས་སུ་འཁོར་དེ་དག་ལ་མི་དགོས་པ་ཕྱི་མ་ལ་བསྟན་པའོ། །བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་སྤྱན་གྱིས་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་གཟིགས་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་མི་གནས་པའི་མྱ་ངན་

ལས་འདས་པ་ཉིད་ནི་རྟག་ཏུ་རྟོག་པ་ཐམས་ཅད་དང་བྲལ་བས་གཟིགས་ཤིང་རྟོག་པ་ཡང་མི་འབྱུང་མོད་ཀྱི། སྔོན་གྱི་སྨོན་ལམ་གྱི་ཤུགས་ཐུགས་རྗེ་ཆེན་པོའི་ཡུམ་དང་། བྱམས་པ་ཆེན་པོའི་དབང་གིས་ན། སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་གཟིགས་པ་ནི། མ་གྲོལ་བ་དགྲོལ་

བ་དང་མ་སྨིན་པ་སྨིན་པར་བྱ་བའི་ཕྱིར་རིག་པ་བཤད་པར་དགོངས་སོ། །མི་འཆི་བ་ཞེས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞུགས་ཞེས་པ་ནི། དེ་ལ་མི་འཆི་བ་ནི་འཆི་བར་འགྱུར་བ་མེད་པའི་ཕྱིར་ཏེ། དེ་ནི་ཆོས་ཀྱི་སྐུ་སྟོང་པ་ཉིད་དོ། །དེ་ལ་དམིགས་ཏེ་ཏིང་ངེ་འཛིན་འབྱུང་བས་ན། མི་འཆི་བ་

ལས་འབྱུང་ཞེས་བྱའོ། །ཡང་ན་མི་འཆི་བ་དེ་ཉིད་ཏིང་ངེ་འཛིན་འདི་ལས་འབྱུང་བས་ན། མི་འཆི་བ་ལས་འབྱུང་བ་སྟེ། བྱང་ཆུབ་པ་ལས་ཆོས་ཀྱི་སྐུའི་ཡེ་ཤེས་འབྱུང་བ་ཞེས་པའི་དོན་ཏེ། ཏིང་ངེ་འཛིན་དེ་ལས་མཉམ་པར་བཞུགས་ནས་རིག་པ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཡན་

ལག་ཐམས་ཅད་ནས་དུས་གསུམ་དུ་མ་ཆགས་པའི་རྒྱལ་མོ་འབྱུང་ཞེས་པ་དེ་ལ་བཅོམ་ལྡན་འདས་ཀྱིས་ཡན་ལག་ཐམས་ཅད་ཅེས་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་དང་སྤྲུལ་པའི་སྐུ་དང་། སྙིང་པོ་བྱང་ཆུབ་པའི་སྐུའི་ཡན་ལག་ཐམས་ཅད་ནས་བྱུང་བ་སྟེ། སྟོང་པ་ཉིད་རྣམ་པར་མི་རྟོག་པའི་

เล่ม ๖๙ · หน้า 180b

ཏིང་ངེ་འཛིན་ལ་གནས་པས་ཞལ་ནས་ཚིག་ཏུ་འབྱུང་བའི་མི་རིགས་ཤེས་ནས་ཡན་ལག་ནས་བྱུང་ཞེས་པའོ། །དེ་ལ་དུས་གསུམ་ལ་མ་ཆགས་པའི་སྟོབས་ཞེས་པ་ནི་སྔ་མ་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་ལ་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ཀྱིས་དེ་ལ་དམིགས་པའི་སྐྱེ་བ་མཐུ་དང་ལྡན་པ་ནི་

དོན་དམ་པའོ། །རིག་པ་འདིའི་མཐུས་བདུད་རྒོལ་བ་ཐམས་ཅད་ཀྱིས་བགེགས་བྱེད་པར་མི་ཚུགས་པ་ནི་ཀུན་རྫོབ་ཏུའོ། །རིག་པ་ཞེས་པ་ནི་ཤེས་པའི་དོན་ཏེ། འདིའི་སྐབས་སུ་བྱང་ཆུབ་པའི་ཤེས་རབ་ཉིད་ལ་བྱའོ། །རྒྱལ་མོ་ཞེས་པ་ནི་ཤེས་རབ་ཐམས་ཅད་ཀྱི་ནང་ན་བྱང་ཆུབ་པའི་མཆོག་

པས་ན་རྒྱལ་མོ་ཞེས་བྱ་སྟེ། དེ་བས་ན་རིག་པ་འདི་ཡང་བྱང་ཆུབ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་བྱིན་གྱིས་བརླབས་པའོ། །རིག་པ་དེའི་རང་བཞིན་གཟུགས་བསྟན་པར་གསུངས་པ། རིགས་ཀྱི་བུ་རིག་པ་འདི་ནི་དེ་བཞིན་གཤེགས་པའི་སྐུ་དང་མི་གཉིས་པའི་སྤྱོད་ཡུལ་ཞེས་སོ། །དེ་ལ་ནི་

དེ་བཞིན་གཤེགས་པའི་སྐུ་ཞེས་པ་ནི་ཆོས་ཀྱི་སྐུ་དེ་དང་། རིག་པ་འདི་དང་གཉིས་སྤྱོད་ཡུལ་གཉིས་སུ་མེད་པ་ནི་དེ་བཞིན་ཉིད་ལ་དམིགས་པ་འདྲ་བའི་ཕྱིར་རོ། །རིག་པ་འདིའི་མཐུ་ཆེན་པོ་བསྟན་པའི་ཕྱིར། གསུངས་པ་འདིས་བྱིན་གྱིས་བརླབས་ཞེས་པ་ནས་སྡུག་བསྔལ་འགགས་ཞེས་

པའི་བར་དུ་སྟེ། རིག་པ་འདིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱིན་གྱིས་བརླབས་པ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་ཐོགས་པ་མེད་པ་གང་སྡུག་བསྔལ་འགགས་པ་ཐོབ་པ་ཞེས་པའི་དོན་ཏེ། དེ་ལ་

སངས་རྒྱས་དང་ཞེས་པ་ནི་བླ་ན་མེད་པར་སངས་རྒྱས་པ་ལ་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་ས་བཅུར་ཕྱིན་པ་དབང་བཅུ་ཐོབ་པའི་སངས་རྒྱས་དེ་ལ་བྱའོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་གཞན་པ་འཕགས་པའི་ས་ལ་གནས་པ་རྣམས་ལ་བྱའོ། །མ་ཆགས་པའི་ཆོས་ཞེས་པ་ནི་མི་

གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པས་ན་མ་ཆགས་པའོ་ཞེས་བྱའོ། །ཡང་ཅི་འདྲ་ཞེ་ན། གང་ན་སྡུག་བསྔལ་གྱི་རྣམ་པ་འགགས་ཞེས་པ་སྟེ། ཕུང་པོའི་སྡུག་བསྔལ་རྣམས་མྱ་ངན་ལས་འདས་ཞེས་པའི་ཆོས་དེ་ལ་མེད་

เล่ม ๖๙ · หน้า 181a

ཅེས་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡི་གེ་དཀྱིལ་འཁོར་གྱི་སྤྱོད་པའི་འཁོར་རྣམས་ལ་བཤད་པར་བྱའོ་ཞེས་བཀའ་སྩལ་པ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་པ་ནས། སངས་རྒྱས་ཀྱི་བྱེད་པ་ལ་འཇུག་པར་གནས་ཞེས་པའི་བར་དུའོ། །

དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་དགོངས་ཞེས་པ་ནི་ཕྱི་མའི་སེམས་ཅན་དང་མ་འོངས་པའི་སེམས་ཅན་རྣམས་ཅི་རྩོམ་ན་ཡང་། དང་པོར་དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་གྱིས་ཤིག་ཅེས་ལུང་བསྟན་པའོ། །བདག་ཉིད་དང་ཕྱག་ན་རྡོ་རྗེ་ཐོག་མ་ནས་མ་སྐྱེས་པར་བྱིན་གྱིས་

བརླབས་ཞེས་པ་ནི། དཀྱིལ་འཁོར་གྱི་རྣམ་པ་བསྟན་པ་ནི། འཆད་པ་དང་ཉན་པ་གཉིས་ཏིང་ངེ་འཛིན་ལ་མཉམ་པར་བཞུགས་ནས་བཤད་ཅིང་ཉན་པའི་ཚུལ་ཏེ། དེ་བས་ན་བཅོམ་ལྡན་འདས་འཆད་པ་ཉིད་དང་། ཕྱག་ན་རྡོ་རྗེ་ཉན་པ་གཉིས་མ་སྐྱེས་པའི་ཆོས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་

ལ་མཉམ་པར་བཞུགས་པ་བསྟན་ཏོ། །དེ་ཡང་ཏིང་ངེ་འཛིན་ལ་མ་ཞུགས་པ་ནི། སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཀྱང་། དཀྱིལ་འཁོར་དང་པོར་རྩོམ་པའི་ཚེ། བདག་ཉིད་ཀྱང་བྱིན་གྱིས་བརླབས། གྲོགས་བྱེད་པའི་རྡོ་རྗེ་མཆོག་སྦྱིན་གྱིས་བྱིན་གྱིས་

རློབས་ཤིག་ཅེས་པ་དེ་བས་རང་ངམ་སློབ་དཔོན་གྱིས་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་བོ། །ཡི་གེའི་འཁོར་ལོ་བསྐོར་བ་ཞེས་བྱ་བའི་དཀྱིལ་འཁོར་ལ་སྤྱོད་པའི་ལེའུ་རྒྱས་པར་ཞེས་པ་དེ་ལ་ཡི་གེ་འཁོར་ལོ་བསྐོར་བ་ཞེས་པ་ནི། གཅིག་ཏུ་ནི་འཁོར་ལོ་བཞིན་དུ་ཡི་གེས་བསྐོར་བ་སྟེ། ཡི་གེ་ཨ་

དབུས་སུ་བཞག་ལ་ཀ་ལ་སོགས་པས་མཐའ་བསྐོར་བའི་ཕྱིར་རོ། །གཉིས་སུ་ནི་འཁོར་ལོའི་དཀྱིལ་འཁོར་དུ་ཡི་གེར་བསྒྱུར་བས་ན་ཡི་གེའི་འཁོར་ལོ་བསྐོར་བ་སྟེ། དཀྱིལ་འཁོར་དེར་གཟུགས་ཡི་གེའི་འབྲུར་བསྒྱུར་ཏེ་བཀོད་པའི་ཕྱིར་རོ། །སྤྱོད་པ་ཞེས་པ་ནི་དཀྱིལ་འཁོར་གྱི་ལས་སུ་བྱ་བ་

རྣམས་སོ། །ལེའུ་ཞེས་པ་ནི་དེ་ཉིད་ཀྱི་གཞུང་གི་ལེའུའོ། །རྒྱས་པ་ཞེས་པ་ནི་དཀྱིལ་འཁོར་དེར་སློབ་མའི་སེམས་རྒྱུད་ལ་བསོད་ནམས་ཀྱི་ཚོགས་ཤིན་ཏུ་འཕེལ་བའོ། །དཀྱིལ་འཁོར་དེ་ཡང་ཇི་ལྟ་བུ་ཞེ་ན། རང་བཞིན་བསྟན་པར་གསུངས་པ་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་

เล่ม ๖๙ · หน้า 181b

རྣམས་ཀྱིས་སངས་རྒྱས་ཀྱི་བྱ་བ་ལ་ཞུགས་ཞེས་པའི་དོན་ཏོ། །དེ་ལས་སངས་རྒྱས་ཀྱི་བྱ་བ་ནི་ཚེ་འདི་དང་ཕ་རོལ་དུ་མངོན་པར་འཆར་བ་དང་། བདེ་བ་མ་ལུས་པའི་འབྲས་བུ་ཐོབ་པར་མཛད་པའོ། །དེ་བཞིན་དུ་སྔགས་སྤྱོད་པ་རྣམས་ལ་དཀྱིལ་འཁོར་འདིའི་ཚུལ་གྱིས་ཚེ་འདི་དང་ཕ་རོལ་དུ་འཇིག་

རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་ཐོབ་པར་བྱེད་པས་ན། སངས་རྒྱས་ཀྱི་བྱ་བ་ལ་ཞུགས་པས་ནི་དཀྱིལ་འཁོར་འདི་ལྟ་སྟེ། དེ་བཤད་ཀྱིས་ཉོན་ཅིག་ཅེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཡི་གེས་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་སྤྱོད་པ་བཤད་པར་གནང་ནས། ཕྱག་ན་

རྡོ་རྗེ་དེས་ཤིན་ཏུ་མགུ་ནས་བཅོམ་ལྡན་འདས་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡང་གཅིག་ཏུ་ན་དཀྱིལ་འཁོར་འདིའི་ནང་ནས་བཅོམ་ལྡན་འདས་རྒྱུ་དང་འབྲས་བུའི་ཡོན་ཏན་འབྱུང་བ་རྣམས་ཀྱི་སྒོ་ནས་བསྟོད་པའི་ཕྱིར་གསུངས་པའོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདིས་མངོན་

པར་བསྟོད་དོ་ཞེས་པའི་བར་དུའོ། །དེ་ལ་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པའི་ཕྱིར་ཕྱག་འཚལ་ཏེ། རྡོ་རྗེའི་ཚུལ་དུ་བབ་ཅེས་པ་སྟེ། རྡོ་རྗེའི་ཚུལ་དུ་བབས་པ་ནི་གཡེང་ཞིང་འགྲོགས་པ་མེད་པར་བརྟན་པོར་བབས་པའོ། །བཅོམ་ལྡན་འདས་ཞེས་པ་ནི་ཡོན་ཏན་རྣམ་ལྔའི་སྒོ་ནས་བསྟོད་དེ།

བྱང་ཆུབ་སེམས་ཀྱི་སྒོ་ནས་བསྟོད་པ་དང་། རྒྱུ་དང་འབྲས་བུའི་སྤྱོད་པའི་སྒོ་ནས་བསྟོད་པ་དང་། དེ་བཞིན་གཤེགས་པའི་དེ་མ་ཐག་པའི་ལམ་གྱི་སྒོ་ནས་བསྟོད་པ་དང་། ཀུན་དུ་སངས་རྒྱས་པའི་ཡོན་ཏན་དང་མྱ་ངན་ལས་འདས་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་སྟེ། ཡོན་ཏན་གྱི་གོ་རིམས་

ཀྱང་འདི་ལྟར་རིགས་ན། ཚིགས་བཅད་ལ་མི་བདེ་བའི་ཕྱིར་ལྟག་འོག་འབྲེལ་པར་གསུངས་སོ། །དེ་ལ་ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ཡན་ཆད་ལ་བྱ་མོད་ཀྱི། འདིའི་སྐབས་སུ་ས་དང་པོ་ལ་སོགས་པ་རྣམས་

དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་བསྟོད་ཟིན་པས་ན་དེ་ལ་མི་བྱའི་འདིར་རྩོལ་བའི་བྱང་ཆུབ་མོས་པ་སྤྱོད་པའི་ས་ལ་བྱ་སྟེ། ཡང་དེ་བཞིན་གཤེགས་པའི་རྒྱུ་ཡིན་པས་ན་རྒྱུ་དེ་ལས་དེ་བཞིན་གཤེགས་པའི་འབྲས་བུའི་མིང་བཏགས་ཏེ། བྱང་ཆུབ་ཀྱི་སེམས་འབྱུང་བ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་

เล่ม ๖๙ · หน้า 182a

སོ། །བྱང་ཆུབ་ཀྱི་སེམས་འབྱུང་བ་ཁྱོད་ལ་ཕྱག་ཀྱང་འཚལ་ཞེས་པ་ནི། དེ་བཞིན་གཤེགས་པའི་དེ་མ་ཐག་ལམ་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་སྟེ། བྱང་ཆུབ་སེམས་དཔའི་ས་བཅུ་ལས་འདས་པས་ན། སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེ་མ་ཐག་པའི་ལམ་སྟེ། དེ་ལ་བྱང་

ཆུབ་འབྱུང་བས་ན། བྱང་ཆུབ་འབྱུང་བ་ཞེས་བྱའོ། །སྤྱོད་པའི་གཟུགས་ཞེས་པ་ནི་རྒྱུའི་སྤྱོད་པ་དང་འབྲས་བུའི་སྤྱོད་པ་རྣམ་པ་གཉིས་ཏེ། འབྲས་བུའི་སྤྱོད་པ་ནི་ལུས་དང་ངག་ཡིད་གསུམ་གྱི་འཁོར་ལོ་སྤྱོད་པས་འཇིག་རྟེན་གསུམ་དུ་ཁྱབ་པར་སྟོན་པའོ། །རྒྱུའི་སྤྱོད་པའི་གཟུགས་ནི་ས་དང་ཕ་

རོལ་ཏུ་ཕྱིན་པ་རྣམས་སོ། །ཐོག་མར་མཛད་པ་ལ་སོགས་པ་ལ་ཕྱག་འཚལ་ཞེས་པ་ནི། ཀུན་དུ་སངས་རྒྱས་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་སྟེ། ཆོས་རྣམས་དང་པོ་ནས་ཇི་ལྟ་བ་བཞིན་དུ་གཟུང་བ་དང་འཛིན་པ་ལས་བྲལ་བ་སྟོང་པ་ཉིད་པས་ན་དེ་ལ་ཕྱག་འཚལ་ལོ་ཞེས་པའོ། །

སྟོང་ཉིད་ལ་འདུག་ཕྱག་འཚལ་ཏེ། །ཞེས་པ་ནི་མྱ་ངན་ལས་འདས་པའི་རང་བཞིན་གྱི་སྒོ་ནས་བསྟོད་པ་སྟེ། ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པའི་ངོ་བོ་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཕྱག་འཚལ་ལོ་ཞེས་པའོ། །དེ་ནས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་དེ་བཤད་པར་གསོལ་ཞེས་པའི་

ཕྱིར་སྨྲས་པ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བཤད་དུ་གསོལ་ཞེས་པའི་བར་དུ་གསུངས་པ་སྟེ། དེ་ལ་བདག་གིས་རིག་ནས་ཞེས་པ་ནི་དཀྱིལ་འཁོར་གྱི་ཚུལ་བཅོམ་ལྡན་འདས་ཀྱིས་བཤད་དེ་ཞེས་པའི་དོན་ཏོ། །དེ་ལ་ཕྱག་ན་རྡོ་རྗེ་ཐོབ་པའི་ཆོས་དང་ལྡན་

པ་ཡིན་པས་ན། བཅོམ་ལྡན་འདས་དེས་ལུགས་ཀྱི་ཆོས་བཤད་པ་དེ་ཐོས་ནས་སེམས་ཅན་གྱི་དོན་བྱ་བ་དང་སྔགས་ཚུལ་རྫོགས་པར་བྱའོ་ཞེས་པ་དེ་མི་རིགས་སོ་ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཐོབ་པའི་ཆོས་ཉིད་ལ་གནས་པས་ལུགས་ཀྱི་ཆོས་མཉན་ཏེ། སེམས་ཅན་གྱི་དོན་བྱ་བ་ལ་

སོགས་པ་མི་རིགས་སོ། །དེ་ནི་དེ་ལྟར་མ་ཡིན་ཏེ། གཅིག་ཏུ་ན་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་གཅེས་ཤིང་བཙུན་པར་བསྟོད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་དེ་བཤད་པས་ན། ཕྱག་ན་རྡོ་རྗེ་ལྟ་བུ་ཐོབ་པ་དང་ལྡན་པས་ཀྱང་ཐོས་ནས་ཡོན་ཏན་གྱི་བྱེ་བྲག་ཐོབ་པར་འགྱུར་ན་

เล่ม ๖๙ · หน้า 182b

གཞན་ལྟ་ཅི་སྨོས་ཞེས་འཇིག་རྟེན་གྱིས་ཤེས་པར་བྱ་བའི་ཕྱིར་རོ། །ཡང་གཅིག་ཏུ་ན་ཕྱག་ན་རྡོ་རྗེ་ཐོབ་པའི་ཆོས་དང་ལྡན་མོད་ཀྱི། ལུགས་ཀྱི་ཆོས་རྣམས་ཀྱང་བཅོམ་ལྡན་འདས་ལས་མཉན་ཏེ། སེམས་ཅན་གྱི་དོན་མཛད་པར་གྱུར་ན་ཡང་ཉེས་པ་མེད་དོ། །དེ་ནས་བཅོམ་ལྡན་

འདས་མི་གནས་པའི་མྱ་ངན་ལས་འདས་པས་ན། རྣམ་པར་མི་རྟོག་པ་ལ་ཞུགས་པ་ལས་ཆོས་གསུངས་པའི་ཚིག་དེ་འབྱུང་བ་མི་རིགས་ཏེ། ཡང་ན་ནི་རྣམ་པར་མི་རྟོག་པའི་ཚིག་ཉམས་པར་འགྱུར་རོ་ཞེས་པ་དེ་འདྲ་བའི་ཀླན་ཀར་མི་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་རྫོགས་

ལོངས་སྤྱོད་པ་དང་སྤྲུལ་པའི་སྐུས་ཆོས་ཀྱང་བཤད་ལ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་ཀྱང་ཉམས་པ་མེད་པར་བསྟན་པའི་ཕྱིར་གསུངས་པ་དེ་ནི་དང་པོའོ། །འཇིག་རྟེན་གྱིས་ཞེས་པ་ནས་ལས་ཀྱི་རྣམ་པར་སྨིན་པ་ཞེས་པའི་བར་དུའོ། །དེ་ལ་དང་པོའི་འཇིག་རྟེན་པ་ཆོས་

བསྟན་པས་ནི་མི་རྟོག་པའི་ཚུལ་ལས་ཆོས་བཤད་པ་མི་འབྱུང་བ་མ་ཡིན་པར་བསྟན་ཏེ། དེ་ལ་ཐོག་མའི་འཇིག་རྟེན་པ་དང་ཞེས་པ་ནི་རྣམ་པ་གཉིས་ཏེ་དག་པ་དང་མ་དག་པའོ། །དེ་ལ་དག་པ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ཅན་རྣམས་ཏེ། དེ་རྣམས་སྔར་བྱུང་ནས་ཕྱིས་མངོན་

པར་ཆོས་བཤད་པ་མི་འབྱུང་བ་མ་ཡིན་པར་བསྟན་པ་སྟེ། དེ་ལ་ཐོག་མའི་འཇིག་རྟེན་སངས་རྒྱས་པའི་ཕྱིར་ན། དེ་རྣམས་སྔ་མའི་འཇིག་རྟེན་པ། །ཞེས་པའོ། །དེ་མ་ཐག་པའི་དངོས་པོ་འཇིག་རྟེན་པ་ནི་བསྐལ་པ་ཆེན་པོས་བཤིག་པའི་འོག་ཏུ་དང་པོ་འཇིག་རྟེན་བྱུང་བའི་ཚེ་

ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་དང་། དང་པོ་ཉིད་དུ་འབྱུང་བས་ན་དང་པོ་འཇིག་རྟེན་པ་ཞེས་བྱ་སྟེ། དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཆོས་རྣམ་པ་གསུམ་དུ་བཤད་པས་ན། དེ་དག་གིས་བཅོམ་ལྡན་འདས་ལ་འཇིག་རྟེན་གྱི་མགོན་པོ་ཞེས་བསྒྲགས་

སོ། །དེ་ལ་ཆོས་རྣམ་པ་གསུམ་བཤད་པ་དེ་ཡང་གང་ཞེ་ན། མཚུངས་པ་མེད་པའི་ཆོས་དང་ཐོག་མ་ནས་ཞི་བ་དང་བླ་ན་མེད་པའི་ཆོས་སོ། །དེ་རྣམས་ཀྱང་འཇུག་པ་དང་སྦྱོར་བ་དང་འབྲས་བུའི་བྱེ་བྲག་ཏུ་བལྟ་སྟེ། དེ་ལ་མཚུངས་པ་མེད་ཅེས་པ་ནི་བླ་ན་མེད་པར་འཇུག་པའི་ཆོས་ཏེ།

เล่ม ๖๙ · หน้า 183a

གང་མཚན་མ་ལ་གནས་ཤེ་ན། བཀའ་སྩལ་པ་དགེ་བ་བཅུ་དང་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་སོ། །དེ་ཡང་འཇིག་རྟེན་པ་ཕྱི་རོལ་མུ་སྟེགས་ཀྱི་ཆོས་དང་མི་མཚུངས་པས་ན་མཚུངས་པ་མེད་པའི་ཕྱིར་རོ། །ཐོག་མ་ནས་ཞི་ཞེས་པ་ནི་སངས་རྒྱས་པར་སྤྱོད་

པའི་རིམ་པ་སྟེ། ཆོས་ཐམས་ཅད་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕྱིར་ན་ཐོག་མ་ནས་ཞི་བའོ་ཞེས་པར་བསྟན་པའོ། །དེ་ལ་བླ་ན་མེད་པ་ཞེས་པ་ནི་འཇུག་པ་དང་སྦྱོར་བའི་འབྲས་བུ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ས་བསྟན་པའོ། །དེ་ལྟར་ཆོས་བསྟན་ཅིང་འཆད་མོད་ཀྱི་རྣམ་པར་མི་

རྟོག་པ་ལས་ཉམས་པ་མེད་པར་བསྟན་པའི་ཕྱིར་གསུངས་པ་དེ་ལྟར་བྱིན་གྱིས་བརླབས་ཞེས་པ་ལ་སོགས་པའོ། །དེ་ལ་དེ་ལྟར་བྱིན་གྱིས་བརླབས་ཞེས་པ་ནི། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་བསམ་པ་ཡོངས་སུ་དག་པ་ལ་སོགས་པ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བྱིན་གྱི་རླབས་ཀྱིས་

འོད་ལ་སོགས་པས་བསྐུལ་བ་དེ་ལྟ་བུས་བྱིན་གྱིས་བརླབས་ནས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་མཐོང་བར་བསྟན་ཏོ། །དེ་དག་གི་སྙིང་པོ་བྱང་ཆུབ་ཀྱི་སྐུ་མཐོང་བ་དེ་ཅི་ལྟ་བུར་མཐོང་ཞེ་ན། ནམ་མཁའ་ལྟ་བུར་སྤྲོས་པ་མེད་པ་ལ་སོགས་པའོ། །ནམ་མཁའ་གཞན་ཞེས་པ་ནི་རང་

བཞིན་གྱིས་འོད་དང་དྲི་མ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྤྲོས་པ་མེད་པ་ཞེས་པ་ནི་ནང་གི་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཞེས་པའི་དོན་ཏོ། །སྤྱོད་པ་དང་མི་གཉིས་པར་སྦྱོར་བ་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་གྱིས་འཁོར་ལོ་སྤྱོད་པ་དང་།

སྙིང་པོ་བྱང་ཆུབ་ཀྱི་སྐུ་མི་གཉིས་པར་སྦྱོར་བ་སྟེ། དེ་ཉིད་རང་བཞིན་དབྱེར་མེད་པའི་ཕྱིར་རོ། །ལས་ཀྱི་རྣམ་པར་སྨིན་པ་ལྟ་བུ་ཞེས་པ་ནི། ལས་ཀྱི་རྣམ་པར་སྨིན་པ་དང་འདྲ་ཞེས་པ་རྣམ་པར་སྨིན་པ་ཉིད་མ་ཡིན་གྱི། དེ་དང་འདྲ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དད་པའི་

སེམས་ཅན་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་ཏེ། དེ་ཉིད་ཟད་པར་འགྱུར་གྱིས། བཅོམ་ལྡན་འདས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྒྱུ་མཐུན་པའི་འབྲས་བུ་སྟེ། དེ་ཟད་པར་མི་འགྱུར་བ་སྟེ། སྙིང་པོ་བྱང་ཆུབ་ཀྱི་སྐུ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་

เล่ม ๖๙ · หน้า 183b

པོའི་རྒྱུ་མཐུན་པའི་འབྲས་བུ་བས་ན་རྣམ་པར་སྨིན་པ་ལྟ་བུ་ཞེས་བྱའོ། །ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་བདག་པོར་ཡི་གེ་ཨ་བཞག་པ་སྟེ། ཨ་དེའི་ཡོན་ཏན་དང་བརྗོད་པ་དང་བཅས་པར་གསུངས་པ། དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་ཅེས་པ་ནི། དེ་བཞིན་

གཤེགས་པའི་སྙིང་པོ་འདི་ལ་ནན་ཏན་དུ་བྱའོ་ཞེས་པའི་བར་དུ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡན་ལག་ཐམས་ཅད་ནས་ཞེས་པ་ནི་ཡི་གེ་ཨ་སྟེ། དེ་བཞིན་གཤེགས་པའི་ལུས་ཀྱི་འཁོར་ལོ་སྐུ་ཐམས་ཅད་ནས་བྱུང་བ་ཞེས་པའི་དོན་ཏོ། །འཇིག་རྟེན་དང་འཇིག་རྟེན་ལས་

འདས་པས་ཞེས་པ་དེ་དག་ནི། ཡི་གེ་ཨའི་མཐུ་ཆེན་པོ་བསྟན་པ་སྟེ། དེ་འཇིག་རྟེན་པ་ཞེས་པ་ནི་མུ་སྟེགས་ཀྱི་དྲང་སྲོང་ལ་སོགས་པ་དང་། ཕྱོགས་གཅིག་སྟོང་པར་ལྟ་བ་རྣམས་སོ། །འཇིག་རྟེན་ལས་འདས་པའི་ཞེས་བྱང་ཆུབ་སེམས་དཔའ་རྣམས་ལ་བྱ་སྟེ། ཉན་ཐོས་དག་ནི་འོག་

ནས་འབྱུང་བས་ན་འདིར་ནི་མ་གཏོགས་སོ། །ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་རང་གི་རྣམ་པར་གྲོལ་བ་ཕྱོགས་གཅིག་གི་སྒོ་སྟོང་པ་ལ་གནས་པ་སྟེ། དེ་རྣམས་ཀྱང་སྔགས་བསྒྲུབ་པའི་འཇུག་པ་དང་། བསམ་གཏན་གྱི་སྒོར་འཇུག་པ་རྣམ་པ་གཉིས་ཏེ། དེ་གཉིས་ཀའི་ཡང་སྲོག་

དང་འདྲ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ཀྱང་དོན་དམ་པ་ཡང་ལ་ལ་ནི་མ་ནོར་ལ། ཡོངས་སུ་རྫོགས་པའི་སྟོང་པ་ལ་ལ་ནི་ཕྱོགས་མཚམས་སྟོང་པར་ལྟ་བ་སྟེ། སྤྱིར་ཐམས་ཅད་སྟོང་པའི་དོན་ལ་བརྟེན་པས་ན། ཡི་གེ་ཨའི་དོན་མ་སྐྱེས་པའི་ཆོས་ཉིད་དེ་དག་ཐམས་ཅད་ཀྱི་

སྲོག་ལྟ་བུའོ། །ཀུན་རྫོབ་ཏུ་གང་ཡང་ཡིག་འབྲུ་ལ་བརྟེན་པའོ། །ཆོས་ཐམས་ཅད་ཨ་ལས་གྱུར་པས་ན་སྲོག་ལྟ་བུའོ། །དེ་ལ་བསམ་གཏན་ཞེས་པ་ནི་སྦྱོར་བ་སྟེ་སེམས་པའོ། །བསམ་གཏན་བྱས་ཞེས་པ་ནི་གང་བསམ་པ་དེའི་འབྲས་བུ་སྟེ། དེ་ནི་བསམ་གཏན་གྱི་སྒོ་ནས་འཇུག་པའོ། །

སྒོ་སྒྲུབ་པ་ནི་རབ་དང་འབྲིང་དང་ཐ་མ་ལ་སོགས་པ་སྟེ། དེ་ལ་བསྒྲུབ་པའི་ཕྱིར་འཇུག་པ་སྟེ། དེ་ནི་སྔགས་བསྒྲུབ་པའི་སྒོར་ཞུགས་པའོ། །ཡིག་འབྲུ་རྣམས་ཀྱང་ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་སྲོག་ལ་སོགས་པར་འགྱུར་བ་སྟེ། དེ་ལ། ཡི་གེ་རྣམས་ཀྱི་ཚེར་འགྱུར་བ། །ཞེས་པ་ནི། བྱང་ཆུབ་

เล่ม ๖๙ · หน้า 184a

ཀྱི་སྒོ་ནས་ཡི་གེ་དེ་རྣམས་ལ་བརྟེན་པའི་ཕྱིར་ཚེར་གྱུར་ཏེ། ཨ་ཞེས་པའི་དོན་ནི་མ་སྐྱེས་པའོ། །དེ་བཞིན་དུ་ཡི་གེ་ཀ་ཞེས་བྱ་བའི་དོན་དངོས་པོ་ཐམས་ཅད་དང་བྲལ་བ་སྟེ་མ་སྐྱེས་པའི་དོན་ཏོ། །དེ་བས་ན་ཡི་གེ་ཀ་བྱང་ཆུབ་ཀྱི་ས་བོན་གྱི་ཚེ་ཡང་ཨ་ལ་རག་ལུས་པའི་ཕྱིར་སྲོག་ཅེས་

བྱའོ། །དེ་བཞིན་དུ་ཡི་གེ་ལྷག་མ་རྣམས་ཀྱང་ཤེས་པར་བྱའོ། །དེ་ལ་ཡི་གེ་རྣམས་ཀྱི་སྲོག་ཅེས་པ་ནི་སྤྱོད་པའི་སྒོ་ནས་ཡིག་འབྲུ་རྣམས་དེ་ལ་རྟོགས་པས་ན། དེ་བས་ན་སྲོག་ཅེས་བྱའོ། །སྐྱབས་སུ་འགྱུར་ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་སྒོ་ནས་ཡི་གེ་རྣམས་ཀྱིས་བརྟེན་པས་ན་སྐྱབས་སོ། །

འབྱུང་ངོ་ཞེས་པ་ནི་མྱ་ངན་ལས་འདས་པའི་སྒོ་ནས་ཡི་གེ་རྣམས་འབྱུང་བའི་དོན་ཏོ། །རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་འཁོར་ལོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཞེས་པའི་དོན་ཏོ། །སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་

སྤྱད་པ་སྤྱོད་པ་རྣམས་ཀྱིས་སངས་རྒྱས་ཀྱི་བྱ་བ་ཞུགས་པ་ཞེས་པ་ནི་ཡི་གེ་ཨ་དེའི་མཐུ་ཆེན་པོ་བསྟན་པ་སྟེ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་ཚེ། ཆོས་རྣམ་པ་གཉིས་བསྟན་པ་ནི་སངས་རྒྱས་ཀྱི་བྱ་བ་སྟེ། གཉིས་པ་ནི་བསམ་པ་དག་པ་རྣམས་ལ་ཐོབ་པའི་ཆོས་བསྟན་པ་དང་། བསམ་

པ་མ་དག་པ་རྣམས་ལ་ལུགས་ཀྱི་ཆོས་བསྟན་ཏོ། །དེ་བཞིན་དུ་ཡི་གེ་ཨ་ཡང་ཆོས་དེ་གཉིས་ཀ་སྟོན་པའི་རྒྱུ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་བྱ་བ་ལ་ཞུགས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཐོབ་པའི་ཆོས་རྣམས་ཀྱང་ཡི་གེ་ཨ་དེའི་དོན་མ་སྐྱེས་པ་ལས་བྱུང་བའོ། །ལུགས་ཀྱི་ཆོས་རྣམས་ཀྱང་

ཡིག་འབྲུའི་སྒོ་ནས་བཤད་དོ། །ཆོས་ཐམས་ཅད་ཡི་གེ་ཨ་ལས་མ་གྱུར་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་བྱ་བ་བྱེད་པར་ཇི་ལྟར་ཤེས་ཤེ་ན། གསུངས་པ་ཨ་ཞེས་བྱ་བའི་སྒོ་ནས་ཆོས་ཐམས་ཅད་འབྱུང་ཞེས་སོ། །ཇི་ལྟ་ཞེ་ན། ཡི་གེ་ཨ་ཞེས་བྱ་བས་རྒྱུ་བྱས་པ་ན། ཐོབ་པའི་ཆོས་

དང་ལུགས་ཀྱི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་རོ། །དེ་ལྟར་ཡི་གེ་ཨ་ཞེས་བྱ་བ་དེ་སངས་རྒྱས་ཀྱི་བྱ་བ་བྱེད་ཅིང་ཆོས་ཐམས་ཅད་འབྱུང་བའི་སྒོ་ཡིན་པས་ན། ཡི་གེ་ཨ་དེ་སྔགས་བརྗོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པར་བལྟའོ་ཞེས་པ་ལ་སོགས་པ་སྟེ། །དེ་

เล่ม ๖๙ · หน้า 184b

ལ་དེ་བཞིན་གཤེགས་པ་མཐོང་བར་འདོད་པས། དེ་བཞིན་གཤེགས་པའི་སྙིང་པོ་ལ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཡི་གེ་ཨ་ཞེས་པའི་དོན་ནི་སྙིང་པོ་བྱང་ཆུབ་ཉིད་ཀྱི་སྙིང་པོ་སྟེ། དེ་བཞིན་གཤེགས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དེ་ནི་དོན་དམ་པའོ། །ཀུན་རྫོབ་ཏུ་

ན་ཨ་ཞེས་བྱ་བའི་ཡི་གེའི་འབྲུ་དེ་བསྒོམས་ན། དེའི་མཐུས་དེ་བཞིན་གཤེགས་པ་གྲངས་མེད་པ་འབྱུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་མཆོད་པར་འདོད་པས་ཀྱང་ཡི་གེ་འདི་བསྒོམ་པར་བྱ་སྟེ། མཆོད་པ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་བ་ནི་ནན་ཏན་གྱིས་མཆོད་པ་དང་ཟང་ཟིང་གི་

མཆོད་པའོ། །དེ་ལ་ནན་ཏན་གྱིས་མཆོད་པ་ནི། ཡི་གེ་ཨ་དེ་ཉིད་ཀྱི་དོན་ལ་བསྒོམ་པར་འགྱུར་རོ། །ཟང་ཟིང་གིས་མཆོད་པ་ནི་ཡི་གེ་ཨ་དེ་བསྒོམ་པའི་མཐུས་ན། མཆོད་པའི་སྤྲིན་རྒྱ་ཆེན་པོ་ནམ་མཁའ་གང་བར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་འདོད་པས་ཞེས་

པ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ཡན་ཆད་ཀྱི་སེམས་ལ་བྱ་སྟེ། དེ་མངོན་པར་བྱེད་འདོད་པས་ཡི་གེ་ཨའི་དོན་མངོན་པར་བསྒྲུབ་པར་བྱོས་ཤིག་ཅེས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱང་མ་སྐྱེས་པའོ། །ཡི་གེ་ཨའི་དོན་ཀྱང་མ་སྐྱེས་པས་མཚུངས་པའི་ཕྱིར་རོ། །

བྱང་ཆུབ་ཀྱི་སེམས་ཀྱང་ལྷན་ཅིག་ཏུ་གནས་པར་འདོད་པས་ཞེས་པ་ནི། དེ་ལྟར་འདོད་པས་ཡི་གེ་ཨའི་དོན་ལ་སྒོམས་ཤིག་ཅེས་པའི་དོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མ་སྐྱེས་པའི་དོན་ལ་དམིགས། ཡི་གེ་ཨ་ཡང་མ་སྐྱེས་པའི་དོན་ལ་དམིགས་པས་ན། སྤྱོད་ཡུལ་མཐུན་པས་

ལྷན་ཅིག་ཏུ་སྐྱེས་པར་འགྱུར་རོ། །དེ་ཡན་ཆད་ནི་བསམ་གཏན་གྱི་སྒོ་ནས་བསྒོམ་པ་དང་། ཨ་ཉིད་སྔགས་ཀྱི་སྒོ་ནས་བསྒྲུབ་པ་ལ་ཞུགས་པ་གཉིས་ཀ་ཐུན་མོང་བའི་ཡོན་ཏན་ནོ། །གྲུབ་པ་མངོན་པར་འདོད་ཅེས་པ་ནི་སྔགས་ཀྱི་སྒོ་ནས་ཞུགས་ན། གྲུབ་པ་རབ་འབྲིང་རྣམ་པ་གསུམ་མོ། །

དེ་རྣམས་ནི་ཡན་ལག་ཏུ་སྨོས་པའི་ཚིག་སྟེ། མདོར་ན་ཐམས་ཅད་མཁྱེན་པ་གྲུབ་པར་འདོད་པས་འདི་སྒོམས་ཤིག་ཅེས་གསུངས་སོ། །དེ་ནས་དཀྱིལ་འཁོར་བྲི་བའི་ཆོ་ག་རྣམ་པ་གསུམ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ཆེན་པོ་འབྱུང་བ་ལས་གྱུར་པའི་དཀྱིལ་འཁོར་

เล่ม ๖๙ · หน้า 185a

གྱི་རྒྱལ་པོ་དགོད་པ་དང་། ལྷའི་གནས་གཏན་ལ་དབབ་པ་ཞེས་པ་ནི། དེ་ལ་སྙིང་རྗེ་ཆེན་པོ་འབྱུང་བ་ལས་གྱུར་པ་ཞེས་དངོས་སུ་ནི་ལུས་ཀྱི་འཁོར་ལོའི་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་འདི་དང་། བདག་རང་གི་དཀྱིལ་འཁོར་ལ་ཡང་མིང་དུ་གདགས་སོ། །དེ་ཅིའི་

ཕྱིར་ཞེ་ན། འཁོར་ལོ་རྣམ་པ་གསུམ་པོ་ཡང་སྙིང་རྗེ་ཆེན་པོ་འབྱུང་བ་ལས་གྱུར་པའི་ཕྱིར་རོ། །དེ་ལ་བྱ་བ་ནི་དཀྱིལ་འཁོར་གྱི་མཐུར་གྱུར་ཅིང་རྒྱུར་བྱའོ། །ལྷའི་གནས་གཏན་ལ་དབབ་ཅེས་པ་ནི། དབུང་མཐའ་དང་མཆོག་རྒྱན་དུ་ལྷའི་བཞུགས་པའི་གནས་ངེས་པར་བྱ་བ་དང་། ཏིང་ངེ་འཛིན་

ལ་མཉམ་པར་སྤྲུལ་ཞེས་བྱ་བ་ནི་གང་ཏིང་ངེ་འཛིན་དུ་ཞུགས་ནས་བསྲུང་བའི་རིག་པ་དང་སྔགས་ལ་སོགས་པའོ། །སྔགས་ཀྱི་སྤྱོད་པ་ཞེས་པ་ནི་དཀྱིལ་འཁོར་དུ་འཇུག་པའི་ཚེ་ལས་སུ་སྤྱོད་པ་རྣམས་སོ། །བསམ་པའི་ཆོ་ག་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་ན། སློབ་མས་བྱང་ཆུབ་ཀྱི་སེམས་

སུ་བསམ་པ་དང་། སློབ་དཔོན་རང་གི་ཏིང་ངེ་འཛིན་དུ་གནས་པ་ལ་སོགས་པའི་བྱེ་བྲག་གསུངས་པའོ། །དེ་ལ་རེ་རེ་ཞིང་བཤད་པ་ནི་འདི་མན་ཆད་ནས་འབྱུང་ངོ་། །དེ་ལ་དཀྱིལ་འཁོར་གྱི་རྒྱལ་པོར་རྣམ་པར་བཀོད་ཅེས་པ་ནི། དོན་བཤད་པའི་གསུངས་པ་དེ་ལ་སློབ་དཔོན་གྱིས་ཐམས་ཅད་

མཁྱེན་པའི་སྒོ་ཨ་ཞེས་པ་ལ་གནས་ཏེ་ཞེས་པ་ནས་དེ་བཞིན་གཤེགས་པའི་རང་བཞིན་སྟོང་པ་ཉིད་ཀྱི་རང་གི་གཟུགས་ཞེས་པའི་བར་དུའོ། །དེ་དཀྱིལ་འཁོར་གྱི་ཐིག་བྲི་བའི་ཚེ། དཀྱིལ་འཁོར་གྱི་སྣམ་བུ་རེ་རེ་ཞིང་ཡང་། སློབ་དཔོན་གྱིས་ཏིང་ངེ་འཛིན་རེ་རེས་གསུངས་ཏེ། ཕྱི་རོལ་གྱི་

རིམ་པའི་དཀྱིལ་འཁོར་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་རྣམས་བཞུགས་པས་ན། ཐིག་བྲི་བའི་སློབ་དཔོན་གྱིས་ཏིང་ངེ་འཛིན་ཀྱང་ཐམས་ཅད་མཁྱེན་པའི་རྒྱུའི་གནས་ཀྱི་སྙིང་པོ་ཡི་གེ་ཨ་ལ་གནས་ཏེ་དཀྱིལ་འཁོར་གྱི་སྐུད་པ་དྲོངས་ཤིག་

ཅེས་གསུངས་སོ། །དེ་ལ་དང་པོ་ཐིག་བྲི་བའི་ཚེ་དང་པོར་ནམ་མཁའི་ཐིག་བྲི་བར་གསུངས་པ་ལ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ནས་ཞེས་པ་ནས་བྱང་ཕྱོགས་སུ་བལྟས་ཏེ་ཐིག་སྐུད་དྲོངས་ཤིག་ཅེས་པའི་བར་དུའོ། །དེ་ནས་སའི་དཀྱིལ་འཁོར་གྱི་ཐིག་བྲི་བའི་ཕྱིར་གསུངས་པ།

เล่ม ๖๙ · หน้า 185b

ནུབ་ཕྱོགས་སུ་ལྟོས་ལ་ཐིག་སྐུད་དྲོངས་ཤིག་ཅེས་སོ། །ལྷག་མ་རྣམས་འདིར་མ་གསུངས་པ་ནི། སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཐིག་བྲི་བ་ཞིབ་ཏུ་བཤད་ཟིན་པས། འདིའི་ལྷག་མ་ནི་དེ་དང་འདྲ་བར་ཤེས་པར་བྱའོ། །དེ་ནས་སྙིང་པོའི་དཀྱིལ་འཁོར་ཐིག་བྲི་བའི་སློབ་དཔོན་ཏིང་ངེ་

འཛིན་བཤད་པར་གསུངས་པ། རྡོ་རྗེ་སེམས་དཔའ་ཕྱག་ན་རྡོ་རྗེ་ཞེས་པ་ནས། སྙིང་པོའི་དཀྱིལ་འཁོར་བརྟག་པར་བྱའོ་ཞེས་པའི་བར་དུའོ། །དེའི་སློབ་དཔོན་གྱི་ཏིང་ངེ་འཛིན་ནི་བྱང་ཆུབ་པའི་ས་བོན་ཡི་གེ་ཨས་བསྐྱེད་པའི་རྡོ་རྗེ་སེམས་དཔར་སློབ་དཔོན་བདག་བྱིན་གྱིས་བརླབ་པའོ། །རྡོ་

རྗེ་སེམས་དཔའ་ལ་ཡང་ལས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞིན་དུ་འདྲེན་པ་ཡང་ཡོད་དེ། དེའི་སྐབས་སུ་གཞན་ལ་མི་བྱའི་རྡོ་རྗེ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བྱའོ། །དེ་ནས་དཀྱིལ་འཁོར་བར་མའི་སྣམ་བུའི་ཐིག་བྲི་བའི་ཏིང་ངེ་འཛིན་གསུངས་པ་དེ་བཞིན་དུ་གཉིས་པའི་དཀྱིལ་

འཁོར་ཞེས་པ་ནས་སྙིང་པོ་ཉིད་ཀྱི་གཟུགས་ཞེས་པའི་བར་དུའོ། །དེ་ལ་དཀྱིལ་འཁོར་སྣམ་བུ་བར་མའི་ནང་ན་རྫོགས་ལོངས་སྤྱོད་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་བཞུགས་ཏེ། དཀྱིལ་འཁོར་དེའི་ཐིག་བྲི་བའི་ཚེ་ཡང་སྐུ་དེ་གཉིས་ཀྱི་རྒྱུའི་ཏིང་ངེ་འཛིན་རྣམ་པ་བཞིའི་སློབ་དཔོན་གྱི་བྱིན་གྱིས་

རླབས་ཏེ་སློབ་དཔོན་གྱི་ཏིང་ངེ་འཛིན་དེ་རྣམས་དམིགས་ནས་བྱའོ་ཞེས་པའི་དོན་ཏེ། དེ་ལ་དང་པོ་ནི་ཞི་བའི་ཞེས་བྱ་བ་བྱང་ཆུབ་པའོ། །གཉིས་ཞེས་པ་ན་སྤྱོད་པའོ། །སྟོང་པའི་གཟུགས་ཞེས་པ་ནི་མྱ་ངན་ལས་འདས་པའོ། །ལྷག་མ་ནི་གནས་གཏན་ལ་ཕབ་པར་བྱའོ་ཞེས་པ་ནི་དེའི་རྒྱུད་ནས་བཤད་

པ་འདི་མན་ཆད་དུ་འབྱུང་སྟེ། དེ་ནས་བཅོམ་ལྡན་འདས་ལྷའི་གཟུགས་སུ་རྟག་གོ་ཞེས་པའི་བར་དུའོ། །དེ་ལ་སྣམ་བུ་གཅིག་ལས་ཀྱང་གསུམ་དུ་བགོས་ཏེ་སུམ་ཆར་བསྐོར་བར་བྱ། སུམ་གཉིས་ལྷའི་གཟུགས་སུ་བྱའོ་ཞེས་པའི་དོན་ཏོ། །ཐིག་དྲངས་ནས་དེ་བཞིན་གཤེགས་པའི་སྤྱོད་པ་མངོན་དུ་

བྱའོ་ཞེས་པ་ནི། དེ་ལྟར་ལྷའི་གནས་དང་བསྐོར་ས་དགོད་པ་ཉིད་ཀྱི་ཚོམ་བུ་མི་བྱ་བར་ཐིག་བཏབ་སྟེ་བྱའོ། །དེ་ཉིད་ཀྱི་ཚེ་ན་ཡང་དེ་བཞིན་གཤེགས་པའི་སྤྱོད་པ་སྟོང་པ་ཉིད་ལ་དམིགས་ཞེས་པའི་དོན་ཏོ། །དེ་ནས་དཀྱིལ་འཁོར་གྱི་ཚོན་རྩི་རྣམས་བྱིན་གྱིས་བརླབ་པའི་ཆོ་ག་གསུངས་པ་ཡང་། བཅོམ་

เล่ม ๖๙ · หน้า 186a

ལྡན་འདས་རྣམ་པར་སྣང་མཛད་དུ་བདག་ཉིད་བྱིན་གྱིས་བརླབ་པོ་ཞེས་པ་ནས། བདུད་ཀྱི་སྡེ་གནོད་པ་ཐམས་ཅད་བསྡིགས་པ་ཞེས་པའི་བར་དུ། དེ་ལ་རྣམ་པར་སྣང་མཛད་དུ་བདག་ཉིད་ཕྱག་རྒྱས་བྱིན་གྱིས་བརླབ་ཅེས་པ་ནི་ཚོན་རྣམས་བྱིན་གྱིས་བརླབ་པའི་ཚེ། རྡོ་རྗེའི་ཕྱག་རྒྱས་

སློབ་དཔོན་ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་རློབས་ཤིག་ཅེས་པ་སྟེ། རྡོ་རྗེ་ནི་ཡེ་ཤེས་ཀྱི་མཚན་མས་ན་ཡེ་ཤེས་ལྔས་བྱིན་གྱིས་བརླབས་པའི་དོན་ཏོ། །ཚོན་རྣམས་བྱིན་གྱིས་བརླབས་པ་ཡང་། ཀུན་རྫོབ་དང་དོན་དམ་པ་རྣམ་པ་གཉིས་ཏེ། དེ་ལ་དོན་དམ་པར་བྱིན་གྱིས་བརླབས་པའི་

ཕྱིར་གསུངས་པ། ཆོས་ཐམས་ཅད་ཀྱི་དབྱིངས་རྒྱ་ཆེན་པོས་བྱིན་གྱིས་བརླབས་ཞེས་པའོ། །དེ་ནི་ཚོན་སྣ་ལྔའི་སྦྱོར། ཆོས་ཀྱི་དབྱིངས་ཆེན་པོ་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་ཅེས་པའི་དོན་ཏོ། །ཀུན་རྫོབ་ཀྱི་སྒོ་ནས་ཚོན་རེ་རེ་ཞིང་ཡང་། ལྷ་རེ་རེས་བྱིན་གྱིས་བརླབས་པར་གསུངས་པ། ཚོན་ནི་དང་

པོ་བླངས་ནས་སུ། །ཞེས་པ་ལ་སོགས་པའོ། །དེ་ཚོན་དཀར་པོ་ནི་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབ་པར་གསུངས་ཏེ། ཆོས་ཀྱི་དབྱིངས་དེའི་རང་བཞིན་དང་མཐུ་བསྟན་པར་གསུངས་པ། ཆོས་ཀྱི་དབྱིངས་དག་པ་སེམས་ཅན་གྱི་ཁམས་སྦྱོང་བ་པོ་དེ་བཞིན་གཤེགས་པ་ཉིད་དེ་དག་སྟེ་ཞེས་པ་ཐམས་

ཅད་ཡང་བ་ཞེས་སོ། །ཆོས་ཀྱི་དབྱིངས་དེ་ལྟ་བུའི་དོན་དུ་བསམ་ནས་དོན་དེ་ཡི་གེ་ར་འབར་བ་ལ་སོགས་པའི་ཡོན་ཏན་སྨོད་པ་དེ་ལྟ་བུས་བྱིན་གྱིས་བརླབ་བོ། །དེ་ནས་ཚོན་དམར་པོ་བྱིན་གྱིས་བརླབས་པ་གསུངས་པ། དེ་ནས་གཉིས་དང་དམར་པོའི་ཞེས་པ་ལ་སོགས་པའོ། །ཡི་གེ་མའི་ས་བོན་

གྱིས་བསྐྱེད་པའི་སངས་རྒྱས་མི་ཐུལ་བས་བྱིན་གྱིས་བརླབས་པར་གསུངས་སོ། །དེ་ནས་ཚོན་སེར་པོ་ལ་ཡི་གེའི་ས་བོན་གྱིས་བསྐྱེད་པ། སངས་རྒྱས་གསེར་ཐུབ་ཀྱིས་བྱིན་གྱིས་བརླབས་པར་གསུངས་པ། དེ་ནས། གསུམ་པའི་ཚོན་དེ་བླངས་ནས་སུ། །ཞེས་པ་ལ་སོགས་པའོ། །ཚོན་

ལྗང་གུ་ལ་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུས་བྱིན་གྱིས་བརླབས་པར་གསུངས་པ། དེ་ནས་མརྒད་ཅེས་པའི་ཁ་དོག་ལ་སོགས་པའི་ཚོན་ལྗང་གུའི་ཁ་དོག་ནི་ནོར་བུ་མརྒད་འདྲ་བའི་ཁ་དོག་ལྟ་བུའོ། །ཚོན་ནག་པོ་ཁམས་གསུམ་རྣམ་པར་རྒྱལ་བས་བྱིན་གྱིས་བརླབས་པར་གསུངས་པ།

เล่ม ๖๙ · หน้า 186b

དེ་ནས་ནག་པོ་བླངས་ནས་སུ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡི་གེ་ལྔས་བསྐྱེད་པའི་ཁྲོ་བོའི་གཟུགས་དེ་ཡང་ཇི་འདྲ་ཞེ་ན། རྣམ་པར་གཡོ་ཞིང་འབར་བའི་ཕྲེང་བ་དུས་མཐའི་མེའི་མཐའ་ལྟ་བུ་འཇིགས་པ་ལ་སོགས་པའོ། །དེ་ལ་ཚོན་སྣ་ལྔ་རྣམས་ཡེ་ཤེས་ལྔའི་རང་བཞིན་དུ་བལྟ་སྟེ།

དཀར་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དམར་པོ་ནི་ཐུལ་བར་དཀའ་བ་སངས་རྒྱས་ཀྱི་རང་བཞིན་ཏེ་མེ་ལོང་ལྟ་བུའོ། །སེར་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ལྗང་གུ་ནི་ཀུན་དུ་རྟོག་པའི་ཡེ་ཤེས། ནག་པོ་ནི་བྱ་བ་ནན་གྱི་ཡེ་ཤེས། དེ་ལ་རིམ་པར་བཤད་པ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་

ཉིད་དུ་དང་པོ་ནས་འཇུག་གོ། །སྟོང་པ་འབའ་ཞིག་གིས་དམིགས་པར་ཡང་མི་རུང་སྟེ། སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་ལ་དམིགས་ཤིང་ཆགས་པ་བསྐྱེད་པའི་ཕྱིར་དེའི་དུས་སུ་ཚོན་དམར་དགྱེའོ། །སེམས་ཅན་གྱི་དོན་ལ་ཞུགས་པས་རྒྱས་པར་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་ཚོན་

སེར་པོ་བྲིའོ། །རྒྱས་ཤིང་མཐུ་དང་ལྡན་པས་ན་ལས་ཐམས་ཅད་ནུས་པ་སྟེ། བདག་དང་གཞན་གྱི་དོན་ནུས་པས་ན། འཇམ་པོ་འདུལ་བ་ལ་ཡང་འཇམ་པོར་སྟོན། མ་རུངས་པ་རྣམས་ལ་ཡང་ཁྲོ་བོ། །ཐབས་གཞན་གྱིས་མ་ཁུགས་པ་མ་རུངས་པ་རྣམས་ལ་ཐབས་གཞན་མེད་ན། མཐར་

དྲག་ཤུལ་གྱིས་གདུལ་བའི་ཕྱིར། ཐ་མར་ནག་པོ་བཞག་སྟེ། ཁྲོ་བོའི་ལས་བྱེད་དོ། །ཏིང་ངེ་འཛིན་ལས་རྣམ་པར་གྲོལ་བ་ཞེས་གོང་དུ་སྨོས་པ་དེ་འདི་མན་ཆད་འཆད་དེ། དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེའི་ཏིང་ངེ་འཛིན་ལས་བཞེངས་ནས་ཞེས་པ་ལ་སོགས་པ་བཤད་པའོ། །

ཏིང་ངེ་འཛིན་དེ་ལས་བཞེངས་ནས་ཞེས་པ་ནི། སྔར་ཏིང་ངེ་འཛིན་དུ་ཞུགས་པ་ལས་བཞེངས་ནས། རྒྱལ་བའི་ཏིང་ངེ་འཛིན་ལ་འཇུག་པའོ། །མཐའ་ཡས་པར་རྣམ་པར་རྒྱལ་བཞེས་བྱ་བ་ནི། གྲངས་མེད་པའི་རྒོལ་བ་རྣམས་ཀྱིས་མི་ཚུགས་པས་ན། གྲངས་མེད་པའི་རྒྱལ་བ་ཞེས་པའི་

དོན་ཏོ། །ཐམས་ཅད་ཀྱིས་མི་ཚུགས་པའི་རིག་པའི་རྒྱལ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལས་བྱུང་བ་གསུངས་སོ་ཞེས་པ་དེ་ལས་ཐམས་ཅད་ཀྱིས་མི་ཚུགས་པ་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པར་ཏེ། ཉོན་མོངས་པ་དང་ལྷའི་བུའི་བདུད་ལ་སོགས་པས་མི་ཚུགས་

เล่ม ๖๙ · หน้า 187a

ཞེས་པའི་དོན་ཏོ། །ད་ནི་ཕྱག་རྒྱའི་ལེའུ་བཤད་པ་སྟེ། ཕྱག་རྒྱ་རྣམས་བཤད་པ་ཡང་སྤྱིར་གདུལ་བའི་འགྲོ་བ་རྣམ་པ་གཉིས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དང་དམིགས་པ་ཅན་ནོ། །དེ་ལ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་གདུལ་བའི་འགྲོ་བ་ནི་སྔགས་ཚིག་རྣམས་བཤད་པས་

སྔགས་ཚིག་དེ་དག་གི་སྒྲའི་དེ་ཁོ་ན་ཉིད་ལ་དམིགས་ཤིང་། བྱང་ཆུབ་ཀྱི་སེམས་སྒོམ་པ་སྔོན་དུ་བར་ལྷའི་གཟུགས་སྦྱོར་ཏེ། ལྷའི་གཟུགས་སྦྱོར་བ་དེ་ཡང་ཏིང་ངེ་འཛིན་དག་པ་དང་། རྣམ་པར་རྟོག་པ་གཞན་སྤངས་པ་དང་། ལྷའི་གཟུགས་སུ་སྣང་བ་རྫོགས་པར་རོ། །དམིགས་པ་ཅན་

གྱིས་གདུལ་བའི་འགྲོ་བ་ནི། སྔགས་ཀྱི་སྒྲའི་དེ་ཁོ་ན་ཉིད་ལ་དམིགས་པ་ལ་སོགས་པ་དེ་དག་མ་ནུས་ཏེ། ཕྱག་རྒྱ་ཙམ་བཅིངས་ནས་ལྷའི་གཟུགས་སུ་སྦྱོར་བར་བྱེད་པས་ན། དམིགས་པ་ཅན་གྱིས་གདུལ་བའི་འགྲོ་བ་དེ་དག་གི་ཕྱིར། བཅོམ་ལྡན་འདས་ཀྱི་རྒྱུ་དང་འབྲས་བུའི་ཡོན་ཏན་

རྣམས་ཀྱི་ཕྱག་རྒྱའི་གཟུགས་བྱིན་གྱིས་བརླབ་བོ། །དེ་ལ་རལ་གྲི་དང་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་ནི་ཡིད་ཀྱི་ཡོན་ཏན་ནོ། །དུང་གི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་ནི་གསུང་གི་ཡོན་ཏན་ནོ། །གཙུག་ཏོར་གྱི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་ནི་སྐུའི་ཡོན་ཏན་ཏེ་ཅི་ལྟར་རིག་པར་སོ་སོར་སྦྱར་བར་

བྱའོ། །ཕྱག་རྒྱའི་ལེའུ་བཤད་པ་དེ་ཡང་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་འདུས་པ་ཐམས་ཅད་ལ་གཟིགས་ནས། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བའི་བདག་པོ་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་གཤེགས་

པ་རྣམས་ཀྱི་རྒྱན་དུ་གྱུར་པ། ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མར་གྱུར་པ། ཕྱག་རྒྱའི་ལེའུ་རྒྱས་པ་ཞེས་བྱ་བ་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱན་དུ་གྱུར་ཅེས་པ་ནི་གཙུག་ཏོར་དང་སྤྱན་གྱི་ཕྱག་རྒྱ་ལ་སོགས་པ་སྐུའི་རྒྱན་དུ་གྱུར་པའི་

ཕྱིར་རོ། །ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མར་གྱུར་པ་ཞེས་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ། དེ་རྟོགས་ཤིང་ཆུད་པར་མཛད་པའི་མཚན་མ་ནི་རལ་གྲི་དང་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱའོ། །དེས་བརྒྱན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཞེས་པ་ནས་དེ་དག་

เล่ม ๖๙ · หน้า 187b

ཀྱང་དེའི་ངག་ཉན་པར་འགྱུར་ཏེ་ཞེས་པའི་བར་དུ་ཕྱག་རྒྱ་དེ་རྣམས་བསྟན་པའི་དགོངས་པ་བཤད་པ་སྟེ། གང་བྱང་ཆུབ་སེམས་དཔའ་རྣམས་ཕྱག་རྒྱ་དེ་དག་དང་ལྡན་པ་ནི། དེ་བཞིན་གཤེགས་པའི་བྱང་ཆུབ་ཆེན་པོའི་མཚན་མས་བཏབ་པ་ཡིན་ཏེ། དེ་དག་ལ་ལྷ་དང་མི་དང་

ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱིས་མི་བརྫི་བར་འགྱུར་ཞིང་། ལྷ་དང་ལྷ་མ་ཡིན་ལ་སོགས་པ་དེ་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་དེ་དག་གི་ངག་མཉན་པར་འགྱུར་རོ། །ཇི་ལྟར་འཇིག་རྟེན་ན་རྒྱལ་པོའི་ཕྱག་རྒྱ་འཆང་བའི་སྐྱེས་བུ་དེ་ལ་འཇིག་རྟེན་པའི་མི་རྣམས་ཀྱང་མི་བརྫི་

བར་འགྱུར་ཞིང་། འཇིག་རྟེན་པ་རྣམས་ཀྱང་དེའི་ངག་ཉན་པར་འགྱུར་བ་དང་འདྲ་བ་སྟེ། མདོར་ན་ཕྱག་རྒྱ་འདི་རྣམས་བཤད་པས་གདུལ་བའི་འགྲོ་བ་རྣམས་ལ་མཐོང་བའི་ཆོས་དང་ཚེ་ཕྱི་མ་ལ་ཕན་པར་འགྱུར་བར་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་མི་ཚུགས་པའི་གནས་ཀྱི་སྟོབས་བྱིན་གྱིས་

བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི། འོག་ནས་འབྱུང་བའི་ཕྱག་རྒྱས་དེ་དག་ཉིད་མི་ཚུགས་པའི་གནས་ཀྱི་སྟོབས་ཞེས་བྱ་སྟེ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་མཉམ་པར་བཞུགས་ནས། ཕྱག་རྒྱ་དེ་དག་འཆད་པས་ན། ཏིང་ངེ་འཛིན་དེའི་མིང་མི་

ཚུགས་པའི་གནས་ཀྱི་སྟོབས་བྱིན་གྱིས་བརླབ་པ་ཞེས་བྱའོ། །དེ་ལ་མི་ཚུགས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེ་རྒྱན་དེ་དག་ཅི་ལ་ཡང་ཐོགས་པ་མེད་པའོ། །གནས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ལ་བྱ། སྟོབས་ཞེས་པ་ནི་དེ་ལྟར་ཐོགས་པ་མེད་པ་ཉིད་སྟོབས་སུ་

གྱུར་པའོ། །བྱིན་གྱིས་བརླབས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་ལ་སོགས་པའོ། །རྡོ་རྗེ་ཐོགས་པ་མེད་པའི་སྟོབས་སུ་གྱུར་པ་དེ་ཉིད་ཕྱག་རྒྱའི་ངོ་བོར་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་འདི་ལྟར་ཀུན་གྱིས་མི་ཚུགས་

པའི་སྟོབས། མི་མཉམ་པ་དང་མཉམ་པའི་སྟོབས་དམ་ཚིག་ལ་འཇུག་པ་ཞེས་བྱ་བའི་སྟོབས་ཀྱི་རིག་པ་འབྱུང་ངོ་ཞེས་པ་མི་ཚུགས་པའི་སྟོབས་ཞེས་པ་ནི་གོང་མ་བཞིན་ནོ། །མི་མཉམ་པའི་སྟོབས་ཞེས་པ་ནི། མི་ཚུགས་པའི་སྟོབས་དེ་ཉིད་གང་དང་ཡང་མི་མཉམ་པའོ། །དམ་ཚིག་

เล่ม ๖๙ · หน้า 188a

ལ་འཇུག་པའི་སྟོབས་ཞེས་པ་ནི་དམ་ཚིག་གི་དོན་ནི་སྔར་བཤད་ཟིན་ཏོ། །དམ་ཚིག་ལ་འཇུག་པ་ནི་སྐུ་མི་ཟད་པ་ལ་སོགས་པའི་རང་བཞིན་གྱིས་དཀྱིལ་འཁོར་ལྟ་བ་འོག་མའི་འགྲོ་བ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བས། དེའི་བྱིན་གྱིས་བརླབས་སུ་གྱུར་པ། དམ་

ཚིག་གི་ཕྱག་རྒྱ་དང་སྔགས་འདི་བཅིངས་ཤིང་བརྗོད་པ་ན་རང་བཞིན་གྱིས་དཀྱིལ་འཁོར་དེ་མཐོང་བ་དང་འདྲ་བ་ན་འཇུག་པ་ཞེས་བྱའོ། །གཉིས་སུ་དམ་ཚིག་སྲུང་བ་རྣམས་ཉམས་པ་ན། དམ་ཚིག་གི་ཕྱག་རྒྱ་དང་སྔགས་འདི་བྱས་ན། དཀྱིལ་འཁོར་མཐོང་བ་དང་འདྲ་སྟེ། དེ་བྱས་

པ་ཙམ་གྱིས་དམ་ཚིག་ལས་ཉམས་པ་དེ་འཚོ་བ་སྟེ། སླར་དམ་ཚིག་ཏུ་ཞུགས་པར་འགྱུར་བས་ན་དམ་ཚིག་ཏུ་འཇུག་པ་ཞེས་བྱའོ། །གསུམ་དུ་ན་དཀྱིལ་འཁོར་དུ་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་དང་། སྔགས་འདིར་བྱས་ན་འཇུག་པས་ན། དམ་ཚིག་ཏུ་འཇུག་པ་ཞེས་བྱའོ། །

གསང་བའི་བདག་པོ་རིག་པའི་རྒྱལ་མོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྟོན་པའོ་ཞེས་པ་ནི་རིག་པ་འདི་བརྗོད་པས། སངས་རྒྱས་ཐམས་ཅད་ཀྱི་གནས་རང་བཞིན་གྱི་དཀྱིལ་འཁོར་མཐོང་བ་དང་འདྲ་བས་ན། སངས་རྒྱས་ཐམས་ཅད་ཀྱི་ས་སྟོན་པ་ཞེས་བྱའོ། །གཉིས་སུ་ན་

གཟུགས་བརྙན་གྱི་དཀྱིལ་འཁོར་བྲིས་པ་ཡང་། རིག་པ་འདི་བརྗོད་ནས་བསྟན་པའམ། རིག་པ་འདི་བརྗོད་ན་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་དེ་མཐོང་བར་འགྱུར་བས། སངས་རྒྱས་ཐམས་ཅད་ཀྱིས་སྟོན་པ་ཞེས་བྱའོ། །ཆོས་ལམ་གསུམ་གྱི་མཚམས་ལས་མི་འདའོ་ཞེས་པ་ཆོས་

ལམ་གསུམ་ནི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་རྡོ་རྗེའི་ཡིད་མི་ཟད་པའི་རྒྱན་ནམ། སྐུ་གསུམ་སྟེ་དེའི་ལམ་ནི་དམ་ཚིག་བསྲུང་བ་བྱ་བ་རྣམས་ལ་སོགས་པ་སྟེ། ལམ་དེ་དེ་ལས་མི་འདའ་བའོ། །ཕ་རོལ་ཏུ་ཕྱིན་པ་དང་ས་ཡོངས་སུ་རྫོགས་པ་སྟེ་ཞེས་པ་ནི་དམ་ཚིག་དེར་ཞུགས་ནས།

བཅོམ་ལྡན་འདས་ལ་མཆོད་པ་ལ་སོགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རིམ་གྱིས་རྫོགས་པར་བྱེད་པ་དང་། དེའི་མཐུས་ས་ལས་རིམ་གྱིས་འཕར་བར་འགྱུར་བས་ན། ས་དང་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པའོ། །སངས་རྒྱས་ཀུན་གྱི་དམ་ཚིག་ནི། ཕྱག་རྒྱ་འདི་ལ་

เล่ม ๖๙ · หน้า 188b

གནས་ཞེས་པ་ནི་དམ་ཚིག་གི་དན། དམ་ཚིག་ཏུ་བསྲུང་བ་ལས་མི་འདའ་འམ། སྐུ་མི་ཟད་པ་ལ་སོགས་པ་ཆུད་པར་བྱེད་པའམ། སྐུ་དེ་དག་ཡོངས་སུ་ཐོབ་པར་བྱེད་པ་དེ་དག་ཕྱག་རྒྱ་འདིའི་སྒོ་ནས་མཆོད་ཅིང་ཆུད་པར་བྱེད་པས་ན་ཕྱག་རྒྱ་འདི་ལ་རབ་ཏུ་གནས་པར་བྱེད་པ་ཞེས་བྱའོ། །རྒྱ་

འདི་ཕྱག་རྒྱ་ཆེན་པོ་སྟེ། །ཆོས་དབྱིངས་རྣམ་པར་སྤྱོད་པའོ། །ཞེས་པ་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཕྱག་རྒྱ་འདིས་མཚོན་གྱི་ཆུད་པར་འགྱུར་བས་ན། ཆོས་ཀྱི་དབྱིངས་སྦྱོང་བ་ཞེས་བྱའོ། །ཕྱག་རྒྱ་འདི་ནི་དཔལ་མཆོག་སྟེ། །ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བསྒྲགས། །དེ་ཡི་འཁོར་ལོ་

བསྐོར་པ་ནི། །འཇིག་རྟེན་མགོན་པོ་སྒྲོལ་རྣམས་སོ། །ཞེས་པ་ནི་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་ཏེ། དཔལ་མཆོག་ཅེས་པ་ནི་རྡོ་རྗེ་སེམས་དཔའ་ཉིད་ལ་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་དེ་ལུགས་

ཀྱི་ཆོས་དང་། ཐོབ་པའི་ཆོས་རྣམས་འཁོར་ལོ་བསྐོར་བ་སྟེ། ཕྱག་རྒྱ་དེས་རྡོ་རྗེ་སེམས་དཔར་གྱུར་ནས། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་མགོན་པོ་རྣམས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ་ཞེས་པའོ། །རལ་གྲིའི་ཕྱག་རྒྱ་སྟེ་ཕྱག་རྒྱ་ཆེན་པོའོ། །མགོན་པོ་སངས་རྒྱས་ཀུན་གྱི་

སྟེ། །དེས་ནི་ལྟ་བ་རྣམས་གཅོད་པ། །ལྷན་ཅིག་པ་དང་བདག་ཏུ་བལྟ། །ཞེས་པ་ནི་རལ་གྲིའི་ཕྱག་རྒྱ་ཆོས་དང་གང་ཟག་ལ་བདག་མེད་པར་ཆུད་པའི་ཡེ་ཤེས་ཀྱི་མཚན་མར་གྱུར་པ་སྟེ། ཡེ་ཤེས་དེ་ནི་ལྷན་ཅིག་ཏུ་སྐྱེས་པའི་བདག་ཏུ་ལྟ་བ་རྣམས་གཅོད་པ་ཞེས་བྱའོ། །ཕྱག་རྒྱ་

འདི་ནི་དཔལ་མཆོག་སྟེ། །ཆོས་ཀྱི་དུང་ཞེས་བསྒྲགས་པ་ཡིན། །དེས་ནི་སངས་རྒྱས་འཇིག་རྟེན་ན། །བྱང་ཆུབ་སེམས་དཔའ་མཆོག་རྣམས་དང་། །རྡུལ་མེད་པ་ཡི་ཆོས་འཆད་པ། །ཞི་བ་མྱ་ངན་འདས་འགྲོ་བའི། །ཞེས་པ་ནི་དུང་གི་ཕྱག་རྒྱ་དེ་སངས་རྒྱས་ཀྱི་གསུང་གི་མཚན་མར་

གྱུར་པ་སྟེ། སངས་རྒྱས་ཀྱི་གསུང་དེ་རྡུལ་དང་བྲལ་བའི་ཆོས་མྱ་ངན་ལས་འདས་པ་ཞི་བ་ཐོབ་པར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཆད་དོ་ཞེས་པའོ། །འདིས་ནི་དཔལ་མཆོག་པདྨོ་སྟེ། །མགོན་པོ་སངས་རྒྱས་ཀུན་གྱི་ནི། མི་ཚུགས་རྡོ་རྗེའི་གདན་

เล่ม ๖๙ · หน้า 189a

ཡིན་ཏེ། །མགོན་པོ་གང་དུ་འཚང་རྒྱ་བ། །དེ་ནི་སྐྱེས་དང་བྱང་ཆུབ་པ། །སངས་རྒྱས་རྣམས་ཀྱིའོ་ཞེས་པ་ནི། ཕྱག་རྒྱ་པདྨོ་དེ་སངས་རྒྱས་རྣམས་ཀྱི་གདན་ཏེ། མགོན་པོ་སངས་རྒྱས་རྣམས་གང་དུ་བྱང་ཆུབ་ན་ཡང་གདན་འདི་ལ་བཞུགས་ཏེ། བྱང་

ཆུབ་སངས་རྒྱས་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་པདྨོ་འདི་ལས་སྐྱེས་ཞེས་པའོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེའི་རྒྱ་གྲམ་མ་རིག་པའི་གྲོང་ཁྱེར་རྣམས་འབྱེད་པ་སྟེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཏེ། །ལྷ་མིན་ལྷ་ཡིས་བཙུགས་པའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་དེ་མ་

ཐག་པའི་ལམ་གྱི་ཡེ་ཤེས་ཏེ། རྡོ་རྗེའི་ཕྱག་རྒྱར་བྱིན་གྱིས་བརླབས་པ་སྟེ། མ་རིག་པའི་གྲོང་ཁྱེར་རྣམས་འཇོམས་པ་ནི། ཡེ་ཤེས་དེས་མ་རིག་པ་དང་སེམས་ལས་བྱུང་བའི་འཁོར་རྣམས་དང་བཅས་པར་འཇོམས་ཞེས་པ་གཙུག་ཏོར་ཕྱག་རྒྱ་ཆེན་པོ་སྟེ། གཙུག་ཏོར་

ཞེས་སུ་བསྒྲགས་པ་ཡིན། དེས་ནི་བཅིངས་མ་ཐག་ཏུ་ཡང་། །ཕྱག་རྒྱ་གཙོ་བོར་གྱུར་པར་འང་། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐྱེས་བུ་ཆེན་པོའི་མཚན་གཙུག་ཏོར་ཏེ། ཕྱག་རྒྱར་བྱིན་གྱིས་བརླབས་པ་སྟེ། དེ་ནི་བཅིངས་མ་ཐག་ཏུ་སངས་རྒྱས་གཙོ་བོར་འགྱུར་ཞེས་

པ་ནི་ཕྱག་རྒྱ་ལ་མང་དུ་བསྡུས་པས་ལྷའི་གཟུགས་སུ་འགྱུར་བ་ལ། གཅིག་པུས་ལྷའི་གཟུགས་སུ་གྱུར་ཏེ། གཙུག་ཏོར་གྱི་ཕྱག་རྒྱ་འདི་གཅིག་པུ་བཅིངས་པས་ཀྱང་སངས་རྒྱས་ཀྱི་སྐུར་བསྒྱུར་དུ་རུང་ཞེས་པའོ། །སྤུ་མཛོད་ཅེས་སུ་བསྒྲགས་པ་སྟེ། །རྒྱལ་མཆོག་

ཕྱག་རྒྱ་རྟག་པ་རུ། །འདི་ལྟར་བཅིང་བ་བྱས་ན་ནི། །དེ་དག་རྒྱལ་བ་མཆོག་ཏུ་འགྱུར། །བཅོམ་ལྡན་འདས་ཀྱི་སྐྱེས་བུའི་མཚན་སྨིན་མཚམས་ནས་སྤུ་མཛོད་ཅེས་བྱ་བ་ནས། སྤུའི་ཉག་མ་གཅིག་འབྱུང་བ་བརྐྱང་ན་ནི། ཁམས་གསུམ་ཐམས་ཅད་དུ་ཡང་ཁྱབ་པར་འགྱུར་

བ། དཀྱིལ་ནས་དེ་ཉིད་དུ་ཟད་པར་ཕྱག་རྒྱ་འདིར་བྱིན་གྱིས་བརླབས་པ་སྟེ། འདི་འབའ་ཞིག་བཅིངས་པས་ཀྱང་། སངས་རྒྱས་ཀྱི་སྐུར་བསྒྱུར་དུ་རུང་ཞེས་པའོ། །ལྷུང་བཟེད་ཀྱི་ཕྱག་རྒྱ་ནི་ཚིགས་སུ་བཅད་པ་རང་ལོག་ཏུ་གསུངས་པར་ཟད་དོ། །སེམས་ཅན་ཀུན་ལ་

เล่ม ๖๙ · หน้า 189b

མི་འཇིགས་པ། །དེ་ཡིས་དབུགས་ནི་འབྱིན་པ་ཡིན། །གང་གི་རྒྱ་ཆེན་དེ་བཅིངས་པ། །མི་འཇིགས་ཕྱག་རྒྱ་ཞེས་བསྒྲགས་པའོ། །ཞེས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་སྟེ། བདག་གམ་སེམས་ཅན་རྣམས་བགེགས་ལ་སོགས་པ་སྐྲག་ཅིང་འཇིགས་པར་གྱུར་ན། ཕྱག་

རྒྱ་བཅིངས་ཏེ་བསྟན་ལ་དེ་ལས་ཐར་བར་འགྱུར་ཞེས་པའོ། །འདི་ནི་མཆོག་སྦྱིན་ཕྱག་རྒྱ་སྟེ། །འཇིག་རྟེན་མགོན་པོ་རྣམས་ཀྱིས་བསྔགས། །འདི་ནི་བཅིངས་མ་ཐག་ཏུ་ཡང་། །མཆོག་སྦྱིན་རྒྱལ་བ་དམ་པར་འགྱུར། །ཞེས་པ་ནི་བཅོམ་ལྡན་འདས་སེམས་ཅན་རྣམས་

ལ་མཆོག་སྦྱིན་གྱི་ཕྱག་རྒྱ་སྟེ། ནམ་གྲུབ་པ་ལ་སོགས་པའི་མཆོག་ནོད་ན། མཆོག་སྦྱིན་པའི་ཕྱག་རྒྱ་འདིས་བཅིངས་ནས་མནོད་དོ། །རྒྱལ་ཆེན་ཕྱག་རྒྱ་ཆེན་པོ་འདི། །སངས་རྒྱས་མགོན་པོ་ཀུན་གྱི་སྟེ། །བདུད་རྣམས་ཀུན་ལ་བསྡིགས་པ་ཡིན། །རེ་བ་ཀུན་

གྱི་སྦྱིན་པའོ། །དེ་ནི་བཅིངས་མ་ཐག་ཏུ་ཡང་། །སོ་སོར་གྱེས་པར་གདོན་མི་ཟ། །བདུད་སྡེ་མང་པོ་འཇིགས་པ་དང་། །བགེགས་དང་རྣམ་བགེགས་གཞན་དག་ཀྱང་། །ཞེས་པ་ནི་བགེགས་རྣམ་པར་སྐྲག་པར་བྱེད་པའི་ཕྱག་རྒྱ་སྟེ། ཕྱག་རྒྱ་དེ་བཅིངས་པ་སྦྱིན། བགེགས་

ལ་སོགས་པ་ཐམས་ཅད་རྣམ་པར་སྐྲག་ནས་སོ་སོར་འབྱེར་བར་འགྱུར་ཏེ། དེ་ལྟར་བགེགས་རྣམས་སོ་སོར་འབྱེར་ན་བགེགས་མེད་པས། ཇི་ལྟར་བསམས་པའི་དོན་གྲུབ་པར་འགྱུར་བས་ན། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །འདི་ནི་སངས་རྒྱས་མགོན་རྣམས་ཀྱིས། །

སྙིང་རྗེ་ལས་བྱུང་སྤྱན་ཡིན་ཏེ། །མིག་གི་སྟེང་དུ་དེ་ཞོག་ཅིག །དེ་ཕྱིར་སངས་རྒྱས་སྤྱན་དུ་འགྱུར། །ཞེས་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་སྤྱན་སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་ཐམས་ཅད་ལ་གཟིགས་པ་སྙིང་རྗེ་ལས་བྱུང་པའི་སྤྱན་ཞེས་བྱ་སྟེ། སྤྱན་དེ་

ཕྱག་རྒྱ་འདིར་བྱིན་གྱིས་བརླབས་པ་ཡིན་པས་ན། ཕྱག་རྒྱ་འདི་བཅིངས་ཏེ། མིག་ཏུ་བཞག་ན་བདག་སངས་རྒྱས་ཀྱི་སྐུར་བསྒྱུར་བའི་ཚེ། སངས་རྒྱས་ཀྱི་སྤྱན་དུ་འགྱུར་རོ། །ཞགས་པ་འདི་ནི་མཆོག་ཅེས་གསུངས། །གནོད་པ་ཐམས་ཅད་མེད་པར་བྱེད། །སྔགས་པ་ཡིས་ནི་

เล่ม ๖๙ · หน้า 190a

འདི་བཅིངས་ན། །རྟག་ཏུ་གནོད་པ་རྣམ་བཅིངས་ཡིན། །ཞེས་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་གྱིས་ཡེ་ཤེས་སེམས་ཅན་ཐམས་ཅད་འདོན་པར་བྱེད་ཅེས་ཞགས་པའི་ཕྱག་རྒྱར་བྱིན་གྱིས་བརླབས་ཏེ། ཞགས་པའི་ཕྱག་རྒྱ་འདི་བཅིངས་པས། བགེགས་

ལ་སོགས་པའི་གནོད་པ་རྣམས་བཅིངས་པའི་ལས་བྱེད་དོ་ཞེས་པའོ། །འདི་ནི་ཀྱོ་བ་བཏང་ཞེས་གསུངས། །སངས་རྒྱས་མགོན་པོ་ཀུན་གྱིས་ཏེ། །ཐམས་ཅད་མ་ལུས་འགུགས་པ་ཡིན། །ས་བཅུར་གནས་པ་རྣམས་དང་ནི། །མཐུ་ཆེན་བྱང་ཆུབ་སེམས་དཔའ་དང་། །གཞན་ཡང་གནོད་པར་

སེམས་པའོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་རྒྱུ་དང་འབྲས་བུའི་སྤྱོད་པ་རྣམས་རྒྱུའི་ཚེ་ན། བསྡུ་བ་རྣམ་བཞིས་སེམས་ཅན་རྣམས་འདུད་ཅིང་འདྲེན་པ་དང་། འབྲས་བུའི་ཚེ་ན་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་གྱིས་སེམས་ཅན་སྡུད་ཅིང་འདྲེན་པར་སྤྱོད་པ་དེ་ཉིད་ལྕགས་ཀྱུའི་ཕྱག་

རྒྱར་བྱིན་གྱིས་བརླབ་པ་སྟེ། ལྕགས་ཀྱུས་ཀྱང་ཐམས་ཅད་འདྲེན་པར་བྱེད་པ་ནི། བགེགས་ལ་སོགས་པ་གནོད་པར་བྱེད་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་ཡང་སྟེ། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་ཡང་འགུགས་ན། གཞན་ལྟ་སྨོས་ཀྱང་ཅི་

དགོས་ཞེས་པའོ། །དེ་བཞིན་གཤེགས་པའི་ལྟེ་བའི་ཕྱག་རྒྱ། ཕྱག་རྒྱ་སྔ་མ་ལས་ཞེས་པ་ནི་ལྕགས་ཀྱུའི་ཕྱག་རྒྱ་ལ་བསྙེལ་ཏེ། ལྕགས་ཀྱུའི་ཕྱག་རྒྱ་སྲིན་ལག་གཉིས་བསྒྲེང་བར་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་རྡོ་རྗེའི་ཕྱག་རྒྱ་ནི། མངོན་པར་བྱང་ཆུབ་པ་ལྔ་སྦྱར་རོ། །

ལྕགས་ཀྱུའི་ཕྱག་རྒྱ་ནི་སྤྱོད་པ་དང་སྦྱར་རོ། །དེ་བཞིན་གཤེགས་པའི་སྙིང་པོའི་ཕྱག་རྒྱ་དང་། སྟོབས་བཅུའི་ཕྱག་རྒྱ་ནི་ཀུན་དུ་སངས་རྒྱས་པ་དང་སྦྱར་རོ། །ཆོས་ཐམས་ཅད་སྙོམས་པར་ཆུད་པའི་ཕྱག་རྒྱས་ནི་མྱ་ངན་ལས་འདས་པ་དང་སྦྱར་རོ། །དེ་ལ་སྔགས་ཀྱང་ཀུན་དུ་སངས་རྒྱས་པ་ལ་

ཕྱག་འཚལ་ལོ་ཞེས་པ་ནི། ཀུན་དུ་སངས་རྒྱས་པ་དང་སྦྱར། །ཀུན་དུ་རྡོ་རྗེ་ཕྱག་འཚལ་ལོ། །ཞེས་པ་ནི་བྱང་ཆུབ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་ནི་དེ་བཞིན་གཤེགས་པ་དང་སྦྱར་རོ། །དེ་ལ་སྔགས་དང་ཕྱག་རྒྱ་རྣམས། བསྟན་པ་

เล่ม ๖๙ · หน้า 190b

ཡང་སྤྱིར་བསྟན་པ་དང་སོ་སོར་བསྟན་པ་སྟེ། དེ་ལ་སོ་སོར་བསྟན་པ་ཡང་རྣམ་པ་གཉིས་ཏེ། དངོས་སུ་བསྟན་པ་དང་གཞན་དུ་བསྙེལ་བའོ། །དེ་ལ་དངོས་སུ་བསྟན་པ་ནི་གོང་དུ་མིང་སྨོས་པ་རྣམས་སོ། །གཞན་དུ་བསྙེལ་བ་ནི་དེ་ལ་སོགས་པའོ་ཞེས་པ་སྟེ་རྒྱུན་དུ་བསྙེལ་བའོ། །སྤྱིར་

བསྟན་པ་ནི་གསང་བའི་བདག་པོ་ལུས་ཇི་ཙམ་དུ་བསྐྱོད་པ་ཀུན་ཀྱང་ཕྱག་རྒྱར་རིག་པར་བྱའོ། །ལྕེ་ཇི་ཙམ་བསྐྱོད་པ་དེ་ཡང་སྔགས་རྣམས་སུ་ཤེས་པར་བྱའོ་ཞེས་པ་སྟེ། དེ་ཡང་ཇི་ལྟ་བུར་གནས་ན་གསུངས་པ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དང་། དེ་བཞིན་གཤེགས་པའི་ས་

ལ་གནས་ནས་དཀྱིལ་འཁོར་བྲི་ཞེས་པ་སྟེ། ནམ་སྔགས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དང་། དེ་བཞིན་གཤེགས་པའི་ས་ལ་གནས་པར་གྱུར་ན། ཇི་ཙམ་དུ་ལུས་ལ་སོགས་པ་དེ་ཙམ་དུ་ཕྱག་རྒྱར་འགྱུར། ཇི་ཙམ་དུ་ལྕེ་བསྐྱོད་པ་དེ་ཙམ་དུ་སྔགས་བརྗོད་པར་འགྱུར་

རོ་ཞེས་པ་དང་སྦྱར་ཏེ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་ཅེས་པ་ནི། སྟོང་པ་ཉིད་ལ་དམིགས་པའི་སེམས་དང་ལྡན་ཞེས་པའོ། །དེ་བཞིན་གཤེགས་པའི་ས་ལ་གནས། །ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པ་རྣམ་པ་གཉིས་ཏེ། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་ས་ལ་

གནས་པ་ནི་ལྷའི་གཟུགས་སུ་སྦྱར་རོ། །དོན་དམ་པར་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་ལྷར་སྦྱར་བ་སྟེ། དེ་ལྟར་ཡང་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་། ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ལྷའི་གཟུགས་སུ་སྦྱར་བ་མ་ཡིན་པར་སྔགས་དང་ཕྱག་རྒྱ་བྱ་བའམ། དཀྱིལ་འཁོར་

བྲིས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྲུང་བར་འགྱུར་རོ་ཞེས་དངོས་ཀྱིས་གསུངས་སོ། །ད་ནི་སྔགས་ཀྱི་ལེའུ་ཞེས་བཤད་པ་ལ་སོགས་པ་སྔགས་ཀྱི་ཚིག་དང་ཡི་གེའི་འབྲུ་ལས་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་ལ་སོགས་པ་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་དང་།

ཨཱ་ལི་ལ་སོགས་བཅུ་དྲུག་དང་ལྡན་པར་འགྱུར་བ་བསྟན་ཏེ། དེ་ལ་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་པོ་རྣམས་ནི། ཡི་གེ་ཨ་དང་མི་ལྡན་པར་མི་སྨྲ་སྟེ། དེ་ཐམས་ཅད་ཀྱང་ཨ་དང་ལྡན་པར་ཤེས་པར་བྱའོ། །དེ་ཡང་གསང་བའི་བདག་པོ་ཐམས་ཅད་དུ་རྒྱས་པའི་སྒོ་མོ་

เล่ม ๖๙ · หน้า 191a

ཆོས་ཀྱི་གཞུང་ཉོན་ཅིག་ཅེས་པ་ལ་སོགས་པ་སྟེ། ཨ་དང་ལྡན་པའི་ཡི་གེ་རྣམས་སྔགས་སུ་སྦྱར་བ་དང་། ཏིང་ངེ་འཛིན་ལ་སོགས་པ་ཐམས་ཅད་དུ་ཁྱབ་པར་འཇུག་པའི་སྒོ་མོ་ཞེས་པའོ། །དེ་བས་ན་གསུངས་པ། གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་ཨ་

ལ་གནས་ཏེ། ཀུན་ལ་ནན་ཏན་བྱའོ་ཞེས་སོ། །དང་པོ་ཨ་དང་ས་བ་གསུམ་སྨོས་པ་ནི་རིགས་གསུམ་སྨོས་པའོ། །དེ་ལ་དང་པོར་ཡི་གེ་ཨ་ལ་ཐ་མལ་པར་སྨོས་ནས་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་པོ་རྣམས་སྨོས་པ་ནི་ཀ་ལ་སོགས་པ་སྟེ། རྣམ་པ་ཐམས་ཅད་ཀྱང་ཐ་མལ་པའི་རང་

བཞིན་དུ་ཤེས་པར་བྱ་སྟེ། དེ་དག་ཐམས་ཅད་བྱང་ཆུབ་ཀྱི་རང་བཞིན་དུ་བསྟན་པའོ། །ཡི་གེ་ཨ་འདྲེན་པ་ཐོག་མར་སྨོས་ནས་ཀ་ལ་སོགས་པ་ཐམས་ཅད་ཀྱང་འདྲེན་པར་སྨོས་པ་རྣམས་ནི། དེ་དག་ཐམས་ཅད་སྤྱོད་པའི་རང་བཞིན་དུ་ཤེས་པར་བྱའོ། །ཡི་གེ་ཨ་ཐོག་མར་སྨོས་ན།

ཀ་ལ་ཞེས་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་རྣམས་སྨོས་པ་ཐམས་ཅད་ཀྱང་ཨ་དང་ལྡན་པས། ཀུན་སངས་རྒྱས་པའི་རང་བཞིན་དུ་ཤེས་པར་བྱའོ། །ཡི་གེ་ཨ་ཚིག་གཉིས་དང་ལྡན་པ་ཐོག་མར་སྨོས་ནས། ཡི་གེ་ཚིག་གཉིས་དང་ལྡན་པ་ལ་སོགས་པ་ཐམས་ཅད་ཡི་གེ་ཨ་

ཚིག་གཉིས་དང་ལྡན་པས། ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་རང་བཞིན་དུ་ཤེས་པར་བྱའོ། །ཀ་ལ་སོགས་པ་ཡི་གེ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཨི་ལ་སོགས་པ་དང་ལྡན་པ་ན་ཡང་ཏིང་ངེ་འཛིན་དེ་དག་ཉིད་ཀྱི་སྒོ་ནས་སྟོན་པའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལ་རྀ་རཱྀ་དང་ལྀ་

ལཱྀ་གཉིས་མ་སྨོས་པ་ནི། གོང་དུ་ཡི་གེ་ར་དང་ཨི་ལ་སོགས་པ་རྀ་རཱྀ་ཞེས་པ་དེའི་ཁོངས་སུ་འདུས། ལ་དང་ཨ་མི་སྨོས་པ་ལྀ་ཞེས་དེའི་ཁོངས་སུ་འདུས་པར་ཤེས་པར་བྱའོ། །གསང་བའི་བདག་པོ་ཡི་གེའི་ཚུལ་ལ་མཁས་པའི་ཆོས་ཀྱི་གཞུང་ངོ་ཞེས་པ་ནས། གསང་བའི་བདག་པོ་

ངས་སངས་རྒྱས་ཀྱི་ཞིང་པྲ་ས་ར་ན། དེ་བཞིན་གཤེགས་པ་ཐམས་ཅད་དུ་ཁྱབ་པའི་སྒོ་མོ་ཆོས་ཀྱི་གཞུང་འདི་མི་འཆད་པ་མ་མཐོང་ངོ་ཞེས་པའི་བར་དུ་སྨོས་པའི་ཡི་གེ་རྣམས་ཀྱི་རྗེས་སུ་བསྔགས་པ་བཤད་པ་སྟེ། རང་བཞིན་ཕུན་སུམ་ཚོགས་པ་དང་། བྱིན་གྱིས་བརླབས་པ་ཕུན་སུམ་

เล่ม ๖๙ · หน้า 191b

ཚོགས་པ་དང་། མཐུ་ཕུན་སུམ་ཚོགས་པ་དང་། ལས་ཕུན་སུམ་ཚོགས་པ་བསྟན་པའོ། །དེ་ལ་རང་བཞིན་ཕུན་སུམ་ཚོགས་པ་ནི། ཡི་གེའི་རང་བཞིན་རྣམས་སོ་སོར་སྟོན་པ་སྟེ། ཡི་གེའི་ཚུལ་ལ་མཁས་པའི་ཆོས་ཀྱི་གཞུང་ངོ་ཞེས་པའི་ཚིག་གིས་སོ། །ལས་ཕུན་སུམ་ཚོགས་པ་ནི་སྔགས་

ཀྱི་ཚུལ་ལ་རྣམ་པར་གནས་པའི་ཆོ་གའོ་ཞེས་གསུངས་པའི་ཚིག་གིས་སོ། །བྱིན་གྱིས་བརླབས་པ་ཕུན་སུམ་ཚོགས་པ་ནི། ནམ་ཡི་གེ་རྣམས་སྔགས་ཀྱི་སྒྲ་བརྗོད་དམ། ཏིང་ངེ་འཛིན་བསྒོམ་པའམ་ལྷའི་གཟུགས་སུ་སྦྱོར་ན། དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་བརླབ་སྟེ།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ཞེས་པའི་ཚིག་གིས་སོ། །མཐུ་ཕུན་སུམ་ཚོགས་པ་ནི། འདས་པ་དང་ད་ལྟར་དང་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་དོ་ཞེས་པ་ནས་ཆོས་ཀྱི་གཞུང་འདི་མི་འཆད་པར་མ་མཐོང་ངོ་ཞེས་པའི་བར་དུ་

སྟེ། སངས་རྒྱས་ཐམས་ཅད་ཀྱིས་བཤད་པས་མཐུ་ཆེའོ། །ལས་ཕུན་སུམ་ཚོགས་པ་ལ་རྣམ་པ་བཞི་སྟེ། སྔགས་རྣམས་སུ་སྦྱོར་བ་དང་། ལྷའི་གཟུགས་སུ་བསྒྱུར་བ་དང་། ཏིང་ངེ་འཛིན་དུ་སྦྱོར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རོལ་མོའོ། །དེ་ལ་སྔགས་རྣམས་སུ་

སྦྱོར་བ་ནི་ཡི་གེ་འབྲུ་དེ་རྣམས་ལས་སྔགས་ཀྱི་ཚིག་གི་ཚུལ་དུ་སྦྱར་བ་སྟེ། སྔགས་ཀྱི་ཚུལ་ལ་རྣམ་པར་གནས་པའི་ཆོ་གའོ་ཞེས་པའི་ཚིག་སྔ་མ་ཉིད་ཀྱིས་སོ། །ལྷའི་གཟུགས་སུ་བསྒྱུར་བ་ནི་ཡི་གེ་རྣམས་གང་ཡང་རུང་བ་ལས་ལྷའི་གཟུགས་སུ་སྦྱོར་བ་སྟེ། གཟུགས་ཡོངས་སུ་

འཛིན་པའི་ཚིག་གིས་སོ། །ཏིང་ངེ་འཛིན་དུ་སྦྱོར་བ་ནི་ཡི་གེ་འབྲུ་དེ་རྣམས་ལས་སྟོང་པ་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུར་སྦྱོར་བ་སྟེ། དེ་བཞིན་གཤེགས་པའི་ཚུལ་ལ་མཁས་པའི་ཚིག་གིས་སོ། །སྤྱོད་པ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་དང་། རབ་དང་འབྲིང་ལ་སོགས་

པ་འགྲུབ་པར་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རོལ་པ་ཞེས་པའི་ཚིག་གིས་སོ། །ཐོག་མ་དང་ཐ་མ་དང་དབུས་རྣམས་ཀ་ཙ་ཊ་ཏ་པ་རྣམས་དང་ལྡན་པའི་ཏིང་ངེ་འཛིན་མང་པོར་འཇུག་པ་ལ་ནན་ཏན་གྱིས་ཤིག་དང་། བྱང་ཆུབ་དང་སྤྱོད་པ་དང་ཀུན་དུ་སངས་རྒྱས་དང་མྱ་ངན་

เล่ม ๖๙ · หน้า 192a

ལས་འདས་པ་དང་བཅས་པར་ཐོབ་པར་བྱེད་དོ་ཞེས་པ་ནི། ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་དང་པོའི་ཨ་ཨཱ་ཞེས་པ་གཉིས་དང་། ཐ་མའི་ཨཾ་ཨ་ཞེས་པ་གཉིས་དང་། དབུས་ཀྱི་ཨི་ལ་སོགས་པ་རྣམས་དང་ལྡན་པར་སྦྱར་ན། བྱང་ཆུབ་དང་

སྤྱོད་པ་དང་ཀུན་དུ་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་སྒོ་སྟོན་པའི་རང་བཞིན་པས་དེ་རྣམས་དང་ཏིང་ངེ་འཛིན་དུ་སྦྱར་ན་བྱང་ཆུབ་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་པའོ། །དེ་བཞིན་དུ་ཐོག་མ་ལ་སོགས་པ་དང་ལྡན་པར་བརྗོད་ན། སྔགས་ཀྱི་ཆོ་གར་འགྱུར་གྱིས། ཐོག་མ་

དང་ཐ་མ་དང་དབུས་སུ་ལྡན་པར་དེ་ཡང་རིག་པར་བྱའོ་ཞེས་པ་ཐོག་མ་ལ་སོགས་པ་ཞེས་པ་ནི། ཐོག་མའི་ཨ་ཨཱ་དང་། ཐ་མའི་ཨཾ་ཨ་དང་། དབུས་ཀྱི་ཨི་ལ་སོགས་པ་དང་ལྡན་པར་ཀ་ལ་སོགས་པའི་ཡི་གེ་རྣམས་བརྗོད་ན། བྱང་ཆུབ་ལ་སོགས་པ་ཐོབ་པ་འབའ་ཞིག་མ་ཡིན་གྱིས་

སྔགས་ཀྱི་ཚིག་རྣམས་སུ་ཡང་འགྱུར་རོ་ཞེས་པའོ། །མཁས་པས་ཇི་ལྟར་འདོད་པས་སྔགས་ཀྱི་གཙོ་བོར་དེའི་ཚིག་རེ་རེ་དང་སྦྱོར་ཅིག་དང་། ངེས་པར་འཚང་རྒྱ་ཞིང་བླ་ན་མེད་པར་གནས་མཆོག་སྦྱིན་པར་བྱེད་དོ་ཞེས་པའོ། །གོང་དུ་སྨོས་པའི་ཚུལ་ལ་མཁས་པས་ཏིང་ངེ་འཛིན་

གང་འདོད་ཆགས་པའམ། རང་གི་ལྷ་གང་ཡིན་པར་སྦྱར་བ་ལ་སོགས་པ་ལ། ཇི་ལྟར་འདོད་པར་ཡི་གེ་དེ་རྣམས་གང་ཡང་རུང་བ་འབྲུ་གཅིག་ལ་སྦྱར་ན་ཡང་། ཇི་ལྟར་བསམས་པའི་དོན་འགྲུབ་པར་བྱེད་པའོ་ཞེས་པ་འདི་ནི་དེ་ལྟར་འཁོར་ལོ་གཅིག་སྟེ། འཁོར་ལོ་བཞིན་དུ་འཁོར་

བ་ནི། ཡི་གེ་འཁོར་ལོ་ཞེས་པ་ནི་ཡི་གེ་ཨ་གཅིག་པོ་ལས་ཀ་ལ་སོགས་པ་དུ་མའི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་འཁོར་ལོ་ལྟ་བུར་འཁོར་བའོ་ཞེས་པའོ། །སྔགས་པའི་ཡི་གེ་འཁོར་ལོ་དེ་ཤེས་ན། རྟག་ཏུ་ཇི་ལྟར་མཛེས་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་ལོ་

བསྐོར་བ་བཞིན་ནོ་ཞེས་པ་ནི་སྔགས་པས་གོང་དུ་སྨོས་པའི་ཡི་གེ་འཁོར་ལོ་ཞེ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལས་དང་སྤྱོད་པ་ཐམས་ཅད་དུ་སྤྱོད་ནུས་པ་བཞིན་དུ་འགྱུར་རོ་ཞེས་པའོ། །མཛེས་པ་ཞེས་པ་ནི་སྤྱོད་པའི་ཚིག་ཏུ་ཤེས་པར་བྱའོ། །ད་ནི་སངས་རྒྱས་བཅོམ་ལྡན་

เล่ม ๖๙ · หน้า 192b

འདས་ཀྱི་སྐུ་མི་ཟད་པ་དང་། གསུང་མི་ཟད་པ་དང་། ཡིད་མི་ཟད་པ་རྡོ་རྗེའི་རྒྱན་རྣམས་དེ་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ལ་སྐུ་མི་ཟད་པ་དང་། གསུང་མི་ཟད་པའི་བྱིན་གྱིས་བརླབས་ཀྱི་དཀྱིལ་འཁོར་ལ་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་དང་། ཡི་གེ་འཁོར་ལོ་བསྐོར་བའི་

དཀྱིལ་འཁོར་ནི་གོང་དུ་བཤད་ཟིན། ཡིད་མི་ཟད་པའི་དཀྱིལ་འཁོར་ཆོས་ཀྱི་སྐུའི་བྱིན་གྱིས་བརླབས་སུ་འགྱུར་བ་དེ་བསྟན་ཏེ། དེའི་ཞར་ལ་གོང་དུ་དཀྱིལ་འཁོར་གཉིས་བཤད་པའི་ཆོ་གའོ། །ལྷག་མ་སློབ་དཔོན་གྱི་མཚན་ཉིད་དང་། སློབ་མའི་མཚན་ཉིད་ལ་སོགས་པ་དང་། དཀྱིལ་

འཁོར་གྱི་ཡོ་བྱད་དུ་བྱིས་པ་རྣམས་ལ་གོང་དུ་རྒྱས་པ་མ་སྨོས་ཤིང་། མ་རྫོགས་པ་རྣམས་དང་སྦྱིན་སྲེག་གི་ཆོ་ག་ལ་སོགས་པ་འདི་ཉིད་དུ་རྒྱས་པར་བཤད་དེ། དེ་ལ་ཆོས་ཀྱི་སྐུ་ནི་མཚན་མས་བསྟན་པ་ལས་འདས་ཏེ། དངོས་པོ་མེད་པས་བསྟན་དུ་མི་མངོན་པ་ལ་ཡོན་ཏན་

གྱི་རྗེས་སུ་མཐུན་པ་ལས་བསྟན་པར་བྱ་སྟེ། ཆོས་ཀྱི་སྐུའི་ཡོན་ཏན་ནི་ཕྱིན་ཅི་མ་ལོག་པ་དང་མི་འགྱུར་བར་ཡོངས་སུ་རྫོགས་པའི་རང་བཞིན་དང་། རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་། བྱ་བ་ཐམས་ཅད་བྱེད་

ནུས་པའི་རང་བཞིན་ཏེ། དེའི་རྗེས་སུ་མཐུན་པའི་སྒོ་ནས་དེ་བསྟན་པ་ནི། ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། ས་ནི་བརྟན་ཞིང་མི་འགྱུར་བ་ཡོངས་སུ་རྫོགས་པའི་མཚན་ཉིད་རྡོ་རྗེ་དང་འདྲ་བས། དབང་ཆེན་གྱི་རྡོ་རྗེའི་དཀྱིལ་འཁོར་དུ་

བྱིན་གྱིས་བརླབས་ཏེ་བསྟན་པའོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་རང་བཞིན་ནི། ཆུའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་བསྟན་པ་སྟེ། ཆུ་ནི་ཐམས་ཅད་འཁྲུ་བར་བྱེད་པའི་རང་བཞིན་ནོ། །དེའི་སྙིང་པོ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཉོན་མོངས་པ་

ཐམས་ཅད་ལས་རྣམ་པར་གྲོལ་བའི་མཚན་ཉིད་ནི། མེའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་སྟེ། མེའི་རང་བཞིན་བསྲེག་པར་བྱ་བ་དང་། ཡི་གེར་ཆོས་ཐམས་ཅད་རྡུལ་དང་བྲལ་བར་སྟོན་པའི་ཕྱིར་རོ། །བྱ་བ་ཐམས་ཅད་ནུས་པ་ནི་རླུང་གི་དཀྱིལ་འཁོར་དུ་བྱིན་གྱིས་

เล่ม ๖๙ · หน้า 193a

བརླབས་པ་སྟེ། རླུང་ནི་ཀུན་དུ་འགྲོ་ཞིང་ཐམས་ཅད་འབྱེད་པའོ་ཞེས་སྔར་བཤད་ཟིན་པའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་སྐུ་བྱིན་གྱིས་བརླབས་སུ་གྱུར་པ་གསང་བའི་དཀྱིལ་འཁོར་དེ་དང་། དཀྱིལ་འཁོར་སུམ་ཆར་ཆོ་ག་རྫོགས་པར་བཤད་པའི་ཕྱིར། བཅོམ་ལྡན་འདས་

ཏིང་ངེ་འཛིན་དེ་ལ་མཉམ་པར་ཞུགས་ཏེ། དེ་ཡང་ཅི་བྱས་ནས་ཞུགས་ཤེ་ན། གསུངས་པ་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྤྱན་གྱིས་གཟིགས་ནས་ཞེས་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་གཟིགས་ནས་ཞེས་པའི་དོན་ཏོ། །

ཆོས་ཀྱི་དབྱིངས་ཀྱི་མཛོད་རྣམ་པར་འཕྲུལ་པ་དེ་བཞིན་གཤེགས་པ་མཉམ་པའི་རྒྱན་གྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་ཞུགས་སོ་ཞེས་པ་ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དེ། དེ་ལས་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་རྣམས་ཀྱི་མཚན་ཉིད་འབྱུང་བ་ནི། དེ་བཞིན་

གཤེགས་པ་མཉམ་པའི་རྒྱན་ཞེས་བྱ་སྟེ། དེ་དག་ཆོས་ཀྱི་དབྱིངས་དེ་ལས་འབྱུང་བ་ན། ཆོས་ཀྱི་དབྱིངས་དེ་ཉིད་མཛོད་ཅེས་བྱའོ། །རྣམ་པར་སྤྲུལ་པ་ཞེས་པ་ནི། དེ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་རྣམ་པ་སྣ་ཚོགས་སུ་སྤྱོད་པ་ཞེས་པའོ། །མཉམ་པ་ཞེས་པ་ནི་དེ་བཞིན་གཤེགས་

པའི་སྐུ་འབྱུང་བ་དེ་དག་ཉིད་ཚོགས་པ་དང་། ཆོས་ཀྱི་སྐུ་དང་སེམས་ཅན་གྱི་དོན་བྱེད་པར་མཉམ་པའི་ཕྱིར་རོ། །རྒྱ་ཆེར་ཞེས་བྱ་བ་ནི་མང་པོའི་ཚིག་གོ། །སྙིང་པོའོ་ཞེས་བྱ་བ་ནི་འབྱུང་བའི་གནས་ཏེ། ཏིང་ངེ་འཛིན་དེ་ཉིད་ལ་བྱ་སྟེ། ཏིང་ངེ་འཛིན་དེར་ཞུགས་ན་དེ་ལྟ་བུར་འབྱུང་བའི་ཕྱིར། ཏིང་

ངེ་འཛིན་དུ་ཞུགས་ནས་ཀྱང་། ཇི་ལྟར་བསྟན་ཞེ་ན། གསུངས་པ་ཆོས་ཀྱི་དབྱིངས་མི་ཟད་པ་མང་པོ་མངོན་པར་བསྟན་པ་དང་། སྔགས་ཀྱི་སྤྱོད་པ་འདི་ལས་སེམས་ཅན་གྱི་ཁམས་མ་ལུས་པར་གདོན་པའི་ཡི་དམ་བཅས་པར་རྫོགས་པར་བྱ་བའི་ཕྱིར་ཞེས་པ་སྟེ། ཆོས་ཀྱི་དབྱིངས་ཞེས་པ་ནི་

སྐབས་འདིར་སེམས་ཅན་གྱི་ཁམས་ལ་བྱ་སྟེ། དེ་མངོན་པར་འབྱུང་བ་བསྟན་པ་ཡང་ལས་དང་ཚེའི་རྣམ་པར་སྨིན་པ་དང་། འབྲས་བུ་ཞེས་པ་ལ་སོགས་པའི་ཚིག་འོག་ནས་འབྱུང་བ་བཤད་དོ། །སྔགས་ཀྱི་སྤྱོད་པ་འདི་ཉིད་ལས་སེམས་ཅན་གྱི་ཁམས་མ་ལུས་པར་གདོན་པར་ཡི་དམ་

เล่ม ๖๙ · หน้า 193b

བཅའ་བ་རྫོགས་པར་བྱ་བའི་ཕྱིར་ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བསྟན་དུ་ཟིན་ཀྱང་། གསང་བའི་དཀྱིལ་འཁོར་མ་བསྟན་ན། དམ་ཚིག་ལྔ་ལ་སོགས་པ་དང་ཡང་ལྡན་པར་མི་འགྱུར་ལ། དེའི་ཞར་ལ་སྔ་མའི་ཆོ་ག་ལྷག་མ་

རྣམས་ཀྱང་རྫོགས་པར་བཤད་པར་བྱ་བ་མ་བསྟན་ན། སྔགས་པ་རྫོགས་པར་མི་འགྱུར་བས། དམ་ཚིག་མ་རྫོགས་པར་འགྱུར་ཏེ། དེ་བས་ན་དེ་དག་ཀུན་རྫོགས་པར་བསྟན་ན། སེམས་ཅན་གྱི་ཁམས་མ་ལུས་པར་གདོན་པའི་ཡི་དམ་བཅས་པ་རྫོགས་པར་འགྱུར་རོ། །དེ་ནས་འདི་ལྟར་

སེམས་ཅན་གྱི་ཁམས་སུ་རྣམ་པར་སྤྲུལ་པའི་སྒོ་ནས་ལས་དང་ཚེའི་རྣམ་པར་སྨིན་པ་དང་། འབྲས་བུ་ཟ་བ་དང་། །ཟར་འཇུག་པ་དང་། ཁ་དོག་དང་། དབྱིབས་དང་། དབྱངས་དང་། འགྲོ་བ་དང་། སྤྱོད་པ་དང་། ངེས་པའི་ཚིག་འབྱུང་བ་དང་། ཇི་ལྟ་བུར་བསམས་པ་བཞིན་པས་

སེམས་ཅན་ཐམས་ཅད་སོ་སོར་མགུ་བར་བྱེད་པ། བ་སྤུའི་བུ་ག་ཐམས་ཅད་ནས་ཆོས་ཀྱི་དབྱིངས་ནས་རྣམ་པར་འཕེལ་བའི་སྐུ་འབྱུང་ཞེས་པ་ནི། དེ་ལྟར་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་མཉམ་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་བ་སྤུའི་བུ་ག་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྐུ་

སེམས་ཅན་ཐམས་ཅད་དང་རྗེས་སུ་མཐུན་པ། ལས་དང་ཚེའི་རྣམ་པར་སྨིན་པ་དང་། འབྲས་བུ་དང་། ཟ་བ་དང་ཟར་འཇུག་པ་ལ་སོགས་པ་སྟོན་པ་འབྱུང་ངོ་ཞེས་པ་སྟེ། ལས་ཀྱི་རྣམ་པར་སྨིན་པ་དང་ཚེའི་འབྲས་བུ་ཟ་བར་སྟོན་པའི་ལས་ལེགས་ཉེས་ཅི་སྤྱད་པའི་འབྲས་བུ་བདེ་བ་དང་སྡུག་བསྔལ་

རྣམ་པར་རང་རང་སྤྱོད་པ་སྣང་བའོ། །ཟར་འཇུག་པ་ནི་རྒྱལ་པོ་དང་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་ལྟ་བུ་སྟེ། དེ་དག་གིས་དབང་བྱས་ནས་གཞན་རྣམས་ལ་བདེ་བ་དང་སྡུག་བསྔལ་སྤྱོད་དུ་འཇུག་པའོ། །དེ་དག་ཉིད་ཀྱི་བྱེ་བྲག་ཏུ་གསུངས་པ། གཟུགས་དང་ཁ་དོག་དང་ཞེས་པ་ལ་སོགས་

པ་སྟེ། སེམས་ཅན་རྣམས་ཀྱི་གཟུགས་དང་ཁ་དོག་དང་བསམ་པ་ལ་སོགས་པའི་རྗེས་སུ་མཐུན་པར་ཆོས་འཆད་པའི་སྐུ་རྣམས་འབྱུང་ངོ་ཞེས་པ་དང་སྦྱར་ཏེ། དེ་བས་ན་གསུངས་པ། སེམས་ཅན་ཐམས་ཅད་སོ་སོར་མགུ་བར་བྱེད་པ་ཞེས་པའོ། །སེམས་ཅན་གྱི་ཁམས་སུ་རྣམ་པར་སྤྲུལ་

เล่ม ๖๙ · หน้า 194a

པའི་སྒོའོ་ཞེས་པའི་ཚིག་གོང་མ་དེ་བ་སྤུའི་ཁུང་བུ་ཞེས་པ་དང་སྦྱར་རོ། །དེ་བཞིན་གཤེགས་པའི་སྐུ་བ་སྤུའི་ཁུང་བུ་དེ་སེམས་ཅན་གྱི་ཁམས་རྣམ་པར་སྤྲུལ་པ་ལས་དང་ཚེའི་རྣམ་པར་སྨིན་པ་དང་། འབྲས་བུ་ཟ་བ་དང་ཟར་འཇུག་པ་རྣམས་སྣང་བའི་སྐུ་རྣམས་འབྱུང་བའི་སྒོ་ཡིན་པའི་

ཕྱིར་རོ། །དེ་བྱུང་ནས་ནམ་མཁའ་དང་འདྲ་བ་འཇིག་རྟེན་གྱི་ཁམས་རྒྱས་པར་ཁྱབ་པ་དང་། དབྱངས་སྒྲ་གཅིག་ཏུ་ཆོས་དབྱིངས་རིག་པར་བྱེད་ཅིང་། དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བའི་ཚིགས་སུ་བཅད་པ་འདི་སྐད་ཅེས་བསྒྲགས་སོ་ཞེས་པ་ནི་ཚིག་ཏུ་འོག་ནས་འབྱུང་བ་དེ་བསྒྲགས་ཏེ།

དེ་ཡང་ཐམས་ཅད་ཚིག་གཅིག་ཏུ་སྒྲ་སྒྲོགས་པ་ན། སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཐོས་ཤིང་ཆུད་པར་བྱེད་པ་སྟེ། ཆོས་ཀྱི་དབྱིངས་ཞེས་པའི་ཚིག་ནི་འདིར་སེམས་ཅན་(གྱི་ཀྱི་)ཁམས་སུ་ཤེས་པར་བྱའོ། །དེ་སྐད་དུ། སྒྲ་སྒྲོགས་པའི་ཚིགས་སུ་བཅད་པ་དེ་ཆོས་ཀྱི་དབྱིངས་སུ་དམིགས་པ་

སྟོན་པའི་ཚིག་སྟེ། ཚིགས་སུ་བཅད་པ་བསྟན་པ་དེ་ལ་ཆུད་ཅིང་གོམས་པར་བྱས་ནས། དེ་བཞིན་གཤེགས་པར་འགྱུར་བས་ན། དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བའི་ཚིགས་སུ་བཅད་པ་ཞེས་བྱ་སྟེ། ཚིགས་སུ་བཅད་པ་གསུངས་པ་འདི་ལྟར་གང་ནས་འབྱུང་བ་དེ་ཀུན་ཞེས་པ་ནས།

སངས་རྒྱས་རྫོགས་པས་བཤད་པའོ། །ཞེས་པའི་བར་དུ་སྟེ། གང་ནས་ཞེས་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་ནས་ཞེས་པའོ། །འབྱུང་བ་དེ་ཀུན་ཞེས་པ་ནི་སངས་རྒྱས་དང་ཉན་ཐོས་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཏེ། མདོར་ན་ཆོས་རྣམས་ཀྱི་ཆོས་ཉིད་མཚན་ཉིད་ནི་ཆོས་ཀྱི་དབྱིངས་དེ་

བཞིན་ཉིད་ལས་སངས་རྒྱས་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། ཀུན་དུ་སངས་རྒྱས་པ་དང་། སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་དང་ཆོས་རྣམས་འབྱུང་ཞིང་གནས་པ་དག་འབྱུང་སྟེ། དེ་དག་རྟག་ཏུ་ཇི་ལྟར་འབྱུང་བ་ཤེས་རབ་དང་ཐབས་སུ་ལྡན་པས་ལམ་འདི་

ཁྱེད་ཀྱིས་བསྒོམ་པར་གྱིས་ཤིག་ཅེས་པ་སྟེ། དེ་ཡང་རྫོགས་པའི་སངས་རྒྱས་ཀྱིས་བཤད་པ་ཞེས་པའོ། །རྣམ་པར་བརྟག་པའོ་ཞེས་པ་ན་ཀུན་རྫོབ་ཏུ་འང་ཞེས་པ་སྟེ། མདོར་ན་ཆོས་རྣམས་ཀྱི་དབྱིངས་མཚན་ཉིད་དང་འདྲ་བ་དང་། དེའི་དབང་གིས་དེ་བཞིན་གཤེགས་པ་ལས་སྤྲུལ་པའི་

เล่ม ๖๙ · หน้า 194b

སྐུ་ལ་སོགས་པ་འབྱུང་བ་དང་དེ་ལ་དམིགས་ནས་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་མཐར་སངས་རྒྱས་པའི་བར་དུ། ཇི་ལྟར་འགྲུབ་པར་འགྱུར་བའི་ལམ་དེ་ཁྱེད་ཀྱིས་ཤེས་པར་བྱོས་ཤིག་ཅེས་པའོ། །དེ་ལྟར་བཅོམ་ལྡན་འདས་ཏིང་ངེ་འཛིན་དེར་ཞུགས་ནས། འཇིག་རྟེན་པའི་

ཚིག་དང་འཇིག་རྟེན་ལས་འདས་པ་གཉིས་བསྟན་ཏེ། འཇིག་རྟེན་པའི་ལས་དང་། ཚེའི་རྣམ་པར་སྨིན་པ་དང་། འབྲས་བུ་ཟ་བ་དང་ཟར་འཇུག་པ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པ་ནི་ཚིགས་སུ་བཅད་པ་འདི་ཉིད་དོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སེམས་ཀྱི་དབང་

ཙམ་གྱིས་སྤུའི་བུ་ག་ཐམས་ཅད་ནས། སངས་རྒྱས་འབྱུང་བའི་རྒྱུ་བྱིན་གྱི་རླབས་ཆོས་ཀྱི་དབྱིངས་ལས་འཕྲུལ་པ་དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་དབྱིངས་ཐམས་ཅད་དུ། རང་གི་སྐུ་རིག་པར་བྱེད་པ། སྤྲུལ་པའི་སྤྲིན་ཁྱབ་པར་བྱས་ནས། ཆོས་ཀྱི་དབྱིངས་རང་རང་གི་གནས་སུ་སླར་ཞུགས་སོ་ཞེས་པ་

ནི། གོང་དུ་བཅོམ་ལྡན་འདས་ཀྱིས་བ་སྤུའི་བུ་ག་ཐམས་ཅད་ནས། ཆོས་ཀྱི་དབྱིངས་ནས་འཕྲུལ་པའི་སྐུ་འབྱུང་བ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སེམས་ཀྱི་དབང་ཙམ་གྱིས། སངས་རྒྱས་ཀྱི་སྐུ་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སེམས་ཅན་གྱི་

ཁམས་ཐམས་ཅད་དུ་རང་གི་སྐུ་རིག་པར་བྱེད་པ། སྤྲུལ་པའི་སྐུ་མང་པོས་ཁྱབ་པར་བྱས་ནས། སེམས་ཀྱི་དབང་ཙམ་གྱིས་རང་རང་གི་ཆོས་ཀྱི་དབྱིངས་སུ་སླར་ཞུགས་པ་བསྟན་ཏོ་ཞེས་པ་སྟེ། སེམས་ཀྱི་དབང་ཙམ་གྱིས་ཞེས་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། སྒྲུབ་པ་པོ་ལྟ་བུར་བལྟ།

སྤྲུལ་པའི་སྐུ་རྣམས་འབྱུང་བ་ནི་བསྒྲུབ་པའི་ལྷ་རྣམས་ལྟ་བུར་བལྟའོ། །ཆོས་ཀྱི་དབྱིངས་ཀྱི་ལས་འཕྲུལ་པའི་དེ་བཞིན་གཤེགས་པའི་སྐུ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པའི་སྐུ་རྣམས་འབྱུང་ཞེས་པ་སྟེ། དེས་ཀྱང་ཆོས་ཀྱི་

དབྱིངས་ཀྱི་བྱིན་གྱི་རླབས་དང་། སྒྲུབ་པ་པོའི་སེམས་ཀྱི་དབང་ཙམ་གྱིས་རང་གི་སྐུའི་གཟུགས་སུ་སྣང་བར་གྱུར་པ། མ་འོངས་པའི་གདུལ་བའི་འགྲོ་བ་རྣམས་ལ་བསྟན་པའོ། །ཆོས་ཀྱི་དབྱིངས་རང་རང་གི་གནས་སུ་སླར་ཞུགས་སོ་ཞེས་པ་ནི་སླར་བསྡུའི་བུ་ག་རྣམས་སུ་ཞུགས་པ་ལ་ནི་མི་བྱའི། གང་

เล่ม ๖๙ · หน้า 195a

དུ་བྱུང་བ་དེ་དག་གི་གནས་ཉིད་དུ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རང་བཞིན་དུ་མི་སྣང་བར་གྱུར་པ་ལ་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རང་གིས་སྐུ་ལས་དེ་བཞིན་གཤེགས་པའི་སྐུ་རྣམས་འབྱུང་བས། སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་བྱས་ཏེ། སླར་

མི་སྣང་བར་གྱུར་པ་བསྟན་ནས། ཡིད་མི་ཟད་པའི་རྡོ་རྗེའི་བྱིན་གྱི་རླབས་གསང་བའི་དཀྱིལ་འཁོར་དང་དཀྱིལ་འཁོར་གསུམ་གྱི་ཆོ་གའི་ལྷག་མ་རྣམས་བཤད་པར་གསུངས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལ་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ།

གསང་བ་ཞེས་པ་ནི་དཀྱིལ་འཁོར་འདིའི་ཡིད་ཀྱི་རང་བཞིན་ཆོས་ཀྱི་སྐུའི་བྱིན་གྱིས་བརླབས་པས་ཡིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་སྟེ། དངོས་པོར་བསྟན་པའི་རང་བཞིན་མ་ཡིན་ཏོ། ཕྲ་བས་ན་གསང་བ་ཞེས་བྱའོ། །གཉིས་སུ་ན་སྐུ་དང་གསུང་གི་རང་བཞིན་ཕྱག་རྒྱའི་རང་བཞིན་དུ་བསྒྱུར་བས་སྐུ་

དང་གསུང་དུ་མི་མངོན་པ་ལའང་བྱའོ། །ལྷ་རྣམས་གཤེགས་པའི་གནས་ཞེས་པ་ནི། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དེ་དག་ལྷ་རྣམས་བྱིན་གྱིས་བརླབ་པའི་གནས་ཡིན་པའི་ཕྱིར་རོ། །རང་གི་ས་བོན་གྱི་མཚན་མས་བཏབ་པ་ཞེས་པ་ནི། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་

སོ་སོའི་ས་བོན་ཨ་བ་ལ་སོགས་པའི་མཚན་མས་བཏབ་པ་ཞེས་པའོ། །ཐོག་མར་དཀྱིལ་འཁོར་སྔགས་པ་ཡིས། །བདག་གི་ལུས་ལ་དགོད་དོ་ཞེས་པ་ནི། ཚོན་དགྱེ་བ་ལ་སོགས་པའི་སྔོན་རོལ་དུ། སྔགས་པ་སྦྱོར་བའི་སྟན་སྔར་བཤད་པ་ལ་གནས་ནས། སྔ་མ་བཞིན་དུ་དབང་ཆེན་ལ་སོགས་

པའི་དཀྱིལ་འཁོར་ལུས་ལ་རིམ་བཞིན་དུ་བཞག་གོ་ཞེས་པ་སྟེ། དེ་བས་ན་གསུངས་པ། རྐང་པ་ནས་རྐེད་པའི་བར་དུ་ནི་བསམ་པ་ཡང་ནི་དབང་ཆེན་དུ། དེ་ནས་སྙིང་གའི་བར་དུ་ནི་ཆུར་བསམ་མོ། །ཆུ་ཡན་ཆད་ནི་མེ་རུ་སྟེ། མེ་ཡན་ཆད་ནི་རླུང་དུ་ཡང་ཞེས་པ་སྟེ། ཆུ་ཡན་ཆད་མེ་རུ་སྟེ་ཞེས་པ་ནི། སྙིང་

ག་ཡན་ཆད་མེ་རུ་བསམ་པར་གསལ་ན་མེ་ཡན་ཆད་ནི་རླུང་དུ་ཡང་ཞེས་པ་ནི། རླུང་དུ་གང་ཡན་ཆད་བསམ་པའི་མཚམས་གསལ་བར་མ་སྨོས་ཀྱང་དབང་པོ་ཆེན་པོའོ། །སྙིང་པོ་ལས་སྨིན་མཚམས་སུ་ཡི་གེ་ཧཱུྃ་བསམ་པར་གསུངས་པས། སྨིན་མཚམས་ཡན་ཆད་རླུང་གི་དཀྱིལ་འཁོར་བསམ་པར་ཤེས་

เล่ม ๖๙ · หน้า 195b

པར་བྱའོ། །མཁས་པ་ཡིས་ནི་བསམས་ནས་སུ། །དེ་ནས་ས་ལ་གཟུགས་བཞག་གོ། །ཞེས་པ་ནི་སྔགས་པས་དེ་ལྟ་བུའི་ཏིང་ངེ་འཛིན་བྱས་ནས། གཟུགས་བརྙན་གྱི་དཀྱིལ་འཁོར་ས་ལ་བྲི་བར་བྱའོ་ཞེས་པའོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལུས་དང་ངག་དང་ཡིད་ཀྱི་

ས་ལ་ཞུགས་ནས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ལུས་དང་ངག་དང་ཡིད་མི་ཟད་པའི་རྡོ་རྗེ་རྒྱན་ལ་ཞུགས་ཞེས་པའོ། །ཆོས་མཉམ་པ་ལ་བལྟས་ཏེ་ཞེས་པ་ནི། དོན་དམ་པར་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་མཉམ་པའོ། །ཀུན་རྫོབ་ཏུ་ཡང་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་དང་།

སེམས་ཅན་གྱི་ཁམས་ཇི་སྙེད་པར་མཉམ་པ་ལ་བྱའོ། །མ་འོངས་པའི་འགྲོ་བ་རྣམས་ལ་བལྟས་ནས་ཞེས་པ་ནི། མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྔགས་ཀྱི་རྒྱལ་པོ་འདི་སྨྲས་སོ་ཞེས་པ་སྟེ། མ་འོངས་པའི་དུས་ན་སྔགས་པས་དཀྱིལ་འཁོར་འདྲི་བའི་སྔོན་རོལ་དུ། སྔགས་ཀྱི་རྒྱལ་པོ་འདི་

བསྙེན་པར་བྱས་ནས། དཀྱིལ་འཁོར་འདྲི་བའི་ཕྱིར་དང་། སྔགས་འདིའི་དོན་ལ་འཇུག་པ་དང་འདིས་བསྲུང་བར་བྱ་བའི་ཕྱིར་རོ། །ཕྱག་ན་རྡོ་རྗེ་དེ་གསང་བའི་བདག་པོས་སྨྲས་མ་ཐག་ཏུ་ཞེས་པ་ནས། རྫོགས་པའི་སངས་རྒྱས་དཔང་དུ་འགྱུར། །འཇིག་རྟེན་ཁམས་ན་བཞུགས་པ་ཞེས་པའི་བར་དུ་ཕྱག་

ན་རྡོ་རྗེ་རིག་པའི་རྒྱལ་པོ་འདི་སྨྲས་པའི་རྗེས་སུ་བསྔགས་པ་གསུངས་སོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས། ཆོས་རྣམས་མཚན་ཉིད་དེ་འདྲའོ། །ཞེས་པའི་བར་དུ་གོང་དུ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུངས་ཏེ། ཐེ་ཚོམ་དང་ཡིད་གཉིས་མེད་པར་ལམ་འདི་ཁྱེད་ཀྱིས་

སྒོམས་ཤིག་ཅེས་གདམས་པ་དེ་ཉིད་ཀྱི་དོན་ཏེ། ཕྱག་ན་རྡོ་རྗེ་ཇི་ལྟར་ཆུད་པ་ལྟར། བཅོམ་ལྡན་འདས་ལ་བསྙད་པ་སྟེ། ཆུད་པ་དེ་ཡང་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་སུ་ཆུད་དོ་ཞེས་གསུངས་པ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །བསམ་པ་རབ་ཏུ་རངས་མགུ་བ། །ཞེས་པ་ལ་སོགས་པ་སྟེ།

བདག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་ཞེས་པ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་གཡས་པ་བརྐྱང་སྟེ། སྤྱི་བོར་བཞག་ནས་བྱིན་གྱིས་བརླབས་ཞེས་པའོ། །ཆོས་དེ་དག་ནི་མཚན་ཉིད་མེད་དེ་ཞེས་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཚེས་

เล่ม ๖๙ · หน้า 196a

རྣམས་རང་བཞིན་གྱིས་འོད་གསལ་བ་ནི་མཚན་མ་དང་བྲལ་བའོ། །གནས་མེད་པ་ནི་ཕ་རོལ་པོ་རྣམས་ཀྱི་ཆ་ཤས་ཅན་ལ་སོགས་པ་ཀུན་གྱི་གནས་སུ་བརྟགས་པ་དེ་ཡོད་པ་མ་ཡིན་ཞེས་སོ། །ངོ་བོ་མ་ཡིན་ཞེས་བྱ་བ་ནི། བདག་དང་བདག་གི་རང་བཞིན་ཡོད་པ་མ་ཡིན་ཞེས་པའོ། །ལས་

དང་ཚེ་ལས་རྣམ་པར་བྲལ། །ཞེས་པ་ནི་ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུའི་རང་བཞིན་མེད་ཅེས་པ་སྟེ། དེ་ལྟར་རྒྱུ་དང་འབྲས་བུའི་རང་བཞིན་མེད་པས་ན། མཚན་ཉིད་མེད་པ་ཞེས་པ་ལ་སོགས་པའི་ཚིག་གོང་མ་དང་སྦྱར་རོ། །རྫོགས་པའི་སངས་རྒྱས་རང་བཞིན་ཞེས་པ་ནི། ཆོས་ཐམས་ཅད་དངོས་

པོ་ཡོད་པ་གང་ཡང་མ་ཡིན་ཏེ། འདུ་ཤེས་ཙམ་དུ་ཟད་དོ་ཞེས་པའོ། །མགོན་པོ་རྣམས་ཀྱི་ཐབས་ཀྱིས་ནི། །སྙིང་རྗེ་དབང་དུ་གྱུར་པས་སུ། །ཆུད་པར་བྱས་ནས་ཆུད་པར་བྱའོ། །ཞེས་པ་ནི་ཆོས་ཀྱི་མཚན་ཉིད་དེ་འདྲ་བ་ནི། བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་སྒོ་ནས་བྱིན་གྱིས་བརླབས་

པས་བདག་ཅག་གི་ཆུད་དོ་ཞེས་པའོ། །དེ་ལྟར་ཕྱག་ན་རྡོ་རྗེ་གསང་བའི་བདག་པོས་གླེང་པའི་ཚིགས་སུ་བཅད་པ་དེ་ཆེད་དུ་སྨྲས་ནས་ཞེས་པ་ནས། ལས་དང་སྐྱེ་བ་ལས་ཐར་པར་ནི། ཇི་ལྟར་སྔགས་པ་ནམ་ཞིག་འགྱུར། །ཞེས་པའི་བར་དུ་གསང་བའི་དཀྱིལ་འཁོར་བྲི་བ་དང་། དཀྱིལ་འཁོར་གསུམ་ཆར་གྱི་

ཆོ་གའི་ལྷག་མ་རྣམས་དྲིས་པ་སྟེ། སློབ་དཔོན་གྱི་ཏིང་ངེ་འཛིན་དང་དབང་བསྐུར་བའི་ཆོ་ག་རྣམས་མ་གཏོགས་པར་གཞན་ཐམས་ཅད་དཀྱིལ་འཁོར་གསུམ་ཆར་ཆོ་ག་མཐུན་པར་ཤེས་པར་བྱའོ། །སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོའི་དེའི་ཐེ་ཚོམ་བཅད་པ་དང་ཞེས་པ་ནི་དཀྱིལ་འཁོར་

གསུམ་ཆར་ཡང་སྙིང་རྗེ་ཆེན་པོ་ལས་བྱུང་བས་ན། གསང་བའི་དཀྱིལ་འཁོར་ལ་སྙིང་རྗེ་ཆེན་པོ་འབྱུང་བ་ཞེས་པའོ། །ཐེ་ཚོམ་བཅད་པ་ནི་འོག་ནས་འབྱུང་བའི་དོན་རྣམས་མ་བཤད་ན། ཆོ་ག་རྣམས་མ་རྫོགས་པས་མ་འོངས་པའི་འགྲོ་བ་རྣམས་ཐེ་ཚོམ་ཅན་དུ་འགྱུར་ཏེ། དེ་བས་ན་དེ་དག་གི་ཐེ་ཚོམ་

བཅད་པའི་ཕྱིར་ཞེས་པ་སྟེ། མ་འོངས་པའི་འགྲོ་བ་རྣམས་ལ་བརྟགས་ནས་ཞེས་པ་ལ་སོགས་པ་སྟེ་དངོས་ཀྱིས་གསུངས་པའོ། །དངོས་པོ་འདི་རྣམས་དྲིས་པའི་ལན་ནི། འོག་ནས་ཞིབ་ཏུ་འབྱུང་བས་ན། དེ་དང་སྦྱར་བར་བྱའོ། །ད་ནི་འོག་ཏུ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་བཤད་པའི་

เล่ม ๖๙ · หน้า 196b

སྐབས་ལ་བབ་སྟེ། དེ་ནས་སངས་རྒྱས་ཀུན་མཁྱེན་ལ་སོགས་པའོ། །ཕྱག་ན་རྡོ་རྗེས་དྲིས་པ་རྣམས་ཀྱང་བཅོམ་ལྡན་འདས་ཀྱིས་སྤྱིར་བསྡུས་ཏེ། རྣམ་པ་གསུམ་དུ་བྱས་ནས་གསུངས་པ། གསང་བའི་དཀྱིལ་འཁོར་བྲི་བ་དང་། །ལྷ་རྣམས་དགོད་པའི་གནས་ཀྱང་ནི། །སྙིང་རྗེ་ཆེན་པོའི་རྩ་ལས་

བྱུང་། །ཐེག་པ་ཆེན་པོའི་གནས་མཆོག་སྟེ། །སངས་རྒྱས་ཀུན་གྱི་གསང་ཆེན་པོ། །ཁྱོད་ཀྱིས་ཀུན་ཀྱང་དྲིས་པ་ནི། །མདོ་རུ་ཡང་ནི་བསྟན་པར་བྱའོ། །ཞེས་པ་སྟེ། དེ་ལ། ལྷ་རྣམས་དགོད་པའི་གནས་ཀྱང་ནི། །ཞེས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་བྱེ་བྲག་དང་། ལྷ་དེ་

རྣམས་ཀྱི་ཁ་དོག་ལ་སོགས་དྲིས་པ་དང་། ལྷ་རྣམས་ཀྱི་གནས་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་བརྟགས་པ་ལ་སོགས་བརྟག་པ་དང་། དེ་དག་མདོར་བསྡུས་ཏེ་གསུངས་པའོ། །ཐེག་པ་ཆེན་པོའི་གནས་མཆོག་དེ། །ཞེས་པ་ནི་སྔགས་པ་བྱང་ཆུབ་སེམས་དཔའ་དང་ཐམས་ཅད་མཁྱེན་

པར་ཇི་ལྟར་འགྱུར། བདེན་པ་ཐོབ་པ་ཇི་ལྟར་ཞེས་པ་དྲིས་པ་དེ་དག་བསྡུས་ཏེ་གསུངས་པ་སྟེ། ཚིག་དེ་དག་ནི་བྱང་ཆུབ་ཏུ་གཞོལ་བའི་ཚིག་པས་ཐེག་པ་ཆེན་པོའི་ལམ་མཆོག་ཅེས་བྱའོ། །གཞན་རྣམས་ཀྱང་ཐེག་པ་ཆེན་པོའི་ཚིག་ཡིན་མོད་ཀྱི། གཞན་པས་འདི་ཉེ་ཞིང་གཙོ་བོའི་ཕྱིར་རོ། །དེ་གཉིས་

ལས་གཞན་པ་སློབ་དཔོན་གྱི་མཚན་ཉིད་དང་། ཚོན་འགྱེད་པ་ལ་སོགས་པ་ཇི་སྲིད་དྲིས་པ་དེ་དག་ཐམས་ཅད་གསང་བའི་དཀྱིལ་འཁོར་བྲི་བ་ཞེས་པའི་ནང་དུ་འདུས་པར་རིག་པར་བྱའོ། །དེ་ལ་སྐབས་འདིར་གསང་བའི་དཀྱིལ་འཁོར་ཞེས་པ་ནི་དཀྱིལ་འཁོར་གསུམ་ཆར་གྱི་ཆོ་ག་སྤྱིར་དྲིས་པའི་དངོས་པོ་དེ་

དག་ཉིད་ཆེན་པོ་འབྱུང་བའི་རྒྱུ་ཞེས་པའོ། །དམ་ཚིག་ཅན་མ་ཡིན་པ་ལས་མི་བསྟན་པས་གསང་ཞེས་བྱའོ། །གཞན་ནི་གོང་དུ་སྨོས་པ་བཞིན་ནོ། །འབྱུང་བ་ཆེན་པོ་ཞེས་གོང་དུ་དྲིས་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཤེ་དག་དྲིས་པའི་དངོས་པོ་དེ་དག་ཉིད་ཆེན་པོ་འབྱུང་བའི་རྒྱུ་ཞེས་བྱའོ། །

སྙིང་རྗེ་ཆེན་པོ་རྩ་ལས་འབྱུང་། །ཞེས་པ་ནི་དཀྱིལ་འཁོར་དེ་དག་སྙིང་རྗེ་ཆེན་པོ་ལས་བྱུང་བས། དེའི་ཡོ་བྱད་དྲིས་པའི་དངོས་པོ་དེ་དག་སྙིང་རྗེ་ཆེན་པོའི་རྩ་ལས་འབྱུང་ཞེས་བྱའོ། །སངས་རྒྱས་རྫོགས་པའི་གསང་ཆེན་པོ། །ཞེས་པ་ནི་ཐེག་པ་ཆེན་པོའི་གནས་མཆོག་དེ་དག་ལ་སོགས་པ་སྣོད་མ་ཡིན་

เล่ม ๖๙ · หน้า 197a

པའི་སེམས་ཅན་རྣམས་ལ་མི་བཤད་པས་གསང་བ་ཆེན་པོ་ཞེས་བྱའོ། །དཀྱིལ་འཁོར་གྱི་ནི་ཐོག་མ་རུ། །ཞེས་པ་ནས། སོ་སོའི་ལས་ལ་འདོད་བཞིན་དུའོ། །ཞེས་པའི་བར་དུའོ་ཞེས་པ་དཀྱིལ་འཁོར་བྲི་བའི་སྔོན་རོལ་དུ། སློབ་དཔོན་གྱིས་བདག་དང་སློབ་མ་བསྲུང་བ་ལ་

སོགས་པའི་ལས་བྱས་པའི་སྔགས་རྣམས་ལ་ཡུན་དུ་བསྙེན་པ་བྱས་ནས། སོ་སོའི་ལས་ལ་སྦྱར་རོ་ཞེས་གསང་བའི་རྒྱུད་ལ་སོགས་པ་ནས་འབྱུང་སྟེ། དེའི་ཕྱིར་རིག་པའི་རྒྱལ་པོའི་དཀྱིལ་འཁོར་བྲི་བའི་སྔོན་རོལ་དུ་བཟླས་པ་བྱ་སྟེ། མཚན་མ་བྱུང་བའི་བར་དུ་བཟླས་ན། དེ་དག་ཐམས་ཅད་

མཚན་མ་བྱས་པར་འགྱུར་རོ། །འདིའི་མཚན་མ་ཡང་དཀྱིལ་འཁོར་གྱི་ལྷག་མར་གནས་པ་ན། སྔགས་པའི་རྨི་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་བྲི་བའི་ལས་རྩོམ་པ་མཐོང་ན་ཞེས་པ་དང་སྦྱར་རོ། །ཡན་ལག་བཅུ་གཉིས་ཚིག་ལས་བྱུང་། །ཞེས་པ་ནི་ཡིག་འབྲུ་ཡན་

ལག་བཅུ་གཉིས་སྔགས་ཚིག་ཏུ་གྱུར་པ་ལ་ཡང་བྱ། གཉིས་སུ་ན་ཡི་གེ་འབྲུ་བཅུ་གཉིས་ལས། དོན་དམ་པའི་མཚན་ཉིད་དུ་ཆུད་པར་འགྱུར་བ་ལ་ཡང་བྱ་སྟེ། ཡན་ལག་ཅེས་པ་ནི་ཡི་གེ་འབྲུའོ། །པད་ཅེས་པ་ནི་ཆུད་པ་ལ་བྱའོ། །རིག་པའི་རྒྱལ་པོ་སྟོབས་ཆེན་པོ། །ཞེས་པ་ནི་དོན་དམ་པར་

ཀྱང་སྟོང་པ་ཉིད་ཀྱི་རང་བཞིན་སྟོན་པར་བྱེད་པ་དང་། ཀུན་རྫོབ་ཏུ་ཡང་སྤྲུལ་པ་ལ་སོགས་པ་བྱེད་པས་ན་མཐུ་ཆེ་བའོ། །དེ་ནས་རིམ་གྱིས་བཟླས་པར་བྱ། །ཞེས་པ་ནི་རྩ་བ་དང་སྙིང་པོ་དང་ཉེ་བའི་སྙིང་པོའི་རིམ་བཞིན་བཟླས་ཞེས་པ་སྟེ་ཚིག་བཅུ་གཉིས་པོ་ཚང་བར་བཟླས་ཞེས་པའོ། །རང་གི་ཏིང་

འཛིན་ལ་གནས་ཏེ། །ཞེས་པ་ནི་སློབ་དཔོན་རང་གི་ཏིང་ངེ་འཛིན་ལ་རིགས་གསུམ་གྱི་སྙིང་པོ་གནས་གསུམ་དུ་བཞག་པ་དང་། དཔའ་པོ་ཆེན་པོའི་སྙིང་པོ་གནས་ལྔར་དགོད་པ་དང་། ཡན་ལག་ཐམས་ཅད་དུ་ཡི་གེ་དགོད་པ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས་བཟླས་པར་བྱའོ་ཞེས་པའོ། །ཇི་

ལྟར་རིམ་པའི་ཚུལ་ཤེས་ནས། །སོ་སོའི་ལས་ལ་འདོད་བཞིན་དུའོ། །ཞེས་པ་དེ་ལྟར་རིམ་པ་དང་སྔོན་དུ་བསྙེན་པ་བྱས་ནས། བདག་དང་། གནས་དང་། སློབ་མ་སྲུང་བ་ལ་སོགས་པའི་སྔགས་རྣམས་ཇི་ལྟར་རིམ་པར་སྦྱར་རོ་ཞེས་པ་སྟེ། རིག་པའི་རྒྱལ་པོ་འདི་སྔོན་དུ་བསྙེན་པ་བྱ་བ་ཡང་དཀྱིལ་

เล่ม ๖๙ · หน้า 197b

འཁོར་གསུམ་དུ་སྦྱར་བར་ཤེས་པར་བྱའོ། །སློབ་དཔོན་གཉིས་སུ་ཤེས་པར་བྱ། །ཞེས་པ་ནས། སངས་རྒྱས་རྐང་གཉིས་གཙོ་བོས་སོ། །ཞེས་པའི་བར་དུ་སློབ་དཔོན་གྱི་མཚན་ཉིད་དང་བྱེ་བྲག་བཤད་པ་སྟེ། དེ་འང་སྤྱིའི་མཚན་ཉིད་དང་བྱེ་བྲག་བཤད་པ་སྟེ། དེ་ལ་སྤྱིའི་མཚན་ཉིད་ནི།

ཐེག་པ་གསུམ་འབྱེད་མཁས་པ། བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞེས་པ་ལ་སོགས་པ་སྔར་བཤད་ཟིན་ཏོ། །འདིར་ནི་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དང་། དམིགས་པ་ཅན་གྱི་བྱེ་བྲག་བཤད་པ་སྟེ་དེ་བས་ན། དེ་ཡི་མཚན་མ་རྟོགས་པར་བྱ། །ཟབ་མོ་དང་ཡང་བ་ཡིན་ཞེས་པ་ལ་མོས་པའོ། །

ཕྱག་རྒྱ་སྔགས་རྒྱུད་རྟོགས་པ་སྟེ། །ཞེས་པ་ནི་སློབ་དཔོན་གཉིས་ཀྱི་སྤྱིའི་མཚན་ཉིད་དེ་ཕྱག་རྒྱ་དང་སྔགས་རྣམས་གཞུང་ལས་ཇི་སྐད་བཤད་པ་བཞིན་ཤེས་པ་ཞེས་པའོ། །ཟབ་སྟེ་རྒྱ་ཆེར་ཤེས་པར་བྱ། །ཞེས་པ་ནས། མཐོང་བའི་ཆོས་ནི་རྣམ་པར་སྤང་བའོ། །ཞེས་པའི་བར་དུ་ཟབ་ཅིང་

རྒྱ་ཆེ་བ་ལ་མོས་པའི་སློབ་དཔོན་གྱི་བྱེ་བྲག་སྟེ་ཟབ་པ་ནི་སྟོང་པ་ཉིད་དམིགས་སུ་མེད་པ་ལ་མོས་པས། དེའི་སེམས་ཀྱི་རྒྱུད་སུས་ཀྱང་རིག་པར་མི་ནུས་ཏེ་དཔག་དཀའ་ཞེས་པའོ། །རྒྱ་ཆེན་པོའི་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའི་རང་བཞིན་ལྟ་བུར་ཆུད་པའོ། །ཀུན་རྫོབ་ཏུའང་སྒྱུ་

མ་དང་སྨིག་རྒྱུ་ལྟ་བུར་ཤེས་ནས། མཆོད་པ་ལ་སོགས་པ་རྒྱ་ཆེན་པོར་སྦྱོར་བའོ། །སེམས་ཅན་རྣམས་ལ་ཡིད་མི་ཆེས་པ་ནི་སེམས་ཅན་རྣམས་དང་། སྤྱོད་ལམ་མི་མཐུན་པས་གཅིག་ལ་གཅིག་ཡིད་མི་རྟོན་པའོ། །སངས་རྒྱས་རྣམས་ཀྱི་སྲས་མཆོག་སྟེ། །ཞེས་པ་ནི་སངས་རྒྱས་

ཀྱི་སྤྱོད་པ་དང་རྗེས་སུ་མཐུན་པའི་ཕྱིར་ཏེ། འཇིག་རྟེན་ན་ཡང་བའི་སྤྱོད་པ་དང་མི་འགལ་བར་སྤྱོད་པ་ནི་བེའུ་མཆོག་ཅེས་བྱའོ། །མཐོང་བའི་ཆོས་ནི་རྣམ་པར་སྤང་བའོ། །ཞེས་པ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་ཆོས་རྣམས་ལ་མ་ཆགས་པའོ་ཞེས་པའོ། །གཉིས་པོ་ད་ལྟར་ཡིས་ནི་ཞེས་པ་ནས།

སངས་རྒྱས་རྐང་གཉིས་གཙོ་བོས་སོ། །ཞེས་པའི་བར་དུ་དམིགས་པ་ཅན་གྱི་སློབ་དཔོན་གྱི་བྱེ་བྲག་སྟེ། མཐོང་བ་ཡི་ནི་ཆོས་ཀྱིས་སུ། །མོས་ནས་དམིགས་པར་འགྱུར་བ་སྟེ། །ཞེས་པ་ནི་ཉན་པ་དང་བསམ་པའི་ཤེས་རབ་ཀྱིས་སྔགས་ཀྱི་རྒྱུད་ལ་སོགས་པ་ཐོས་ཤིང་། བསམ་པ་སྟོང་པའི་རང་བཞིན་

เล่ม ๖๙ · หน้า 198a

དུ་མོས་སུ་ཟིན་ཀྱང་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་བྱ་བར་མི་ནུས་པས། ཕྱི་རོལ་གྱི་སྤྱོད་པ་རྣམས་ལ་མོས་པར་འགྱུར་ཏེ། དེ་འཇིག་རྟེན་གྱི་དཀྱིལ་འཁོར་ཚོན་ལ་སོགས་པས་བྲི་བར་བཅོམ་ལྡན་འདས་ཀྱིས་དབང་བསྐུར་ཞིང་ལུང་སྩལ་ཏོ་ཞེས་པའོ། །འཇིག་རྟེན་གྱི་དཀྱིལ་

འཁོར་ཞེས་པ་ནི་ཚོན་ལ་སོགས་པས་བྲིས་ནས་འཇིག་རྟེན་པ་རྣམས་ཀྱི་ལྟ་བའི་སྤྱོད་ཡུལ་དུ་གྱུར་པས་འཇིག་རྟེན་གྱི་དཀྱིལ་འཁོར་ཞེས་བྱའི་མུ་སྟེགས་པ་ལ་སོགས་པའི་དཀྱིལ་འཁོར་ལ་ནི་མི་བྱའོ། །དེ་བས་ན་སློབ་དཔོན་དམིགས་པ་ཅན་གྱིས་ཕྱི་རོལ་གྱི་ཚོན་ལ་སོགས་པས་དཀྱིལ་འཁོར་བྲི་བར་

དབང་བསྐུར་གྱི། སེམས་ཀྱི་དབང་དུ་མི་འགྱུར་བས་ཡིད་ཀྱིས་དཀྱིལ་འཁོར་བྲི་བས་ནི་དབང་མི་བསྐུར་རོ། །ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སློབ་དཔོན་དེ་ནི་ཕྱིའི་དཀྱིལ་འཁོར་དང་། ནང་གི་དཀྱིལ་འཁོར་གཉིས་ཀ་བྲི་བར་དབང་བསྐུར་ཏེ་ཕྱི་རོལ་གྱི་སྤྱོད་པ་རྣམས་ལ་མི་ཆགས་ཤིང་། སེམས་ཀྱི་

དབང་དུ་གྱུར་པས་ནང་གི་དཀྱིལ་འཁོར་བྲི་བར་དབང་བསྐུར་རོ། །སློབ་མ་རྣམས་ཀྱི་ཡིད་དང་སྦྱར་བའི་ཕྱིར་ཕྱི་རོལ་གྱི་དཀྱིལ་འཁོར་ཡང་བྲི་བར་གསུངས་སོ། །སློབ་མ་རྣམས་རིག་བྱ་ཞེས་པ་ནས། སློབ་མ་དེ་ནི་རྒྱལ་བའི་མཆོག །ཅེས་བྱ་བའི་བར་དུ་སློབ་མའི་བྱེ་བྲག་བཤད་པ་སྟེ་དུས་དང་དུས་མ་ཡིན་

པར་དབྱེ་བ་ཞེས་པ་ནི་སྤྱིར་སློབ་མ་རྣམ་པ་བཞི་སློབ་མ་ཁ་ཅིག་སྔགས་ཀྱི་རྒྱུད་ལ་སོགས་པ་ཐོས་ཤིང་ཤེས། བྱང་ཆུབ་ཀྱི་སེམས་ཀྱང་བསྒོམས་པས་ནི་དཀྱིལ་འཁོར་དུ་བཅུག་པ་ཉིད་ཀྱི་ཚེ་ན་བསྒྲུབ་པར་དབང་བསྐུར། བྱང་ཆུབ་ཀྱི་སེམས་དང་མི་ལྡན་པས་ཀྱང་སློབ་དཔོན་དམིགས་པ་ཅན་གྱི་མཚན་ཉིད་

དང་ལྡན་ན་དེ་ཉིད་ཀྱི་ཚེ་ན་སློབ་དཔོན་དུ་དབང་བསྐུར་བར་བྱ་སྟེ། དེ་དག་ནི་གཅིག་ནི་དེའི་དུས་ན་བསྒྲུབ་ཅེས་པའོ། །གཅིག་ནི་སྔགས་ཀྱི་རྒྱུད་ལ་སོགས་པ་ཐོས་ཤིང་ཤེས་ཀྱང་བྱང་ཆུབ་ཀྱི་སེམས་མ་བསྒོམས་ན་བསྒྲུབ་པར་མི་རུང་སྟེ། དེར་དཀྱིལ་འཁོར་དུ་བཅུག་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་

ཐབས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་གོམས་པར་གྱུར་ན། ཕྱིས་སྒྲུབ་པར་དབང་བསྐུར་བར་བྱ་བ་ནི་གཉིས་པོའི་དུས་ན་བསྒྲུབ་པའོ། །དེ་བཞིན་དུ་སློབ་དཔོན་དུ་དབང་བསྐུར་ན་ཡང་སྔར་སྔགས་ཀྱི་རྒྱུད་ལ་སོགས་པ་ནི་མི་ཤེས་ན། དེར་དབང་མི་བསྐུར་བར་སྔགས་ཀྱི་རྒྱུད་ལ་སོགས་པ་རྫོགས་པར་

เล่ม ๖๙ · หน้า 198b

སློབ་ཏུ་བཅུག་སྟེ་སློབ་དཔོན་གྱི་མཚན་ཉིད་དང་ལྡན་ན། སློབ་དཔོན་དུ་དབང་བསྐུར་བ་ནི་གཉིས་པོའི་དུས་ན་བསྒྲུབ་པའོ། །དེ་ཁ་ཅིག་སྔ་ནས་ཀྱང་རྒྱུད་ལ་སོགས་པ་མི་ཤེས་ཤིང་བྱང་ཆུབ་ཀྱི་སེམས་ཀྱང་མ་བསྒོམས། ཕྱིས་ཀྱང་མི་སློབ་ལ། སྒོམ་པར་མི་འགྱུར་བའི་ཕྱིར་དཀྱིལ་འཁོར་དུ་

གཟུད་པ་ཙམ་ཡིན་གྱི་དུས་གཉིས་ཀར་ཡང་སློབ་དཔོན་དང་། བསྒྲུབ་པར་དབང་མི་བསྐུར་བ་ནི་གཉིས་ཀར་མ་ཡིན་ཞེས་པའོ། །མཚན་རྣམས་ཀུན་ནི་རྫོགས་པའོ། །སློབ་མ་དེ་ནི་རྒྱལ་བའི་མཆོག །ཅེས་པ་ནི་རྒྱུད་ལ་སོགས་པ་ཡང་རྫོགས་པར་ཤེས། བྱང་ཆུབ་ཀྱི་སེམས་ཀྱང་ཚུལ་

བཞིན་དུ་བསྒོམས། འགའ་ཞིག་བསོད་ནམས་སྤེལ་བའི་ཕྱིར་དཀྱིལ་འཁོར་དུ་ཞུགས་པ་དེ་ཡང་སློབ་མའི་གྲངས་སུ་ཡང་གཏོགས་ཏེ། དེ་ནི་དབང་ལ་སོགས་པ་བསྐུར་བས་འདིར་དབང་ལ་སོགས་པ་གདོད་བསྐུར་མི་དགོས་ཏེ། དེ་ནི་མཚན་རྣམས་ཀུན་རྫོགས་པ། །ཞེས་བྱའོ། །ད་

ནི་ཐོག་མར་རིག་བྱ་བ། །ཞེས་པ་ནས། དེ་བས་རྟོག་པ་རྣམས་སྤངས་ལ། །ས་ཀུན་ཡང་ནི་སྦྱང་བར་བྱའོ། །ཞེས་པའི་བར་དུ་ས་སྦྱང་བར་བཤད་པ་སྟེ། ས་ལ་ཕྱི་ནང་གི་རྣམ་པ་གཉིས་ཏེ། དེ་ལ་ཕྱིའི་ས་སྦྱང་བ་ནི་སྔར་བཤད་ཟིན་ཏོ། །འདིར་ནི་ནང་གི་ས་སྦྱང་བར་བཤད་དེ། སེམས་ཀྱི་

ས་ཞེས་བྱ་བ་ཡིན། །ཞེས་པའོ། །སྦྱང་བ་སྔོན་དུ་བཤད་པ་སྟེ། །ཞེས་པ་ནི་སྔར་བྱང་ཆུབ་ཀྱི་སེམས་རང་གི་སེམས་ཇི་ལྟ་བུ་ཉིད་དུ་ཤེས་པ་སྟེ་ཁ་དོག་ཏུ་ཡང་མ་ཡིན། དབྱིབས་སུ་ཡང་མ་ཡིན་ཞེས་པ་ནས་རྣམ་པ་ཐམས་ཅད་དུ་བཙལ་ཀྱང་མི་རྙེད་དོ་ཞེས་པ་ལ་སོགས་པའི་བར་དུ་སྟེ་དེའི་ཚུལ་དུ་

ཏིང་ངེ་འཛིན་དག་པ་དང་ཇི་བཞིན་པ་ཐམས་ཅད་སྤངས་པ་དང་། རྣམ་རྟོག་དང་བྲལ་བས་ན་སེམས་ཀྱི་དྲི་མ་དག་པ་སྟེ། དེ་ལྟར་དག་པར་བྱས་ནས་ཕྱི་རོལ་གྱི་དཀྱིལ་འཁོར་རམ་ནང་གི་དཀྱིལ་འཁོར་གང་ཡང་རུང་བ་བྲི་བར་བྱའོ་ཞེས་པའོ། །དེ་ཡིས་ནི་ཡོངས་སུ་སྦྱང་བ་ཞེས་པ་ནི་སྔར་བྱང་ཆུབ་ཀྱི་

སེམས་སྦྱང་བ་བཤད་པ་སྟེ། སེམས་ཀྱིས་སྦྱང་བར་བྱའོ་ཞེས་པའོ། །ནམ་ཞིག་ཉེས་དང་བྲལ་བ་ནི། །མི་འཇིགས་པ་ནི་སེམས་ཀྱིས་ཞེས་པ་ནི་ཇི་ལྟར་ཕྱི་རོལ་གྱི་སའི་ཉེས་པ་རུས་པ་དང་རྡོ་བ་ལ་སོགས་པ་མེད་པ་བཞིན་དུ། འདིར་ནི་རྣམ་པར་རྟོག་པ་ལ་སོགས་པ་དང་འདོད་ཆགས་ལ་སོགས་

เล่ม ๖๙ · หน้า 199a

པའི་ཉོན་མོངས་པ་རྣམས་དང་བྲལ་ན་བགེགས་ལ་སོགས་པས་སྐབས་མི་རྙེད་པས་མི་འཇིགས་པ་ཞེས་བྱའོ། །དེ་བས་ན། གསུངས་པ་དེ་ནི་དག་པ་སྟེ། །ཉེས་པ་ཀུན་དང་བྲལ་བའོ། །ཞེས་པའོ། །དེ་བས་འདི་ལྟར་རིག་པར་བྱ། །ཞེས་པ་ནས། རྟོག་པ་སྡུག་བསྔལ་རྒྱུད་

འགྱུར་བའོ། །ཞེས་པའི་བར་དུ་ཕྱི་རོལ་གྱི་ས་རྣམས་སྦྱང་བ་ཡང་བྱང་ཆུབ་ཀྱི་སེམས་དང་མི་ལྡན་པར་རྟོག་པ་ལ་གནས་ཏེ་སྦྱོང་བ་ནི་མི་དབང་ངོ་ཞེས་པ་སྟེ། དེ་ལས་གཞན་ཡང་ནི་ཞེས་པ་གོང་གི་སྦྱང་བ་ལས་གཞན་པ་སྟེ་ཕྱིའི་ས་ལ་བྱའོ། །སྔགས་མཁན་རྟོག་པ་ལ་གནས་ཏེ། །ཞེས་པ་ནི་ཕུང་པོ་དང་

ཁམས་དང་སྐྱེ་མཆེད་ལ་སོགས་པའི་དངོས་པོར་ཡོད་པར་རྟོགས་ཏེ་སྦྱང་བར་བྱ་བའི་ས་དང་། རུས་པ་ལ་སོགས་པའི་ཉེས་པ་ཡང་དངོས་པོ་ཡོད་པར་རྟོག་ཅིང་ས་དེ་སྦྱང་ན། དེ་བྱང་ཆུབ་སེམས་དང་མི་ལྡན་པས་དེ་དག་པར་འགྱུར་བ་མ་ཡིན་ཞེས་པ་སྟེ། དེ་བས་ན་གསུངས་པ་དེ་བས་རྣམ་པར་སྤངས་

པ་ལ་སོགས་པ་ཕྱི་རོལ་གྱི་སྦྱང་བ། རྒྱ་ཆེར་བཤད་པ་དེ་ཡང་རྟོག་པ་འབའ་ཞིག་གནས་ནས་སྦྱང་བ་ངས་བཤད་པ་ནི་བྱང་ཆུབ་ཀྱི་སེམས་སྔོན་དུ་བར་ས་དེ་སྦྱང་བར་བཤད་པ་སྟེ། བྱང་ཆུབ་ཀྱི་སེམས་སྔོན་དུ་བ་ཡང་ནི་སློབ་དཔོན་གྱི་མཚན་ཉིད་སྨོས་པ་ཉིད་ན་སློབ་དཔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

ཚུལ་ལ་མཁས་པ་ཐེག་པ་གསུམ་འབྱེད་མཁས་པ་ཞེས་པ་ལ་སོགས་པ་སྨོས་པས་བྱང་ཆུབ་ཀྱི་སེམས་སྔོན་དུ་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་མཁས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ལ་མཁས་པར་མངོན་ནོ། །ཐེག་པ་གསུམ་འབྱེད་མཁས་པ་ཡང་གང་ཟག་དང་ཆོས་ལ་

བདག་མེད་པའི་བྱེ་བྲག་ལ་མཁས་པས་སྟོང་པ་ཉིད་ལ་མཁས་པར་མངོན་ཏེ། དཀྱིལ་འཁོར་གྱི་ལས་འདི་རྣམས་ཐམས་ཅད་ཀྱང་སློབ་དཔོན་གྱི་བྱ་བ་བྱས་པས་སློབ་དཔོན་དེ་ལྟ་བུ་དང་ལྡན་པས་ས་སྦྱང་བར་བྱ་ན་རྟོག་པ་འབའ་ཞིག་ལ་མི་གནས་ཀྱི་བྱང་ཆུབ་ཀྱི་སེམས་དང་ལྡན་པར་འཇིག་རྟེན་པ་རྣམས་

ཀྱི་སེམས་དང་སྦྱར་བའི་ཕྱིར། ཕྱི་རོལ་གྱི་ས་རྣམས་སྦྱང་བར་བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་བཤད་པ་དེའི་དགོངས་པ་དེ་མ་མོས་པ་རྣམས་ཀྱིས་ཤེས་པར་མི་འགྱུར་བ་ཞེས་པའོ། །གང་གིས་དེ་ལྟ་བུའི་རྟོག་པ་མ་སྤངས་པ་དེ་ནི་སངས་རྒྱས་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྱུར་རོ་ཞེས་བྱ་སྟེ།

เล่ม ๖๙ · หน้า 199b

དེ་བས་ན་གསུངས་པ། འཇིག་རྟེན་དུ་ན་སངས་རྒྱས་མ་ཡིན་ཞེས་པ་ལ་སོགས་པ། བྱང་ཆུབ་སེམས་ཀྱིས་སྦྱང་བ་རུ། །སློབ་མ་རྣམས་ལ་ནན་ཏན་བྱ། །ཞེས་པ་ནི་སློབ་མ་སྦྱང་བ་སྟེ། དེ་ཡང་སྨོན་ལམ་གྱི་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་སྦྱང་བར་བྱ་སྟེ།

འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སྔར་བསྒོམས་ན་དེ་ཡང་སྦྱང་བ་སྟེ། ཕྱིས་དཀྱིལ་འཁོར་དུ་འཇུག་ཀར་སྨོན་ལམ་གྱི་བྱང་ཆུབ་ཀྱི་སེམས་སྦྱིན་པ་དང་གཉིས་ཀྱིས་ས་སྦྱང་བའོ། །དེ་སྟེ་སྔར་འཇུག་པའི་བྱང་ཆུབ་ཀྱི་སེམས་གོམས་པར་མ་བྱས་ན་དཀྱིལ་འཁོར་དུ་འཇུག་པའི་ཚེ་སྨོན་ལམ་གྱི་བྱང་

ཆུབ་ཀྱི་སེམས་བྱིན་ལ་ཕྱིས་འཇུག་པའི་བྱང་ཆུབ་ཀྱི་སེམས་སྒོམ་དུ་གཞུག་པ་སྟེ། དེ་ནི་སློབ་མ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་སྦྱང་བའོ། །སྲུང་བ་མི་གཡོ་མགོན་པོ་སྟེ། །ཡང་ཁམས་གསུམ་རྣམས་བརྟུལ་བས་ཞེས་པ་ནི་སློབ་མ་རྣམས་ཀྱི་སྲུང་བ་སྟེ། སློབ་མ་རྣམས་ཐོག་མར་ནང་དུ་འོང་བའི་

ཚེ་སྲུང་བ་དང་ལྷག་པར་གནས་པའི་ཚེ་སྲུང་བ་ལ་སོགས་པ་ཐམས་ཅད་འདི་གཉིས་གང་ཡང་རུང་བས་བསྲུང་ཞེས་པའོ། །སློབ་མ་ནམ་ཞིག་མི་གཡོ་བ། །དམིགས་པ་རྣམས་ཀྱིས་ནམ་ཡང་རུང་། །དེ་ཚེ་ཡོངས་སུ་དག་པ་སྟེ། །ནམ་མཁའ་དྲི་མ་མེད་པའོ། །ཞེས་པ་ནི་སློབ་མ་དག་པའི་མཚན་

ཉིད་གསུངས་པ་སྟེ། དེ་ཡང་ནམ་སློབ་མ་དེ་སྦྱོར་བ་ལ་གནས་པའི་ཚེ་ཏིང་ངེ་འཛིན་དག་པ་དང་། རྣམ་པར་རྟོག་པ་སྤངས་པ་དང་ཇི་བཞིན་པ་ཉིད་དང་བྲལ་བ་སྟེ་དགེ་བ་དང་མི་དགེ་བ་གཉིས་ཀ་ལ་དམིགས་པས་མ་གཡོས་པ་དང་། སྦྱོར་བ་ལས་ལངས་ནས་ཡང་མཆོད་པ་ལ་སོགས་པའི་དགེ་

བ་ནི་སྤྱོད་ཀྱི། འདོད་ཆགས་ལ་སོགས་པའི་ཡུལ་ལ་དམིགས་པས་མི་གཡོ་བར་གྱུར་ན་དེ་དག་པའི་མཚན་ཉིད་ཅེས་པའོ། །དྲི་མེད་ནམ་མཁའ་འདྲའོ་ཞེས་པ་ནི། ཇི་ལྟར་ནམ་མཁའ་ཅིས་ཀྱང་མ་བསྡུས་པའི་ཚེ། རང་བཞིན་གྱིས་དངས་པ་དང་། གློ་བུར་གྱི་སྤྲིན་ལ་སོགས་པས་ཆོད་ན་

ཡང་ནམ་མཁའ་རང་བཞིན་དག་པ་སྟེ། དེ་ཉམས་པར་མི་འགྱུར་བ་བཞིན་དུ་འདི་ཡང་ཏིང་ངེ་འཛིན་ལ་གནས་པའི་ཚེ། དགེ་བ་དང་མི་དགེ་བ་གཉིས་ལ་རྟོག་པའི་དྲི་མ་མེད་པ་དང་། ཏིང་ངེ་འཛིན་ལས་ལངས་པའི་ཚེ་མཆོད་པ་ལ་སོགས་པའི་སྤྱོད་པ་བྱེད་ཀྱང་སྒྱུ་མ་ལ་སོགས་པའི་རང་བཞིན་དུ་

เล่ม ๖๙ · หน้า 200a

བྱེད་དེ་དངོས་པོ་ཡོད་པར་རྟོག་པའི་དྲི་མས་མི་གོས་པའི་ཕྱིར་རོ། །བྱིན་གྱིས་བརླབ་པ་དང་པོ་སྟེ། །ཡོངས་སུ་དག་ཅེས་བྱ་བ་ཡིན། །གཉིས་པོ་སེམས་ཀྱི་དབང་གིས་ཏེ། །གཞན་གྱིས་སུ་ནི་མ་ཡིན་ནོ། །ཞེས་པ་ནི་སྔར་སྙིང་རྗེ་ཆེན་པོས་ས་ཡོངས་སུ་གཟུང་བའི་ཚེ་དཀྱིལ་འཁོར་

གྱི་ས་སྦྱངས་པ་དེར། སངས་རྒྱས་ལྔ་བསམ་པ་ལ་སོགས་པ་གསུངས་པ་དེ་ཉིད་འདིར་གླེང་སྟེ། རིམ་དུ་བཤད་པ་སྟེ། དཀྱིལ་འཁོར་གྱི་ས་དེ་དང་པོར་སངས་རྒྱས་བཅོམ་ལྡན་འདས་རྣམས་དེར་བསམས་ནས་བྱིན་གྱིས་བརླབ། དེའི་འོག་ཏུ་སེམས་ཀྱིས་བདག་གི་བར་གཟུང་། དེའི་འོག་ཏུ་སྔགས་

ཀྱིས་བསྲུང་བ་སྟེ་དེ་གསུམ་གྱིས་ཡོངས་སུ་གཟུང་གི་དེ་ལས་གཞན་དུ་མ་ཡིན་ཞེས་པའོ། །སྲད་བུ་རྣམ་པ་བཞིར་བཤད་དེ། །ཞེས་པ་ནས། ལྔ་པོ་ནམ་མཁའ་འདྲ་བར་བཤད། །ཅེས་པའི་བར་དུ་ནི་སྔར་ཚོན་ལྔའི་སྲད་བུ་ཞེས་སྤྱིར་བཤད་པ་སྟེ། ཚོན་སྣ་ལྔ་གང་ཡིན་པ་འདིར་མིང་གིས་སྨོས་པ་

གསལ་བར་བཤད་པའོ། །བར་སྣང་ལ་ནི་བཟུང་ནས་སུ། །དེ་ཡང་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་ནི་དཀྱིལ་འཁོར་སྔ་མ་ལ། ལྟེ་བའི་ཐད་ཀར་སྲད་བུ་གཟུང་། །ཞེས་སྤྱིར་གསུངས་ཀྱི་དཀྱིལ་འཁོར་གར་བྲི་བར་མ་བཤད་དེ། དེ་ཉིད་གསལ་བར་གསུངས་པ། བར་སྣང་ལ་སྲད་བུ་བཟུང་ནས་

བར་སྣང་དེར་དཀྱིལ་འཁོར་བྲི་ཞེས་པའོ། །སྲད་བུ་གཉིས་པ་དེ་ཡིས་ནམ། །ས་ལ་དཀྱིལ་འཁོར་བྲི་བར་བྱའོ། །ཞེས་པ་ནི་སྔར་སྲད་བུ་གཉིས་པོ་བླངས་ནས་ཁ་ཤར་ཕྱོགས་སུ་བལྟ་ཞེས་པ་ལ་སོགས་པའི་སྤྱིར་སྨོས་ཀྱི། དཀྱིལ་འཁོར་ཉིད་གར་བྲི་བཞིན་དུ་མ་བཤད་དེ། དེ་ཉིད་ལ་གསལ་བར་

གསུངས་པ། བར་སྣང་ལ་བྲི་ཞེས་པའི་འོག་ཏུ་སྲད་བུ་གཉིས་པ་བླངས་པ་དེས་ས་ལ་དཀྱིལ་འཁོར་བྲིའོ་ཞེས་པའོ། །སངས་རྒྱས་ཀུན་གྱི་གདན་དང་ནི། །དེའི་སྲད་དཔའ་བོ་རྣམས་ཀྱིས་ཡང་། །པདྨོ་ཡིད་དུ་འོང་མཆོག་སྟེ། །བཀྲ་ཤིས་འཇིག་རྟེན་གྱིས་བསྔགས་སོ། །ཞེས་པ་ནི་གདན་

པདྨོ་དཀར་པོས་བྱའོ་ཞེས་པ་སྟེ། ཡིད་ལས་བྱུང་བའི་མཆོག་ཅེས་པ་ནི་སྔར་བཟླས་པའི་ཡན་ལག་བཞི་བཤད་པའི་ཚེ། སྙིང་གར་པདྨོ་དཀར་པོ་བསམ་པར་བཤད་པར་བྱ་སྟེ། འདིར་པདྨོ་དཀར་པོ་ཞེས་མ་བཤད་པས་ཡིད་ལས་བྱུང་བའི་པདྨོ་སྨོས་པས་ཡིད་ཀྱིས་བསམས་པའི་པདྨོ་དཀར་པོ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด