ตัวบทไม่มีชื่อ — ประโยคแรก: རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་བཞུགས

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๙ · หน้า 227b

བསམ་ཞེས་པའོ། །ཀུན་གྱི་གཙོ་བོ་དབང་པོ་ཡིན། །ང་ཡིས་སུ་ནི་ཀུན་ཁྱབ་པ། །འགྲོ་དང་མི་འགྲོ་མ་ལུས་པའོ། །ཞེས་པ་ནི་སྙིང་པོ་དེའི་ཡོན་ཏན་བསྔགས་པ་སྟེ། འགྲོ་བ་ནི་མི་ལ་སོགས་པའི་སེམས་ཅན་ནོ། །མི་འགྲོ་བ་ནི་ས་དང་ཤིང་ལ་སོགས་པ་སྟེ་དེ་དག་ཀུན་ཁྱབ་ཅེས་པའོ། །ཨ་ཞེས་

པ་ནི་སྲོག་གི་མཆོག །ཅེས་པ་ནས། འཆི་བ་མེད་པའི་གནས་མཆོག་ཐོབ། །ཅེས་པའོ། །བར་དུ་སློབ་དཔོན་གྱི་ཏིང་ངེ་འཛིན་གསུམ་པ་སྟེ། དཔའ་པོ་ཆེན་པོའི་སྙིང་པོ་རྣམས་ལས། ཡི་གེ་ཨ་སྲོག་གི་མཆོག་པས་བདག་གི་ཁོང་དུ་དབུགས་ཡན་མན་དུ་ལྷན་ཅིག་ཏུ་སྔར་བཤད་པ་བཞིན་དུ་

བསམ་མོ་ཞེས་པ་ཚིག་ཅེས་བྱ་ཞེས་པ་ནི་ཡི་གེའི་ཚིག་རང་བཞིན་པས་ཁར་བསམ་མོ་ཞེས་པའོ། །ར་ཞེས་པ་ནི་མེ་རུ་བསྒྲགས། །ཞེས་པ་ནི་ཡི་གེར་དེ་རང་བཞིན་གྱིས་དཀྱིལ་འཁོར་དང་བཅས་པར་བསམས་ལ་འོད་ཀྱི་དཀྱིལ་འཁོར་བསམ་མོ། །ཧཱུཾ་ནི་ཁྲོ་བོ་ཞེས་སུ་བྱ། །ཞེས་པ་ནི་སྨིན་

མཚམས་སུ་ཡི་གེ་ཧཱུཾ་གི་དཀྱིལ་འཁོར་དང་བཅས་པར་བསམ་མོ། །ཁ་ནི་ནམ་མཁའ་རིག་པར་བྱ། །འཁོར་ནི་སྟོང་པ་མཆོག་ཅེས་པ་ནི། ཡི་གེ་ཁ་ཀླད་ཀོར་དང་བཅས་པ་ཀླད་པའི་སྟེང་དུ་བསམས་ཏེ། ཁ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་མཚན་ཉིད་པར་སྟོན་པའོ། །འཁོར་ནི་

སྟོང་པ་ཡང་སྟོང་པའི་རང་བཞིན་ཞེས་པའོ། །ཡང་དག་པའི་མཆོག་དེ་རྣམས་སློབ་དཔོན་ཞེས་བྱ། བསྡུས་ཤེ་ནའོ་ཞེས་པ་ནི་གོང་དུ་སྨོས་པའི་ཡི་གེ་རྣམས་ཀྱི་སྒྲའི་དེ་ཁོ་ན་ཉིད་དང་། དགོས་པ་རྣམས་ཀྱིས་ཞེས་པ་ནི་དེ་སློབ་དཔོན་ཞེས་བྱ་ཞེས་པའོ། །དེ་བས་རྣམ་པ་ཐམས་ཅད་དུའང་། །

སངས་རྒྱས་རྣམས་ཀྱིས་གསུངས་ཡེ་ཤེས། །རྟག་ཏུ་ནན་ཏན་མངོན་བྱས་ནས། །འཆི་འཕོ་མེད་པའི་གནས་ཐོབ་བོ། །ཞེས་པ་ནི་དེ་དག་གི་རྗེས་སུ་བསམ་པ་སྟེ། སྙིང་པོ་དེ་རྣམས་ང་འབའ་ཞིག་གིས་བཤད་པ་མ་ཡིན་གྱི། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་པ་སྟེ། དེ་བས་ན་རྣམ་

པ་ཐམས་ཅད་དུ་དེ་དག་གི་སྒྲ་དེ་ཁོ་ན་ཉིད་དུ་སྟོང་པ་ལ་བསྒོམ་པ་ལ་སོགས་པ་རྟག་ཏུ་ནན་ཏན་བྱས་ན་སངས་རྒྱས་པའི་གནས་ཐོབ་པ་ཞེས་པའོ། །ཀ་དེ་ལྐོག་མར་རིག་པར་བྱ། །ཞེས་པ་ལ་སོགས་པ་ནས། དཔའ་བོ་ཐམས་ཅད་མཁྱེན་བཞིན་ནོ། །ཞེས་པའི་བར་དུ་ཡི་གེ་དགོད་པའི་ལེའུ་གསུངས་

เล่ม ๖๙ · หน้า 228a

པ་ནི་གོང་དུ། ཡན་ལག་རྣམས་སུ་ཡན་ལག་བཞག །ཅེས་སྨོས་པ་དེ་ཀ་ལ་སོགས་པའི་ཡན་ལག་གང་རྣམས་ལུས་ཀྱི་ཡན་ལག་གཞག་པའི་གནས་འཆད་པར་གསུངས་པ་སྟེ། ཡི་གེ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་བཀོད་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་

སྦྱར་བའོ། །དེ་ལ་སློབ་དཔོན་གྱི་ཏིང་ངེ་འཛིན་དང་པོ་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་གྱི་ཚེ་སྦྱར། གཉིས་པ་ནི་ཡི་གེ་འཁོར་ལོ་བསྐོར་བའི་ཚེ་སྦྱར། གསུམ་པ་ནི་གསང་བའི་དཀྱིལ་འཁོར་གྱི་ཚེ་སྦྱར་བར་ཤེས་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་གསང་བའི་བདག་པོས་

འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་དང་ལྡན་པ་བཤད་དོ། །དེ་ལ་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་བསླབ་པ་ཐུན་མོང་མ་ཡིན་པ་དམ་ཚིག་གི་མཚན་ཉིད་ནི་སྔར་བཤད་ཟིན་ཏེ། འདི་

ནི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་ས་བྱང་ཆུབ་སེམས་དཔའ་དང་སྔགས་པའི་བྱང་ཆུབ་སེམས་དཔའ་གཉིས་ཀ་སྤྱིའི་བསླབ་པ་ཐམས་ཅད་དང་ལྡན་པར་ཤེས་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་བྱང་ཆུབ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ་ཆུད་པར་འདོད་པའོ། །བསམ་པ་དང་ལྡན་པ་

ལ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ། སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཏེ། གང་ཡང་དངོས་པོ་ཡོད་པ་མ་ཡིན་གྱི། འོན་ཀྱང་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་ངེས་པའི་ཚུལ་གྱིས་ཀུན་རྫོབ་ཉིད་དུ་དོན་བྱེད་པ་སྒྱུ་མའི་ཚུལ་དུ་རྟོགས། སེམས་ཅན་ཡོངས་སུ་བསྒྲུབ་པའི་

ཕྱིར་བདག་དང་བཅས་པའི་བསླབ་པ་སློབ་པ་ནི་སེམས་དཔའ་ཆེན་པོ་ཞེས་བྱ། སྐབས་འདིར་ཡང་བསླབ་པ་དེ་ལྟ་བུ་ལ་སོགས་པ་བཤད་པ་ལ་དགོངས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱད་པར་དུ་སྨོས་སོ། །བསླབ་པའི་གནས་ཞེས་པ་ནི་འོག་ནས་འབྱུང་བ་དགེ་བ་བཅུའི་ཚུལ་ལ་འཇུག་

པ་དང་། མི་དགེ་བ་བཅུ་ལས་ལྡོག་པའི་མཚན་ཉིད་ལ་བྱའོ། །ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཞེས་པ་ནི་ཤེས་རབ་ནི་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པར་ཆུད་པའི་མཚན་ཉིད་དོ། །ཐབས་ནི་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་ཏེ། དངོས་པོ་མེད་པར་ཆུད་ཀྱང་སྒྱུ་མ་ལྟ་

เล่ม ๖๙ · หน้า 228b

བུའི་ཚུལ་དུ་ཐབས་ཀྱི་སྒོ་ནས་ཀུན་རྫོབ་ཏུ་སློབ་པ་འདི་ལྟ་བུ་དང་། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་སོགས་པ་ཀུན་དུ་སྤྱོད་པ་ལ་བྱའོ། །ཡང་ན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཞེས་པ་ནི་མི་དགེ་བ་བཅུའི་དངོས་པོ་མི་སྤྱོད་པར་བྱ་བ་ལ་འཕགས་པ་ཉན་ཐོས་རྣམས་ལྟར་

ཐབས་མེད་པ་མ་ཡིན་གྱི་ཤེས་རབ་ཀྱི་དོན་ཆེན་པོ་མཐོང་ན། སེམས་ལ་སྒྱུ་མེད་པར་བདག་ཉིད་སེམས་ཅན་ལྟ་བུར་སྦྱིན་པར་ངན་སོང་དུ་འགྱུར་བའི་ལས་ཁས་བླངས་ཏེ། མི་སྤྱད་པར་བྱ་བའི་དངོས་པོ་སྤྱད་པ་ལ་ཡང་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བསླབ་པ་ཞེས་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཡིད་མི་ཆེས་པ་དང་བྲལ་ཞིང་ཐེ་ཚོམ་མེད་པ་རྣམས་འཁོར་བ་ན་འཁོར་ཀྱང་ཉམས་པར་མི་འགྱུར་བར་བཤད་དུ་གསོལ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྔ་མ་བཞིན་ཡིད་མི་ཆེས་པ་དང་བྲལ་ཞིང་། ཐེ་ཚོམ་མེད་པ་ཞེས་པའི་བཅོམ་ལྡན་འདས་ཀྱིས་ཇི་

སྐད་དུ་བཤད་པའི་གཞུང་ལས་མ་ཡིན་ནོ་སྙམ་པའི་ཡིད་མི་ཆེས་པ་མེད་པ་དང་། ཡིན་ནམ་གཏོལ་མེད་པའི་ཐེ་ཚོམ་སྐྱེ་བའི་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བསླབ་པ་དེ་དང་ལྡན་པའི་འཁོར་བ་ན་འཁོར་ཀྱང་། ངན་སོང་ལ་སོགས་པར་ལྟུང་ཞིང་ཉོན་མོངས་པར་མི་འགྱུར་བ་དེ་བཤད་དུ་གསོལ་ཞེས་

པའོ། །དེ་བཞིན་གཤེགས་པའི་སྤྱན་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་གཟིགས་ནས་ཞེས་པ་ནི། དེ་བཞིན་གཤེགས་པའི་སྤྱན་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་བྱའོ། །ཆོས་དབྱིངས་ནི་སེམས་ཅན་གྱི་ཁམས་ལ་བྱ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་དེས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་

འདི་རྣམས་གང་སྡུག་བསྔལ་བ་གང་། བདེ་བ་དང་ལྡན་ཞེས་གཟིགས་པའམ་སེམས་ཅན་འདི་རྣམས་ལས་ལེགས་ཉེས་དང་གང་གང་གི་རྒྱུས་བདེ་བ་དང་སྡུག་བསྔལ་འདི་དང་འདི་ལྟ་བུར་འགྱུར་ཞེས་གཟིགས་པའོ། །ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཚུལ་དེ་བསྟན་པ་མཁས་

པ་ཞེས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱད་པ་ནི། སྐབས་འདིར་ཐབས་དང་བཅས་པའི་བསླབ་པ་ལ་བྱའོ། །ཚུལ་ཞེས་པ་ནི་ཐོབ་པ་ལ་བྱ་སྟེ། བསླབ་པ་འདིས་ཇི་ལྟར་འདོད་པའི་དོན་ཐོབ་པར་བྱེད་པའི་ཕྱིར་རོ། །མཁས་པ་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཉན་ཐོས་ལྟར་མ་ཡིན་

เล่ม ๖๙ · หน้า 229a

པ་གོང་དུ་བཤད་པའི་ཚུལ་ལྟ་བུ་བསླབ་པས་སོ། །དེ་ལ་རབ་ཏུ་གནས་ན་ཐེག་པ་ཆེན་པོའི་རྒྱུད་དུ་ཞུགས་པར་འགྱུར་ཞེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཚུལ་མཁས་པའི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བསླབ་པ་དེ་ལ་རབ་ཏུ་གནས་པ་ནི་དེ་བསླབ་

པར་ཞུགས་པ་ཞེས་བྱ་སྟེ། དེ་སློབ་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་ལ་རབ་ཏུ་ཞུགས་པར་འགྱུར་བ་དེ་ཉོན་ཅིག་ཅེས་པའོ། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་དེ་སྲོག་གཅོད་པ་སྤང་བར་བྱའོ་ཞེས་པ་ནས་ལོག་པར་ལྟ་བ་རབ་ཏུ་སྤང་

བར་བྱའོ་ཞེས་པའི་བར་དུ་མི་དགེ་བ་བཅུ་ལས་ལྡོག་པར་བྱ་བའི་མིང་རྣམས་སྨོས་པ་དེ་བཤད་པ་ནི་འོག་ནས་འབྱུང་ངོ་། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་དེ་རྣམས་བསླབས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་མཚུངས་

པར་སྤྱད་པ་དེ་རྣམས་བསླབས་པ་ཡིན་ནོ་ཞེས་པ་ནི་གོང་དུ་སྨོས་པའི་བསླབ་པ་དེ་རྣམས་ལ་བསླབས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱད་པ་བསླབས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གནས་ཐོབ་སྟེ། དེ་བས་ན་བསླབ་པ་འདི་ལ་བསླབས་ན། སངས་རྒྱས་དང་བྱང་ཆུབ་སེམས་

དཔའ་རྣམས་ཀྱང་སྤྱད་པ་གཅིག་ལ་མཚུངས་པར་བསླབས་ཞེས་པའོ། །དེ་བས་ན་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། ཇི་ལྟར་ཐ་དད་པ་ལགས་ཞེས་པའི་བར་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་འཇིག་རྟེན་པ་རྣམ་པ་ཐམས་

ཅད་ཡང་བསླབ་པ་འདི་བཤད་ན། དེ་ལ་ཁྱད་པར་ཅི་མཆིས་ཞེས་ཞུས་པ་སྟེ། འཇིག་རྟེན་པ་མུར་འདུག་བྱེད་པ་ཞེས་པ་ནི། འཇིག་རྟེན་པ་ཕལ་ལ་མི་བྱའི། དངོས་པོ་ལ་སོགས་པ་བསྟན་པ་འདི་ལ་འཇུག་པའི་སྒོ་བྱེད་པ་རྣམས་ལ་བྱའོ། །ཁྱད་པར་ཅི་མཆིས་ཞེས་པ་ནི་བསླབ་པ་དེའི་རང་བཞིན་

གྱི་ཁྱད་པར་དྲིས་པའོ། །ཇི་ལྟར་ན་ཐ་དད་པ་ལགས་ཞེས་པ་ནི་རྒྱུ་དྲིས་པ་སྟེ་འོག་ནས་འཆད་པ་དང་སྦྱར་རོ། །གསང་བའི་བདག་པོ་ཐ་དད་པ་ཚུལ་དང་ཚུལ་དུ་བཤད་པའི་ཆོས་ཀྱི་གཞུང་བཤད་ཀྱིས་ཉོན་ཅིག་ཅེས་པ་ཐ་དད་པ་ནི་འཇིག་རྟེན་ཞེས་པ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་

เล่ม ๖๙ · หน้า 229b

བསམ་པའི་ཚུལ་གྱི་བྱེ་བྲག་འོག་ནས་བསྟན་པའི་ཚུལ་གྱིས་ཐ་དད་པའོ། །ཚུལ་གཅིག་པ་ནི་དགེ་བ་བཅུའི་རང་བཞིན་དུ་མཚུངས་པར་བསྟན་པའི་ཕྱིར་རོ། །གསང་བའི་བདག་པོ་འདི་ལྟར་ཉན་ཐོས་རྣམས་བསླབ་པ་གང་བསྟན་པ་དེ་ནི་ཤེས་རབ་དང་ཐབས་སུ་འབྲེལ་པ་སྟེ། བཀའ་ལུང་གྲུབ་

པའི་ཞེས་པ་ཕྱོགས་གཅིག་ཏུ་རིག་པ་མ་ཡིན་ཏེ། དེ་བས་ན་དེ་དག་གི་དགེ་བའི་ལས་བཅུ་དང་མཉམ་པར་མི་འགྱུར་རོ་ཞེས་པ་ནི། འཕགས་པ་ཉན་ཐོས་རྣམས་སྟོན་པས་ཇི་སྐད་བསྟན་པའི་བཀའ་ལུང་བཞིན་དུ་གྲུབ་པ་སྟེ། བྱང་ཆུབ་སེམས་དཔའ་ལྟར་རང་གི་ཤེས་རབ་ཀྱིས་རིག་པའི་

གཞུང་དང་སྦྱར་ཞིང་འཕྲལ་ལ་ཅི་རིགས་པར་མི་བྱེད་པས། ཐབས་དང་ཤེས་རབ་མེད་ཅིང་གང་ཟག་བདག་མེད་པར་ཆུད་པའི་ཤེས་པ་དེས་ཕྱོགས་གཅིག་ལ་གནས་པས་མཚུངས་པར་མི་འགྱུར་རོ། །འཇིག་རྟེན་པ་རྣམས་བདག་གི་དངོས་པོ་ལ་ཆགས་ཤིང་གཞན་གྱི་རྐྱེན་གྱིས་འགྱུར་རོ་ཞེས་

པ་ནི་འཇིག་རྟེན་པ་རྣམས་སྐྱེ་བ་དང་འཇིག་པ་དང་བདེ་བ་དང་སྡུག་བསྔལ་བ་དང་བསླབ་པའི་དངོས་པོ་ལ་སོགས་པ་ཐམས་ཅད་བདག་ཅེས་པའི་དངོས་པོ་དེས་བྱའོ་ཞེས་པ་ནས། བདག་ཅེས་དེ་བཞིན་གྱི་རྐྱེན་གྱིས་བསླབ་པ་ལ་འཇུག་པ་སྟེ། བདག་ཅེས་པའི་དངོས་པོ་ལ་བརྟེན་པས་མཉམ་པར་

མི་འགྱུར་ཞེས་དང་། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དག་ལ་འགྲོ་བ་རྣམས་ཆོས་ཐམས་ཅད་ལ་སྙོམས་པར་ཞུགས་ཤིང་། ཤེས་པ་ནི་དོན་དམ་པར་སེམས་ཅན་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཉམ་པ་ཉིད་དུ་ཞུགས་པའོ། །ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་

རང་བཞིན་དུ་མཉམ་པ་ཉིད་དུ་ཞུགས་པའོ། །གཞན་གྱི་རྐྱེན་གྱིས་མི་འཇུག་པ་ཞེས་པ་ནི། འཇིག་རྟེན་པ་ལྟར་བདག་ཏུ་རྟོག་པའི་གཞན་གྱི་རྐྱེན་གྱིས་མི་འཇུག་པ་ཞེས་བྱའོ། །ཐབས་དང་ཤེས་རབ་ཡོངས་སུ་ཟིན་པ་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །བདག་དང་ཕ་རོལ་གཉིས་ཀའི་

དོན་དུ་བྱེད་པ་ལ་འཇུག་གོ་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ནི་བསླབ་པ་དེ་ལྟ་བུལ་བདག་ཀྱང་སྤྱོད་ལ། གཞན་ལ་ཡང་བསྡུ་བ་རྣམ་བཞིའི་སྒོ་ནས་བསྡུ་ཞིང་སྤྱོད་དུ་གཞུག་པ་ཞེས་པ་སྟེ། དེ་བས་ན་འཇིག་རྟེན་པ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་

เล่ม ๖๙ · หน้า 230a

ཀྱི་བསླབ་པ་དང་མཉམ་པར་མི་འགྱུར་རོ་ཞེས་པ་དང་སྦྱར་རོ། །དེ་ལྟ་བས་ན་གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་དང་ཐབས་ཡོངས་སུ་ཟིན་པ་བཞིན་དུ་ཆོས་ཐམས་ཅད་ལ་ནན་ཏན་བྱའོ་ཞེས་པ་ནི། གོང་དུ་བཤད་པ་རྣམས་

བསྡུས་པའི་ཚིག་སྟེ། འཇིག་རྟེན་དང་ཉན་ཐོས་པ་རྣམས་ཀྱི་བསླབ་པ་ཐབས་དང་ཤེས་རབ་མེད་པ་མ་ཡིན་ལ། ཤེས་རབ་དང་ཐབས་སུ་ལྡན་པའི་ཚུལ་ཇི་སྐད་བཤད་པ་སྟེ། དེ་ལྟ་བུར་ཆོས་ཐམས་ཅད་ལ་སྦྱར་བར་བྱའོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་པ་དང་སྙིང་

རྗེ་ཆེན་པོའི་སྤྱན་གཉིས་ཀྱིས་སེམས་ཅན་གྱི་ཁམས་ལ་གཟིགས་ནས། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལ་བཀའ་སྩལ་པ་ཞེས་པ་ནི། གོང་དུ་བྱང་ཆུབ་སེམས་དཔའི་བསླབ་པ་མིང་ཙམ་དུ་སྨོས་པ་རྣམས་རེ་རེ་ནས་ཞིབ་ཏུ་བཤད་པའི་ཕྱིར་བཀའ་སྩལ་པ་སྟེ། བྱམས་པ་ནི་སེམས་

ཅན་ཐམས་ཅད་བདེ་བར་འཇོག་པ་སྙིང་རྗེའི་སྡུག་བསྔལ་བ་ལས་བྲལ་བའི་མཚན་ཉིད་དེ། བྱམས་པ་དང་སྙིང་རྗེ་དེ་ཉིད་བཅོམ་ལྡན་འདས་ཀྱི་སྤྱན་ཏེ་བྱམས་པ་ནི་སེམས་ཅན་གྱི་ཁམས་རྣམས་ལ་ཡང་བདེ་བ་ལ་གཞག་པར་འོས། སྙིང་རྗེ་ནི་གང་སྡུག་བསྔལ་བ་ལས་གཞོལ་བར་འོས་པ་

གཟིགས་པའི་ཕྱིར། སྐབས་གཞན་དུ་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་ཞེས་སྨོས་པས། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཞེས་སྨོས་པ་ཡང་བསླབ་པ་འདི་བྱང་ཆུབ་སེམས་དཔའ་རྣམས་སྤྱིའི་ཡིན་པའི་ཕྱིར། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསམས་བཞིན་དུ་སྲོག་

གཅོད་པ་རབ་ཏུ་སྤང་བར་བྱའོ་ཞེས་པ་ནི། འདུལ་བ་ལ་སོགས་པའི་གཞུང་ལས་ཇི་སྐད་དུ་གྲགས་པ་རྣམ་པ་ལྔ་དང་ལྡན་པའི་མཚན་ཉིད་སྤང་བར་བྱའོ། །དབྱུག་པ་སྤང་བར་བྱའོ་ཞེས་པའོ། །ཇི་ལྟར་བདག་རང་ལ་ཇི་ལྟ་བ་བཞིན་དུ་ཕ་རོལ་པོའི་སྲོག་བཙའ་བར་བྱའོ་ཞེས་པ་ནི། མཚོན་ཆ་

འཆང་བ་དང་ཁོན་དུ་འཛིན་ཏེ་དགྲར་བྱེད་པ་ནི་སྲོག་གཅོད་པའི་ཡན་ལག་པས་དེ་དག་སྤང་བ་ནི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་སོགས་ལྷག་མ་རྣམས་ཀྱང་གསལ་བས་ཇི་སྐད་དུ་འབྱུང་བ་ལས་ཟད་དེ། སྐབས་སྐབས་ནས་མི་སྤྱད་པར་བྱ་བ་

เล่ม ๖๙ · หน้า 230b

རྣམས་ལ་བཀྲོལ་ཡང་ཁྱིམ་པའི་ཕྱོགས་སུ་གཏོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱའི། རབ་ཏུ་བྱུང་བ་རྣམས་ནི་འདུལ་བའི་གཞུང་དང་འགལ་བས་མ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་ལས་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་གསང་བའི་

བདག་པོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་འཕྲལ་གྱི་བདེ་བ་ལ་སྤྱོད་ཅིང་། འཕྲལ་གྱི་རྒྱལ་པོ་བྱེད་ཀྱང་ལྟུང་བར་མི་འགྱུར་བ་བཤད་དུ་གསོལ་ཞེས་པའི་བར་དུ། གོང་དུ་དགེ་བ་བཅུའི་དངོས་པོ་རྣམས་བཤད་པ་སྟེ། རྩ་བ་ཉམས་པ་དང་མི་ཉམས་པར་འགྱུར་བའི་བྱེ་བྲག་དྲིས་པ་སྟེ། དེ་ལ་

རབ་ཏུ་བྱུང་བ་རྣམས་ཀྱི་སྡོམ་པ་ནི་སོ་སོར་ཐར་པའི་སྐབས་སུ་བཤད་པས་འདིར་མི་གླེང་། སྐབས་འདིར་ཁྱིམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། དེ་ཡང་རྣམ་པ་གཉིས་ཏེ་ཁྲིམས་ལྔའི་སྡོམ་པ་བླངས་པ་དང་། སྡོམ་པ་མནོས་པ་ཡི་དམ་དུ་བསྲུང་བའོ། །དེ་ལ་དགེ་བ་བཅུའི་ལས་ཀྱི་

ལམ་འདི་རྣམས་ཀྱི་སྡོམ་པ་ཉམས་པ་དང་ཞེས་པ་ནི། ཁྲིམས་ལྔའི་སྡོམ་པ་མནོས་པའི་བྱང་ཆུབ་སེམས་དཔའ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་སྡོམ་པ་ཇི་ཙམ་གྱིས་མེད་པར་འགྱུར་ཞེས་པ་དེ་བཤད་དུ་གསོལ་ཞེས་པའོ། །ཤིན་ཏུ་རྩ་བ་ནས་འཆད་ཅེས་པ་ནི་ཁྲིམས་ལྔ་མ་མནོས་པར་བདག་

ཉིད་ཀྱི་ཡི་དམ་དུ་བསྲུང་བ་དེ་ཇི་ཙམ་མེད་པར་འགྱུར་ཞེས་པ་དེ་བཤད་དུ་གསོལ་ཞེས་པའོ། །ཇི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁྱིམ་ན་བུད་མེད་དང་བུ་མོ་དང་ཕྱུགས་འཁོར་རྣམས་ཀྱིས་བསྐོར་ཅིང་འཕྲལ་གྱི་བདེ་བ་ལ་སྤྱོད་ཅིང་ཕྱུག་ལ། རྒྱལ་པོ་བྱེད་ཀྱང་ལྟུང་བར་མི་འགྱུར་ཞེས་པ་ནི་

གོང་མའི་ཚིག་གཉིས་དཀྱུས་ནས་བཀྲོལ་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ལ་བྱེ་བྲག་ཏུ་ཞུས་པ་སྟེ། ཁྱིམ་ན་གནས་པའི་བྱང་ཆུབ་སེམས་དཔའ་བུ་སྨད་དང་འཁོར་གྱིས་བསྐོར་ཞིང་ལྷ་དང་མིའི་ལོངས་སྤྱོད་ལ་སྤྱོད་ཅིང་དབང་བྱེད་ཀྱང་དེ་རྣམས་ཀྱི་དབང་དུ་མི་འགྱུར་བས། ཐབས་མཁས་

པས་དགེ་བ་བཅུའི་སྡོམ་པ་ལས་མི་ཉམས་ཤིང་ལྟུང་བར་མི་འགྱུར་བ་བཤད་དུ་གསོལ་ཞེས་ཞུས་པ་སྟེ། འོག་ནས་བཅོམ་ལྡན་འདས་ཀྱིས་སླར་བཤད་པ་དང་སྦྱར་རོ། །དེ་ལ་ཁྱིམ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པ་སྟེ། རྣམ་པ་མང་པོ་ལ་རྒྱལ་པོའི་དབང་བྱེད་

เล่ม ๖๙ · หน้า 231a

ཅེས་པ་ནི་ཐབས་ཀྱིས་ཡོངས་སུ་ཟིན་པས་རྩེད་མོ་དང་གར་དང་མིག་འཕྲུལ་དང་བཟོ་སྣ་མང་པོ་ལ་སོགས་པ་རབ་ཏུ་སྟོན་ཏོ་ཞེས་ཡུལ་དང་དུས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་རྩོལ་ལོ་ཞེས་པ་ནི། རབ་ཏུ་འབྱུང་བ་ནི་འདི་ཉིད་ཀྱིས་འབད་ཅིང་རྩོལ་གྱིས་ཁྱིམ་པའི་བྱང་ཆུབ་སེམས་

དཔའི་ནི་དུས་དང་ཡུལ་ཆད་པ་མེད་དེ། ཚེ་འདི་འབའ་ཞིག་མ་ཡིན་གྱི་ཚེ་རབས་དུ་མར་རྟོག་ཅིང་རྩོལ་བ་དང་། ཐབས་སྣ་དུ་མའི་སྒོ་ནས་སངས་རྒྱས་ཀྱི་ཞིང་ལ་སོགས་པའི་ཡུལ་གང་དུ་སྐྱེས་ཀྱང་རུང་བར་རྩོལ་བའོ། །དེ་བས་ན་གསུངས་པ། འདི་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་པས་ཞེས་པ་ལ་སོགས་

པ་སྟེ། རོལ་མོ་ལ་སོགས་པ་བཟོ་རྣམ་པ་མང་པོ་སྟོན་པ་ཡང་། སེམས་ཅན་རྣམས་སོ་སོའི་རྗེས་སུ་མཐུན་པར་སྦྱར་ནས་བསྡུ་བ་རྣམ་བཞིའི་སྒོ་ནས་བསྡུས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་པའི་ཕྱིར་རོ། །དེ་ནི་སྲོག་གཅོད་པ་རབ་ཏུ་སྤངས་པ་ཡིན་ཞེས་པ་ན་ལོག་པར་ལྟ་

བ་རབ་ཏུ་ཡང་སྤངས་ཤེས་པ་ཡིན་ཞེས་པའི་བར་བྱང་ཆུབ་སེམས་དཔའི་ཁྲིམས་ལྔ་པོའི་དངོས་པོ་སྨོས་པའོ། །བསླབ་པའི་གནས་འདི་ལྔ་བཟུང་ནས་ཞེས་པ་ནས། ཐབས་དང་ཤེས་རབ་ཀྱིས་ཟིན་པས་བསླབ་པའི་བར་དུ་བསླབ་པ་དེ་རྣམས་ཀྱིས་རྗེས་སུ་བསྔགས་པ་དང་། དེ་ལྟ་བུར་སློབ་པས་ལྟུང་

བའི་རྩ་བ་འདི་བཞི་སྲོག་གི་ཕྱིར་ཡང་ཉམས་པར་མི་བྱའོ་ཞེས་པ་དང་སྦྱར་ཏེ། ཁྱིམ་པའི་བྱང་ཆུབ་སེམས་དཔའ་འདི་སྐད་སྨོས་པའི་བསླབ་པ་འདི་ལྔ་ལ་དད་པས་བསླབས་ནས་སྔོན་གྱི་དེ་བཞིན་གཤེགས་པའི་བསླབ་པ་བླ་ན་མེད་པ་དེ་བཞིན་གཤེགས་པས་བསྔགས་པས་བསྔགས་པ་བསླབ་པ་དང་

རྗེས་སུ་མཐུན་པར་བསླབ་པ་ཡིན་ནོ་ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པས་ཀྱང་འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ནས། འདུས་བྱས་པའི་ཚུལ་ཁྲིམས་ཐབས་དང་ཤེས་རབ་ཡོངས་སུ་ཟིན་པས་བསླབས་ནས་བླ་ན་མེད་པ་བརྙེས་ཏེ། དེ་ལྟ་བས་ན་འདི་

ལྟར་བསླབ་པ་ནི། དེ་དག་གི་རྗེས་སུ་སློབ་པ་ཞེས་བྱའོ། །འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ནས་ཞེས་པ་ནི་ཆོས་ཐམས་ཅད་ཐོག་མ་ནས་མ་བྱུང་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་ཆུད་པར་གནས་ནས་ཞེས་པའོ། །འདུས་བྱས་པའི་ཚུལ་ཁྲིམས་ཀྱི་ཞེས་པ་ནི་སྲོག་གཅོད་པ་

เล่ม ๖๙ · หน้า 231b

རབ་ཏུ་སྤང་བ་ཡིན་ཞེས་པ་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཏེ། དེ་བས་ན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཞེས་པ་ནི་སྔ་མ་བཞིན་ནོ། །དེ་ལྟར་སློབ་མ་དེས་འོག་ནས་མིང་གིས་འབྱུང་བའི་རྩ་བ་འདི་བཞི་སྲོག་གི་ཕྱིར་ཡང་ཉམས་པར་མི་བྱ་སྟེ། འདི་བཞི་བཤད་པ་ཡང་དམ་ཚིག་གི་

སྐབས་སུ་སྔར་བཤད་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སླར་འབྱུང་དུ་མེད་པ་ཞེས་པ་ནི་འདི་བཞི་དང་མི་ལྡན་ན་བྱང་ཆུབ་སེམས་དཔའ་ཞེས་ཀྱང་མི་བྱ་སྟེ་སླར་གསོར་མི་རུང་ངོ་ཞེས་པའོ། །ཐབས་དང་ཤེས་རབ་ཏུ་བྲལ་བ། །ཞེས་པ་ནི་དེ་བཞི་ནི་འཇིགས་པར་བྱེད་པའི་ཐབས་དང་ཤེས་རབ་ཏུ་སྦྱར་བར་རང་

བཞིན་གྱིས་ཉོན་མོངས་པ་ཡིན་ཏེ་སླར་དབྱུང་དུ་མེད་པ་ཞེས་པ་དང་སྦྱར་རོ། །དེ་བས་ན་གསུངས་པ་དེ་ཅིའི་ཕྱིར་ཞེ་ན། འདས་པའི་སངས་རྒྱས་རྣམས་དང་། གང་མ་བྱོན་པའི་སངས་རྒྱས་རྣམས་དང་། ད་ལྟར་བཞུགས་པའི་མགོན་པོ་ཡང་ཤེས་རབ་དང་ཐབས་ཡོངས་སུ་ཟིན་པར་བསླབས་ནས་བླ་ན་

མེད་པའི་བྱང་ཆུབ་འཐོབ་བོ་ཞེས་པ་སྟེ། དེ་བས་ན་འདི་བཞི་དང་མི་ལྡན་ཞིང་ཐབས་དང་ཤེས་རབ་མེད་ན་བླ་ན་མེད་པའི་བྱང་ཆུབ་འདུས་མ་བྱས་པ་ཐོབ་པར་མི་འགྱུར་བས་སླར་དབྱུང་དུ་མེད་དོ་ཞེས་པའོ། །དེ་ལྟར་ཐབས་དང་ཤེས་རབ་ཏུ་མི་ལྡན་པས་ན་སླར་དབྱུང་དུ་མེད་ན། ཉན་ཐོས་པ་རྣམས་ལ་ངས་

ཐབས་དང་ཤེས་རབ་ཏུ་མི་ལྡན་པའི་བསླབ་པ་བཤད་ཅེ་ན། ཐབས་དང་མི་ལྡན་པའི་ཡེ་ཤེས་ཉན་ཐོས་རྣམས་ལ་བསླབ་པ་བཤད་པ་ནི། དཔའ་བོ་ཆེན་པོ་དེ་དག་གཟུང་བའི་ཕྱིར་རོ་ཞེས་པ་སྟེ། ཉན་ཐོས་རྣམས་ལ་ངས་ཐབས་དང་ཤེས་རབ་ཏུ་མི་ལྡན་པའི་བསླབ་པ་བསྟན་པ་ཡང་ངེས་པའི་དོན་དུ་བསྟན་

པ་མ་ཡིན་གྱི། དེ་དག་སྣོད་དང་སྦྱར་ཞིང་བཀྲི་བའི་ཕྱིར་རོ་ཞེས་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་གྱི་འཁོར་ལོ་འདིར་བྱིན་གྱིས་བརླབས་པ་ལས་སྔགས་བཟླས་པའི་སྐབས་ལ་ཐོག་མར་སྤྱིར་ཕྱི་ནང་གི་བཟླས་པ་ཡན་ལག་བཞི་བསྟན་ཏེ། དེའི་

འོག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་བཞིའི་སྐབས་སུ་ནང་གི་བཟླས་པའི་ཡན་ལག་བཞི་བསྟན། དེའི་འོག་ཏུ་དཔའ་བོ་ཆེན་པོ་སྙིང་པོའི་སྐབས་སུ་ནང་གི་བཟླས་པའི་ཡན་ལག་གསུམ་བསྟན་ཏེ་དེ་རྣམས་ཀྱང་བཟླས་པའི་གྲངས་སུ་དུས་ངེས་པའི་བསྙེན་པར་བྱས་པ་གསུངས་སོ། །ད་ནི་ཡི་གེ་བརྒྱ་

เล่ม ๖๙ · หน้า 232a

པའི་སྐབས་སུ་འདིར་ཡང་བཟླས་པའི་ཡན་ལག་གཅིག་དང་གྲངས་དང་དུས་ངེས་པའི་བསྙེན་པ་མ་ཡིན། ཀུན་དུ་སངས་རྒྱས་ཀྱི་སྐུར་བསྒྲུབ་པའི་གནས་ཡོངས་སུ་གྱུར་པའི་བར་དུ་བཟླས་པའི་མཚན་མ་འཆད་དེ། དེ་བས་ན་བཟླས་པ་དེ་རྣམས་ཀྱང་སྒོམ་རིམ་ཙམ་ཡང་བཤད་པར་ཤེས་

པར་བྱ་སྟེ། དང་པོ་ཉིད་དུ་ཕྱི་ནང་གི་བཟླས་པའི་ཡན་ལག་བཞི་ཕྱི་དང་ནང་གཉིས་ཀ་ལ་དམིགས་པས་སྤོམ་མོ། །དེའི་འོག་ཏུ་ནང་གི་བཟླས་པའི་ཡན་ལག་བཞི་ཕྱི་རོལ་དུ་སངས་རྒྱས་ཀྱི་སྐུ་ལ་མི་དམིགས་པར་ནང་དུ་རང་གི་སྙིང་གར་དེ་བཞིན་གཤེགས་པའི་སྐུ་བསམས་ནས་སློབ་པ་དེ་བས་

ཕྲའོ། །དེའི་འོག་ཏུ་དཔའ་བོ་ཆེན་པོའི་སྐབས་སུ་སྙིང་གར་དེ་བཞིན་གཤེགས་པའི་སྐུར་བསམས་པ་ཡང་བཏང་སྟེ། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་གང་རུང་བ་བསམས་ནས་ཡན་ལག་གསུམ་དུ་བྱ་སྟེ་ཟློས་པས་དེ་བས་ཀྱང་ཕྲའོ། །ཡི་གེ་བརྒྱ་པའི་སྐབས་འདིར་ནི་བདག་སྟོང་པ་ཉིད་ཀྱི་ཏིང་ངེ་

འཛིན་ལ་གནས་ནས་སྙིང་པོའི་སྒྲ་ཙམ་ལ་ཡན་ལག་གཅིག་པུར་བྱ་སྟེ། ཟློས་པས་གོང་མ་ཀུན་ཕྲ་བར་རིག་པར་བྱའོ། །དེ་ལ་ཡི་གེ་བརྒྱ་པ་ཡང་ཀུན་དུ་སངས་རྒྱས་པ་ཡིན་ཡང་། ཡི་གེ་ཨཾ་གིས་བྱིན་གྱིས་བརླབ་པ་སྟེ། དེ་ཡང་ལེའུ་ལྔས་ཡི་གེ་བརྒྱ་པའི་བཤད་པའི་ཡན་ལག་རྫོགས་པར་ཤེས་

པར་བྱ་བ་ནི། ཡི་གེ་བརྒྱ་པ་འབྱུང་བའི་ལེའུ་དང་། སྒྲའི་འབྲས་བུའི་སྦྱོར་བ་བསྟན་པའི་ལེའུ་དང་། ཡི་གེ་བརྒྱ་པའི་ལེའུ་བསྒྲགས་པའི་ལེའུ་དང་། བདག་བསྒྲུབ་པའི་ལེའུ་དང་ཀུན་དུ་བྱང་ཆུབ་པའི་རང་བཞིན་བསྟན་པའི་ལེའུ་རྣམས་ཏེ། དེ་ལ་འདིར་དང་པོར་ཡི་གེ་བརྒྱ་པ་འབྱུང་བའི་ལེའུ་བཤད་དེ།

དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་འཁོར་འདུས་པ་ཐམས་ཅད་ལ་གཟིགས་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡི་གེ་བརྒྱ་པ་ནི་ཨཾ་ཞེས་པ་ཉིད་ཀྱི་ནང་དུ་འདུས་པར་ཤེས་པར་བྱ་སྟེ། དེ་ནི་ཀླད་ཀོར་ནི་ང་དང་། ཉ་དང་། ཎ་དང་། ན་དང་མ་རྣམས་ཀྱི་རང་བཞིན་ཏེ། ངའི་ནང་དུ་

ཀའི་རིས་འདུས། ཉའི་ནང་དུ་ཚའི་རིས་འདུས། ཎའི་ནང་དུ་ཊའི་རིས་འདུས། ནའི་ནང་དུ་ཏའི་རིས་འདུས། མའི་ནང་དུ་པའི་རིས་འདུས་ཏེ། ཡི་གེ་དེ་ཉི་ཤུ་དང་རྣམ་པར་ཤེས་པའི་ལེའུ་ལས་བཤད་པ་དང་སྦྱར་ནས། ཨ་དང་ཨོཾ་ནང་དུ་ཡང་འདུས། རྀ་རཱྀ་དང་ལྀ་ལཱྀ་ནི་ར་དང་ལ་དངོས་སོ། །ཨི་

เล่ม ๖๙ · หน้า 232b

ཨཱིའི་ནང་དུ་བྷ་འདུས་ཏེ། དེ་ལྟར་ས་ར་ལ་བ་རྣམས་ཀྱང་དེར་འདུས་ཏེ། ཨཾ་ལ་སོགས་པ་གང་དང་ལྡན་པ་དང་། ཡི་གེ་ཉི་ཤུ་ལྔ་རྣམས་བྱང་ཆུབ་པ་དང་། སྤྱོད་པ་དང་ཀུན་དུ་སངས་རྒྱས་པ་དང་མྱ་ངན་ལས་འདས་པ་བཞི་རེ་རེ་ལ་ཡི་གེ་ཉི་ཤུ་ལྔ་ལྔར་སྦྱར་ནས་བརྒྱ་པར་འགྱུར་ཏེ། ཡི་གེ་དེ་རྣམས་

གཅིག་ཏུ་བསྡུས་པ་ནི་ཨ་ཞེས་པ་སྟེ། ཨ་ནི་ཤེས་བྱ་དང་ཡེ་ཤེས་གཉིས་ཀ་སྟོང་པའི་མཚན་ཉིད་དེ། ཀླད་ཀོར་ནི་སྟོང་པའི་མཚན་ཉིད་དོ། །ཡི་གེ་ཨ་བཞི་ཆར་ཡང་དེའི་ནང་དུ་འདུས་པས། ཨཾ་དེ་ཉིད་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་རང་བཞིན་ཡི་གེ་བརྒྱ་པ་ཞེས་བྱའོ། །ད་དང་།

ཉ་དང་། ཎ་དང་། ན་དང་མ་རྣམས། ཤ་དང་། པ་དང་། ཨཾ་དང་ཨ་རྣམས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་དབང་པོ་པས་འདིར་ཡི་གེ་མི་བགྲང་། འཁོར་འདུས་པ་ཐམས་ཅད་ལ་གཟིགས་ནས་ཞེས་པ་ནི་སྔར་བཤད་པ་བཞིན་ནོ། །བསྟན་པ་གདོན་མི་ཟ་བར་དངོས་གྲུབ་པར་བཞེད་ནས།

བསྟན་པ་ཞེས་པའི་ཚིག་ནི་འདུལ་བའི་འགྲོ་བ་རྣམས་ལ་བསླབ་པའི་ཕྱིར་བསྟན་པ་ཞེས་བྱ་སྟེ། མདོ་སྡེ་ལ་སོགས་པ་ཐམས་ཅད་ལ་ཡང་བྱ་མོད་ཀྱི། སྐབས་འདིར་ནི་སྔགས་བསྟན་པ་ལ་བྱ་སྟེ་དེ་ཡང་བཟླས་པའི་གྲངས་དང་། དུས་ཏེ་ངེས་པ་སྔོན་དུ་བསྟན་པ་བྱས་ནས་བསྒྲུབ་པར་བྱ་བ་གོང་དུ་

བཤད་པ་རྣམས་བཟླས་པའི་གྲངས་སུམ་འབུམ་ལ་སོགས་པ་བྱས་ནས་བསྒྲུབ་བོ་ཞེས། ཡང་བཤད་པ་རྒྱུད་ཡོངས་སུ་དག་པའི་སེམས་ཅན་རྣམས་ལ་ཡང་གསུངས་ཀྱི། ཐམས་ཅད་ལ་མ་ཡིན་ནོ་ཞེས་འབྱུང་བས་གྲངས་དང་དུས་ངེས་པའི་སྔོན་དུ་བསྙེན་པ་བྱས་ཀྱང་རྒྱུད་མ་དག་པའི་སེམས་

ཅན་རྣམས་ཀྱིས་མི་འགྲུབ་ཀྱང་སྲིད་དེ་དེ་དག་ནི་གདོན་མི་ཟ་བའོ། །འདིར་ནི་གནས་ཡོངས་སུ་འགྱུར་བའི་མཚན་མ་བྱུང་གི་བར་དུ་བཟླས་པ་གསུངས་པས་མཚན་མ་བྱུང་བ་དེ་ཉིད་འགྲུབ་པ་སྟེ། མཚན་མ་དེ་བྱུང་ནས་མི་འགྲུབ་པར་མི་སྲིད་པས་གདོན་མི་ཟ་བ་ཞེས་བྱ་སྟེ། བཅོམ་ལྡན་འདས་བསྟན་

པ་དེ་གྲུབ་པར་བཞེད་ནས་སྔགས་ཀྱི་མགོན་པོ་ཤིན་ཏུ་འབར་བ་གསུངས་སོ་ཞེས་པ་དང་སྦྱར་རོ། །སྔགས་ཐམས་ཅད་ཀྱི་དབང་པོ་སྔགས་ཀྱི་རྒྱལ་པོ་མགོན་པོ་ཤིན་ཏུ་འབར་བ་ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་རང་བཞིན་ཨཾ་ཞེས་པ་དེ་ཉིད་བྱེ་བྲག་ལ་བྱ། དེའི་རང་བཞིན་ཀྱང་རྣམ་པ་གསུམ་

เล่ม ๖๙ · หน้า 233a

དུ་རིག་པར་ཤེས་པར་བྱ་སྟེ། ཆུད་པའི་མཚན་ཉིད་དང་གཞུང་གི་མཚན་ཉིད་དེ། གཞུང་གི་མཚན་ཉིད་ལ་ཡང་དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་དེ་དེ་ལྟར་རྣམ་པ་གསུམ་མོ། །དེ་ལ་ཆུད་པའི་དོན་དམ་པའི་རང་བཞིན་ནི་ཡི་གེ་ཨ་དང་ཞེས་པ་དང་། དེ་ལ་སོགས་པའི་

སྔགས་ཀྱི་ཡི་གེ་རྣམས་སོ། །དེ་ལ་སྔགས་ཐམས་ཅད་ཀྱི་དངོས་པོ་ཞེས་པ་སྔགས་ཐམས་ཅད་ཅེས་པ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རང་བཞིན་རྣམ་པར་ཐར་པའི་ཡེ་ཤེས་ཕྱོགས་གཅིག་པ། ཆོས་ཐམས་ཅད་པ་དང་ཞེས་བྲལ་ལོ་ཞེས་པ་ལ་སོགས་པ་དང་།

ཀུན་རྫོབ་ཏུ་དེ་དག་ཉིད་ཀྱི་སྐུར་སྣང་བ་དང་། གཞུང་གི་ཆོས་སུ་ཡི་གེ་ཨཾ་ལ་སོགས་པ་ནི་སྔགས་ཐམས་ཅད་དེ། དེ་དག་གི་དབང་པོས་ནི་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་ཡི་གེ་བརྒྱ་པ་སྟེ་ཕྱོགས་གཅིག་པ་རྣམས་ཀུན་དུ་འདུས། ཀུན་རྫོབ་ཏུ་ཡང་བཅོམ་ལྡན་འདས་ཀྱི་སྐུ་ལས་སྔགས་

ཕལ་གྱི་གཟུགས་རྣམས་འབྱུང་། གཞུང་གི་ཆོས་ཀྱང་ཡི་གེ་ཨཾ་ལ་སོགས་པ་ནི་ཡི་གེ་ཐམས་ཅད་འབྱུང་སྟེ། ཀུན་རྫོབ་དང་དོན་དམ་པ་ཀུན་དུ་ཡང་སྔགས་ཐམས་ཅད་དེར་གཏོགས་ཤིང་དེའི་དབང་གིས་གྱུར་པས་ན་ཨཾ་དེ་སྔགས་ཐམས་ཅད་ཀྱི་དབང་པོ་ཞེས་བྱའོ། །སྔགས་ཀྱི་རྒྱལ་པོ་ཞེས་

པ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་ཡང་སྔགས་ཕལ་ལས་ཡོན་ཏན་ཐམས་ཅད་ཀྱིས་འཕགས་པའི་ཕྱིར་རོ། །སྔགས་ཀྱི་མགོན་པོ་ཞེས་པ་ནི་སྐྱབས་ཞེས་པའི་དོན་ཏེ། སྔགས་ཐམས་ཅད་ཀྱི་གོང་དུ་བཤད་པའི་ཚུལ་གྱིས་དེ་ལས་བྱུང་ཞིང་དེར་འདུ་བའི་ཕྱིར་ཤིན་ཏུ་འབར་བ་ཞེས་པ་

ནི་མཐུ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། མཐུ་ཆེན་དང་ལྡན་ཞེས་པ་སྟེ་དེ་ལྟ་བུའི་སྙིང་པོ་འཇམ་པའི་ཚིག་གི་ཕྱག་ན་རྡོ་རྗེས་གསུངས་པ་ཞེས་པ་དང་སྦྱར་ཏེ། ཕྱག་ན་རྡོ་རྗེ་ཡང་ཅི་འདྲ་ཞིག་ཅེ་ན་གསུངས་པ། ས་མ་ཡ་ནི་གསུམ་པ་གནས་དང་ལམ་གསུམ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་སྟེ།

དམ་ཚིག་གསུམ་པ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ལུས་དང་ངག་དང་ཡིད་མི་ཟད་པའི་རྡོ་རྗེའི་རྒྱན་ལ་བྱ་སྟེ། རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ས་བཅུ་ཡོངས་སུ་རྫོགས་ཏེ་ཡེ་ཤེས་ཆེན་པོ་དང་ལྡན་པའི་དབང་བསྐུར་བ་ན་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་བཏང་བའི་བྱིན་གྱི་རླབས་

เล่ม ๖๙ · หน้า 233b

ཀྱིས་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་ཏེ། གསུམ་པ་མཐོང་བ་ལ་ཞུགས་པ་ནི་དམ་ཚིག་གསུམ་ལ་གནས་པ་ཞེས་པའོ། །ལམ་གསུམ་ཡོངས་སུ་རྫོགས་པར་བྱེད་ཅེས་པ་སྟེ། དམ་ཚིག་གསུམ་ཐོབ་པར་བྱེད་པའི་ལམ་ཕྱག་ན་རྡོ་རྗེ་ཐོབ་པར་བྱེད་པའོ། །སྔགས་ཀྱི་མགོན་པོ་ཞེས་

པ་ནི་སྔ་མ་བཞིན་ནོ། །དེའི་ཡེ་ཤེས་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པ་ནི། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་ཞུགས་ནས། ཀུན་དུ་སངས་རྒྱས་པའི་ཡེ་ཤེས་དམ་པ་ཐམས་ཅད་ཐོག་མ་ནས་མ་བྱུང་མ་སྐྱེས་པ་སྟེ། མཁྱེན་པའི་རང་བཞིན་གྱི་ཡི་གེ་འཆད་པས་

ཏིང་ངེ་འཛིན་གྱི་མིང་ཡེ་ཤེས་དམ་པ་ཞེས་བྱའོ། །དེ་བས་ན་ཡི་གེ་ཨཾ་དེ་ཁྱད་པར་གསུངས་པ། རྣམ་པ་མང་པོའི་ཡེ་ཤེས་འབྱུང་། །ཞེས་པ་སྟེ་རྣམ་པ་མང་པོའི་ཡེ་ཤེས་ནི་ཆུང་པའི་ཆོས་དང་། གཞུང་གི་ཆོས་རྣམ་པ་མང་པོ་ཀུན་རྫོབ་དང་དོན་དམ་པའི་ཚུལ་གཉིས་ཀར་མཁྱེན་པ་ལ་བྱ་སྟེ། དེ་ལྟ་

བུའི་ཡེ་ཤེས་ཡི་གེ་ཨཾ་ཞེས་པའི་ཡི་གེ་འདི་ལས་ཡེ་ཤེས་དེ་འབྱུང་བ་ལ་བྱའོ། །འོད་ཟེར་བརྒྱས་ཁྱབ་པ་ཞེས་པ་ནི། དོན་དམ་པར་ཡང་དེ་བཞིན་ཉིད་ཀྱི་ཡེ་ཤེས་རྒྱ་མཚོ་དང་འདྲ་བ་དེ་ལས་སྔགས་གཞན་པའི་ཡེ་ཤེས་ཕྱོགས་གཅིག་པ་རྣམས་འབྱུང་བ་དང་། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་

སྐུ་ལས་སྔགས་ཀྱི་སྐུ་མང་པོ་འབྱུང་བས་ཁམས་གསུམ་ཀུན་དུ་ཁྱབ་པ་དང་། གཞུང་གི་ཆོས་སུ་ཡང་ཡི་གེ་ཨ་ལས་གོང་དུ་འཆད་པའི་ཚུལ་གྱིས་ཡི་གེ་བརྒྱ་རྣམས་འབྱུང་ཞིང་སྔགས་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །ཕྱག་ན་རྡོ་རྗེ་འདི་ནི་སྔགས་ཐམས་ཅད་ཀྱི་སྔགས་ཀྱི་མགོན་པོ་ཤིན་ཏུ་འབར་བ་

ཞེས་པ་ནི་གོང་དུ་བཤད་པའི་ཚུལ་བཞིན་ནོ། །འདི་ནི་ཀུན་དུ་སངས་རྒྱས་པ་ཉིད་དོ་ཞེས་པ་ནི་ཡི་གེ་ཨཾ་ཞེས་པ་ནི་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཉིད་ཡིན་ནོ་ཞེས་པའོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཅེས་པ་ནི་ཆུད་པའི་

ཆོས་དང་གཞུང་གི་ཆོས་ཐམས་ཅད་མཁྱེན་པས་ན་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཅེས་པའོ། །ཐུབ་པ་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་ཐུབ་པའི་མཚན་ཉིད་དེ་ཤཱཀྱ་ཐུབ་པ་ཉིད་ལ་བྱའོ། །མི་ཤེས་པའི་མུན་པ་ཐམས་ཅད་མེད་པར་བྱེད་པས་ཉི་མ་ཤར་བ་བཞིན་ནོ་ཞེས་པ་ནི་ཆུད་པའི་ཆོས་དང་།

เล่ม ๖๙ · หน้า 234a

གཞུང་གི་ཆོས་གཉིས་ཀ་ལ་སྒྲིབ་པ་སྤངས་ཏེ། ཇི་ལྟར་ཆུད་པ་ན་འདུག་པའི་རྫས་རྣམས་དངོས་པོ་གང་ཡིན་མི་ཤེས་པ་ཉི་མ་ཤར་བ་ན་རྫས་དག་གསལ་བར་མཐོང་བ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་ཀྱང་མ་རིག་པའི་མུན་པ་བསལ་ནས་ཀུན་རྫོབ་དང་དོན་དམ་པའི་དངོས་པོ་

རྣམས་གསལ་བར་མཁྱེན་པ་སྟེ། དེས་ནི་སྤོང་བ་ཕུན་སུམ་ཚོགས་པ་བསྟན་པའོ། །ཚིག་གོང་མས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་པའོ། །བདག་ཉིད་ཀྱང་འདི་ལྟར་ཐུབ་པ་ཆེན་པོར་བྱིན་གྱིས་བརླབས་པ་སྟེ་ཞེས་པ་ནི་ཀུན་དུ་སངས་རྒྱས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་ཤཱཀྱ་

ཐུབ་པའི་སྐུར་བྱིན་གྱིས་བརླབས་ཏེ་ཞེས་པའོ། །དེ་ལྟར་བྱིན་གྱིས་བརླབས་ནས་ཀྱང་ཅི་བྱ་ཞེ་ན་གསུངས་པ། རྣམ་པར་འཕྲུལ་པའི་སྤྲུལ་པ་སྟེ། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །ཞེས་པ་སྟེ་ཤཱཀྱ་ཐུབ་པའི་སྐུར་བྱིན་གྱིས་བརླབས་ནས་སེམས་ཅན་རྣམས་ཀྱི་དོན་དུ། རྣམ་པར་སྤྲུལ་

པ་སྣ་ཚོགས་སྤྲུལ། །ཞེས་པའོ། །རྣམ་པར་སྤྲུལ་པ་དེ་ཡང་ཇི་སྙེད་དུ་སྤྲུལ་ཞེ་ན་གསུངས་པ། ཇི་སྙེད་སེམས་ཅན་རྣམས་ཀྱི་ནི། །སེམས་སུ་མངོན་པར་གྱུར་རྣམས་ཏེ། །དེ་སྙེད་དུ་ནི་དེ་བྱས་པ། །རྣམ་པར་སྤྲུལ་པ་གནས་མཆོག་གོ། །ཞེས་པ་སྟེ། སེམས་ཅན་ཇི་སྙེད་དུ་འཇུག་ཅིང་ཇི་

སྙེད་འདོད་པ་དེ་སྙེད་ཀྱི་སྐུ་རྣམས་སུ་རྣམ་པར་སྤྲུལ་པ་བྱེད་ཅེས་པའོ། །དེ་ནི་སྟོང་པ་ཉིད་ལས་ལྡང་བར་བསྟན་པ་སྟེ། དེ་ལྟ་བས་ན་དོན་དམ་པ་བསྟན་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ནས། ཕྱིས་ཀུན་རྫོབ་ཏུ་སངས་རྒྱས་པའི་སྐུ་ལ་སོགས་པར་བསྒྱུར་བའི་སྤྱོད་པ་རྣམས་བྱའོ་ཞེས་དགོངས་སོ། །

དེ་ལྟ་བས་ན་ཀུན་དུ་སངས་རྒྱས་པའི་གནས་འདོད་ནས། རྟག་ཏུ་ནན་ཏན་མངོན་བྱ་བ། །བདག་གི་ནང་ཉིད་དག་པས་སོ། །ཞེས་པ་ནི་སྡུད་པའི་ཚིག་སྟེ་ཀུན་དུ་སངས་རྒྱས་པའི་རང་བཞིན་དེ་ལྟ་བུས་ན་གང་ཀུན་དུ་སངས་རྒྱས་པའི་སྐུ་ཐོབ་པར་འདོད་པས། ཡི་གེ་བརྒྱ་པའི་རང་བཞིན་དུ་ཀུན་དུ་སངས་

རྒྱས་པའི་སྐུ་བསྒོམ་པ་ལ་བརྩོན་པར་བྱའོ་ཞེས་པ་སྟེ། དེ་ལྟ་བས་ན་ཀུན་དུ་ཡང་ཞེས་པ་ནི་ལུས་དང་ངག་དང་ཡིད་ཀུན་གྱི་སྒོ་ནས་ཞེས་པའོ། །རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དུའོ། །བདག་གི་ནང་ཉིད་དག་པས་སོ། །ཞེས་པ་ནི་སེམས་གཙོ་བོར་བཤད་པ་སྟེ། བདག་གི་ལྟ་བས་བཅོམ་ལྡན་

เล่ม ๖๙ · หน้า 234b

འདས་ཀྱི་སྐུར་བསྒྱུར་བ་ཙམ་གྱིས་ཆོག་པ་མ་ཡིན་གྱི། ནང་གི་སེམས་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པས་ནན་ཏན་མངོན་པར་བྱའོ་ཞེས་པའོ། །ཡི་གེ་བརྒྱ་པའི་རང་བཞིན་གསུམ་ལ་ཆུད་པའི་རང་བཞིན་དོན་དམ་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་རང་བཞིན་ཡི་

གེ་ཨཾ་དོན་དུ་ལྟ། ཡི་གེ་ཨཾ་གི་ཚིག་གི་རང་བཞིན་དུ་བལྟ་སྟེ། དེ་ལ་ཡི་གེ་ཨཾ་ཀུན་སངས་རྒྱས་པའི་རང་བཞིན་འདི་ནི་བཅོམ་ལྡན་འདས་ཀྱི་གསུང་གི་རྒྱན་སྣ་ཚོགས་སུ་འབྱུང་བའི་སྡུད་པའི་སྒོར་གྱུར་པ་སྟེ། དེ་ཡང་འདི་ལྟར་དོན་དང་ཚིག་གི་བྱེ་བྲག་རང་བཞིན་གསུམ་དུ་དབྱེ་མོད་ཀྱི། སངས་རྒྱས་

ཀྱི་བྱ་བ་བྱེད་པའི་སྒོ་ཐ་མི་དད་དེ། གང་གིས་བྱ་བའི་ལས་ཀྱང་གཟུགས་དང་སེམས་ཀྱིས་བྱེད་པའི་གཟུགས་ཀྱིས་བྱ་བའི་ལས་ཀྱང་ངག་དང་སེམས་ཀྱིས་བྱ་བའི་ལས་ཀྱང་ལུས་དང་ངག་གིས་བྱེད། དེ་བས་ན་སྐབས་འདིར་ཀུན་དུ་སངས་རྒྱས་པའི་གསུང་མི་ཟད་པ་དེ། ཡི་གེ་བརྒྱ་པའི་འབྲས་བུའི་

སྦྱོར་བ་སྟོན་ཏེ། དེ་ལས་ཀུན་དུ་སངས་རྒྱས་པའི་ཡི་གེའི་འབྲས་བུ་ནི། སེམས་ཅན་ཡོངས་སུ་སྨིན་པ་དང་། མ་སྨིན་པ་རྣམས་ཡོངས་སུ་གྲོལ་བ་དང་སྨིན་པར་བྱེད་པ་སྟེ། དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་ལ་བཀའ་སྩལ་པ་ཞེས་པ་ལ་

སོགས་པའོ། །དེ་ལ་གསང་བའི་བདག་པོ་ནམ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞེས་པ་ནས་དམ་ཚིག་གསུམ་ལ་བདག་ཉིད་གནས་པར་མཐོང་ཞེས་པའི་བར་དུ་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ས་བཅུས་ཡོངས་སུ་ཕྱུག་པ་རྣམས་རང་རང་གི་མཐུ་དང་སྤྱོད་ཡུལ་གྱི་རྫུ་

འཕྲུལ་སྣ་ཚོགས་དང་། སངས་རྒྱས་ཀྱི་ཞིང་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའི་མཐུས་མགུ་ཞིང་འཁོད་པ་ལ། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་སྐུ་ལས་དཔལ་གྱི་ཆོ་གའི་རྒྱན་གྱི་འོད་ཟེར་བྱུང་བས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་གཙུག་ཏུ་ཕོག་སྟེ། འོད་ཟེར་དེའི་བྱིན་གྱི་རླབས་

ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ཡེ་ཤེས་ཆེན་པོར་མངོན་པར་ཤེས་པར་དབང་བསྐུར་བ་དང་ལྡན་པས་རབ་ཏུ་ཐོབ་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ལུས་དང་ངག་ཡིད་མི་ཟད་པའི་རྡོ་རྗེའི་རྒྱན། དམ་ཚིག་གསུམ་གྱི་རང་བཞིན་ཆུད་ཅིང་མངོན་པར་གྱུར་ཅེས་པའོ། །སངས་

เล่ม ๖๙ · หน้า 235a

རྒྱས་བཅོམ་ལྡན་འདས་ཞེས་པ་ནི་སྐབས་འདིར་ས་བཅུ་ལ་གནས་ཡོངས་སུ་རྫོགས་ཤིང་དབང་བཅུ་ལ་དབང་དུ་གྱུར་པ། ཆོས་རྣམས་སྒྱུ་མ་ལྟ་བུར་རྣམ་པ་ཐམས་ཅད་ཆུད་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཉིད་ལ་སངས་རྒྱས་ཞེས་བྱའོ། །ཡེ་ཤེས་ཆེན་པོ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཡེ་

ཤེས་ལ་བྱ་སྟེ། ཡེ་ཤེས་དེ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་མངོན་པར་ཤེས་པར་བྱ་བའི་ཕྱིར། འོད་ཟེར་གྱིས་དབང་བསྐུར་བ་ལས་ཡེ་ཤེས་ཆེན་པོར་མངོན་པར་དབང་བསྐུར་བ་ཞེས་བྱའོ། །ཡང་ན་ཡེ་ཤེས་ཆེན་པོ་ཡང་དེ་མངོན་པར་ཤེས་པ་ཡང་དེ་སྟེ། ཡེ་ཤེས་ཆེན་པོ་ནི་སྔ་མ་བཞིན་ཏེ་དོན་དམ་

པར་ཆོས་ཐམས་ཅད་སྟོང་པར་ཆུད་པའོ། །མངོན་པར་ཤེས་པ་དྲུག་ནི་མངོན་པར་ཤེས་པ་སྟེ་ཀུན་རྫོབ་ཀྱི་ཡེ་ཤེས་སོ། །དེ་ལྟར་དོན་དམ་པ་དང་ཀུན་རྫོབ་ཀྱི་ཡེ་ཤེས་དེ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཐོབ་པར་བྱ་བའི་ཕྱིར། དབང་བསྐུར་བ་ནི་ཡེ་ཤེས་ཆེན་པོ་མངོན་པར་དབང་བསྐུར་བ་

ཞེས་བྱ་སྟེ། དབང་བསྐུར་བ་དེ་དང་ལྡན་པ་ནི་དབང་བསྐུར་བ་དང་ལྡན་པའི་ས་རབ་ཏུ་ཐོབ་བོ་ཞེས་བྱ་བ་སྟེ་ཞེས་པ་ནི་སེམས་ཀྱི་ཁྱད་པར་ཉིད་ལ་བྱའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཅེས་པ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཉིད་ལ་བྱའོ། །དམ་ཚིག་གསུམ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་

ལུས་དང་ངག་ཡིད་མི་ཟད་པའི་རྡོ་རྗེའི་རྒྱན་གྱི་ཁམས་གསུམ་ཐམས་ཅད་དུ་ཁྱབ་པ་ལ་བྱ་སྟེ། དམ་ཚིག་ཅེས་པ་ནི་ཚིག་གི་དོན་ནི་སྐབས་འདིར་ཀུན་དུ་ཆུད་པའམ་ཐོབ་པ་ལ་བྱ་སྟེ། སྐུ་མི་ཟད་པའི་རྒྱན་ལ་སོགས་པ་ཁམས་གསུམ་དུ་ཁྱབ་པར་འབྱུང་བ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་དེའི་ཚེ་

མཐོང་ཞིང་ཡེ་ཤེས་ཀྱིས་ཆུད་པའི་ཕྱིར་རོ། །ལམ་ཞེས་པ་ནི་ཚིག་དེ་དག་ཆུད་པར་ཞུགས་པ་ལ་བྱ། བདག་ཉིད་གནས་པར་མཐོང་ངོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་དམ་ཚིག་གསུམ་གྱི་རང་བཞིན་ལ་བྱ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་སྤྱོད་ཡུལ་དུ་གྱུར་ཏེ་མཐོང་ཞིང་ཆུད་

པར་བདག་ཅག་ཉིད་ཀྱིས་མཐོང་ངོ་ཞེས་པའོ། །དེ་བས་ན་གསང་བའི་བདག་པོ་བཅོམ་ལྡན་འདས་དེ་ཞེས་པ་ནི། སངས་རྒྱས་ཀྱི་བྱ་བ་མངོན་དུ་སྟོན་པའོ་ཞེས་པའི་བར་དུ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བྱ་བ་དེ་རྣམས་ཀྱི་དམ་ཚིག་གསུམ་ལ་ཞུགས་པར་གྱུར་པ་དེའི་ཚེ་ན།

เล่ม ๖๙ · หน้า 235b

སངས་རྒྱས་ཀྱི་གསུང་སྣ་ཚོགས་སུ་སྡུད་པའི་སྒོར་གྱུར་པའི་ཡི་གེ་བརྒྱ་པའི་རང་བཞིན་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པ་གཟུངས་ཀྱི་གཟུངས་སུ་གྱུར་ནས། སངས་རྒྱས་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་སངས་རྒྱས་ཀྱི་བྱ་བ་ཉེ་བར་སྟོན་པ་སྟེ། གསང་བའི་བདག་པོ་

བཅོམ་ལྡན་འདས་ཞེས་པ་ནི་ཀུན་དུ་སངས་རྒྱས་པ་ཉིད་ལ་བྱའོ། །ཡེ་ཤེས་ཆེན་པོ་མངོན་པར་དབང་བསྐུར་བ་དང་ལྡན་པ་ཞེས་པ་ནི་ཀུན་དུ་སངས་རྒྱས་པ་དེ་ཉིད་ཀྱི་བྱེ་བྲག་ལ་བྱ་སྟེ་ཡེ་ཤེས་ཆེན་པོ་ནི་སྔ་མ་བཞིན་ནོ། །མངོན་པར་ཤེས་པ་ཞེས་པ་ནི་ཡེ་ཤེས་ཆེན་པོ་དེ་མངོན་དུ་ཆུད་པ་ཞེས་པའོ། །

དབང་བསྐུར་བ་དང་ལྡན་པ་ཞེས་པ་ནི། ཡེ་ཤེས་ཆེན་པོ་དེ་མངོན་པར་ཆུད་པར་ལྡན་པ་ཞེས་པའོ། །གཟུངས་ཀྱི་གཟུངས་ཞེས་པ་ནི། དོན་གྱི་གཟུངས་དང་ཚིག་གི་གཟུངས་དེ་རྣམ་པར་མི་རྟོག་པར་འཇུག་པའི་དབང་དང་གཟུངས་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་

པའི་ཡེ་ཤེས་ཆེན་པོ་མངོན་པར་ཆུད་པའི་དབང་དང་ལྡན་པ་དེ་ཉིད་གཟུངས་སུ་གྱུར་ནས། སངས་རྒྱས་ཀྱི་བྱ་བ་སེམས་ཅན་ཡོངས་སུ་སྨིན་པ་དང་གྲོལ་བར་གྱུར་པའི་ཐབས་སྣ་ཚོགས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་སྟོན་ཏེ། དེ་བས་ན་གསུངས་པ། སངས་རྒྱས་བྱ་བ་མངོན་པར་སྟོན། །

ཞེས་པའོ། །སངས་རྒྱས་བཅོམ་ལྡན་འདས་དེ་ཉིད། །ཅེས་པ་ནས། དམ་ཚིག་གསུམ་གྱི་ལམ་སྟོན་པར། །སོ་སོར་ཉེ་བར་གནས་པར་གྱུར། །ཞེས་པ་ནི་དེ་ལྟར་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པ་དེ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཞེས་བྱ་བ་དེ་རྣམས་ལ་སངས་རྒྱས་ཀྱི་བྱ་བ་བསྟན་

པ་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་རང་གི་དམ་ཚིག་གསུམ་གྱི་རང་བཞིན་ཇི་ལྟར་མཐོང་ཞིང་ཆུད་པ་དང་། སངས་རྒྱས་ཀྱི་བྱ་བའི་ཚུལ་གྱིས་དམ་ཚིག་གསུམ་པོ་དེ་རྣམས་ཀྱི་ལམ་སྟོན་པར་ཞུགས་སོ་ཞེས་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ཅེས་པ་ནི་གོང་དུ་

སྨོས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཉིད་ལ་བྱའོ། །སེམས་ཅན་ཐམས་ཅད་ཅེས་པ་ནི་ཡོངས་སུ་དག་པ་དང་། མ་དག་པའི་སེམས་ཅན་ཇི་ལྟར་སྣོད་དུ་གྱུར་པ་རྣམས་སོ། །སངས་རྒྱས་ཀྱི་བྱ་བ་ཞེས་པ་ནི་སྔ་མ་བཞིན་ནོ། །དམ་ཚིག་གསུམ་གྱི་ལམ་ཞེས་པ་ནི་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་

เล่ม ๖๙ · หน้า 236a

ལ་སོགས་པ་ཐོབ་པར་འགྱུར་བའི་ལམ་དེ་སྟོན་པར་རབ་ཏུ་ཉེ་བར་གནས་པར་འགྱུར་རོ་ཞེས་པ་ནི། བྱང་ཆུབ་སེམས་དཔའ་དེ་རྣམས་ཇི་ལྟར་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་དམ་ཚིག་གསུམ་ཐོབ་པར་བྱེད་པའི་ལམ་དེ་སོ་སོར་སྟོན་པར་ཞུགས་པ་སྟེ། ལམ་དེ་བསྟན་པས་སེམས་

ཅན་དེ་རྣམས་ཀྱི་སྐུ་མི་ཟད་པ་ལ་སོགས་པའི་རྒྱན་དམ་ཚིག་གསུམ་གྱི་རང་བཞིན་ཏེ་ཐོབ་པར་འགྱུར་བའི་ཕྱིར་རོ། །གསང་བའི་བདག་པོ་ངའི་ངག་གི་འཁོར་ལོ་ཞེས་པ་ནས། རབ་ཏུ་བྱུང་བར་མི་ཤེས་སོ། །ཞེས་པའི་བར་དུ་དེ་བཞིན་གཤེགས་པའི་ངག་གི་འཁོར་ལོ་སངས་རྒྱས་ཀྱི་དབྱིངས་ཀྱི་

རྒྱན་སྣ་ཚོགས་ལས་ཤཱཀྱ་ཐུབ་པའི་སྐུར་སྤྲུལ་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་ཡོངས་སུ་སྨིན་པ་དང་མ་སྨིན་པའི་སེམས་ཅན་ཇི་ལྟར་སྣོད་དུ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་བ་བཤད་པ་སྟེ། གསང་བའི་བདག་པོ་ངག་གི་འཁོར་ལོ་ཞེས་པ་ནི་དེ་

བཞིན་གཤེགས་པའི་སངས་རྒྱས་ཀྱི་གསུང་རྣམ་པ་སྣ་ཚོགས་སུ་འབྱུང་བའོ། །སེམས་ཅན་རྣམས་ཀྱི་རྒྱུད་དུ་གྲོལ་བས་ན་འཁོར་ལོ་ཞེས་བྱ་བ་སྟེ། འཁོར་ལོ་དེ་ཉིད་འཁོར་གྱི་འཁོར་ལོ་སྤྲུལ་པ་རྒྱ་ཆེན་པོ་ཞེས་པ་ནི། ངག་གི་འཁོར་ལོ་དེ་ལས་ཤཱཀྱ་ཐུབ་པའི་སྐུར་སྤྲུལ་པ་དེ་དག་འཇིག་

རྟེན་གྱི་ཁམས་ནམ་མཁའི་དབྱིངས་མ་ལུས་པ་དེ་སྙེད་དུ་ཁྱབ་པ་སངས་རྒྱས་ཀྱི་བྱ་བ་སྟོན་པས་ན་རྒྱ་ཆེན་པོ་ཞེས་བྱའོ། །མཐའ་ཡས་པའི་འཇིག་རྟེན་དུ་ཁྱབ་པ་ཞེས་པ་ནི། ཆོས་ཀྱི་དབྱིངས་རབ་ཏུ་སྟོན་པ་ཞེས་པ་དང་འབྲེལ་པ་སྟེ། སྤྲུལ་པའི་སྐུ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཚིག་དང་དོན་རྣམས་

འཇིག་རྟེན་གྱི་ཁམས་སུ་ཁྱབ་པར་སེམས་ཅན་ཐམས་ཅད་ལ་སྟོན་པ་སྟེ། དེ་ཡང་རྣམ་པར་དག་པའི་སྒོ་ཤ་སྟག་གོ། །རྣམ་པར་དག་པའི་སྒོ་ཞེས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་འཇུག་པའི་ཐབས་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཇི་ལྟ་བུར་བསམས་པ་བཞིན་མགུ་བར་བྱེད་པ་

ཆོས་ཀྱི་དབྱིངས་རབ་ཏུ་སྟོན་པའི་སྒོ་མོ་ཞེས་པ་ནི་དེ་ལྟ་བུར་ཆོས་ཐམས་ཅད་སྟོན་པ་དེ་ཡང་སེམས་ཅན་རྣམས་སོ་སོའི་དད་པ་དང་རྗེས་སུ་མཐུན་པ་སྟེ། སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་ཀྱི་ཆོས་སྟོན། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། བརྒྱ་བྱིན་དང་ཚངས་པ་

เล่ม ๖๙ · หน้า 236b

ལ་སོགས་པ་སོ་སོར་བསྟན་པ་དང་། རྗེས་སུ་མཐུན་པའི་ཆོས་ཐམས་ཅད་དུ་སྟོན་ཏེ་དེ་ཡང་ཆོས་ཀྱི་དབྱིངས་སུ་འཇུག་པའི་ཐབས་ཤ་སྟག་གོ། །དེ་འདི་ལྟ་སྟེ། ཤཱཀྱ་ཐུབ་པས་ནམ་མཁའི་དབྱིངས་སུ་རྒྱས་པ་མ་ལུས་པའི་འཇིག་རྟེན་གྱི་ཁམས་སུ་ཞེས་པ་ནི་དེ་ལྟ་བུའི་ཆོས་སྟོན་པ་དང་།

ཤཱཀྱ་ཐུབ་པའི་སྐུ་གཅིག་གམ་གཉིས་མ་ཡིན་གྱི། ནམ་མཁའི་ཁམས་རྒྱས་པར་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་མ་ལུས་པར་ཁྱབ་པའི་ཤཱཀྱ་ཐུབ་པའི་སྐུས་སེམས་ཅན་ཐམས་ཅད་ལ་ཇི་ལྟར་བསམས་པ་བཞིན་དུ་མགུ་བར་བྱེད་པའི་ཆོས་ཀྱི་དབྱིངས་རབ་ཏུ་སྟོན་ཞེས་པའོ། །དེ་

བས་ན་གསུངས་པ་སངས་རྒྱས་ཀྱི་བྱ་བ་ལ་རབ་ཏུ་ཞུགས་པ་ཞེས་པ་སྟེ། ཤཱཀྱ་ཐུབ་པའི་སྐུ་དེ་རྣམས་འཇིག་རྟེན་གྱི་ཁམས་དེ་སྙེད་དུ་སེམས་ཅན་དེ་ལྟར་སྣོད་དུ་གྱུར་པ་རྣམས་མ་སྨིན་པ་ནི་ཡོངས་སུ་སྨིན་པར་བྱེད། སྨིན་པ་རྣམས་ནི་གྲོལ་བར་བྱེད་པའི་སངས་རྒྱས་ཀྱི་བྱ་བ་རབ་ཏུ་ཞུགས་

ཞེས་པའོ། །སངས་རྒྱས་ཀྱི་བྱ་བ་བྱེད་པ་ཤཱཀྱ་ཐུབ་པའི་སྐུ་དེ་རྣམས་སངས་རྒྱས་ཀྱི་དབྱིངས་སུ་མང་པོའི་རྒྱན་གྱི་སྙིང་པོ་ལས་འབྱུང་བ། བཅོམ་ལྡན་འདས་ཀྱི་ངག་གི་འཁོར་ལོ་ལས་སྤྲུལ་པའི་སངས་རྒྱས་ཀྱི་གཟུགས་སུ་ནི་སེམས་ཅན་རྣམས་ཀྱིས་མི་ཤེས་ཀྱི། ཤཱཀྱའི་རིགས་ཀྱི་རྒྱལ་པོ་

ཟས་གཙང་མའི་རིགས་འདི་ལྟར་གྱུར་ཏོ་ཞེས་འཛིན་ཏེ་དེའི་ཕྱིར་གསུངས་པ། གསང་བའི་བདག་པོ་སེམས་ཅན་རྣམས་ཀྱིས་ནི་ཞེས་པ་ལ་སོགས་པ་འོན་ཀྱང་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱ་མཚོའི་སྒོ་ནས་ཞེས་པ་ལ་སོགས་པ་ནི། དེ་ལྟར་ངག་གི་འཁོར་ལོ་ལས་སྤྲུལ་པའི་སྐུ་

རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཤཱཀྱ་ཐུབ་པའི་སྐུ་རྣམས་བསྟན་ཀྱང་། སེམས་ཅན་རྣམས་ཀྱིས་སྤྲུལ་པ་དེ་དག་གི་འཁོར་ལོ་ལས་བྱུང་བར་མི་ཤེས་མོད་ཀྱི་འོན་ཀྱང་ཀུན་དུ་བཟང་པོའི་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་

དབྱིངས་མངོན་པར་ཆུད་པར་བྱེད་པ་རྣམས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ནས་བྱུང་བའི་བྱང་ཆུབ་སེམས་དཔའ་མེ་ཏོག་གི་གཞི་སྙིང་པོ་རྒྱན་གྱིས་འཇིག་རྟེན་གྱི་ཁམས་འདི་སངས་རྒྱས་ཀྱི་ཞིང་འདི་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པར་བྱེད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་མངོན་པར་སྒྲུབ་

เล่ม ๖๙ · หน้า 237a

པ་དང་། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སོགས་པ་ཡང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་རང་རང་གི་མཐུ་འབའ་ཞིག་མ་ཡིན་གྱི། ངའི་མཐུས་སངས་རྒྱས་ཀྱི་ཞིང་བརྒྱན་པར་བྱེད་པ་ལ་སོགས་པ་དེ་རྣམས་བྱེད་དོ་ཞེས་པ་སྟེ། དེ་ལྟ་བུར་མཛད་པ་ཡང་

ཤཱཀྱ་ཐུབ་པའི་སྐུ་ཉིད་མོད་ཀྱི་འདུལ་བའི་འགྲོ་བ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་དེ་དག་གིས་ནི་ཤཱཀྱ་ཐུབ་པའི་སྐུ་ཡང་རྫོགས་ལོངས་སྤྱོད་པའི་སྐུར་མཐོང་བར་འགྱུར་ཏེ། དེ་བས་ན་སྐབས་མཐའ་མ་འདི་ནི་རྫོགས་ལོངས་སྤྱོད་པའི་སྐུས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་དོན་

མཛད་པར་བསྟན་པར་ཤེས་པར་བྱའོ། །དེ་དག་གི་བསྡུས་པའི་དོན་དུ་ཚིག་གི་དོན་ལ་འོན་ཀྱང་ཞེས་པ་ནི། དེ་བཞིན་གཤེགས་པའི་སྤྲུལ་པས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བ་བསྟན་པ་དེ་ཤཱཀྱ་ཐུབ་པའི་སྐུ་འཇིག་རྟེན་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྤྲུལ་པར་མི་ཤེས་མོད་ཀྱི།

འོན་ཀྱང་ཤཱཀྱ་ཐུབ་པ་དེས་འོག་ནས་འབྱུང་བའི་དོན་དེ་རྣམས་ཀྱང་བྱས་སོ་ཞེས་པའོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་རྒྱ་མཚོའི་སྒོ་ནས་སྨོས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་འབྱུང་བའི་གནས་ལ་བྱ་སྟེ། འཇིག་རྟེན་གྱི་ཁམས་དེ་དག་མཐའ་ཡས་པར་ཤེས་ཤིང་བརྟག་པར་དཀའ་སྟེ།

རྒྱ་མཚོ་དང་འདྲ་བས་ན་རྒྱ་མཚོ་ཞེས་བྱའོ། །སྒོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་འཇིག་རྟེན་གྱི་ཁམས་འདི་དག་ནས་འབྱུང་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་སུ་མངོན་པར་བྱང་ཆུབ་པར་ནན་ཏན་བྱེད་པ་ཀུན་དུ་བཟང་པོའི་སྤྱོད་པ་ལས་བྱུང་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་བརྒྱན་པ་ལ་སོགས་པ་བྱེད་པའི་

བྱང་ཆུབ་སེམས་དཔའ་དེ་དག་གི་བྱེ་བྲག་སྟེ། ཆོས་ཀྱི་དབྱིངས་སུ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཡེ་ཤེས་ལ་བྱའོ། །མངོན་པར་རྫོགས་པར་བྱང་ཆུབ་པར་ནན་ཏན་བྱེད་ཅེས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་དེ་མངོན་པར་ཆུད་པར་བརྩོན་པ་ཞེས་པའོ། །ཀུན་དུ་བཟང་པོའི་བྱང་

ཆུབ་སེམས་དཔའི་སྤྱོད་པ་ལས་འབྱུང་བ་ཞེས་པ་ནི། ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་སྐྱེས་པའོ། །མེ་ཏོག་གཞིའི་སྙིང་པོ་རྒྱན་གྱི་འཇིག་རྟེན་གྱི་ཁམས་འདི་ཞེས་པ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ལ་བྱ་སྟེ། མེ་ཏོག་གི་གཞི་ཞེས་པ་ནི་འཇིག་རྟེན་གྱི་ཁམས་དེ་མེ་ཏོག་

เล่ม ๖๙ · หน้า 237b

གིས་བརྒྱན་པའོ། །སྙིང་པོ་ཞེས་པ་ནི་འབྱུང་བའི་གནས་སོ། །རྒྱན་ཞེས་པ་ནི་འཇིག་རྟེན་གྱི་ཁམས་མེ་ཏོག་གིས་བརྒྱན་པ་སྟེ། སེམས་ཅན་གང་བསོད་ནམས་སྤྱད་པ་རྣམས་ཀྱི་རྒྱུ་ལས་བྱུང་བས་ན། བསོད་ནམས་ཀྱི་འབྲས་བུ་འཇིག་རྟེན་གྱི་ཁམས་དེ་ལྟ་བུར་སྐྱེ་བར་འགྱུར་ཏེ། སེམས་

ཅན་དེ་དག་གི་རྒྱན་ཞེས་བྱའོ། །རིགས་ས་མུ་དྲ་སྙེད་ཅེས་པ་ནི། སངས་རྒྱས་ཀྱི་ཞིང་དེ་ཡང་འཇིག་རྟེན་གྱི་ཁམས་འབའ་ཞིག་ཅེས་བྱ་བ་དང་། ས་མུ་དྲ་ཞེས་བྱ་བ་དེ་སྙེད་དང་ལྡན་པའི་སངས་རྒྱས་ཀྱི་ཞེས་པའོ། །ངས་ཡོངས་སུ་ཟིན་པས་ཞེས་པ་ནི་རྫོགས་ལོངས་སྤྱོད་པའི་སྐུའི་མཐུས་ཞེས་པ་སྟེ།

སངས་རྒྱས་ཀྱི་ཞིང་རྣམས་ཡོངས་སུ་སྦྱོང་བ་ཞེས་པ་ལ་སོགས་པ་དང་སྦྱར་ཞེས་པའོ། །སོ་སོའི་བསམ་པ་རྣམ་པར་དག་པའི་སྒོ་ནས་སངས་རྒྱས་ཀྱི་ཞིང་ཞེས་ཡོངས་སུ་སྦྱོང་ངོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་བསམ་པ་རྣམ་པར་དག་པས་སྣ་ཚོགས་པའི་སྒོ་ནས་སངས་རྒྱས་ཀྱི་ཞིང་

ཡོངས་སུ་སྦྱོང་ངོ་ཞེས་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱི་མཐུས་སྦྱང་སྟེ་ངས་ཡོངས་སུ་ཟིན་པ་ཞེས་པ་དང་སྦྱར་རོ། །བྱང་ཆུབ་ཀྱི་དཀྱིལ་འཁོར་མངོན་པར་བསྒྲུབ་ཅེས་པ་ནི་བྱང་ཆུབ་ཀྱི་སྙིང་པོ་འོག་མིན་གནས་སུ་མངོན་པར་བྱང་ཆུབ་པའི་ས་དང་། མིའི་གནས་སུ་བྱང་ཆུབ་ཆེན་པོར་མངོན་

པར་བྱང་ཆུབ་པའི་གནས་དག་ལ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་སྟེ། དེ་དག་བྱང་ཆུབ་སེམས་དཔའ་འདི་རྣམས་ཡོངས་སུ་རྫོགས་པར་བྱེད་ཅེས་པའོ། །བྱང་ཆུབ་མངོན་པར་འཚང་རྒྱ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཡོངས་སུ་བྱང་བའི་བྱང་ཆུབ་ནམ་མཁའི་མཚན་ཉིད་ལྟ་བུའོ། །

མངོན་པར་ཆུད་པར་ཅི་བྱེད་ཅེས་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་ཞེས་པ་ནི་གཞུང་ལས་ཇི་སྐད་དུ་གྲགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །སངས་རྒྱས་ཀྱི་དོན་ལ་ཤིན་ཏུ་གནས་ཞེས་པ་ནི། སེམས་ཅན་ཡོངས་སུ་སྨིན་པ་དང་གྲོལ་བར་བྱེད་པའི་མཚན་ཉིད་སངས་རྒྱས་ཀྱི་བྱ་བར་བྱིན་གྱིས་

རློབས་ཞེས་པའོ། །དེ་ནས་གྱེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གནས་རབ་འདོད་པ་ཞེས་པ་ནི། དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་སོགས་བྱས་ནས་ཀུན་དུ་སངས་རྒྱས་པའི་གནས་སུ་འཕར་བར་བྱེད་པ་སྟེ། དེའི་ཚེ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་

เล่ม ๖๙ · หน้า 238a

ཆུད་པའི་མཚན་ཉིད་མངོན་དུ་ཆུད་དེ། དེ་ལྟར་མངོན་དུ་བྱེད་པ་ནི་སེམས་མེད་པ་ལ་སོགས་པ་འོག་ནས་འབྱུང་བ་རྣམས་ཀྱི་ཡོན་ཏན་ཐོབ་པར་འགྱུར་བ་སྟེ། དེ་ཡང་སེམས་ཚད་མེད་པ་ཞེས་པ་ནས། ཚད་མེད་པ་རབ་ཏུ་ཐོབ་བོ་ཞེས་པའི་བར་དུའོ། །དེ་ལ་སེམས་མེད་པ་ཞེས་

པ་ནི་སེམས་ལ་རྣམ་པར་རྟོག་པ་ལ་སོགས་པ་ཇི་བཞིན་པ་ཐམས་ཅད་དང་བྲལ་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུད་པའི་སེམས་བཞིན་དུ་གྱུར་པ་ན། ནམ་མཁའི་རང་བཞིན་ལྟ་བུར་གྱུར་ཏེ། སྟོང་པའི་མཚན་ཉིད་ཀྱིས་ཀྱང་མ་གོས་ཤིང་ཐམས་ཅད་དུ་མ་ཁྱབ་པ་ཡང་མེད་དེ་ཚད་གཟུང་དུ་མེད་

པའོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་གྱི་སེམས་དེས་ཐམས་ཅད་དུ་ཁྱབ་པར་འགྱུར་བས། དེ་བས་སེམས་ཚད་གཟུང་དུ་མེད་པ་ཞེས་བྱའོ། །ལུས་ཚད་མེད་པ་ཞེས་པ་ནི། དེ་ལྟར་སེམས་ཚད་མེད་པ་ཐོབ་པས། དེ་དག་གི་ལུས་ཀྱང་སེམས་ཇི་སྙེད་པ་དེ་ཉིད་ཀྱི་ལུས་ཁྱབ་པར་འགྱུར་ཏེ།

དེ་བས་ན་ལུས་ཚད་མེད་པའོ། །ལུས་ཚད་མེད་པས་ཡེ་ཤེས་ཚད་མེད་པ་ཞེས་པ་ནི་དེ་ལྟར་ལུས་ཚད་མེད་པར་འགྱུར་ན། ལུས་ཇི་སྙེད་དུ་འགྱུར་བ་དེ་དག་ཐམས་ཅད་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པ་དང་བཅས་པར་འགྱུར་ཏེ། ལུས་ཇི་སྙེད་པ་དེ་དག་གི་ཡེ་ཤེས་སུ་གྱུར་པས་ན་ཡེ་ཤེས་ཚད་མེད་པ་

ཞེས་བྱའོ། །ཡེ་ཤེས་ཚད་མེད་པས་སེམས་ཚད་མེད་པ་ཞེས་པ་ནི། སྐུ་དང་ཡེ་ཤེས་དེ་དག་ཀྱང་སེམས་ཅན་ཇི་སྙེད་པ་དེ་སྙེད་དུ་འབྱུང་སྟེ། དེ་དག་ཚད་མེད་པས་སེམས་ཅན་ཚད་མེད་པའོ། །སེམས་ཅན་ཚད་མེད་པས་ནམ་མཁའི་ཁམས་ཚད་མེད་པ་རབ་ཏུ་ཐོབ་བོ་ཞེས་པ་ནི་ནམ་མཁའི་ཁམས་

ཇི་སྙེད་པ་སེམས་ཅན་གྱི་ཁམས་ཀྱང་དེ་སྙེད་དེ་སེམས་ཅན་གྱི་ཁམས་ཚད་མེད་པར་ཆུད་ན། ནམ་མཁའི་ཁམས་ཀྱང་ཚད་མེད་པར་འགྱུར་བ་རབ་ཏུ་ཐོབ་པར་རིག་པར་བྱའོ། །དེ་ལྟར་གསང་བའི་བདག་པོ་སེམས་ཅན་ཚད་མེད་པས་ན་ཚད་མེད་པའི་གཞི་རབ་ཏུ་ཐོབ་བོ་ཞེས་པ་ནི། ནམ་སེམས་ཅན་

ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནམ་མཁའི་མཚན་ཉིད་ལྟ་བུར་གྱུར་པ་རབ་ཏུ་ཐོབ་ན། ལུས་དང་ཡེ་ཤེས་དང་སེམས་དང་ནམ་མཁའི་ཁམས་ཀྱང་དེ་བཞིན་དུ་གྱུར་པ་ཐོབ་བོ་ཞེས་པའོ། །ཐོབ་ནས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་པར་འགྱུར་ཏེ་ཞེས་པ་ནི་དེ་ལྟར་དེ་བཞིན་ཉིད་ཀྱི་ཡེ་ཤེས་མངོན་དུ་

เล่ม ๖๙ · หน้า 238b

བྱས་ནས། དེ་མ་ཐག་ཏུ་ཀུན་དུ་སངས་རྒྱས་པ་ཕུང་པོ་ལྷག་མ་དང་བཅས་པ་མྱ་ངན་ལས་འདས་པའི་རང་བཞིན་གནས་ཐོབ་པར་འགྱུར་རོ་ཞེས་པའོ། །སྟོབས་བཅུའི་སྟོབས་དང་ལྡན་པར་བདུད་བཞི་རབ་ཏུ་འདུལ་བ་ཞེས་པ་ནི། ཀུན་དུ་སངས་རྒྱས་པའི་དེ་བཞིན་ཉིད་ཀྱི་བྱེ་བྲག་སྟེ། གཞུང་ལས་ཇི་སྐད་

གྲགས་པའོ། །ཆོས་ཀྱི་སེང་གེའི་སྒྲ་སྒྲོགས་པ། །ཞེས་པ་ནི་ཇི་ལྟར་སེང་གེའི་སྒྲས་བྱོལ་སོང་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་བ་བཞིན་དུ་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པ་དེ་ཡང་། འདུས་བྱས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་ཆོས་ཀྱི་སྒྲ་སྒྲོགས་པས་རྟག་

པ་དང་བདེ་བ་ལ་སོགས་པར་ལྟ་བའི་མུར་འདུག་པ་རྣམས་ཟིལ་གྱིས་གནོན་པར་འགྱུར་བའོ། །འདི་དག་ཐམས་ཅད་དཔའ་བོ་དག་གིས། དམ་པའི་གནས་སུ་འཚང་ཡང་རྒྱ། །ཞེས་པ་ནི་གོང་དུ་སྨོས་པའི་ཡོན་ཏན་ཐམས་ཅད་བྱང་ཆུབ་སེམས་དཔའ་དཔའ་བོ་དེ་རྣམས་ཀྱིས་ཐོབ་ནས་ཀུན་དུ་སངས་

རྒྱས་པའི་གནས་དམ་པ་དེར་འཚང་རྒྱ་ཞེས་པའོ། །སྒོ་བཞི་འདི་རུ་བཟླས་པ་སྟེ། དེ་ཡང་ཀུན་དུ་སངས་རྒྱས་ཀྱིས་གསུངས་པའི་སྙིང་པོ་ལའོ། །དེ་ལྟར་ཀུན་དུ་འཚང་རྒྱ་བའི་གནས་དམ་པ་དེར་འཚང་རྒྱ་བ་ཡང་ཀུན་དུ་སངས་རྒྱས་པའི་སྙིང་པོ་ཡི་གེ་བརྒྱ་པ་དེ་བཟླས་ཤིང་བསྒོམས་ནས་ཐོབ་པར་འགྱུར་

ཞེས་པའོ། །ཡི་གེ་བརྒྱ་པའི་འབྲས་བུའི་སྦྱོར་བ་རྣམ་གསུམ་གྱི་བྱེ་བྲག་གིས་བསྟན་པ་ཡང་རིམ་གྱིས་འཕར་བའི་ཚུལ་དུ་ཤེས་པར་བྱ་སྟེ། ས་བཅུ་གཅིག་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཞེས་བྱ་བ་དེ་དག་ས་བཅུ་གཉིས་ལ་གནས་པ་ལས་བཅོམ་ལྡན་འདས་ཀྱི་འོད་ཀྱིས་བསྐུལ་ཏེ། དམ་

ཚིག་གསུམ་གྱི་གནས་ལ་ཞུགས་པ་ནས་ས་བཅུ་དེ་ལས་འཕར་ཏེ། ཡེ་ཤེས་ཆེན་པོ་མངོན་པར་ཤེས་པ་དབང་བསྐུར་བ་དང་ལྡན་པའི་ས་ལ་གནས་པར་ཤེས་པར་བྱའོ། །དེ་ནས་ཀུན་དུ་སངས་རྒྱས་གཟུགས་ཀྱི་གཟུགས་སུ་གྱུར་ཅིང་། སངས་རྒྱས་ཀྱི་བྱ་བ་བསྟན་པ་དང་དེ་བཞིན་གཤེགས་

པའི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པས་སྤྱིར་སངས་རྒྱས་ཀྱི་བྱ་བ་བསྟན་པ་ན་བྱང་ཆུབ་སེམས་དཔའ་དེ་དག་ཀུན་དུ་བཟང་པོའི་ས་ལ་གནས་པར་ཤེས་པར་བྱའོ། །ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་བྱུང་ཞིང་རྫོགས་ལོངས་སྤྱོད་པའི་སྐུས་བཏང་སྟེ། སངས་རྒྱས་ཀྱི་ཞིང་

เล่ม ๖๙ · หน้า 239a

སྤྱོད་པས་ན། ཀུན་དུ་སངས་རྒྱས་པའི་ས་མ་ཐོབ་ཀྱི་བར་དུ་ཀུན་དུ་བཟང་པོའི་ས་ལས་ནི་འཕར། ཀུན་དུ་སངས་རྒྱས་པའི་ས་ལ་ནི་འཇུག་པའི་སྟེགས་བུ་ལྟ་བུའི་ས་ལ་གནས་པར་ཤེས་པར་བྱའོ། །སྤྱིར་གདུལ་བའི་འགྲོ་བ་ཆུད་པའི་གཙོ་བོར་གྱུར་པ་ཡོངས་སུ་དག་པ་དང་།

གཞུང་གི་ཆོས་ལ་བསྟན་པ་ཡོངས་སུ་མ་དག་པ་རྣམ་པ་གཉིས་ཏེ། དེ་ལ་ཡི་གེ་བརྒྱ་པའི་འབྲས་བུ་སྦྱོར་བ་བསྟན་པའི་ལེའུ་ནི་ཡོངས་སུ་དག་པའི་གདུལ་བྱའི་འགྲོ་བ་རྣམས་ཀྱི་དོན་མཛད་པ་བསྟན་པའོ། །ལེའུ་འདིར་ནི་ཡོངས་སུ་མ་དག་པའི་འགྲོ་བ་རྣམས་ཀྱི་དོན་མཛད་པ་སྟེ། གང་གི་ཕྱིར་

བཅོམ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུའི་ཡོན་ཏན་རྣམས་ཀུན་དུ་སངས་རྒྱས་པའི་སྙིང་པོ་ཡི་གེ་བརྒྱ་པའི་མཚན་ཉིད་ཨཾ་ཞེས་པའི་གཟུགས་སུ་བྱིན་གྱིས་བརླབས་པ་དེ་འོག་ནས་འབྱུང་བའི་རིམ་གྱིས་བསྒྲུབ་པ་པོས་རང་གི་སྙིང་གར་བསམས་ཏེ། ཀུན་དུ་སངས་རྒྱས་པའི་སྐུར་བསྒྲུབ་པའི་ཕྱིར་

རོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱི་སྔགས་ཀྱི་མགོན་པོ་འདི་སྔགས་རྣམས་ཀྱི་འབྱུང་བ་དེ་ངོ་མཚར་ཆེའོ་ཞེས་པ་ནི་ཡི་གེ་བརྒྱ་པའི་རང་བཞིན་གོང་དུ་བཤད་པ་དེ་ཡོན་ཏན་དང་མཐུ་ཆེ་

བས་ངོ་མཚར་ཆེ་ཞེས་པའོ། །སྔགས་ཀྱི་མགོན་པོ་ཞེས་པ་དང་། སྔགས་རྣམས་འབྱུང་ཞེས་པ་ཡང་། སྙིང་པོ་དེ་དག་གི་བྱེ་བྲག་སྔར་བཤད་པ་བཞིན་ནོ། །གང་གིས་ཇི་ལྟར་རིག་པར་བགྱི། །ཐུབ་པ་ཆེན་པོ་གནས་ན་གང་། །ཞེས་པ་ནི་ཡི་གེ་བརྒྱ་པའི་སྔགས་བསྒྲུབ་པའི་ལེའུ་ཞེས་པ་སྟེ།

གང་གིས་ཞེས་པ་ནི་བསྒྲུབ་ཅིང་འདྲ་བས་ཤེས་པར་བགྱི་ཞེས་པ་སྟེ། ཐེག་ཆེན་དུ་ནི་དབང་བསྐུར་ཞེས་པ་ལ་སོགས་པ་བསྒྲུབ་པའི་མཚན་ཉིད་འོག་ནས་བཤད་པ་དང་སྦྱར་རོ། །ཇི་ལྟར་ཞེས་པ་ནི་སྙིང་པོ་ཅི་འདྲ་བར་རིག་པར་བགྱི་ཞེས་པ་ནི་སྟེ། གསེར་གྱི་ཁ་དོག་འབར་བ་དང་བཅས་པར་ཤེས་པ་

ལ་སོགས་པ་འོག་ནས་འཆད་པ་དང་སྦྱར་རོ། །ཐུབ་པ་ཆེན་པོ་གནས་ནི་གང་། །ཞེས་པ་ནི་སྙིང་པོ་དེ་གནས་གང་དུ་བཞག་པར་བགྱི་ཞེས་པ་སྟེ་དེའི་གནས་ནི་སྙིང་པོ་ཞེས་པ་སྟེ་ཞེས་པ་དང་སྦྱར་རོ། །སྔགས་རྣམས་དེ་ལས་འབྱུང་བ་ཡང་། །ཇི་ལྟར་གང་གིས་བདག་ལ་གསུངས། །ཞེས་པ་ནི་

เล่ม ๖๙ · หน้า 239b

བདག་ཀུན་དུ་བསྒྲུབས་པའི་ལེའུ་དྲིས་པ་སྟེ། སྙིང་པོ་ཡི་གེ་བརྒྱ་པ་དེ་ལས་སྔགས་ཕལ་རྣམས་འབྱུང་བ་ཐབས་ཇི་ལྟར་འབྱུང་རྒྱུ་གང་གིས་འབྱུང་ཞེས་པ་སྟེ། འོད་རྣམས་ཡན་ལག་ལས་འབྱུང་བ་ཞེས་པ་ལ་སོགས་པ་བདག་བསྒྲུབ་པའི་ལས་འཆད་པ་དང་སྦྱར་རོ། །བདག་ལ་དེ་ཀུན་མགོན་གྱིས་སུ། །

དམ་པའི་གསུང་གིས་བཀའ་སྩོལ་ཅིག །ཅེས་པ་ནི་གོང་དུ་ཞུས་པ་དེ་རྣམས་བཀའ་སྩོལ་ཞེས་པའོ། །དམ་པའི་གསུང་ཞེས་པ་ནི་སྟོང་པའི་ཚིག་སྟེ། སྨྲ་བ་རྣམས་ཀྱི་ནང་ན་དམ་པ་ཞེས་པའོ། །དེ་སྐད་གསོལ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའི་གོང་དུ་ཞུས་པ་དེ་རྣམས་སླར་

འཆད་པ་སྟེ། ཆོས་ཕྱུག་ཆེན་པོ་ཐུབ་པ་ཡིས། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་བྱེ་བྲག་སྟེ་ཆུད་པ་དང་གཞུང་གི་ཆོས་ལ་དབང་དུ་གྱུར་པ་ལུས་དང་ངག་ཡིད་གསུམ་ཐུབ་ཅེས་པའོ། །ཀུན་དུ་ཁྱབ་པར་བསྒྲགས་པ་ནི། །ཐམས་ཅད་འཇིག་རྟེན་ཁམས་གསུམ་སྟེ། །ཐམས་ཅད་མཁྱེན་

གྱིས་ཚིག་གསུངས་པ། །སྣང་མཛད་བཅོམ་ལྡན་འདས་ཀྱིས་སོ། །ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཐམས་ཅད་མཁྱེན་པའི་ཚིག་གསུངས་པ་དེས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཅེས་པ་སྟེ། ཚིག་དེ་ཡང་དགེའོ། །དགེའོ་སེམས་དཔའ་ཞེས་པ་ལ་སོགས་

པའོ། །གསང་བ་ཞེས་པ་ནི་སེམས་ལས་བྱུང་བའི་མཚན་ཉིད་ཤིན་ཏུ་ཕྲ་བ་ཞེས་པའོ། །ཤིན་ཏུ་ངོ་མཚར་ཞེས་པ་ནི། སེམས་ཀྱིས་ཡི་གེ་འབྲུ་བསམས་པ་ལས་ཀུན་དུ་སངས་རྒྱས་པའི་སྐུ་ལ་སོགས་པར་གྱུར་པས་ངོ་མཚར་ཆེ་ཞེས་པའོ། །སངས་རྒྱས་རྣམས་ཀྱི་གསང་མཆོག་ཅེས་པ་ནི་

སྙིང་པོ་དེའི་དོན་དང་། ཀུན་རྫོབ་ཀྱི་རང་བཞིན་རྟོག་པ་ཅན་གྱི་སེམས་ཅན་རྣམས་ཀྱི་རྗེས་སུ་དཔག་པ་ལ་སོགས་པའི་སྒོ་ནས་བརྟག་པ་མི་རྟོག་པས། སངས་རྒྱས་རྣམས་ཀྱིས་གསང་བའི་མཆོག །ཅེས་པ་སྟེ་དེ་བས་ན་གསུངས་པའི་རྟོག་པ་ཀུན་གྱིས་མི་རྟོག་པས་ཞེས་པའོ། །སུ་ཞིག་ཐེག་ཆེན་

དབང་བསྐུར་བ། །ཞེས་པ་ནས། མཐུ་ཆེན་གྱི་ནི་སྙིང་པོའོ། །ཞེས་པའི་བར་དུ་གང་གིས་རིག་པར་བགྱི་ཞེས་པ་ཞུས་པ་འཆད་པ་སྟེ། སྤྱིའི་དོན་དུ་ཐེག་པ་ཆེན་པོའི་དཀྱིལ་འཁོར་སྙིང་རྗེ་ཆེན་པོ་འབྱུང་ཞེས་བྱ་བ་དེར་དབང་བསྐུར་བའི་བསྒྲུབ་པ་ཞི་གནས་དང་ལྷག་མཐོང་དུ་ལྡན་པས་སྙིང་པོ་འདི་ཤེས་

เล่ม ๖๙ · หน้า 240a

པར་འགྱུར་ཞེས་པ་སྟེ། སུ་ཞིག་ཐེག་ཆེན་དབང་བསྐུར་བ། དཀྱིལ་འཁོར་སྙིང་རྗེ་ཆེན་པོ་འབྱུང་བ་དེར་ཞུགས་པ་ནི། བསྒྲུབ་པ་གང་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དེས་སྙིང་པོ་འདི་ཤེས་པར་འགྱུར་ཞེས་པ་སྟེ། ཐེག་པ་ཞེས་པ་ནི་འགྲོ་བའི་ཚིག་

སྟེ། རང་བཞིན་གྱི་དཀྱིལ་འཁོར་སྐུ་མི་ཟད་པའི་མཚན་ཉིད་དེར་འགྲོ་བར་བྱ་བའམ། གཟུགས་བརྙན་གྱི་དཀྱིལ་འཁོར་འདིའི་སྒོ་ནས་དེར་འགྲོ་བར་འགྱུར་བ་སྟེ། སྙིང་རྗེ་འབྱུང་བའི་དཀྱིལ་འཁོར་འདི་ལ་བྱའོ། །ཆེན་པོ་ཞེས་པའི་ཚིག་ནི་སྤྱིར་གསུངས་མོད་ཀྱི། འོན་ཀྱང་སྐབས་འདིར་ནི་ལུས་

ཀྱི་དཀྱིལ་འཁོར་དང་ངག་གི་དཀྱིལ་འཁོར་གཉིས་ཀུན་རྫོབ་ཀྱི་མཚན་ཉིད་པས་ཆེན་པོ་ཞེས་མི་བྱ་བའི་སེམས་ཀྱི་དཀྱིལ་འཁོར་དེ་དོན་དམ་པའི་རང་བཞིན་པས་དེ་ལ་ཆེན་པོ་ཞེས་བྱ་སྟེ། མདོར་ན་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞེས་པ་སྟེ། གསང་བའི་དཀྱིལ་འཁོར་དེར་དབང་བསྐུར་

ན་སྔར་བཤད་པའི་ཚུལ་གྱིས་དམ་ཚིག་ལྔ་ཆར་དང་ལྡན་ཞིང་དབང་གསུམ་ཆར་དང་ལྡན་པར་འགྱུར་ཏེ། དེ་ལྟར་དཀྱིལ་འཁོར་གསུམ་ཆར་ལ་རིམ་བཞིན་དུ་བསླབ་པའི་བསྒྲུབ་པ་དེ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དྲང་ཞིང་མཉེན་པ་སུ་ཡིན་དང་། བསྒྲུབ་པ་དེ་གསང་བའི་དཀྱིལ་

འཁོར་དུ་དབང་བསྐུར་བ་འབའ་ཞིག་ཏུ་ཆོག་པ་མ་ཡིན་གྱི། སྐབས་འདིར་ནི་བསྒྲུབ་པ་གོང་མ་དག་ལྟར་བཟླས་པ་ལས་བྱུང་བའི་སྒྲུབ་པ་པོའི་སྤྱོད་ཡུལ་དེ་དྲང་ཞིང་ཞེས་པ་ནི། སེམས་ལ་སྒྱུ་དང་གྱ་གྱུ་མེད་པ་ཞེས་པའོ། །མཉེན་པ་ཞེས་པ་ནི་ཁེངས་པ་དང་ཞེ་སྡང་མེད་པ་ཞེས་པ་སྟེ། གང་དྲང་

ཞིང་མཉེན་པ་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པ་སྟེ། ཞི་གནས་དང་ལྡན་པར་བསྟན་པའོ། །སྙིང་རྗེ་རྟག་ཏུ་ལྡན་པ་སུ་ཞིག་བྱང་ཆུབ་དམིགས་པ་རུ་ནམ་ཀྱང་མི་ལྟ་ཞེས་པ་སྟེ། ཤེས་རབ་མེད་པར་ཞི་གནས་འབའ་ཞིག་ཏུ་འབྱུང་ན་ཡང་མི་དམིགས་པར་འགྱུར་ཏེ། ལྷག་མཐོང་དང་ལྡན་པར་

གསུངས་པ་སྟེ། སྙིང་རྗེ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱེད་ཅིང་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་དངོས་པོར་དམིགས་པར་མི་ལྟ་ཞིང་། སྟོང་པ་ཉིད་ན་ལྷག་མཐོང་དང་ལྡན་པ་སྟེ། དེ་ལྟར་ལྷག་མཐོང་དང་ཞི་གནས་སུ་ལྡན་པ་དེ་དག་གིས་སྙིང་པོ་མཐུ་

เล่ม ๖๙ · หน้า 240b

ཆེན་པོ་འདི་ཤེས་པར་འགྱུར་རོ་ཞེས་པའོ། །གནས་ནི་དེའི་སྙིང་པོ་ལ་སྟེ་ཞེས་པ་ནས། སྔགས་ཀྱི་མགོན་པོ་མཐུ་ཆེན་པོ། །ཞེས་པའི་བར། ཐུབ་པ་ཆེན་པོ་གནས་ནི་གང་། །ཞེས་ཞུས་པ་ལས་དེ་བཤད་པ་སྟེ། སྒྲུབ་པ་པོ་དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མངོན་

དུ་བསམས་ཏེ་ཕྱག་འཚལ་ནས། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་དང་། དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ལ་སོགས་པ་རིམ་པ་བཞིན་དུ་བྱ་སྟེ། རང་གི་སྙིང་གར་པདྨོ་དཀར་པོ་འདབ་མ་བརྒྱད་པ་བསམས་ལ། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་མེ་ལོང་ལྟ་བུར་གསལ་བར་

བསམས་ཏེ། དེའི་དབུས་སུ་བཅོམ་ལྡན་འདས་ཡི་གེ་བརྒྱ་པ་ཨཾ་ཞེས་པ་བསམས་ཏེ། དེ་ཡང་མེ་ལོང་གི་གཟུགས་བརྙན་སྣང་བ་བཞིན་དུ་དེ་ཉིད་དུ་ཞི་བར་བལྟ་སྟེ། དེའི་གནས་བཤད་པའི་བསྡུས་པའི་དོན་ཏོ། །ཚིག་གི་དོན་ལ་གནས་ཉིད་དེའི་སྙིང་ལ་མེད་དེ། མགོན་པོ་གང་དུ་

བཞུགས་པའོ། །ཞེས་པ་ནི་མགོན་པོ་དེའི་གནས་སྒྲུབ་པོའི་སྙིང་གར་བྱའོ་ཞེས་པའོ། །ཡིད་ལས་བྱུང་བ་འདབ་མ་བརྒྱད། །པདྨོ་ཤིན་ཏུ་བཟང་མོ་ལ། །ཞེས་པ་ནི་མགོན་པོ་དེའི་སྙིང་གར་ཞེས་བྱ་བ་དེ་ཡང་ཡིད་ཀྱིས་བསམས་པའི་པདྨོ་འདབ་མ་བརྒྱད་ཤིན་ཏུ་གསལ་ཞིང་དཀར་བ་སྙིང་གར་

བསམས་ལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམས་ཏེ་དེའི་དབུས་སུ་མགོན་པོ་དེ་བསམས་ཞེས་པ་སྟེ། དེ་བས་ན་གསུངས་པའི་དཀྱིལ་འཁོར་ཟླ་བ་དང་འདྲ་བ་ཞེས་པའོ། །དྲི་མ་མེད་པ་མེ་ལོང་དང་འདྲ་ཞེས་པ་ནི་ཟླ་བ་ཡང་དཀར་མོད་ཀྱི། དྲི་མ་རབ་རིབ་ཡོད་ཅིང་མི་སྣང་བས་དེ་ཉིད་

གསལ་བར་བསམ་པར་བྱ་བའི་ཕྱིར་རོ། །མེ་ལོང་ལྟར་ཤིན་ཏུ་དྲི་མ་མེད་ཅིང་གཟུགས་བརྙན་སྣང་བ་སྙིང་པོ་དེ་བསམ་ཞེས་པའོ། །དེ་ལ་རྟག་ཏུ་གནས་པ་ནི། །ཞེས་པ་ནི་མེ་ལོང་ལ་སྙིང་པོ་རྟག་པར་གནས་པ་དེ་ཞུགས་པར་བྱའོ་ཞེས་པ་སྟེ། རྟག་པར་གནས་ཞེས་པའི་དོན་དམ་པའི་རང་

བཞིན་དང་། ཀུན་རྫོབ་ཀྱི་སྐུའི་རང་བཞིན་ལས་སྟོང་པ་སྟེ། དོན་དམ་པའི་རང་བཞིན་དེ་བཞིན་ཉིད་ཀྱི་ཡེ་ཤེས་དེ་མི་འགྱུར་བ་ཡོངས་སུ་རྫོགས་པའི་ཚུལ་གྱིས་རྟག་པར་གནས་པ་ཞེས་བྱའོ། །ཀུན་རྫོབ་ཏུ་སྐུའི་ཚུལ་དུ་ཡང་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྒྱན་དེ་སྔོན་གྱི་ཤུགས་ཀྱིས་འཁོར་

เล่ม ๖๙ · หน้า 241a

བའི་མཐའ་ཇི་ཙམ་པ་དེ་སྲིད་དུ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཕྱིན་ཅི་མ་ལོག་པ་ཡོངས་སུ་རྫོགས་པའི་ཚུལ་གྱིས་རྟག་པར་བཞུགས་པའོ། །ཡང་ན་སྒྲུབ་པོ་ཇི་ཙམ་དུ་ཏིང་ངེ་འཛིན་དུ་གནས་པ་དེ་ཙམ་དུ་སྙིང་པོ་དེ་ཡང་མི་གཡོ་བར་རྟག་པར་གནས་པ་ལ་ཡང་བྱའོ། །

སྔགས་ཀྱི་མགོན་ཆེན་ཞེས་པ་ནི་སྔ་མ་བཞིན་དུ་ཁ་དོག་གསེར་འདྲ་བར་འབར་བཅས་དྲི་མེད་ཏིང་འཛིན་གནས་པ་སྟེ། ཉི་མ་བཞིན་དུ་བལྟར་མི་བཟོད། །ཅེས་པ་ནི་ཇི་ལྟར་རིག་པར་བགྱི་ཞེས་བཤད་པ་སྟེ། ཁ་དོག་གསེར་འདྲ་བར་བཅས་ཞེས་པ་ནི་སྙིང་པོ་ཁ་དོག་གསེར་འདྲ་བ་ལ་འོད་འཕྲོ་བ་དང་

བཅས་ཞེས་པའོ། །དྲི་མེད་ཅེས་པ་ནི་འབྲས་བུའི་རང་བཞིན་ལས་སྟོང་པ་སྟེ། ཤེས་བྱ་དང་ཉོན་མོངས་པ་ལ་སོགས་པ་སྒྲིབ་པའི་རྟོག་པ་དང་བྲལ་ཞེས་པའོ། །ཏིང་ངེ་འཛིན་གནས་ཞེས་པ་ནི་ཡི་གེའི་འབྲུ་ལ་ཏིང་ངེ་འཛིན་གྱི་དབྱི་བས་མི་སྲིད་དེ། དེ་བས་ན་སྒྲུབ་པོ་ཏིང་ངེ་འཛིན་དུ་འདུག་

པ་ལ་སྙིང་པོ་དེ་གནས་ཞེས་བྱའོ། །ཉི་མ་བཞིན་དུ་བལྟར་མི་བཟོད། །ཅེས་པ་ནི་གཟི་བརྗིད་དང་ལྡན་པར་བསམ་པར་གསུངས་པ་སྟེ། ཇི་ལྟར་ཉི་མའི་འོད་ཟེར་གྱིས་བསྐོར་ལ། མིག་མི་ཆགས་ཤིང་བལྟར་མི་བཟོད་པ་བཞིན་དུ་སྙིང་པོ་འདི་ཡང་རང་གི་འོད་འཕྲོ་བ་འཁོར་ཞིང་བལྟ་དཀའ་

བར་བསམ་ཞེས་པ་སྟེ། དོན་མདོར་ན་སྙིང་གར་མེ་ལོང་གི་དཀྱིལ་འཁོར་བསམས་པ་དེའི་དབུས་སུ་སྙིང་པོ་ཁ་དོག་གསེར་འདྲ་བ་དང་བཅས་པར་བསམས་པ་སྟེ་འོད་འཕྲོ་བས་སྒྲུབ་པོའི་ལུས་ཁྱབ་པར་བསམས་ཏེ། འོད་འཕྲོ་བ་དེ་ཉིད་འདུས་པ་ལས་རང་གི་ལུས་ཤེལ་བཞིན་དུ་སངས་རྒྱས་

པའི་སྐུར་གྱུར་པར་བསམས་ཏེ། དེ་ལྟར་གྱུར་ན་ཡང་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྙིང་པོ་ཡང་སྔ་མ་བཞིན་དུ་སྙིང་ག་ན་གནས་པར་བསམ་ཞེས་པའོ། །དེ་བས་ན་གསུངས་པ། དེ་ཡིས་འགྲོ་བ་འདི་ཀུན་ནི། །བྱིན་གྱིས་སུ་ནི་ཁྱབ་པར་བརླབས། །ཕྱི་དང་ནང་དུ་འཇུག་པ་རུ། །ཞེས་

པ་སྟེ་འགྲོ་བ་འདི་ཀུན་ཞེས་པ་ནི་བསྒྲུབ་པའི་ཕུང་པོ་ལྔ་པོ་དེ་ཀུན་སྙིང་པོ་འདིས་ཀུན་ཁྱབ་པར་བྱིན་གྱིས་བརླབས་ཞེས་པའོ། །དེ་ལ་ཕྱི་རོལ་གྱི་བྱིན་གྱིས་བརླབས་པས་ནི་ཕྱིའི་ལུས་ཀུན་དུ་སངས་རྒྱས་པའི་སྐུར་གྱུར་པའོ། །ནང་གི་བྱིན་གྱིས་བརླབས་པས་ནི་སྙིང་ག་ན་ཟླ་བའི་དཀྱིལ་འཁོར་ལ་

เล่ม ๖๙ · หน้า 241b

གནས་པའོ། །ཡང་ན་འགྲོ་བ་འདི་ཀུན་ཞེས་པ་ནི་འཕགས་པ་འཇམ་དཔལ་དང་། སྤྱན་རས་གཟིགས་ཀྱི་དབང་པོ་ལ་སོགས་པ་སྔགས་ཀྱི་ལྷ་རྣམས་ལ་བྱ་སྟེ་དེ་དག་ཐབས་འདིས་ཁྱབ་པ་སྟེ། དེ་དག་གི་གཟུགས་སྤྱིའི་གཟུགས་སུ་བསྒྱུར་བ་དང་། ནང་གི་ཡི་གེ་ཨ་ལ་སོགས་པ་ཟླ་བའི་

དཀྱིལ་འཁོར་ལ་བསམ་པར་བྱ་བ་ཡང་། སྙིང་པོ་འདིས་བྱིན་གྱིས་བརླབས་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་རང་གི་ལུས་ཀུན་དུ་སངས་རྒྱས་པའི་སྐུར་བསྒྱུར་བ་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་སྙིང་པོ་བསམ་པ་བཅས་པ་བསྒོམས་ན་ཀུན་དུ་སངས་རྒྱས་པའི་སྐུ་དང་ལྡན་པའི་རིག་པ་འཛིན་

པར་འགྱུར་རོ། །དེ་ལྟར་གྱུར་ནས་ལུས་མཐོང་བ་དང་དེས་སྨྲས་པ་དང་བསམས་པའི་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཇི་ལྟར་བསམས་པའི་དོན་རྣམས་འགྲུབ་པར་འགྱུར་རོ་ཞེས་འོག་ནས་འབྱུང་བ་དང་སྦྱར་རོ། །མེ་ལོང་ཉིད་དུ་བྱོས་ཞེས་པ་ནས། རང་གི་ལུས་ཀྱིས་བཟང་པོ་སྟེ། །ཞེས་

པའི་བར་དུ་སྙིང་གར་ཟླ་བའི་དཀྱིལ་འཁོར་དང་མེ་ལོང་ཉིད་དུ་ཤེས་པར་བྱའོ་ཞེས་པ་ནས་ཡི་གེ་བསམས་པ་ཡང་དེ་ལས་ཀུན་དུ་སངས་རྒྱས་པའི་སྐུར་བསྒྱུར་བར་བྱ་བའི་ཐབས་བསྟན་པ་སྟེ་མེ་ལོང་ཉིད་དུ་ཤེས་པར་བྱོས་ཞེས་པ་ནི་སྙིང་གར་མེ་ལོང་བསམ་པ་དེ་མེ་ལོང་གི་དངོས་པོ་གཞན་མ་

ཡིན་གྱི། ཇི་བཞིན་པ་དང་བཅས་པ་སེམས་ནི་ཡིད་ཅེས་བྱ་སྟེ། ཡིད་དེ་ཉིད་ཀྱི་མེ་ལོང་གི་དཀྱིལ་འཁོར་ཇི་བཞིན་པར་འགྱུར་བར་ཤེས་པར་བྱོས་ཤིག་ཅེས་པའོ། །ཤེས་རབ་ཀྱང་དེ་དག་ཉིད་ཀྱི་དེ་ཞེས་པ་ནི། ཡིད་མེ་ལོང་གི་དཀྱིལ་འཁོར་དུ་གྱུར་པའི་སྐད་ཅིག་ཕྱི་མ་ལ་གསལ་བར་རྟོག་

ཅིང་ཡོངས་སུ་མཆོད་པའི་ངང་ཚུལ་གྱི་སེམས་འབྱུང་བ་ནི་ཤེས་རབ་ཅེས་བྱ་སྟེ། ཤེས་རབ་དེ་སྙིང་པོ་ལ་རྟོགས་པས་ན་ཡིད་ཅེས་བྱའོ། །སྔགས་མཁན་ཤེས་རབ་མིག་གིས་ནི། །མེ་ལོང་ལ་ནི་བལྟས་ནས་སུ། །རང་གི་གཟུགས་སུ་རབ་ཞི་བ། །སངས་རྒྱས་མཚན་ཉིད་དེ་ལྟར་ཏེ། །ཞེས་

པ་སྐད་ཅིག་མ་ཕྱི་མའི་ཤེས་རབ་ཀྱིས་སྙིང་པོ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ལ་རྩེ་གཅིག་ཏུ་རྟོགས་པའི་ཚེ་གོང་དུ་བཤད་པའི་ཚུལ་དུ་སྙིང་པོ་དེའི་འོད་འཕྲོས་འདུས་པ་ལས་རང་གི་གཟུགས་ཀུན་དུ་སངས་རྒྱས་པའི་སྐུའི་མཚན་ཉིད་དུ་གྱུར་པར་མཐོང་བ་ཞེས་པའོ། །དེ་བས་ན་གསུངས་

เล่ม ๖๙ · หน้า 242a

པ་ལུས་ལ་ལུས་ཀྱི་གཟུགས་སུ་ཞེས་པ་སྟེ་བདག་གི་ལུས་ལ་བཅོམ་ལྡན་འདས་ཀྱི་སྐུའི་གཟུགས་སུ་བྱའོ་ཞེས་པ་སྟེ་དེའི་ཕྱི་རོལ་གྱི་ལུས་སངས་རྒྱས་ཀྱི་སྐུར་བསམ་པའི་ཐབས་སོ། །ཡིད་ལས་བྱུང་ངོ་ཞེས་པ་ནི་བདག་གི་ཡིད་ལས་བྱུང་བའི་མེ་ལོང་གི་དཀྱིལ་འཁོར་སྙིང་

པོ་དང་བཅས་པ་བསམ་ཞེས་པ་སྟེ། དེ་ནི་ཕྱི་རོལ་ལས་སངས་རྒྱས་ཀྱི་སྐུར་བསྒྱུར་བའི་ཚེ་ནང་དུ་ཡང་སྙིང་པོ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་བསམ་ཞེས་པའོ། །དེ་ན་དག་པ་འབྱུང་བ་ནི་རང་གི་བཟང་པོ་སྟེ་ཞེས་པ་ནི་ཕྱི་དང་ནང་གཉིས་ཀ་དེ་ལྟར་བསྒོམས་ན་ཕྱིའི་ལུས་ཀུན་སངས་རྒྱས་

པའི་སྐུར་མཛེས་པར་དག་པར་འགྱུར་བ་དང་། ནང་གི་ཡིད་ལ་ཡང་སྙིང་པོ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་གསལ་ཞིང་དག་པའི་ཕྱིར་སྐུར་བསམ་པའི་བདག་གི་ལུས་དང་ནང་གི་སྙིང་པོར་བསམ་པའི་བདག་གི་ལས་བྱས་པ་ལས་དག་པ་དེ་དག་ཀྱང་འབྱུང་ཞེས་པའོ། །དག་པ་

ཞེས་པ་ཡང་སྐབས་འདིར་ཡེ་ཤེས་ལ་སོགས་པ་དག་པའི་མཚན་ཉིད་ལ་མི་བྱའི། ཕྱི་དང་ནང་གི་གཟུགས་དེ་དག་གསལ་བའི་སྒོ་ནས་དག་པའོ། །རང་གི་ལས་ཤེས་པ་དེ་ཡང་ཚེ་རབས་སྔ་མའི་དགེ་བ་ལ་སོགས་པ་ལ་མི་བྱའི། ཕྱི་དང་ནང་གི་གཟུགས་འདི་ལྟར་བསྐྱེད་པའི་སྦྱོར་

བའི་ལས་ལ་བྱའོ། །དེ་ནས་དེའི་ཚེ་འོད་ཀྱང་ནི། །ཡི་གེ་ཀུན་དུ་འབར་འགྱུར་བ། །གཅིག་གིས་སྔགས་པར་བྱེད་པ་ནི། །ཀུན་ཀྱང་སངས་རྒྱས་སྤྱོད་པའོ། །ཞེས་པ་ནི་སྒྲུབ་པ་པོ་ཀུན་དུ་སངས་རྒྱས་པའི་སྐུར་གྱུར་པ་དེའི་ཚེ་དེ་ལ་འོད་འཕྲོ་བ་བྱུང་བ་རྣམས་ཀྱི་མཐུས་སྔགས་པ་དེ་ཀུན་

སངས་རྒྱས་པའི་སྤྱོད་པ་སྣ་ཚོགས་བྱེད་ནུས་པར་འགྱུར་རོ་ཞེས་པའོ། །ཡང་ན་སྙིང་པོ་དེ་ལས་འོད་འཕྲོ་བ་འབྱུང་བ་ནི་ཨ་ལས་ཡི་གེ་ཨའི་རིས་རྣམས་འབྱུང་བ་དང་། ཀླད་ཀོར་ཀ་ལ་སོགས་པ་འབྱུང་བ་སྟེ། དེ་རྣམས་ཀྱང་འཕགས་པ་འཇམ་དཔལ་ལ་སོགས་པ་སྔགས་ཀྱི་ལྷ་རྣམས་ཀྱི་

སྙིང་པོ་སྟེ་དེ་དག་ཐམས་ཅད་ཀྱང་འོག་ནས་བདག་བསྒྲུབ་པའི་ལེའུ་ལས་འབྱུང་བའི་རིམ་གྱིས། ཡིད་ཀྱིས་སུ་ནི་བསམས་ན་ཡང་། །ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་སྐུར་གྱུར་པའི་རྗེས་སུ་བསྔགས་པ་གསུངས་པ་སྟེ། དེ་བཞིན་དག་པ་མཐོང་བ་དང་། །ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་སྐུར་

เล่ม ๖๙ · หน้า 242b

འགྱུར་བའི་རིག་འཛིན་ཏེ། གང་གིས་མཐོང་བའི་སེམས་ཅན་དེ་ཇི་ལྟར་བསམས་པའི་དོན་རྣམས་འགྲུབ་པར་འགྱུར་ཞེས་པ་སྟེ། མ་ལུས་པའི་དོན་ནི་ཀུན་བྱེད་པ་ཞེས་པ་དང་སྦྱར་རོ། །དེ་བཞིན་དུ་གང་རིག་འཛིན་དེ་དང་ལྷན་ཅིག་ཏུ་སྨྲས་པ་ཡང་དོན་ཀུན་ཤེས་པར་འགྱུར་ཞེས་པའོ། །དེ་

བཞིན་རིག་འཛིན་དེས་སེམས་ཅན་དེ་འདི་ལྟར་གྱུར་ཅིག་ཅེས་བསམས་ན། ཡང་དེའི་དོན་ཀུན་དུ་བྱེད་པར་འགྱུར་ཞེས་པའོ། །རིག་འཛིན་དེ་མཐོང་བ་ལ་སོགས་པའི་སྤྱོད་ཡུལ་དུ་གྱུར་པའི་སེམས་ཅན་དེ་དག་ཀུན་བསོད་ནམས་བསགས་པ་སྐལ་བ་དང་ལྡན་པར་ཤེས་པར་བྱ་སྟེ། སེམས་

ཅན་དེ་དག་གི་དོན་བྱེད་པར་འགྱུར་གྱི་ཕལ་རྣམས་ཀྱིས་ནི་དེ་མཐོང་བ་ལ་སོགས་པའི་སྤྱོད་ཡུལ་དུ་མི་འགྱུར་རོ། །གསང་བའི་བདག་པོ་འོན་ཀྱང་ཞེས་པ་ནས། དེ་ཉིད་ཕན་ཚུན་བྱེད་པ་དང་ལས་ལ་གནས་པར་འགྱུར་བ་མ་ཡིན་ནོ་ཞེས་པའི་བར་དུ་སངས་རྒྱས་པའི་སྐུར་ང་རྒྱལ་བསྐྱེད་པའི་

ཕྱིར་དེ་ཇི་ལྟར་འགྱུར་བའི་རྒྱུ་ཀུན་རྫོབ་ཏུ་རྐྱེན་དང་འདུ་བ་ཚོགས་ཏེ། འབྱུང་བའི་རྒྱུ་དང་འབྲས་བུ་ངེས་པའི་སྒོ་ནས་བསྟན་པ་སྟེ། དེ་ལྟར་ལུས་ལ་ལུས་ཀྱི་གཟུགས་བསྐྱེད་པར་བྱའོ་ཞེས་པ་ནི་གོང་དུ་གསུངས་པའི་ཚུལ་དུ། བདག་གི་ལུས་ལ་ཀུན་དུ་སངས་རྒྱས་པའི་སྐུར་བསྐྱེད་པར་

བྱའོ་ཞེས་པའོ། །རྫོགས་པའི་སངས་རྒྱས་འདྲ་བར་གཞན་ཅུང་ཟད་མེད་དོ་ཞེས་པ་ནི། ཀུན་དུ་སངས་རྒྱས་པའི་སྐུ་ལ་ཤིན་ཏུ་ཞེས་པའི་ཕྱིར་གསུངས་པ་སྟེ། ཀུན་དུ་སངས་རྒྱས་པའི་སྐུ་ལས་ཁྱད་པར་འཕགས་ཤིང་གཞན་དག་གི་སྐུ་ཡང་མེད་པས་ན་ཀུན་དུ་སངས་རྒྱས་པའི་སྐུ་འདི་ཉིད་རང་གི་

ལུས་ལ་བསྐྱེད་པར་བྱའོ་ཞེས་པའོ། །ཀུན་དུ་སངས་རྒྱས་པའི་སྐུར་བསྐྱེད་པ་དེ་ཡང་དོན་དམ་པར་གཟུགས་ཀྱི་དངོས་པོ་མེད་མོད་ཀྱི། ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་ངེས་པའི་ཆོས་ཉིད་མེད་པ་མ་ཡིན་ཏེ། དཔེར་ན་མིག་དང་རྣ་བ་ལ་སོགས་པའི་དངོས་པོ་ཆེན་པོ་བཞིའི་རང་བཞིན་དུ་རྟོགས་པ་དེ་དག་དོན་

དམ་པར་མ་ཡིན་པ་སྟོང་པ་ཉིད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཁྱེན་མོད་ཀྱི། འོན་ཀྱང་རྒྱུ་དང་རྐྱེན་འདུས་པ་ལས་དེ་དག་ཀྱང་འབྱུང་བར་སྣང་སྟེ། མེད་པ་ལ་མ་ཡིན་ནོ་ཞེས་གསུངས་པ་ཇི་ལྟར་བདག་གི་མིག་དང་རྣ་བ་ལ་སོགས་པའོ། །དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་ཞེས་པ་ནི་

เล่ม ๖๙ · หน้า 243a

མིག་དང་རྣ་བ་ལ་སོགས་པ་འབྱུང་བ་ཆེན་པོ་བཞིར་གཏོགས་པའི་ཆོས་དེ་དག་ཐོག་མ་ནས་མ་བྱུང་མ་སྐྱེས་པའམ། རྡུལ་ཕྲན་ཕྱོགས་དང་ཆ་ལ་སོགས་པ་བཤིག་ན། དེ་དག་རང་བཞིན་ཡོད་པར་མི་འགྲུབ་ཅེས་པའོ། །མིང་ཙམ་གྱིས་ཟིན་པ་ཞེས་པ་ནི་དངོས་པོ་སྟོང་པ་སྟེ་མིང་

དུ་གདགས་པ་ཙམ་ཞེས་པའོ། །དངོས་པོ་མེད་ན་ཡང་མིང་དུ་གདགས་པ་ཇི་ལྟར་ཡོད་ཅེ་ན་གསུངས་པ་ནམ་མཁའ་དང་འདྲ་ཞེས་པ་ནམ་མཁའ་ཡང་མེད་མོད་ཀྱི། ནམ་མཁའ་ཞེས་པའི་མིང་དུ་བརྗོད་དོ། །དེ་བཞིན་དུ་འདི་དག་ཀྱང་དངོས་པོ་མེད་མོད་ཀྱི། མིག་དང་རྣ་བ་ཞེས་མིང་ཙམ་

དུ་བརྗོད་དོ། །གཟུགས་མེད་པའོ་ཞེས་པ་ནི་དེ་ལྟར་དེ་དག་རང་བཞིན་གྱིས་སྟོང་པ་བས་གང་གིས་གཟུང་བའི་ཆ་མ་ཡིན་ནོ་ཞེས་པ་སྟེ། ཚིག་དེ་དག་གིས་མིག་ལ་སོགས་པའི་དངོས་པོ་དེ་རྣམས་སྟོང་པའི་རང་བཞིན་ནམ་མཁའ་ལྟར་བསྟན་པའོ། །ལས་དང་རྒྱུ་ལས་བྱུང་ཞེས་པའི་ཉོན་

མོངས་པའི་ཕྱོགས་སུ་བསྟན་པ་སྟེ། རྒྱུ་མ་རིག་པ་ལ་སོགས་པའི་ཉོན་མོངས་པའོ། །ལས་ནི་འཕྲལ་གྱི་དགེ་བ་དང་མི་དགེ་བ་ལ་སོགས་པ་ལུས་དང་ངག་ཡིད་གསུམ་གྱི་སྤྱོད་པ་སྟེ། དོན་དམ་པར་དེ་དག་དངོས་པོ་མེད་ཀྱང་ཀུན་རྫོབ་ཏུ་ལས་དང་རྒྱུ་ལས་སྐྱེས་པར་སྣང་ངོ་ཞེས་པའོ། །གཟུགས་

བརྙན་དང་འདྲ་ཞེས་པ་ནི་ཀུན་རྫོབ་ཏུ་སྣང་བ་ཡང་གཟུགས་བརྙན་ལྟར་མ་བརྟགས་པའི་སྒོ་ནས་སྣང་བར་ཟད་ཀྱི། གཟུགས་བརྙན་དེ་རིགས་པ་དང་གཞུང་གི་སྒོ་ནས་བརྟགས་པ་དང་། བརྟག་མི་བཟོད་དེ་ཡོད་པར་མི་འགྲུབ་པ་བཞིན་ནོ་ཞེས་པའོ། །དེ་བཞིན་གཤེགས་པས་མངོན་པར་སངས་

རྒྱས་སོ་ཞེས་པ་ནི། ཆོས་དེ་རྣམས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདི་ལྟ་བུའི་ཚུལ་དུ་མངོན་པར་མཁྱེན་ཏོ་ཞེས་པའོ། །དེ་དག་ཀྱང་ཕན་ཚུན་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུན་མི་འཆད་པར་སོ་སོར་ཟིན་པ་ཞེས་པ་ནི། གང་དུ་གཟུགས་བརྙན་དང་འདྲ་ཞེས་པ་ལ་གལ་ཏེ་དེ་

ལྟར་གཟུགས་བརྙན་དང་འདྲ་ན། གཟུགས་བརྙན་ནི་གཟུགས་མེད་ན་མི་འབྱུང་བ་བཞིན་དུ་རྒྱུན་ཆད་དམ་ཞེ་ན། གཟུགས་བརྙན་བཞིན་ཆད་པ་མ་ཡིན་གྱི་ཉོན་མོངས་པ་སྔ་མའི་སྐད་ཅིག་པའི་ཆ་མེད་ཀྱང་། ཉོན་མོངས་པས་བསྐྱེད་པའི་ལས་དང་ཚེ་དག་ཀྱང་འབྲས་བུ་སྐྱེད་པར་བྱེད་དེ། གཟུགས་

เล่ม ๖๙ · หน้า 243b

བརྙན་ལྟར་གཟུགས་མེད་ན་མི་འབྱུང་བ་མ་ཡིན་གྱི། ཕན་ཚུན་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུན་མི་འཆད་པར་འབྱུང་ངོ་ཞེས་པའོ། །གང་རྐྱེན་ལས་འབྱུང་བ་དེ་ནི་གཟུགས་བརྙན་ལྟ་བུ་ཞེས་པ་ནི། དེ་ལྟ་བུའི་རྐྱེན་ལས་བྱུང་བའི་ཆོས་དེ་རྣམས་བརྟག་མི་བཟོད་ཅིང་དོན་དམ་པར་ཡོད་པ་མ་

ཡིན་པ་དཔེར་ན་གཟུགས་བརྙན་དང་འདྲ་ཞེས་པའོ། །རྟེན་ཅིང་འབྲེལ་པ་ལས་བྱུང་བས་ན་གང་ལྷ་ནི་བདག །གང་བདག་ནི་ལྷའོ་ཞེས་པ་ནི་དེ་ལྟར་དོན་དམ་པར་ཆོས་ཡོད་པ་མ་ཡིན་ཀྱང་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཆོས་རྣམས་ཀུན་རྫོབ་ཏུ་སྣང་བས་ན། བདག་གི་རྐྱེན་གྱིས་

ལྷ་བསྐྱེད་ལྷའི་རྐྱེན་གྱིས་བདག་བསྐྱེད་པ་བས་བདག་བསྐྱེད་དོ་ཞེས་པའོ། །གང་ལྷ་ནི་བདག་ཅེས་པ་ནི་ཡི་གེ་བརྒྱ་པའི་རང་བཞིན་ཨཾ་ཞེས་པ་སྙིང་ག་ན་གནས་པ་དེ་དག་གི་བསམས་པ་ལས་བྱུང་བའི་ཕྱིར་རོ་ཞེས་པའོ། །གང་བདག་གི་ལྷའོ་ཞེས་པ་ནི་སྙིང་པོ་དེས་བདག་ཀུན་དུ་སངས་རྒྱས་པའི་

སྐུར་བསྐྱེད་པའི་ཕྱིར་རོ་ཞེས་པའོ། །དེ་བཞིན་དུ་ལུས་ལ་ལུས་ཀྱི་གཟུགས་བསྐྱེད་པར་ཞེས་པ་ནི་དེ་ལྟར་ཕན་ཚུན་རྐྱེན་དང་འདུ་བ་ཚོགས་ཏེ་བྱུང་བས་བདག་གི་གཟུགས་ཀུན་དུ་སངས་རྒྱས་པའི་སྐུར་བསྐྱེད་པར་བྱའོ། །གསང་བའི་བདག་པོ་ཆོས་ཀྱི་རྐྱེན་གྱིས་ནི་ཁོང་དུ་ཆུད་པར་རྟོགས།

ཁོང་དུ་ཆུད་པའི་རྐྱེན་གྱིས་རྟོགས་པའམ་ལྟོས་པ་ཞེས་པ་ནི་གང་ལྷ་ནི་བདག །གང་བདག་པོ་ནི་ལྷའོ་ཞེས་པའི་ཚིག་དེ་ཉིད་གཞུང་གཞན་གྱིས་བསྟན་པ་སྟེ། ཆོས་ཞེས་པ་ནི་ཨཾ་ཞེས་པའི་ཡིག་འབྲུའོ། །ཁོང་དུ་ཆུད་པ་ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་སྐུ་སྟེ། ཡི་གེའི་རྐྱེན་གྱིས་

ཀུན་དུ་སངས་རྒྱས་པར་འགྱུར། ཀུན་དུ་སངས་རྒྱས་པར་གྱུར་ནས་སླར་སྙིང་གའི་ཡི་གེ་བསམ་པར་བྱ་བ་ནི། གཅིག་གི་རྐྱེན་གྱིས་གཅིག་འབྱུང་བར་བྱ་སྟེ་དེ་ལྟར་ལྟོས་པའོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་དེ་གཉིས་ཕན་ཚུན་དུ་བྱེད་པ་དང་། ལས་ལ་གནས་པར་འགྱུར་བ་ཡིན། །

ཞེས་པ་ནི་ཡི་གེ་དང་གཟུགས་དེ་གཉིས་རང་བཞིན་སྟོང་པ་ལས་ཡི་གེ་དང་གཟུགས་བསྐྱེད་པའི་བྱ་བ་མི་བྱེད། གཟུགས་ཀྱང་ཡི་གེ་བསྐྱེད་པའི་བྱ་བ་མི་བྱེད་ཅེས་པའོ། །གསང་བའི་བདག་པོ་ཇི་ལྟར་ཡིད་ལ་ཡིད་ཀྱི་གཟུགས་འབྱུང་བར་བྱ་ཞེ་ན་ཞེས་པ་ལ་སོགས་པ་ནི། ཡིད་ལ་ཟླ་བའི་

เล่ม ๖๙ · หน้า 244a

དཀྱིལ་འཁོར་ལ་གནས་པའི་སྔགས་ཀྱི་འབྲུ་བསྐྱེད་པ་དེ་བསྟན་པར་བྱ་བའི་ཕྱིར་ཡིད་ལས་ཇི་ལྟར་འབྱུང་བའི་རྒྱུས་བཤད་པ་སྟེ། འདི་ལྟར་གསང་བའི་བདག་པོ་ཡིད་ལ་དཀར་པོའམ་སེར་པོའམ་དམར་པོ་བསམས་པ་ནི་དེ་འདྲ་བར་ཡིད་ཉེ་བར་ཞེན་པར་འགྱུར་རོ་ཞེས་པ་ནི།

ཆུའི་དཀྱིལ་འཁོར་དང་དབང་ཆེན་གྱི་དཀྱིལ་འཁོར་དང་མེའི་དཀྱིལ་འཁོར་བསམས་ན། ཡིད་ཀྱང་ཇི་བཞིན་པར་འགྱུར་རོ། །ཞེས་བའོ། །དེ་ལྟ་བས་ན་དེ་འདྲ་བའི་དོན་ཀྱང་དེ་འདྲ་བར་བྱེད་པར་འགྱུར་རོ་ཞེས་པ་སྟེ། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཇི་བཞིན་པར་འགྱུར་བའི་ཡིད་དེས་དབང་ཆེན་

ལ་སོགས་པའི་བྱ་བ་བྱེད་པར་འགྱུར་རོ་ཞེས་པ་སྟེ་དེ་བས་ན་གསུངས་པ་འདི་ལྟ་སྟེ། གསང་བའི་བདག་པོ། ཡིད་ལ་དཀྱིལ་འཁོར་བསམས་ནས་སུ། །རིམས་ནད་ཅན་ལ་བཞག་ན་ནི། །འགྲོ་བ་རིམས་ནད་ལས་ཐར་བ། །དེ་མ་ཐག་ཏུ་གདོན་མི་ཟའོ། །ཞེས་པ་སྟེ་ཚ་བའི་རིམས་ཀྱིས་བཏབ་པ་

ལ་ནད་པའི་ཀླད་པའི་སྟེང་དུ་ཆུའི་དཀྱིལ་འཁོར་ཇི་སྐད་དུ་བསྒྲགས་པ་སྟེ། བུམ་པ་ཁ་བུབ་ཏུ་སོམས་ལ་དེ་ལ་བདུད་རྩའི་ཆུ་དཀར་པོ་བྱུང་བས་ནད་པའི་སྤྱི་བོ་ནས་མཐར་གྱིས་ཕྱི་ནང་བཅས་པར་ཁྱབ་པར་རྟིང་པའི་བར་བསམས་ཏེ། དེའི་ཚེ་བྱ་བ་ཅིང་དེའི་གདོང་ལ་རིམས་ནད་ཐམས་ཅད་ཕྱིར་འབྱུང་བ་

བསམས་ཏེ། དེ་ལྟར་ལན་གཉིས་ལན་གསུམ་དུ་བྱས་ན་རིམས་ནད་ལས་ཐར་བར་འགྱུར་ཏེ་དོགས་པ་མེད་དོ། །དེ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོར་ཡང་བྱའོ། །གྲང་ཞིང་འདར་བའི་རི་མས་ཀྱིས་བཏབ་པ་ལ་མེའི་དཀྱིལ་འཁོར་ཇི་སྐད་དུ་གྲགས་པ་དེ་བསམས་ཏེ། དེའི་སྟེང་དུ་ནད་པ་བཞག་ལ།

མེ་དེས་མས་ཡར་གྱེན་དུ་ལུས་ཕྱི་ནང་ཁྱབ་པར་བསམས་ན་གྲང་བའི་རིམས་ལས་ཐར་བར་འགྱུར་རོ་ཞེས་པའོ། །ཡིད་ལས་དཀྱིལ་འཁོར་གཞན་མ་ཡིན། དཀྱིལ་འཁོར་ལས་ཡིད་གཞན་མ་ཡིན་ཏེ་མི་གཞན་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་གྱི་མཚན་ཉིད་གཅིག་པའི་ཕྱིར་རོ་ཞེས་པའོ། །དབང་

ཆེན་ལ་སོགས་པའི་དཀྱིལ་འཁོར་དེ་དག་དངོས་པོ་གཞན་ཡོད་པ་ལ་ཡིད་ཀྱིས་དེ་ཇི་བཞིན་བསམས་པ་མ་ཡིན་གྱི། ཡིད་ཀྱི་དཀྱིལ་འཁོར་དེ་དག་ཇི་བཞིན་པར་གྱུར་པས་མཚན་ཉིད་གཅིག་པ་སྟེ། ཡིད་དང་དཀྱིལ་འཁོར་གཉིས་དབྱེར་མེད་པ་སྟེ་དེ་དག་གཉིས་ཀ་དོན་དམ་པར་ཡོད་པ་མ་ཡིན་པ་

เล่ม ๖๙ · หน้า 244b

ལས། ཀུན་རྫོབ་ཏུ་ཇི་སྲིད་དུ་ཇི་བཞིན་པ་དང་བཅས་པའི་སེམས་ཀྱིས་བརྟགས་པའི་ཕྱིར་ཏེ། དེ་བས་ན་དེ་ཉིད་སྒྱུ་མར་སྤྲུལ་པའི་དཔེས་བསྒྲུབ་པར་གསུངས་པ། འདི་ལྟ་སྟེ་གསང་བའི་བདག་པོ་ཞེས་པ་ལ་སོགས་པ་སྟེ། མདོར་ན་གང་ཡིད་ལ་ཟླ་བའི་དཀྱིལ་འཁོར་དང་སྙིང་པོ་བསྐྱེད་པ་དེ་ཡང་དོན་དམ་

པར་རང་བཞིན་གྱིས་སྟོང་པ་སྟེ་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་ངེས་པའི་དབང་གིས་དོན་གྱི་བྱ་བ་བྱེད་པས་ན། ཡིད་ལ་ཟླ་བའི་དཀྱིལ་འཁོར་དང་བཅས་པའི་བསམས་པ་ནན་ཏན་དུ་བྱའོ་ཞེས་པའོ། །ད་ནི་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་རང་བཞིན་ཡི་གེ་བརྒྱ་པ་ཨཾ་

ལས་འཕགས་པ་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དབང་པོ་ལ་སོགས་པ་ལ་སྔགས་ཀྱི་སྐུ་དང་ཡི་གེ་འབྲུ་རྣམས་འབྱུང་བར་བསྟན་པ་སྟེ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གསང་བའི་བདག་པོ་

སྔགས་ཀྱི་མགོན་པོའི་སྐུ་དབྱེར་མེད་པ་ཞེས་པ་ནི། ཀུན་དུ་སངས་རྒྱས་པའི་སྐུ་ལས་སྔགས་ཀྱི་ལྷ་གཞན་རྣམས་འབྱུང་བ་སྐུ་དེ་དང་དབྱེར་མེད་པ་ཉོན་ཅིག་ཅེས་པ་དང་འབྲེལ་ཏོ། །ཡིད་ལས་ཀུན་དུ་འབྱུང་བའི་ཞེས་པའི་སྐུ་དེ་རྣམས་ཀྱང་། བཅོམ་ལྡན་འདས་ཀྱི་གསུང་མི་ཟད་པ་སྡུད་པའི་སྒོར་གྱུར་

པ་མཾ་ཞེས་ཟླ་བའི་དཀྱིལ་འཁོར་ལ་གནས་པ་དེ་དག་སྙིང་གར་བསམས་པ་དེ་ནི་ཡིད་ལས་འབྱུང་བ་ཞེས་བྱ་སྟེ། དེ་ལས་ཀུན་དུ་སངས་རྒྱས་པའི་སྐུའམ་སྔགས་ཀྱི་ལྷ་གཞན་རྣམས་ཀྱི་སྐུར་འགྱུར་བས་ན་ཡིད་ལས་བྱུང་བ་ལས་ཀུན་དུ་འབྱུང་བ་ཞེས་པའོ། །ཡིད་ཀྱང་ཤིན་ཏུ་སྦྱངས་ན་ཞེས་པ་ནི། སྐུ་དག་

ཡིད་ལས་འབྱུང་བ་ཡང་བསམས་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་སྦྱངས་པ་ལས་འབྱུང་བའི་སྐུ་ཞེས་པའོ། །དེར་གནས་པའི་མགོན་པོ་ཀུན་རྣམ་པར་འབར་བ་ཞེས་པ་ནི། ཡིད་ཤིན་ཏུ་སྦྱངས་པ་དེ་ལ་གནས་པའི་སྙིང་པོ་དེ་ལས་སྔགས་ཀྱི་ལྷ་རྣམས་ཀྱི་སྙིང་པོ་

འབྱུང་བ་དེ་ཉོན་ཅིག་ཅེས་པའོ། །སྐུ་འོད་རྣམས་མངོན་དུ་འབྱུང་བ་ཞེས་པ་ནི། སྙིང་པོ་དེ་ལས་ཀ་ལ་སོགས་པའི་ཡི་གེ་རྣམས་འབྱུང་ཞེས་པའོ། །ཡན་ལག་གི་ནི་ཡན་ལག་དང་། །གནས་དང་རྟག་ཏུ་ཞེས་པ་ནི་ཡན་ལག་ཅེས་པ་ནི་ཨ་ཉིད་ལ་བྱ། ཡན་ལག་དེའི་ཡན་ལག་ནི་ཀླད་ཀོར་དང་ཨི་དང་

เล่ม ๖๙ · หน้า 245a

ཨུ་ལ་སོགས་པ་སྟེ། དེ་རྣམས་ལས་སྔགས་རྣམས་འབྱུང་བ་ནི། ཡན་ལག་འདི་ནི་ཡན་ལག་གནས། །རྟག་ཏུ་ཞེས་པ་སྟེ་མདོར་ན་འཕགས་པ་འཇམ་དཔལ་ལམ་སྤྱན་རས་གཟིགས་ཀྱི་དབང་པོའི་སྐུར་བསྒྱུར་ན་གཞན་ནི་སྔ་མ་རིམ་བཞིན་ཏེ། ཡི་གེ་ཨ་ནི་ཀླད་ཀོར་དེ་ལས།

ཡི་གེ་མཾ་ལ་སོགས་པ་གང་ཡང་རུང་བ་འབྱུང་བར་བསམས་ཏེ་དེ་འོད་འཕྲོས་འདུས་པ་ལས། འཇམ་དཔལ་ལ་སོགས་པའི་སྐུར་བསྒྱུར་རོ། །ཡང་ན་ཨིའི་གནས་ཉིད་དུ་བསམས་ཏེ་སྔ་མ་བཞིན་དུ་སྐུར་བསྒྱུར་བར་བྱའོ། །སྨྲས་པ་རྣམས་ཀྱིས་མི་ཤེས་པ་ཚུལ་འདི་མི་ཤེས་པ་སུ་སྟེ་ཞེས་པ་ནས་ཀུན་དུ་

སངས་རྒྱས་པའི་སྐུ་གཅིག་པོ་དེ་ལས་སྔགས་རྣམས་ཀྱིས་སྐུ་རྣམ་པ་མང་པོ་འབྱུང་བ་དེ་དག་ཇི་ལྟར་འགྱུར་སྙམ་དུ་ཡིད་མི་ཆེས་ཤིང་། མི་ཤེས་པ་ནི་འོག་ནས་འབྱུང་བའི་ཚུལ་འདི་མི་ཤེས་པའི་ཕྱིར་རོ་ཞེས་པ་སྟེ། ལུས་ཀྱི་བྱེ་བྲག་ཇི་སྙེད་པ། །ཚིག་ལས་རྣམ་པ་མང་གནས་ཏེ། །དེ་བཞིན་

སྔགས་ཀྱི་མགོན་པོ་ཡི། །བྱེ་བྲག་གསུངས་པ་གྲངས་མེད་དོ། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལུས་ཀྱི་བྱེ་བྲག་མང་པོའི་ཚིག་གི་རང་བཞིན་ཏེ། ཡི་གེའི་འབྲུ་ལས་རྣམ་པ་དུ་མར་འབྱུང་བཞིན་དུ་སྔགས་ཀྱི་མགོན་པོ་ཀུན་དུ་སངས་རྒྱས་པ་ལས་སྔགས་ཀྱི་ལྷའི་བྱེ་

བྲག་གྲངས་མེད་པ་འབྱུང་ངོ་ཞེས་པའོ། །ཀུན་དུ་སངས་རྒྱས་པའི་རང་བཞིན་ཏེ། དེ་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པ་ལས། སྐུ་རྣམ་པ་མང་པོ་འདི་རྣམས་ཇི་ལྟར་སྐྱེད་པར་བྱེད་ཅེ་ན་གསུངས་པ། ཇི་ལྟར་ཡིད་བཞིན་ནོར་བུ་དཔལ་ལྡན་པ། །འདོད་པའི་དོན་ནི་རབ་ཏུ་སྒྲུབ་པ་བཞིན། །

འཇིག་རྟེན་སྒྲོན་མའི་སྐུ་ཡང་དོན་ཀུན་སྒྲུབ་པའོ། །ཞེས་པ་སྟེ་ཇི་ལྟར་ཡིད་བཞིན་ནོར་བུ་དེ་རྣམ་པར་མི་རྟོག་ཀྱང་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་དེ། དོན་ཐམས་ཅད་སྒྲུབ་པ་དེ་བཞིན་དུ་སྔགས་ཀྱི་མགོན་པོ་འཇིག་རྟེན་གྱི་སྒྲོན་མ་དེ་ཡང་རྣམ་པར་མི་རྟོག་པ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་

ཤུགས་ཀྱིས་བསྐུལ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་འབྱུང་ཞིང་དོན་རྣམས་རབ་ཏུ་བྱེད་དོ་ཞེས་པའོ། །དེ་ཉིད་ཀྱང་ནམ་མཁའི་དཔེས་གསུངས་པ། གསང་བའི་བདག་པོ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པར་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཞེས་པ་ལ་སོགས་པའོ། །དེ་དག་ནི་ཨཾ་ཞེས་

เล่ม ๖๙ · หน้า 245b

པ་ཡི་གེ་བརྒྱ་པ་དེ་ལས་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པ་དང་། སྔགས་ཀྱི་ལྷ་རྣམས་ཀྱི་སྐུར་བསྒྱུར་ནས་ཀྱང་ཡིད་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་པའི་སྦྱོར་བ་བཤད་དོ། །འདིར་ནི་དེ་ལྟར་ཀུན་དུ་སངས་རྒྱས་པའི་སྐུ་ལ་སོགས་པའི་བདག་གི་ལུས་ཡོངས་སུ་བསྒྱུར་ནས་

ཀུན་དུ་སངས་རྒྱས་པ་དང་རྗེས་སུ་མཐུན་པའི་སེམས་ཀྱི་ཡོན་ཏན་བསྐྱེད་པའི་ཕྱིར། སེམས་ཡོངས་སུ་སྦྱང་བར་བྱ་བར་འཆད་དེ། དེ་ཡང་དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་པ་རྣམ་པར་སྦྱང་བར་བྱ་བའི་ཚིག་གིས་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་གྱི་ཁམས་མ་

ལུས་པར་སྦྱོང་བའི་ཚིག་ཅེས་པ་ནི་ཏིང་ངེ་འཛིན་མངོན་པར་སྒྲུབ་ཅེས་པ་ལ་སོགས་པའི་ཚིག་ནི་འོག་ནས་འབྱུང་བ་ལ་བྱ་སྟེ། ཚིག་དེ་དག་གིས་སེམས་ཅན་རྣམས་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ནི་སེལ། ཡེ་ཤེས་ཁྱད་པར་ཅན་སྐྱེད་པར་བྱེད་པའི་སྒོ་ནས་རྣམ་པར་སྦྱོང་བའི་ཕྱིར་རོ། །སྒྲུབ་

པའི་སེམས་ཡོངས་སུ་སྦྱང་བར་བྱ་བ་ཡང་འཇུག་པའི་སེམས་དང་གནས་པའི་སེམས་དང་ལྡང་བའི་སེམས་སུ་ལྡན་པ་སྟེ། དེ་ལ་འདུག་པའི་སེམས་ནི་ཏིང་ངེ་འཛིན་མངོན་པར་སྒྲུབ་པའི་ཚིག་ཅེས་པ་སྟེ། ནམ་ཞིག་ཐོག་མ་ནས་ཀྱང་ཅུང་ཟད་ནི་སྐྱེ་ཞིང་འཆི་འཕོ་བ་ཡང་མེད་ན། དེ་ནི་སྟོང་པའི་ཡེ་

ཤེས་ཇི་ལྟ་བུར་སྦྱོར་བ་ནི་སྐྱེ་བར་འགྱུར་ཞེས་པ་དང་འབྲེལ་ཏོ། །བསམ་གྱིས་མི་ཁྱབ་པའི་ཚིག་ཅེས་པ་ནི། གནས་པའི་སེམས་འཆད་པ་སྟེ། ནམ་ཞིག་ངོ་བོ་ཉིད་ཀྱིས་སུ། །ཆོས་རྣམས་འདི་ནི་དམིགས་མེད་ན། །དེ་ནི་ནམ་མཁའ་དང་འདྲ་བའི། །སེམས་སྐྱེ་བ་བྱང་ཆུབ་འབྱུང་བའི། །ཞེས་

པ་དང་འབྲེལ་ཏོ། །སླར་ལྡོག་པའི་སྒོའི་ཚིག་ཅེས་པ་ནི་ལྡང་བའི་སེམས་འཆད་པ་སྟེ། དེ་ནི་སྙིང་རྗེ་འབྱུང་བ་ནི། །འཇིག་རྟེན་ཀུན་གྱི་རྗེས་བཞིན་འཇུག །ཅེས་པ་སྟེ་དེ་ལ་ཏིང་ངེ་འཛིན་མངོན་པར་སྒྲུབ་པའི་ཚིག་ཅེས་པ་ནི་ཚིག་དེས་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་ཤིང་མི་འགོག་

པར་ཆུད་པའི་ཏིང་ངེ་འཛིན་འབྱུང་བའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་ཚིག་ཅེས་པ་ནི་ཚིག་དེ་ལས་ཆོས་ཐམས་ཅད་དམིགས་སུ་མེད་པ་ནམ་མཁའ་དང་འདྲ་བའི་སེམས་སྟོན་པའི་ཕྱིར་རོ། །སླར་ལྡོག་པའི་སྒོའི་ཚིག་ཅེས་པ་ནི་དེས་ཏིང་ངེ་འཛིན་ལས་ལྡོག་སྟེ་ལངས་ནས་སྙིང་རྗེའི་དབང་

เล่ม ๖๙ · หน้า 246a

གིས་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་སྟོན་པའི་ཕྱིར་རོ། །ནམ་ཞིག་ཐོག་མ་ནས་ཅུང་ཟད་ནི་སྐྱེ་ཞིང་འཆི་འཕོ་བ་ཡང་མེད་ན་དེ་ན་སྟོང་པའི་ཡེ་ཤེས་ཇི་ལྟ་བུར་སྦྱོར་བ་ནི་སྐྱེ་བར་འགྱུར་ཞེས་པ་ནི་ནམ་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཐོག་མ་ནས་མ་སྐྱེས་པ་མ་བྱུང་

བས་འཆི་འཕོ་བ་ཡང་མེད་དེ། དེ་ལྟར་ཕྱིའི་གཟུང་བའི་ཆོས་རྣམས་མེད་ན་དེ་ལ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་སྐྱེ་བའི་གནས་མེད་པར་མི་སྐྱེ་སྟེ། དེ་ལྟར་གཟུང་བ་དང་འཛིན་པའི་ཆ་གཉིས་ཀ་མེད་དེ། སྟོང་པ་ན་དེ་ན་སྦྱོར་བའི་ཡེ་ཤེས་སྟོང་པར་སྐྱེ་བར་མི་འགྱུར་རོ་ཞེས་པའོ། །ནམ་ཞིག་

ངོ་བོ་ཉིད་ཀྱིས་ཆོས་རྣམས་འདི་ནི་དམིགས་མེད་ན་དེ་ནམ་མཁའ་དང་འདྲ་བའི་སེམས་སྐྱེ་བྱང་ཆུབ་འབྱུང་ངོ་ཞེས་པ་ནི་གོང་དུ་བཤད་པའི་རིམ་གྱིས་ཕྱིའི་ཆོས་རྣམས་དང་། ནང་གི་རྣམ་པར་ཤེས་པ་གཉིས་ཀྱང་མེད་པར་བཤིག་ནས། དེ་ཕུང་པོ་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་དམིགས་

སུ་མེད་པར་ཆུད་པ་ལ་གནས་པའི་སེམས་ནམ་མཁའ་དང་འདྲ་བར་རྟོག་པ་ཐམས་ཅད་དང་བྲལ་བར་འགྱུར་ཞེས་པའོ། །རྣམ་པར་མི་རྟོག་པ་སེམས་དེ་ལས་དེ་བཞིན་ཉིད་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་དུ་འབྱུང་བས་ན་དེ་བྱང་ཆུབ་འབྱུང་ཞེས་པའོ། །དེ་ནས་སྙིང་རྗེ་འབྱུང་བ་ནི་འཇིག་རྟེན་ཀུན་གྱི་རྗེས་

སུ་ཇི་བཞིན་དུ་འཇུག་ཅེས་པའི་ཏིང་ངེ་འཛིན་དེ་ལས་ལངས་ནས་སྙིང་རྗེའི་དབང་གིས་སྦྱིན་པ་ལ་སོགས་པ་དང་། སྤྱོད་པ་དང་ལྷའི་སྐུར་བསྒྱུར་བ་ལ་སོགས་པའི་སེམས་ཅན་གྱི་དོན་དུ་བྱ་བ་དང་ལྡན་པའི་སེམས་བསྐྱེད་དོ་ཞེས་པའོ། །དེ་ནི་མདོར་ན་དང་པོར་འཇུག་པའི་སེམས་རྟོག་པ་བཅས་པས་

ཆོས་རྣམས་སྟོང་པའི་རང་བཞིན་དུ་བཤིག་སྟེ། དེ་ནས་སྟོང་པ་ཉིད་ཆུད་པ་རྣམ་པར་མི་རྟོག་པའི་སེམས་ལ་ཇི་སྲིད་འདོད་པས་གནས་ནས་དེའི་འོག་ཏུ་སྙིང་རྗེའི་དབང་གིས་ལྷའི་གཟུགས་མངོན་པར་སྟོན་ཏེ། སྦྱིན་པ་ལ་སོགས་པ་སེམས་ཅན་གྱི་དོན་རྣམས་བྱའོ་ཞེས་པར་དགོངས་པའོ། །འདུ་ཤེས་

ཙམ་དུ་རྟོགས་པའི་གནས། །ཞེས་པ་ནི་སྤྱོད་པ་དེ་དག་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ཏེ། འདུ་ཤེས་ཙམ་དུ་རྟོགས་པའི་གནས་སོ་ཞེས་པའོ། །དེ་ལྟར་ཐམས་ཅད་འདུ་ཤེས་ཙམ་ན་སྔར་ཀུན་དུ་སངས་རྒྱས་སྐུར་བསྒྱུར་བ་ནན་ཏན་ཆེར་བྱས་པ་ཡང་ཇི་ལྟར་དགོས་ཤེ་ན། འདུ་ཤེས་འདི་རུ་ཀུན་ནས་

เล่ม ๖๙ · หน้า 246b

སངས་རྒྱས་ཞེས་བྱ་བ་སྟེ་ཀུན་དུ་སངས་རྒྱས་པ་ཡང་འདིར་དོན་དམ་པར་ཡོད་པ་མ་ཡིན་གྱི་འདུ་ཤེས་ཙམ་དུ་ཟད་དོ་ཞེས་པའོ། །དེ་ནས་འདུ་ཤེས་བྱ་བ་སྟོང་དང་མི་སྟོང་ངོ་བོ་ཞེས་པ་ནི། དེའི་ཚེ་ནམ་མཁའ་ལ་སོགས་པ་སྟོང་པའོ་ཞེས་བྱ་བ་དང་། བུམ་པ་ལ་སོགས་པ་ཆོས་རྣམས་ཀུན་རྫོབ་ཏུ་སྟོང་པ་

མ་ཡིན་ནོ་ཞེས་པ་ཡང་འདུ་ཤེས་ཙམ་དུ་བྱའོ་ཞེས་པའོ། །དེ་ལ་གྲངས་སུ་འདུག་པ་གཅིག་གཉིས་གསུམ་ལ་སོགས་པ་བྱེད་པ་ཞེས་པ་ནི་ཡི་གེ་ཨ་ཞེས་པ་གཅིག་པོ་དེ་ལས་ཀྱང་འདུ་ཤེས་ཙམ་དུ་བྱ་བའི་སྒོ་ནས་ཨི་ལ་སོགས་པའི་ཡི་གེ་མང་པོ་རྣམས་ཀྱི་བྱེ་བྲག་ཏུ་འགྱུར་རོ་ཞེས་པའོ། །དེ་ལྟར་

དཔའ་བོ་སྙིང་པོ་དེ་ལས་རིམ་བཞིན་དུ་རྣམ་པར་འཕེལ་ཨ་ཨི་ལ་སོགས་པ་འདུས་རང་བྱུང་ཡིད་བྱིན་གྱིས་བརླབས་པའོ་ཞེས་པ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་ངོ་བོ་ལས་ཨ་དང་ཨི་ལ་སོགས་པའི་ཡི་གེ་རྣམས་ཨ་ཞེས་པ་ཡིད་ལ་གནས་པའི་སྙིང་པོ་ལས་བྱེ་བྲག་རྣམས་མང་པོར་འཕེལ་བར་འགྱུར་རོ་ཞེས་པའོ། །

རང་བྱུང་ཞེས་པ་ནི་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་རང་བཞིན་ལ་བྱ་སྟེ། སུས་ཀྱང་མ་བསྐྱེད་པའི་ཕྱིར་རོ། །ད་ནི་དེ་བཞིན་གཤེགས་པའི་ཀུན་དུ་བྱང་ཆུབ་པའི་རང་བཞིན་བསྟན་ཏེ། ཕྱོགས་བཅུ་ནམ་མཁའ་ཇི་ལྟ་བུར། །ཀུན་དུ་རྟོག་པ་མི་དམིགས་པ། །དེ་བཞིན་ཆོས་ཀུན་ལ་ཡང་ནི། །

སྔགས་ཀྱི་མགོན་པོ་གནས་པ་མིན། །ཞེས་པ་ནས། ཇི་ལྟར་ནམ་མཁའི་ལྷོ་བྱང་ཤར་ནུབ་ལ་སོགས་པའི་ཕྱོགས་ལ་མི་གནས་པ་བཞིན་དུ་དོན་དམ་པའི་མཚན་ཉིད་ཀྱི་སྔགས་ཀྱི་མགོན་པོ་དེ་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ལ་དམིགས་པ་དང་མི་དམིགས་པར་བྱ་བའི་སྒོ་ནས་མི་གནས་སོ་

ཞེས་པའོ། །དེ་ལྟར་ནམ་མཁའི་ངོ་བོ་རྣམས་གནས་པ་རྟག་པར་སྣང་བ་ཡང་དེ་ནི་གནས་སུ་འབྱུང་བའང་མིན་སྔགས་ཀྱི་མགོན་པོ་དེ་ཡང་དེ་བཞིན་ནོ་ཞེས་པ་ནི་ཇི་ལྟར་ནམ་མཁའ་ལ་གཟུགས་ཀྱི་དངོས་པོ་རྣམས་གནས་པར་སྣང་ཡང་དངོས་པོ་དེ་རྣམས་ལ་ནམ་མཁའ་གནས་པར་མི་འགྱུར་བ་བཞིན་

དུ་དེ་བཞིན་གཤེགས་པ་ཡང་མངོན་པར་བྱང་ཆུབ་པའི་ཚེ། སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་ལ་སོགས་པ་རྣམ་པ་སྣ་ཚོགས་དེའི་དབང་གིས་འབྱུང་བ་ཡང་བྱང་ཆུབ་ཀྱི་རང་བཞིན་ཏེ། སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་དེ་རྣམས་ལ་དམིགས་པའི་སྒོ་ནས་མི་གནས་པ་ཞེས་པའོ། །དུས་གསུམ་ལ་

เล่ม ๖๙ · หน้า 247a

སོགས་པ་དང་བྲལ་བར་ནམ་མཁའ་ཇི་ལྟར་བསྒྲགས་པ་བཞིན་ཏེ། དེ་ལྟར་དུས་གསུམ་བྲལ་བ་ནི། །སྔགས་ཀྱི་མགོན་པོ་རྣམ་པར་སྣང་། །ཞེས་པ་ནི་ཇི་ལྟར་ནམ་མཁའ་ནི་རང་བཞིན་གཅིག་སྟེ། མི་འགྱུར་བས་ན་དུས་གསུམ་ལས་འདས་པ་བཞིན་དུ་དེ་བཞིན་ཉིད་ཀྱི་རང་བཞིན་

སྔགས་ཀྱི་མགོན་པོ་དེ་ཡང་མི་འགྱུར་བ་ཡོངས་སུ་རྫོགས་པ་བས་དུས་གསུམ་ལ་མི་གནས་པར་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་སྣང་ངོ་ཞེས་པའོ། །མིང་གིས་རྟོགས་པ་ཙམ་ལ་གནས། །བྱེད་པ་ལ་སོགས་རྣམ་པར་བྲལ། །ནམ་མཁའ་དེ་ནི་བརྗོད་པ་རུ། །མཁས་པ་

ཡིས་ནི་བཤད་པ་ཡིན། །མིང་ནི་རྟོགས་པར་ཅི་ཡང་ནི། །ཡོད་པ་མ་ཡིན་ནམ་མཁའ་བཞིན། །དེ་ལྟར་གསང་སྔགས་ཀྱིས་ཕྱུག་པ། །དེ་ཡང་བརྗོད་པ་རུ་ནི་སྣང་། །ཞེས་པ་ནི་དེ་བཞིན་གཤེགས་པའི་གསུང་མི་ཟད་པའི་རྡོ་རྗེའི་རྒྱན་ཡི་གེ་འབྲུར་བྱིན་གྱིས་བརླབས་པའི་རང་བཞིན་དེ་དོན་དམ་པར་

དངོས་པོ་ཡོད་པ་མ་ཡིན་པར་བསྟན་པ་སྟེ། ཇི་ལྟར་ནམ་མཁའ་མིང་དུ་གདགས་པ་ཙམ་ལ་གནས་ཀྱི། ནམ་མཁའ་དེ་ཉིད་མེད་པའི་རང་བཞིན་ནམ་གཞན་གྱིས་བྱས་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། ནམ་མཁའ་ཞེས་བརྗོད་པ་ཙམ་དུ་ཟད་ཀྱི་མིང་ལས་ལྷག་པར་ནམ་མཁའ་ཞེས་པའི་དངོས་པོ་ཡོད་པ་

མ་ཡིན་པ་དེ་བཞིན་དུ་སྔགས་ཀྱི་དབང་པོའི་སྙིང་པོ་དེ་ཡང་ཀུན་རྫོབ་པ་ཙམ་སྣང་བར་ཟད་ཀྱི། དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་པའོ། །མེ་དང་རླུང་དང་ཆུ་མ་ཡིན། །ཞེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་རང་བཞིན་ཏེ། མེ་དང་ཆུ་ལ་སོགས་པ་ཆེན་པོ་བཞི་དང་། ཉི་མ་དང་ཟླ་

བ་ལ་སོགས་པ་ཆེན་པོ་བཞི་ལ་གནས་པ་དང་། ཉིན་པར་མཚན་མོ་ལ་སོགས་པའི་དུས་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཀྱི་རང་བཞིན་མ་ཡིན་ཏེ། གང་ཐམས་ཅད་མཁྱེན་གྱི་གནས་ཐོབ་པར་འདོད་པ་དེ་ནི། ཇི་སྐད་དུ་སྨོས་པའི་དངོས་པོ་འདི་རྣམས་དང་བྲལ་བའི་བྱང་ཆུབ་ཀྱི་རང་བཞིན་དེ་ལ་

ནན་ཏན་བྱའོ་ཞེས་པའོ། །ད་ནི་དམ་ཚིག་གསུམ་བཤད་དེ། དེ་ཡང་རྣམ་པ་གཉིས་ཏེ། རྒྱུའི་དམ་ཚིག་གསུམ་དང་། འབྲས་བུའི་དམ་ཚིག་གསུམ་མོ། །དེ་ལ་རྒྱུའི་དམ་ཚིག་གསུམ་ནི་འཇུག་པའི་སེམས་དང་། གནས་པའི་སེམས་དང་ལྡང་བའི་སེམས་སོ། །འབྲས་བུའི་དམ་ཚིག་གསུམ་ནི་

เล่ม ๖๙ · หน้า 247b

བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་ལ་སོགས་པ་རྣམ་པ་གསུམ་མོ། །དེ་ལ་དམ་ཚིག་ཅེས་པའི་ཚིག་གི་དོན་ནི་ཀུན་དུ་འགྲོ་བ་ཞེས་ཀྱང་བྱ་སྟེ། འཇུག་པ་དང་གནས་པ་དང་ལྡང་བའི་སེམས་སོ། །འདིས་འགྲོའོ་ཞེས་པའི་དོན་ཏོ། །ཀུན་དུ་ཐོབ་པའམ་ཆུད་པར་བྱ་བ་ཞེས་ཀྱང་བྱ་སྟེ། སྐུ་མི་ཟད་པའི་

རྡོ་རྗེའི་རྒྱན་ལ་སོགས་པ་རྣམ་པ་གསུམ་པོ་དེ་དག་ཐོབ་པའམ་ཆུད་པར་བྱ་བས་དེ་དག་ཉིད་ལ་བྱ་སྟེ། སྐབས་འདིར་ནི་རྒྱུའི་དམ་ཚིག་བཤད་དེ། དེ་ཡང་དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པའོ། །དེ་ལ་ཆོས་གཞན་པ་

རྣམ་པ་གསུམ་སྟེ་ཞེས་པ་ནི་འཇུག་པ་དང་། གནས་པ་དང་ལྡང་བའི་སེམས་གསུམ་ཐ་དད་པས་ཆོས་གཞན་པ་གསུམ་ཞེས་བྱའོ། །གང་ཆོས་གཞན་པ་ལས་སྒྲིབ་པ་མེད་པའི་ཚུལ་གྱིས་དམ་ཚིག་གསུམ་འབྱུང་བའོ་ཞེས་པ་ནི་འཇུག་པ་ལ་སོགས་པའི་སེམས་གསུམ་པོ་དེ་སྤྱད་པ་ལས་ཐོགས་པ་

མེད་པར་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་དམ་ཚིག་གསུམ་གྱི་མཚན་ཉིད་དེ་འབྱུང་ངོ་ཞེས་པ་སྟེ། དེ་ཉོན་ཅིག་བཤད་དོ་ཞེས་པའི་ཚིག་གོང་མ་དང་འབྲེལ་ཏོ། །ཆོས་གཞན་པ་ཞེས་བྱ་བ་དེ་ཡང་གང་ཞེ་ན་ཞེས་པ་ནི་འཇུག་པ་ལ་སོགས་པའི་སེམས་དེ་གསུམ་པོ་སོ་སོར་བྱེ་བྲག་ཕྱེ་སྟེ་

བཤད་པའི་ཕྱིར་གསུངས་པའོ། །དེ་ལ་འཇུག་པའི་སེམས་ནི་དང་པོ་སེམས་མ་བསྒོམས་པའི་རང་བཞིན་ཞེས་པ་ནས་བྱང་ཆུབ་ཀྱི་མཚན་ཉིད་དོ་ཞེས་པའི་བར་དུ་མ་བསྒོམས་པའི་རང་བཞིན་ཞེས་པ་ནི་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ཤེས་རབ་ཀྱིས་མ་བཤིག་པའོ་ཞེས་པའོ། །

དེའི་རྗེས་བཞིན་འབྱུང་བའི་ཤེས་རབ་ཅེས་པ་ནི་མ་བསྒོམས་ཀྱི་དེ་མ་ཐག་ཏུ་ཆོས་ལ་བདག་མེད་པའི་ཤེས་རབ་བོ། །དེས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བསྐྱེད་པ་ཞེས་པ་ནི་ཤེས་རབ་དེ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་བསྐྱེད་པ་ཞེས་པ་སྟེ། དེ་བས་ན་གསུངས་

པ། རྟོག་པའི་དྲ་བ་ཐམས་ཅད་མེད་པའི་སེམས་བྱང་ཆུབ་ཀྱི་མཚན་ཉིད་ཅེས་པ་སྟེ། ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལ་ཡོད་ཅིང་ཆགས་པར་རྟོག་པ་ནི་གྲོལ་བའི་བགེགས་སུ་འགྱུར་བ་སྟེ་རྟོག་པ་དེ་ཉིད་དྲ་བ་ཞེས་བྱ་བའོ། །གང་རྟོག་པའི་དྲ་བ་མེད་པའི་སེམས་ནི་སྟོང་

เล่ม ๖๙ · หน้า 248a

པ་ཉིད་དུ་ཆུད་པའི་སེམས་ཏེ། བྱང་ཆུབ་ཀྱི་མཚན་ཉིད་དེ། དེ་ནི་དང་པོའི་སེམས་ཞེས་པའི་ཚིག་གོང་མ་དང་འབྲེལ་ཏེ་འཇུག་པའི་སེམས་སོ། །གཉིས་པར་ནི་རྣམ་པར་མི་རྟོག་པའི་ཀུན་དུ་སངས་རྒྱས་པའི་གནས་སོ་ཞེས་པ་ནི་གནས་པའི་སེམས་ཏེ། རྟོག་པའི་དྲ་བ་ཐམས་ཅད་

མེད་པ་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་ཤེས་རབ་དེ་ཉིད་ལུས་ཐམས་ཅད་སྟོང་པའི་རང་བཞིན་དུ་ཆུད་ནས་རྣམ་པར་མི་རྟོག་པ་ཉིད་ལ་གནས་ཏེ། དེ་ཉིད་ཀུན་དུ་སངས་རྒྱས་པའི་གནས་ཞེས་བྱའོ། །ཡང་དག་པ་དེ་བཞིན་དུ་མཐོང་ནས་ཀྱང་ཞེས་པ་ནས་དེའི་དམ་ཚིག་གསུམ་པོ་ཞེས་པའི་བར་དུ་ལྡང་

བའི་སེམས་བཤད་པ་སྟེ། ཡང་དག་པ་ཇི་བཞིན་དུ་མཐོང་ནས་ཀྱང་ཞེས་པ་ནི་འཇུག་པ་དང་གནས་པའི་སེམས་ཀྱིས་དེ་བཞིན་ཉིད་ལ་ཕྱིན་ཅི་མ་ལོག་པར་ཆུད་ནས་ཀྱང་ཞེས་པ་སྟེ། དེ་ལྟར་དེ་བཞིན་པ་ཉིད་དུ་ཆུད་ནས་ཀྱང་རྣམ་པར་མི་རྟོག་པ་དེ་བཞིན་པ་ཉིད་ལ་མི་གནས་པའི་སེམས་ཅན་གྱི་

དོན་དུ་སྤྱད་དེ། དེ་བས་ན་གསུངས་པ་སེམས་ཅན་གྱི་ཁམས་མ་ལུས་པ་ལ་བལྟས་ནས་ཞེས་པ་ལ་སོགས་པའོ། །སེམས་ཅན་གྱི་ཁམས་ལ་བལྟ་བ་དེ་ཡང་དམིགས་པ་དང་བཅས་ཤིང་ཁེ་དང་བཀུར་སྟིའི་ཕྱིར་བལྟ་བ་མ་ཡིན་ཏེ། དེ་བས་ན་གསུངས་པ་གསང་བའི་བདག་པོ་སྙིང་རྗེའི་

དབང་དུ་གྱུར་ཅིང་མི་དམིགས་པ་ཉིད་དུ་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་གང་ཞེ་ན། གསུངས་པ་འདི་ལྟ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་ཉིད་མེད་པའི་བྱང་ཆུབ་ཏུ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་པར་བྱའོ་ཞེས་པ་སྟེ། མདོར་ན་དེ་བཞིན་ཉིད་ཀྱི་རྣམ་

པར་མི་རྟོག་པ་ལ་གནས་ནས་ཀྱང་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྙིང་རྗེའི་དབང་དུ་གྱུར་ཅིང་དམིགས་པ་ཉིད་དུ་སེམས་ཅན་ཐམས་ཅད་ཇི་ལྟར་བདག་གིས་ཆུད་པའི་བྱང་ཆུབ་ཏུ་རྟོག་པ་ལས་བྱུང་བའི་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་ཉིད་མེད་པ་དེ་ལ་དགོད་པར་བྱའོ་ཞེས་པའི་བྱང་ཆུབ་ཀྱི་

སེམས་སྐྱེའོ་ཞེས་པའོ། །འདི་ནི་དམ་ཚིག་གསུམ་པོ་ཞེས་པ་ནི་ཇི་སྐད་དུ་སྨྲས་པའི་འཇུག་པ་དང་། གནས་པ་དང་ལྡང་བའི་སེམས་ཏེ་གསུམ་ནི་དམ་ཚིག་གསུམ་ཞེས་པའོ། །ཇི་ལྟར་ན་གསང་བའི་བདག་པོ་དམ་ཚིག་གསུམ་ཞེ་ན་ཞེས་པ་ལ་སོགས་པ་ནི་འཇུག་པ་ལ་སོགས་པའི་སེམས་དེ་

เล่ม ๖๙ · หน้า 248b

དག་ཉིད་ཀྱི་གཞུང་བཤད་པ་སྟེ། དང་པོའི་སེམས་སངས་རྒྱས་སོ་ཞེས་པ་ནི་དང་པོའོ། །འཇུག་པའི་སེམས་ཏེ་ཕུང་པོ་ལ་སོགས་པའི་ཆོས་རྣམས་བདག་མེད་པར་ཆུད་པས་ན་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་ཞེས་པའི་ཚིག་ནི་ཆུད་པ་ཞེས་པའི་གཞུང་ཡིན་པའི་ཕྱིར་རོ། །གཉིས་པོ་ནི་ཆོས་

ཞེས་བྱའོ་ཞེས་པ་ནི་གནས་པའི་སེམས་དེ་བཞིན་པ་ཉིད་ཀྱི་རང་བཞིན་པའི་མཚན་མ་འཛིན་པའི་ཆོས་ཞེས་པའོ། །དེ་དང་ལྷན་ཅིག་ཏུ་འབྱུང་བའི་སེམས་ནི་དགེ་འདུན་ནོ་ཞེས་བསྒྲགས་སོ་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པར་ཆུད་པའི་ཚེ་ཉིད་ན། སྙིང་རྗེའི་དབང་གིས་ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའི་

དགེ་འདུན་གྱི་མཚན་ཉིད་ལྷ་རྣམས་ཀྱི་སྐུར་བསྒྱུར་བ་ལ་བྱའོ། །དཔའ་བོ་དམ་ཚིག་འདི་གསུམ་བཤད་པ་ཁྱོད་ལ་མགོན་པོ་རྣམས་ཀྱིས་ཞེས་པ་ནི། ཇི་སྐད་སྨོས་པ་འདི་དམ་ཚིག་འདི་གསུམ་དཔའ་བོ་ཁྱོད་ལ་ངས་བཤད་པ་འབའ་ཞིག་མ་ཡིན་གྱི། སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་རྣམས་

ཀྱིས་ཀྱང་བཤད་དོ་ཞེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་གཅིག་པུ་བསྟན་པའོ། །དམ་ཚིག་གསུམ་པོ་འདི་གནས་ནས་སྤྱོད་པ་བྱང་ཆུབ་སྤྱོད་པ་དེ་ཚེ་ཚུལ་ཡང་སྒོའི་སྟེ། དཔའ་བོའི་སེམས་ཅན་ཕན་དོན་ཕྱིར། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་རྣམས་དམ་

ཚིག་འདི་གསུམ་ལ་གནས་ནས་འཇིག་རྟེན་པ་རྣམས་ཀྱི་ཚུལ་མང་པོ་དང་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཚུལ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་གྱི་ཕྱིར་སྤྱོད་དོ་ཞེས་པའོ། །ནམ་ཞིག་གྱུར་པ་ཀུན་སངས་རྒྱས། །སྐུ་གསུམ་ལ་ནི་དབང་ཐོབ་པ། དེ་ནས་གསང་

བའི་བདག་པོ་དེ་ཡང་དག་པར་ཀུན་དུ་སངས་རྒྱས་པ་སྟོན་པར་བྱེད་དོ་ཞེས་པ་ལ་སོགས་པ་ནི་འབྲས་བུའི་དམ་ཚིག་གསུམ་བསྟན་པ་སྟེ། ནམ་ཀུན་དུ་སངས་རྒྱས་པར་གྱུར་པ་དེ་ན་སྤྲུལ་པའི་སྐུས་སངས་རྒྱས་ཀྱི་ཡབ་ཟས་གཙང་མའི་སྲས་སུ་སྟོན་པ་ནས་མྱ་ངན་ལས་འདས་པའི་བར་དུ་སྟོན་པ་སྟེ་དེ་ལ། སྐུ་

གསུམ་ལ་ནི་དབང་ཐོབ་པ། །ཞེས་པ་ནི་ནམ་འོག་མིན་གནས་སུ་ཀུན་དུ་སངས་རྒྱས་པར་གྱུར་པ་དེ་ཉིད་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུད་པ་དེ་བཞིན་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ནི་ཆོས་ཀྱི་སྐུ་ལ་དབང་ཐོབ་པའོ། །དེའི་ཚེ་རྫོགས་ལོངས་སྤྱོད་པའི་སྐུར་སྣང་བས་ན། རྫོགས་ལོངས་སྤྱོད་པའི་སྐུའི་དབང་

เล่ม ๖๙ · หน้า 249a

ཐོབ་པའོ། །དེ་ནས་སྤྲུལ་པའི་སྐུ་འཇིག་རྟེན་དུ་སྣང་བས་ན་སྤྲུལ་པའི་སྐུའི་དབང་ཐོབ་པའོ། །ལུས་གཅིག་བྱིན་གྱིས་བརླབས་པ་ནི་འདི་ལྟ་སྟེ། ཐོག་མར་སྤྲུལ་པའི་སྐུའོ་ཞེས་པ་ནི་ཡང་དག་པར་ཀུན་དུ་སངས་རྒྱས་པའི་བསྟན་པ་སྟོན་པར་བྱེད་དོ་ཞེས་པ་དང་འབྲེལ་ཏེ། ཐོག་མར་

འོག་མིན་གནས་སུ་ཀུན་དུ་སངས་རྒྱས་ནས་སྤྲུལ་པའི་སྐུར་བྱིན་གྱིས་བརླབས་ཏེ་རྒྱལ་པོ་ཟས་གཙང་མའི་སྲས་སུ་སྟོན་པ་དང་། གཞོན་ནུ་རོལ་པ་དང་། རབ་ཏུ་བྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བ་ལ་སོགས་པའི་བསྟན་པ་རྣམས་སྟོན་པར་བྱེད་དོ་ཞེས་པའོ། །གཞན་

ཡང་གསང་བའི་བདག་པོ་ལུས་གཅིག་པོ་དེ་ཉིད་ལ་རྣམ་པ་གསུམ་དུ་སྟོན་ཏེ། འདི་ལྟར་སངས་རྒྱས་པ་དང་ཆོས་དང་དགེ་འདུན་ནོ་ཞེས་པ་ཡང་། ཡང་དག་པར་ཀུན་དུ་སངས་རྒྱས་པའི་བསྟན་པ་སྟོན་པར་བྱེད་དོ་ཞེས་པ་དང་འབྲེལ་ཏེ་སངས་རྒྱས་ནི་སྤྲུལ་པའི་སྐུ་ཉིད་ལ་བྱའོ། །ཆོས་ནི་གསུང་རབ་ཡན་

ལག་བཅུ་གཉིས་གསུང་མི་ཟད་པའི་སྒོ་ནས་འཆད་པའོ། །དགེ་འདུན་འཕགས་པའི་གང་ཟག་བརྒྱད་ཀྱི་དགེ་འདུན་ཏེ། སྤྲུལ་པའི་སྐུ་གཅིག་པུ་དེ་འདི་རྣམས་སུ་བྱིན་གྱིས་བརླབ་ཅིང་ཀུན་དུ་སངས་རྒྱས་པའི་བསྟན་པ་སྟོན་པར་བྱེད་དོ་ཞེས་པའོ། །གཞན་ཡང་གསང་བའི་བདག་པོ་དེ་ཉིད་ཐེག་པ་

གསུམ་དུ་བརྟགས་པ་འཆད་དོ་ཞེས་པ་ནི་སྤྲུལ་པའི་སྐུ་དེ་ཉིད་གང་ཟག་ལ་བདག་མེད་པར་ཆུད་པ་ལ་མོས་པའི་འགྲོ་བ་ཉན་ཐོས་རྣམས་ལ་ནི་ཉན་ཐོས་པའི་ཐེག་པར་བརྟགས་ཤིང་འཆད། ཆོས་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་དུ་བཤིག་སྟེ། མི་རྟག་པར་མཐོང་ནས་གྲོལ་བར་བྱེད་པར་

མོས་པའི་འགྲོ་བ་རྣམས་ལ་ནི་རང་སངས་རྒྱས་ཀྱི་ཐེག་པར་བརྟགས་ཤིང་འཆད། ཆོས་དང་གང་ཟག་གཉིས་ཀ་བདག་མེད་པར་ཆུད་པ་ལ་མོས་པའི་འགྲོ་བ་རྣམས་ལ་ཐེག་པ་ཆེན་པོར་བརྟགས་ཤིང་འཆད་དོ་ཞེས་པའོ། །དེ་ནས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱས་ནས་ཡོངས་སུ་མྱ་ངན་ལས་

འདས་པ་སྟོན་ཅིང་སེམས་ཅན་ཀུན་སྨིན་པར་བྱེད་དོ་ཞེས་པ་ནི། མི་རྟག་པར་མཐོང་ནས་འཁོར་བ་ལས་ཐར་བར་ནན་ཏན་བྱེད་པའི་སེམས་ཅན་རྣམས་སྨིན་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པ་སྟོན་ཏེ། མྱ་ངན་ལས་འདས་པ་དེ་སེམས་ཅན་རྣམས་ཀྱིས་མཐོང་ནས་སངས་རྒྱས་བཅོམ་ལྡན་འདས་

เล่ม ๖๙ · หน้า 249b

ལྷ་དང་མིའི་བདག་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ཡང་མི་རྟག་ན་གཞན་ལྟ་ཅི་སྨོས་སྙམ་ནས་འཕགས་པའི་ལམ་ལ་ནན་ཏན་བྱེད་ཅིང་སྨིན་པར་འགྱུར་རོ་ཞེས་པའོ། །འདི་དག་ནི་རྒྱུ་དང་འབྲས་བུའི་དམ་ཚིག་གསུམ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། སྔགས་སྤྱོད་པའི་བྱང་ཆུབ་སེམས་དཔའ་

གཉིས་ཀའི་ཕྱིར་བསྟན་པ་སྟེ། རྒྱུའི་དམ་ཚིག་གསུམ་ནི་མོས་པ་སྤྱོད་པའི་སེམས་ཀུན་དུ་བཟང་པོའི་སའི་བར་དུ་སྟེ། དེའི་བར་དུ་འཇུག་པ་ལ་སོགས་པའི་སེམས་གསུམ་དང་ལྡན་པའི་ཕྱིར་རོ། །འབྲས་བུ་དམ་ཚིག་གསུམ་ནི་སྔ་མ་བཞིན་ཏེ། དེ་ལྟར་སྔགས་སྤྱོད་པའི་བྱང་ཆུབ་སེམས་དཔའ་མོས་

པ་སྤྱོད་པའི་ས་ལ་གནས་པ་རྣམས་ལ་གང་དམ་ཚིག་གསུམ་པོ་འདི་ཤེས་ཤིང་དེ་ལ་གནས་པ་དེའི་རྗེས་སུ་བསྔགས་པ་བཤད་པ་དེ་གསུངས་པ། གསང་བའི་བདག་པོ་ཞེས་པ་ནས་རྟོག་པ་ཐམས་ཅད་ལས་བྱུང་བའི་བགེགས་མེད་དོ་ཞེས་པ་སྟེ། སྤྱིར་བགེགས་ལ་རྣམ་པ་གསུམ་སྟེ། རྣམ་པར་རྟོག་

པ་ལས་འབྱུང་བ་དང་། ལས་ལས་འབྱུང་བ་དང་། གང་བག་མེད་པ་མ་སྤངས་པ་ལས་འབྱུང་བ་སྟེ། ལས་ལས་འབྱུང་བ་བགེགས་ནད་མང་པོ་ལ་སོགས་པ་དང་། བག་མེད་པ་མ་སྤངས་པ་ལས་འབྱུང་བའི་བགེགས་དུག་དང་། མཚོན་དང་གཡང་ས་ལ་སོགས་པར་འགྲོ་བ་དང་། དེ་དག་རྣམ་

པར་རྟོག་པ་སྔོན་དུ་སོང་བ་ལས་གྱུར་པས་རྟོག་པ་ཐམས་ཅད་ལས་བྱུང་བའི་བགེགས་ཞེས་བྱ་སྟེ། བགེགས་དེ་དག་མེད་པར་འགྱུར་རོ་ཞེས་པའོ། །མི་འདོད་པ་དང་ལེ་ལོ་ཅན་དང་འདུ་འཛི་ཅན་ཡིད་མི་ཆེས་པ་དང་། ཡོ་བྱད་མང་པོ་ལ་སོགས་པ་རྣམས་ནི་མ་གཏོགས་སོ་ཞེས་པ་ནི། དམ་ཚིག་

གསུམ་པོ་དེ་དག་དང་ལྡན་དུ་ཟིན་ཀྱང་སྒྲུབ་པ་མི་འདོད་པ་དང་། ལེ་ལོ་ལ་སོགས་པའི་མིང་གིས་སྨོས་པ་འདི་རྣམས་དང་ལྡན་པ་ནི་བགེགས་མེད་པ་ནི་ནང་དུ་མ་གཏོགས་ཏེ་སྒྲུབ་པ་མི་འདོད་པ་དང་། ལེ་ལོ་ལ་སོགས་པ་དེ་དག་ཉིད་བགེགས་ཡིན་པའི་ཕྱིར་རོ། །དེས་ན་རྣམ་གཉིས་མི་བྱ་སྟེ་མྱོས་པའི་

བཏུང་བ་དང་ཉལ་བའི་ཁྲིའོ་ཞེས་པ་ནི་མྱོས་པའི་བཏུང་བ་ནི་མ་རུངས་པར་འགྱུར་བ་ཐམས་ཅད་ཀྱི་རྩ་བས་སྤང་ངོ་། །ཇི་ལྟར་དེ་བཞིན་གཤེགས་པ་ལགས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཞུས་པ་ནི་སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

เล่ม ๖๙ · หน้า 250a

རྣམས་ཀྱིས་སྔགས་གསུངས་པ་ནི། འདི་ནི་དེ་བཞིན་གཤེགས་པའི་སྔགས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔགས་སོ་ཞེས་པ་ལ་སོགས་པ་གསུངས་པ་དེ་ལ་དེ་བཞིན་གཤེགས་པ་དང་། ཀུན་དུ་སངས་རྒྱས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཉིད་བྱེ་བྲག་ཅི་

མཆིས་གང་ལགས་པ་མ་འཚལ་ན། ཐེ་ཚོམ་དེ་བསལ་བར་གསོལ་ཞེས་པའོ། །དེ་བས་ན་ཕྱག་ན་རྡོ་རྗེ་ཉིད་ཀྱིས་མི་མཁྱེན་པ་མ་ཡིན་གྱི་མ་འོངས་པའི་འགྲོ་བ་རྣམས་ཐེ་ཚོམ་བསལ་བའི་ཕྱིར་རོ། །ཞུས་པའི་ཚིག་དེ་བཞི་ཡང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དོ། །ཞེས་པ་ལ་སོགས་པ་ཞེས་

པའི་ཚིགས་སུ་བཅད་པས་རིམ་བཞིན་དུ་གཉིས་གསོལ་ཏོ། །ཐེ་ཚོམ་ཡིད་མི་ཆེས་སྤངས་ནས། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཐེག་ཆེན་ལ་ནི་སྤྱོད་འགྱུར་བ། །སྤྱོད་པའི་རྒྱལ་པོ་བླ་ན་མེད་པའོ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་གྲགས་པ་ཆེན་པོ་རྣམས་ཐེག་ཆེན་སྔགས་

ཀྱི་སྤྱོད་པ་ལ་སྤྱོད་པ་ནི་ཡང་ཐེ་ཚོམ་དང་ཡིད་མི་ཆེས་པ་སྤངས་ནས་དེ་བས་ན་ཐེག་པ་ཆེན་པོ་སྔགས་ཀྱི་སྤྱོད་པ་ལ་སྤྱོད་པའི་ཕྱིར་བདག་གི་ཐེ་ཚོམ་དེ་བསལ་དུ་གསོལ་ཞེས་པ་དང་སྦྱར་རོ། །སྤྱོད་པའི་རྒྱལ་པོ་བླ་ན་མེད། །ཅེས་པ་ནི་སྔགས་ཀྱི་སྤྱོད་པ་ཉིད་ལ་བྱའོ། །བྱང་ཆུབ་ནམ་མཁའི་མཚན་ཉིད་དེ།

རྟོག་པ་ཐམས་ཅད་སྤངས་པ་ཡིན་ཏེ། བདག་གིས་དེ་འདྲའོ་རྟོགས་འདོད་པ། །དེ་ནི་བྱང་ཆུབ་སེམས་དཔའོ། །ཞེས་པ་ནི། ཇི་ལྟར་བྱང་ཆུབ་སེམས་དཔའ་ལགས། །ཞེས་ཞུས་པའི་ལན་ཏེ་འདི་སྐད་གསུངས་པ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུད་པ། དེ་བཞིན་པ་ཉིད་ཀྱི་ཡེ་ཤེས་གཟུང་

བ་དང་འཛིན་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་པ་ནམ་མཁའ་ལྟ་བུར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པ་དེ་ནི་བྱང་ཆུབ་སྟེ། བྱང་ཆུབ་དེ་ལྟ་བུར་གང་ཆུད་པར་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་ཡང་ས་དང་པོ་ལ་ཞུགས་ནས་ས་དགུ་མན་ཆད་ཀྱི་བྱང་ཆུབ་སེམས་

དཔའ་རྣམས་ལ་བྱའོ། །ས་བཅུ་མངོན་པར་བསྒྲུབས་ནས་སུ། །སངས་རྒྱས་ཞེས་སུ་དེ་བསྒྲགས་སོ། །ཞེས་པའི་བར་དུ་ཇི་ལྟར་སངས་རྒྱས་ཞེས་སུ་དེ་བགྱི་ཞེས་ཞུས་པའི་ལན་ཏེ། ས་བཅུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཇི་སྐད་དུ་གྲགས་པའི་དབང་བཅུ་ལ་ཡང་དབང་དུ་གྱུར་

เล่ม ๖๙ · หน้า 250b

པའི་ཏིང་ངེ་འཛིན་ལ་གནས་པ་དང་། ལངས་པ་གཉིས་ཀའི་ཚེ་ན་ཡང་ཕུང་པོ་ལ་སོགས་པའི་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས་པ་འཇིག་རྟེན་པ་རྣམས་ཀྱི་རྒྱུད་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་དུ་སྟོང་པ་ཉིད་དང་སྒྱུ་མ་ལྟ་བུར་ཤེས་པ་དེ་ནི་སངས་རྒྱས་ཞེས་བྱ་སྟེ་བྱང་ཆུབ་སེམས་དཔའ་ཕལ་རྣམས་ཀྱིས་

ཀྱང་ཆོས་རྣམས་སྟོང་པ་སྒྱུ་མ་ལྟ་བུར་རྟོགས་པ་དང་། འཇིག་རྟེན་ཀུན་གྱི་རྒྱུད་དུ་ཤེས་མོད་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་མ་སྤངས་པས། ཆོས་རྣམས་སྟོང་པ་དང་སྒྱུ་མར་རྟོག་པ་ཡང་མཉམ་པར་གཞག་པ་ལས་ལངས་པའི་ཚེ་མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པར་གྱུར་ཏེ། དེ་བས་ན་ཁྱད་པར་དུ་

གསུངས་པ། ས་བཅུ་དང་ས་བཅུ་ལ་རྫོགས་པར་སངས་རྒྱས་པ་ཞེས་བྱ་སྟེ། སངས་རྒྱས་པ་ཞེས་བྱ་བ་ནི་ལོག་པའི་གཉེན་པོ་ལ་སོགས་པ་སྤངས་ནས་ཕྱིན་ཅི་མ་ལོག་པར་ཆུད་པ་ལ་བྱའོ། །ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །གཉིས་སུ་མེད་དེ་མཚན་ཉིད་གཅིག །སྟོབས་བཅུ་ཀུན་དུ་སངས་

རྒྱས་པ། །དེ་ནི་ཀུན་དུ་སངས་རྒྱས་སོ། །ཞེས་པ་ནི་ཇི་ལྟར་རྒྱལ་བ་མཆོག་ཅེས་ཞུས་པའི་ལན་ཏེ། ས་བཅུའི་བྱང་ཆུབ་སེམས་དཔར་སངས་རྒྱས་ཞེས་བྱ་བ་རྣམས་ཀྱིས་ཆོས་རྣམས་སྟོང་པར་ཆུད་པ་ཡང་སོ་སོར་མཚན་ཉིད་དུ་ཆུད་དེ། དེ་ལས་ལྷག་པར་གང་སོ་སོར་མཚན་ཉིད་དུ་སྟོང་པར་ཆུད་པ་དེ་

རྣམས་གང་གཟུགས་ཀྱི་སྟོང་པ་དེ་ཚོར་བའི་སྟོང་པ་སྟེ། གཟུགས་ཀྱི་སྟོང་པ་དང་ཚོར་བའི་སྟོང་པ་ཉིད་གཉིས་གཉིས་སུ་དབྱེར་མེད་ཅེས་པ་ལ་སོགས་པའི་ཚུལ་དུ་ཆོས་ཐམས་ཅད་ནམ་མཁའི་མཚན་ཉིད་ལྟར་གཉིས་སུ་མེད་དེ། མཚན་ཉིད་གཅིག་ཏུ་སྟོབས་བཅུ་ཡོངས་སུ་རྫོགས་ནས་ཀུན་དུ་ཆུད་པ་དེ་

ནི་ཀུན་དུ་སངས་རྒྱས་ཞེས་བྱ་བ་སྟེ། དེ་ཡང་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཀུན་དུ་བཟང་པོའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །རྒྱལ་བའི་མཆོག་ཅེས་པ་ནི་བདུད་བཞི་ལས་རྒྱལ་བའི་ཕྱིར་རོ། །འདུ་ཤེས་ཙམ་དུ་སྤངས་པ་སུ། །རང་བཞིན་བསྟན་དུ་མེད་

ན་ནི། །གང་གིས་རིག་པའི་ཡེ་ཤེས་ཀྱིས། །ཀུན་དུ་སངས་རྒྱས་པའི་ཚེ་ཆོས་ཐམས་ཅད་སྟོང་པའི་མཚན་ཉིད་གཅིག་ཏུ་ཆུད་པའི་འདུ་ཤེས་ཙམ་པ་དེ་ཡང་སྤངས་ཏེ། རང་གིས་རིག་པ་རང་བཞིན་དུ་བསྟན་པ་མེད་པ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ད་

เล่ม ๖๙ · หน้า 251a

ནི་གསང་བའི་ཕྱག་རྒྱ་བརྒྱད་པོ་བཤད་པར་བྱ་སྟེ། ཕྱག་རྒྱ་འདི་རྣམས་ཀྱང་སྔགས་པ་ལྷའི་གཟུགས་སུ་བསྒྱུར་བ་དེ་བརྟན་པར་བྱ་བའི་ཕྱིར་སྦྱར་ཏེ། ལྷའི་གཟུགས་སུ་བསྒྱུར་བ་ཡང་རྣམ་པ་གཉིས་ཏེ་དེ་བཞིན་གཤེགས་པའི་སྐུར་བསྒྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐུར་བསྒྱུར་བའོ། །

དེ་བཞིན་གཤེགས་པའི་སྐུར་བསྒྱུར་ལ་ཕྱག་རྒྱ་འདི་རྣམས་ཀྱིས་བྱིན་གྱིས་བརླབས་ན་ཕྱག་རྒྱ་འདི་རྣམས་དེ་བཞིན་གཤེགས་པའི་ཕྱག་རྒྱ་བས་དེ་བཞིན་གཤེགས་པ་ཉིད་ཀྱི་རང་བཞིན་དུ་འགྱུར་རོ། །དེ་ལ་ལྷའི་སྐུ་ཡོངས་སུ་རྫོགས་པར་བྱ་བ་ཡང་རྣམ་པ་གཉིས་ཏེ། གནས་རྫོགས་པར་བྱ་བ་དང་ལུས་

རྫོགས་པར་བྱ་བའོ། །གནས་རྫོགས་པར་བྱ་བ་ནི་རྡོ་རྗེ་མི་ཕྱེད་པའི་ཕྱག་རྒྱ་དང་། པདྨོ་མཛོད་ཀྱི་ཕྱག་རྒྱ་གཉིས་སོ། །ལྷག་མ་དྲུག་གིས་ནི་ལུས་རྫོགས་པར་བྱའོ། །དེ་རྣམས་ལ་རྣམ་པ་གསུམ་དུ་དབྱེ་སྟེ། ལུས་དང་ངག་དང་ཡིད་རྫོགས་པར་བྱའོ། །དེ་ལ་ལུས་རྫོགས་པར་བྱེད་པ་ནི་ཡན་ལག་ཐམས་

ཅད་འབྱུང་བའི་ཕྱག་རྒྱ་དང་འོད་ཀྱི་ཕྱག་རྒྱའོ། །གཟུངས་ཀྱི་ཕྱག་རྒྱ་དང་ཆོས་གནས་པ་གཉིས་ནི་སེམས་རྫོགས་པར་བྱེད་པའོ། །སངས་རྒྱས་ཀྱི་དབྱངས་ཀྱི་རྒྱན་མང་པོའི་ཕྱག་རྒྱ་ནི་ངག་རྫོགས་པར་བྱེད་པའི་ཕྱག་རྒྱའོ། །སྦྱོར་བ་ཆེན་པོའི་ཕྱག་རྒྱ་ནི་ཏིང་ངེ་འཛིན་སྦྱོར་བ་རྫོགས་པར་བྱེད་པའོ། །དེ་རྣམས་

སྦྱར་བར་བྱ་བའི་རིམ་པ་ཡང་ཐོག་མར་རྡོ་རྗེ་མི་ཕྱེད་པའི་ཕྱག་རྒྱས་བདག་གནས་པའི་གཞི་དང་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེའི་གདན་དུ་བྱིན་གྱིས་བརླབས་ཏེ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་བདག་དང་གནས་བསྲུང་བ་དང་། མཆོད་པ་བྱ་བ་དང་། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་ལ་སོགས་

པ་ཇི་སྐད་གསུངས་པའི་རིམ་བཞིན་དུ་བྱས་ལ་དེ་ནས་དེའི་འོག་ཏུ་ཇི་སྐད་བཤད་པའི་རིམ་གྱིས་བདག་ཉིད་ལྷའི་སྐུར་བསྒྱུར་ཏེ། དང་པོར་པདྨོ་ཕྱག་རྒྱས་པདྨོའི་གདན་བྱིན་གྱིས་བརླབ། ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་ལྷའི་སྐུར་བརྟན་པར་བྱིན་གྱིས་བརླབ། དེ་ནས་འོད་འབྱུང་བའི་ཕྱག་རྒྱས་

འོད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབས་ཏེ། དེ་ནས་གཟུངས་ཀྱི་ཕྱག་རྒྱས་ཆོས་མི་བརྗེད་པའི་དྲན་པ་བརྟན་པར་བྱིན་གྱིས་བརླབ། དེ་ནས་སངས་རྒྱས་ཀྱི་དབྱངས་ཀྱི་རྒྱན་མང་པོས་ངག་བྱིན་གྱིས་བརླབ། དེ་ནས་ཆོས་གནས་པའི་ཕྱག་རྒྱས་དེ་བཞིན་ཉིད་ཀྱི་ཆོས་ཉིད་བརྟན་པར་བྱིན་གྱིས་བརླབ། དེའི་

เล่ม ๖๙ · หน้า 251b

འོག་ཏུ་སྦྱོར་བ་ཆེན་པོའི་ཕྱག་རྒྱས་ཏིང་ངེ་འཛིན་བརྟན་པར་བྱིན་གྱིས་བརླབ་སྟེ་དེ་དག་ནི་བསྡུས་པའི་དོན་ཏོ། །འཁོར་གྱི་དཀྱིལ་འཁོར་འདུས་པ་ཐམས་ཅད་གཟིགས་ནས་ཞེས་པ་ནི་སྔ་མ་བཞིན་ནོ། །ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའི་ཞེས་པ་ཕྱག་ན་རྡོ་རྗེས་ཀྱང་མ་གསོལ་བར་བཅོམ་ལྡན་འདས་

ཉིད་འཆད་པ་ནི་ཕྱག་རྒྱ་དེ་ཆེ་བའི་བདག་ཉིད་དུ་བསྟན་པའི་ཕྱིར་ཏེ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་གྱིས་བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་ཕྱག་ན་རྡོ་རྗེས་ཀྱང་དེ་བཤད་དུ་གསོལ་ཞེས་མ་གསོལ་ཏོ། །གསང་བའི་ཕྱག་རྒྱ་ཞེས་པ་ནི་དམ་

ཚིག་མེད་པ་དང་དབང་མ་བསྐུར་བ་ལ་སོགས་པ་ཀུན་ལ་མི་བསྟན་པའི་ཕྱིར་རོ། །གསང་བ་དང་བཅས་པའི་ཞེས་པ་ནི་རྡོ་རྗེའི་གདན་དང་པདྨོ་དང་འོད་ཀྱི་དཀྱིལ་འཁོར་ལ་སོགས་པ་ལྷ་རང་གི་གཟུགས་སུ་མི་བསྟན་པར་ལག་པའི་ཕྱག་རྒྱར་བསྟན་པའི་ཕྱིར་རོ། །ལྷ་ཡི་གནས་སུ་བྱིན་གྱིས་བརླབ། །ཅེས་

པ་ནི་ལྷའི་གནས་ནི་རྡོ་རྗེའི་གདན་དང་པདྨོ་སྟེ། དེ་ལྟར་ལྷ་རྣམས་གནས་པར་འགྱུར་བས་ན་རྡོ་རྗེ་མི་ཕྱེད་པའི་ཕྱག་རྒྱ་དང་པདྨོའི་ཕྱག་རྒྱ་གཉིས་ལ་བྱའོ། །གཉིས་སུ་ན་ཕྱག་རྒྱ་བརྒྱད་ཅར་ལ་བྱ་སྟེ། ཕྱག་རྒྱ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ན། རང་གི་ལུས་ལ་ལྷ་གནས་པར་འགྱུར་བའི་ཕྱིར་རོ། །

རང་གི་སྔགས་ཀྱི་མཚན་ཉིད་ཀྱིས་བཏབ་ཅེས་པ་ནི་ཕྱག་རྒྱ་དེ་དག་སོ་སོའི་སྔགས་འོག་ནས་འབྱུང་བ་རྣམས་མཚན་ཉིད་ཀྱིས་བཏབ་སྟེ་ཕྱག་རྒྱ་དེ་བཅིངས་ན་སྔགས་ཀྱང་དེར་བསམ་མོ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་དང་ལྡན་པ་ཞེས་པ་ནི་ཕྱག་རྒྱ་དེ་དག་སོ་སོའི་དཀྱིལ་འཁོར་དབང་ཆེན་ལ་སོགས་པ་ཇི་

ལྟར་འོག་ནས་འབྱུང་བ་དང་ལྡན་པ་ཞེས་པ་སྟེ། རང་རང་གི་དཀྱིལ་འཁོར་རྣམས་ཕྱག་རྒྱ་ཉིད་ཀྱི་ནང་དུ་བསམ། རྡོ་རྗེ་དང་པདྨོའི་གདན་དང་། འོད་ཀྱི་དཀྱིལ་འཁོར་ལ་སོགས་པ་སོ་སོའི་གནས་སུ་ཡང་ལྡན་པར་བསམ་མོ་ཞེས་པའི་དོན་ཏོ། །རང་གི་ལས་ལ་ལྷར་སྦྱོར་བ། །ཞེས་པ་ནི་ཞི་བ་དང་རྒྱས་

པ་དང་རབ་དང་འབྲིང་ལ་སོགས་པའི་སྒྲུབ་པའི་ལས་རྣམས་ལ་རང་གི་ལྷ་ཉིད་དུ་སྦྱོར་བ་ཕྱག་རྒྱ་འདི་རྣམས་ལྡན་ཞེས་པའོ། །གང་གི་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་དང་ལྷའི་གཟུགས་སུ་རིག་པ་བསྟན་པར་འགྱུར་རོ་ཞེས་པ་ནི་བདག་གི་

เล่ม ๖๙ · หน้า 252a

ལྷའི་གཟུགས་བསྒྱུར་བ་ཕྱག་རྒྱ་འདི་རྣམས་ཀྱིས་ཇི་སྐད་དུ་བཤད་པའི་རིམ་པ་བཞིན་དུ་སོ་སོར་བྱིན་གྱིས་བརླབས་ན་ལྷའི་གཟུགས་སུ་བསྟན་པར་འགྱུར་རོ་ཞེས་པའོ། །རིག་ནས་ཀྱང་ལྷའི་རང་གི་བྱ་བ་ལ་གནས་ན་གྲུབ་པ་ཐོབ་པར་འགྱུར་རོ་ཞེས་པ་ནི། དེའི་སྐུར་བསྒྱུར་ཏེ། ཕྱག་རྒྱ་

དེ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་བསྟན་པར་བྱ་བ་ཙམ་གྱིས་ཆོག་པ་མ་ཡིན་གྱི། རང་གི་ལྷའི་བྱ་བ་ཞི་བ་དང་རྒྱས་པ་དང་རབ་དང་འབྲིང་ལ་སོགས་པའི་གྲུབ་པ་དང་ལས་རྣམས་བསྒྲུབས་ན་འགྲུབ་པར་འགྱུར་རོ་ཞེས་པ་སྟེ། དེ་ལྟ་བུའི་ཡོད་དོ་ཞེས་པ་འབྲེལ་ཏོ། །རྡོ་རྗེ་མི་ཕྱེད་པའི་ཕྱག་རྒྱ་དང་། པདྨོ་

མཛོད་ཀྱི་ཕྱག་རྒྱ་དང་། སངས་རྒྱས་ཀྱི་དབྱིངས་ཀྱི་རྒྱན་མང་པོའི་ཕྱག་རྒྱ་བཅིངས་པ་ལ་ཕྱག་རྒྱ་སྔ་མ་ལས་ཞེས་པ་ནི་དེ་དག་གསུམ་ཆར་གྱིས་ཀྱང་འོད་འབྱུང་བའི་ཕྱག་རྒྱ་ལས་ཤེས་པར་བསྙེག་གོ། །དེ་བཞིན་དུ་གཟུངས་ཀྱི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་གསུམ་པོ་ལ་ཕྱག་རྒྱ་སྔ་མ་ལས་ཤེས་པ་ནི་

ཡན་ལག་ཐམས་ཅད་དུ་འབྱུང་བའི་ཕྱག་རྒྱ་ལས་ཤེས་པར་རིག་པར་བྱའོ། །གཟུངས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་འཇའ་ལྟ་བུ་ལ་མཚན་མ་ཐམས་ཅད་དང་ལྡན་ཞིང་རྡོ་རྗེ་དང་བ་དན་གྱིས་བརྒྱན་པ་ཞེས་པ་ནི་གཟུངས་ཏེ་རྡོ་རྗེའི་གདན་དང་པདྨོ་དང་འོད་ཀྱིས་བསྐོར་བ་ལ་སོགས་པའི་དངོས་པོ་ཇི་

ལྟར་བསམས་པ་རྣམས་མི་བརྗེད་པར་བྱ་སྟེ། མཐུ་ཐམས་ཅད་དང་ལྡན་པར་དགོངས་པས་འཇའ་ལྟ་བུའི་དཀྱིལ་འཁོར་བཞི་ཆར་གྱི་དཀྱིལ་འཁོར་ཁ་དོག་དང་ལྡན་པའོ། །མཚན་མ་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་སོ་སོའི་མཚན་ཉིད་རྡོ་རྗེ་དང་། པདྨོ་ལ་སོགས་པ་དང་ལྡན་པའོ་ཞེས་

པའོ། །རྡོ་རྗེ་དང་བ་དན་གྱིས་བརྒྱན་པ་ཞེས་པ་ནི་དཀྱིལ་འཁོར་དེའི་དབྱིབས་དང་འཇའ་འདྲ་བས་རླུང་གི་དཀྱིལ་འཁོར་དེ་རླུང་གི་དཀྱིལ་འཁོར་གྱི་མཚན་མ་བ་དན་རབ་ཏུ་མི་གཡོ་བར་བྱ་བའི་ཕྱིར་རྡོ་རྗེ་ཅན་གྱི་བ་དན་ཆོས་གནས་པའི་ཕྱག་རྒྱའི་དཀྱིལ་འཁོར་གཉིས་ཞེས་པ་ནི་སྟོང་པ་དང་སྟོང་པའི་ཡང་

སྟོང་པའི་མཚན་མ་སྦྱོར་བ་ཆེན་པོ་ཕྱག་རྒྱའི་དཀྱིལ་འཁོར་ནམ་མཁའི་ཁ་དོག་ལས་ཁྱད་པར་དུ་སྔོ་བར་བྱ་བ་ནི་ཏིང་ངེ་འཛིན་གྱི་མཐུ་ཐམས་ཅད་དང་ལྡན་པའི་ཕྱིར་རླུང་གི་དཀྱིལ་འཁོར་གྱི་ཤས་ཆེ་བར་དགོངས་པའོ། །གསང་བའི་བདག་པོ་གསང་བའི་ཕྱག་རྒྱ་འདི་རྣམས་ནི་དེ་བཞིན་གཤེགས་པ་

เล่ม ๖๙ · หน้า 252b

རྣམས་ཀྱི་ཤིན་ཏུ་གསང་བ་སྟེ། སུ་ལ་ཡང་མི་སྦྱིན་ནོ་ཞེས་པ་ནི་དམ་ཚིག་མེད་པ་དང་དབང་མ་བསྐུར་བ་ལ་སོགས་པ་འོག་ནས་འབྱུང་བའི་ཡོན་ཏན་མིང་གིས་སྨོས་པ་རྣམས་དང་མི་ལྡན་པ་སུ་ལ་ཡང་མི་སྦྱིན་གྱི་ཡོན་ཏན་དེ་རྣམས་དང་ལྡན་པ་ལ་ནི་སྦྱིན་ནོ་ཞེས་པའོ། །དབང་སྦྱིན་ཞེས་པ་ནི་གསང་བའི་

དཀྱིལ་འཁོར་དུ་དབང་བསྐུར་བ་ཞེས་པའོ། །རིགས་དང་ལྡན་པ་ཞེས་པ་ནི་བྲམ་ཟེ་དང་རྒྱལ་རིགས་རྣམས་ལ་སྦྱིན་གྱི། ཉ་པ་ལ་སོགས་པ་རིགས་ངན་པ་རྣམས་ལ་མི་སྦྱིན་ནོ་ཞེས་པའོ། །གཉིས་སུ་རིགས་དང་ལྡན་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་དང་པདྨོའི་རིགས་ཀྱི་ལྷ་རྣམས་ལ་བརྟེན་

ཅིང་དེ་ལ་གནས་པའོ་ཞེས་པའོ། །གསུམ་དུ་ན་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་སྔགས་པའི་སྤྱོད་པ་ལ་བརྩོན་ཞིང་འབད་པ་རྣམས་ལ་ཞེས་པའོ། །སྤྲོ་བ་ཞེས་པ་ནི་སྔགས་སྤྱོད་པ་ལ་བརྩོན་ཞེས་པའོ། །ཡི་དམ་བརྟན་པ་ཞེས་པ་ནི་ཇི་ལྟར་བསམས་པའི་དོན་མ་གྲུབ་ཀྱི་བར་དུ་མི་གཏོང་

བ་ཞེས་པའོ། །བླ་མ་ལ་རིམ་གྲོ་ཆེ་བ་ཞེས་པ་ནི་བླ་མ་ལ་དད་ཅིང་གུས་ན་ཇི་ལྟར་བསྟན་པ་བཞིན་དུ་ཡང་དག་པར་སྦྱོར་ཞིང་ནན་ཏན་བྱེད་པའི་ཕྱིར་རོ། །གཙང་ཞེས་པ་ནི་ལུས་གཙང་ན་སེམས་འདུ་བར་འགྱུར་བའི་ཕྱིར་རོ། །རང་གི་ལུས་དང་སྲོག་ལ་མི་བལྟའོ་ཞེས་པ་ནི་ལས་དང་སྒྲུབ་པ་ལ་སོགས་

པའི་སྔགས་ཀྱི་སྤྱོད་པ་ལ་ལུས་དང་སྲོག་ཀྱང་མི་ཕངས་ཏེ། དེ་ལྟ་བུ་ལ་ཕྱག་རྒྱ་དེ་རྣམས་མི་སྦྱིན་ནོ་ཞེས་པའོ། །ད་ནི་ལྷའི་རང་བཞིན་གྱི་ཏིང་ངེ་འཛིན་བཤད་དོ། །དེ་ལ་ལྷའི་རང་བཞིན་ཀྱང་འོག་ནས་འབྱུང་བའི་ཚུལ་རྣམ་པ་དྲུག་ཏུ་རིག་པར་བྱས་ཏེ། རྣམ་པ་དྲུག་པོ་དེ་ལས་ཀྱང་གང་ཡང་གཟུགས་

དང་ཕྱག་རྒྱ་ལ་སོགས་པའོ། །ལྷའི་རང་བཞིན་གྱི་རྣམ་པ་ལ་ནི་སྔར་བཤད་པའི་ཡན་ལག་རྣམ་པ་བཞི་ལ་སོགས་པར་བཤད་ཟིན་ཏོ། །དེ་ཡང་ཕྱི་རོལ་དུ་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་དང་། བདག་རང་ལྷའི་གཟུགས་སུ་བསྒྱུར་བ་ནི་གཟུགས་ཀྱི་རང་བཞིན་ཟླ་བའི་དཀྱིལ་

འཁོར་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱར་གྱུར་པའི་ལྷའི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལ་ཡིག་འབྲུ་དགོད་པ་ནི་སྒྲའི་རང་བཞིན་བདག་དང་ལྷའི་རང་བཞིན་བདག་ལྷར་བསྒྱུར་བ་ན་ཨུཏྤལ་ལ་སོགས་པའི་ལྷའི་རྣམ་པར་གྲོལ་བའི་ཕྱག་རྒྱ་ནི། རང་གི་གཟུགས་ཀྱི་ཕྱག་རྒྱ་ལྷའི་རང་བཞིན་ཕྱག་རྒྱ་

เล่ม ๖๙ · หน้า 253a

དེ་ཉིད་ལག་པའི་ཕྱག་རྒྱ་ར་བསྒྱུར་ཏེ་ལྷའི་སྐུར་བྱིན་གྱིས་བརླབ་པ་དང་སྲུང་བ་ལ་སོགས་པ་བྱ་བ་ནི་རང་གི་གཟུགས་མ་ཡིན་པའི་ཕྱག་རྒྱའི་རང་བཞིན་ནོ། །དྲུག་པོ་ནི་ཡོངས་སུ་དག་པའི་ལྷའི་རང་བཞིན་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ། ལྷའི་རང་བཞིན་དེ་སྔར་མ་

བཤད་པས་དེ་སྐབས་འདིར་བཤད་པར་བྱ་བ་དང་། ལྷའི་རང་བཞིན་ལྔ་པོ་སྔར་བཤད་པ་རྣམས་ཀྱང་བསླབ་པའི་ཡན་ལག་ཙམ་དུ་ཤེས་ཀྱི་ལྷའི་རང་བཞིན་ཡིན་པར་མི་ཤེས་ཏེ་ཕྱག་རྒྱ་ལ་སོགས་པ་དེ་རྣམས་ཀྱང་ལྷའི་རང་བཞིན་ཡིན་པར་བསྟན་ཏེ། དེ་ཡང་བཅོམ་ལྡན་འདས་ལ་ཕྱག་ན་

རྡོ་རྗེ་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པའོ། །དེ་ལྷའི་གཟུགས་བྱིན་གྱིས་བརླབས་པར་འགྱུར་བའི་ལྷའི་གཟུགས་བཤད་དུ་གསོལ་ཞེས་པ་ནི། འོག་ནས་འབྱུང་བའི་ལྷའི་གཟུགས་ལ་བྱིན་གྱིས་བརླབ་པར་འགྱུར་བ་དེ་བཤད་དུ་གསོལ་ཞེས་པ་སྟེ་

གཟུགས་ཞེས་པའི་ཚིག་ནི་ལྷའི་རང་བཞིན་ཞེས་པའི་དོན་ཏོ། །ལྷའི་རང་བཞིན་དེ་བཤད་པར་གསོལ་བ་དེ་ཇི་ལྟར་དགོས་ཤེ་ན་གསུངས་པ། གང་གི་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལྷའི་གཟུགས་ལ་དམིགས་ནས་རང་གི་བྱ་བའི་ལྷའི་

གཟུགས་སུ་བདག་ཉིད་བྱས་ནས་ཐེ་ཚོམ་མེད་པར་གྲུབ་པ་རབ་ཏུ་ཐོབ་པར་འགྱུར་བའོ། །དེ་ལ་ལྷའི་གཟུགས་ལ་དམིགས་ནས་ཞེས་པ་ནི་ཕྱི་རོལ་གྱི་དེ་བཞིན་གཤེགས་པའི་སྐུ་དང་། དེ་ལ་ཟླ་བའི་དཀྱིལ་འཁོར་སྔགས་དང་བཅས་པའི་ལྷའི་རང་བཞིན་ལ་དམིགས་ནས་ཞེས་པའོ། །རང་

གི་བྱ་བའི་ལྷའི་གཟུགས་སུ་བྱ་བ་དག་བྱས་ནས་ཞེས་པ་ནི། ཞི་བ་དང་རྒྱས་པ་དང་རབ་དང་འབྲིང་ལ་སོགས་པའི་གྲུབ་པ་དང་ལས་ལ་ལྷའི་གཟུགས་སུ་བསྒྱུར་བ་ཞེས་པའོ། །ཐེ་ཚོམ་མེད་པར་གྲུབ་པ་ཐོབ་པར་འགྱུར་ཞེས་པ་ནི་ལྷའི་རང་བཞིན་དེ་རྣམས་བཤད་དེ། དེ་ཤེས་པར་གྱུར་ན་ཐེ་ཚོམ་

མེད་དོ། །ཇི་ལྟར་བསམས་པའི་དོན་གྲུབ་པར་འགྱུར་བའི་ཕྱིར་ལྷའི་རང་བཞིན་དེ་རྣམས་བཤད་དུ་གསོལ་ཞེས་པ་དང་སྦྱར་རོ། །དེ་ལ་གསང་བའི་བདག་པོ་ལྷའི་གཟུགས་རྣམ་པ་གསུམ་སྟེ། ཡི་གེ་དང་ཕྱག་རྒྱ་དང་གཟུགས་སོ་ཞེས་པ་ལ་ལྷའི་གཟུགས་རྣམ་པ་གསུམ་ཞེས་པ་ལ་ལྷའི་རང་བཞིན་

เล่ม ๖๙ · หน้า 253b

རྣམ་པ་གསུམ་ཞེས་པའོ། །ཡི་གེ་ཞེས་པ་ནི་རང་བཞིན་མི་འགྱུར་བའི་ཕྱིར་ཞེས་པའི་ཚིག་སྟེ། དེ་ཡང་གང་ཞེ་ན་གསུངས་པ། ཡི་གེ་ལ་ཡང་རྣམ་པ་གཉིས་ཏེ། སྒྲ་དང་བྱང་ཆུབ་ཀྱི་སེམས་སོ་ཞེས་པའོ། །དེ་ལ་སྒྲ་ནི་སྔགས་ཀྱི་ཡིག་འབྲུ་སྟེ། དེའི་སྒྲས་ཀུན་རྫོབ་དང་དོན་དམ་པའི་ལྷ་རྣམས་

གྲོལ་བ་སྟོན་པ་ལ་རང་བཞིན་གཞན་དུ་མི་འགྱུར་བས་ན་ནམ་ཡང་མི་འགྱུར་ཞེས་པ་སྟེ། ཇི་སྐད་དུ་གསུངས་པ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ཡེ་ནས་གནས་པ་ནི་འདི་ལྟ་སྟེ། སྔགས་ཀྱི་ཆོས་ཉིད་དོ་ཞེས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་

སེམས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ལ་བྱ་སྟེ། དེ་བཞིན་པ་ཉིད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་ལ་ཟླ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། ཟླ་བའི་དཀྱིལ་འཁོར་དེ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱས་བཏབ་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དེ་མི་འགྱུར་བ་ནི་ཕྱིན་ཅི་མ་ལོག་པ་

ཡོངས་སུ་རྫོགས་པས་སྟོང་པ་ཉིད་ཀྱི་རང་བཞིན་ལ་གཟུང་བ་དང་འཛིན་པ་ལ་སོགས་པའི་ཇི་བཞིན་རྣམ་པར་རྟོག་པ་ཅན་དུ་མི་འགྱུར་བའི་ཕྱིར་རོ། །ཕྱག་རྒྱའི་གཟུགས་ལ་ཡང་རྣམ་པ་གཉིས་ཏེ། གཟུགས་འདྲ་བ་གཟུགས་མི་འདྲ་བའོ་ཞེས་གཟུགས་འདྲ་བ་ཞེས་པ་ནི་ལྷ་རྣམས་སོ་སོར་གྲོལ་བའི་

ཕྱག་རྒྱ་པདྨོ་དང་ཨུཏྤལ་ལ་སོགས་པའོ། །གཟུགས་མི་འདྲ་བ་ཞེས་པ་ནི་པདྨོ་ལ་སོགས་པའི་ཕྱག་རྒྱ་དེ་དག་ཉིད་ལག་པའི་ཕྱག་རྒྱར་བསྒྱུར་བའོ། །ལྷའི་གཟུགས་ལ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་མ་དག་པ་ཞེས་པའོ། །ལྷའི་གཟུགས་ཞེས་པ་ནི་ལྷའི་རང་བཞིན་ཞེས་པ་

སྟེ་དེ་ཡང་གང་ཞེ་ན་གསུངས་པ། དེ་ཡོངས་སུ་དག་པ་ནི་ལྷག་པར་ཆུད་པའི་གཟུགས་མཚན་མ་ཐམས་ཅད་དང་བྲལ་བའོ་ཞེས་པ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཁ་དོག་དང་དབྱིབས་ལ་སོགས་པ་ཇི་བཞིན་པའི་མཚན་མ་ཐམས་ཅད་སྤངས་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་ལྷའི་རང་བཞིན་ཞེས་

པའོ། །ཡོངས་སུ་མ་དག་པ་ནི་མཚན་མ་དང་བཅས་པ་སྟེ། གཟུགས་ཁ་དོག་དབྱིབས་སོ་ཞེས་པ་ནི་འཕགས་པ་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དབང་པོ་ལ་སོགས་པའི་ཆ་ལུགས་ཏེ། ཁ་དོག་དང་དབྱིབས་ལ་སོགས་པའི་མཚན་མ་ལ་དམིགས་པས་ཡོངས་སུ་མ་དག་པ་ཞེས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด