ตัวบทไม่มีชื่อ — ประโยคแรก: རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་བཞུགས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๖๙ · หน้า 200b
དེ་དང་འདྲ་བའི་གདན་བྱའོ་ཞེས་པའོ། །རང་རྒྱལ་དགྲ་བཅོམ་རྣམས་ཀྱིས་ནི། །ཕྱོགས་གཅིག་ཅེས་པར་བསྒྲགས་པས་ན། །དེ་དག་སྟན་དུ་རིག་པར་བྱའོ། །པདྨོ་རྣམས་ཀྱི་འདབ་མ་ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཡེ་ཤེས་ཕྱོགས་གཅིག་པ་དང་ལྡན་པ་རྣམས་ཀྱི་སྟན་པདྨོ་དཀར་པོ་
འདབ་མ་གཅིག་གི་སྟེང་དུ་བྱ་ཞེས་པའོ། །འཇིག་རྟེན་གྱི་ལྷ་རྣམས་ལ་ཞེས་པ་ནས། རྒྱལ་པོར་བསྒྲགས་པ་དེའི་སྟན་ནོ། །ཞེས་པའི་བར་དུ་འཇིག་རྟེན་པའི་ལྷ་ཚངས་པ་ལ་སོགས་པ་རྒྱལ་པོ་ཆེན་པོའི་གཟུགས་ཅན་དེ་དག་འདོད་ཆགས་དང་བཅས་པས་པདྨོ་དཀར་པོའི་སྟན་དུ་བཤད་
པའོ། །ལྷག་མ་རྣམས་ནི་གར་རིགས་པར་སའི་རིམ་པ་ལས་བསམ་པར་བྱའོ་ཞེས་པ་ནི། འཇིག་རྟེན་གྱི་འཁོར་ཕལ་པ་རྣམས་བླ་མའི་དྲུང་ན་བླ་མ་དང་འདྲ་བའི་པདྨོའི་སྟན་ནི་མི་རིགས་པས་དེ་ལས་དམའ་བའི་སྟན་རྣམས་གར་རིགས་པར་བྱའོ་ཞེས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་
འཇིག་རྟེན་པའི་ལྷ་རྣམས་ཀྱི་སྟན་འདིར་བཤད་པ་ཡང་། འདི་རྣམས་དཀྱིལ་འཁོར་འདིར་མ་སྨོས་པས་ཞར་ལ་བཤད་པར་ཤེས་པར་བྱའོ། །དཀྱིལ་འཁོར་བར་མ་ལ་གཤིན་རྗེ་ལ་སོགས་པ་འཇིག་རྟེན་གྱི་ལྷ་རྣམས་སྨོས་པ་ཡང་དེ་བཞིན་གཤེགས་པའི་སྐུ་ལས་སྤྲུལ་པ་ཤ་སྟག་པས་པདྨོའི་
གདན་ཉིད་དུ་ཤེས་པར་བྱའོ། །འཇིག་རྟེན་པ་རྣམས་ཀྱི་མ་ཡིན་ནོ། །མཆོད་པ་རྣམ་པ་བཞིར་ཤེས་པར་བྱའོ་ཞེས་པ་ནས། འཇིག་རྟེན་གྱི་རིམ་བཞིན་དུའོ་ཞེས་པའི་བར་དུ་མཆོད་པ་རྣམས་བཤད་པ་སྟེ། དེ་ལ་སྤྱིར་མཆོད་པ་རྣམ་བཞི་སྟེ་ཐལ་མོ་སྦྱར་བ་དང་། བྱམས་པ་དང་། སྙིང་རྗེ་དང་། མེ་
ཏོག་དང་བདུག་པ་ལ་སོགས་པ་དང་ཡིད་ཀྱིས་མཆོད་པའོ། །དེ་ལ་སྔགས་པ་ཟབ་ཅིང་རྒྱ་ཆེ་བ་ལས་མཆོད་པ་ནི་མཆོད་པ་འདི་བཞི་ཆར་སྤྱོད་དེ་ཡིད་ཀྱི་མཆོད་པ་ཡང་བྱེད། ཕྱི་རོལ་གྱི་མཆོད་པ་ཡང་མཐོང་། དམིགས་པ་ཅན་གྱི་སྔགས་པ་ནི་ཕྱི་རོལ་གྱི་མཆོད་པ་རྣམས་བྱེད་ཀྱི། ཏིང་ངེ་འཛིན་མི་
འཁྲུགས་པས་ཡིད་ཀྱི་མཆོད་པ་མེད་དོ། །བྱམས་པ་དང་སྙིང་རྗེ་ནི་ནན་ཏན་གྱིས་མཆོད་པ་སྟེ་ཕྱི་དང་ནང་གི་མཆོད་པ་གང་ཡང་རུང་བ་བྱས་ནས། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་ནས་མཆོད་པ་དེ་དག་ཉིད་སེམས་ཅན་རྣམས་ལ་སྔོ་བར་བྱེད་པའོ། །དེ་ལ་ཕྱི་རོལ་གྱི་མཆོད་པ་
เล่ม ๖๙ · หน้า 201a
རྣམས་ནི་སྔར་བཤད་ཟིན་ཏོ། །ད་འདིར་ནི་ཡིད་ཀྱི་མཆོད་པ་བཤད་པར་བྱ་སྟེ། དེ་ལ། ཐལ་སྦྱར་མེ་ཏོག་འགྱུར་བ་ཡིས། །ཞེས་པ་ལ་སོགས་ཏེ་དེ་ལ། ཐལ་སྦྱར་མེ་ཏོག་འགྱུར་བ་ཡིས། །ཞེས་པ་ནི་དེ་ཐལ་མོ་སྦྱར་བ་ལས་མེ་ཏོག་འབྱུང་བ་དེས་མགོན་པོ་རྣམས་ལ་གསོལ་ཞེས་པ་སྟེ།
དེ་ཉིད་དགྲོལ་བ་གསུངས་པ། ཕྱག་རྒྱ་ཡན་ལག་ཀུན་འབྱུང་བས། །བྱང་ཆུབ་སེམས་ནི་རྣམ་བསྒོམས་ནས། །ཞེས་པ་སྟེ་ཡིད་ཀྱི་མཆོད་པ་བྱ་བ་ཡང་ཐོག་མར་བདག་གིས་ཕྱག་རྒྱ་འདི་བཅིངས་པས་ཇི་ལྟར་བསམས་པ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་
པའི་སྤྲིན་འབྱུང་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་གནས་ཏེ་བྱང་ཆུབ་ཀྱི་སེམས་དེ་མངོན་དུ་བྱའོ། །དེ་ལྟར་ཏིང་ངེ་འཛིན་ལ་གནས་པ་ཉིད་ན་ཡང་ཡིད་ལ་ནམ་མཁའ་མཛོད་ཀྱི་རིག་པ་བཟླས་ཏེ། དེ་ནས་ཕྱག་རྒྱ་དེ་ལས་མཆོད་པ་རྒྱ་ཆེན་པོ་འོག་ནས་སྨོས་པ་
རྣམས་ཆར་བཞིན་བབ་པར་བསམ་མོ། །དེ་ལྟར་བསམས་ནས་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབ། ཏིང་ངེ་འཛིན་གྱི་དབང་དང་སྔགས་ཀྱི་མཐུས་དེའི་ཚེ་སངས་རྒྱས་ཀྱི་སྤྱན་སྔར་ཆར་བཞིན་དུ་བབ་པར་གྱུར་ཏེ། དེ་བས་ན་གསུངས་པ། དེ་ནི་ཉེས་མེད་མེ་ཏོག་སྟེ། །ཞེས་པ་ལ་སོགས་པ་
རྗེས་སུ་བསྔགས་པ་དང་བཅས་པར་གསུངས་སོ། །ལྷག་མ་རྣམས་ཀྱི་ལྷ་རྣམས་ལ། །ཞེས་པ་ནས་རྣམ་པར་སོམས་ཤིག །གར་རིགས་པར་ཞེས་པའི་བར་དུ་གཟུགས་བརྙན་གྱི་དཀྱིལ་འཁོར་ཚོན་གྱིས་བྲིས་པའི་ལྷ་རྣམས་ལ་ཕྱིའི་མཆོད་པ་མེ་ཏོག་ལ་སོགས་པ་དབུལ་བའི་རིམ་པ་
བསྟན་པ་སྟེ་སོ་སོའི་སྔགས་ཀྱིས་བཏབ་ནས་ཐོག་མར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་མཆོད་དེ། དེ་ནས་པདྨོའི་རིགས་ལ་སོགས་པ་ལ་རིམ་བཞིན་དུ་མཆོད་པ་བྱས་ཏེ་དེ་བས་ན་གསུངས་པ། གང་དུ་ཇི་ལྟར་རིམ་བཞིན་དུ། །ཞེས་
པ་ལ་སོགས་པའོ། །མཐེ་བོང་སྲིན་ལག་རྩེ་སྦྱར་ཏེ། །ཞེས་པ་ནས་འཇིག་རྟེན་གྱི་སྡེ་རིམ་བཞིན་དུའོ་ཞེས་པའི་བར་དུའོ། །མཆོད་པ་རྣམས་དབུལ་བའི་ཐབས་བསྟན་པ་སྟེ་མེ་ཏོག་དབུལ་བར་གསུངས་པ། མཐེ་བོང་སྲིན་ལག་རྩེ་སྦྱར་ནས། །ཞེས་པ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་རྣམས་
เล่ม ๖๙ · หน้า 201b
ལས་གཞན་ནི་ལྟེ་བའི་ཐད་ཀར་རིག་པར་བྱའོ་ཞེས་པ་སྟེ། འཇིག་རྟེན་ཞེས་པ་ནི་འདིར་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བྱ་སྟེ། དེའི་ལྷ་རྣམས་ལ་ལྟེ་བའི་ཐད་ཀ་ནས་མེ་ཏོག་དབུལ་བར་བྱའོ། །འཇིག་རྟེན་ལས་འདས་པའི་ཡིད་ཀྱི་དཀྱིལ་འཁོར་རྣམས་ལ་ནི་སྙིང་ག་ནས་དབུལ་བར་
བཤད་པའོ། །བདུག་པ་ཁུ་ཚུར་རྡོ་རྗེས་སོ། །ཡང་ན་པདྨོ་ཕྲེང་གིས་ཏེ། །བར་སྣང་ལ་ནི་བཟུང་ནས་སུ། །འཇིག་རྟེན་མགོན་པོ་རྣམས་ལའོ། །ཞེས་པ་ནི་བདུག་པ་གསོལ་བ་ནི་རྡོ་རྗེ་ལྟ་བུའི་ཁུ་ཚུར་རམ། པདྨོའི་ཕྱག་རྒྱ་བཅིངས་ཏེ། པོག་སྣོད་ཅན་དུ་བྱས་ན་ནི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་། ཁམ་ཕོར་
ནི་པདྨའི་ཕྱག་རྒྱས་བཟུང་སྟེ་ཡིད་ཀྱི་དཀྱིལ་འཁོར་ལྷ་རྣམས་ལ་བར་སྣང་ལ་སྟོད་དེ་བཟུང་ནས་གསོལ་ཞེས་པའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་རྣམས་ལ་ལྟེ་བའི་ཐད་ཀ་ནས་རིམ་བཞིན་དུ་གསོལ་ཞེས་པ་སྟེ་དེ་བས་ན་གསུངས་པ། དེ་ལས་ལྷ་རྣམས་གཞན་དག་ནི། །འཇིག་རྟེན་གྱི་
རིམ་བཞིན་དུ་ཞེས་པའོ། །སྦྱིན་སྲེག་གཉིས་སུ་རིག་པར་བྱ་སྟེ་ཞེས་པ་ནས། སྔགས་ཀྱི་ཤེས་པ་མེད་པའོ། །ཞེས་པའི་བར་དུ་ཕྱི་ནང་གཉིས་ཀྱི་སྦྱིན་སྲེག་བཤད་པ་སྟེ། དེ་ལ་ཕྱིའི་སྦྱིན་སྲེག་ནི་བསྲེག་པར་བྱ་སྟེ། སྲེག་པའི་མེ་ལ་སོགས་པ་ཕྱིའི་དངོས་པོ་གཟུགས་ལ་སོགས་པ་ལ་ལྟོས་པའོ། །
ནང་གི་སྦྱིན་སྲེག་ནི་དེ་རྣམས་ནི་སེམས་ཉིད་ཀྱིས་བྱ་སྟེ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་ལྟོས་པ་མ་ཡིན་ཏེ་དེ་བས་ན་གསུངས་པ། ལས་དང་སྐྱེ་བ་རྣམ་པར་བྲལ། །ཞེས་པ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་འཇིག་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཆོས་རྣམས་
སྟོང་པ་ཞིག་སྟེ། ལས་དང་སྐྱེ་བ་ལ་སོགས་པ་དམིགས་སུ་མེད་པར་རབ་ཏུ་མི་འཕོ་བའི་ཤེས་རབ་ཀྱིས་ཆུད་དེ་ཡིད་ལ་ཕུང་པོ་ལ་སོགས་པ་དང་། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྒྱུ་དང་འབྲས་བུ་དག་དམིགས་སུ་མེད་པར་གྱུར་པ་དེ་ནི། ལས་དང་སྐྱེ་བ་རྣམ་པར་བྲལ། །ཞེས་བྱ་བ་སྟེ་དེ་ལ་
སྲེག་པར་བྱེད་པའི་བར་དུ་མི་འཕོ་བའི་ཤེས་རབ་བོ། །སྲེག་པར་བྱེད་པ་ནི་ལས་དང་སྐྱེ་བ་ལ་སོགས་པའོ། །སྲེག་པའི་མེ་ནི་ཇི་བཞིན་པ་དང་བྲལ་བའི་ཡིད་ལ་བྱའོ། །ས་བོན་དུ་ནི་ཕྱིས་འགྱུར་ཞེས་པ་ནི་ལས་དང་སྐྱེ་བ་སྲེད་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལས་ལངས་ནས་སྙིང་རྗེའི་
เล่ม ๖๙ · หน้า 202a
དབང་གིས་ལྷའི་གཟུགས་སུ་བྱ་བ་ལ་བྱ་སྟེ། བདག་གི་ལྷ་གང་ཡིན་པའི་སྔགས་ཀྱི་ས་བོན་ལས་ལྷར་བསྒྱུར་བའི་རིམ་པ་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་བདག་ཉིད་ཀྱི་ལྷའི་གཟུགས་སུ་བསྒྱུར་བ་ལ་བྱ་སྟེ། དེ་ལ་དང་པོ་ཕུང་པོ་ལ་སོགས་པ་འཇིག་པའི་བྱང་ཆུབ་ཀྱི་སེམས་ནི་
འཇུག་པའི་བྱང་ཆུབ་ཀྱི་སེམས་སོ། །ཇི་ལྟར་འཇིག་ཅིང་རྟོག་པ་དེ་ཡང་སྤངས་ཏེ་རབ་ཏུ་མི་འཕྲོ་བའོ། །ཤེས་རབ་རྣམ་པར་མི་རྟོག་པ་ལས་དང་སྐྱེ་བ་སྲེག་པར་བྱེད་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་དུ་གནས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །སླར་རང་གི་ས་བོན་ལས་ལྷའི་གཟུགས་སུ་བསྒྱུར་བ་ནི་
ལྡང་བའི་བྱང་ཆུབ་ཀྱི་སེམས་སོ། །ལས་སུ་འདོད་པས་སྦྱིན་སྲེག་བྱ། །ཞེས་པ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམས་གྲུབ་པར་འདོད་པའི་ཕྱིར་དང་ནང་གི་སྦྱིན་སྲེག་དེ་བྱའོ་ཞེས་པ་སྟེ། མཚན་མ་ཅན་གྱིས་མཚན་མ་དང་བཅས་པར་འགྲུབ། མཚན་མ་མེད་པས་མཚན་མ་དང་བཅས་པ་
གཉིས་ཀ་འགྲུབ། བྱ་བ་དང་སྦྱར་ཏེ་ནང་གི་སྦྱིན་སྲེག་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་ལྟོས་པར་མཚན་མ་མེད་པ་དེས་ཀྱང་ཤིང་ལ་སོགས་པ་མཚན་མ་དང་བཅས་པ་རྣམས་འབྱུང་བར་འགྱུར་རོ་ཞེས་པའོ། །ཕྱི་རོལ་གྱི་གསུམ་ལྡན་ཞིང་ཞེས་པ་ནི་ཕྱི་རོལ་གྱི་སྦྱིན་སྲེག་བྱེད་པ་ན་གསུམ་དང་ལྡན་པར་བྱ་བ་ནི་
ཞི་བ་དང་རྒྱས་པ་དང་མངོན་པར་སྤྱོད་པའི་ལས་གང་ཡང་རུང་བའི་ཁ་དོག་དང་ཚུལ་དུ་ལྡན་པར་བྱ་བ་དང་རྫས་རྣམས་ཀྱང་དེའི་ཁ་དོག་དང་ལྡན་པར་བསམ་པ་དང་། བདག་ཉིད་ཀྱང་དེའི་ཁ་དོག་དང་མཚུངས་ཤིང་ལྡན་པའི་ལྷར་བསྒྱུར་བ་སྟེ། དེ་ལྟར་མེ་དང་རྫས་དང་བདག་གསུམ་ཞི་བ་ལ་སོགས་པའི་
ལས་གང་ཡང་རུང་བའི་ཁ་དོག་དང་ཚུལ་དུ་ལྡན་པར་བྱ་བ་གསུམ་དང་ལྡན་པའོ། །གསུམ་དང་ལྡན་པ་ཞེས་པ་ནི་ཞི་བ་དང་རྒྱས་པ་དང་མངོན་པར་སྤྱོད་པའི་དཀྱིལ་འཁོར་དབང་ཆེན་དང་ཆུ་དང་རླུང་གི་གནས་གསུམ་དང་ལྡན་པའོ། །གསུམ་ལ་གནས་ཏེ་ཞེས་པ་ནི་ཞི་བ་ལ་སོགས་པའི་ཞུགས་ཐབ་
ཟླུམ་པོ་དང་གྲུ་བཞི་དང་། གྲུ་གསུམ་པོ་ལ་བསྲེག་པའི་རྫས་ལ་སོགས་པ་གནས་ཞེས་པའོ། །ལས་གསུམ་ནི་གནས་གྲུབ་པ་ཞེས་པ་ནི། ཞི་བ་དང་རྒྱས་པ་དང་མངོན་པར་སྤྱོད་པའི་འབྲས་བུ་གསུམ་འགྲུབ་པའོ། །ཕྱི་ནང་གང་ཡང་རུང་བའི་སྦྱིན་སྲེག་གི་ཆོ་ག་དེ་ལས་གཞན་དུ་བྱས་ན་དེ་
เล่ม ๖๙ · หน้า 202b
དག་གི་འབྲས་བུ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་གཉིས་ཀའི་སྤྱིར་གསུངས་པ་གང་གིས་གཞན་དུ་བྱས་ན་ནི་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པས་གསུངས་པའི་སྔགས་དང་ཞེས་པ་ནས། ལྷ་རྣམས་ཀྱང་དེ་བཞིན་ཏེ་ཞེས་པའི་བར་དུ་སྔགས་ཀྱི་ལྷ་ལ་སོགས་པའི་ཁ་
དོག་དང་དབྱིབས་དང་ཚད་རྣམས་བཤད་པ་སྟེ། དེ་བཞིན་གཤེགས་པས་བསྔགས་པ། སངས་རྒྱས་རྫོགས་པར་གསུངས་པ་ནི། །དཀར་དང་སེར་དུ་རིག་པར་བྱ། །ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་ཆོས་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་ཞི་བའི་རང་བཞིན་པས་
ཁ་དོག་དཀར་པོར་རིག་པར་བྱའོ་ཞེས་སོ། །སངས་རྒྱས་རྫོགས་པར་གསུངས་ཞེས་པ་ནི་ཤཱཀྱ་ཐུབ་པ་དང་འཕགས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཀུན་དུ་སངས་རྒྱས་པ་རྣམས་ཀྱི་སྟེ། དེ་དག་ནི་ཏིང་ངེ་འཛིན་ལས་བཞེངས་ནས་སེམས་ཅན་གྱི་དོན་ལ་སོགས་པ་སྤྱོད་པས་ན་ཚོགས་
མཛད་དེ། རྒྱས་པའི་མཚན་ཉིད་པས་ཁ་དོག་སེར་པོར་རིག་པར་བྱའོ། །ཕྱག་ན་རྡོ་རྗེའི་ཐམས་ཅད་དུ། །ཞེས་པ་ནི་ཕྱག་ན་རྡོ་རྗེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་སེམས་ཅན་གྱི་དོན་སྤྱོད་པ་ཐམས་ཅད་པས་ཁ་དོག་ཐམས་ཅད་དུ་རིག་པར་བྱའོ། །འཇིག་རྟེན་དབང་པོའི་སྔགས་རྣམས་ནི། །དཀར་
ཏེ་ལས་ཀྱི་རིམ་པའོ། །ཞེས་པ་ནི་སྤྱན་རས་གཟིགས་ཀྱི་དབང་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཐམས་ཅད་འཁྲུ་བར་བྱེད་པའི་བདག་ཉིད་པས་ཁ་དོག་དཀར་པོར་ཤེས་པར་བྱའོ། །གྲུ་བཞི་ལྡན་པར་གདོན་མི་ཟ། །ཟླུམ་པོར་ཡང་ནི་རིམ་བཞིན་ཏེ། །ཟླ་བ་ཁམ་འདྲ་ཁྲུ་གསུམ་དུ། །དེ་འདྲ་དབྱིབས་
ཞེས་སྒྲོགས་པ་ཡིན། །ཞེས་པ་ནི་ལྷ་དེ་རྣམས་ཀྱི་དཀྱིལ་འཁོར་དབང་ཆེན་ལ་སོགས་པའི་དབྱིབས་བཤད་པ་སྟེ་རིམ་བཞིན་དུ་ཤེས་པར་བྱའོ། །གཟུགས་ནི་གཉིས་སུ་རིག་པར་བྱ། །བུད་མེད་དང་ནི་སྐྱེས་པར་རོ། །ཞེས་པ་ནི་ལྷ་རྣམས་ཀྱི་གཟུགས་བཤད་པ་སྟེ། དེ་ལ་ལྷ་རྣམས་ཀྱང་རྣམ་པ་གསུམ་སྟེ།
རྣམ་པར་སྨིན་པའི་གཟུགས་དང་གནས་ཡོངས་སུ་གྱུར་པ་དང་སྤྲུལ་པ་སྟེ། དེ་ལ་རྣམ་པར་སྨིན་པའི་གཟུགས་ནི་རང་གི་ལས་དང་བསོད་ནམས་ལས་སྐྱེས་པའོ། །གནས་ཡོངས་སུ་གྱུར་པ་ནི་བསྒྲུབས་པ་ལས་གྲུབ་པའི་གཟུགས་སོ། །སྤྲུལ་པ་ནི་ཏིང་ངེ་འཛིན་ལ་སོགས་པའི་དབང་གིས་ཡིད་ལ་
เล่ม ๖๙ · หน้า 203a
བསམས་པར་གྱུར་པ་སྟེ་དེ་དག་ལ་ལ་ནི་སྐྱེས་པར་སྣང་། ལ་ལ་ནི་བུད་མེད་དུ་སྣང་བའོ། །ཡང་ན་ཀུན་དུ་ཐམས་ཅད་ཀྱང་། །ཁ་དོག་གཟུགས་དང་དབྱིབས་རྣམས་ནི། །ཞེས་པ་ཡང་ན་གོང་དུ་ཁ་དོག་དཀར་གནག་ལ་སོགས་པ་སྨོས་པ་དང་དབྱིབས་གྲུ་བཞི་ལ་སོགས་པ་སྨོས་སོ། །
གཟུགས་བུད་མེད་དང་སྐྱེས་པར་སྨོས་པ་དེ་དག་ཆད་པ་མེད་དེ། དེ་དག་ཀུན་ཀྱང་ཁ་དོག་ཐམས་ཅད་དང་དབྱིབས་ཐམས་ཅད་དང་གཟུགས་ཐམས་ཅད་དུ་ཤེས་པར་བྱའོ་ཞེས་པ་སྟེ། ཅིའི་ཕྱིར་ཞེ་ན་གསུངས་པ། བསམ་ཡས་ཡེ་ཤེས་ལས་བྱུང་བས། །དེ་བས་དེ་ཡང་བསམ་ཡས་ཏེ། །ཞེས་
པ་སྟེ་དེ་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱི་ཡེ་ཤེས་བསམ་དུ་མེད་པར་འབྱུང་བ་ཤ་སྟག་གི་ཁ་དོག་དང་དབྱིབས་ལ་སོགས་པ་ཆད་པ་མེད་པས་བསམ་དུ་མེད་དོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སེམས་ཅན་དོན་བྱེད་ཐ་དད་པས། །ཡེ་ཤེས་མཁས་པས་རྟག་ཏུ་མཁྱེན། །ཞེས་པ་སྟེ་དེ་དག་ཁ་དོག་དང་
དབྱིབས་ལ་སོགས་པ་སྤྱད་པ་མེད་པ་ཡང་སེམས་ཅན་གྱི་དོན་སྣ་ཚོགས་ལ་མཁས་པའི་ཡེ་ཤེས་དེས་གདུལ་བའི་འགྲོ་བ་དང་རྗེས་སུ་མཐུན་པ་གཟུགས་ལ་སོགས་པ་སྟོན་པའི་ཕྱིར་རོ། །ཇི་ཙམ་རྒྱ་ཆེར་ཡིད་གྱུར་པ། །དེ་ཡི་ཚད་དུ་ཤེས་པར་བྱའོ། །སྟན་རྣམས་དང་ནི་ཕྱག་རྒྱ་དང་། །ལྷ་
རྣམས་གོ་རིམས་ཀྱང་དེ་བཞིན། །ཞེས་པ་ནི་ལྷ་ལ་སོགས་པའི་ཚད་བཤད་པ་སྟེ་ནང་དུ་ཡིད་ལ་བསམ་པའམ་ཕྱི་རོལ་དུ་བྲི་བ་ལ་སོགས་པ་ཀུན་ཀྱང་ཡིད་ལ་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་བསམ་པའམ་བྲི་བར་བྱ་ཞེས་པའོ། །ལྷ་རྣམས་རིམ་ཀྱང་དེ་བཞིན་ཏེ། །ཞེས་པ་ནི་དཀྱིལ་འཁོར་དུ་བྲི་བའི་
ལྷ་རྣམས་ཀྱང་སྙིང་པོའི་དཀྱིལ་འཁོར་དུ་བྲི་བ་རྣམས་ནི་དཀྱིལ་འཁོར་སའི་ཞེང་ཆེ་བས་ལྷའི་གཟུགས་ཀྱང་ཆེ་བར་བྱ། དེའི་གོ་རིམས་ཀྱང་དེ་བཞིན་དུ་རིམ་གྱིས་ཆུད་པར་བྱ་ཞེས་པའོ། །སངས་རྒྱས་གང་ལས་བྱུང་བ་ནས། །ཕྱག་རྒྱའང་དེ་ནས་བྱུང་ཞེས་བྱ་བ་ནི་ཕྱག་རྒྱ་གང་ནས་བྱུང་བའི་ཁུངས་བཤད་
པ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱག་རྒྱ་དེས་བདག་དང་སློབ་མ་ལ་སོགས་པ་ལྷའི་ལུས་བྱིན་གྱིས་བརླབ་པ་དང་། ཕྱག་རྒྱ་དེས་སློབ་མ་ལ་སོགས་པ་བསྲུང་བ་སྟེ། དེ་བསྲུངས་ན་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱིས་བཏབ་པས་ཅིས་ཀྱང་མི་ཚུགས་པར་འགྱུར་བ་ནི་འཇིག་
เล่ม ๖๙ · หน้า 203b
རྟེན་རྒྱལ་པོའི་རྒྱ་དང་ལྡན་པའི་སྐྱེས་བུ་ལ་སུས་ཀྱང་གཙེ་བར་མི་འགྱུར་བ་དང་འདྲའོ་ཞེས་སྔར་ཡང་ཞིབ་ཏུ་བཤད་དོ། །དེ་བས་ཆོས་དབྱིངས་མདོ་རུ་ནི། །ཕྱག་རྒྱའི་མཚན་མ་ཞེས་ཀྱང་བྱ། །ཞེས་པ་ནི་མདོར་ན་ཕྱག་རྒྱ་རྣམས་ཆོས་ཀྱི་དབྱིངས་ཀྱི་མཚན་མ་ཡིན་པར་ཤེས་པར་བྱའོ་ཞེས་པའོ། །
དབང་སྦྱིན་རྣམ་གསུམ་རིག་པར་བྱ། །ཞེས་པ་ནས། དེའི་སྔགས་བསྒྲགས་པ་ཡིན་ཞེས་པའི་བར་དུ་དབང་བསྐུར་བ་རྣམ་པ་གསུམ་བཤད་པ་སྟེ་ཕྱག་རྒྱས་དབང་བསྐུར་བ། དེ་ནི་ལས་དང་བྱ་བ་སྟེ། །ཞེས་པ་ནི་སྙིང་རྗེ་ཆེན་པོ་ལས་འབྱུང་བ་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་
དུ་ནམ་སློབ་དཔོན་དང་སློབ་མ་རྒྱ་ཆེ་བ་ལ་མོས་པ་དག །ཕྱག་རྒྱས་དབང་བསྐུར་བར་བྱ་བར་བཤད་པ་སྟེ། དཀྱིལ་འཁོར་དེ་གཉིས་གང་ཡང་རུང་བའི་མདུན་དུ་དབང་བསྐུར་བའི་དཀྱིལ་འཁོར་དང་། བུམ་པ་ལ་སོགས་པ་ལ་མི་ལྟོས་པར་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་
དཔའི་ཕྱག་རྒྱ་དང་འོག་ནས་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བའོ། །ལས་དང་བྱ་བར་བྲལ་ཞེས་པ་ནི་དབང་བསྐུར་བའི་བུམ་པ་དང་དཀྱིལ་འཁོར་དང་དུང་དང་འཁོར་ལོ་ལ་སོགས་པའི་ཆོ་ག་རྣམས་དང་བྲལ་བ་ཞེས་པའོ། །གཉིས་པོ་ཀུན་གྱི་གསུངས་པ་ནི། །ལས་དང་བྱ་བ་ལས་བྱུང་
ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བ་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་མདུན་དུ་དབང་བསྐུར་བའི་དཀྱིལ་འཁོར་བྲིས་ནས། ཇི་སྐད་དུ་སྔར་གསུངས་པའི་ཆོ་ག་བཞིན་དུ་དབང་བསྐུར་གསུངས་པའོ། །གསུམ་པོ་ཡིད་ཀྱིས་རིག་པར་བྱ། །དུས་དང་དུས་ཡུལ་སྤངས་པའོ། །
ཞེས་པ་ནི་གསང་བའི་དཀྱིལ་འཁོར་དུ་ཡིད་ཀྱིས་དབང་བསྐུར་བ་སྟེ་དངོས་ཀྱི་འོག་ནས་འབྱུང་བའོ། །བླ་མ་ཚུལ་བཞིན་རིམ་གྲོ་བྱས། །ཇི་ལྟར་ཕན་པར་བསྟན་པ་ནི། །དབང་བསྐུར་བའོ་ཞེས་སངས་རྒྱས་པ། །དེ་ནི་བསྔགས་ཤིང་བསྒྲགས་པ་ཡིན། །ཞེས་པ་ནི་དཀྱིལ་འཁོར་གོང་མ་གཉིས་
སུ་ཕྱག་རྒྱས་དབང་བསྐུར་ནས་རྗེས་སུ་གནང་བའི་ཚིག་སྨྲས་པ་ལ་བྱ་སྟེ། ཕྱག་རྒྱས་དབང་བསྐུར་བའི་འོག་ཏུ་སློབ་དཔོན་སློབ་མའི་ནན་ཏན་དང་རིམ་གྲོ་ལ་སོགས་པས་མགུ་ནས། ཁྱོད་ཀྱིས་དེང་ཕན་ཆད་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་པ་ལ་སོགས་པའི་ཚིག་ཏུ་ཤེས་པར་བྱའོ། །ཕྱག་རྒྱས་
เล่ม ๖๙ · หน้า 204a
དབང་བསྐུར་བ་དང་པོ་དང་དབང་བསྐུར་བ་གཉིས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བ་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་བྱའོ། །གསང་བའི་དཀྱིལ་འཁོར་དུ་ནི་ཡིད་ཀྱིས་དབང་བསྐུར་བ་དངོས་སུ་གསུངས་པས། གོང་མ་གཉིས་མི་བྱ་བར་ཤེས་པར་བྱའོ། །འདི་རྣམས་ཀྱང་
འདིར་ཚིག་ཙམ་བཤད་ཀྱི་དོན་གཏན་ལ་དབབ་པར་བསྡུས་པའི་དོན་ཉིད་དུ་བཤད་ཟིན་ཏོ། །དམ་ཚིག་རྣམ་པ་ལྔ་རུ་ནི། །ཞེས་པ་ནས། དམ་ཚིག་ཅེས་སུ་གཞན་མི་བྱའོ། །ཞེས་པའི་བར་དུ་དམ་ཚིག་ཅན་གྱི་རིམ་པ་བཤད་པ་སྟེ། དེ་ལ་སྤྱིར་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པ་ཡང་
ཁ་ཅིག་ནི་དམ་ཚིག་ཅན་དུ་འདོད་པའི་ཕྱིར་འཇུག །ཁ་ཅིག་ནི་སྒྲུབ་པར་བྱེད་པའི་ཕྱིར་འཇུག །ཁ་ཅིག་ནི་སློབ་དཔོན་དུ་འདོད་པའི་ཕྱིར་འཇུག་སྟེ། དེ་ལ་དམ་ཚིག་ཅན་དུ་འདོད་པའི་ཕྱིར་འཇུག་པ་ནི་དཀྱིལ་འཁོར་དུ་འདི་གསུམ་གང་ཡང་རུང་བ་ལ་ཞུགས་ཏེ། དམ་ཚིག་ཅན་དུ་གྱུར་ན་དཀྱིལ་
འཁོར་ལྷག་མ་གཉིས་མི་ལྟོས། སྒྲུབ་པ་དང་སློབ་དཔོན་དུ་འདོད་པ་ནི་དཀྱིལ་འཁོར་གསུམ་ཆར་ལྟོས་པར་ཤེས་པར་བྱའོ། །དཀྱིལ་འཁོར་དེ་ཉིད་མཐོང་བ་ནི། །དམ་ཚིག་ཤེས་པ་ཅིག་ཅེས་བྱ། །ཞེས་པ་ནི་དམ་ཚིག་གི་དོན་ནི་འདིར་ཚུལ་ལས་མི་འགལ་བའི་དོན་ཏེ། དཀྱིལ་འཁོར་གསུམ་
ལས་གང་ཡང་རུང་བ་ཅིག་མཐོང་ན་དམ་ཚིག་ཅན་ཅིག་ཅེས་བྱ་བ་སྟེ། དེས་སྔར་བྱང་ཆུབ་ཀྱི་སེམས་བསྒོམས་པ་ན་ནི་དེ་ལ་ཕྱག་རྒྱ་དང་སྔགས་སྦྱིན་པར་བྱ་སྟེ། སྔར་བྱང་ཆུབ་ཀྱི་སེམས་མ་བསྒོམས་ན་དེ་ལ་ཕྱག་རྒྱ་དང་སྔགས་སྦྱིན་དུ་མི་རུང་སྟེ་དེ་བས་ན་གསུངས་པ། དེ་ལ་ཕྱག་རྒྱས་བཏབ་
པའང་མེད། །དེ་བཞིན་སྔགས་ཀྱང་གཟུང་དུ་མེད། །ཅེས་པའོ། །དེ་ལྟར་དཀྱིལ་འཁོར་དེར་ཞུགས་ན་ཕྱག་རྒྱ་དང་སྔགས་མི་སྦྱིན་པར་བྱང་ཆུབ་ཀྱི་སེམས་བསྒོམ་དུ་བཅུག་སྟེ། གོམས་པར་གྱུར་ན་གདོད་ཕྱག་རྒྱ་དང་སྔགས་སྦྱིན་པར་གསུངས་པ། བྱང་ཆུབ་ཀྱི་སེམས་ཀྱི་ཁྱད་པར་ནི་ཕྱག་
རྒྱ་དང་སྔགས་གཟུང་ངོ་ཞེས་པའོ། །དཀྱིལ་འཁོར་ཀྱང་མཐོང་བ་དེ་དམ་ཚིག་གཉིས་ཞེས་བྱའོ་ཞེས་པ་ནི་དེ་ལྟར་བྱང་ཆུབ་ཀྱི་སེམས་གོམས་ནས་ཡང་དཀྱིལ་འཁོར་དུ་བཅུག་སྟེ། ཕྱག་རྒྱ་དང་སྔགས་སྦྱིན་པ་དེ་ནི་དམ་ཚིག་ཅན་གཉིས་ཞེས་བྱའོ། །དཀྱིལ་འཁོར་ཕྱག་རྒྱ་མཐོང་བ་ནི། །
เล่ม ๖๙ · หน้า 204b
ལས་སུ་བྱ་བ་ལ་ཡང་འཇུག །བླ་མས་ལུང་ནི་མ་བྱིན་པ། །དེ་ཡང་དམ་ཚིག་ཤེས་ཞེས་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་ཡང་མཐོང་ལ་རྒྱུད་དང་རྟོག་པ་ལ་སོགས་པ་ཡང་ཉན་དུ་བཅུག་ལ། སློབ་དཔོན་དུ་ལུང་མ་བསྟན་པ་དེ་ནི་དམ་ཚིག་ཤེས་པ་གསུམ་ཞེས་བྱའོ། །ཕྱག་རྒྱ་དཀྱིལ་
འཁོར་བྲི་བ་རྣམས། །དེ་ཚེ་ཆོ་ག་བཞིན་དུ་བསྟན། །སྔགས་པ་དབང་ནི་མ་ཐོབ་པ། །གསང་བའི་ཡེ་ཤེས་འབྱུང་བའོ། །ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བ་དང་། ཡི་གེ་འཁོར་ལོ་བསྐོར་བ་དཀྱིལ་འཁོར་པའི་དཀྱིལ་འཁོར་གཉིས་ཀར་དབང་བསྐུར་བའམ་གང་ཡང་རུང་བ་ཅིག་ཏུ་དབང་
བསྐུར་ཏེ། ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་བྲི་བ་དང་བཤད་པ་དེ་དག་ཆོ་ག་བཞིན་དུ་དེས་གཞན་ལ་ཡང་བསྟན་པ་གསུངས་པའི་དཀྱིལ་འཁོར་འབའ་ཞིག་ཏུ་དབང་བསྐུར་བ་དེ་ནི་དམ་ཚིག་ཤེས་པ་ཞེས་བྱའོ། །སྔགས་པ་ཚུལ་བཞིན་དབང་བསྐུར་བ། །གསང་བའི་དཀྱིལ་
འཁོར་དབུས་སུ་སྟེ། །དམ་ཚིག་ཤེས་པ་ལྔར་རིག་བྱ། །ཞེས་པ་ནི་དཀྱིལ་འཁོར་གོང་མ་གཉིས་སུ་ཡང་དབང་བསྐུར་བ་ལ་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དེ་ནི་དམ་ཚིག་ཤེས་པ་ལྔ་ཞེས་བྱའོ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །ཞེས་པ་ནི་དེ་ལྟར་གོང་དུ་སྨོས་པ་ལས་གཞན་
དུ་ཆོ་ག་ལས་འགལ་བར་བྱས་ན་དམ་ཚིག་ཅན་ཞེས་མི་བྱའོ་ཞེས་པའོ། །གང་གིས་རྟག་ཏུ་བསྒོམས་པ་ཞེས་པ་ནས། བདེན་པ་མཐོང་ཞེས་བྱ་བ་ཡིན། །ཞེས་པའི་བར་དུ་སྔར་ཇི་ལྟར། བྱང་ཆུབ་སེམས་དཔའ་ཞེས་བགྱི་ཞེས། །ཇི་ལྟར་ཐམས་ཅད་མཁྱེན་པ་ལགས། །ཇི་ལྟར་བདེན་པ་མཐོང་
བ་ལགས། །ཞེས་དྲིས་པ་དེ་དག་བཤད་པ་སྟེ། གང་གིས་རྟག་ཏུ་བསྒོམས་པ་ནི། །དཀའ་ཐུབ་བྱང་ཆུབ་སེམས་ལ་སྟེ། །གནས་གསུམ་དུ་ནི་མི་དམིགས་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ཞེས་པ་ནི་གང་བྱང་ཆུབ་ཀྱི་སེམས་རྟག་ཏུ་བསྒོམས་ཏེ་ལུས་དང་ངག་དང་ཡིད་ཀྱི་གནས་
གསུམ་མམ། འདོད་པའི་ཁམས་དང་། གཟུགས་ཡོད་པའི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་གནས་གསུམ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བཤིག་སྟེ་དམིགས་སུ་མེད་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་ཅན་ལ་ནི་ཐབས་བསྐྱེད་ནས། །སེམས་
เล่ม ๖๙ · หน้า 205a
ཅན་དོན་ལ་རབ་འཇུག་པ། །དམིགས་པ་མེད་པའི་སྤྱོད་པ་ཡི། །རྒྱལ་བའི་མཆོག་ཏུ་རིག་པར་བྱའོ། །ཞེས་པ་ནི་དམིགས་པ་མེད་པའི་སྤྱོད་པ་ཐོབ་ནས་དེ་ལས་ལངས་ཏེ་ཆོས་རྣམས་སྒྱུ་མ་ལྟ་བུར་ཤེས་བཞིན་དུ་ཐབས་ཀྱིས་སེམས་ཅན་གྱི་དོན་དུ་སྤྱོད་པ་དེ་ནི་ཐམས་ཅད་
མཁྱེན་པ་ཞེས་བྱ་སྟེ། དམིགས་པ་མེད་པའི་སྤྱོད་པ་ཐོབ། །ཅེས་པའི་མོས་པ་སྤྱོད་པའི་ཚེ་ན། འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་རྣམས་བཤིགས་ནས་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་སྟོང་པ་ཉིད་ལ་གནས་པ་ན་དོན་དམ་པར་ཡང་ཆོས་རྣམས་དམིགས་སུ་མེད་དེ།
ཀུན་རྫོབ་ཏུ་ཡང་ཆོས་རྣམས་འཁྲུལ་པའམ་སྒྱུ་མ་ལྟ་བུར་ཆུད་པས་ནི་མི་དམིགས་པའི་སྤྱོད་པ་ཐོབ་ཅེས་པའོ། །རྒྱལ་བའི་མཆོག་ཅེས་པ་ནི་དེ་ལྟར་ཀུན་རྫོབ་དང་དོན་དམ་པར་ཆོས་རྣམས་དམིགས་སུ་མེད་པར་ཆུད་པ་ནི་བདུད་བཞི་དངོས་སུ་མ་བཅོམ་ཡང་བདུད་བཞི་ལས་རྒྱལ་བའི་ངང་ཚུལ་ཅན་
པས་རྒྱལ་བའི་མཆོག་ཅེས་བྱའོ། །ཐོག་མ་ནས་སུ་ཞི་བའི་ཆོས། །རང་བཞིན་མེད་ལ་གང་གིས་ནི། །སེམས་ནི་རི་རབ་བཞིན་འདུག་ན། །དེ་ནི་བདེན་པ་མཐོང་ཞེས་བྱ། །ཞེས་པ་ནི་བདེན་པ་མཐོང་བ་བཤད་པ་སྟེ། དེ་རྣམས་ཆོས་རྣམས་ཐོག་མ་ནས་ཞི་ཞིང་རང་བཞིན་མེད་པར་གང་གིས་ཆུད་
དེ། དེ་ཉིད་ལ་སེམས་ནི་རི་རབ་བཞིན་དུ་མི་གཡོ་བར་གྱུར་ན་དེ་ནི་བདེན་པ་མཐོང་ཞེས་བྱ་སྟེ། དེ་ལ་མདོར་ན་ཐོག་མ་ནི་འཇུག་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །བདེན་པ་མཐོང་བ་ཞེས་པ་ནི་གནས་པའི་བྱང་ཆུབ་ཀྱི་སེམས་བཤད་པའོ། །རྒྱལ་བའི་མཆོག་ཅེས་པ་ནི་ལྡང་བའི་བྱང་
ཆུབ་ཀྱི་སེམས་སུ་བསྟན་པ་སྟེ། དེ་དག་ཀྱང་མོས་པ་སྤྱོད་པའི་ས་ཉིད་ལ་གནས་པའི་ཡོན་ཏན་དུ་ཤེས་པར་བྱའོ། །འདི་བདེན་པ་ཡང་བདག་ཉིད་ཅེས་པ་ནས། སངས་རྒྱས་འགྲུབ་དང་འོག་རྣམས་སོ། །ཞེས་པའི་བར་དུ་གྲུབ་པའི་རིགས་རྣམས་བཤད་པ་སྟེ་འདི་བདེན་པ་ཡང་བདག་ཉིད་མི་
འགྲུབ་པ་ཡང་དེ་བཞིན་དུ་ཡང་དག་མཐོང་བ་དེ་བཞིན་སངས་རྒྱས་ཀྱང་དེ་བཞིན་ངས་ཀྱང་མངོན་པའོ་ཞེས་པ་ནི། གང་གིས་བྱང་ཆུབ་སེམས་དཔའ་ཐོབ། །ཞེས་པ་དེ་ཉིད་ཀྱི་རྗེས་སུ་བསྔགས་པའི་ཁྱད་པར་ཏེ། གང་ཡང་བྱང་ཆུབ་ཀྱི་སེམས་ཐོབ་པ་དེ་བདེན་པ་ཡང་དག་པ་ཉིད་ཀྱི་མི་སླུ་བ་སྟེ། སྔོན་
เล่ม ๖๙ · หน้า 205b
གྱི་སངས་རྒྱས་དང་ངས་ཀྱང་ཡང་དག་པ་ཉིད་ཀྱི་སླུ་བ་ཡིན་ཞེས་པར་མཐོང་ཞེས་པའོ། །གང་གིས་བྱང་ཆུབ་སེམས་ཐོབ་པ་ཡང་བསྒྲུབས་ནས་ཀུན་དུ་བཟང་པོའམ་འཕགས་པ་འཇམ་དཔལ་ཅིག་གིས་ཀླད་པ་ལ་བྱུགས་ན་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བ་འཐོབ་བོ་ཞེས་གོང་དུ་
བཤད་པ་དེ་ལྟ་བུའི་གྲུབ་པ་ཐོབ་པ་ནི་བྱང་ཆུབ་ཀྱི་སེམས་ཐོབ་པ་ཞེས་བྱ་བ་སྟེ། དེ་ལྟ་བུ་གྲུབ་ན་དེ་ཉིད་གྲུབ་པ་ཡིན་གྱི་གཞན་ཅི་དགོས་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་གྲུབ་པ་ལ་སོགས་པ་གཞན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་གཞན་ཡང་གྲུབ་པ་ནི། །གྲུབ་པ་རྣམ་པ་ལྔ་ཞེས་བསྒྲགས། །
ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གྲུབ་པ་དེ་ལས་གཞན་པའོ། །གཞན་མིང་གིས་འབྱུང་བ་ལྔ་ལ་བྱས་ཏེ་དེ་རྣམས་ཀྱང་སྤྱོད་པའི་རྗེས་སུ་འཇུག་པ་ལ་སོགས་པའོ། །དེ་ལ་སྤྱོད་པའི་རྗེས་སུ་ཞུགས། །ཞེས་པ་ནི་མོས་པ་སྤྱོད་པའི་ས་ལས་འཕར་ཏེ་ཡེ་ཤེས་ཀྱི་ས་ལ་འཇུག་པའི་སྐབས་སུ་སྣང་བ་ཐོབ་
པ་དང་། སྣང་བ་མཆེད་པ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྲུབ་པའོ། །ས་ལས་འཕར་བའང་དེ་བཞིན་ཏེ། །ཞེས་པ་ནི་ས་རབ་ཏུ་དགའ་བ་ཐོབ་པར་གྲུབ་པའོ། །འཇིག་རྟེན་མངོན་ཤེས་ལྔ་རྣམས་དང་། །ཞེས་པ་ནི་འཇིག་རྟེན་གྱི་ལྔ་མངོན་པར་ཤེས་པ་གྲུབ་པའོ། །སངས་
རྒྱས་གྲུབ་དང་ཞེས་པ་ནི་སངས་རྒྱས་ཀྱི་གཟུགས་སུ་གྱུར་པའི་རིག་འཛིན་དུ་གྲུབ་པའོ། །ཕལ་རྣམས་ཞེས་པ་ནི་རིག་འཛིན་ཕལ་རྣམས་གྲུབ་པ་སྟེ་དེ་གཉིས་ནི་གཟུགས་ཀྱིས་གྲུབ་པའོ། །གོང་མ་གསུམ་ནི་སེམས་ཀྱིས་གྲུབ་པ་ཤེས་པར་བྱའོ། །རྒྱུད་ནས་རྒྱུད་དུ་བ་རྣམས་ཀྱིས། །ཞེས་པ་ནས། སྔགས་པ་
ཡིད་ལས་བྱུང་བའོ། །ཞེས་པའི་བར་དུ་གྲུབ་པའི་དུས་བཤད་པ་སྟེ། དེ་ལས་གྲུབ་པའི་དུས་ཀྱང་ཚེ་འདི་ལ་གྲུབ་པ་དང་ཚེ་ཕྱི་མ་ལ་གྲུབ་པ་རྣམ་པ་གཉིས་ཏེ། རྒྱུད་ནས་རྒྱུད་དུ་བ་རྣམས་ཀྱི། །ལས་རྣམས་ཇི་སྲིད་མ་ཟད་ཅིང་། །སྨིན་པ་རྣམ་པར་དེ་སྨིན་པ། །དེ་ནི་གྲུབ་པ་ཡིན་ཞེས་བསྒྲགས། །ཞེས་པ་
ནི་ཚེ་འདི་ལས་གྲུབ་པ་སྟེ། རྒྱུད་ནས་རྒྱུད་དུ་བ་རྣམས་ཀྱི་ལས་རྣམས་རྒྱུད་མ་ཟད་ཅེས་པ་ནི། ཚེ་སྔ་མའི་རྒྱུད་སྒོ་དྲུག་ལ་སོགས་པ་ནས་ལས་བསགས་པའི་ཚེ་འདིའི་རྒྱུད་ལ་ཟད་པར་མ་གྱུར་ཏེ། བདག་གི་ཕུང་པོ་གསོན་ན་ཞེས་པའོ། །སྨིན་པ་རྣམ་པར་དེ་སྨིན་ན། །ཞེས་པ་ནི་ད་ལྟ་ཡང་གསོན་ལ་ཚེ་དང་
เล่ม ๖๙ · หน้า 206a
བསོད་ནམས་ལ་སོགས་པའི་རྒྱུ་བཏབ་པའི་འབྲས་བུ་ཡང་འདིར་སྨིན་པར་གྱུར་ན་སྔ་མའི་ལས་རྣམས་མ་ཟད་པས་བདག་ཚེ་རིང་སྨིན་པ་རྣམ་པར་སྨིན་པས་བདག་གི་བསོད་ནམས་ཀྱི་རྒྱུ་མཐུས་རྟག་པར་གྱུར་ཏེ། སྒྲུབ་པའི་ཚེ་དེ་ལྟར་ཚེ་དང་བསོད་ནམས་གཉིས་ཀས་བསྲུངས་ན་དེ་ཉིད་
ཚེ་འདི་ཉིད་ལ་འགྲུབ་པར་བཤད་དོ། །མདོ་རུ་དུས་གཅིག་ཏུ་ཡང་ན་ནམ་ཞིག་དང་། ཚེ་ཟད་ན་ཚེ་དེ་གྲུབ་པ་ཐོབ་པ་ནི་སྔགས་པ་ཡིད་ལས་བྱུང་བའོ་ཞེས་པ་ནི་སྒྲུབ་པ་བསྒྲུབས་པས་ལས་དང་ཚེས་མ་བསྟངས་ཏེ། དུས་གཅིག་ཏུ་ནི་ལས་དང་ཚེ་ཟད་པར་གྱུར་ན། སྒྲུབ་པ་བསྒྲུབས་པའི་འབྲས་བུ་སྔགས་
པ་དེས་ཚེ་ཕྱི་མ་ལ་བསྒྲུབ་མི་དགོས་པར་རྡོ་རྗེ་ལ་སོགས་པའི་རིགས་སུ་སྐྱེ་བ་དང་། རིག་འཛིན་ལ་སོགས་པར་སྐྱེ་བ་འཐོབ་པར་འགྱུར་རོ་ཞེས་པའོ། །སྔགས་པ་ཡིད་ལས་བྱུང་བའོ། །ཞེས་པ་ནི་རྫས་ལ་སོགས་པ་བསྒྲུབ་མི་དགོས་པར་ཚེ་འཕོས་མ་ཐག་ཏུ་ཡིད་ཉིད་ཀྱིས་གྲུབ་པ་དེ་དག་ཐོབ་པར་འགྱུར་
རོ། །གྲུབ་ནས་ནམ་མཁའ་ལ་འགྲོ་བ། །ཞེས་པ་ནས། སངས་རྒྱས་གཅིག་བརྗོད་པར་མི་འགྱུར། །ཞེས་པའི་བར་དུ་གྲུབ་པའི་འབྲས་བུ་རྣམས་དྲིས་པ་བཤད་པ་སྟེ། གྲུབ་ནས་ནམ་མཁའ་ལ་འགྲོ་བ། །ཇི་ལྟར་སྒྱུ་མ་མཁས་པ་བཞིན། །སྔགས་ཀྱི་དྲ་བས་བསླུས་པ་ནི། །ཇི་ལྟར་མིག་འཕྲུལ་
ཆེན་པོ་བཞིན། །ཞེས་པ་ནི་གྲུབ་ནས་ནམ་མཁའ་ལ་འགྲོ་བ་བཤད་པ་སྟེ། ཇི་ལྟར་མིག་འཕྲུལ་མཁན་དེ་ནམ་མཁའ་ལ་འགྲོ་བ་དང་། རྫུ་འཕྲུལ་སྣ་ཚོགས་བྱེད་པ་བཞིན་དུ་སྔགས་པ་དེ་ཡང་རིག་འཛིན་ལ་སོགས་པར་གྲུབ་ནས་ནམ་མཁའ་ལ་འགྲོ་བ་དང་། སྔགས་ཀྱི་མཐུས་རྣམ་པ་སྣ་ཚོགས་
པའི་སྤྲུལ་པ་ལ་སོགས་པ་སྟོན་པར་བྱེད་དོ་ཞེས་པའོ། །གང་ན་ལུས་དང་ངག་མེད་པར་དྲི་ཟའི་གྲོང་ཁྱེར་བཞིན་དུ་དེ་བཞིན་མི་སྣང་བར་འགྱུར་ཞེས་བྱ། དེའི་གནས་ནི་དེ་ཡིན་ནོ་ཞེས་པ་ནི་རིག་འཛིན་ལ་སོགས་པ་གྲུབ་ནས་མི་སྣང་བར་འགྱུར་བའི་དཔེ་དྲི་ཟའི་གྲོང་ཁྱེར་ལས་བླངས་ཏེ་བཤད་པ་སྟེ། ཇི་ལྟར་
དྲི་ཟའི་གྲོང་ཁྱེར་ལུས་ལ་སོགས་པ་དངོས་སུ་མི་སྣང་ཞིང་། བར་སྣང་ལ་གནས་པར་བྱེད་པ་དེ་བཞིན་དུ་སྔགས་པ་དེ་ཡང་གྲུབ་ནས་ལུས་ཀྱང་མི་སྣང་ལ་ཚིག་ཏུ་བརྗོད་པ་ཡང་མི་ཐོས་པར་ནམ་མཁའ་ལ་མི་སྣང་བར་གྱུར་ཅིང་བར་སྣང་ལ་གནས་པར་བྱེད་པའོ་ཞེས་བཤད་དོ། །ཇི་ལྟར་ཉལ་བའི་རྨི་ལམ་ན་
เล่ม ๖๙ · หน้า 206b
སུམ་ཅུ་རྩ་གསུམ་གནས་སུ་ཕྱིན་ཏེ། དེའི་ལུས་དང་བྲལ་བ་ཡང་མེད། དེ་ལ་ནི་དེར་ཕྱིན་པ་ཡང་མེད། དེ་བཞིན་སྦྱོར་བ་གཉིས་ཀྱིས་ཀྱང་སྔགས་པ་སྔགས་ཀྱི་རྒྱུད་ནས། ལུས་ནི་འཇའ་ཟུག་པ་དང་འདྲ། །ལས་དང་བསོད་ནམས་ལས་རྙེད་པ། །ཞེས་པ་ནི་སྔགས་པ་དེ་རིག་འཛིན་ལ་སོགས་པ་གྲུབ་ནས།
ལུས་འདི་ཡང་མི་འདོར་བར་ནམ་མཁའ་ལ་སོགས་པ་ལ་འགྲོ་བའི་དཔེ་རྨི་ལམ་ལས་བླངས་ཏེ་བཤད་པ་སྟེ། ཇི་ལྟར་སྐྱེས་བུ་ཉལ་བའི་རྨི་ལམ་ན། སུམ་ཅུ་རྩ་གསུམ་ལ་སོགས་པའི་གནས་མཐོང་བར་འགྱུར་བ་དེ་བཞིན་དུ་སྔགས་པ་དེ་ཡང་སྦྱོར་བའི་དབང་གིས་ལུས་འདི་ཉིད་མ་བོར་བར་ནམ་
མཁའ་ལ་སོགས་པར་འགྲོ་བ་ཡང་རང་གིས་མཐོང་ངོ་། །གཟུགས་རྣམ་པ་སྣ་ཚོགས་ཀྱང་སྟོན་ནུས་པར་འགྱུར་ཞེས་པའོ། །ལུས་ནི་འཇའ་ཟུག་པ་དང་འདྲ། །ཞེས་པ་ནི་གཟུགས་སྣ་ཚོགས་སྟོན་པའོ། །སྔགས་ནི་ཡིད་བཞིན་ནོར་བུ་འདྲ། །ལུས་དང་ངག་དང་ཡིད་ལས་བྱུང་། །དེ་ལས་དོན་དུ་བརྩམས་
པ་ནི། །མ་བརྟགས་བཞིན་དུ་གྲུབ་པ་ཡིན། །ཞེས་པ་ནི་སྔགས་ཀྱི་གྲུབ་པ་ཡིད་བཞིན་ནོར་བུ་ལས་དཔེ་བླངས་ཏེ་བཤད་པ་སྟེ། ཇི་ལྟར་ཡིད་བཞིན་ནོར་བུ་གང་བསམས་པའི་དོན་རྣམས་མ་བརྟགས་པར་དགོས་པ་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱོར་བར་འགྱུར་བ་དེ་བཞིན་དུ་སྔགས་འགྲུབ་པའི་འབྲས་བུ་
ཡང་གང་འདོད་པ་རྣམས་བརྟག་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱོར་བར་འགྱུར་ཞེས་པའོ། །ཇི་ལྟར་ནམ་མཁའ་ཕྱོགས་རྣམས་ལ་འདུས་བྱས་སྤྱོད་ཡུལ་ཐམས་ཅད་ཀྱིས་མི་གོས་པ་དེ་བཞིན་སྔགས་པ་ཡང་རྟོག་པའི་སྤྱོད་ཡུལ་ཀུན་གྱིས་སོ། །གྲུབ་པ་ཐོབ་པ་དེ་ཡང་གཟའ་དང་སྐར་མ་དང་
ལྟས་ངན་ལ་སོགས་པས་མི་ཚུགས་པར་བཤད་པ་སྟེ། ཇི་ལྟར་ནམ་མཁའ་འདུས་བྱས་ལ་སོགས་པའི་དྲི་མས་མི་གོས་པ་བཞིན་དུ་གྲུབ་པའི་སྔགས་དེ་ཡང་གཟའ་དང་སྐར་མ་ལ་སོགས་པ་བཟང་ངན་གྱི་ལས་སུ་མི་རྟོག་སྟེ། དེ་དག་གིས་ལྟས་ངན་པ་ལ་སོགས་པས་ཀྱང་མི་ཚུགས་ཞེས་པའོ། །འདི་
དག་ཐམས་ཅད་འདུ་ཤེས་ཙམ། །དེ་ལྟར་རྣམ་པར་སྒོམ་པར་བྱེད། །སྔགས་པ་དེ་ལྟར་བསྒོམས་ན་ནི། །སངས་རྒྱས་ལྷན་ཅིག་བརྗོད་འགྱུར་རོ། །ཞེས་པ་ནི་སྔགས་གྲུབ་པ་ཐོབ་ནས་སངས་རྒྱས་དང་ལྷན་ཅིག་ཏུ་འགྲོགས་པ་ཐོབ་པར་བཤད་པ་སྟེ། དེ་དག་ཐམས་ཅད་འདུ་ཤེས་ཙམ། །ཞེས་པ་ནི་
เล่ม ๖๙ · หน้า 207a
འདུས་བྱས་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་དངོས་སུ་ཡོད་པ་མ་ཡིན་གྱི། འདུ་ཤེས་ཙམ་དུ་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཚེ་བསྒོམས་པས་ཀུན་དུ་སངས་རྒྱས་པ་དང་ལྷན་ཅིག་ཏུ་འགྲོགས་ཤིང་། དེ་ལ་ཆོས་ཉན་པ་ལ་སོགས་པས་དགའ་བར་འགྱུར་ཞེས་པའོ། །སྦྱིན་
སྲེག་གཉིས་སུ་གསུངས་པ་ནི། །སངས་རྒྱས་རྐང་གཉིས་གཙོ་བོ་སྟེ། །ཕྱི་རོལ་གྱི་དང་ནང་གི་སྟེ། །དེ་ཡང་ཚིམ་བྱེད་བཅས་པའོ། །ཞེས་པ་ནི་སྦྱིན་སྲེག་གི་ལས་མེ་རྣམས་སུ་ཞེས་སྔར་དྲིས་པ་ལ་རྣམ་པ་གཉིས་ནི་སྔར་བཤད་ཟིན་ཏོ། །འདིར་ནི་སྦྱིན་སྲེག་རྣམ་པ་གཉིས་བཤད་པའི་ཕྱིའི་མེ་དང་
ནང་གི་མེ་རྣམ་པ་གཉིས་བཤད་དེ། དེ་ཡང་མཉེས་པར་བྱ་བ་དང་བཅས་པར་བྱ་བ་དང་ཞེས་གསུངས་པའོ། །དེ་ལ་ནང་གི་སེམས་ཀྱིས་མཉེས་པར་བྱ་བ་ནི། རང་གི་ས་བོན་ལས་སླར་ལྷའི་གཟུགས་སུ་བསྒྱུར་བར་སྔར་བཤད་དོ། །ཕྱི་རོལ་གྱིས་མཉེས་པར་བྱ་བའི་བསྲེག་པའི་རྫས་གཉིས་ཀྱིས་མཉེས་
བར་བྱའོ། །ལྷ་རྣམས་ཀྱི་སོ་སོའི་ཞེས་པ་ནས། ཡང་དག་སངས་རྒྱས་རྫོགས་པར་གསུངས། །ཞེས་པའི་བར་དུ་ལྷ་རྣམས་ཀྱི་རང་བཞིན་དང་གྲུབ་པའི་ཚད་རྣམས་བཤད་པ་སྟེ། ལྷ་རྣམས་ཀྱི། སོ་སོའི་ངོ་བོ་ཉིད་ཀྱང་ཤེས་ནས་སུ། །ཞེས་པ་ནི་ལྷ་རྣམས་ཀྱི་རང་བཞིན་ཤེས་པར་བྱས་ནས་དེ་དག་གི་
གྲུབ་པའི་འབྲས་བུ་ཡང་ཤེས་པར་འགྱུར་ཞེས་པ་སྟེ། དེ་ལ་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་རང་བཞིན་ནི་སྔར་བཤད་ཟིན་ཏོ། །འདིར་ནི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་རང་བཞིན་བཤད་ནས། དེའི་རང་བཞིན་ནི་མཐུ་ལས་འབྲས་བུའི་ཚད་ཤེས་པ་སྟེ། དེ་བས་ན་གསུངས་པ། འཇིག་རྟེན་གྱི་
སྔགས་ཀྱི་ཚད་ནི་ཀུན་དུ་གསུངས་པ་ཡང་ཞེས་པ་ལ་སོགས་པ་སྟེ། དབང་པོ་ལ་སོགས་པའི་ལྷ་མཐུ་ཆེན་པོ་དེ་དག་གིས་སྨྲས་པའི་སྔགས་དང་ཕྱག་རྒྱ་རྣམས་ནི་འབྲས་བུ་འཕྲལ་དུ་སྟེར་བ་སྟེ། དེ་དག་གི་ཚད་དུ་གསུངས་པ་སྟེ། ཚད་ཅེས་པ་ནི་དེ་དག་གི་མཐུ་ལ་བྱའོ། །དེ་རྣམས་ལ་རྟག་པ་མེད་དེ། སྐྱེ་
ཞིང་འཇིག་པའི་ཆོས་ཅན་ནོ། །ཞེས་པ་ནི་དེ་དག་གི་ཁྱད་པར་གསུངས་པ་སྟེ། འཇིག་རྟེན་པའི་ལྷ་རྣམས་འབྲས་བུ་ཚེ་འདི་ལ་འཕྲལ་དུ་སྟེར་མོད་ཀྱི། དེ་རྣམས་སྐྱེ་ཞིང་འཇིག་པའི་ཆོས་ཅན་པས་མི་རྟག་པའོ། །འཇིག་རྟེན་ལས་འདས་པའི་སྔགས་རྣམས་ནི་ཞེས་པ་ནས། བྱེ་བྲག་ཀུན་ཀྱང་བཤད་པ་ཡིན། །
เล่ม ๖๙ · หน้า 207b
ཞེས་པའི་བར་འཇིག་རྟེན་ལས་འདས་པའི་སྔགས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པས་གསུངས་པའི་སྔགས་རྣམས་ཐོག་མའི་བྱེད་པ་མེད་ཅིང་ལས་དང་ཚེ་དང་འཆད་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཉེས་པ་གསུམ་དང་བྲལ་བས་
སྐྱེ་ཞིང་འཇིག་པ་ལ་སོགས་པ་མེད་པས་སྔར་ཚད་རྣམས་བཤད་ཟིན་ཏོ་ཞེས་པའོ། །དུས་གསུམ་ལས་ནི་ཤིན་ཏུ་འདས། །རྐྱེན་ལས་སྐྱེས་པར་བྱུང་བ་སྟེ། །འབྲས་བུ་མཐོང་དང་མི་མཐོང་ལ། །ངག་ཡིད་གསུམ་ལས་བྱུང་བའོ། །ཞེས་པ་ནི་དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་སྔགས་
རྣམས་འཇིག་རྟེན་པ་ལྟར་མཐོང་བའི་ཆོས་འབའ་ཞིག་ལ། འབྲས་བུ་འཕྲལ་དུ་སྟེར་བ་འབའ་ཞིག་མ་ཡིན་གྱི་མཐོང་བའི་ཆོས་དང་མི་མཐོང་བ་གཉིས་ཀ་ལ་འབྲས་བུ་སྟེར་ཞེས་པ་སྟེ། མཐོང་བའི་ལྷ་དང་མི་ལ་སོགས་པ་འགྲུབ་པའོ། །མི་མཐོང་བ་ནི་མྱ་ངན་ལས་འདས་པའོ། །འབྲས་བུའི་
ཚད་ནི་བསྐལ་པ་གཅིག་འཇིག་རྟེན་གྱི་ཞེས་གསུངས་པ་ནི། འཇིག་རྟེན་པའི་ལྷ་རྣམས་ཀྱི་གྲུབ་པའི་འབྲས་བུ་ཇི་སྲིད་ཐུབ་པ་གསུངས་པ་སྟེ། འཇིག་རྟེན་གྱི་འབྲས་བུ་ནི་བསྐལ་པ་གཅིག་གི་བར་དུ་ཐུབ་ཅེས་པའོ། །བསྐལ་པ་གཅིག་ལས་སྔགས་འབྲས་བུ། །ཡང་དག་སངས་རྒྱས་རྫོགས་
པས་གསུངས། །ཞེས་པ་ནི་འཇིག་རྟེན་ལས་འདས་པའི་སྔགས་རྣམས་ཀྱི་འབྲས་བུ་བསྐལ་པ་ལས་འདས་པར་ཐུབ་ཅེས་པའོ། །ཏིང་འཛིན་རྒྱལ་བའི་སྲས་རྣམས་དང་། །དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི། །མཚན་དང་བྲལ་ཏེ་དག་པ་ཡིན། །འཇིག་རྟེན་མཚན་མར་བཅས་ཞེས་པ་ནི་སྔགས་པ་
རྣམས་ཀྱི་ཏིང་ངེ་འཛིན་བཤད་པ་སྟེ། དེ་ལ་སྤྱིར་ཏིང་ངེ་འཛིན་ལ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་ཀྱིའོ། །དེ་ལ་དོན་དམ་པ་ནི་ཡི་གེ་ཨ་ལ་སོགས་པ་འབྲུ་རེའི་སྒོ་ནས་བསྟན་པའོ། །ཀུན་རྫོབ་ཀྱི་ནི་སྔགས་ཀྱི་ཕྲེང་བའི་ཚིག་ལས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་
རྣམས་ཏེ། དེ་དག་གི་ཚིག་ཏུ་གྱུར་པའི་ཏིང་ངེ་འཛིན་གྱི་ཡི་གེ་རྣམས་ནི་སྔར་བཤད་ཟིན་ཏོ། །འདིར་ནི་ཏིང་ངེ་འཛིན་གྱི་དོན་རྣམས་བཤད་པ་སྟེ། རྒྱལ་བའི་སྲས་རྣམས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི། །ཞེས་པ་ནི་ལུས་དང་ངག་དང་ཡིད་
เล่ม ๖๙ · หน้า 208a
གསུམ་ཐུབ་པའི་མཚན་ཉིད་དྲང་སྲོང་སྟེ་མི་གནས་པའི་མྱ་ངན་ལས་འདས་པ་ཀུན་དུ་སངས་རྒྱས་པ་ལ་སོགས་པ་ལ་བྱ་སྟེ། དེ་དག་གི་ཏིང་ངེ་འཛིན་གྱི་དོན་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པ་རྣམ་པར་མི་རྟོག་པའི་མཚན་ཉིད་པས་མཚན་མ་དང་བྲལ་བ་སྟེ་དགའ་བའོ། །
འཇིག་རྟེན་གྱི་མཚན་མར་བཅས་པ་ཞེས་པ་ནི་ནམ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལས་བཞེངས་པ་ནི། སངས་རྒྱས་ཀྱི་རྣམ་པར་བརྒྱན་པ་ལ་སོགས་པ་ཇི་བཞིན་པ་དང་བཅས་པའི་སྤྱོད་པ་དང་འཇུག་པ་དང་སངས་རྒྱས་དང་མངོན་པར་བྱང་ཆུབ་ནས་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་མི་
ཟད་པའི་འཁོར་ལོ་ལ་སོགས་པ་འབྱུང་བ་ཡང་སྦྱིན་པ་དང་བཅས་པའི་སྤྱོད་པ་སྟེ། དེ་དག་ལ་ཡང་འཇིག་རྟེན་གྱི་མཚན་མ་དང་བཅས་ཞེས་པའོ། །གཉིས་སུ་ན་མུ་སྟེགས་འཇིག་རྟེན་པའི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་དངོས་པོ་ཡོད་པར་བལྟ་བས་ན་མཚན་མ་དང་བཅས་ཞེས་བྱའོ། །རྣམ་པར་
སྨིན་པའང་རྣམ་སྨིན་འདིར། །ལས་ཀྱི་འབྲས་བུ་རྙེད་འགྱུར་བ། །ནམ་ཞིག་གྲུབ་པ་རྙེད་ན་ནི། །དེ་ལ་ལས་ཀྱང་ལྡོག་པར་ཤེས། །ཞེས་པ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལྷའི་རྣམ་པར་སྨིན་པའི་གཟུགས་ཕུང་པོ་ལྔ་འདི་ལས་ལས་ཀྱི་འབྲས་བུ་སྨིན་པར་གྱུར་པ་སྟེ་ནམ་བདག་གིས་ཏིང་
ངེ་འཛིན་ལ་སོགས་པའི་གྲུབ་པ་ཐོབ་ན། དེ་ན་ལས་ཀྱི་རྣམ་པར་སྨིན་པ་དེ་གྲུབ་པ་དེས་ཟིལ་གྱིས་ནོན་ནས་འབྲས་བུ་མི་སྨིན་པར་དེ་ལྡོག་པར་འགྱུར་རོ་ཞེས་པའོ། །སེམས་ནི་ངོ་བོ་ཉིད་མེད་པས། །འབྲས་བུ་རྒྱུ་ཡང་རྣམ་སྤངས་ལ། །ལས་དང་ཚེ་ལས་རྣམ་གྲོལ་བ། །ནམ་མཁའ་འདྲ་བར་
སྐྱེ་བར་འགྱུར། །ཞེས་པ་ནི་གྲུབ་པའི་མཐའ་སངས་རྒྱས་སུ་འགྱུར་བ་བསྟན་པ་སྟེ། སྒྲུབ་པ་པོས་བྱང་ཆུབ་ཀྱི་སེམས་དག་པར་བསྒོམས་པས་སེམས་ཀྱི་རང་བཞིན་མེད་པར་ཆུད་དེ། །ཆོས་ཀྱི་རྒྱུ་དང་འབྲས་བུ་དམིགས་སུ་མེད་པས་ལས་ཀྱི་རྒྱུ་ཚེ་ནི་འབྲས་བུ་སྟེ། ལས་དང་ཚེ་ལས་ཀྱང་རྣམ་པར་
གྲོལ་བར་གྱུར་ཏེ། དེ་ལྟར་ལས་དང་ཚེ་རྣམ་པར་གྲོལ་ན་ནམ་མཁའ་འདྲ་བར་གཟུང་བ་དང་འཛིན་པ་སྤངས་པ་དག་པའི་མཚན་ཉིད་དུ་འགྱུར་ཞེས་པའོ། །དེ་ལྟར་གསང་བའི་བདག་པོ་ཞེས་པ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྲངས་མེད་པར་འབྱུང་བ་དེ་བྲི་བའི་ཚུལ་
เล่ม ๖๙ · หน้า 208b
ཉོན་ཅིག་ཅེས་པའི་བར་དུ་གསང་བའི་དཀྱིལ་འཁོར་རང་བཞིན་དང་ཡོན་ཏན་སྨོས་ནས་ཉོན་ཅིག་ཅེས་པ་སྟེ། དེ་ལ་ཕྱག་རྒྱའི་གཟུགས་སུ་དགོད་པའི་ལེའུ་ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་ལུང་བསྟན་པ་དང་། ཚིག་གིས་
གཟུགས་སུ་བཀོད་ཀྱི་འདིར་ནི་སེམས་རང་བཞིན་དངོས་སུ་གཞུག་ཏུ་མི་རུང་བའི་ཕྱག་རྒྱའི་གཟུགས་སུ་བཀོད་པ་སྟེ། དེ་ནི་ལེའུ་ཕྱག་རྒྱའི་གཟུགས་སུ་བཀོད་པའི་དཀྱིལ་འཁོར་ལ་བྱའོ། །ལྷ་རྣམས་གནས་སུ་བྱིན་གྱིས་རློབ་པ་ཞེས་པ་ནི་དཀྱིལ་འཁོར་དེར་ཕྱག་རྒྱའི་གཟུགས་སུ་ལྷ་རྣམས་
དགོད་པར་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་པའོ། །ཏིང་ངེ་འཛིན་གྱི་རྒྱུད་ལྔ་ཞེས་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལྔ་པོ་དེ་དག་ཉིད་ཡེ་ཤེས་ཀྱི་བྱེ་བྲག་ལས་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་དེ་ལྔ་ལས་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་ལ་ཆུད་པར་འགྱུར་བའོ་ཞེས་པའོ། །
སྔོན་གྱི་སངས་རྒྱས་རྣམས་ཀྱིས་མངོན་པར་སངས་རྒྱས་པ་ཞེས་པ་ནི་སངས་རྒྱས་ཐམས་ཅད་བྱ་བ་གཅིག་ཏུ་བསྟན་པ་སྟེ། སྔོན་གྱི་སངས་རྒྱས་ཀྱིས་ཀྱང་མཁྱེན་ནས་བཤད་ཀྱིས་དེ་ཉོན་ཅིག་ཅེས་པ་དང་སྦྱར་རོ། །ཆོས་ཀྱི་དབྱིངས་ནམ་མཁའི་སྤྱོད་ཡུལ་ཞེས་པ་ནས་ཕན་པ་དང་བདེ་བའི་ཕྱིར་ཞེས་
པའི་བར་དུ་དཀྱིལ་འཁོར་དེ་བཤད་པ་ཡང་ཕྱག་ན་རྡོ་རྗེས་མི་མཁྱེན་པའི་ཕྱིར་བཤད་པ་ནི་མ་ཡིན་གྱི། མོས་པ་སྤྱོད་པའི་ས་ལ་གནས་པ་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་བཤད་དོ་ཞེས་པ་སྟེ། ཆོས་ཀྱི་དབྱིངས་ནམ་མཁའི་སྤྱོད་ཡུལ་ཞེས་པ་ནི།
མོས་པ་སྤྱོད་པའི་ས་ལ་གནས་པ་སྟེ། དེ་རྣམས་ཀྱི་ཤེས་རབ་ཀྱི་ཡོན་ཏན་བཤད་པ་སྟེ། དེ་དག་གི་ཤེས་རབ་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་ལ་དམིགས་པའི་སྤྱོད་ཡུལ་དུ་གྱུར་ཞེས་པའོ། །དེ་དག་ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བའི་སྤྱོད་ཡུལ་དུ་གྱུར་ན་སྔགས་ཀྱི་ཚུལ་བཤད་
ཅི་དགོས་ཤེ་ན། དེ་དག་དེ་ལྟར་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་ཀྱང་ཐབས་ཀྱིས་སེམས་ཅན་སྒྲོལ་བར་བྱེད་དོ། །དེ་བས་ན་གསུངས་པ། སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡིད་མ་ཆེས་པ་ཞེས་པ་སྟེ། དེ་ལྟར་ཐབས་དང་ཤེས་རབ་ཏུ་འབྲེལ་པའི་སྔགས་ཀྱི་སྒོར་བྱང་ཆུབ་
เล่ม ๖๙ · หน้า 209a
སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་དཀྱིལ་འཁོར་དེ་ཉོན་ཅིག་ཅེས་པའོ། །དེ་ལ་དོན་གྱི་ཕྱིར་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མྱ་ངན་ལས་འདས་པའམ་མ་ལུས་པའི་བདེ་བའི་ཕྱིར་རོ། །ཕན་པའི་ཕྱིར་ཞེས་པ་ནི་ཚེ་འདི་དང་ཕྱི་མ་
གཉིས་ལ་ཕན་པའི་ཕྱིར་རོ། །བདེ་བའི་ཕྱིར་ཞེས་པ་ནི། ཚེ་འདི་ལ་བདེ་བའི་ཕྱིར་རོ་ཞེས་པའོ། །གསང་བའི་བདག་པོ་ཐོག་མར་ཡང་དག་པར་ཀུན་དུ་སངས་རྒྱས་པའི་དཀྱིལ་འཁོར་བྲི་བའི་ཞེས་པ་ནི་དཀྱིལ་འཁོར་སྔ་མ་དག་དང་འདྲ་བ་སྟེ། དང་པོ་སྙིང་པོའི་དཀྱིལ་འཁོར་དུ་བཅོམ་ལྡན་
འདས་རྣམ་པར་སྣང་མཛད་བྲི་བའི་ཞེས་པ་སྟེ་བྲི་ཚུལ་ཉོན་ཅིག་ཅེས་པའོ། །འོག་ནས་འབྱུང་བ་དང་སྦྱར་རོ། །གསང་བའི་ཡང་གསང་བ་ཞེས་པ་ནི། གསང་བ་ནི་སེམས་ཅན་གྱི་རང་བཞིན་ཕྲ་ཞིང་དམིགས་སུ་མེད་པས་ན་གསང་བའོ། །དེའི་ཡང་གསང་བ་ནི་དམ་ཚིག་མེད་པའི་སེམས་
ཅན་རྣམས་ལ་མི་བསྟན་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་པ་ནི་སྔ་མ་བཞིན་ནོ། །གང་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྲངས་མེད་པ་འབྱུང་བ་ཞེས་པ་ནི་འཇིག་རྟེན་གྱི་དཀྱིལ་འཁོར་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ཚོན་གྱིས་བྲི་བ་
རྣམས་སོ། །འཇིག་རྟེན་ལས་འདས་པ་ནི་རང་བཞིན་གྱི་དཀྱིལ་འཁོར་ཏེ་གཟུགས་བརྙན་གྱི་དཀྱིལ་འཁོར་རྣམས་ཀྱང་འདི་ལས་འཕྲོ་བ་དང་། རང་བཞིན་གྱི་དཀྱིལ་འཁོར་ཀྱང་འདི་མཐོང་བ་ལས་ཤེས་པར་གྱུར་པས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འབྱུང་བ་
ཞེས་བྱའོ། །ཡང་ན་འཇིག་རྟེན་གྱི་ལྷ་རྣམས་ཀྱི་དཀྱིལ་འཁོར་དང་། འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་གྲངས་མེད་པ་རྣམས་ཀྱང་འདི་ལས་འབྱུང་བ་ཞེས་པ་སྟེ་དེ་བྲི་བའི་ཚུལ་ཉོན་ཅིག་ཅེས་པའོ། །ཀུན་དུ་གྲུ་བཞི་ལྷམ་པར་ཏེ། །ཞེས་པ་ནས། བྲི་བ་ཡང་ནི་
དཔའ་བོས་སོ། །ཞེས་པའི་བར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པའི་སྙིང་པོའི་དཀྱིལ་འཁོར་བྲི་བ་སྟེ། དཀྱིལ་འཁོར་གྱིས་བཅད་པ་དང་སྣམ་བུའི་རིམ་པ་དང་ཚོན་དགྱེ་བ་ལ་སོགས་པའི་ཆོ་ག་རྣམས་ཀྱི་དཀྱིལ་འཁོར་གོང་མ་རྣམས་སུ་ཇི་སྐད་གསུངས་པ་བཞིན་ནོ། །
เล่ม ๖๙ · หน้า 209b
ཀུན་དུ་གྲུ་བཞི་ལྷམ་པ་ཞེས་པ་ནི་ཚད་མེད་པ་བཞི་དང་ལྡན་པར་སྟོན་པའོ། །སྒོ་གཅིག་ཅེས་པ་ནི་སྒོ་མང་པོ་ནས་ཆོས་ཀྱི་དབྱིངས་ཀྱི་སྒོ་གཅིག་ཏུ་འདུ་བར་བསྟན་པའོ། །སྟེགས་བུར་བཅས་པ་ཞེས་པ་ནི་མཐའ་ཚོན་གྱིས་བྲི་བའི་དབུས་ཚོན་སེར་པོས་བཀང་སྟེ། བཅོམ་ལྡན་འདས་བཞུགས་
པའི་གཞིར་བཅས་ཞེས་པའོ། །རྡོ་རྗེའི་མཚན་མས་བཏབ་པ་ཞེས་པ་ནི་དེའི་ནང་དུ་ནུབ་ཕྱོགས་ཀྱི་ལོགས་སུ་རྡོ་རྗེ་རྩེ་ལྔ་པ་གཅིག་པའོ། །དབུས་སུ་རྡོ་རྗེ་རྩེ་བརྒྱ་པ། །ཞེས་པ་ནི་རྒྱུའི་ཚེ་རྣམ་པར་གྲོལ་བའི་གཟུངས་ཞེས་བརྒྱ་པ་དང་བཅས་པ་བསྟན་པ་སྟེ། རྣམ་པར་གྲོལ་བའི་སྒོར་ཡེ་ཤེས་
བརྒྱར་ཡང་ཡི་གེ་འཁོར་ལོ་བསྐོར་བའི་ལེའུ་ལས་ཡི་གེ་ཨས་མགོ་བཙུགས་ན། ཀའི་རིས་ནས་ཡ་དང་ར་དང་བ་དང་ལ་ཡན་ཆད་ཀྱི་བར་དུ་ཡི་གེ་ཉི་ཤུ་རྩ་བཞི་སྨོས་པ་དང་། དང་པོ་ཨ་དང་ཉི་ཤུ་ལྔ་སྟེ། དེ་ལྟར་ཨ་དང་བཅས་པ་དེ་ཡང་ཉི་ཤུ་ལྔ། ཨ་དང་བཅས་པ་ཉི་ཤུ་ལྔ། ཨ་དང་
བཅས་པ་ཉི་ཤུ་ལྔ་སྟེ། དེ་ལྟར་རྣམ་པར་ཐར་པའི་སྒོ་བརྒྱ་ལས་ཡེ་ཤེས་བརྒྱར་སྦྱར་བའི་རང་བཞིན་རྡོ་རྗེ་རྩེ་བརྒྱ་པ་དེའི་དབུས་སུ་བྲིའོ་ཞེས་པའོ། །ཤ་དང་ཥ་ཊ་ར་ས་དང་། ཧ་རྣམས་ནི་ཆ་གཉིས་པའི་ནང་དུ་འདུས་པར་ཤེས་པའོ། །དེའི་སྟེང་དུ་པདྨོ་བྲི་བར་བྱ་བ་ནི་ས་བོན་དང་བཅས་
པ་རྒྱས་པར་ཏེ་ཞེས་པ་ནི་རྡོ་རྗེ་དེའི་སྟེང་དུ་པདྨོ་འདབ་མ་བཞི་པ་རང་གི་ས་བོན་དང་བཅས་པ་བྲི་བའོ། །དེ་སྟེང་དུ་ཡང་པདྨོ་ཆེན། །ཕྱག་རྒྱ་ཀླད་ཀྱི་འཁོར་གྱིས་བརྒྱན། །འདབ་མ་བརྒྱད་ཀྱང་རྫོགས་པར་ཏེ། །གེ་སར་བཅས་པ་ཤིན་ཏུ་བཟང་། །ཞེས་པ་ནི་པདྨོའི་སྟེང་དུ་ཡང་པདྨོ་ཆེན་
པོ་འདབ་མ་བརྒྱད་པ་བྲིས་པ་སྟེ། ཕྱག་རྒྱ་ཀླད་ཀོར་གྱིས་བརྒྱན་ཞེས་པ་ནི་ཀླད་ཀོར་ནི་སྟོང་པ་ཉིད་དུ་སྟོན་པའི་ཚིག་ཡིན་པས་ཡན་ལག་བཅུ་གཉིས་ཀྱི་རིག་པའི་རྒྱལ་པོ་ལ་བྱ་སྟེ། ཡན་ལག་བཅུ་གཉིས་ཚིག་བྲི་བར། །ཞེས་པ་དང་སྦྱར་རོ། །ཕྱག་རྒྱ་ནི་གསང་བའི་ཕྱག་རྒྱ་བརྒྱད་པ་
སྟེ་བརྒྱད་པ་དཀྱིལ་འཁོར་གྱི་ཞེས་པ་དང་སྦྱར་རོ། །པདྨོ་སྟེང་མཆེ་བ་དང་འདབ་མ་བརྒྱད་ཀྱི་བྱེ་བྲག་ཆེ་བས་དེའི་འོག་མ་དེ་བས་ཆུང་བར་བྱ་བར་མངོན་པ་སྟེ་འདབ་མ་བཞི་པར་ཤེས་པར་བྱའོ། །གཉིས་སུ་ན་རྒྱུའི་ཚེ་པདྨོ་བས་ཆུང་ངུ་ཤེས་པར་བྱའོ། །པདྨོ་ཆེན་པོ་འདབ་མ་བརྒྱད་པ་ནི་
เล่ม ๖๙ · หน้า 210a
ཡེ་ཤེས་བརྒྱད་ཀྱི་རང་བཞིན་དུ་སྔར་བཤད་པ་བཞིན་ནོ། །ཡན་ལག་བཅུ་གཉིས་ཚིག་བྲི་བ། །འདབ་མ་ཀུན་ལ་རྒྱས་པར་ཏེ། །ཞེས་པ་ནི་ཡན་ལག་བཅུ་གཉིས་པའི་རིག་པའི་རྒྱལ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོར་བཅས་པའི་ཡི་གེ་ཟུང་བརྒྱད་པ་རྣམས་འདབ་
མ་བརྒྱད་ལ་བྲི་བར་བྱའོ། །དེ་ཡི་དབུས་སུ་མགོན་པོ་བཞུགས། །ཀུན་དུ་སངས་རྒྱས་རྐང་གཉིས་གཙོ། །བརྒྱད་པ་དཀྱིལ་འཁོར་བརྒྱད་འཁོར་གྱིས། །ཀུན་དུ་ཡང་ནི་བསྐོར་བཞིན་དུ། །ཞེས་པ་ནི་པདྨོའི་དབུས་ཀྱི་སྙིང་པོ་ལ་བཅོམ་ལྡན་འདས་བཞུགས་ཏེ། ཕྱག་རྒྱ་བརྒྱད་
པོ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་ཁོ་ར་ཁོར་ཡུག་ཏུ་རང་གི་དཀྱིལ་འཁོར་དང་ས་བོན་དུ་བཅས་པར་པདྨོའི་སྙིང་པོ་དེ་ཉིད་ལ་བྲི་བར་བྱའོ། །འདི་ནི་མཆོག་ཏུ་ཤེས་པར་བྱ། །སྙིང་རྗེ་འབྱུང་བའི་དཀྱིལ་འཁོར་ཏེ། །ཞེས་པ་ནི་མཆོག་ཅེས་པ་ནི་སྟོན་པའི་མཆོག་གོ། །སྙིང་རྗེ་
འབྱུང་ཞེས་པ་ནི་སྔ་མ་བཞིན་ནོ། །དེ་ལས་འབྱུང་བར་ཤེས་པར་བྱ། །དཀྱིལ་འཁོར་རྣམས་ནི་གཞུང་བཞིན་དུའོ། །ལས་དང་ལུས་ནི་ཀུན་གྲུབ་པ། །གྲུབ་པ་ཡང་ནི་དཔའ་བོས་སོ། །ཞེས་པ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱི་དཀྱིལ་འཁོར་གཟུགས་སུ་བྲིའོ། །
དཀྱིལ་འཁོར་གྱི་སྔགས་ཀྱི་གཞུང་གཞན་དག་ལས་བཤད་པ་རྣམས་ཀྱང་དཀྱིལ་འཁོར་འདི་ལས་འབྱུང་བར་ཤེས་པར་བྱ་ཞེས་ཏེ་དེ་ནི་དབང་ཆེན་གྱི་དཀྱིལ་འཁོར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་སུ་ཤེས་པར་བྱའོ། །གསང་བའི་བདག་པོ་གཞན་ཡང་དེ་བཞིན་
གཤེགས་པའི་དཀྱིལ་འཁོར་དུ་གྱུར་པ་ནི་ཞེས་པ་ནས། དེ་ནི་ཕྱོགས་བཅུ་ཀུན་དུ་སོང་། །ཞེས་པའི་བར་དུ་བཅོམ་ལྡན་འདས་ཀྱི་ཤར་ཕྱོགས་སུ་མ་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྲི་སྟེ། ཟླ་བའི་དཀྱིལ་འཁོར་འདྲ་བ་སྟེ། །ཞེས་པ་ནི་བཅོམ་ལྡན་འདས་
ཀྱི་གདན་པདྨོའི་ཁ་དོག་ཟླ་བའི་དཀྱིལ་འཁོར་ལྟར་དཀར་པོ་ཞེས་པའོ། །དབུས་ན་འོད་དཀར་དུང་འདྲ་ཞེས་པ་ནི་ཆུའི་དཀྱིལ་འཁོར་ཁ་དོག་དུང་དང་འདྲ་བར་བྱའོ། །སངས་རྒྱས་ཀུན་གྱི་གྲུ་གསུམ་པོ། །པདྨོ་དཀར་པོའི་སྟེང་ན་གནས། །ཞེས་པ་ནི་ཆུའི་དཀྱིལ་འཁོར་གྱི་སྟེང་ན་
เล่ม ๖๙ · หน้า 210b
ཕྱག་རྒྱ་གྲུ་གསུམ་པོ་པདྨ་དཀར་པོའི་སྟེང་ན་གནས་པ་བྲི་ཞེས་པའོ། །འཁོར་བཅས་བྱས་པ་རྒྱ་ཆེན་པོ། །ཞེས་པ་ནི་དེར་ཡི་གེ་ཨ་ཀླད་ཀོར་དང་བཅས་པར་བཞག་ཅེས་པའོ། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ནི་དེར་རྡོ་རྗེ་རྩེ་ལྔ་པ་བྲི་ཞེས་པའོ། །འོད་ཀྱང་གཉིས་
སུ་བྱ་བ་ནི། །ཀུན་དུ་ཐེ་ཚོམ་མེད་བཞིན་དུ། །སྔགས་ཀྱི་མགོན་ལས་བྱུང་བ་ནི། །དེ་ནི་ཕྱོགས་བཅུ་ཀུན་དུ་སོང་། །ཞེས་པ་ནི་ཕྱག་རྒྱ་གྲུ་གསུམ་པོ་དེ་གྲུ་གཉིས་ནས་འོད་གཉིས་འབྱུང་བར་བྲིས་ཏེ། དེ་ཡང་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་དང་སྤྲུལ་པའི་སྐུ་འབྱུང་བར་ཤེས་པར་བྱའོ། །
དེ་ནས་གསང་བའི་བདག་པོ་འཇིག་རྟེན་གྱི་དབང་པོའི་དཀྱིལ་འཁོར་ནི་ཞེས་པ་ནས། རིག་པའི་རྒྱལ་པོར་བཅས་པ་རུ། །མཁས་པས་སུ་ནི་བྲི་བར་བྱ། །ཞེས་པའི་བར་དུ་སྤྱན་རས་གཟིགས་ཀྱི་དབང་པོའི་དཀྱིལ་འཁོར་བཤད་པ་སྟེ། ཀུན་དུ་གྲུ་བཞི་ལྷམ་པར་ཏེ། །ཞེས་པ་དབང་
ཆེན་གྱི་དཀྱིལ་འཁོར་དུ་བྲི་ཞེས་པའོ། །དབུས་སུ་དུང་ནི་གཞག་པར་བྱ། །ཞེས་པ་ནི་དེའི་དབུས་སུ་ཆུའི་དཀྱིལ་འཁོར་བྲི་ཞེས་པའོ། །དེ་སྟེང་པདྨོ་བྲི་བ་ནི། །ས་བོན་དུ་བཅས་རྒྱས་པ་སྟེ། །ཞེས་པ་ནི་ཆུའི་དཀྱིལ་འཁོར་དེའི་སྟེང་དུ་པདྨོ་དཀར་པོ་ས་བོན་ཨ་དང་བཅས་པ་བྲི་ཞེས་པའོ། །
དེ་སྟེང་རྡོ་རྗེ་ཆེན་པོ་སྟེ། །ཞེས་པ་ནི་པདྨོའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བཞག་ཅེས་པའོ། །རྡོ་རྗེ་ལས་ནི་པདྨོ་རྒྱ་ཆེན་པོ། །ས་བོན་གྱིས་ནི་ཀུན་གདབ་པ། །རང་གི་ས་བོན་གྱིས་ཀྱང་གདབ། །ཅེས་པ་ནི་རྡོ་རྗེ་དེའི་སྟེང་དུ་པདྨོ་ཆེན་པོ་འདབ་མ་བརྒྱད་པ་བྲིས་ཏེ། རང་གི་ས་བོན་དང་བཅས་པ་བྲི་
ཞེས་པའོ། །སྐྱོང་བ་དང་ནི་ཁྲོ་གཉེར་དང་། །ཞེས་པ་ནི་ལེགས་པར་བྱེ་བྲག་ཏུ་ཞེས་པའི་བར་དུ་སྐྱོང་བ་ལ་སོགས་པའི་འཁོར་རྣམས་ཕྱག་རྒྱའི་གཟུགས་སུ་དཀྱིལ་འཁོར་དེར་བྲི་ཞེས་པའོ། །རྟ་མགྲིན་ཅན་གྱི་བྱ་བ་ནི། །ཞེས་པ་ནས། མཁས་པས་སུ་ནི་བྲི་ཞེས་པའོ། །ཞེས་པའི་
དཀྱིལ་འཁོར་དེའི་ནུབ་ཕྱོགས་ཀྱི་མཐའ་མར་རྟ་མགྲིན་ཅན་གྱི་དཀྱིལ་འཁོར་གྲུ་གསུམ་པ་བྲིས་ཏེ། དཀྱིལ་འཁོར་འཕྲུལ་གྱི་མཚན་གྱིས་བཏབ། །ཅེས་པ་ནི་གྲུ་གསུམ་པོ་དཀྱིལ་འཁོར་གྱི་མཚན་མ་ཞེས་བྱའོ། །ཉི་མ་ཤར་བ་དང་འདྲ་སྟེ། །ཞེས་པ་ནི་དཀྱིལ་འཁོར་དེའི་ཁ་དོག་
เล่ม ๖๙ · หน้า 211a
ཉི་མ་དང་འདྲ་ཞེས་པའོ། །རིག་པའི་རྒྱལ་པོ་བཅས་པ་རུ། །མཁས་པས་སུ་ནི་བྲི་བར་བྱ། །ཞེས་པའི་དཀྱིལ་འཁོར་གྲུ་གསུམ་པོ་དེར་རིག་པའི་རྒྱལ་པོ་རྟ་མགྲིན་དང་བཅས་པ་བྲི་ཞེས་པ་སྟེ། དེའི་ཕྱག་རྒྱའི་གཟུགས་སུ་བྲི་བར་ཤེས་པར་བྱའོ། །གསང་བའི་བདག་
པོ་གཞན་ཡང་ཁྱོད་ཉིད་ཀྱིས་དཀྱིལ་འཁོར་འདིར་བཤད་དོ་ཞེས་པ་ནས། རྒྱལ་བ་གཙོ་བོ་རྣམས་ཀྱིས་གསུངས་པ་ཞེས་པའི་བར་དུ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བཤད་པ་སྟེ། ཕྱག་ན་རྡོ་རྗེ་ནི་བྱ་བ་ནན་ཏན་གྱི་རང་བཞིན་ཏེ། ལས་ཐམས་ཅད་པས་དཀྱིལ་འཁོར་བཞི་པར་ཚད་དང་
ལྡན་པར་ཤེས་པར་བྱའོ། །ཀུན་དུ་གྲུ་བཞི་ལྷམ་པར་ཏེ། །རྡོ་རྗེའི་མཚན་གྱིས་ཤིན་ཏུ་བཏབ། །ཀུན་ཀྱང་རབ་ཏུ་སེར་ལ་བཟང་། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དང་པོར་བྲིས་ཏེ་སྔ་མ་བཞིན་ནོ། །པདྨའི་དབུས་སུ་རབ་ཏུ་གནས། །དེ་ཡི་དབུས་སུ་ཡང་བྲི་བ། །བུམ་པ་ཟླ་
བ་དང་འདྲ་བ། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་པདྨོ་བྲིས་ཏེ། པདྨོའི་སྟེང་དུ་ཆུའི་དཀྱིལ་འཁོར་བྲི་བ་སྟེ་བུམ་པ་ནི་ཆུའི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་ནི་མཚན་གྱིས་སུ་ཡང་བཏབ། །འཁོར་གྱིས་ཀྱང་ནི་རྣམ་པར་བརྒྱན། །ཞེས་པ་ནི་དཀྱིལ་འཁོར་དེ་རང་
གི་ས་བོན་ཡི་གེ་པ་ཀླད་ཀོར་དང་བཅས་པའི་མཚན་མས་བཏབ་ཅེས་པའོ། །དེ་ཡི་སྟེང་དུ་ཆུ་ཆེན་པོ། །གསལ་བར་དབྱར་གྱི་སྤྲིན་འདྲ་བར། །དཔལ་དང་གཡོ་བ་སྔགས་མཁན་གྱིས། །འཁོར་གྱིས་རྣམ་པར་བརྒྱན་པར་བྱ། །ཞེས་པ་ནི་ཆུའི་དཀྱིལ་འཁོར་དེའི་སྟེང་དུ་རླུང་གི་དཀྱིལ་
འཁོར་ཁ་དོག་སྨུག་ནག་དབྱར་གྱི་སྤྲིན་དང་འདྲ་བར་བ་དན་དང་བཅས་པ་གཡོ་བཞིན་དུ་བྲིས་ཏེ། འཁོར་གྱིས་རྣམ་པར་བརྒྱན་པར་བྱ། །ཞེས་པ་ནི་རང་གི་ས་བོན་ཡི་གེ་ཧ་དང་བཅས་པར་ཤེས་པར་བྱ་ཞེས་པའོ། །དེའི་སྟེང་ན་འཇིགས་པ་ཆེན་པོ་འཇིགས་པའི་མེའི་གཟུགས་འདྲ་བ་གྲུ་
གསུམ་པོ་དང་འདྲ་བར་བྱ་ཞེས་པ་ནི། རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་འཕགས་པའི་བསྐལ་པའི་མེའི་ཁ་དོག་འདྲ་བ་འཇིགས་འཇིགས་ལྟར་འདུག་པ་འདྲ་བ་ཞེས་པའོ། །འབར་བས་ཀྱང་བརྒྱན་བཞིན་དུ་ཞེས་པ་ནི་དཀྱིལ་འཁོར་དེའི་མཚན་མ་གྲུ་གསུམ་
เล่ม ๖๙ · หน้า 211b
པོས་ཀྱང་གདབ་ཅེས་པའོ། །འབར་བའི་ཕྲེང་བས་འཇིགས་བཞིན་དུ། །འཁོར་ནི་ཉི་མ་ཤར་དང་འདྲ། །ཞེས་པ་ནི་འབར་བའི་ཕྲེང་བ་ཁ་དོག་ཉི་མ་ཤར་བ་དང་འདྲ་བ་འཇིགས་པས་འཁོར་བར་བྱ་ཞེས་པའོ། །དེ་ཡི་དབུས་སུ་པདྨོ་བྱ། །དུས་མཐའི་མེ་ཡི་དཀྱིལ་དང་འདྲ། །ཞེས་
པ་ནི་མེའི་དཀྱིལ་འཁོར་དེའི་དབུས་སུ་པདྨོའི་ཁ་དོག་འདྲ་བ་དམར་པོ་གཉིས་བྲི་ཞེས་པའོ། །པདྨའི་སྟེང་དུ་རྡོ་རྗེ་སྟེ། །འབར་བའི་ཕྲེང་བ་གོང་བཞིན་བྱ། །ཞེས་པ་ནི་པདྨའི་སྟེང་དུ་རྡོ་རྗེ་དམར་སྨུག་གི་ཁ་དོག་ཏུ་བྲིས་ཏེ། འབར་བ་ཞེས་པ་ནི་མེའི་ཁ་དོག་གཡོ་བ་ནི་རླུང་གི་ཤས་ཏེ།
མེ་དང་རླུང་གཉིས་ཀའི་ཤས་ཡོད་པས་རྡོ་རྗེ་དམར་སྨུག་ཏུ་བྱའོ། །ཧཱུྃ་ཞེས་པ་ཡི་སྒྲས་ནོན་པའི། །ས་བོན་དམ་པས་སུ་ནི་བརྒྱན། །ཞེས་པ་ནི་རྡོ་རྗེའི་སྔོན་དུ་ཕྱག་ན་རྡོ་རྗེའི་ས་བོན་གྱི་ཡི་གེ་ཧཱུྃ་གཞག་པར་བྱ་ཞེས་པའོ། །དཔའ་བོ་ཁྱོད་ཀྱི་དཀྱིལ་འཁོར་འདི། །རྒྱལ་བ་གཙོ་བོ་
རྣམས་ཀྱིས་གསུངས། །ཞེས་པ་ནི་སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཀྱང་གསུངས་ཞེས་པའོ། །དཔའ་བོ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལ་བོས་པའི་ཚིག་གོ། །མཱ་མ་ཀཱི་དང་ལུ་གུ་རྒྱུད། །ཅེས་པ་ནི་དེ་ལས་ཀུན་ཤིན་ཏུ་གྲུབ་པའི་ཕྱིར་རོ་ཞེས་པའི་བར་དུ། མཱ་མ་ཀཱི་ལ་སོགས་པའི་འཁོར་
རྣམས་དང་། དབང་ཆེན་གྱི་དཀྱིལ་འཁོར་གྱི་ནང་དུ་བྲི་བར་བཤད་པ་སྟེ། ཕྱག་རྒྱའི་དཀྱིལ་འཁོར་ས་བོན་གྱི། །ཁ་དོག་རིམ་པར་ཕྱེད་པ་སྟེ། །ཇི་ལྟར་རིམ་པ་བཞིན་དུ་ཤེས། །ཞེས་པ་ནི་སོ་སོའི་ཕྱག་རྒྱ་དང་ས་བོན་རྣམས་སོ་སོའི་ཁ་དོག་ཅི་འདྲ་བ་ལས་དཀྱིལ་འཁོར་ཀྱང་དེ་བཞིན་
དུ་ཤེས་པར་བྱ་སྟེ། སྔར་བཤད་པའི་རིམ་པ་བཞིན་དུ་ཇི་ལྟར་རིམ་བཞིན་དུ་བྲི་ཞེས་པའོ། །དེ་ནས་གཞན་གྱིས་ཡང་བཤད་པ། །ཞེས་པ་ནས་མཐུ་ཆེན་དང་ལྡན་པའོ་ཞེས་པའི་བར་དུ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་འོག་ལོགས་སུ་ནམ་མཁའ་དྲི་མ་མེད་པ་ལ་སོགས་པའི་རྡོ་རྗེ་འཛིན་
བཅུ་གཉིས་མིང་གིས་སྨོས་པ་རྣམས་བྲིས་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་ཀྱང་དབང་ཆེན་ལ་སོགས་པ་བཞི་པོ་བྲི་བར་གསུངས་པ། དཀར་པོ་དམར་པོ་སེར་པོ་དང་། །ནག་པོ་ཞེས་ཀྱང་གསུངས་པ་ཡིན། །ཞེས་པ་སྟེ་དཀྱིལ་འཁོར་འདི་བཞི་རྡོ་རྗེ་འཛིན་པ་བཅུ་གཉིས་ལ་ལན་གསུམ་
เล่ม ๖๙ · หน้า 212a
དུ་རིམ་བཞིན་དུ་བསྒྲེས་ཏེ་སྦྱར་རོ། །ཕྱག་རྒྱའི་གཟུགས་ཀྱང་བཤད་པ་ནི། །རྩེ་གསུམ་དང་ནི་རྩེ་གཅིག་སྟེ། །ཁ་ཅིག་གཉི་ག་ཡང་མ་ཡིན། །དེ་ལ་ཁ་ཅིག་ཕྲེང་ཅན་ནི། །དེ་རྣམས་ཀྱི་ཕྱག་རྒྱ་སྟེ་རྡོ་རྗེ་རྩེ་གསུམ་ལ་ཡང་རྣམ་པ་གཉིས་ཏེ། ཕྱོགས་གཅིག་རྩེ་
གསུམ་པ་དང་། ཕྱོགས་གཉིས་ཀ་རྩེ་གསུམ་པའོ། །དེ་བཞིན་རྩེ་གཅིག་པ་ཡང་ཤེས་པར་བྱ་སྟེ། དེ་བས་ན་ཁ་དོག་གཉི་ག་གཟུང་བའོ། །གཉི་ག་ཡང་མ་ཡིན་ཞེས་པ་ནི་རྡོ་རྗེ་ཐུ་ལུམ་དུ་ཤེས་པར་བྱའོ། །དེ་ལ་ཁ་ཅིག་ཕྲེང་བ་ཅན། །ཞེས་པ་ནི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་སྟེ།
ཕྱག་རྒྱ་དེ་ལན་དྲུག་ཏུ་བསྒྲེས་པ་བཅུ་གཉིས་སུ་ཁྱབ་པར་བྱའོ། །ཁ་དོག་རྣམ་པའང་ཤེས་པར་བྱ། །ཞེས་པ་ནི་ཕྱག་རྒྱ་དེ་རྣམས་ཀྱི་ཁ་དོག་ཤ་སྟག་ཀྱང་རྡོ་རྗེ་འཛིན་དེ་དག་ཉིད་ཀྱི་ཁ་དོག་ཇི་ལྟ་བ་བཞིན་དུའོ་ཞེས་པའོ། །ཀུན་ཀྱང་རྣམ་པར་འདུལ་བ་སྟེ། །མཐུ་ཆེན་དང་ནི་ལྡན་པའོ། །
ཞེས་པ་ནི་རྡོ་རྗེ་འཛིན་པ་དེ་དག་གི་རྗེས་སུ་བསྔགས་པ་སྟེ་གདུལ་དཀའ་བ་རྣམས་འདུལ་ནས་ཞེས་པའོ། །མགོན་པོ་མི་གཡོའི་དཀྱིལ་འཁོར་ནི། །ཞེས་པ་ནས། མཁས་པས་དེར་ནི་བྲི་བར་བྱ། །ཞེས་པའི་བར་དུ་འཕགས་པའི་དཀྱིལ་འཁོར་བཤད་པ་སྟེ། རླུང་དང་མེ་ཞེས་
བསྒྲགས་པ་ཡིན། །ཞེས་པ་ནི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་བྲི། དེའི་སྟེང་དུ་འཕགས་པ་མི་གཡོ་བའི་ཕྱག་རྒྱ་རལ་གྲིའམ་ཞགས་པ་གང་ཡང་རུང་བ་ཅིག་རང་གི་ས་བོན་དང་བཅས་པར་བྲི་ཞེས་པའོ། །ཁམས་གསུམ་རྣམ་པར་འདུལ་བ་ཡང་། །ཤིན་ཏུ་
རླུང་གི་དབུས་སུ་སྟེ། །ཞེས་པ་ཡང་ཞེས་པའི་ཚིག་གིས་འཕགས་པ་མི་གཡོ་བའི་དཀྱིལ་འཁོར་ལྟར་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་བྲི་ཞེས་པའོ། །རླུང་གི་དབུས་སུ་ཞེས་པ་ནི་མེའི་དཀྱིལ་འཁོར་གྱི་སྟེང་དུ་རླུང་གི་དཀྱིལ་འཁོར་བྲིས་ཏེ། དེའི་དབུས་སུ་རྡོ་རྗེའི་ཕྱག་
རྒྱ་རང་གི་མཚན་མ་དང་བཅས་པར་ཞེས་སོ། །གནས་གསུམ་ལ་ནི་འདུག་པའོ། །ཞེས་པ་ནི་རླུང་གི་དཀྱིལ་འཁོར་གཉིས་དང་མེའི་དཀྱིལ་འཁོར་གསུམ་ལ་འཇུག་ཅེས་པའོ། །གསང་བའི་བདག་པོ་གཞན་ཡང་ཞེས་པ་ནས་ས་བོན་གྱིས་གདབ་མདོ་རུ་ཞེས་པའི་བར་དུ་ནམ་མཁའ་ཅན་གྱི་
เล่ม ๖๙ · หน้า 212b
དཀྱིལ་འཁོར་བཤད་པ་སྟེ། དབང་ཆེན་གྱི་དཀྱིལ་འཁོར་ནི་སྔ་མ་བཞིན་ནོ། །ལྷ་མོ་དེའི་ཁ་དོག་ཀྱང་སེར་པོར་བྱ་སྟེ། པདྨོའི་སྟེང་དུ་བཞུགས་པར་རོ། །དེ་རུ་བྲི་བ་གཙུག་ཏོར་ཏེ། །དུམ་བུ་གསུམ་དུ་གནས་པར་ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་པདྨོ་བྲིས་ཏེ། པདྨོའི་སྟེང་
དུ་ཕྱག་རྒྱ་གཙུག་ཏོར་ཆ་གསུམ་དང་བཅས་པ་བྲི་ཞེས་པའོ། །དེ་ལས་དབུ་མའི་ཆ་བོར་དེ་རུའང་སྤྱན་བྲིས་ཤིག །ཅེས་པ་ནི་གཙུག་ཏོར་གྱི་ཕྱག་རྒྱ་དེ་སྨད་སུམ་གཉིས་བོར་ལ་སྟོད་ཀྱི་སུམ་ཆ་ནི་ནང་དུ་སྤྱན་གྱི་ཕྱག་རྒྱ་བྲིའོ། །འོད་འབར་དབུས་སུ་གནས་པ་སྟེ། །ཞེས་པ་ནི་གཙུག་ཏོར་གྱི་
ཕྱག་རྒྱ་དེ་འོད་འབར་བའི་ནང་དུ་འདུག་པར་བྱ་ཞེས་པའོ། །ས་བོན་གྱིས་གདབ་མདོ་རུ་ཞེས་པ་ནི་ཡུམ་དེའི་ས་བོན་དང་ཡི་གེ་དང་བཅས་པར་བྱ་ཞེས་པའོ། །བྱང་ཆུབ་སེམས་དཔའ་ཀུན་གྱི་ཞེས་པ་ནས། ཀུན་གྱི་བསམ་པ་རྫོགས་བྱེད་པའོ། །ཞེས་པའི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་བྲི་ཞེས་པའོ། །དེ་ནས་ཤཱཀྱ་སེང་གེའི་ཞེས་པ་ནས། རིམ་བཞིན་དུ་ནི་གཞག་པར་བྱ། །ཞེས་པའི་བར་དུ་དཀྱིལ་འཁོར་སྣམ་བུ་གཉིས་པོ་ཤཱཀྱ་ཐུབ་པ་དབང་ཆེན་གྱི་དཀྱིལ་འཁོར་བཞུགས་པར་བྲི་སྟེ་གཞན་ནི་སྔ་མ་བཞིན་ནོ། །
དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་པདྨོ་སེར་པོ་བཞག་སྟེ། པདྨོའི་སྟེང་དུ་ལྷུང་བཟེད་དམ་ཆོས་གོས་སམ་འཁར་གསིལ་གསུམ་ལས་གང་ཡང་རུང་བ་ཅིག་བཞག་སྟེ། དེ་ཡང་འབར་བ་དང་བཅས་པ་ལ་རྡོ་རྗེའི་མཚན་གྱིས་བཏབ་པར་བྱ་ཞེས་པའོ། །གཙུག་ཏོར་ལྔ་གསུངས་པ་ཞེས་
པ་ནས། ཁ་དོག་རིམ་པ་རྟོགས་པར་བྱ། །ཞེས་པའི་བར་དུ་གཙུག་ཏོར་ལྔ་པོ་རྣམས་ཀྱི་ཕྱག་རྒྱ་བྲི་བར་བཤད་པ་སྟེ། དེ་དག་གི་དཀྱིལ་འཁོར་ནི་སོ་སོའི་ཁ་དོག་ཅི་འདྲ་བ་དང་སྦྱར་བར་བྱ་སྟེ། ཁ་དོག་ཀྱང་དཀྱིལ་འཁོར་སྔ་མར་བཤད་ཟིན་ཏོ། །ཡིད་བཞིན་ནོར་བུ་སྤུ་མཛོད་ཀྱི། །ཞེས་
པ་ནི་སྤུ་མཛོད་ཀྱི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་བྲི་ཞེས་པ་སྟེ། དཀྱིལ་འཁོར་ཡང་དེ་ཉིད་ཀྱི་ཁ་དོག་ཅི་འདྲ་བ་དང་སྦྱར་རོ། །སྤྱན་རྣམས་ཀྱིས་ནི་འདི་ཉོན་ཅིག །གཙུག་ཏོར་དེ་ནི་ཀུན་སེར་པོ། །རྡོ་རྗེ་མཚན་གྱིས་གདབ་པར་བྱ། །ཞེས་པ་ནི་སངས་རྒྱས་ཀྱི་སྤྱན་ཕྱག་རྒྱ་གཙུག་ཏོར་སེར་པོ་བྲིས་
เล่ม ๖๙ · หน้า 213a
ཏེ་རྡོ་རྗེ་མཚན་མ་དང་བཅས་པ་བྲི་ཞེས་པའོ། །དེའི་ཁ་དོག་སེར་པོ་བས་དབང་ཆེན་གྱི་དཀྱིལ་འཁོར་དུ་བྲི་བར་ཤེས་པར་བྱའོ། །གཞན་གྱིས་མི་ཚུགས་ལག་པ་པདྨོར་བཅས་ཏེ་ངོ་མཚར་ཆེའོ་ཞེས་པ་ནི་ལྷ་མོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱ་ལག་པ་ཁུ་ཚུར་བཅས་པ་
འདྲ་བ་པདྨོ་ཐོགས་པ་བྲིའོ། །གཞན་གྱིས་མི་ཚུགས་དེ་ཡི་ནི། །དབང་ཆེན་པདྨ་གནག་གནས་པའོ། །ཞེས་པ་ནི་གཞན་གྱིས་མི་ཐུབ་ཅེས་བྱ་བའི་རིག་པའི་རྒྱལ་མོ་ཕྱག་རྒྱར་བྲི་སྟེ་པདྨོ་ནག་པོའི་སྟེང་ན་གནས་པར་བྱའོ། །གཙང་མ་གནས་པ་རྣམས་ཀྱི་བཤད་པ་ནི་ཞེས་པ་ནས།
རྒྱས་པ་བྲིས་ཤིག་ཆོ་ག་བཞིན་དུ་ཞེས་པའི་བར་དུ་གནས་གཙང་མ་རྣམས་ཀྱི་ཕྱག་རྒྱ་བྲི་བར་བཤད་པ་སྟེ། བསམ་པའི་ལག་པ་ནི་ཐལ་མོ་འགྲམ་པ་ལ་བརྟེན་པ་སྟེ་དཀྱིལ་འཁོར་དུ་བྲི་བར་བྱ་ན། འགྲམ་པ་མི་བྲི་བར་ཐལ་མོ་འབའ་ཞིག་གྱེན་ཤོར་འདུག་པར་བྲིའོ། །ལག་བཟང་
ཞེས་པ་ནི་མི་འཇིགས་པ་སྦྱིན་པའི་ལག་པ་བྲིའོ། །དགོད་པའི་ལག་པ་ནི་ཁ་འགྲམ་ནས་འདྲེན་པ་ལྟ་བུར་བྲིའོ། །ལག་ན་མེ་ཏོག་ནི་སྲིན་ལག་དང་མཐེ་བོང་གཉིས་སྤྲད་པ་བྲིའོ། །ནམ་མཁའི་ལག་པ་ནི་ལག་པ་བསྒྲེང་བ་བྲིའོ། །བུམ་པར་ཤེས་པར་བྱ་བ་བདག་གི་ཆུས་གང་རྡོ་རྗེས་
བརྒྱན་བཞིན་ནོ་ཞེས་པ་ནི་ས་བདག་གི་ཕྱག་རྒྱ་བུམ་པ་ཆུས་གང་བ་རྡོ་རྗེས་བརྒྱན་པར་བྲི་ཞེས་པའོ། །མེའམ་འབུད་པའི་ཐབ་བཞིན་གྱི། །ལག་པ་བྲི་སྟེ་དྲང་སྲོང་བཅས། །ཞེས་པ་ནི་བསོད་སྐྱབས་ཞེས་པ་ལ་སོགས་པའི་དྲང་སྲོང་མིང་གིས་སྨོས་པ་རྣམས་དང་ལྷན་ཅིག་ཏུ་བྲི་ཞེས་ཏེ་ལག་པ་སྨྲང་འདོན་
པ་བཞིན་དུ་བྱ་ཞེས་པ་ནི། དྲང་སྲོང་རྣམས་ཀྱི་ཕྱག་རྒྱ་སྨྲང་འདོན་པའི་ལག་པ་ལྟར་མཐེ་བོ་སོར་མོའི་ཚིགས་སུ་འཇོག་པར་བྱའོ། །གཤིན་རྗེ་ཡི་ནི་དབྱིག་པ་བྲི། །རླུང་གི་ནང་ན་རྟག་འདུ་བར། །ཞེས་པ་ནི་གཤིན་རྗེའི་ཕྱག་རྒྱ་དབྱུག་པ་རླུང་གི་དཀྱིལ་འཁོར་དུ་བྲི་ཞེས་པའོ། །འཆི་
བདག་གི་དྲིལ་བུར་ཏེ་ཞེས་པ་ནས་གྲུབ་པར་འདོད་པ་རྣམས་ཀྱིས་སོ། །ཞེས་པའི་བར་དུ་གཤིན་རྗེའི་འཁོར་འཆི་བདག་དང་དུས་མཚན་མོ་ལ་སོགས་པའི་ཕྱག་རྒྱ་མིང་གིས་སྨོས་པ་རྣམས་ཀྱི་དཀྱིལ་འཁོར་གྱི་ནང་དུ་ཐ་མར་ཁྭ་དང་བྱ་རྒོད་ལ་སོགས་པས་བསྐོར་བར་བྲིའོ། །ནི་རི་ཏི་ཡི་
เล่ม ๖๙ · หน้า 213b
རལ་གྲི་བྲི། །ཞེས་པ་ནས་ཤེས་བྱ་དཀྱིལ་འཁོར་དུ་ཞེས་པའི་བར་དུ་གཏོགས་འདོད་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཀྱི་ཕྱག་རྒྱ་ཡང་ཇི་སྐད་དུ་སྨོས་པ་བཞིན་དུ་བྲི་བར་བཤད་དོ། །དེ་དག་ལ་སོགས་པའི་དཀྱིལ་འཁོར་དངོས་སུ་མ་སྨོས་པ་རྣམས་ཀྱང་ལྷ་རྣམས་སོ་སོའི་ཁ་དོག་དང་
གཟུགས་དཀྱིལ་འཁོར་སྡེ་མ་བཤད་པ་དང་སྦྱར་བར་བྱའོ། །དེ་ནས་རྡོ་རྗེ་ཡོན་སྦྱིན་ཞེས་པ་ནས། ཨུཏྤལ་རྣམས་ཉིད་ཀྱིས་བྱའོ་ཞེས་པའི་བར་དུ་དཀྱིལ་འཁོར་སྣམ་བུ་གསུམ་པོ་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་བྲི་བར་བཤད་པ་སྟེ། ཀུན་ཀྱང་གྲུ་བཞི་ལྷམ་པར་བྱ། །རྡོ་
རྗེའི་མཚན་གྱིས་བཏབ་ཅེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དེ་སྔ་མ་བཞིན་ནོ། །དེ་ཡི་དབུས་སུ་ཡང་བྱ་བ། །མེ་འབྱུང་བ་ཡི་དཀྱིལ་འཁོར་ཏེ། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་ཏེ་དེའི་དབུས་སུ་མེའི་དཀྱིལ་འཁོར་བྲིའོ། །དེའི་དབུས་སུ་ཕྱག་རྒྱ་བྲི་བ་ནི་ཨུཏྤ་ལ་སྟེ་ལེགས་པའོ་
ཞེས་པ་ནི་མེའི་དཀྱིལ་འཁོར་དབུས་སུ་ཕྱག་རྒྱ་ཨུཏྤལ་མཛེས་པ་ཨུཏྤལའི་ཁ་དོག་ཉིད་དུ་བྲི། རང་སྔགས་ཀྱིས་ནི་འབར་བྱས་པ། །འཇམ་དབྱངས་ཏེ་བློ་ཅན་གྱིས་ཞེས་པ་ནི་ཨུཏྤལ་དེའི་སྟེང་དུ་འཇམ་དབྱངས་ཉིད་ཀྱི་སྔགས་ཀྱི་ས་བོན་བཞག་སྟེ་གཟེངས་བསྟོད་པར་བྱ་ཞེས་པའོ། །དེའི་ས་བོན་
གྱིས་གདབ་པ་ཡང་། རང་གི་ས་བོན་ཚུལ་བཞིན་ནོ། །ཞེས་པ་ནི་དབང་ཆེན་དང་མེའི་དཀྱིལ་འཁོར་ལ་སོ་སོའི་ས་བོན་ཨ་དང་ར་ཆོ་ག་བཞིན་དུ་གཞག་ཅེས་པའོ། །མཐའ་ཡང་ཀུན་དུ་བསྐོར་བ་ནི། །ཨུཏྤ་ལ་ནི་ཉིད་ཀྱིས་བྱའོ། །ཞེས་པ་ནི་དཀྱིལ་འཁོར་དེའི་མཐའ་ཨུཏྤ་ལས་བསྐོར་བར་བྱའོ། །
དེ་ཡི་དབུས་སུ་བྲི་བ་ཞེས་པ་ནས། ཨུཏྤ་ལ་ཁ་མ་བྱེ་བ་བྱའོ་ཞེས་པའི་བར་དུ་དྲ་བའི་འོད་ལ་སོགས་པའི་ཕྱག་རྒྱ་ཇི་སྐད་སྨོས་པ་བཞིན་དུ་བྲི་ཞེས་པའོ། །ཕོ་ཉ་དག་གིས་གསུངས་པ་ནི། །ཞེས་པ་ནས། ཨུཏྤ་ལས་ནི་བརྒྱན་པར་རོ། །ཞེས་པའི་བར་དུ་སྒྲ་གཅན་ལ་སོགས་པའི་མངག་གཞུག་
པ་རྣམས་ཀྱི་ཕྱག་རྒྱ་ཇི་སྐད་དུ་སྨོས་པ་རྣམས་ཨུཏྤ་ལའི་མཚན་གྱིས་བཏབ་སྟེ་བྲི་བའོ། །ཅི་བགྱི་ཇི་སྐད་གསུངས་རྣམས་ཀྱི། །དེ་དག་ཕྱག་རྒྱ་ཁང་ག་རི། །ཞེས་པ་ནི་འཕགས་པ་འཇམ་དཔལ་གྱི་ཅི་བགྱི་བ་ཞེས་པ་ནི་སྔར་ཇི་སྐད་དུ་བཤད་པ་རྣམས་ཀྱི་ཕྱག་རྒྱ་ཁང་ག་རི་བྱ་བ་གྲི་གུག་འདྲ་བ་
เล่ม ๖๙ · หน้า 214a
རྣམས་བྲིས་ཏེ་དེའི་ཕྱོགས་སུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་རྒྱ་བྲིས་ཏེ་ཞེས་པ་ནས། དེ་དག་ཀུན་ཀྱང་དཀྱིལ་འཁོར་གྱི་ནང་ན་པདྨོ་ལ་གནས་པར་བྱའོ་ཞེས་པའི་བར་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འཁོར་དང་བཅས་པའི་ཕྱག་རྒྱ་ཇི་སྐད་དུ་སྨོས་པ་
རྣམས་བྲི་བར་གསུངས་པ་སྟེ། ལག་པ་སྙིང་གར་བཞག་པ་སྟེ་ལག་པ་འབའ་ཞིག་སྙིང་གར་འཇོག་པ་འདྲ་བ་བྲིའོ། །དེ་དག་ཀྱང་དཀྱིལ་འཁོར་གྱི་ནང་ན་པདྨོ་ལ་གནས་པར་བྱའོ་ཞེས་པ་ནི་འཕགས་པ་འཇམ་དཔལ་གྱི་དྲ་བའི་འོད་མན་ཆད་དཀྱིལ་འཁོར་དངོས་སུ་མ་སྨོས་པ་རྣམས་ཐམས་
ཅད་བླ་མའི་དཀྱིལ་འཁོར་གྱི་ནང་དུ་པདྨོའི་སྟེང་དུ་བྲིའོ་ཞེས་པའོ། །དེའི་བྱང་ཕྱོགས་སུ་སའི་སྙིང་པོའི་ཕྱག་རྒྱ་ཡིན་ཞེས་པ་ནས། ཕྱག་རྒྱའི་གཟུགས་སུ་དེ་བཤད་དོ། །ཞེས་པའི་བར་དུ་ས་ལྔའི་དཀྱིལ་འཁོར་བཤད་པ་སྟེ། དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་ཞེས་པ་ནི་དབང་
ཆེན་གྱི་དཀྱིལ་འཁོར་ནི་སྔ་མ་བཞིན་ཏེ། གཞན་རྣམས་སྔ་མ་བཞིན་བྲི་ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དེའི་དབུས་སུ་སའི་སྙིང་པོའི་སྟེང་ན་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དུ་བཤད་པ་བཞིན་དུ་བྲི་ཞེས་པའོ། །དེའི་སྟེང་དུ་པདྨོ་ཆེན་པོ་འབར་བ་བཅས། ཁ་དོག་ཀུན་ཀྱང་ལྡན་ཞེས་
པ་ནི་གདན་དེའི་སྟེང་དུ་པདྨོ་འདབ་མ་བརྒྱད་པར་བྲི་སྟེ། ཁ་དོག་ཀུན་དང་ལྡན་པ་ནི། དཀར་པོ་སེར་པོ་དམར་པོ་སྔོན་པོ་ཁ་དོག་དེ་རྣམས་ལས་གཞན་དུ་སྦྱར་བ་ལྗང་གུ་ལ་སོགས་པ་གསུམ་དང་བརྒྱད་དེ་པདྨོ་འདབ་མ་བརྒྱད་པ་ཁ་དོག་དེ་རྣམས་སུ་བྱའོ་ཞེས་པའོ། །དེའི་སྟེང་བ་དན་ཆེན་པོ་སྟེ། །རིན་
ཆེན་རྩེ་ལ་གནས་པའོ། །ཞེས་པ་ནི་པདྨོའི་སྟེང་དུ་བ་དན་རྩེ་ལ་རིན་ཆེན་བཞག་པ་བྲི་ཞེས་པའོ། །དེའི་གཟུགས་ནི་མཆོག་སྦྱིན་ཡིན་ཏེ། ཕྱག་རྒྱའི་གཟུགས་སུ་དེ་བཤད་དོ། །ཞེས་པ་ནི་སའི་སྙིང་པོ་དེའི་གཟུགས་སུ་བཤད་པ་ཞེས་པའོ། །དེ་མཐའ་ཡས་མང་པོའི་གཙོ་འཁོར་རྣམས་གྲངས་མེད་
པ་སྟེ་ཞེས་པ་ནས་ཕྱག་རྒྱ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ་ཞེས་པའི་བར་དུ། སྙིང་པོ་འཁོར་མཐའ་ཡས་པ་གྲངས་མེད་པ་རྣམས་ཀྱི་ནང་ནས་གཙོ་བོ་རྣམས་ཀྱི་ཕྱག་རྒྱ་བྲི་བར་བཤད་པ་སྟེ། ས་འཛིན་གྱི་ནི་རིན་པོ་ཆེའི་སྟེང་ན་རྡོ་རྗེ་གཉིས་པ་འཇུག་པའོ་ཞེས་པ་ནི་རྡོ་རྗེ་ཡ་ཐོག་
เล่ม ๖๙ · หน้า 214b
མ་ཐོག་གཉི་ག་རྩེ་ཅན་ཞེས་པ་སྟེ། རྡོ་རྗེ་དེ་ལྟར་བྱེ་བྲག་ཆེ་བས་རྡོ་རྗེ་གོང་མ་གཉིས་ཕྱོགས་རེ་རེ་ནས་རྩེ་གསུམ་པ་དང་རྩེ་གཅིག་པར་ཤེས་པར་བྱའོ། །ཕྱག་རྒྱ་ཐམས་ཅད་ཀྱང་དཀྱིལ་འཁོར་འདིའི་ནང་དུ་ཆུད་པར་བྱའོ་ཞེས་པ་ནི། དཀྱིལ་འཁོར་ཕྱག་རྒྱ་དེ་དག་ཐམས་ཅད་ཀྱང་དབང་
ཆེན་གྱི་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ་ཞེས་པའོ། །ནུབ་ཕྱོགས་སུ་ནི་ནམ་མཁའི་སྙིང་པོ་བྲིས་ཏེ་ཞེས་པ་ནས། ལེའུ་རྫོགས་པའི་བར་དུ་ནུབ་ཕྱོགས་སུ་ནམ་མཁའི་སྙིང་པོ་དང་འཁོར་དང་བཅས་པའི་ཕྱག་རྒྱ་ཇི་སྐད་སྨོས་པའི་རྣམ་པ་བྲི་བར་བཤད་པའོ། །དེ་ལ་དཀྱིལ་འཁོར་འདིར་ལྷ་
རྣམས་ཁ་དོག་དང་དབྱིབས་གསལ་བར་མ་གསུངས་པ་རྣམས་ནི་དཀྱིལ་འཁོར་གོང་མ་གཉིས་སུ་ཁ་དོག་དང་དབྱིབས་བཤད་པར་བལྟའོ། །དཀྱིལ་འཁོར་གོང་མ་དག་ཏུ་ཁ་དོག་ལ་སོགས་པ་ཞིབ་ཏུ་བཤད་པ་ཡང་། དཀྱིལ་འཁོར་འོག་མ་འདིར་ལྷ་སོ་སོའི་དཀྱིལ་འཁོར་ཇི་སྐད་དུ་བཤད་པ་
ལས་དེ་རྣམས་ཀྱི་ཁ་དོག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་གསུངས་པ་ཞེས་པ་ནས། དམ་ཚིག་ཅེས་སུ་གཞན་མི་བྱ། །ཞེས་པའི་བར་དུ་གསང་བའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བའི་ཆོ་ག་
བཤད་པ་སྟེ། དཀྱིལ་འཁོར་དུ་འཇུག་པའི་རིམ་པ་ལྔ་སྟེ་ནུབ་མོ་ལྷག་པར་གནས་ཤིང་སྡོམ་པ་གཟུང་བ་ལ་སོགས་པ་དང་། དཀྱིལ་འཁོར་དུ་འཇུག་པའི་ཚེ་བསྲུང་ཞིང་ཆུས་གདབ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ནི་དཀྱིལ་འཁོར་སྔ་མར་བཤད་པ་བཞིན་ནོ། །ཁྱད་པར་དུ་ནི་
དཀྱིལ་འཁོར་གྱི་སྒོ་ཁྱུད་ཀྱི་ནང་དུ་སློབ་མ་སྔ་མ་བཞིན་དུ་བཞག་སྟེ། སློབ་དཔོན་ཡང་སྔ་མ་བཞིན་དུ་རང་རང་གི་ཏིང་ངེ་འཛིན་ལ་གནས་ནས། སློབ་མའི་སྙིང་གར་ཡི་གེ་ར་བསམས་ཏེ། ཡི་གེ་སྒྲ་དེ་ཁོ་ན་ཉིད་ཆོས་ཐམས་ཅད་རྡུལ་དང་བྲལ་བ་ལ་དམིགས་ནས། སློབ་མ་དེའི་ལུས་རྡུལ་ཕྲན་
ལ་སོགས་པར་གཤེགས་ཏེ་རྡུལ་ཕྲན་དེ་དག་ཀྱང་མི་དམིགས་པར་བྱ་སྟེ། ཡི་གེ་རའི་སྒྲ་ལས་དོན་དམ་པར་སློབ་མའི་ལུས་སྟོང་པར་བྱའོ། །དེ་ལྟར་བསམས་ནས་ཡི་གེ་རའི་མེ་དེས་སློབ་མའི་ལུས་བསྲེགས་ཏེ་ཐལ་བར་གྱུར་པར་བསམས་ཏེ། དེ་ལྟར་སྟོང་པར་གྱུར་པ་དང་དེའི་གནས་
เล่ม ๖๙ · หน้า 215a
སུ་ཡང་ཡི་གེ་ཨ་བསམས་ཏེ། ཨ་ལས་བཅོམ་ལྡན་འདས་ཀྱི་སྐུར་གྱུར་པར་བསམ་མོ། །དེ་ནི་བསྡུས་དོན་ཏེ་ཡན་ལག་གི་དོན་དུ་གསུངས་པ་སྔགས་པ་ཀུན་དུ་བཟླས་ཏེ་ཞེས་པ་ནི་སློབ་དཔོན་སྙིང་རྗེ་ཆེན་པོ་དང་འབྱུང་བའི་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གཉིས་ཀྱི་
དཀྱིལ་འཁོར་བྲི་བ་དང་། དབང་བསྐུར་བ་དང་། བཟླས་པ་དང་སྒྲུབ་པ་ལ་སོགས་པའི་ཆོ་ག་བཟླས་ཏེ་ལོབས་པར་གྱུར་ཅིང་མཁས་པ་ཞེས་པའོ། །དཀྱིལ་འཁོར་མཁས་པས་ཞེས་པ་ནི་དཀྱིལ་འཁོར་གོང་མ་གཉིས་ལ་མཁས་པ་འབའ་ཞིག་མ་ཡིན་གྱི། གསང་བའི་དཀྱིལ་འཁོར་ལ་
ཡང་བྲི་བ་དང་དབང་བསྐུར་བ་ལ་སོགས་པའི་ཆོ་ག་རྣམས་མཁས་པ་ཞེས་པ་སྟེ། མདོར་ན་དཀྱིལ་འཁོར་གོང་མ་གཉིས་སུ་ཡང་དབང་བསྐུར་བའི་སློབ་དཔོན་གྱི་ལས་འདི་རྣམས་བྱའོ་ཞེས་པའོ། །སྡིག་པ་མ་ལུས་ཀུན་བསྲེགས་པ། །ཆོ་ག་དེ་སློབ་མའི་ཞེས་པ་ནི་དང་པོ་གླེང་བའི་ཚིག་སྟེ་
སྡིག་པ་རྣམས་ཞེས་པ་ནི་སེམས་ཀྱི་རྒྱུད་ལ་མི་དགེ་བའི་བག་ཆགས་བསགས་པ་མི་འདོད་པའི་རྣམ་པར་སྨིན་པ་ལྟ་བར་བྱེད་པ་ལ་བྱ་སྟེ། སློབ་མའི་སྡིག་པ་དེ་འོག་ནས་འབྱུང་བའི་ཆོ་གས་བསྲེག་ཅེས་པའོ། །དེའི་འཚོ་བ་བསྲེག་པ་ནི་ཕྱིན་ཆད་སླར་མི་འཁྲུངས་པར་དེ་ཤིན་ཏུ་ཚིག་ནས་ཐལ་བར་
གྱུར་ཞེས་པ་ནི་གོང་དུ་སྡིག་པ་བསྲེག་ཅེས་སྨོས་པ་དེ་ཇི་ལྟར་བསྲེག་པར་གསལ་བར་གསུངས་པ་སྟེ། དེའི་འཚོ་བ་ཞེས་པ་དེ་ནི་སློབ་མ་དེའི་ལྔ་ཕུང་ལ་བྱའོ། །ཕྱིན་ཆད་སླར་མི་འཁྲུངས་པ་དེ་ཞེས་པ་ནི་ལྔ་ཕུང་དེ་ལྟར་བསྲེགས་ཏེ། སྟོང་པར་བྱས་ནས་དེ་ཉིད་ཀྱི་ཚེ་ན། སློབ་མ་དེའི་ལྔ་ཕུང་ཡོད་
པར་འདུ་ཤེས་མི་སྐྱེ་བར་བྱ་ཞེས་པའོ། །ཤིན་ཏུ་ཚིག་ནས་ཐལ་བར་འགྱུར། །ཞེས་པ་ནི་བསྲེག་པ་ཡང་ལྷག་མ་ཡོད་པ་མ་ཡིན་པར་ཤིན་ཏུ་ཚིག་ནས་སྟོང་པ་ཉིད་དུ་འགྱུར་བར་བྱའོ་ཞེས་པའོ། །སླད་དུ་ཡང་ནི་དེ་གསོའོ། །ཞེས་པ་ནི་དེ་ལྟར་སྟོང་པ་ཉིད་དུ་བརྟན་པར་གྱུར་ནས། སློབ་མ་དེ་
སླར་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་འོག་ནས་འབྱུང་བའི་ཚིག་གིས་སྦྱར་རོ་ཞེས་པའོ། །དེ་ལྟར་སློབ་མ་དེའི་ཚེ་འཚོ་བ་བསྲེག་གོ་ཞེས་སྨོས་པ་ཙམ་དུ་ཟད་ཀྱི་ཅིས་བསྲེག །ཇི་ལྟར་བསྲེག་ཅེས་གསུངས་པ་ཡི་གེ་སུ་ནི་ཡི་གེ་བསྲེག་ཅེས་པ་སྟེ། ཡི་གེ་སུ་ནི་ཞེས་པ་ནི་ཡི་གེ་ར་དེར་སྔར་སྨོས་
เล่ม ๖๙ · หน้า 215b
པའི་ཚུལ་དུ་སློབ་མའི་ལྔ་ཕུང་དེ་བསྲེག་ཅེས་པའོ། །ཡི་གེ་ཞེས་པའི་ཚིག་གཉིས་པོ་དེ་ནི་མི་འགྱུར་བ་ཞེས་པ་སྟེ། དེ་ལྟར་བསྲེགས་ཏེ་སྟོང་པར་གྱུར་ནས་ཀྱང་སླར་ལྔ་ཕུང་མི་སྐྱེ་བར་སྟོང་པར་འགྱུར་བ་ལས་གཞན་དུ་མི་འགྱུར་བར་ཏིང་ངེ་འཛིན་གྱིས་བརྟན་པར་བྱའོ་ཞེས་པའོ། །འཚོ་བ་
ཡང་ནི་ཕྱིར་གསོ་བ། །འཚོ་བ་ཡིས་ནི་འཚོ་བ་སྟེ། །ཞེས་པ་ནི་སླད་དུ་ཡང་ནི་གསོའོ་ཞེས་པའི་ཚིག་སྔ་མ་དེའི་འགྲེལ་པ་སྟེ་སློབ་མའི་འཚོ་བ་ལ་ལྔ་ཕུང་སྟེ། སྟོང་པར་གྱུར་པ་ལས་ཡི་གེ་ཨ་འཚོ་བར་གྱུར་པ་དེས་སླར་སངས་རྒྱས་ཀྱི་སྐུར་གོང་དུ་སྨོས་པའི་ཚུལ་དུ་བསྒྱུར་ཞེས་པའོ། །ཀུན་དུ་
དག་པ་ཞེས་པ་ནི་དཀར་པོའོ། །དྲི་མ་མེད་པ་ཞེས་པ་ནི་གསལ་བ་ཞེས་པ་སྟེ་སངས་རྒྱས་ཀྱི་སྐུར་བསྒྱུར་བ་དཀར་ཞིང་གསལ་བར་བྱ་ཞེས་པའོ། །ཡན་ལག་བཅུ་གཉིས་ཚིག་གིས་བཏབ། །དེ་ཡི་སྣོད་དུ་གྱུར་པར་བྱ། །ཞེས་པ་ནི་དེའི་གདན་པདྨོ་ལ་ཡན་ལག་བཅུ་གཉིས་ཀྱི་ཚིག་རྣམས་
དགོད་པར་བྱ་ཞེས་པའོ། །ས་མ་ཡ་འདིས་སངས་རྒྱས་ཀུན། །ཞེས་པ་ནས། འཇིག་རྟེན་རྣམས་ཀྱང་ཐར་པར་རོ། །ཞེས་པའི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་འཇིག་རྟེན་པ་རྣམས་ཀྱང་དམ་ཚིག་འདི་ལ་མོས་ཤིང་འཐད་ཅེས་པའོ། །དམ་
ཚིག་འདི་ནི་སུས་རིག་པ། །གསང་བའི་དཀྱིལ་འཁོར་དབུས་སུ་སྟེ། །རྒྱུད་ཀུན་དུ་ཡང་བཞུགས་པ་ཡིན། །དཀྱིལ་འཁོར་ཐམས་ཅད་ལ་ཡང་དབང་། །ཞེས་པ་ནི་གསང་བའི་དཀྱིལ་འཁོར་གྱི་དབུས་སུ་འདི་ལྟ་བུའི་ཏིང་ངེ་འཛིན་གྱི་ཚུལ་བསྟན་པ་ནི། རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་
ཞུགས་པ་དང་འདྲ་བ་སྟེ། ཐམས་ཅད་ཀྱི་དམ་ཚིག་ཅན་དུ་གྱུར་པ་དང་། དཀྱིལ་འཁོར་ཐམས་ཅད་ཀྱང་འདིར་དབང་ཞེས་པའོ། །སྔགས་པ་དེ་ནི་ང་དང་འདྲའོ། །ཞེས་པ་ནི་གོང་དུ་སླར་གསོས་ནས་དཀར་ཞིང་གསལ་བར་བྱ་ཞེས་པ་ནི་སྤྱིར་སྨོས་པ་ཙམ་དུ་ཟད་ཀྱི་ཚིག་འདིས་ནི་བཅོམ་ལྡན་
འདས་རྣམ་པར་སྣང་མཛད་ཀྱི་གཟུགས་ཉིད་དུ་བྱ་ཞེས་པའོ། །དམ་ཚིག་ཅེས་སུ་གཞན་མི་བྱ། །ཞེས་པ་ནི་ཏིང་ངེ་འཛིན་དེ་ལྟ་བུར་མ་བྱས་ཏེ་ལོག་པར་གཞན་དུ་བྱས་ན་དམ་ཚིག་ཏུ་མི་བྱ་ཞེས་པའོ། །དམ་ཚིག་ཅེས་པ་ནི་སྐབས་འདིར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་པས་ཆུད་པ་ལ་བྱའོ། །ཏིང་
เล่ม ๖๙ · หน้า 216a
ངེ་འཛིན་དེ་ཡང་དང་པོ་སྲེག་པ་ནི་འཇུག་པའི་སེམས་སོ། །བསྲེགས་ནས་སྟོང་པའི་རང་བཞིན་དུ་གནས་ཏེ་མི་འགྱུར་བ་ནི་གནས་པའི་སེམས་སོ། །དེ་ནས་སླར་གསོས་ཏེ་བཅོམ་ལྡན་འདས་ཀྱི་སྐུར་བསྒྱུར་བ་ནི་ལྡང་བའི་སེམས་སུ་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱི་སྐུར་
བསྒྱུར་བའི་ཚེ་ཡང་གསང་བའི་ཕྱག་རྒྱ་འོག་ནས་འབྱུང་བ་རྣམས་ཀྱི་གདན་དང་། ཡན་ལག་འོང་ལ་སོགས་པ་འོག་ནས་ཇི་སྐད་དུ་བྱུང་བའི་རིམ་བཞིན་དུ་བྱའོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་གྱི་གཟུགས་སུ་བསྒྱུར་ན་ཕྱག་རྒྱ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ན་བརྟན་པར་
འགྱུར་རོ། །ད་ནི་ནང་གི་ཡིད་ཀྱི་དཀྱིལ་འཁོར་བྲི་བའི་སྐབས་འཆད་དེ། ཡིད་ཀྱི་དཀྱིལ་འཁོར་བྲི་བ་ཡང་སྤྱིར་དཀྱིལ་འཁོར་གཉིས་ཏེ། རང་གི་གཟུགས་ཀྱི་དཀྱིལ་འཁོར་དང་གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །དེ་ལ་རང་གི་གཟུགས་ཀྱི་དཀྱིལ་འཁོར་ནི་རྒྱ་ཆེ་ཞིང་བསམ་གྱིས་མི་
ཁྱབ་སྟེ་མདོར་བསྡུས་པ་བསྟན་པ་ནི་ཡིད་ཀྱི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ཀྱང་ཇི་སྐད་དུ་གསུངས་པ་བཞིན་དུ་རྫོགས་པར་དཀའ་སྟེ། དེ་ནི་མདོར་བསྡུས་པ་ནི་ཕྱི་མའི་རྒྱུད་ལས་དཀྱིལ་འཁོར་བཤད་པའོ། །དེ་བས་ན་ཡིད་ཀྱི་དཀྱིལ་འཁོར་འདིའི་སྒོ་
ནས་སེམས་ཀྱི་རང་བཞིན་གྱི་གསང་བའི་དཀྱིལ་འཁོར་ཇི་འདྲ་བའི་ཚུལ་ཤེས་པར་འགྱུར་ཏེ་འདི་ནི་འཇུག་པ་ལྟ་བུར་བལྟའོ། །ཡིད་ཀྱི་དཀྱིལ་འཁོར་དེ་བྲི་བའི་ཐབས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་ཞུགས་ནས། སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ལག་མཐིལ་དང་མཉམ་
པར་གྱུར་པ་དང་རིན་པོ་ཆེ་སྣ་ལྔའི་རྟ་བབས་དང་སྒོ་ཁྱུད་ལ་སོགས་པ་རྣམ་པ་མང་པོས་བརྒྱན་པར་བསྟན་པ་སྟེ། དེ་དག་ཐམས་ཅད་ཀྱང་དངོས་པོ་ཡོད་པ་མ་ཡིན་པ་ལས། སེམས་ཀྱི་དབང་ཙམ་ལས་ཇི་ལྟར་བསམས་པ་བཞིན་དུ་འབྱུང་བར་བསྟན་པའོ། །དེ་བས་ན་ཡིད་ཀྱི་དཀྱིལ་འཁོར་ལ་སོགས་
པའི་ཡིད་ཀྱིས་བསྐྱེད་པ་ཐམས་ཅད་སྦྱོར་བས་ཐོག་མར་སེམས་མཉམ་པར་གཞག་པ་ལ་དགོད་པའི་མགོན་ཇི་ལྟར་གྱུར་ཅིག་ཅེས་བསམས་ཤིང་། སྨོན་ལམ་བཏབ་ལ་ཏིང་ངེ་འཛིན་ལ་ཞུགས་ན་ཇི་ལྟར་སྨོན་པ་དེ་ལྟར་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ཡིད་ཀྱི་དཀྱིལ་འཁོར་བྲི་བའི་ཐབས་བསྟན་
เล่ม ๖๙ · หน้า 216b
པ་ཡང་། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེའི་ཚེ་མ་འོངས་པའི་འགྲོ་བ་ལ་གཟིགས་ནས་ཀུན་རྗེས་སུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སེམས་ཅན་གྱི་དོན་བྱ་བ་ལ་
སོགས་པ་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བས་ཏིང་ངེ་འཛིན་དུ་འཇུག་མི་དགོས་མོད་ཀྱི། འོན་ཀྱང་དངོས་པོ་གང་བསྟན་པར་བྱ་བའི་ཏིང་ངེ་འཛིན་དུ་ཞུགས་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་འདུལ་བའི་འགྲོ་བ་རྣམས་ཀྱིས་བཅོམ་ལྡན་འདས་ཅིའི་ཕྱིར་ཏིང་ངེ་འཛིན་དུ་ཞུགས་
པ་དང་ཞུགས་ནས་ཇི་ལྟར་སྟོན་པར་འགྱུར་བ་ལ་སོགས་པ་ཤེས་པར་འགྱུར་ཏེ། དེ་ཅིའི་ཕྱིར་བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་འཇུག་གོ། །ཀུན་དུ་རྗེས་སུ་ཆུད་པ་ཞེས་པ་ནི། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་ཞུགས་ནས་དོན་དམ་པར་ཆོས་ཀྱི་དབྱིངས་ཀུན་དུ་ཁྱབ་པར་ཆུད་པ་དང་། ཀུན་རྫོབ་
ཏུ་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལག་མཐིལ་བཞིན་དུ་མཉམ་པར་འགྱུར་བ་ལ་སོགས་པའོ། །གནས་བརྟན་པ་རྣམས་ཀྱིས་ཁྱད་པར་དུ་ཆུད་པ་སྟེ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་ཞུགས་ན་དོན་དམ་པ་དང་ཀུན་རྫོབ་ཏུ་ཆུད་པ་དེ་དག་འབྱུང་བའི་ཕྱིར་ཏིང་ངེ་འཛིན་དེའི་མིང་ཀུན་དུ་ཆུད་
པ་ཞེས་པའོ། །མ་འོངས་པའི་འགྲོ་བ་ལ་གཟིགས་ནས་ཞེས་པ་ནི་ཀུན་དུ་བཟང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱིས་ནི། དེ་དག་ཇི་ལྟ་བ་ཉིད་དུ་མཁྱེན་གྱི་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་དངོས་པོ་ཡོད་པ་མ་ཡིན་པ་ལས། སེམས་ཀྱི་
དབང་ཙམ་གྱིས་རྣམ་པ་སྣ་ཚོགས་འབྱུང་བ་བསྟན་པ་ཞེས་པའོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་དེའི་ཚེ་ཉིད་ན་སངས་རྒྱས་ཀྱི་ཞིང་འདི་ལག་མཐིལ་བཞིན་དུ་མཉམ་པར་འདུག་པར་གྱུར་ཏེ་ཞེས་པ་ནི། དཀྱིལ་འཁོར་བྲི་བ་ན་སྔར་ས་མཐོན་དམན་ལ་སོགས་
པ་བསྙམས་ཤིང་སྦྱང་དགོས་ཏེ། དེའི་ཐབས་བསྟན་པ་སངས་རྒྱས་ཀྱི་ཞིང་འདི་ཞེས་པ་ནི་མི་མཇེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་སོ། །ལག་མཐིལ་བཞིན་དུ་མཉམ་པར་འགྱུར། །ཞེས་པ་ནི་སངས་རྒྱས་ཀྱི་ཞིང་དེ་རི་དང་གཅོང་རོང་ལ་སོགས་པ་མེད་པར་མཉམ་པར་གྱུར་
เล่ม ๖๙ · หน้า 217a
ཅེས་པ་སྟེ། ཚིག་དེས་མ་འོངས་པའི་དུས་ཀྱི་འགྲོ་བ་རྣམས་ནམ་དཀྱིལ་འཁོར་བྲི་ན་དཀྱིལ་འཁོར་གྱིས་དེ་ལྟར་ལག་མཐིལ་བཞིན་དུ་མཉམ་པར་སྦྱང་བར་བྱ་བ་བསྟན་པའོ། །སྒོ་ཁྱུད་དང་རྟ་བབས་རིན་པོ་ཆེ་སྣ་ལྔས་སོ་སོར་བརྒྱན་པ་ཞེས་པ་ནས་སིལ་སྙན་དུ་མའི་སྒྲ་འཇམ་པོ་
ཡིད་དུ་འོང་བ་ནི་རབ་ཏུ་གྲག་པའོ་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་དེ་མཉམ་པར་གྱུར་ནས་ཀྱང་རྒྱན་དེ་དག་གིས་བརྒྱན་པ་བསྟན་པ་སྟེ། དེས་ནི་དཀྱིལ་འཁོར་གྱི་ས་དེ་དག་བརྟན་ནས་རྟ་བབས་དང་སྒོ་ཁྱུད་དང་གདུགས་དང་བ་དན་ལ་སོགས་པས་བརྒྱན་པ་དང་། རི་མོ་རྣམས་ཀྱིས་བརྒྱན་པར་བྱ་བའི་ཐབས་
བསྟན་པའོ། །དྲི་ཞིམ་པོ་ཡན་ལག་བརྒྱད་དང་ལྡན་པའི་རྫིང་བུ་སྨོས་པ་ནི་རྫིང་བུ་ལ་སོགས་པ་ཆུ་དང་ཉེ་གནས་སུ་དཀྱིལ་འཁོར་བྲི་བ་བསྟན་པའོ། །ཡན་ལག་བརྒྱད་ཀྱི་རྫིང་བུ་དེ་ནི་ཆུ་བསིལ་བ་དང་། དང་བ་དང་མངར་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཇི་ལྟར་བསགས་
པའི་ཡིད་ཀྱིས་བསྟེན་པ་དང་། ཁང་པ་དང་གཞལ་མེད་ཁང་དུ་མ་དང་ལྡན་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོའི་བསོད་ནམས་ཇི་ཙམ་ལས་སོ་སོ་ནས་སྟན་དང་ཁང་པ་དང་ལྡིང་ཁང་ལ་སོགས་པ་དང་ལྡན་པ་ཞེས་པ་སྟེ། དེས་ཀྱང་
དཀྱིལ་འཁོར་གྱི་ས་དེར་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལྷ་རྣམས་སོ་སོའི་གནས་དང་བཅས་པར་བྱ་བ་བསྟན་པའོ། །དེ་བཞིན་གཤེགས་པའི་མོས་པ་ལས་བྱུང་བ་ཞེས་པ་ནས་བསོད་ནམས་རྣམ་པར་བསྐྱེད་པའི་སྐུ་རྣམས་འབྱུང་ཞེས་པའི་བར་དུ་སངས་རྒྱས་ཀྱི་ཞིང་དེའི་དབུས་ན་པདྨོའི་རྒྱལ་པོ་
ལ་དེ་བཞིན་གཤེགས་པ་བཞུགས་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་ཡེ་ཤེས་ཀྱིས་སེམས་ཅན་ཆོས་ཀྱི་ཚིག་སྟོན་པ་ཤ་སྟག་འབྱུང་ངོ་ཞེས་པ་སྟེ། དེ་ཡང་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པ་དེ་བཞིན་གཤེགས་པའི་སྐུ་ལས་གྱུར་པའི་ལྷ་རྣམས་
ཀྱིས་བསྐོར་ཞིང་བཞུགས་པར་བྱ་བ་བསྟན་པའོ། །དེས་ན་དེ་བཞིན་གཤེགས་པའི་མོས་པ་ལས་བྱུང་བ་ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མས་བཏབ་ཅེས་པ་ནི། པདྨོའི་རྒྱལ་པོ་དེའི་བྱེ་བྲག་སྟེ་དེ་བཞིན་གཤེགས་པའི་མོས་པ་ལས་འབྱུང་བ་ནི་སྔར་བཤད་པ་བཞིན་ནོ། །ཆོས་ཀྱི་དབྱིངས་
เล่ม ๖๙ · หน้า 217b
རྟོགས་པ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་དག་པ་ལ་བྱ་སྟེ་དེའི་མཚན་མས་བཏབ་པ་ནི། ཡེ་ཤེས་དག་པ་དེའི་མཚན་མས་དཀར་བར་ཤེས་པར་བྱ་སྟེ། མདོར་ན་དེ་བཞིན་གཤེགས་པ་ཉིད་ཡེ་ཤེས་དག་པ་དེ་པདྨོ་ཆེན་པོའི་རྒྱལ་པོར་སྣང་བར་བྱིན་གྱིས་བརླབ་ཅེས་པའོ། །དེའི་དབུས་ན་དེ་བཞིན་
གཤེགས་པའི་སྐུ་བཞུགས་པ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དེ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་འབྱུང་བར་བསྟན་པའོ། །ཆོས་ཀྱི་དབྱིངས་ལ་སྟོན་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཞེས་པའོ། །དེ་ལྟར་བཅོམ་ལྡན་འདས་སྟོང་
པ་ཉིད་ཀྱི་རང་བཞིན་དུ་གྱུར་ཀྱང་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་བཞིན་པ་ནི་མ་ཡིན་གྱི། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་རྣམ་པར་མི་རྟོག་བཞིན་དུ་ཀུན་རྫོབ་ཀྱི་བྱ་བ་ཐམས་ཅད་འབྱུང་བར་བསྟན་པའོ། །སེམས་ཅན་རྣམས་ཀྱི་བསམ་པ་དང་དད་པ་ཇི་ལྟ་བ་བཞིན་དུ་མགུ་བར་བྱེད་
པ་ཞེས་པའོ། །མི་ཚུགས་པའི་སྟོབས་དང་སྟོབས་བཅུའི་མོས་པ་ལས་འབྱུང་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ལས་འབྱུང་བའི་སྐུ་དེ་རྣམས་ཀྱི་མཐུས་ཅིས་ཀྱང་མི་ཚུགས་པ་ཤ་སྟག་སྟེ། དེ་ཡང་བཅོམ་ལྡན་འདས་ཉིད་ཀྱི་རྒྱུ་དེའི་ཚེ་ཀུན་དུ་སངས་རྒྱས་པའི་མཚན་ཉིད་སྟོབས་བཅུ་ལ་མོས་པ་
བསྐྱེད་པ་དེ་ནི་འབྲས་བུ་སྟོབས་བཅུ་རྫོགས་པར་འགྱུར་བ་ལས་བྱུང་བ་ཞེས་པའོ། །ཁ་དོག་དང་དབྱིབས་སུ་སྣ་ཚོགས་དུ་མར་ལྡན་པའི་བདག་ཉིད་ཀྱི་ངོ་བོ་ཞེས་པ་ནི་སྐུ་མང་པོ་འབྱུང་བ་དག་གི་ཁྱད་པར་ཏེ། དེ་དག་གི་ཁ་དོག་དང་གཟུགས་སྣ་ཚོགས་སུ་བཅས་པ་ཞེས་པའོ། །སྐུ་མང་པོ་དེ་རྣམས་
ཀྱང་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཚེ་བསྐལ་པ་གྲངས་མེད་པར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་བསགས་པའི་རྒྱུ་ལས་བྱུང་བ་བསྟན་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཞེས་པ་ལ་སོགས་པའོ། །དེ་བྱུང་
ནས་འཇིག་རྟེན་པའི་ཁམས་ཐམས་ཅད་དུ་གླེང་བའི་ཚིག་འདི་སྐད་དུ་དབྱངས་གཅིག་གིས་ཀུན་དུ་བསྒོའོ་ཞེས་པ་དེ་ལྟར་གོང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་ལག་མཐིལ་ལྟ་བུ་མཉམ་པ་ལ་སོགས་པ་དངོས་སུ་སྣང་བར་ཆུད་པའི་ཆོས་རྣམས་བསྟན་པ་དེ་ཉིད་གཞུང་གི་ཆོས་སུ་
เล่ม ๖๙ · หน้า 218a
འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་རྣམས་ཀྱི་ཚིག་གིས་བསྟན་པ་སྟེ་དེ་ཡང་། ཨེ་མའོ་སངས་རྒྱས་ཀུན་གྱི་ནི། །ཞེས་པ་ནས། མགོན་པོ་ཀུན་གྱིས་གང་རྙེད་པའོ། །ཞེས་པའི་བར་དུའོ། །དེ་ལ་ཨེ་མའོ་ཞེས་པ་ནི་ངོ་མཚར་དུ་གྱུར་པའོ། །སངས་རྒྱས་ཀུན་གྱི་ནི་ཤེས་
རབ་དང་ཐབས་རྣམས་བསམ་གྱིས་མི་ཁྱབ་པ་ཞེས་པ་དང་སྦྱར་ཏེ་ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པར་ཆུད་པའི་རང་བཞིན་ནོ། །ཐབས་དེ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པར་ཆུད་ཀྱང་སེམས་ཅན་གྱི་དོན་དུ་དངོས་པོ་རྣམ་པ་སྣ་ཚོགས་ཡོད་པར་སྟོན་ཏེ། དེ་དག་ངོ་མཚར་ཆེ་སྟེ་བསམ་གྱིས་
མི་ཁྱབ་ཅེས་པའོ། །ཚིག་དེ་དག་གྲོལ་བར་གསུངས་པ། གནས་མེད་པ་རུ་ཤེས་ནས་སུ། །གནས་དང་བཅས་པའི་ཆོས་རྣམས་འཆད། །ཅེས་པ་སྟེ་གནས་མེད་པར་ནི་ཤེས་ནས་ཞེས་པ་ནི་ཤེས་རབ་ཀྱིས་ཆོས་ཐམས་ཅད་གཟུང་བ་དང་འཛིན་པའི་གནས་མེད་དེ་སྟོང་པ་ཉིད་དུ་ཤེས་ཞེས་
པའོ། །གནས་དང་བཅས་པའི་ཆོས་རྣམས་འཆད། །ཅེས་པ་ནི་དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པར་ཆུད་ཀྱང་ཐབས་ཀྱིས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་གཟུང་བ་དང་འཛིན་པའི་གནས་ལ་སོགས་པའི་ཆོས་རྣམས་དངོས་པོ་ཡོད་པར་སྣང་བ་དངོས་སུ་སྟོན་
ཞེས་པའོ། །མི་ཤེས་པ་ནི་གང་ཤེས་པ། །ཆོས་རྣམས་ཆོས་ཀྱི་མཚན་ཉིད་དེ། །ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་གང་གིས་མི་དམིགས་པར་ཤེས་ཞེས་པའོ། །དེས་ནི་རྙེད་པ་འཐོབ་འགྱུར་བ། །མགོན་པོ་ཀུན་གྱིས་གང་རྙེད་པ། །ཞེས་
པའོ། །དེ་ལྟར་ཆོས་རྣམས་དམིགས་སུ་མེད་པར་གང་གིས་ཆུད་པ་དེ་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཐོབ་པ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་ཞེས་པ་སྟེ། མདོར་ན་ཆོས་རྣམས་སྟོང་པ་ཉིད་དུ་ཆུད་པ་དེ་སངས་རྒྱས་པར་འགྱུར་རོ་ཞེས་བསྟན་པའོ། །གླེང་བའི་ཚིག་
དེ་སྐད་ཅེས་སྨྲས་ནས། སྐུ་དེ་དག་སླར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་བཞུགས་སོ་ཞེས་པ་ནི་དེ་དག་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་ཏེ་མི་སྣང་བར་འགྱུར་བའོ། །དེ་ལྟར་གསང་བའི་དཀྱིལ་འཁོར་བྲི་བའི་ཐབས་བཅོམ་ལྡན་འདས་ཀྱིས་
เล่ม ๖๙ · หน้า 218b
སྔར་བསྟན་ནས། ད་ནི་གསང་བའི་དཀྱིལ་འཁོར་ཉིད་བྲི་བའི་ཐབས་བཤད་དེ། དེ་ཡང་དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ནང་གི་དཀྱིལ་འཁོར་དེ་ཉོན་ཅིག་ཅེས་པ་ལ་སོགས་ཏེ་འདིར་ཡང་སློབ་མ་ལྷག་པར་གནས་པ་
དེ་ཉིད་ཀྱི་ནུབ་མོ་བྱ་བ་ཤེས་པར་བྱའོ། །དེའི་རིམ་པ་ཡང་དེ་ལ་ཐོག་མར་སློབ་དཔོན་གྱིས་མཆོད་པའི་ཡོ་བྱད་འདི་དག་ལ་སོགས་པ་ཉིད་གཞུང་ལས་འབྱུང་བ་བཞིན་དུ་སྟ་གོན་བྱས་ནས་སློབ་མ་རྣམས་ཀྱང་བསོགས་ཏེ། ཕྱི་རོལ་དུ་བཀོད་ལ་དེ་ནས་སློབ་དཔོན་དེ་དཀྱིལ་འཁོར་གྱི་གནས་སུ་ཞུགས་ཏེ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། མདུན་དུ་རང་བཞིན་གྱི་དཀྱིལ་འཁོར་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བསྟན་པ་རང་བཞིན་དུ་སོ་སོའི་སྔགས་འབྲུ་རེའམ་སྤྱིའི་སྙིང་པོ་དེར་བསམས་ཏེ། དེ་ནས་བདག་ཉིད་ཆོས་
དབྱིངས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྔགས་དང་ཕྱག་རྒྱས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་གོ་ཆའི་ཕྱག་རྒྱ་དང་སྔགས་ཀྱིས་བསྲུང་བར་བྱ་སྟེ། དེ་ནས་ལས་ཀྱི་རྡོ་རྗེར་བསྒྱུར་ཏེ་དེ་རྣམས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་ཏོ། །
ཡོན་ཆབ་དབུལ་བ་དང་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་སོ་སོའི་སྔགས་ཀྱིས་བཏབ་སྟེ་དབུལ་བ་དང་ཡིད་ཀྱི་མཆོད་པ་ཡང་བྱའོ། །དེ་ལྟར་ཕྱི་ནང་གི་མཆོད་པ་ལ་སོགས་པ་བྱས་ནས་སློབ་དཔོན་དེའི་ཕྱིར་བྱུང་ལ་སློབ་མ་རྣམས་ལ་དྲི་དང་མེ་ཏོག་བྱིན་ཏེ། ལས་ཐམས་ཅད་པའི་
སྔགས་ཀྱིས་བསྲུང་བར་བྱ་བ་དང་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པའི་སྐུད་པ་དཔུང་པར་བཅིང་བ་དང་སོ་ཤིང་སྦྱིན་པ་རྣམས་བྱས་ཏེ། དེ་ནས་སྡིག་པ་བཤགས་པ་དང་། ལུས་དབུལ་བ་དང་། སྡོམ་པ་འཛིན་དུ་གཞུག་སྟེ། དེ་དག་ནི་ལྷག་པར་གནས་པའི་ཆོ་གའོ། །དཀྱིལ་
འཁོར་དུ་གཞུག་པའི་ཆོ་ག་ཡང་གྲོགས་པོ་བསྒྲུབ་པའི་ཕྱི་མ་ཡོད་ན་ཡང་དེས་རིམ་བཞིན་དུ་བྱ་སྟེ། མེད་ན་སློབ་དཔོན་གྱིས་དེ་ཉིད་དུ་སློབ་མ་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུག་པ་དང་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་། ཆོས་ཀྱི་འཁོར་ལོའི་ཕྱག་
เล่ม ๖๙ · หน้า 219a
རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རིམ་བཞིན་དུ་བྱ་སྟེ། དེ་ནས་སློབ་དཔོན་དེས་སླར་མཆོད་པའི་གནས་སུ་ཞུགས་ཏེ། སེམས་མཉམ་པར་གཞག་ལ་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ར་ཁ་དོག་
དཀར་པོ་ཡིད་ཙམ་དམར་བ་བསམས་ཏེ། ཡི་གེ་དེའི་སྒྲའི་ཁ་དེ་ཁོ་ན་ཉིད་ཆོས་ཐམས་ཅད་རྡུལ་དང་བྲལ་བ་བསྒོམ་པ་ནི། བདག་གི་ལུས་ཉིད་རྡུལ་ལ་སོགས་པའི་ཚུལ་དུ་བཤིགས་ཏེ། རྡུལ་ཕྲན་དེ་ཡང་ཕྱོགས་དང་ཆ་ཕྲལ་ན་དམིགས་སུ་མེད། དེ་བཞིན་དུ་རྣམ་པར་ཤེས་པ་ལ་སོགས་པ་
དངོས་པོ་མེད་པར་བསྒོམས་ཏེ། ཟླ་བའི་དཀྱིལ་འཁོར་དང་ཡི་གེ་ར་ཡང་སྟོང་པར་བསམས་ཏེ་ཐ་མར་སྒྲའི་དེ་ཁོ་ན་ཉིད་དེ་ཡང་དམིགས་སུ་མེད་པར་བསྒོམས་ཏེ་སྟོང་པ་ཉིད་དུ་ཇི་སྲིད་འདོད་པར་གནས་ཏེ། དེའི་འོག་ཏུ་ཐོག་མར་རླུང་གི་དཀྱིལ་འཁོར་དེ་ནས་ཆུའི་དཀྱིལ་འཁོར་དེ་ནས་གསེར་གྱི་
དཀྱིལ་འཁོར་བསམས་ཏེ། གསེར་གྱི་དཀྱིལ་འཁོར་དེའི་སྟེང་དུ་བདག་གི་ལུས་ལྟེ་བ་མན་ཆད་ཀྱང་གསེར་གྱི་དཀྱིལ་འཁོར་གྲུ་བཞི་པར་བསམས་ཏེ། དེའི་སྟེང་དུ་པདྨོ་རྩ་བ་དང་བཅས་པ་སྙིང་གའི་བར་དུ་ཕྱིན་པར་བསམས་ཏེ། དེའི་དབུས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་
ཏེ། དེའི་ཤར་ཕྱོགས་ཀྱི་པདྨོའི་འདབ་མ་ལ་རིན་པོ་ཆེ་དཔལ་དེ་བཞིན་གཤེགས་པ། ལྷོ་ཕྱོགས་ཀྱི་འདབ་མ་ལ་ཀུན་དུ་རྒྱས་པའི་དབང་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ། ནུབ་ཕྱོགས་ཀྱི་འདབ་མ་ལ་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ། བྱང་ཕྱོགས་ཀྱི་འདབ་མ་ལ་རྔ་དབྱངས་དེ་བཞིན་གཤེགས་པ་
བསམ་མོ། །ཤར་ལྷོའི་འདབ་མ་ལ་ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའ། བྱང་ཤར་གྱི་འདབ་མ་ལ་སྤྱན་རས་གཟིགས་ཀྱི་དབང་པོ། ལྷོ་ནུབ་ཀྱི་འདབ་མ་ལ་འཇམ་དཔལ་གཞོན་ནུར་གྱུར་པ། ནུབ་བྱང་གི་འདབ་མ་ལ་བྱམས་པ་བྱང་ཆུབ་སེམས་དཔའ་བསམས་ཏེ། བཅོམ་ལྡན་
འདས་རྣམ་པར་སྣང་མཛད་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་མེ་ཏོག་དོར་བ་ལ་བདེ་བའི་ཕྱིར། དེ་རྣམས་ཀུན་གྱི་སྐུ་བདག་གི། །ཀླད་པའི་བར་དུ་ཕྱིན་པར་བསམ། །པདྨོའི་གེ་སར་ཀུན་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་རྣམས་དང་། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་
เล่ม ๖๙ · หน้า 219b
དང་ཏིང་ངེ་འཛིན་རྣམས་ལྷ་མོའི་གཟུགས་སུ་བསམ་མོ། །པདྨོའི་རྩ་བ་ལ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་བསམ་མོ། །དེའི་དྲུང་གཡས་གཡོན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་འཁོར་རྣམས་དང་། ཕྱག་ན་རྡོ་རྗེའི་རིག་པ་ཁྲོ་བོ་རྣམས་དང་། སྐྱོང་བ་དང་ཁྲོ་གཉེར་ལ་སོགས་པ་རིམ་བཞིན་
དུ་བསམ་མོ། །དེའི་ཕྱི་རིམ་དུ་ལྷ་དང་ཀླུ་ལ་སོགས་པ་མང་པོ་བསམས་ཏེ། དེ་ལྟར་བརྟན་པར་བྱས་ནས་ཡིད་ཀྱིས་མཆོད་པ་ཚུལ་བཞིན་དུ་བྱའོ། །དེ་ནས་དེ་དག་ཀུན་ཟིན་པ་དང་སེ་གོལ་བརྡབ་པར་བྱ་སྟེ། སློབ་མ་རྣམས་མགོན་པོ་ལ་མེ་ཏོག་འདོར་དུ་གཞུག་གོ། །མེ་ཏོག་དེ་དག་ཀྱང་ཡིད་ལ་
བསམས་པའི་ལྷ་གང་གི་སྟེང་དུ་བབ་པ་དེ་སློབ་མ་དེ་ལ་སྦྱིན་པར་བྱའོ། །དེ་དག་ནི་བསྡུ་བའི་དོན་དུ་ཚིག་གི་དོན་ལ་གསང་བའི་བདག་པོ་དེ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ལུས་ཀྱིས་གང་བ་དེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་སྔགས་དང་ཕྱག་རྒྱའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་རློབས་ཤིག་
ཅེས་པ་ནི་མཆོད་པ་ལ་སོགས་པ་སྔར་སྨོས་པའི་རིམ་བཞིན་དུ་བྱས་ནས། བདག་གི་ལུས་ལ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབས་པ་སྟོང་པ་ཉིད་དུ་བྱོས་ཤིག་ཅེས་པའོ། །དེ་ནས་བདག་ལས་ཀྱི་ལྷ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་ཞེས་པ་ནི། སྔ་མའི་རིམ་བཞིན་
དུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་བྱིན་གྱིས་བརླབ་པ་དག་བྱས་ནས་ལས་ཀྱི་རྡོ་རྗེ་སེམས་དཔར་བསྒྱུར་ཏེ། མཆོད་པ་དང་སློབ་མའི་ཆོ་ག་བྱ་བ་ལ་སོགས་པ་ཐམས་ཅད་གོང་དུ་སྨོས་པའི་རིམ་བཞིན་དུ་བྱའོ། །རྡུལ་དང་ཞེས་པ་ནི་དེ་ནས་སླར་བདག་ནང་དུ་ཞུགས་ནས་ཡི་གེ་ར་སྙིང་གར་བསམས་ཏེ།
ཆོས་ཐམས་ཅད་རྡུལ་དང་བྲལ་བའི་བར་བསྒོམ་པའི་རིམ་པ་སྔ་མ་བཞིན་དུ་བྱའོ། །བདག་དང་སེམས་ཅན་དང་སྲོག་དང་འགྲོ་བ་དང་ཤེད་ལས་སྐྱེས་དང་ཤེད་ཅན་དང་། བྱེད་པ་པོ་ལ་སོགས་པའི་ཉེས་པ་དང་། ཟུག་རྔུར་བྲལ་ཞེས་པ་ནི་མུ་སྟེགས་གཞན་རྣམས་ཀྱི་བདག་ལ་སོགས་པའི་
དངོས་པོ་དེ་རྣམས་ཀྱང་དམིགས་སུ་མེད་པར་སྒོམ་ཞེས་པ་སྟེ། དེ་དག་ནི་ཇི་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་གྱིས་སྦྱང་བ་རྡོ་ཤིང་ལ་སོགས་པའི་ཟུག་རྔུ་དང་ཉེས་པ་བསལ་བ་བཞིན་དུ་གང་གིས་སྦྱང་བ་ཡང་ཐབས་ཇི་ལྟར་སྦྱང་ངོ་ཞེས་བཤད་པའོ། །གྲུ་བཞི་སྒོ་བཞི་ལས་ནུབ་ཕྱོགས་ཀྱི་སྒོ་རྟག་
เล่ม ๖๙ · หน้า 220a
པར་ཕྱེ་བ་སྒོ་ཁྱུད་དང་སྟེགས་བུ་རབ་ཏུ་བརྒྱན་པ་ཞེས་པ་དེ་ནི་དེ་ལྟར་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་བྱས་ལ། དེ་ནས་རླུང་དང་ཆུའི་དཀྱིལ་འཁོར་ལ་སོགས་པ་སྔ་མ་བཞིན་དུ་བསམས་ཏེ། དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་བདག་གི་རྐེད་པ་མན་ཆད་འགྱུར་
བར་བསམས་ཏེ། སྟེགས་བུ་ཞེས་པ་ནི་དབུས་ཀྱི་གཞིའི་གདན་དེ་ཉིད་ལ་བྱ་སྟེ་དེ་ཡང་གསེར་གྱི་ཁ་དོག་ཏུ་བསམ་མོ། །དབུས་ན་ཡིད་བཞིན་གྱི་པདྨོའི་རྒྱལ་པོ་ཆེན་པོ་དང་། གེ་སར་རྒྱས་པ་དང་བཅས་ཤིང་ཤིན་ཏུ་རྣམ་པར་བརྒྱན་པ་ཡིད་ཀྱིས་ཞེས་པ་ནི་ཡིད་ལས་བྱུང་བའི་པདྨོ་ཞེས་པ་སྟེ་
སྔར་བཤད་ཟིན་ཏོ། །ཤིན་ཏུ་རྣམ་པར་བརྒྱན་པའི་ཡིད་ལ་ཞེས་པ་ནི། འདབ་མ་བརྒྱད་ལ་སངས་རྒྱས་བཞི་དང་བྱང་ཆུབ་སེམས་དཔའ་བཞི་རྣམས་ཀྱི་ཁ་དོག་ཅི་འདྲ་བ་དང་མཐུན་པར་ཁ་དོག་སྣ་ཚོགས་སུ་བྱ་བ་སྟེ། རིན་ཆེན་རྒྱལ་མཚན་གྱི་ཁ་དོག་དཀར་པོ། ཀུན་དུ་རྒྱས་པའི་རྒྱལ་
པོའི་ཁ་དོག་སེར་པོ། རྔ་དབྱངས་ཀྱི་ཁ་དོག་སྨུག་ནག །སྣང་བ་མཐའ་ཡས་ཀྱི་ཁ་དོག་དམར་པོ། དེ་བཞིན་དུ་ཀུན་དུ་བཟང་པོ་ནི་སེར་པོ། སྤྱན་རས་གཟིགས་ཀྱི་དབང་པོ་ནི་དཀར་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་སེར་པོ། བྱམས་པ་ནི་དམར་པོ་བྱའོ། །ཡང་ན་ཐམས་ཅད་ཀྱང་ཁ་
དོག་ཐམས་ཅད་དོ་ཞེས་པ་དང་སྦྱར་ཏེ་ཆད་པ་མེད་པར་ཤེས་པར་བྱའོ། །དེའི་དབུས་སུ་ཡང་ལུས་དང་ངག་ཡིད་འཇིག་རྟེན་ཐམས་ཅད་ལས་འདས་པའི་དེ་བཞིན་གཤེགས་པའི་སྐུ་ཞེས་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་པདྨོའི་དབུས་སུ་བསམ་པ་སྟེ་མཆོག་ཏུ་བཟང་བ་འཇིག་
རྟེན་ཐམས་ཅད་ལས་འདས་པ་ཞེས་པའོ། །སེམས་ཀྱི་ས་ལས་འདས་ཞེས་པ་ནི་གཟུང་བ་དང་འཛིན་པའི་ཆ་སེམས་ཀྱི་ཡུལ་སྤངས་པ་ཞེས་པའོ། །སེམས་ཀྱིས་ཤིན་ཏུ་ཐོབ་ཅེས་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་སོ་སོར་རང་གིས་རིག་པ་ཐོབ་པ་ཞེས་པ་སྟེ། དེས་ནི་རང་གི་དོན་ཕུན་སུམ་ཚོགས་
པ་བསྟན་པའོ། །འབྲས་བུ་དམ་པ་ཡིད་དུ་འོང་བ་སྦྱིན་པ་ཞེས་པ་ནི་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པ་སྟེ་སེམས་ཅན་རྣམས་ལ་མཐོ་རིས་དང་མྱ་ངན་ལས་འདས་པའི་འབྲས་བུ་རྣམས་སྦྱིན་ཞེས་པའོ། །དེའི་ཤར་དུ་ཞེས་པ་ནི་དེའི་དྲུང་དུ་རིག་པ་དང་། ཁྲོ་བོ་རྣམས་ཞེས་པའི་བར་དུ་
เล่ม ๖๙ · หน้า 220b
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་པདྨོའི་འདབ་མ་དང་གེ་སར་དག་ལ་བསམ་པ་སྔར་སྨོས་པའི་རིམ་བཞིན་དུ་བྱའོ། །གཞན་ནི་མཚོ་ཆེན་པོར་ཞེས་པའི་བར་དུ་དཀྱིལ་འཁོར་དེའི་འོག་ཏུ་ཆུའི་དཀྱིལ་འཁོར་རྒྱ་མཚོ་བསམ་ཞེས་པའོ། །མར་མེ་དང་། དྲི་དང་། མེ་ཏོག་
དང་། བཤོས་དང་བདུག་པ་ཡིད་དུ་འོང་བ་རྣམས་སྔགས་པས་ཀུན་བསམ་ཞེས་པ་ནི། ཡིད་ཀྱིས་དྲི་དང་མེ་ཏོག་ལ་སོགས་པ་དེ་དག་ཐམས་ཅད་སྔགས་པས་བསམ་ཞེས་པའོ། །སེམས་ཅན་ཀུན་གྱི་དམ་ཚིག་ཕྱིར། །ཞེས་པ་ནི་དཀྱིལ་འཁོར་དེ་སེམས་ཅན་རྣམས་དམ་ཚིག་ལ་
ཞུགས་པའི་ཕྱིར། གཟུགས་བརྙན་གྱི་དཀྱིལ་འཁོར་རྣམས་རྫོགས་པ་རྒྱས་པར་བྲི་མི་ནུས་ཤིང་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པས་དཀྱིལ་འཁོར་འདི་བྱ་ཞེས་པའོ། །དྲུང་གི་ས་གཞི་ཀུན་དུ་ནི། །ལྷ་རྣམས་གྲངས་མེད་པ་ཡང་ནི། །སྔགས་མཁན་གྱིས་ནི་ནན་ཏན་བྲི། །དཀྱིལ་འཁོར་མཐུ་
ཆེན་འདི་རུ་སྟེ། །ཞེས་པ་ནི་བཅོམ་ལྡན་འདས་མཐུ་ཆེན་པོ་དཀྱིལ་འཁོར་འདིའི་དབུས་ཀྱི་སྟེགས་བུའི་འོག་ཕྱི་རིམ་གྱི་ས་གཞི་ཐམས་ཅད་དུ་ལྷ་དང་ཀླུ་ལ་སོགས་པ་གྲངས་མེད་པ་བྲི་ཞེས་པའོ། །རང་ལུས་རང་གིས་བྱ་བ་ནི། །རས་ཀྱི་རྣམ་པ་སྦྱངས་ནས་སུ། །སྔགས་པ་སྦྱར་སྟན་དེར་འདུག་
ནས། །དེ་བཞིན་གཤེགས་རྣམས་རྗེས་མོས་པས། །ཞེས་པ་ནི་སྦྱོར་བ་དེ་རྣམས་བྱ་བ་ཡང་བདག་ཉིད་ཡི་གེ་རྃ་སྙིང་པོ་ཉིད་དུ་སྦྱང་བ་ལ་སོགས་པ་གོང་དུ་སྨོས་པའི་ཚུལ་བཞིན་དུ་བྱས་ནས་གདོད་ལས་ནི་འདི་རྣམས་བྱ་ཞེས་པའོ། །སློབ་མ་རྣམས་ཀྱི་སྤྱི་བོ་རུ། །ཨ་ནི་འཁོར་དང་བཅས་ཏེ་
གཞག །ཅེས་པ་ནི་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཚེ་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་དེ་དག་བརྟན་པར་བྱ་བའི་ཕྱིར། ཀུན་དུ་སངས་རྒྱས་པའི་སྙིང་པོ་ཨྃ་སྤྱི་བོར་བསམ་ཞེས་པའོ། །དེ་ནས་མེ་ཏོག་འདོར་དུ་གཞུག །ཅེས་པ་ནས། རིག་པ་ཡང་ནི་
དེ་ལ་བྱིན། །ཞེས་པའི་བར་དུ་སློབ་མ་རྣམས་བདག་གི་ལུས་ལ་མེ་ཏོག་བོར་ནས་གང་ལ་བབ་པའི་རིག་པ་དེ་སྦྱིན་པའོ། །དེ་ལ་བསྒོམ་པར་ཞེས་པའི་དཀྱིལ་འཁོར་བར་ཞེས་པ་ནི་དཀྱིལ་འཁོར་གྱི་ཚུལ་རྣམས་སློབ་མ་ལ་བསྟན་པའོ། །འདི་ནི་དཀྱིལ་འཁོར་དམ་པ་སྟེ། །ཞེས་པ་ནི་
เล่ม ๖๙ · หน้า 221a
སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལས་བྱུང་བའི་ཕ་རོལ་གྱི་མཚན་མ་རྣམས་ལ་མི་རྟོག་པས་དམ་པ་ཞེས་པའོ། །ལུས་ཅན་རྣམས་ཀྱི་དམ་ཚིག་ཕྱི་རུ་གསུངས། །ཞེས་པ་ནི་དཀྱིལ་འཁོར་འདི་དམ་ཚིག་ཅན་དུ་བྱ་བའི་ཕྱིར་རོ་ཞེས་པ་སྔར་བཤད་པ་བཞིན་ནོ། །གསང་བའི་
དཀྱིལ་འཁོར་དུ་འཇུག་པའི་ཐབས་ཞེས་པ་ནི་མགོ་ནན་གོང་མའི་ནང་དུ་བཤད་ཟིན་ཏོ།། །།ད་ནི་རིག་པའི་དཀའ་ཐུབ་ཀྱི་ལེའུ་འཆད་དེ། རིག་པ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དོན་ཇི་ལྟ་བ་བཞིན་པ་ཉིད་རིག་པས་ན་དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་། དེ་ལས་བྱུང་བའི་སྔགས་དང་ཕྱག་
རྒྱ་ལ་ཡང་བྱ་སྟེ། དེའི་དཀའ་ཐུབ་ནི་དེ་དང་རྗེས་སུ་མཐུན་པར་སྤྱོད་པ་སྟེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་རྗེས་སུ་མཐུན་པའི་སྤྱོད་པ་སྐྲ་དང་ཁ་སྤུ་བྲེགས་པ་དང་ཆོས་གོས་བགོ་བ་ལ་སོགས་པ་དགེ་སློང་གི་གཟུགས་སུ་སྤྱོད་པ་དང་། འཇིག་རྟེན་པ་རྣམས་ཀྱི་ཡང་ལྷ་ཆེན་པོ་ལ་
དད་པ་ལ་སོགས་པ་ཉིད་ཀྱི་སྤྱོད་པ་དང་། ཚུལ་འཇིག་རྟེན་དུ་རིག་པའི་བརྟུལ་ཞུགས་འདི་ཡང་བདག་ཉིད་ཀྱི་ལྷའི་གཟུགས་ཅི་འདྲ་བ་དང་། རྗེས་སུ་མཐུན་པར་སྤྱོད་པ་དང་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་རང་བཞིན་དང་རྗེས་སུ་མཐུན་པར་སྤྱོད་པ་དང་། ཏིང་ངེ་འཛིན་ལས་ལངས་ནས་ཀྱང་ཆོས་
ཐམས་ཅད་སྒྱུ་མ་ལྟ་བུའི་རང་བཞིན་རྟོགས་པ་དང་། རྗེས་སུ་སྤྱོད་པར་མཐུན་པར་སྤྱོད་པ་དང་། དེའི་སྔགས་སློབ་པར་བྱེད་པ་རྣམས་ཏེ་ཡན་ལག་དེ་བཞི་དང་ལྡན་པ་ནི་རིག་པའི་བརྟུལ་ཞུགས་ཞེས་པའོ། །དེ་ལ་ཁ་ཅིག་ནི་བརྟུལ་ཞུགས་འདི་སྤྱོད་ཅིང་སྔོན་དུ་བསྙེན་པའི་གྲངས་སུམ་འབུམ་ལ་སོགས་པ་
ཇི་སྐད་དུ་གཞུང་ལས་འབྱུང་བ་བཞིན་དུ་བྱས་ནས་སྒྲུབ་པ་ལ་འཇུག་པར་བྱའོ། །དེ་སྟེ་དེ་བས་ཀྱང་ལྷག་པར་བསྟན་པར་འདོད་པས། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ཤིང་། ཟླ་བ་དྲུག་ཏུ་རིག་པའི་བརྟུལ་ཞུགས་སྤྱོད་པར་ཤེས་པར་བྱ་སྟེ། དེ་བས་ན་བརྟུལ་ཞུགས་འདི་ནི་
དབང་ཆེན་ལ་སོགས་པ་ལ་གནས། བརྟུལ་ཞུགས་ཀྱི་རྒྱུ་ལྟ་བུར་བལྟས་ཏེ་རིག་པའི་བརྟུལ་ཞུགས་འདི་ལས་བྱུང་བའི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་བརྟུལ་ཞུགས་ནི་བརྟུལ་ཞུགས་གོང་མ་འདི་ལས་བྱུང་བར་བལྟ་སྟེ། དེ་བས་ན་བརྟུལ་ཞུགས་འདིས་སྔར་སེམས་
เล่ม ๖๙ · หน้า 221b
ཡོངས་སུ་སྦྱངས་ནས་ཕྱིས་བརྟུལ་ཞུགས་འོག་མ་ལ་འཇུག་སྟེ་བརྟུལ་ཞུགས་འོག་མ་སྤྱོད་པ་དང་། ལྷའི་གཟུགས་སུ་བསྐྱེད་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པ་དང་། ཏིང་ངེ་འཛིན་ལས་ལངས་ནས་སྤྱོད་པའི་ཚེ་ཡང་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས་ཤིང་ཆགས་པར་སྤྱོད་པ་དང་།
སྔགས་སློབ་པར་བྱེད་པའི་རིམ་བཞིན་དུ་སྤྱད་པར་བྱ་སྟེ། ལྷག་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ཤིང་དེའི་རང་བཞིན་ལ་བྱ་བ་དང་། དབང་ཆེན་ལ་སོགས་པ་སོ་སོའི་ཕྱག་རྒྱ་འཆིང་བའོ། །རིག་པའི་བརྟུལ་ཞུགས་དེ་དྲིས་པ་ཡང་། དེ་ནས་བཅོམ་ལྡན་འདས་རྣམ་པར་
སྣང་མཛད་ལ་ཕྱག་ན་རྡོ་རྗེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་དོན་གྱི་ཕྱིར་རིག་པའི་དཀའ་ཐུབ་ཀུན་དྲིས་པ་ཞེས་པ་ལ་སོགས་པ་སྟེ། ཕྱག་ན་རྡོ་རྗེ་རིག་པའི་དཀའ་ཐུབ་དྲིས་པ་ཡང་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་
གནས་ཤིང་། རིག་པའི་དཀའ་ཐུབ་སྤྱོད་པ་དེ་གཙོར་དྲིས་པར་ཤེས་པར་བྱའོ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲིས་པ་ནི་དོན་དཀའ་ཞིང་ཞེས་པས་དོན་གྱི་ཚིག་དང་འབྲུ་རྣམས་མི་ཉམས་པར་བྱ་བའི་ཕྱིར་རོ། །སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་སྤྱིར་ཞེས་པ་ནི་
ཕྱག་ན་རྡོ་རྗེ་ཉིད་དམིགས་མི་མཁྱེན་ཏེ། འདྲི་བ་མ་ཡིན་གྱི་མ་འོངས་པའི་འགྲོ་བ་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཞེས་པའོ། །འདི་ལྟར་དཀའ་ཐུབ་སྤྱད་པ་ལགས། །ཞེས་པ་ནས་རྒྱལ་པོ་གཙོ་ཉིད་དབང་དུ་ཞེས་པའི་བར་དུ་ཕྱག་ན་རྡོ་
རྗེས་དྲིས་པའི་ཚིག་སྟེ། དེ་ལ་སྔོན་གྱི་སངས་རྒྱས་ཀྱིས་གསུངས་ཞེས་པ་ལས་འདི་ལྟར་སྔོན་གྱི་སངས་རྒྱས་ཀྱིས་ཟིན་ན་ད་དྲི་ཅི་དགོས་ཤེ་ན། བདག་ཉིད་སྔོན་གྱི་སངས་རྒྱས་ཀྱིས་བཤད་པས་དེའི་དོན་འཚལ་མོད་ཀྱིས། མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་བཤད་ན། བཅོམ་ལྡན་འདས་
ཀྱིས་མངོན་སུམ་དུ་བསྟན་ན། དེ་རྣམས་ཡིད་ཆེས་པར་འགྱུར་བ་དང་། བཅོམ་ལྡན་འདས་ཉིད་དུ་དབང་དུ་བགྱིས་པའི་ཕྱིར་ཞེས་པ་སྟེ་དེ་བས་ན་གསུངས་པ། མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་བཤད་དེ། རྒྱལ་བ་གཙོ་ཉིད་དབང་དུ་བྱ། །ཞེས་པའོ། །དྲིས་པའི་ཚིག་གཞན་རྣམས་ནི་
เล่ม ๖๙ · หน้า 222a
འོག་ནས་ལན་ལྡོན་པ་དང་སྦྱར་རོ། །རིག་པའི་དཀའ་ཐུབ་ལས་བྱུང་བའི། །དཀའ་ཐུབ་གནས་པ་སངས་རྒྱས་བཞིན། །ཞེས་པ་ནི། རིག་པའི་དཀའ་ཐུབ་ལས་བྱུང་བ། །ཞེས་པ་ནི་སེམས་སུ་སྦྱོར་བའི་མཚན་མ་ཉིད་ཡན་ལག་བཞི་དང་ལྡན་པའི་རིག་པའི་དཀའ་ཐུབ་དེ་ལས་
བྱུང་བ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ཏེ་སྤྱོད་པ་དེ་བཤད་དོ་ཞེས་པ་དང་སྦྱར་རོ། །དཀའ་ཐུབ་གནས་པ་སངས་རྒྱས་བཞིན། །ཞེས་པ་ནི་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པ་དོན་དམ་པར་ཡང་ཏིང་ངེ་འཛིན་ལ་ཞུགས་པའི་ཚེ་ཡང་ཆོས་ཐམས་ཅད་
སྟོང་པ་ཉིད་དེ་མཚན་ཉིད་གཅིག་ཏུ་ཆུད། ཀུན་རྫོབ་ཏུ་སྤྱོད་པའི་ཚེ་ཡང་ཆོས་རྣམས་སྒྱུ་མ་ལྟ་བུར་མཁྱེན་པས་ཇི་ལྟར་ཡང་མི་ཆགས་པར་སྤྱོད་པ་དེ་བཞིན་དུ་རིག་པའི་བརྟུལ་ཞུགས་ལ་གནས་པ་དེ་ཡང་ཏིང་ངེ་འཛིན་ལ་ཞུགས་པའི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་གནས། ཏིང་
ངེ་འཛིན་ལས་ལངས་ཏེ་སྤྱོད་པའི་ཚེ་ཡང་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས་ཤིང་གང་ལ་ཡང་མི་ཆགས་པས་སྤྱོད་པས་ན། ཀུན་དུ་སངས་རྒྱས་པ་དང་འདྲ། །ཞེས་པའོ། །ཡང་དག་འདི་བྱས་ནས་ཞེས་པ་ནས། ནམ་ཞིག་རྟག་ཏུ་སེམས་ཐུབ་ན། །ཞེས་པའི་བར་དུ་ཇི་ལྟར་དཀའ་ཐུབ་སྤྱད་པ་ལ་
གནས་ཞེས་ཞུས་ཏེ་བཤད་པ་སྟེ། ཡང་དག་ཉིད་དུ་བདག་བྱས་ནས། །ཞེས་པ་ནི་བདག་གི་དེ་ཁོ་ན་ཉིད་ཇི་སྐད་བཤད་པ་བཞིན་དུ་བྱས་ནས་ཞེས་པའོ། །རྟག་ཏུ་ཐེ་ཚོམ་མེད་ན་ནི། །ཞེས་པ་ནི་དེ་ལྟར་བདག་གི་དེ་ཁོ་ན་ཉིད་བདག་ནི་ལྷ་གང་ཡིན་པའི་གཟུགས་སུ་བསྒྱུར་བ་ཏིང་ངེ་འཛིན་འཁྲུགས་པ་
དང་ལྷ་ཇི་བཞིན་པའི་བར་སྣང་བ་རྣམ་པར་རྟོག་པ་གཞན་མེད་པར་ལྷའི་གཟུགས་ཉིད་ཡིད་ལ་ཐེ་ཚོམ་མེད་པར་སྣང་ན་དེ། དཀའ་ཐུབ་སྤྱད་པ་སྤྱོད་པ་ཡིན། །ཞེས་པ་དང་སྦྱར་རོ། །དེ་བས་ན་གསུངས་པ། ནམ་ཞིག་རྟག་ཏུ་སེམས་ཐུབ་ན། །ཞེས་པ་སྟེ་མདོར་ན་རྟག་ཏུ་སེམས་ཐུབ་པར་བྱ་སྟེ།
ལྷའི་གཟུགས་དེ་ཉིད་ལ་བརྟན་པ་སྣང་བར་མ་བྱས་ན། སྔགས་དང་ཕྱག་རྒྱ་སྦྱར་བ་ཙམ་དང་། གང་ལྟ་བ་དེ་དག་བདག་གོ་ཙམ་དུ་བསམ་པ་ཙམ་གྱིས་རིག་པའི་བརྟུལ་ཞུགས་མི་ཆུད་ཅེས་པའོ། །དེ་ནི་རིག་པ་དང་མཐུན་པའི་གཟུགས་སུ་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་དང་ཆོས་རྣམས་
เล่ม ๖๙ · หน้า 222b
དང་། གཞན་གྱི་ཚུལ་ཁྲིམས་ཅན་མ་ཡིན་ཞེས་པའི་བར་དུ། ཇི་ལྟར་ཚུལ་ཁྲིམས་ལ་ཡང་གནས། །ཞེས་ཞུས་པ་དེ་བཤད་པ་སྟེ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཆོས་སུན་འབྱིན་པའི་མཚན་ཉིད་རྣམ་པར་རྟོག་པ་དང་བཅས་པ་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་
པའི་རྣམ་པ་དང་། དགེ་བ་བཅུའི་རང་བཞིན་ལ་བསླབ་པ་དང་། འདུས་བྱས་ཀྱི་ལས་དང་འབྲས་བུ་རྣམས་སྟོང་པ་ཉིད་ཀྱི་མཚན་ཉིད་གཅིག་ཏུ་ལྡན་པར་ཆུད་ན། ཚུལ་ཁྲིམས་དེ་ལས་དང་བྲལ་བ་ཟག་པ་མེད་པའི་ཚུལ་ཁྲིམས་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་དེ་བས་ན་གསུངས་པ། ཚུལ་
ཁྲིམས་སངས་རྒྱས་བཞིན་རིག་བྱ། །ཞེས་པ་སྟེ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཚན་ཉིད་གཅིག་ཏུ་ཆུད་པ་བཞིན་དུ་ཞེས་པ་སྟེ། དེ་ནི་རིག་པ་དང་རྗེས་སུ་མཐུན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྤྱོད་པ་དེ་སྔར་བདག་གིས་ལྷའི་
གཟུགས་སུ་བསྒྱུར་ནས། དེའི་འོག་ཏུ་རང་གི་སེམས་ཡོངས་སུ་སྦྱང་བའི་ཕྱིར་ལྷའི་གཟུགས་སུ་བསྒྱུར་བ་དེ་སོ་སོ་ནས་མི་ཞིག་པར་ཡིད་ལ་མི་བྱ་བའི་ཚུལ་གྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །ཆོས་ཀུན་དབང་ཐོབ་ཅེས་པ་ནས་གསེར་དང་རྡོ་བར་བསྙམས་ནས་ཞེས་པའི་
བར་དུ། མི་ཆགས་པ་ནི་ཇི་ལྟར་སྤྱོད། །གང་ན་ཇི་ལྟར་གནས་ནས་སོ། །ཞེས་བཤད་པ་སྟེ། ཆོས་ཀུན་ལ་ཡང་དབང་ཐོབ་ཅིང་། །ཞེས་པ་ནི་ཆོས་ཐམས་ཅད་སྟོང་པའི་རང་བཞིན་དུ་ཆུད་དེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་དབང་དུ་མི་འགྲོ་ཞེས་པའོ། །སེམས་ཅན་
དོན་ཕྱིར་དེར་ཞུགས་པ། །མི་ཆགས་བཞིན་དུ་སྤྱོད་པ་ནི། །གསེར་དང་རྡོ་བར་སྙོམས་ནའོ། །ཞེས་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་ནས། སྦྱིན་པ་ལ་སོགས་པ་སེམས་ཅན་གྱི་དོན་དུ་ཀུན་རྫོབ་སྤྱོད་ན། འདུས་བྱས་ཀྱི་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས་ཤིང་དེ་རྣམས་ལ་ཆགས་པ་མི་
འབྱུང་བ་ནི་ཇི་ལྟར་རྡོ་བ་དང་བོང་བ་ལ་ཆགས་པའི་སེམས་མི་སྐྱེ་བཞིན་དུ་གསེར་ལ་ཡང་ཆགས་པའི་སེམས་མི་སྐྱེ་ན་གང་ན་གནས་ཀྱང་མི་ཆགས་པ་སྤྱོད་པ་ཞེས་པ་སྟེ་དེ་ནི་ཀུན་རྫོབ་ཏུ་ཡང་སྤྱོད་ན་རིག་པ་དང་རྗེས་སུ་མཐུན་པར་སྤྱོད་པའོ། །ཇི་སྲིད་མཚན་མར་བཤད་པ་ནི་སྔགས་ཀྱི་གྲངས་
เล่ม ๖๙ · หน้า 223a
སུ་བྱ་བ་རྣམས་དེ་སྲིད་དུ་སྒྲུབ་པ་དང་། དཀའ་ཐུབ་ཡོངས་སུ་རྫོགས་པར་འགྱུར། །ཞེས་པ་ནི་ཇི་སྲིད་དུ་བསྒྲུབས་ན། དཀའ་ཐུབ་ཡོངས་སུ་རྫོགས་པར་འགྱུར། །ཞེས་དེ་བཤད་པ་སྟེ། སྔགས་བཟླས་པའི་གྲངས་སུམ་འབུམ་ལ་སོགས་པ་ཇི་སྲིད་དུ་གཞུང་ལས་བཤད་པ། ཇི་
སྲིད་ཀྱི་བར་དུ་དཀའ་ཐུབ་དེ་གོང་དུ་བཤད་པའི་ཚུལ་བཞིན་དུ་སྤྱད་ན་ཡོངས་སུ་རྫོགས་པར་འགྱུར་ཞེས་པ་སྟེ། དེ་ཡང་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་དཀའ་ཐུབ་ཀྱི་སྔོན་རོལ་དུ་སེམས་ཡོངས་སུ་སྦྱོང་བའི་མཚན་ཉིད་ཡན་ལག་བཞི་དང་ལྡན་པའི་དཀའ་ཐུབ་དེ་ལ་བྱའོ། །
དབང་ཆེན་གྱི་ནི་ལྷ་ལྟ་བུར། །ཞེས་པ་ནས། རྙེད་དང་མི་རྙེད་རྣམ་པར་སྤངས། །ཞེས་པའི་བར་དུ་དེའི་གནས་གང་དུ་བགྱི་ཞེས་པའི་ལན་ཏེ། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ནས་རིག་པའི་དཀའ་ཐུབ་སྤྱད་པ་བཤད་པ་དེ་ལ། དབང་ཆེན་གྱི་ནི་ལྷ་ལྟ་བུར། །ཞེས་པ་ནས། སྲོག་
དང་རྩོལ་བ་ནན་ཏན་དུ། །ཞེས་པའི་བར་དུ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ནས་བདག་ཉིད་རང་གི་ལྷའི་གཟུགས་སུ་བསྒྱུར་ཏེ། ཇི་ལྟར་སའི་རང་བཞིན་སྲ་ཞིང་མཁྲང་བ་ལྟར་བདག་གི་ལུས་ཀྱང་དེ་ལྟ་བུར་སེམས་ལ་ཞར་ལ་བསྒོམ་ཞིང་ཟླ་བ་གཅིག་ཏུ་བཟླས་ཤིང་གནས་པར་བྱ་
བ་བཤད་དེ། དབང་ཆེན་གྱི་ནི་ལྷ་ལྟ་བུར། །དབང་ཆེན་དཀྱིལ་འཁོར་ལ་འདུག་ནས། །ཞེས་པ་ནི་དབང་ཆེན་གྱི་སྙིང་པོ་ཡི་གེ་ཨ་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པར་སྟོན་པའི་སྒྲའི་དེ་ཁོ་ན་ཉིད་བསྒོམས་ནས་ཡི་གེ་དེ་ཉིད་ལས་དབང་ཆེན་གྱི་དཀྱིལ་འཁོར་དུ་གྱུར་པ་སྔ་མ་བཞིན་དུ་བསམས་ཏེ།
དེའི་སྟེང་དུ་བདག་རང་གི་ལྷའི་གཟུགས་སུ་བསྒྱུར་ནས་རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ་དབང་ཆེན་གྱི་རང་བཞིན་ལྟ་བུ་སྲ་ཞིང་བརྟན་པར་བསྒོམ་ཞེས་པའོ། །རྡོ་རྗེའི་ཕྱག་རྒྱ་བཅིངས་ནས་སུ། །ཞེས་པ་ནི་སྲ་ཞིང་བརྟན་པའི་རྗེས་སུ་མཐུན་པའི་ཕྱིར་རྡོ་རྗེའི་ཕྱག་རྒྱ་བཅིང་བའོ། །ཟས་སུ་རྟག་པར་འོ་མ་བཏུང་། །
ཞེས་པ་ནི་ཟས་ཀྱང་རྗེས་སུ་མཐུན་པར་ཞེས་པ་སྟེ། འོ་མ་འཐུངས་ནས་ལུས་བརྟས་ཤིང་མཁྲང་བར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ན་ཡང་སེམས་དང་ཁ་ཟས་གཉིས་ཀྱིས་ལུས་འཛིན་པར་འགྱུར་བ་དེ་བཞིན་དུ། འདིར་ཡང་སེམས་མཁྲང་བར་འགྱུར་བའི་ཁ་ཟས་ཟོས་ན་དབང་ཆེན་གྱི་ཏིང་ངེ་
เล่ม ๖๙ · หน้า 223b
འཛིན་དང་མཐུན་པར་འགྱུར་བའི་ཕྱིར་རོ། །སྔགས་མཁན་གྱིས་ནི་ཟླ་གཅིག་བཟླས། །སྲོག་དང་རྩོལ་བས་ནན་ཏན་དུའོ། །ཞེས་པ་ནི་སྔར་བཤད་པའི་ཚུལ་བཞིན་དུ་སྲོག་དང་རྩོལ་བ་བསྡམས་ནས། རང་གི་སྙིང་པོ་ཟླ་གཅིག་བཟླས། །ཞེས་པའོ། །དེ་ནས་ཟླ་བ་གཉིས་པའི་
ཚེ། །ཞེས་པ་ནས། དེའི་ཚེ་ཟས་སུ་ཆུ་བཏུང་ངོ་། །ཞེས་པའི་བར་དུ་ཆུའི་དཀྱིལ་འཁོར་ལ་གནས་པར་བཤད་པ་སྟེ། ཆུའི་དཀྱིལ་འཁོར་གྱི་ས་བོན་གྱི་སྒྲའི་དེ་ཁོ་ན་ཉིད་བསྒོམ་པ་དང་། ས་བོན་དེ་ལས་ཆུའི་དཀྱིལ་འཁོར་དུ་བསྒོམས་པས་རིམ་པ་བཞིན་དུ་བྱ་སྟེ། བདག་གི་ལུས་ཀྱང་
ཆུའི་རང་བཞིན་ལྟར་སྔོ་བར་བསྒོམ་ཞིང་པདྨོའི་ཕྱག་རྒྱ་བཅིངས་ལ་ཟླ་བ་གཅིག་ཏུ་བཟླས་པ་བྱ་སྟེ། པདྨོའི་ཕྱག་རྒྱ་བཅིངས་པ་དང་ཟས་སུ་ཆུ་བཏུང་བ་ཡང་དེ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །དེ་ནས་ཟླ་བ་གསུམ་པའི་ཚེ། །ཞེས་པ་ནས། ལུས་ངག་ཡིད་ལས་བྱུང་བའོ། །ཞེས་
པའི་བར་དུ། མེ་ཡི་དཀྱིལ་འཁོར་ལ་གནས་པའི། །བཤད་པའི་ཟས་བཟའ་སྟེ་ཞེས་པ་ནི་མེ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར། ཇི་ལྟར་མེ་སྐམ་གཤེར་དང་བཟང་ངན་ལ་སོགས་པ་མི་རྟོག་པར་སྲེག་པ་བཞིན་དུ་ཞིམ་པོ་ལ་སོགས་པའམ། འདོད་པའི་དངོས་པོ་རྣམས་ལ་མི་རྟོག་
ཅིང་སློང་བར་བཟའ་ཞེས་པའོ། །རལ་གྲིའི་ཕྱག་རྒྱ་དང་ལྡན་པ། །ཞེས་པ་ཡང་མེ་དང་རྗེས་སུ་མཐུན་པ་སྟེ། ཇི་ལྟར་མེས་ཐམས་ཅད་འཚིག་ཅིང་གཅོད་པ་བཞིན་དུ་རལ་གྲིས་ཀྱང་དངོས་པོ་ཐམས་ཅད་གཅོད་ཅིང་མེད་པར་བྱེད་པའོ། །སྡིག་པ་ཀུན་དུ་བསྲེག་པ་ནི། །ལུས་པོ་ཉིད་ལས་
བྱུང་བའོ། །ཞེས་པ་ནི་དེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ཤིང་སྔགས་བཟླས་ན། ལུས་དང་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་སྦྱང་བའི་ལས་ཀྱི་བག་ཆགས་ལས་བསམས་ཏེ་འབྱུང་བར་འགྱུར་ཞེས་པའོ། །བཞི་ལ་རླུང་གི་ལྡན་པར་ཏེ། །ཞེས་པ་ནས། སེམས་ཐུབ་པར་ནི་སྔགས་ཟློས་
ཤིག །ཅེས་པའི་བར་དུ་ཟླ་བ་གཅིག་རླུང་གི་དཀྱིལ་འཁོར་ལ་གནས་པ་སྟེ། རླུང་གི་དཀྱིལ་འཁོར་ཏིང་ངེ་འཛིན་དུ་སྦྱར་བ་ནི་སྔར་བཤད་པ་བཞིན་ཏེ། ཁྱད་པར་དུ་བདག་གི་ལུས་རླུང་གིས་རེག་པར་ལྡན་པར་ཡིད་ལ་བསྒོམ་མོ། །ཟས་སུ་རྟག་པར་རླུང་བཟའོ། །ཞེས་ཁ་ཟས་ཀྱང་དེའི་རྗེས་
เล่ม ๖๙ · หน้า 224a
སུ་མཐུན་པར་སྦྱར་བ་སྟེ། རླུང་ནི་ནང་དུ་རྒྱུ་བ་ལྐོག་མར་བགས་ཀྱིས་བགགས་པར་བསམས་ན་བྲུ་བ་ཚ་བ་དང་སྐོམ་པ་མེད་པར་འགྱུར་ཏེ་རླུང་ཟ་བ་ཞེས་བྱའོ། །དེ་ལ་འཁོར་ལོའི་ཕྱག་རྒྱ་བཅིངས། །ཞེས་པ་ནི་འཁོར་ལོས་འཁོར་ཞིང་གཡོ་བའི་མཚན་ཉིད་པས་རླུང་དང་རྗེས་
སུ་མཐུན་པར་བྱ་བའི་ཕྱིར་རོ། །སེམས་ཐུབ་པར་ནི་སྔགས་ཟློས་ཤིག་པ་ནི་སྲོག་དང་རྩོལ་བ་བསྡམས་པ་ལ་སོགས་པ་སྔར་བཤད་པའི་རིམ་པ་བཞིན་དུ་བཟླས་པའོ། །དབང་ཆེན་གྱི་དང་ཆུ་དངོས་ལས། །ཞེས་པ་ནས། རྫོགས་པའི་སངས་རྒྱས་རྫོགས་འགྱུར་རོ། །ཞེས་པའི་བར་དུ་དབང་
ཆེན་གྱི་དཀྱིལ་འཁོར་དང་ཆུའི་དཀྱིལ་འཁོར་གཉིས་ལ་གནས་ཏེ། རིག་པའི་བརྟུལ་ཞུགས་སྤྱད་པ་སྟེ། དབང་ཆེན་དང་ཆུའི་དཀྱིལ་འཁོར་སོ་སོའི་སྙིང་པོ་ལས་སྔ་མ་བཞིན་དུ་བསམས་ཏེ། རོ་སྨད་ནི་དབང་ཆེན་གྱི་རང་བཞིན་དུ་སྔ་མ་བཞིན་དུ་བསམ་མོ། །རོ་སྟོད་ནི་ཆུའི་རང་བཞིན་དུ་
བསམས་ཏེ། ཟས་སུ་ཡང་འོ་མ་དང་ཆུ་གཉིས་བཏུང་ཞིང་ཟླ་བ་གཅིག་ཏུ་བཟླས་པར་བྱའོ། །རྙེད་དང་མི་རྙེད་རྣམ་པར་སྤངས། །ཞེས་པ་ནི་རྙེད་ན་ཡང་དགའ་བ་མེད་མ་རྙེད་ན་ཡང་མི་དགའ་བ་མེད་པའོ། །རླུང་དང་མེ་ཡི་ལྡན་པ་སྟེ། །ཞེས་པ་ནས་རྙེད་པ་དང་མི་རྙེད་པ་རྣམ་པར་སྤངས་སོ་
ཞེས་པར་རླུང་དང་མེ་གཉིས་ཀའི་དཀྱིལ་འཁོར་ལ་གནས་ནས་རིག་པའི་དཀའ་ཐུབ་སྤྱོད་པ་སྟེ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་དང་། རཾ་གྱི་ས་བོན་ལས་བསམས་ཏེ། བདག་གི་ལུས་རོ་སྟོད་མེའི་རང་བཞིན་དུ་འབར་བ་བཞིན་དུ་བསམ། རོ་སྨད་ཀྱང་སྔ་མ་བཞིན་དུ་རླུང་གི་
རང་བཞིན་དུ་བསམས་ཏེ། ཟས་སུ་ཡང་རླུང་གི་ཟས་ཀྱི་སྦྱོར་བ་སྔར་སྨོས་པ་བཞིན་དུ་ཅུང་ཟད་བྱ། མེའི་ཟས་མ་བླངས་པར་ཡང་ཅུང་ཟད་བྱ་སྟེ། ཟླ་བ་གཅིག་ཏུ་བཟླས་པར་བྱ། །ཞེས་པ་དེ་དག་ཐམས་ཅད་ཀྱང་རང་གི་ལྷའི་གཟུགས་སུ་སྦྱོར་བ་ནི་སོ་སོའི་དཀྱིལ་འཁོར་ཁ་དོག་ཅི་འདྲ་བ་བཞིན་
དུ་ལྷའི་གཟུགས་ཀྱི་ཁ་དོག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཟླ་བ་གཅིག་ཏུ་སྲོག་དང་རྩོལ་བ་བསྡམས་ཏེ་བཟླས་པ་ཡང་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པའི་རིམ་བཞིན་དུ་བཤད་པར་བྱའོ། །བརྒྱ་བྱིན་ཚངས་པ་ལ་སོགས་པའི། །ལྷ་རྣམས་ཞེས་པ་ནས་སེམས་ཅན་
เล่ม ๖๙ · หน้า 224b
ཀུན་ལ་ཕན་བྱེད་པའི་བར་དུ་དེའི་མཐའ་ཇི་ལྟར་རིག་པར་བགྱི་ཞེས་ཞུས་པའི་ལན་ཏེ་མཐུ་བཤད་པ་སྟེ། བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་རྣམས་དང་། ཤ་ཟ་དང་ལྟོ་འཕྱེ་ལ་སོགས་པའི་རིག་པའི་དཀའ་ཐུབ་དེ་ལྟ་བུ་དང་ལྡན་པའི་སྔགས་པ་དེ་ལྟ་བུ་མཐོང་ན། རྒྱང་རིང་པོ་ནས་ཕྱག་
འཚལ་ཞིང་སྔགས་པ་དེ་ལ་སྲུང་བར་བྱེད། སྔགས་པ་དེས་ནི་ཅི་དགོས་པ་རྣམས་ཀྱང་བྱེད་པར་འགྱུར་བ་དང་། ལྷའི་སྨན་རྣམས་ཀྱང་སྔགས་པ་དེའི་དྲུང་ན་འཁོད་ཅིང་བཀའ་མཉན་ཞིང་སྨན་བཙལ་གྱིས་མི་རྙེད་པ་དག་ཀྱང་དེའི་དྲུང་ན་འདུག་པ་མཐོང་ངོ་། །བགེགས་དང་མ་བདུན་པོ་ལ་
སོགས་པའི་འཇིགས་པར་བྱེད་པ་རྣམས་ཀྱང་རྒྱང་རིང་པོ་ནས་ཕྱག་འཚལ་བར་བྱེད་པ་དང་། སྔགས་པའི་གནས་ཀྱང་མེ་འབར་བ་ལྟར་སྣང་བ་སངས་རྒྱས་བཅོམ་ལྡན་འདས་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ལ་དབང་ཐོབ་པ་དང་། དབང་བར་འགྱུར་བ་དང་མི་མཐུན་པ་
འདུམ་པ་ནི་ཕྱག་ན་རྡོ་རྗེ་ལྟ་བུ། སྙིང་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལྟ་བུར་གྱུར་ཞེས་པའོ། །དེ་ནི་ཟླ་དྲུག་བཟླས་རྣམས་ལ། །དངོས་གྲུབ་འདོད་བཞིན་འབྲས་བུ་སྨིན། །བདག་རང་དང་ནི་གཞན་རྣམས་ལའང་། །རྟག་ཏུ་སྐྱོང་བར་བྱེད་པའོ། །ཞེས་པ་ནི། དུས་དང་ཡུལ་དང་བྱ་
བ་ལས་ཆོས་དང་། །ཆོས་མིན་རྣམ་པར་སྤོང་བར་བྱེད་པ་འདིས། །ཇི་ལྟར་མྱུར་དུ་འགྱུར་བའི་ཚད་ཀྱང་མགོན་པོས་བཀའ་སྩོལ་ཅིག །ཅེས་པ་དེ་བཤད་པ་སྟེ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་བསྒོམ་པའི་རིམ་གྱིས་ཟླ་བ་དྲུག་ན་དུས་ལ་སོགས་པ་ལ་མི་ལྟོས་ཤིང་བདག་དང་གཞན་ལ་
ཕན་པའི་གྲུབ་པ་ཐོབ་པར་འགྱུར་ཏེ། དེ་ལྟ་བུ་ཐོབ་པའི་ཚད་ནི་ཟླ་བ་དྲུག་གོ་ཞེས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་སྔགས་རྣམས་དང་དཀྱིལ་འཁོར་ཡང་དྲིས་པ་ཞེས་པ་ལ་སོགས་པ་ནི། སློབ་དཔོན་གྱི་དེ་ཁོ་ན་ཉིད་བཤད་པ་སྟེ། སློབ་དཔོན་གྱིས་དྲི་བ་དེ་ཁོ་ན་ཡང་སྔགས་
རྣམས་དང་དཀྱིལ་འཁོར་གྱི་སྙིང་པོ་གང་ཡིན་པ་ལ་སོགས་པ་ཇི་ལྟ་བུ་ཉིད་དུ་ཤེས་ན་སློབ་དཔོན་དུ་འགྱུར་ཏེ། དེ་བས་ན་སྔགས་རྣམས་འབྱུང་བའི་གནས་སྙིང་པོ་དེ་བཤད་པ། སྔོན་དུ་སློབ་དཔོན་གྱི་དེ་ཁོ་ན་ཉིད་བསྟན་ཏེ། དེ་བས་ན་ཕྱག་ན་རྡོ་རྗེས་ཀྱང་། སྔགས་ཀུན་གྱི་ནི་སྙིང་པོ་གང་། །སློབ་
เล่ม ๖๙ · หน้า 225a
དཔོན་ཞེས་བགྱི་ཅི་ཞེ་ན། །ཞེས་པ་ཞུས་སོ། །དེ་ལ། སྔགས་ཀུན་གྱི་ནི་སྙིང་པོ་གང་། །ཞེས་པ་ནི་ཨ་ཨ་ཞེས་པ་ནི་སྔགས་རྣམས། སྙིང་པོ་རུ་ནི་གསུངས་པ་ཡིན། །ཞེས་པ་ལ་སོགས་པ་དང་སྦྱར་རོ། །སློབ་དཔོན་ཞེས་པ་ནི། སྙིང་ག་རུ་ནི་སྙིང་པོ་གཞག །ཡན་ལག་ཏུ་ནི་
ཡན་ལག་གཞག །ཅེས་པ་དང་སྦྱར་ཏེ། དེ་རྣམས་ཀྱང་བཀོད་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི། དེ་དག་སྒྲའི་དེ་ཁོ་ན་ཉིད་ལ་སོགས་པ་ཤེས་ན་སློབ་དཔོན་ཞེས་བྱའོ། །གསང་བའི་ཡེ་ཤེས་དེ་ཞེས་པ་ནི་སྔགས་སྤྱད་པའི་ཚུལ་རང་བཞིན་གྱིས་གསང་བའི་སྟེང་དུ་སྔགས་ཀྱི་སྙིང་པོ་ཡི་གེ་ཨ་
ཞེས་ཐམས་ཅད་ཐོག་མ་མ་སྐྱེས་པར་ཆུད་པའི་ཡེ་ཤེས་འབྱུང་བའི་སྒོ་སྟེ། ཤིན་ཏུ་ཟབ་སྟེ་སྣོད་མ་ཡིན་ཞིང་དམ་ཚིག་མེད་པ་ལ་མི་བསྟན་པས་ན་གསང་བའི་གསང་བ་ཞེས་བྱའོ། །སྔགས་ཀྱི་ཡི་གེས་འབྱུང་ཆེན་པོ། །ཞེས་པ་ནི་སྙིང་པོའི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུད་པར་འགྱུར་
བས་དེ་ཉིད་ཡི་གེ་ཞེས་བྱ་སྟེ། ཡེ་ཤེས་དེ་ལས་བླ་ན་མེད་པའི་འབྲས་བུ་ཐོབ་པ་ཆེན་པོ་འབྱུང་བས་ན་འབྱུང་ཆེན་པོ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྒོ་ནས་ཡེ་ཤེས་འབྱུང་བ་ཡང་འབྲས་བུ་ཆེན་པོ་འབྱུང་བ་ཡིན་མོད་ཀྱི། དེ་ལས་ཁྱད་པར་དུ་གསུངས་པ། སྔགས་ཀྱི་ཡེ་ཤེས་
འབྱུང་ཆེན་པོ། །ཞེས་པ་སྟེ་དེ་ལྟ་བུར་དྲིས་པ་དགེ་བའི་ཚིག་དང་སྦྱར་རོ། །ཨ་ཞེས་བྱ་བ་སྔགས་ཀུན་གྱི། །སྙིང་པོ་རུ་ནི་གསུངས་པ་ཡིན། །དེ་ལས་བྱུང་བ་སྔགས་རྣམས་ནི། །གྲངས་མེད་པ་རུ་སྐྱེས་པ་སྟེ། །ཞེས་པ་ནི། སྔགས་ཀུན་གྱི་ནི་སྙིང་པོ་གང་། །ཞེས་ཞུས་པའི་ལན་ཏེ། དེ་ལ་
ཡི་གེ་ཨ་ཞེས་པ་ནི་སྔགས་ཐམས་ཅད་ཀྱི་སྙིང་པོ། སྙིང་པོ་ཞེས་པ་ནི་འབྱུང་བའི་གནས་སོ། །དེ་བས་ན་ཀུན་རྫོབ་དང་དོན་དམ་པ་གཉིས་ཀ་འབྱུང་བའི་གནས་ཏེ། དེ་ལ་ཀ་ལ་སོགས་པ་ཡི་གེ་འབྲུ་ཐམས་ཅད་ཀྱང་ཨ་དང་མི་ལྡན་ན་མི་སྨྲ་སྟེ། དེ་བས་ན་ཡི་གེ་ཀ་ལ་སོགས་པ་ཐམས་ཅད་ཀྱང་ཨ་ལས་
བྱུང་བར་ཤེས་པར་བྱ་སྟེ། དེ་ནི་ཀུན་རྫོབ་ཏུ་འབྱུང་བའི་གནས་སོ། །དོན་དམ་པ་ནི་ཡི་གེ་ཨ་དེ་ལས་ཆོས་ཐམས་ཅད་ཐོག་མ་ནས་མ་བྱུང་མ་སྐྱེས་པར་ཆུད་པའི་ཡེ་ཤེས་འབྱུང་སྟེ་འདི་ནི་དོན་དམ་པའི་གནས་སོ། །དེ་ལ། དེ་ལས་འབྱུང་བའི་སྔགས་རྣམས་ནི། །གྲངས་མེད་བར་དུ་སྐྱེས་པ་སྟེ། །
เล่ม ๖๙ · หน้า 225b
ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཇི་སྙེད་དུ་གསུངས་པ་དེ་ཐམས་ཅད་ཡི་གེ་འབྲུའི་ངོ་བོ་སྟེ། འབྲུ་དེ་རྣམས་ཀྱང་ཨ་ལས་གྱུར་པས་སྔགས་གྲངས་མེད་དེ། དེ་དག་ཐམས་ཅད་ཨ་ལས་བྱུང་། །ཞེས་པ་སྟེ་དེས་ནི་ཀུན་རྫོབ་ཏུ་ཐམས་ཅད་འབྱུང་བའི་གནས་སུ་སྟོན་པའོ། །
འཕྲོ་བ་ཐམས་ཅད་ཞི་བར་བྱེད། །མ་ལུས་ཡེ་ཤེས་ཀྱང་འབྱུང་ཞེས་པ་སྟེ། ཨ་དེ་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་ཐམས་ཅད་ཐོག་མ་ནས་མ་བྱུང་བ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཆུད་པས་གཟུང་བ་དང་འཛིན་པ་ལ་སོགས་པ་རྣམ་པར་མི་རྟོག་པའི་འཕྲོ་བ་དང་བྲལ་བའི་ཡེ་ཤེས་ཀྱང་ཨ་དེ་ལས་འབྱུང་ངོ་ཞེས་
བསྟན་པ་སྟེ་དེས་ནི་དོན་དམ་པར་འབྱུང་བའི་གནས་སུ་བསྟན་པའོ། །དེ་ལྟ་བུར་ན་གསང་བའི་བདག་པོ་ཞེས་པ་ནས། སྣ་ཚོགས་པའི་ལུས་ལས་བྱུང་བའོ། །ཞེས་པའི་བར་དུ་གོང་མའི་ཚིགས་སུ་བཅད་པ་མདོར་གསུངས་པ་དེ་ཉིད་ནི་འབྲེལ་པ་སྟེ། དེ་ལ་སྤྱིར་རྣམ་པ་ལྔ་སྟེ། ཨ་དང་ཨཾ་དང་ཨི་
དང་ཨུ་རྣམས་སོ། །དེ་དག་ཡི་གེ་ཐམས་ཅད་སྤྱིའི་རང་བཞིན་ནོ། །ཨོཾ་ཀླད་ཀོར་གྱི་ང་དང་ཉ་དང་ན་དང་ཎ་དང་མ་རྣམས་ཀྱི་རང་བཞིན་ཏེ། ངའི་ནང་དུ་ཀའི་འཁོར་རྣམས་འདུས། ཉའི་ནང་དུ་ཙའི་འཁོར་རྣམས་འདུས། ཎའི་ནང་དུ་ཊའི་འཁོར་རྣམས་འདུས། ནའི་ནང་དུ་ཏའི་འཁོར་རྣམས་འདུས།
མའི་ནང་དུ་པའི་འཁོར་རྣམས་འདུས་པར་བལྟའོ། །ཨ་དང་ཨིའི་ནང་དུ་ཡ་འདུས་པར་བལྟའོ། །ར་དང་ལ་ནི་རྀ་རཱྀ་དང་ལྀ་ལཱྀའི་ནང་དུ་འདུས། ཤ་ཥ་དང་ས་ཧ་རྣམས་ནི་ཡི་གེ་ཞེས་པའི་ཚིག་གཉིས་པོའི་ནང་དུ་འདུས་ཏེ། ཨ་དེ་རྣམས་ལས་ཀ་ལ་སོགས་པའི་ཡན་ལག་ཐམས་ཅད་འབྱུང་བར་ཤེས་
པར་བྱའོ། །དེ་ལ་ཨ་དེ་ནི་སྲོག་ཏུ་གསུངས་པ་སྟེ། སངས་རྒྱས་རྐང་གཉིས་མཆོག་གིས་ཞེས་པ་ནི། ཡི་གེ་ཨ་དེ་ཀུན་རྫོབ་དང་དོན་དམ་པ་གཉིས་ཀ་རུ་ཐམས་ཅད་ཀྱི་སྲོག་སྟེ། ཀུན་རྫོབ་ཏུ་ཡང་གོང་དུ་བཤད་པའི་ཚུལ་གྱིས་ཨ་དེ་མེད་ན་ཀ་ལ་སོགས་པ་སྨྲས་པ་ཐམས་ཅད་ཀྱི་སྲོག་ཅེས་
བྱའོ། །ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པར་ཆུད་པའི་ཡེ་ཤེས་འབྱུང་བས་སྲོག་ཅེས་བྱ་སྟེ། དེ་ལྟ་བུར་སྲོག་ཡིན་པར་འགའ་ཞིག་གིས་བཤད་པ་མ་ཡིན་གྱི། སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཤད་པའོ། །དེ་བས་འདི་ཀུན་ཐམས་ཅད་དེ། །ཞེས་པ་ནི་ཨ་དེ་ལྟར་དེ་སྲོག་ཡིན་པས་
เล่ม ๖๙ · หน้า 226a
ཀ་ལ་སོགས་པའི་དངོས་པོ་ཐམས་ཅད་འདི་ཇི་ལྟར་ཡིན་ཞེས་གསུངས་པ། ཡན་ལག་ཀུན་རྣམ་པར་ཞེས་པ་སྟེ། ཨ་དེ་རྣམས་ཀ་ལ་སོགས་པའི་འབྲུ་རྣམས་ལ་གནས་ཞེས་པའོ། །ཡན་ལག་རྣམས་ཀྱང་ཅི་རིགས་པར། །རྟག་པར་ཀུན་ལའང་ཤེས་པར་བྱོས། །ཞེས་
པ་ནི་ཀ་ལ་སོགས་པའི་ཡན་ལག་ཇི་ལྟར་རིགས་པར་སྔགས་ཀུན་ལ་རྟག་ཏུ་གནས་པར་ཤེས་པར་བྱའོ་ཞེས་པའོ། །ཡི་གེ་རྣམས་ཀྱིས་ཐམས་ཅད་ཁྱབ། །ཅེས་པ་དང་དེ་ཉིད་ཀྱི་དོན་དུ་གསུངས་པ་སྟེ། ཀ་ལ་སོགས་པའི་ཡི་གེ་རྣམས་ཀྱིས་སྔགས་ཀྱི་ཚིག་ཐམས་ཅད་དུ་ཁྱབ་ཅེས་པའོ། །ཡི་གེ་
རྣམས་ཀྱང་དེ་ཡིས་སོ། །ཞེས་པ་ནི་ཀ་ལ་སོགས་པའི་ཡི་གེ་རྣམས་ལ་ཨ་དེས་ཁྱབ་ཅེས་པའོ། །ཡི་གེ་ལས་ནི་སྒྲ་འབྱུང་བ་དང་། ཆ་རུ་ཀུན་དུ་འབྱུང་ངོ་ཞེས་པ་ནི་ཀ་ལ་སོགས་པའི་ཡི་གེའི་སྒྲ་རྣམས་ལས་ཆོས་ཐམས་ཅད་དགོས་པ་དང་བྲལ་བའོ་ཞེས་པ་ལ་སོགས་པའི་སྒྲའི་ཕྱོགས་གཅིག་པ་
རྣམས་འབྱུང་ཞེས་པའོ། །དེ་བས་ན་དེ་ཀུན་ཐམས་ཅད་དེ་སྣ་ཚོགས་པའི་ལུས་འབྱུང་བའོ་ཞེས་པ་ནི། དེ་བས་ན་ཨ་དེ་ནི་ཀ་ལ་སོགས་པའི་དངོས་པོ་ཐམས་ཅད་དེ། ཀ་ལ་སོགས་པ་དེ་རྣམས་ཀྱང་ལྷ་རྣམས་ཐམས་ཅད་ཀྱི་ས་བོན་བས་ལྷ་རྣམས་ཀྱི་གཟུགས་རྣམས་ཚོགས་པའི་ཡི་གེ་དེ་རྣམས་ལས་ཇི་
ལྟར་རིགས་པར་སྦྱར་ན་འབྱུང་ཞེས་པའོ། །དེ་ཡིས་གཞན་པ་བཤད་པ་ཡིན། །ཞེས་པ་ནས། སློབ་དཔོན་གྱིས་སུ་དེ་བསྒྲགས་པ། །མཐུ་ཆེན་སངས་རྒྱས་རྣམས་ཀྱིས་སོ། །ཞེས་པའི་བར་དུ་ཡི་གེ་སུམ་ཅུ་རྩ་གཉིས་སོ། །དེ་དག་ཐམས་ཅད་འོག་ནས་འབྱུང་བའི་ཚུལ་གྱིས་སློབ་དཔོན་གྱི་ལུས་
ལ་དགོད་པ་བཤད་དེ། དེའི་གཞག་པ་ཡིན་ཞེས་པ་ནི་ཡི་གེ་དེ་སྙིང་གར་གཞག་གོ། །སྔར་བཤད་ཟིན་ཏོ་ཞེས་པའོ། །དཔའ་བོ་སྙིང་པོ་དེ་ཉིད་ཚིག །ཅེས་པ་སྙིང་པོ་ཞེས་པའི་ཚིག་ནི་ཨ་འབའ་ཞིག་ལ་མི་བྱའི། སེམས་མགུ་བ་ནི་སྙིང་ཡིན་ཏེ། །རིགས་ནས་སྔགས་རྣམས་གྲུབ་སྡེར་ཞེས་
བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། ཡི་གེ་འདི་རྣམས་ལུས་ལ་བཀོད་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི། སོ་སོའི་སྒྲ་དེ་ཁོ་ན་ཉིད་སེམས་ཚིམ་ཞིང་མགུ་བའི་བར་དུ་བསྒོམ་པར་བྱ་བ་ཉོན་ཅིག་ཅེས་པའོ། །སྙིང་ག་རུ་ནི་སྙིང་པོ་གཞག །ཡན་ལག་རྣམས་སུ་ཡན་ལག་གཞག །ཅེས་པ་སྙིང་
เล่ม ๖๙ · หน้า 226b
གར་ཡི་གེ་ཨ། ལུས་ཀྱི་ཡན་ལག་རྣམས་སུ་ཀ་ལ་སོགས་པའི་འབྲུ་རྣམས་ཀ་དེ་ལྷག་མར་རིག་པར་བྱའོ་ཞེས་པ་ལ་སོགས་པ་འོག་ནས་འབྱུང་བའི་རིམ་བཞིན་དུ་བཀོད་ཅེས་པའོ། །དེ་ལྟར་འདི་ཀུན་བྱ་བ་ནི། །བདག་གི་ལུས་ནི་ཀུན་དུ་སངས་རྒྱས་སུ། །ཞེས་སློབ་དཔོན་བདག་གི་ལུས་ཀུན་སངས་
རྒྱས་པའི་སྐུར་བསྒྱུར་ཏེ་ཡི་གེ་འདི་ཐམས་ཅད་དགོད་པར་བྱའོ་ཞེས་པའོ། །སྦྱོར་བའི་སྟན་གནས་བློ་ཅན་གྱིས། །དེ་བཞིན་གཤེགས་པ་རྗེས་དྲན་ནས། །ཞེས་པ་ནི་དེ་བཞིན་གཤེགས་པ་བསམས་ཏེ། ཕྱག་བྱས་ལ་སྦྱོར་བའི་སྐྱིལ་མོ་ཀྲུང་དུ་བཅས་ཏེ་སེམས་དང་ལུས་མཉམ་པར་བཞག་
ནས་གོང་དུ་སྨོས་པ་རྣམས་ཞེས་པའོ། །རྒྱལ་ཆེན་ཡེ་ཤེས་སྲས་འདི་ལ། །ཆོ་ག་བཞིན་དུ་ཤེས་ནས་དགོད། །སློབ་དཔོན་ཞེས་སུ་དེ་བསྒྲགས་པ། །མཐུ་ཆེན་སངས་རྒྱས་རྣམས་ཀྱིས་སོ། །ཞེས་པ་སྟེ། དེ་ལྟར་ཡི་གེ་རྣམས་བཀོད་ཅིང་དེ་རྣམས་ཀྱི་སྒྲའི་དེ་ཁོ་ན་ཉིད་སྟོང་པ་ཉིད་དུ་ཆུད་
པའི་ཡེ་ཤེས་རྒྱ་ཆེན་པོ་དེ་དག་ཆོ་ག་བཞིན་དུ་བགྱིས་ནས་ཤེ་ན་ཀུན་དུ་སངས་རྒྱས་པ་རྣམས་ཀྱིས་སློབ་དཔོན་ཞེས་གསུངས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ཞེས་པ་ནས། ཡི་གེ་འཁོར་ལོ་མ་ལུས་པར། །རང་གི་ལུས་ལ་གནས་པའོ། །ཞེས་པའི་བར་དུ་དེའི་རྗེས་སུ་བསྔགས་པ་བཤད་པ་སྟེ།
དེ་ལ་སངས་རྒྱས་ལ་སོགས་པ་གྲུབ་པ་ཡང་རྒྱུ་རྣམ་པ་གཉིས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱིས་སོ། །དེ་ལ་སྦྱིན་པ་ལ་སོགས་པའི་བསོད་ནམས་ནི་དེ་བཞིན་གཤེགས་པའི་རྒྱུའོ། །ཡེ་ཤེས་ནི་མངོན་སུམ་པའི་རྒྱུ་སྟེ། དེ་ལ་འདིར་སྔགས་ཀྱི་ཡི་གེ་རྣམས་ཀྱི་སྒྲ་དེ་ཁོ་ན་ཉིད་སྟོང་པ་ཉིད་ཆུད་པར་
བྱེད་པའི་ཡེ་ཤེས་མངོན་དུ་བྱས་ནས། འདི་ནི་མངོན་སུམ་པའི་རྒྱུ་སྟེ། དེ་བཞིན་གཤེགས་པའོ་ཞེས་པ་ལ་སོགས་པས་བསྟོད་པ་ནི། སློབ་དཔོན་དེ་མོས་པ་སྤྱོད་པའི་ས་ལ་གནས་ཏེ་དེ་བཞིན་གཤེགས་པ་མ་ཡིན། དེ་བཞིན་གཤེགས་པ་ལ་སོགས་པར་འགྱུར་བའི་རྒྱུ་བྱེད་པས་རྒྱུ་ལས་
འབྲས་བུ་བསྟན་པར་ཤེས་པར་བྱའོ། །དེ་བཞིན་དུ་འཇིག་རྟེན་ན་སྣང་བ་ཆར་ཆུ་མོད་ཅིང་། མྱུ་གུ་བཟང་ན་འབྲས་བུ་མ་གྱུར་ཀྱང་ལོ་ལེགས་སོ་ཞེས་པ་ལ་སོགས་པའོ། །རྗེས་སུ་བསྔགས་པ་ཡང་རྣམ་པ་བཞིའི་སྒོ་ནས་ཏེ། འཇིག་རྟེན་ལས་འདས་པའི་ལྷ་རྣམས་དང་། འཇིག་རྟེན་གྱི་ལྷ་
เล่ม ๖๙ · หน้า 227a
དང་། འཇིག་རྟེན་ལས་འདས་པའི་མི་ནི་འཇིག་རྟེན་གྱི་མི་རྣམས་ཏེ། འཇིག་རྟེན་ལས་འདས་པའི་ལྷ་ནི་དེ་བས་དེ་ནི། དེ་བཞིན་གཤེགས་པ་དེ་ནི་སངས་རྒྱས་རྫོགས། །ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་གྱི་ལྷ་རྣམས་ནི། ཚངས་པ་གཏོགས་འདོད་དབང་ཆེན་དང་། །ཞེས་
པ་ལ་སོགས་པའོ། །འཇིག་རྟེན་གྱི་མི་ནི་བྲམ་ཟེ་ཁྲུ་གང་། ཚངས་པར་སྤྱོད་པ་ཞེས་ཀྱང་བྱ། །ཞེས་པའོ། །འཇིག་རྟེན་ལས་འདས་པའི་མི་ནི། དགེ་སློང་ཟག་ཟད་དཔལ་ཆེན་དང་། །ཞེས་པའོ། །གསང་བ་ཐམས་ཅད་འཆང་ཞེས་པ་ནི་བདག་ལུས་ལྷའི་གཟུགས་སུ་བསྒྱུར་བ་དང་། ངག་
གི་རང་བཞིན་གྱི་ཡི་གེ་རྣམས་བདག་གི་ལུས་ལ་ཚང་བ་དང་། ཡི་གེ་དེ་རྣམས་ཀྱི་སྒྲའི་དེ་ཁོ་ན་ཉིད་ལ་དམིགས་པའི་ཡེ་ཤེས་དང་ལྡན་པས་ལུས་དང་ངག་ཡིད་གསུམ་གྱི་གསང་བ་འཆང་བ་ཞེས་པའི་ཆོས་ཀུན་གྱི་དབང་ཕྱུག་གཙོ་བོ་སྟེ་ཞེས་པ་ནི། ཆུད་པའི་ཆོས་གཞུང་གི་ཆོས་གཉིས་ཀ་ལ་
དབང་དུ་གྱུར་པ་ཞེས་པའོ། །གང་གིས་བྱང་ཆུབ་བརྟན་པ་ལ། །སྒྲ་ཡི་ཡེ་ཤེས་ལ་ཡང་བསྟུན། །ཞེས་པ་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་འདྲ་བར་འགྱུར་བ་ཡང་། ཡི་གེ་ལུས་ལ་བཀོད་པ་ཙམ་གྱིས་འགྱུར་བ་ནི་མ་ཡིན་གྱི། བྱང་ཆུབ་ཀྱི་སེམས་བརྟན་ཞིང་ཡི་གེ་
རྣམས་ཀྱི་སྒྲའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྒོམ་པ་ལ་བརྩོན་ན་འདི་སྐད་སྨོས་པ་དེ་རྣམས་སུ་འགྱུར་ཞེས་པའོ། །དེ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་གྱི་སྟེ་དང་པོའོ། །སྨིན་མ་གཉིས་ཀྱི་མཚམས་སུ་ཞེས་པ་ནི་འགྲོ་བ་དང་མི་འགྲོ་བ་མ་ལུས་པའོ་ཞེས་པའི་བར་དུ་སློབ་དཔོན་གྱི་ཏིང་ངེ་འཛིན་གཉིས་པ་སྟེ། རིགས་
གསུམ་གྱི་སྟེང་དུ་དགོད་པའོ། །སྨིན་མ་གཉིས་ཀྱི་མཚམས་སུ་ནི་ཧཱུཾ་ཞེས་པ་སྟེ། སྙིང་རྗེའི་གནས་ཞེས་པ་ནི་སློབ་དཔོན་ཡང་སྔ་མ་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསྒྱུར་ཏེ། སྨིན་མཚམས་སུ་ཕྱག་ན་རྡོ་རྗེའི་སྙིང་པོའི་ཡི་གེ་ཧཱུཾ་རང་གི་དཀྱིལ་འཁོར་ལ་བཞག་པར་བསམས་
ཏེ་བྲང་ཁར་ཤེས་པར་བྱ། ཕྱག་ན་པདྨོའི་གནས་ཞེས་བྱ། །ཞེས་པ་ནི་སྤྱན་རས་གཟིགས་ཀྱི་དབང་པོའི་སྙིང་པོ་སྟེ་ཟླ་བའི་དཀྱིལ་འཁོར་དང་བཅས་ཏེ། བྲང་ཁར་བསམ་ཞེས་པའོ། །ད་ནི་སྙིང་གར་གནས་པ་ནི། །ཞེས་པ་ནི་བཅོམ་ལྡན་འདས་ཉིད་ཀྱི་སྙིང་པོ་ཨ་དེ་རང་གི་སྙིང་གར་དཀྱིལ་འཁོར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด