རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ

ชื่อสันสกฤต (อักษรทิเบต ตามตัวบท) བཛྲ་ཙཱ་ཪྻ་ཀྲྀ་ཡ་ས་མུཙྪ་ཡ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๖ · หน้า 234a

བའི་ཟླུམ་ལས་བཅུའི་ཆ་སྤངས་ནས་རྐེད་པའི་གནས་མཛེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚད་ལས་བྲང་གི་བཅུའི་ཆ་དང་གསང་བའི་ཆ་ཡིས་ཀྱང་དཔའ་བོ་རྣམས་ཀྱི་ནུ་མ་ཟུང་དག་གོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་དེ་དག་གི་མཐོ་གཉིས་ཀྱིས་ནུ་མ་དག་

སྟེ་མཁྲེགས་པའོ། །བཅོམ་ལྡན་འདས་དཔལ་བདེ་མཆོག་གི་ནི་སྔར་བྱས་པའི་མཚན་ཉིད་ཅན་གྱི་ཞལ་གྱི་གནས་ལས་ནས་བཞི་སྤངས་ནས་ཆ་བཅུ་གཉིས་ཀྱི་ཞེང་ལ་འོག་གི་ཟུར་དག་ཏུ་ཆ་ཕྱེད་དང་གཉིས་དང་གསུམ་དོར་བའི་ཟླུམ་པོ་ནི་བཅོམ་ལྡན་འདས་ཀྱི་རྩ་བ་དང་གཡོན་པ་དང་གཡས་པ་དང་རྒྱབ་

ཀྱི་ཞལ་རྣམས་སོ། །བཅོམ་ལྡན་འདས་ཀྱི་གཡས་པའི་ཞལ་ནི་བྱ་གག་གི་སྒོ་ང་དང་འདྲ་བ་སྟེ་རྡོ་རྗེ་ཕག་མོ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་དང་ལྷ་མོ་གཞོན་ནུ་མ་རྣམས་ཀྱི་ཡང་ངོ་། །རྒྱབ་ཀྱི་ཞལ་ནི་ཏིལ་གྱི་གཟུགས་ཀྱི་རྣམ་པ་སྟེ་མཁའ་འགྲོ་མའིའོ། །རྩ་བའི་ཞལ་དང་འདྲ་བ་ནི་ལཱ་

མའི་འོ། །གཡོན་པའི་ཞལ་དང་འདྲ་བར་ཨ་མྲ་ལྟ་བུ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཡང་ངོ་། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་ནི་ཁྭ་ལ་སོགས་པའི་གདོང་དང་འདྲའོ། །བཅོམ་ལྡན་འདས་ཀྱི་གཡོན་པ་དང་གཡས་པ་དང་རྒྱབ་ཀྱི་ཞལ་རྣམས་ཀྱི་སྤྱན་ནི་དགོད་པ་དང་འཇིགས་

པ་དང་མི་སྡུག་པ་དང་འདྲ་བའོ་ཞེས་པ་ནི་ཁྱད་པར་རོ། །དབང་པོ་དང་དབང་ལྡན་དང་རླུང་ལྷ་དང་ཆུ་ལྷ་དང་ཉེ་དབང་དང་ཚངས་པ་རྣམས་ནི་མཐོ་དགུ་པ་སྟེ་བྱའི་སྒོ་ངའི་ཞལ་ལོ། །ཐགས་བཟངས་རིས་དང་བདེན་བྲལ་དང་གཤིན་རྗེའི་ཁྲོ་བོའི་རང་བཞིན་ནོ། །ལུས་ངན་པོ་དང་མེ་ལྷ་ནི་རོལ་པ་ཐུང་

ངུ་མཐོ་བརྒྱད་པ་སྟེ་བྱའི་སྒོ་ངའི་ཞལ་ལོ། །ཞི་བའི་གཟའ་རྣམས་དང་ཉི་མ་ཡང་བརྒྱ་བྱིན་གྱི་ཚད་དང་འདྲ་བར་འདོད་དོ། །དྲག་པོ་རྣམས་ནི་ཁྲོ་བོའི་རང་བཞིན་ནོ། །སྒྲ་གཅན་ནི་ལུས་ཕྱེད་པ་སྟེ་མཇུག་རིངས་ནི་ལུས་ཕྱེད་ཀླུའི་རྣམ་པའོ། །ཀླུ་ཐམས་ཅད་ནི་མཐོ་དགུ་པ་སྟེ་བྱའི་སྒོ་ངའི་ཞལ་ལོ། །

བ་ཌུ་དང་མིའུ་ཐུང་དང་ཚོགས་བདག་རྣམས་ནི་མཐོ་ལྔ་པ་བྱའོ། །དེ་ལ་མཐོ་གཅིག་གིས་ནི་ཞལ་ལོ། །མགྲིན་པ་ནས་གསང་བ་ཇི་སྲིད་པ་ལ་མཐོ་གཉིས་སོ། །གསང་བ་ནས་རྐང་མཐིལ་ཇི་སྲིད་པ་ལ་མཐོ་གཉིས་ཏེ་དེ་ལྟར་མཐོ་ལྔའོ། །དེ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི་

เล่ม ๗๖ · หน้า 234b

སྙིང་རྗེ་དང་ཞི་བའི་ཉམས་དང་ལྡན་པའོ། །རྡོ་རྗེ་འཛིན་པ་རྣམས་ཀྱི་ཞལ་དང་སྐུ་ཐམས་ཅད་ནི་ཉམས་དགུའི་ཉམས་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ནི་སྒེག་པའི་ཉམས་ལྷག་པའོ་ཞེས་པ་རབ་ཏུ་བརྐྱང་སྟེ་བརྗོད་པའོ། །དེ་རྣམས་ཀྱི་སྐུའི་མཚན་དང་དཔེ་བྱད་

རྣམས་དང་རྗེས་སུ་དཔེ་བྱད་རྣམས་བརྗོད་པར་བྱའོ། །འདི་ལྟ་སྟེ། ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་པས་མཚན་པ་ཉིད་དང་། ཞབས་རུས་སྦལ་དང་འདྲ་བར་ལེགས་པར་རབ་ཏུ་གནས་པ་ཉིད་དང་། ཕྱག་དང་ཞབས་ཀྱི་སོར་མོ་རྣམས་དང་པའི་རྒྱལ་པོ་བཞིན་དུ་དྲ་བས་འབྲེལ་པ་ཉིད་

དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་། ཕྱག་གཉིས་དང་ཞབས་གཉིས་དང་ཕྲག་པ་གཉིས་དང་མགྲིན་པ་རྣམས་ཡང་དག་པར་མཐོ་བར་རབ་ཏུ་བསྟན་པས་སྐུའི་བདུན་མཐོ་བ་ཉིད་དང་། སོར་མོ་རྣམས་རིང་བ་ཉིད་དང་། རྟིང་པ་ཡངས་པ་ཉིད་དང་། སྐུ་ཆེ་ཞིང་དྲང་བ་ཉིད་

དང་། ཞབས་ཀྱི་ལོང་བུ་མི་མངོན་པ་ཉིད་དང་། སྐུའི་སྤུ་རྣམས་གྱེན་དུ་ཕྱོགས་པ་ཉིད་དང་། བྱིན་པ་རི་དགས་ཨེ་ནྱའི་ལྟ་བུ་ཉིད་དང་། ཕྱག་རིང་བ་ཉིད་དང་། མདོམས་ཀྱི་གསང་བ་སྦུབས་སུ་ནུབ་པ་ཉིད་དང་། གསེར་གྱི་ཁ་དོག་ཉིད་དང་། པགས་པ་སྲབ་པ་ཉིད་དང་། བ་སྤུ་རྣམས་རེ་རེ་ནས་གཡས་

ཕྱོགས་སུ་འཁྱིལ་པ་ཉིད་དང་། ཞལ་མཛོད་སྤུས་བརྒྱན་པ་ཉིད་དང་། སྐུ་སྟོད་སེང་གེ་ལྟ་བུ་ཉིད་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། ཐལ་གོང་བར་མེད་པ་ཉིད་དང་། ལྗགས་ལ་རོ་བྲོ་བའི་མཆོག་ཉིད་དང་། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། གཙུག་ཏོར་སྤྱི་བོར་གནས་པ་ཉིད་དང་།

ལྗགས་རིང་ཞིང་སྲབ་པ་ཉིད་དང་། ཚངས་པའི་དབྱངས་དང་ལྡན་པ་ཉིད་དང་། འགྲམ་པ་སེང་གེའི་ལྟ་བུ་ཉིད་དང་། ཚེམས་དཀར་པ་ཉིད་དང་། བདུད་བཞི་མཐར་མཛད་པ་ཉིད་ཀྱི་ཕྱིར་མཆེ་བ་བཞི་པོ་མ་གཏོགས་པ་བཅོམ་ལྡན་འདས་ཀྱི་ཚེམས་མཉམ་པ་ཉིད་དང་། ཚེམས་ཐགས་བཟང་

བ་ཉིད་དང་། ཚེམས་བཞི་བཅུ་ཚང་བ་ཉིད་དང་། སྤྱན་མཐེན་མཐིང་ཉིད་དང་། སྤྱན་གྱི་རྫི་མ་བའི་ལྟ་བུ་ཉིད་དོ་ཞེས་པ་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ།། །།དཔེ་བྱད་རྣམས་བརྗོད་པར་བྱ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་། སེན་མོ་མདོག་སྣུམ་པ་ཉིད་དང་།

เล่ม ๗๖ · หน้า 235a

སེན་མོ་མཐོ་བ་ཉིད་དང་། སོར་མོ་རྣམས་ཟླུམ་པ་ཉིད་དང་། སོར་མོ་རྣམས་རྒྱས་པ་ཉིད་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང་། རྩ་ཤིན་ཏུ་མི་མངོན་པར་གནས་པ་ཉིད་དང་། རྩ་མདུད་མེད་པ་ཉིད་དང་། ལོང་བུ་མི་མངོན་པ་ཉིད་དང་། ཞབས་མི་མཉམ་པ་མེད་པ་ཉིད་

དང་། སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། གཡས་ཕྱོགས་སུ་གཤེགས་པ་ཉིད་དང་། མཛེས་པར་གཤེགས་པ་ཉིད་དང་། མི་གོ་བར་གཤེགས་

པ་ཉིད་དང་། སྐུ་འཁྲིལ་བག་ཆགས་པ་ཉིད་དང་། སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། སྐུ་རིམ་པར་འཚམ་པ་ཉིད་དང་། སྐུ་གཙང་བ་ཉིད་དང་། སྐུ་འཇམ་པ་ཉིད་དང་། སྐུ་རྣམ་པར་དག་པ་ཉིད་དང་། སྐུ་མཚན་རྣམས་ཡོངས་སུ་རྫོགས་པ་ཉིད་དང་། སྐུའི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང་།

གོམ་པ་སྙོམས་པ་ཉིད་དང་། སྤྱན་རྣམ་པར་དག་པ་ཉིད་དང་། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། སྐུ་ཞུམ་པ་མེད་པ་ཉིད་དང་། སྐུ་རྒྱས་པ་ཉིད་དང་། སྐུ་ཤིན་ཏུ་གྲིམས་པ་ཉིད་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་འབྱེས་པ་ཉིད་དང་། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་

ཉིད་དང་། དཀུ་ཟླུམ་པ་ཉིད་དང་། དཀུ་སྐབས་ཕྱིན་པ་ཉིད་དང་། དཀུ་མ་རྙོང་པ་ཉིད་དང་། ཕྱལ་ཕྱང་ངེ་བ་ཉིད་དང་། ལྟེ་བ་ཟབ་པ་ཉིད་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་ཉིད་དང་། ཀུན་ནས་བལྟ་ན་སྡུག་པ་ཉིད་དང་། ཀུན་དུ་སྤྱོད་པ་གཙང་བ་ཉིད་དང་། སྐུ་ལ་

སྨེ་བ་དང་གནག་བག་མེད་པ་ཉིད་དང་། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་། ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང་། ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཕྱག་གི་རི་མོ་རིང་བ་ཉིད་དང་། ཧ་ཅང་མི་རིང་བ་ཉིད་དང་། མཆུ་བིམ་པ་ལྟར་དམར་བ་ཉིད་དང་། ལྗགས་མཉེན་པ་དང་། ལྗགས་

སྲབ་པ་ཉིད་དང་། ལྗགས་དམར་བ་ཉིད་དང་། འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང་། མཆེ་བ་ཟླུམ་པ་ཉིད་དང་། མཆེ་བ་རྣོ་བ་ཉིད་དང་། མཆེ་བ་དཀར་བ་ཉིད་དང་། མཆེ་བ་བཞི་པོ་མ་གཏོགས་པའི་ཚེམས་རྣམས་མཉམ་པ་ཉིད་དང་། མཆེ་

เล่ม ๗๖ · หน้า 235b

བ་རྣམས་བྱིན་གྱིས་ཕྲ་བ་དང་། ཤངས་མཐོ་བ་ཉིད་དང་། ཤངས་གཙང་བ་ཉིད་དང་། སྤྱན་ཡངས་པ་ཉིད་དང་། རྫི་མ་སྟུག་པ་ཉིད་དང་། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་ཉིད་དང་། ཕྱག་རིང་ཞིང་རྒྱས་པ་ཉིད་དང་། སྨིན་ཚུགས་རིང་བ་ཉིད་དང་། སྨིན་མ་འཇམ་པ་ཉིད་དང་།

སྨིན་མ་སྣུམ་པ་ཉིད་དང་། སྨིན་མའི་སྤུ་མཉམ་པ་ཉིད་དང་། ཕྱག་རིང་ཞིང་རྒྱས་པ་ཉིད་དང་། སྙན་མཉམ་པ་ཉིད་དང་། སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་། དཔྲལ་བ་ལེགས་པར་དབྱེས་པ་ཉིད་དང་། དཔྲལ་བའི་དབྱེས་ཆེ་བ་ཉིད་དང་། དབུ་ཤིན་ཏུ་རྒྱས་པ་ཉིད་དང་། དབུ་སྐྲ་བུང་བ་ལྟར་གནག་

པ་ཉིད་དང་། དབུ་སྐྲ་སྟུག་པ་ཉིད་དང་། དབུ་སྐྲ་འཇམ་པ་ཉིད་དང་། དབུ་སྐྲ་མ་འཛིངས་པ་ཉིད་དང་། དབུ་སྐྲ་མི་གཤོར་བ་ཉིད་དང་། དབུ་སྐྲ་དྲི་ཞིམ་པ་ཉིད་དང་། ཕྱག་དང་ཞབས་ཀྱི་མཐིལ་ལ་དཔལ་བེའུ་དང་བཀྲ་ཤིས་དང་དགའ་བ་འཁྱིལ་པས་བརྒྱན་པ་ཉིད་ཀྱང་ངོ་།། །།སྔོན་དང་སྔོན་གྱི་

སྐྱེ་བ་རྣམས་སུ་རྣམ་པ་མང་པོའི་བསོད་ནམས་ཉེ་བར་བསགས་པའི་དགེ་བའི་རྩ་བ་ལས་བཅོམ་ལྡན་འདས་ཀྱིས་དཔེ་བྱད་བརྒྱད་ཅུ་གསུངས་ཤིང་། ཆོས་ཀྱི་དུང་གི་མདོ་སྡེ་ལས་ཀྱང་བཅོམ་ལྡན་འདས་ལ་རི་མོ་བརྒྱད་ཅུས་རྗེས་སུ་མཚན་པར་གསུངས་པ་ནི་འདི་ལྟ་སྟེ། གང་ཡང་འཇམ་དཔལ་

དཔེ་བྱད་བརྒྱད་ཅུ་རྗེས་སུ་གྲུབ་པའི་བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཀྱི་བསོད་ནམས་ཀྱི་ཕུང་པོ་དུ་མ་བྱེ་བ་འབུམ་བརྒྱ་སྟོང་དུ་བསྒྱུར་བ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་མཚན་པ་གཅིག་བསྐྱེད་པར་འགྱུར་རོ། །དེ་བཞིན་དུ་སོ་སོར་རི་མོ་རྣམས་རྗེས་སུ་མཚོན་པར་འགྱུར་

རོ། །རི་མོ་བརྒྱད་ཅུས་རྗེས་སུ་མཚན་པ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་མངོན་པར་སྐྱེ་བར་འགྱུར་བ་ནི་འདི་ལྟ་སྟེ། གདུགས་དང་རྒྱལ་མཚན་དང་དཔལ་བེའུ་དང་ཕྲེང་བ་དང་ལྕགས་ཀྱུ་དང་ཅོད་པན་དང་རལ་གྲི་དང་བུམ་པ་དང་གླང་པོ་དང་རྟ་དང་སྟག་དང་ནམ་མཁའ་ལྡིང་

དང་ཆུ་སྲིན་དང་ཉ་དང་རུས་སྦལ་དང་རྨ་བྱ་དང་ཀ་ལ་པིངྐ་དང་ཤང་ཤང་དང་ཙ་ཀོ་ར་དང་ངུར་པ་དང་ནེ་ཙོ་དང་ངང་པ་དང་ཕུག་རོན་དང་རྡོ་རྗེ་དང་ཆུ་གཏེར་ཆེན་པོ་དང་འདོད་འཇོ་དང་བ་ལང་དང་ཀླུ་དང་ར་དང་ཁྱུ་མཆོག་དང་རི་དང་ཤིང་དང་ས་དང་རི་དགས་ནག་པོ་དང་ནོར་བུ་རིན་པོ་ཆེ་དང་དུང་གི་མཆོག་དང་འཁོར་ལོ་དང་

เล่ม ๗๖ · หน้า 236a

གཞུ་དང་མདའོ། །༼འདི་ནས་སྐུ་གཟུགས་ཀྱི་མཚན་ཉིད་ཀྱི་མཐའ་དང་ཁམས་ཀྱི་ཡོན་ཏན་ཞེས་པའི་ས་བཅད་གཅིག་གི་ཁོངས་དང་སེལ་དབྱུང་བའི་སྟོད་ཅུང་ཟད་ཅིག་རྣམས་ཕྱི་མོ་ལས་ཆད་པ་འདྲའོ།།༽སེལ་གྱི་གཟུགས་རྣམས་རྣམ་པ་མང་པོ་འདྲེས་པ་མཐོང་ན་ཆུ་ལ་ངེས་པར་དོར་བར་བྱ། །སྙིང་པོར་ཡོད་ཅིང་གནས་པར་གྱུར་ན་རིགས་འཆད་དངོས་གྲུབ་མེད་ཅིང་ནད་རྣམས་སྐྱེ་བར་འགྱུར། །དེ་བཞིན་དུ་ཡང་། གོས་དང་སྐྲ་ལ་སོགས་པ་རྣམས། །བསལ་ནས་རང་

བྱུང་མེ་ཏོག་དང་། །འོད་དཔག་མེད་པ་ཡང་དག་བསྲེས། །བྱུགས་པའི་རས་བྲིས་མཆོག་ཡིན་ནོ། །ཤེས་རབ་ཐབས་ནི་མཉམ་སྦྱོར་བ། །སྙིང་ལ་བཟུང་ནས་སྔགས་རིག་པས་འདྲི་བར་འགྱུར་བའི་ལྷའི་སྔགས་བརྒྱ་དང་བཅས་པའི་བརྒྱད་ཀྱིས་ངེས་པར་བསྔགས་ནས་རས་བྲིས་བྱས་ན་ཕུན་

སུམ་ཚོགས་པ་དང་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་པ་ཤིང་ལ་སོགས་པ་གནས་པའི་སེལ་དབྱུང་བའི་ཆོ་གའོ།། །།མཆོད་རྟེན་གྱི་བུམ་པ་ནི་གསེར་དང་འབྲས་ཀྱི་ཕུང་པོ་དང་འཁྲི་ཤིང་དུ་གྲགས་པའི་དབྱེ་བས་གྲངས་ཇི་ལྟ་བ་བཞིན་དུ་ཐ་ཡིག་གི་དབྱིབས་དང་གཙུག་ཏོར་ལྟ་བུ་

དང་བྱའི་སྒོ་ང་ལྟ་བུ་དང་ཏིལ་ལྟ་བུའོ། །གྲུ་བཞི་པའི་ས་ཆ་ལ་བཅུ་གཉིས་སུ་བྱས་ཏེ་ཕྱེད་དང་གཉིས་དང་ཕྱེད་དང་གསུམ་གྱི་ཆ་ཟུར་གཉིས་སུ་དོར་ནས་ཟླུམ་པ་ལ་བུམ་པར་འགྱུར་རོ། །བུམ་པའི་ཕྱེད་ཀྱིས་ནི་བང་རིམ་དུ་འགྱུར་ཞིང་བུམ་པའི་ཕྱེད་ཀྱིས་ནི་ཁྲིའོ། །དེ་བཞིན་དུ་བྲེ་དང་རྩེ་མོའི་མཐར་ཏེ་

སྐུ་གཟུགས་ཀྱི་དབང་གིས་གདུགས་སོ། །དེ་ཡང་གཅིག་དང་གསུམ་དང་ལྔ་དང་བཅུ་གསུམ་ནི་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་འཛིན་པ་རྣམས་ཀྱིའོ། །དགུ་དང་བདུན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིའོ། །འདོད་ཆགས་ཀྱི་ཁམས་དང་མ་བྲལ་བ་རྣམས་ཀྱི་མཆོད་རྟེན་ལ་ནི་པདྨ་ཟླུམ་པ་ལྟ་བུ་སྟེ་གཞན་

དུ་མ་ཡིན་ནོ། །དེ་ལྟར་ན་སྐུ་གཟུགས་ཀྱི་དབྱེ་བས་སྲོག་ཤིང་གཟུགས་པར་བྱའོ། །སངས་རྒྱས་བཞིའི་ཁྲི་དང་སླར་ཡང་རྣམ་པར་སྣང་མཛད་ནི་གཙོ་བོར་བྱ་ཞིང་བུམ་པའི་ཕྱི་རོལ་བཟང་པོ་བཞི་ལས་སངས་རྒྱས་བཞིས་རྣམ་པར་མཛེས་པའོ། །ཟུར་ལ་ཀ་བས་བཏེག་པ་བྱ་ཞིང་བྱང་ཆུབ་སེམས་

དཔའ་ལ་སོགས་པས་བརྒྱན་པའོ། །གདུགས་ཀྱི་རྣམ་པ་ནི་སྲོག་ཤིང་གི་སྟེང་དུ་སྟེ་ཆར་ཁེབས་ཀྱི་མིང་ཅན་ནོ། །དོ་ཤལ་དང་དོ་ཤལ་ཕྱེད་པ་དང་དྲིལ་བུ་ལ་སོགས་པ་དང་གཡེར་ཁའི་དྲ་བས་བརྒྱན་པའོ། །དེའི་སྟེང་དུ་ནོར་བུ་བྱ་སྟེ་པདྨ་ཟླུམ་པ་ནི་མཐར་རོ་ཞེས་པ་ནི་ཁ་ཅིག་གིའོ། །ཆོ་ག་མཚན་

เล่ม ๗๖ · หน้า 236b

ཉིད་དང་ལྡན་པ་བྱ་སྟེ་ཆོ་ག་རིམ་པ་རྣམས་ཀྱིས་སོ་ཞེས་པ་མཆོད་རྟེན་གྱི་མཚན་ཉིད་ཀྱི་ཆོ་གའོ། །ད་ནི་རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་ཕྱག་མཚན་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱའོ། །མཐོ་གང་གི་དཔངས་དང་ཞེང་ལ་ཆ་ཆུང་གཉིས་པའི་ས་སྟེ་དེའི་དཔངས་ནི་སུམ་འགྱུར་རོ། །སྔ་མ་དང་ཕྱི་མའི་ཆ་དག་གིས་

ཟུར་བཞི་པོ་རྣམས་སུ་ཕྱེད་དང་བཅས་པའི་རེའུ་མིག་བསྐོར་ནས་ཚངས་པའི་ཐིག་གི་དབུས་ཀྱི་གཡོན་དང་གཡས་དག་གི་རེའུ་མིག་གཉིས་ཡོངས་སུ་དོར་ཏེ་སྔ་མ་དང་ཕྱི་མའི་རེའུ་མིག་གི་དབུས་ཀྱི་ཚངས་ཐིག་གི་མཐར་ཐིག་བཞི་བཏབ་པ་ལས་དབུས་ཀྱི་རྩེ་མོའོ། །རྩེ་མོའི་གཉིས་ཀའི་ངོས་དག་ཏུ་ཆ་

གཉིས་ཕྱིས་པ་ལས་ཆ་གཉིས་གཉིས་ཀྱིས་རྩེ་མོ་བཞིའོ། །ཆ་གཉིས་ཀྱི་དཔངས་ནི་ཆུ་སྲིན་གྱི་ཁ་ནས་བྱུང་བའོ། །ཆ་གཉིས་ཀྱི་རྩ་བ་ནི་སེང་གེའི་སྣ་ཤིན་ཏུ་མཛེས་པའོ། །ངོས་སུ་ཆ་གཉིས་ཀྱི་དཔངས་དང་ཆ་བཞི་པའི་དུམ་བུ་ནི་ཟླ་བ་ཕྱེད་པའི་རྣམ་པའོ། །ཆ་བརྒྱད་དུ་མཐོ་ཞིང་འཁྱོག་པ་ནི་གསུམ་དུ་

འཁྱོག་པ་སྟེ་འོད་ཟེར་འཕྲོ་བ་གསུམ་གྱིས་རྣམ་པར་མཛེས་པའོ། །དབུས་ཀྱི་ཆལ་ནི་ཚངས་ཐིག་གི་དབུས་ནས་ཕྱོགས་བཞིར་ཐིག་གཉིས་དོར་ཏེ་ཟླུམ་པོར་བསྐོར་བས་ལྟེ་བའོ། །དེའི་སྟེང་དུ་ཆ་ཕྱེད་པའི་རྐེད་ཆིངས་དོར་ནས་ཆ་གཉིས་པ་དག་གིས་རྣམ་པར་རྒྱས་པའི་པདྨའོ། །རྐེད་ཆིངས་ཀྱི་ཁྱུད་མོའི་

སྟེང་དང་འོག་ཏུ་ཁྱུད་མོ་ཕྲ་མོ་གཉིས་དང་སྦྱར་ཏེ་བྱའོ། །རྐེད་ཆིངས་ལ་ནི་རིན་པོ་ཆེའི་ཕྲེང་བ་བྱའོ། །ཆ་ཕྱེད་ཀྱིས་ནི་གེ་སར་རོ། །ཆ་གཅིག་གིས་ནི་ཟླ་བ་རྫོགས་པ་སྟེ་ལྷག་མ་རྣམས་ཕྱིས་པ་ན་ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་རྡོ་རྗེར་འགྱུར་རོ། །སོར་བཞི་ནས་བརྩམས་ཏེ་སོར་ཉི་ཤུའི་བར་གྱིས་རྡོ་རྗེ་

བྱས་ཏེ་སོར་ཉི་ཤུ་ལ་སོགས་སུ་ནི་མི་བྱའོ། །ཞེས་པ་ལུང་ལས་སོ། །ཁྲོ་བོའི་ནི་ཟུར་རྣམས་སུ་ཆ་རེ་དོར་ནས་ཁ་གྱེས་པའོ། །རྩེ་མོ་གཉིས་དོར་བ་ལས་ནི་རྩེ་གཅིག་པ་སྟེ་ཀླུ་ཀུན་ནས་སྐྱོད་པར་བྱེད་པའོ། །རྩེ་དགུ་པ་ནི་ཟུར་རྣམས་སུ་རྩེ་མོ་བཞི་བྱས་པ་སྟེ་འོན་ཀྱང་དབུས་ཀྱི་རྩེ་མོ་ནི་ཟླུམ་པོའོ། །

རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེ་ནི་ལྟེ་བའི་ཕྱོགས་བཞིར་རྩེ་མོ་གསུམ་བྱས་པའོ། །དེ་ཉིད་རྩེ་མོ་ལྔ་པར་བྱས་པས་རྩེ་མོ་ཉི་ཤུ་པའི་སྣ་ཚོགས་རྡོ་རྗེའོ། །སླར་ཡང་དེ་ཉིད་ལ་སྟེང་དང་འོག་ཏུ་རྩེ་མོ་ལྔ་ལྔ་བྱིན་པ་ལས་རྩེ་མོ་སུམ་ཅུ་པའི་སྣ་ཚོགས་རྡོ་རྗེའོ་ཞེས་སོ། །དྲིལ་བུ་ནི་སྔར་གྱི་ཆ་རྣམས་

เล่ม ๗๖ · หน้า 237a

སྔར་དང་འདྲ་བ་སྟེ། དབུས་ཀྱི་ཆ་ཕྱེད་ཀྱིས་ཟླ་བའོ། །ཆ་ཕྱེད་ཀྱིས་གེ་སར་རོ། །ཆ་གཅིག་གིས་པདྨའོ། །ཆ་བཞི་ལས་ཤེས་རབ་ཀྱི་ཞལ་ལོ། །ཆ་བཞི་པ་བུམ་པའོ། །ཆ་གཉིས་ཀྱིས་བུམ་པའི་གདན་ནོ། །ཆ་གཞན་དག་གི་ཟུར་དག་ལས་ཆ་བཞི་སྤངས་ནས་འདབ་མ་བརྒྱད་པའི་པདྨ་སྟེ་

ལྟེ་བ་དང་གེ་སར་དང་ལྡན་པའོ། །ལྟེ་བའི་སྟེང་གདན་གྱི་འོག་ཏུ་རི་མོ་གསུམ་པ་མགྲིན་པའི་གཟུགས་ཅན་བྱའོ། །ཆ་ཕྱེད་བྱས་པའི་རྐེད་ཆིངས་གཉིས་ཀྱི་དབུས་སུ་རྡོ་རྗེའི་ཕྲེང་བ་རྣམ་པར་མཛེས་པ་ཆ་གཅིག་གོ། །དབུས་སུ་དོ་ཤལ་དང་དོ་ཤལ་ཕྱེད་པ་རྣམ་པར་གནས་པ་ཆ་བཞིའོ། །སྔ་མ་བཞིན་དུ་འོག་ཏུ་རྡོ་རྗེའི་

ཕྲེང་བ་རྣམ་པར་མཛེས་པ་ཆ་གཅིག་གོ། །ཀུན་ནས་ངེས་པར་སོང་བའི་མུ་ཁྱུད་ལ་ཆ་གཅིག་སྟེ་རྡོ་རྗེ་འཛིན་པ་ཆེན་པོའི་འོ། །མི་བསྐྱོད་པའི་ནི་ཅུང་ཟད་ཁ་གྱེས་པའོ། །དོ་ཤལ་དང་དོ་ཤལ་ཕྱེད་པས་བརྒྱན་པའི་དབུས་སུ་དོ་ཤལ་གྱི་སྙིང་པོར་ཕྱོགས་སུ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའོ། །

ཡང་ན་སྣ་ཚོགས་རྡོ་རྗེའི་གནས་སུ་རལ་གྲི་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ། །ཕྱོགས་བྲལ་རྣམས་སུ་སྤྱན་དང་རྡོ་རྗེ་དང་ཡུ་བ་དང་བཅས་པའི་པདྨ་དང་ཨུཏྤ་ལ་རྣམས་ཏེ་སྤྱན་མ་ལ་སོགས་པའི་འོ། །འོག་དང་སྟེང་དུ་རྡོ་རྗེ་ཕྲེང་བའི་གནས་ལ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་

རྡོ་རྗེའི་ཕྲེང་བའོ་ཞེས་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་དབྱེ་བས་རྟོགས་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་གནས་སུ་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་དོ། །འདིར་དྲིལ་བུའི་མགྲིན་པ་ནས་བརྩམ་པ་ཏེ་འཁར་བ་དག་པའི་རང་བཞིན་ནོ། །དེའི་སྟེང་དུ་ཆ་གཉིས་ནི་

གསེར་ལ་སོགས་པའི་རང་བཞིན་གྱི་རྡོ་རྗེ་ཡང་ངོ་། །དྲིལ་བུ་ཁ་ཅིག་ནི་ཆུ་སྐྱེས་ཅུང་ཟད་ཁ་བྱེ་བ་ཅན་ནོ། །ཁ་ཅིག་ནི་བ་ལང་གི་གདོང་ལྟ་བུའོ། །ཁ་ཅིག་ནི་པདྨའི་རྣམ་པ་ཡང་ངོ་ཞེས་པ་ནི་ཁྱད་པར་རོ། །འདིར་རྡོ་རྗེའི་དབུས་དང་ཤར་ལ་སོགས་པའི་རྩེ་མོ་དང་ལྟེ་བའི་མཐར་ཐུག་པ་རྣམས་ལ་

མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་བསམ་པར་བྱའོ། །ཡང་ན་དབུས་སུ་རྣམ་པར་སྣང་མཛད་དེ་ཤར་ལ་སོགས་པའི་འདབ་མ་རྣམས་ལ་བྱམས་པ་དང་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའ་མཛོད་དང་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དང་སྒྲིབ་པ་ཐམས་ཅད་རྣམ་པར་

เล่ม ๗๖ · หน้า 237b

སེལ་བ་དང་ཀུན་དུ་བཟང་པོ་དང་ཆ་བརྒྱད་པ་ལ་རྡོ་རྗེ་སེམས་དཔའོ། །པདྨ་གཞན་གྱི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་རྡོ་རྗེ་འཕྲོ་བ་མ་དང་རྡོ་རྗེ་འབེབས་པ་མ་རྣམས་ཏེ། མེ་ལ་སོགས་པ་རྣམས་སུ་སྐུལ་བྱེད་མ་དང་རིན་ཆེན་སྐར་མདའ་མ་དང་

རྡོ་རྗེ་ལྕགས་སྒྲོག་མ་དང་གཞན་གྱིས་མི་ཐུབ་མ་རྣམས་སོ། །ཕྱོགས་གཞན་གྱི་རྩེ་མོ་རྣམས་ལ་ནི་དབུས་སུ་ཡེ་ཤེས་མཁའ་འགྲོ་མ་དང་། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དང་། བྱང་དུ་རྡོ་རྗེ་དག་མོ་མཁའ་འགྲོ་མ་དང་། ནུབ་ཏུ་རོ་ལངས་མ་དང་། ལྷོར་གཏུམ་མོ་རྣམས་སོ། །དྲིལ་

བུ་དེའི་སྟེང་དུ་ཁ་འོག་ཏུ་ཕྱོགས་པའི་པདྨ་རྣམས་ལ་གཡས་སྐོར་གྱིས་ཕྱོགས་སུ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་བ་རྣམས་དང་། ཕྱོགས་བྲལ་དུ་ནོར་འཛིན་མ་དང་སྐུལ་བྱེད་མ་དང་ཁྲོ་གཉེར་ཅན་མ་དང་རྡོ་རྗེ་ཕྲེང་བ་མ་རྣམས་སོ། །བུམ་པའི་སྟེང་གི་ཞལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་མའི་སྐུའོ། །དེའི་སྟེང་དུ་པདྨ་དང་ཟླ་བ་དང་རྡོ་རྗེ་རྣམས་ཀྱང་སྔ་མ་བཞིན་ནོ། །མི་བསྐྱོད་པ་ལ་སོགས་པ་ལྷ་འདི་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི་སྔར་བཤད་པའོ། །དེ་ནས་དམ་ཚིག་སེམས་དཔའི་ལྷ་རྣམས་བསྐྱེད་དེ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་

སྤྱན་དྲངས་པ་ལ་མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་དེ་རྣམས་ལ་རབ་ཏུ་གཞུག་ཅིང་ཆོ་ག་བཞིན་དུ་རབ་གནས་བྱས་ནས་མཆོད་པ་ལ་སོགས་པ་བྱས་ལ་ལྷ་རྣམས་ཡོངས་སུ་གྱུར་པ་ལས་རྩེ་མོ་ལ་སོགས་པའི་གཟུགས་སུ་ཡང་དག་པར་གནས་པའོ། །རྡོ་རྗེ་ཐབས་ཀྱི་རང་བཞིན་དང་

དྲིལ་བུ་ཤེས་རབ་ཀྱི་བདག་ཉིད་དང་། གཉིས་ཀ་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ་ཞེས་ཤིན་ཏུ་བརྟན་པར་མོས་པ་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛཿཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧཱིཿཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེ་གཡས་པའི་རྒན་པོ་

མིང་མེད་དག་གིས་དང་། ཨོཾ་བཛྲ་གྷཎྚ་ཧཱུཾ་ཞེས་བརྗོད་ཅིང་དྲིལ་བུ་ཡང་གཡོན་པ་དག་གིས་བཟུང་ནས་གཡོན་པའི་དཀུར་བཞག་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་མཉེས་པར་བྱའོ་ཞེས་ལྷག་པར་མོས་ལ། །སོ་ཧི་ཨི་བཛྫ་མུལླཱ་ལུ་ཏཱ་རི་ཨཏྭ་བི་མོཀྑ་དྷརྨ་བི་མོཀྑེཾ་བཱཉྫ་ཏུ་ཧཱུཾ་བཱཛྫ་

เล่ม ๗๖ · หน้า 238a

ཨུཙྪ་ཌ་དྷ་རཾ་ཏུ་ཧཱུཾ་ཧཱུཾ་ཧཱུཾ་ཧོཿཞེས་བརྗོད་ཅིང་རྡོ་རྗེ་གསོར་བར་བྱའོ། །དེ་ནས་རྡོ་རྗེ་གཡས་པའི་དཀུར་གནས་པ་འམ་གསོར་ཞིང་། ཨོཾ་བཛྲ་དྷརྨ་ར་ཎི་ཏ་པྲ་ར་ཎི་ཏ། སམྤྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙྪ་ལི་ཏེ། པྲཛྙ་པཱ་ར་མི་ཏ་ནཱ་ད་སམྦྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོཿསྭཱ་ཧཱ།

ཞེས་བརྗོད་ལ་དཔུང་པའི་དབྱུག་པ་བསྐྱོད་པས་དྲིལ་བུ་དང་པོར། ལྟེ་བ་སྙིང་ག་དེ་ནས་མགྲིན། །ཁ་དང་སྣ་ཡི་བུ་ག་གཉིས། །རྣ་བ་དག་དང་མིག་དག་དང་། །དེ་བཞིན་སྤྱི་བོར་དྲིལ་བུ་དཀྲོལ། །ཞེས་སོ། །སླར་ཡང་རྡོ་རྗེ་གསོར་བ་སྔོན་དུ་འགྲོ་བས་རྒྱུད་ལས་ཇི་ལྟར་གསུངས་པའི་སྔགས་

བརྗོད་ཅིང་དྲིལ་བུ་དཀྲོལ་བར་བྱའོ་ཞེས་ཏེ། པད་ཀོར་རྣམ་པ་གསུམ་མམ་རྣམ་པ་ལྔ་པུས་མོའི་ཁོངས་སུ་བྱའོ་ཞེས་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་མཚན་ཉིད་ལ་སོགས་པའི་ཆོ་གའོ།། །།ཌ་མ་རུ་ལ་ནི་ཁའི་ཚད་གྲུ་བཞི་པའི་ས་ལ་ཆ་བཅུ་གཉིས་ཏེ་ཚངས་ཐིག་གཉིས་བཏབ་ནས་ཚངས་པའི་ཐིག་

ནས་བཟུང་སྟེ་ལྟེ་བ་ནས་གཡས་དང་གཡོན་གྱི་ཟུར་ཇི་སྲིད་པར་བསྐོར་ཞིང་ཚངས་པ་དང་ཟུར་གྱི་ཐིག་གི་མཐའ་རྣམས་ཕྱིས་པ་ལས་ཌ་མ་རུར་འགྱུར་རོ། །ཚངས་པས་གཟུང་བར་རན་པའི་སྦོམ་པ་དང་རྣ་བའི་མཐར་ཐུག་པར་རིང་བ་ནི་ཡུ་བ་སྟེ་གདོང་གི་ཚད་ཀྱི་གྲུ་བཞིའི་ས་ལ་སྔ་མ་བཞིན་དུ་རྩེ་

མོ་གསུམ་པའི་རྡོ་རྗེ་ཡུལ་རེ་རེར་སྟེང་དུ་བརྐྱང་བ་ལས་རྩེ་མོ་གསུམ་དུ་འགྱུར་རོ། །དེ་ནས་ཁ་ཊྭཱཾ་ག་ནི་དམ་ཚིག་གི་རྡོ་རྗེ་ལྟ་བུའི་རྡོ་རྗེས་རྩེ་མོར་རྣམ་པར་མཛེས་པ་སྟེ་དེའི་འོག་ཏུ་མི་མགོ་སྐམ་པོ་གསུམ་གྱིས་མཛེས་ཤིང་སྣ་ཚོགས་རྡོ་རྗེས་དབུས་སུ་བརྒྱན་པ། རྩེ་མོ་གཅིག་པའི་རྡོ་རྗེ་གཅིག་

ནི་རྩ་བའི་གནས་སུའོ་ཞེས་ཁ་ཅིག་གོ། །དབྱུག་པའི་སྟེང་དུ་སྐམ་པོ་དང་རློན་པའི་མི་མགོ་གཉིས་དང་དེའི་སྤྱི་བོར་སྣ་ཚོགས་རྡོ་རྗེ་དང་། དེའི་ལྟེ་བར་བུམ་པ་ཟླུམ་པོ་འདབ་མ་ལ་སོགས་པས་ཁ་བརྒྱན་པ་དང་། ཁའི་སྟེང་དུ་དམ་ཚིག་གི་རྡོ་རྗེ་བ་དན་ལྟར་རབ་ཏུ་འཕྱང་བའོ་ཞེས་པ་ནི་གཉིས་

བའོ། །གཉིས་ཀ་ཡང་ཡུ་བའི་སྟེང་སྦོམ་ཞིང་དབུས་ནས་ཕྲ་བ་སྟེ་དྲིལ་ཆུང་ལ་སོགས་པས་བརྒྱན་པའོ། །མགོ་བོ་ལ་སོགས་པ་རྣམས་ཇི་ལྟར་མཛེས་པར་བྱའོ་ཞེས། མཐོའི་ཚད་གྲུ་བཞི་པ་ཆ་བཅུ་གཉིས་ཀྱི་ས་ལ་ཆང་གཟུངས་ཆ་བཞི་ནི་དབུས་སུའོ། །དེ་བཞིན་དུ་ཆ་བཞི་ནི་འཁྱོག་

เล่ม ๗๖ · หน้า 238b

པ་སྟེ་རྩེ་མོའི་རྣམ་པའོ། །ཆ་བརྒྱད་ཀྱི་ཟུར་ནས་ཆ་དགུའི་ཟུར་ཇི་སྲིད་པར་འཁྱོག་པ་ནི་གྲི་གུག་སྟེ་ཆང་གཟུངས་ཀྱི་སྟེང་དུ་རྡོ་རྗེ་ཕྱེད་པས་བརྒྱན་པའོ། །ཐོད་པ་ནི། གསེར་གྱི་སྒོ་དང་ཡང་དག་ལྡན། །རྣམ་པར་ཤེས་བྱ་མི་ཡི་མགོ། །བྲམ་ཟེ་ལ་སོགས་ལས་བྱས་པ། །རེ་རེའི་ཐོད་པ་འཕེལ་བའོ། །

ཁ་དོག་དམན་གྱུར་ཐོད་པ་དང་། །རྣ་བའི་སྟེང་དུ་བུག་པ་དང་། །རྒྱབ་ཏུ་བུག་པ་དུམ་བུ་ཅན། །བུད་མེད་རྣམས་ཀྱི་རྟག་ཏུ་ཡང་། །མཁས་པས་རྣམ་ཤེས་དང་ལྡན་པའི། །སྔགས་པས་དེ་བཞིན་མགོ་ཞེས་བྱ། །དཔྲལ་བ་རྣ་བའི་དུང་དག་ལ། །མུ་ཏིག་ཕྲེང་འདྲའི་རི་མོར་གྱུར། །གཅིག་གཉིས་

གསུམ་བཞིའི་དུམ་བུ་དང་། །བཅུ་དྲུག་བཅུ་གཉིས་རི་བོང་ཅན། །བ་ལང་གདོང་དང་དཀར་དམར་གྱུར། །ཅུང་ཟད་རིང་ཞིང་མཛེས་པ་དང་། །པདྨའམ་པདྨ་འདྲ་བའི་དབྱིབས། །སེར་དམར་དཀར་པོ་དེ་ལྟ་བུའི། །ཐོད་པ་རབ་ཏུ་བསྟན་པ་སྟེ། །ལྷག་མ་རྣམས་ནི་རབ་ཏུ་སྤང་། །ཞེས་སོ། །རང་གི་

འདོད་པས་འཁྱིལ་པ་བྱས་ཏེ་སོར་གཉིས་སུ་སྦོམ་པ་མཐའ་གཉིས་ལ་རྡོ་རྗེས་བརྒྱན་པ་ནི་ཞགས་པའོ། །མགྲིན་པ་ནས་ཁྲག་འཛག་པའི་གདོང་བཞི་པ་ནི་ཚངས་པའི་མགོ་བོའོ། །དགྲ་སྟའི་ཁ་ནི་ཞལ་གྱི་ཚད་དེ་ཡུ་བ་ནི་ཁྲུ་དོ་པ་མཐའ་སྐོར་དུ་སོར་དྲུག་པ་སྟེ་སྟེང་དུ་རྡོ་རྗེས་བརྒྱན་པའོ། །དེ་དང་

འདྲ་བ་ལ་ལྕགས་ཀྱུ་ནི་མཐོ་གང་བའི་རྩེ་མོ་གུག་པའོ། །གླང་པོ་ཆེའི་པགས་པ་ནི་རྣ་བའི་བར་དུ་འཛིན་པའོ། །ཐོ་བ་ནི་སྣ་ཚོགས་དང་འདྲ་སྟེ་འོག་ཀྱང་ཕྱོགས་གཅིག་གི་རྩེ་མོ་རྣམས་གཅིག་པ་ཟླུམ་པོའི་ཡུ་བ་ཅན་ནོ། །གཞུ་ནི་མཐོ་བཅུ་པ་སྟེ་ཞེང་ལ་སོར་བཞི་པ་ཆང་གཟུངས་ཀྱི་ཆ་རིང་པར་

སོར་བཅུ་དྲུག་པ་འཁྱོག་པོའི་དབུས་ལ་སོར་བརྒྱད་པ་མཐའ་སྐོར་གྱི་ཟླུམ་ལ་སོར་དགུ་པ། མཆོག་མ་རྣམ་པར་རྒྱས་ཤིང་རྒྱུད་པའི་མཚན་ཉིད་དང་ལྡན་པའོ། །ཕྲག་པ་བརྟན་པར་བྱས་ནས་དཔུང་པ་གཡོན་པ་བརྐྱང་བའི་ཁུ་ཚུར་གྱིས་དབུས་ནས་བཟུང་སྟེ། གཡས་པའི་མིག་མདའ་ཇི་ལྟ་བ་

བཞིན་དུ་བལྟ་བའི་དབང་གིས་མདེའུའི་བར་དུ་རྡོ་རྗེ་ཁུ་ཚུར་གྱིས་ཁྲུ་དོ་བའི་མདའ་སྣ་དང་མཆུའི་ཐད་ནས་རྣ་བའི་བར་ཇི་སྲིད་པར་འཐེན་ནས་ཅུང་ཟད་གཡོ་བ་དང་བཅས་པས་ཡོངས་སུ་འཛིན་པའོ། །རིང་པར་སོར་སུམ་ཅུ་སོ་དྲུག་པ་འཁྲུལ་འཁོར་གྱི་ཞེང་ལ་སོར་བཞི་པ་སོར་བཞིར་རིང་བའི་སྐམ་

เล่ม ๗๖ · หน้า 239a

པས་དབུས་ནས་བཟུང་བ། སོར་བཞི་བཞི་ངོས་སུ་གྱེས་པ། །ཀླུའི་གདེངས་ཀའི་རྣམ་པས་མཛེས་པ་དེ་དག་གི་དབུས་སུ་ཀོ་སྐོ་ལྟ་བུ་སོར་གང་དུ་རྣམ་པར་རྒྱས་པ། དཔངས་ཀྱི་མཐར་སོར་བཞི་བའི་ཡུ་བ་མཛེས་པ་དང་ལྡན་པ། ལས་དང་རྗེས་སུ་མཐུན་

པར་སོར་བརྒྱད་པའི་ཚད་ལ་སོར་གཅིག་པའི་འདབ་མ་ཅན་གྲུ་བཞི་དང་གདུགས་དང་ཟླ་བ་ཕྱེད་པའི་རྣམ་པ་ཅན་གྱི་སྒོ་སྐྱོང་བྱེད་དང་ལྡན་པ། སོར་གཉིས་པའི་སྙིང་པོས་རྣམ་པར་མཛེས་པར་བྱས་པ་ནི་རལ་གྲིའོ། །འཁོར་ལོ་ལ་ནི་ཆ་གཅིག་གིས་ལྟེ་བ་ཟླུམ་པོ་དང་དེའི་ཕྱི་རོལ་དུ་ཆ་ཕྱེད་ཀྱིས་

སྙིང་པོའི་མུ་ཁྱུད་ཟླུམ་པོ་དང་། སླར་ཡང་དེའི་ཕྱི་རོལ་དུ་རྐང་པ་དང་བཅས་པའི་ཆ་གཅིག་གིས་རྩིབས་ཀྱི་ཟླུམ་པོ་དང་། དེའི་ཕྱི་རོལ་དུ་ཡང་ཆ་ཕྱེད་ཀྱིས་སྙིང་པོའི་མུ་ཁྱུད་ཟླུམ་པོ་དང་ཞེས་པ་སྟེ་རྩིབས་བཞི་པ་ལ་སོགས་པ་འཁོར་ལོ་ཐམས་ཅད་ཀྱི་ཚད་དོ། །ལྕགས་སྒྲོག་གིས་རྩེ་མོར་

བཅིངས་པའི་ལྕགས་ཀྱི་བིལ་བ་ཅན་ནི་ཀ་ཎ་ཡའོ། །མདའ་ལྟ་བུ་སྒྲོ་གསུམ་དང་ལྡན་ཞིང་གདོང་གི་ཚད་ཅན་ནི་འཕང་མདུང་ངོ་། །དེ་དང་འདྲ་བ་ལ་སྒྲོ་དང་ལྡན་ཞིང་རིང་བ་ཁ་ཊྭཱཾ་གའི་རྣམ་པ་ཅན་ནི་མདའ་བོ་ཆེའོ། །མདུང་དང་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་ཚད་ནི་རབ་ཏུ་གྲགས་པ་ཉིད་ཀྱི་ཕྱིར་མ་བྲིས་སོ། །

མཚོན་ཆ་ཐམས་ཅད་འཛིན་པ་ན་རྣ་བའི་སྟེང་དུ་བསྟན་ཏོ་ཞེས་པ་མཚོན་ཆའི་མཚན་ཉིད་ཀྱི་ཆོ་གའོ།། །།མཆོད་རྟེན་དང་མགྲོན་ཁང་དང་གཙུག་ལག་ཁང་ལ་སོགས་པ་རབ་ཏུ་བརྩམས་པ་ཡང་དག་པར་གནས་པ་ལ་མཆོག་ཏུ་འབད་པ་ན། གཎྜཱི་དང་སྲོག་ཤིང་དང་རྩེ་མོར་གནས་བ་དང་།

སྒོ་ལ་སོགས་པ་ཀ་བ་དང་བསྐྱེད་པའི་ཤིང་གི་དཔངས་དང་ཞེང་དང་ཁོ་ལག་དང་ཟླུམ་རྣམས་དང་གནས་ཀྱི་བདག་པོ་དང་ཐིག་འཛིན་པ་ལ་སོགས་པ་མཐའ་དག་གིས་དེ་དག་གི་ཚད་ཡོངས་སུ་གྲོས་བྱས་ནས་སློབ་དཔོན་དང་ཤིང་མཁན་རྣམས་དང་ལྷན་ཅིག་ནགས་ཚལ་གྱི་ལྟད་མོ་ལ་འགྲོ་བར་

བྱའོ། །ཚོགས་པ་ན་ཕུན་སུམ་ཚོགས་པའི་སྐར་མ་དང་གཟའ་དང་ཉི་མ་བཟང་པོ་བརྟགས་ཏེ་སྔགས་པས་བགེགས་མཐར་བྱེད་ཀྱི་གཟུགས་ཀྱིས་དུས་ཡོངས་སུ་བརྟགས་ལ་ཤར་དང་བྱང་གི་ཕྱོགས་སུ་ཁ་བལྟས་ནས་སོ། །ནགས་ཚལ་དང་རི་དང་དགའ་བའི་ས་གཞི་མཆོག་གི་ཆ་ལ་རབ་ཏུ་འཇུག་

เล่ม ๗๖ · หน้า 239b

པར་བྱའོ། །བཟང་པོའི་གནས་སུ་སྐྱེས་ལ་སྡུག་ཅིང་སྣུམ་པ། སྔོ་བསངས་དང་དམར་པོ་དང་སེར་པོའི་མདོག་ཅན་འབྲས་བུ་ཞིམ་པོ་དང་ལྡན་ཞིང་དྲི་བཟང་བ་མེ་ཏོག་དང་འོ་མས་འབྱོར་པ། ཡལ་ག་དང་ལོ་མ་ཡོངས་སུ་རྫོགས་ཤིང་ཡོན་ཏན་དང་རིགས་དང་བཞོན་པ་དང་ལྡན་པ་དྲངས་སོ། །ཤིང་སྐྱེས་

ནས་ལོ་བརྒྱ་ལྷག་ཅིང་ཉིས་བརྒྱའི་བར་དང་ལྡན་པ་དར་ལ་བབ་པ་རྣམས་ཏེ། ཤིང་སཱུ་མ་ནཱ་ག་དང་། ནཱ་ག་གེ་སར་དང་། ཤྲཱི་ཥཱི་ས་དང་། ཨ་ཤྭདྠ་དང་། ཤིང་ཤང་དང་། མྱ་ངན་མེད་པ་དང་། ཛམྦུ་དང་། པཱ་ལ་ཤ་དང་། ཙནྡན་དང་། ཀིཾ་ཤུ་ཀ་དང་། ཀཾ་ཀི་ལླི་དང་། ཏཱ་ལ་དང་། སཱ་ལ་དང་།

ཨ་མྲ་དང་། ཙམྦ་ཀ་དང་། བིལ་བ་དང་། ཙནྡན་དམར་པོ་དང་། བཻ་ཀངྐ་ཏ་དང་། བ་ཀུ་ལ་དང་། རོ་ཧི་ཎི་དང་། སེང་ལྡེང་དང་། ཤྲཱི་པརྞ་དང་། ཏིནྟུ་དང་། ཤ་ར་ཀ་དང་། སྦྲང་གི་ཤིང་དང་། ཨརྫུ་ན་དང་། དེ་བ་ད་རུ་དང་། པ་ཊའི་རིགས་ཏེ་ཁང་བཟངས་ལ་སོགས་པའི་ལས་ལ་འོས་པ་རྣམས་

སོ། །གཞོན་པ་དང་རྒས་པ་དང་ཡན་ལག་འཁྱོག་པ་རྣམས་ནི་མ་ཡིན་ཏེ། གཞོན་པ་ནི་ལོ་བརྒྱ་མ་ལོན་པ་དང་། རྒས་པ་ནི་ལོ་ཉིས་བརྒྱ་ལྷག་པའོ། །སྐམ་པོ་དང་གཅིག་པུ་དང་ཡལ་ག་ཆག་པ་དང་ཚིག་པ་དང་འདབ་མ་ཉིལ་བ་དང་། ཡན་ལག་གས་པ་དང་། དུར་ཁྲོད་དང་ཁུང་བུ་དང་བྱ་

སྐྱིབས་དང་ལྷའི་གནས་དང་ལམ་དུ་སྐྱེས་པ་དང་ཚ་བ་དང་ཁ་བ་དང་གྲོང་གི་མི་གཙང་བའི་ཡུལ་དུ་གནས་པ་དང་། མཚེ་འུ་དང་ཆུ་ཀླུང་གི་ངོགས་སུ་སྐྱེས་པ་ལ་སོགས་པ་རྣམས་དང་། བྱ་དང་ལག་འགྲོའི་ཚང་བཅས་པ་དང་། རྡོ་རྗེས་བསྣུན་པས་དུམ་བུར་སོང་བ་རྣམས་སྤངས་ཏེ། དེ་རྣམས་

ཀྱི་ནང་ནས་རིགས་ཤིང་ཀུན་དུ་བཟང་བ་རྣམས་འདིར་བརྟག་པར་བྱའོ། །དེ་ལ་ཡང་ཐུན་མཚམས་ཀྱི་དུས་སུ་བཟོ་བོ་དང་བཅས་པའི་ཤིང་མཁན་རྣམས་ཡང་དག་པར་བསྲུང་བར་བྱ་ཞིང་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་ཞིང་སྤྲོ་བ་དང་བཅས་པས་བདེ་བར་གཤེགས་པ་སྲས་དང་བཅས་

པ་དང་། ཕྱོགས་ཀྱི་ལྷ་རྣམས་དང་ནགས་ཚལ་གྱི་ཤིང་གི་ལྷ་རྣམས་ཉེ་བར་སྤྱོད་པ་ལྔས་ཡང་དག་པར་མཆོད་དོ། །ཕྱོགས་ཀྱི་གཏོར་མ་བྱས་ནས་བཟོ་བོ་དང་བཅས་པའི་སྔགས་པ་རྣམས་བཟའ་བ་དང་བཏུང་བས་ཡོངས་སུ་ཚིམ་པར་བྱས་ལ་བདེ་བར་གཤེགས་པ་དང་ལྷ་རྣམས་ལ་བཅོམ་

เล่ม ๗๖ · หน้า 240a

ལྡན་འདས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱའོ། །ལྷན་ཅིག་ཏུ་རབ་ཏུ་དགའ་བའི་སེམས་དང་ཞི་བའི་ཡིད་དང་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་ཉལ་བར་བྱ་སྟེ། རྨི་ལམ་བཟང་ན་ཡང་དག་པར་འགྲུབ་ཅིང་རྨི་ལམ་ངན་ན་ལས་

ཐམས་ཅད་པའི་བཟླས་པ་བྱའོ། །ནང་པར་སྔ་བར་དཔལ་ལྡན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱིས་མཆོད་པ་ཐམས་ཅད་ཡང་དག་པར་ལྡན་པས་ཤིང་གི་རྒྱལ་པོ་དེ་ལ་གནས་པའི་ཕྱོགས་ཀྱི་ལྷའི་གཟུགས་ཅན་རྣམས་ཡང་དག་པར་མཆོད་པར་བྱ་སྟེ། སཱ་ལ་དང་ཐང་ཤིང་དང་ཏིལ་སེའི་ཤིང་

རྣམས་ལ་ཡང་དག་པར་གནས་པའི་ལྷ་མོ་ནི་འཇིག་རྟེན་གྱི་མ་མོ་དང་དེ་ལ་གནས་པའི་ཞིང་སྐྱོང་ནི་རི་རབ་ཆེན་པོ་ཞེས་བྱ་བ་འདིའོ། །སཱུ་མ་ནཱ་ག་དང་ནཱ་ག་གེ་སར་དང་ཙམྤ་དང་མྱ་ངན་མེད་པ་རྣམས་ཀྱི་ལྷ་མོ་ནི་གསང་བ་མ་དང་། དེ་རྣམས་སྲུང་བའི་ཞིང་སྐྱོང་ནི་སྟོབས་པོ་ཆེ་ཞེས་བྱའོ། །ཨ་རུ་རའི་ཤིང་

དང་ཧ་རཱི་ཏི་དང་པ་ཊའི་ཤིང་ལ་ཀརྞ་མོ་ཊི་ཀ་དང་ཧེ་ཏུའོ། །ཙུ་ཏའི་ཤིང་ལ་ཨམྦི་ཀ་དང་ཕ་ན་ལའོ། །ཏཱ་ལའི་ཤིང་ལ་ཤངྐ་རི་ཀ་དང་སྐྲ་གྱེན་དུ་བརྫེས་པའོ། །ཀ་དམྤའི་ཤིང་ལ་ལྷ་མོ་བཞིན་བཟང་མོ་དང་། འཇམ་འབྲས་ཀྱི་ཤིང་ལ་ལྷ་མོ་འཇམ་འབྲས་ལ་གནས་མ་སྟེ་ཞིང་གི་བདག་པོ་དག་ནི་དྲིལ་བུ་

ཆེན་པོའོ། །སྦྲང་གི་ཤིང་ལ་སྐྱེས་བུའི་དབང་ཕྱུག་དང་ཤེ་ཤཱའོ། །གསེར་གྱི་ཤིང་ལ་ལྷ་མོ་གཏུམ་མོ་དང་ཞིང་སྐྱོང་སྐྱེ་བ་བཟང་པོའོ། །ཤལ་མ་ལིའི་ཤིང་ལ་ལྷ་མོ་ཆེན་མོ་མེ་ཞལ་དང་། སྟར་ཀའི་ཤིང་ལ་འདོད་མ་སྟེ་ཞིང་སྐྱོང་དག་ནི་འཇིགས་པའོ། །ཤྲྀངྒའི་ཤིང་ལ་ཕུན་ཚོགས་ཆེན་

མོ་དང་ཞིང་སྐྱོང་མི་གདོང་ཞེས་བྱ་བ་རྣམས་སོ། །གནས་ལ་སོགས་པའི་དབྱེ་བ་རིགས་པ་འདི་ལྟ་སྟེ་མངས་པས་འཇིགས་ནས་མ་བཤད་པའི་ཕྱག་དང་སྐུ་མདོག་དང་མཚོན་ཆ་དང་སྔགས་རྣམས་ནི་རྒྱུད་ཀྱི་ནང་ནས་འབད་པས་ངེས་པར་གཟུང་བར་བྱའོ། །གཙུག་ལག་ཁང་སོགས་རྒྱུ་རུ་ནི། །

དེ་རིང་ཤིང་གཅོད་བདག་སྤྲོ་བས། །ཁྱེད་རྣམས་ད་ནི་བཟོད་མཛད་ནས། །ཤིང་གཞན་ལ་ནི་གནས་པར་མཛོད། །ཤིང་གཞན་རྒན་པོ་ལ་སོང་བའི་ལྷ་རྣམས་མཐའ་དག་ལ་གཏོར་མ་དང་མཆོད་པ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །ཤིང་མཁན་བགེགས་

เล่ม ๗๖ · หน้า 240b

མཐར་བྱེད་ཀྱི་གཟུགས་ཅན་བཏུང་བ་དང་བཟའ་བ་དང་སོ་རྩི་དང་ཕྲེང་བ་དང་ཙནྡན་དང་གོས་དང་གསེར་རྣམས་ཀྱིས་ཡང་དག་པར་མཉེས་པར་བྱས་ལ་སྟ་རེའི་སོ་ལ་རྡོ་རྗེའི་སྦྲང་རྩི་ཡང་དག་པར་བྱུགས་ནས་ལག་པ་གཡས་པས་བསྟོད་དེ། དགེ་བའི་ཡིད་ཀྱིས་ཤར་དང་བྱང་དུ་ཕྱོགས་པས་ཉི་མ་ལ་བལྟ་ཞིང་

གཅད་པར་བྱའོ། །ལྷན་ཅིག་པའི་གཙོ་བོ་རྣམས་བསྲུང་བའི་ཆེད་དུ་དཔལ་ལྡན་རྨ་བྱ་ཆེན་མོ་བཀླག་པར་བྱའོ། །མཆོག་དང་མཆོག་མ་ཡིན་པའི་མཚན་མ་རྣམས་སྔགས་པ་ཆེན་པོས་ཀུན་ནས་བལྟ་བར་བྱ་སྟེ། མཆོག་མ་ཡིན་ན་ནི་དེ་རྣམས་སྤང་བར་བྱ་ཞིང་། མཆོག་ཡིན་ན་མཁས་པས་

ཐམས་ཅད་ཡང་དག་པར་མཆོད་པར་བྱའོ། །བྱང་གི་ཕྱོགས་སུ་འགྱེལ་ན་སྦྱིན་པ་པོ་ལ་ནོར་དང་ལས་འགྲུབ་པ་ལ་སོགས་པ་སྟོན་པའོ། །དབང་ལྡན་གྱི་ཕྱོགས་སུ་འགྱེལ་ན་རིག་པ་དང་ཡེ་ཤེས་ཡང་དག་པ་ལ་སོགས་པ་སྟོན་པའོ། །དབང་པོའི་ཕྱོགས་སུ་ཤིང་འགྱེལ་ན་རྒྱལ་བ་

དང་འབྱོར་པའི་ཁྱད་པར་ཡང་དག་པ་ལ་སོགས་པ་སྟོན་པའོ། །གཞན་གྱི་བར་དུ་མ་རེག་པར་འགྱེལ་བ་ན་བདེ་བ་དང་མཆོག་གོ། །མེའི་མཚམས་སུ་ནི་མེའི་འཇིགས་པའོ། །ཡི་དགས་ཀྱི་བདག་པོའི་ཕྱོགས་སུ་སོང་ན་འཆི་བ་སྟོན་ནོ། །བདེན་བྲལ་དུ་ནི་ནད་ཀྱི་འཇིགས་པའོ། །ཆུ་དང་རླུང་དུ་སོང་

ན་ཆུ་དང་རླུང་གི་འཇིགས་པའོ། །ཤིང་གཞན་ལ་ཉེད་པ་དང་བཅས་ཤིང་སོང་ན་རྗེའི་འཇིགས་པ་སྟོན་པའོ། །འདར་ཞིང་ངུ་བས་རིང་པོར་ལྷུང་ན་སྦྱིན་པ་པོ་ལ་སྡུག་བསྔལ་འཐོབ་པོ། །གཅོད་པའི་དུས་སུ་ཁྱི་དང་། རྔ་མོ་དང་། སྦྲུལ་དང་། ཕག་དང་། ཅེ་སྤྱང་དང་། བོང་བུ་དང་། །བྱ་

རོག་དང་། བྱ་རྒོད་དེ། གདུག་པ་ཅན་རྣམས་མཐོང་ན། འཆིང་བའི་འཇིགས་པ་དང་བགེགས་མང་བར་འགྱུར་རོ། །གལ་ཏེ་བཅད་པ་ན་ཤིང་ལས་ཁྲག་འཛག་ན་སྦྱིན་པ་པོ་འཆི་བ་ལ་སོགས་པ་སྟོན་པའོ། །ཞོ་དང་མར་དང་སྦྲང་དང་འོ་མ་བྱུང་ན་གསོད་པ་དང་། འཆིང་བའི་འཇིགས་པ་ལ་སོགས་པ་སྟོན་

པའོ། །མངར་བ་དང་། བསྐ་བའི་རོ་ལ་སོགས་པ་དང་། དག་པ་དང་། གསོ་བསངས་དང་། དྲི་བཟང་པོ་མནམ་པ་དང་། རོའི་རྒྱུན་སྣུམ་པ་དང་བཅས་པ་འབབ་པ་ནི་རང་བཞིན་པར་བསྟེན་ཏོ། །གཅོད་པའི་ཤིང་གང་གཟུང་བའི་ཁ་དོག་གི་རྣམ་པར་དབྱེ་བ་མཐོང་བ་གང་ཡིན་པ་དེའི་ཁ་དོག་གི་

เล่ม ๗๖ · หน้า 241a

རྣམ་པའི་དབྱེ་བ་ལས་སྙིང་པོའི་རྣམ་པ་རྒྱུ་མཚན་ཤེས་པས་བསྟན་ཏེ། བཙོད་ཀ་དང་། སེར་སྐྱ་དང་། སེར་པོ་དང་། ཕུག་རོན་གྱི་མདོག་དང་། རལ་གྲིའི་མདོག་དང་། དམར་པོ་དང་། སྔོ་བསངས་རྣམས་ལས་སོ། །བཙོད་ཀྱི་ཁ་དོག་གི་རྟགས་ལས་ནི་སྦལ་པ་རྗེས་སུ་ཤེས་པར་བྱ་སྟེ་དེ་ནི་

མེད་དོ། །སེར་སྐྱ་ལས་ནི་ནང་ན་བྱི་བ་སྟེ་དེས་ནི་ཆོམ་རྐུན་དང་གློའི་ནད་སྐྱེད་པར་བྱེད་དེ། སེར་པོ་ལས་ནི་དབྱིག་སྟེ་དེས་ཀྱང་ནོར་ཉམས་པ་སྐྱེད་པར་བྱེད་དོ། །ཕུག་རོན་གྱི་མདོག་ལས་ནི་ཁྱིམ་གྱི་དབྱིག་སྟེ་དེས་ཀྱང་རྒྱལ་པོ་དབུལ་པོར་བྱེད་དོ། །སྐྱ་རིངས་ཀྱི་མདོག་ལས་ནི་རྩངས་པ་ཡོད་པ་སྟེ། དེས་ནི་

འདིར་སྣ་ཚོགས་པའི་ནད་དུ་འགྱུར་རོ། །སྔོ་བསངས་ལས་ནི་སྦྲུལ་འབྱུང་སྟེ་དེས་ཀྱང་སྦྱིན་བདག་ཆེན་པོའི་ནོར་ཟད་པའོ། །རལ་གྲིའི་ཁ་དོག་གི་དབྱེ་བ་ལས་ནི་ཆུ་སྟེ་དེའི་འཇིགས་པར་འགྱུར་རོ། །དཔལ་བེའུ་དང་འཕེལ་ལྡན་དང་། དགའ་བ་འཁྱིལ་བ་དང་། འཁོར་ལོ་དང་བཀྲ་ཤིས་དང་། ཆུ་

སྐྱེས་དང་གདུགས་དང་། ལྕགས་ཀྱུ་དང་། བུམ་པ་དང་། རྒྱལ་མཚན་དང་། རྔ་ཡབ་རྣམས་ནི་ཆེན་པོའི་མཚན་མར་བསྟན་ཏོ། །དེ་ལྟ་བུ་སོགས་དགེ་དང་མི་དགེ་བ། །མཐའ་དག་སློབ་དཔོན་ཆེན་པོས་ལེགས་བརྟགས་ནས། །བཅད་པ་དང་ནི་གཤོག་པ་དེ་སྙེད་པ། །ཤིང་གི་མཆོག་

ལ་བློ་དང་ལྡན་པས་བྱ། །རྩ་བ་དང་ནི་རྩེ་མོ་དབུས་ཀྱི་ཆར། །མཛེར་པ་ཅན་རྣམས་ཀུན་དུ་བལྟས་ལ་ཡང་། །ཀུན་ལ་བཅུ་ཡི་ཆ་ནི་ལྷག་པ་སྟེ། །ཚད་ལ་སོགས་པ་ཐམས་ཅད་དུ་ནི་བྱ། །དེ་ནས་མཆོད་རྟེན་ལ་སོགས་པ་བསྒྲུབ་པའི་ཆེད་དུ་རྡོའི་ཁྱད་པར་དམ་པར་གནས་པ་རྣམས་ཡོངས་སུ་ཤེས་

པར་བྱ་སྟེ། རིའི་ཤོད་དང་ཆུ་ཀླུང་གི་འགྲམ་དང་། བཟང་པོའི་འཇུག་ངོགས་དང་ལྷ་ཉེ་བར་ལོངས་སྤྱོད་པའི་ཤིང་དང་། ཕུག་དང་ལྷའི་དབང་པོ་དང་ནོར་སྦྱིན་དང་ཕྱུགས་བདག་དང་ཚངས་པ་རྣམས་དང་ལྷན་ཅིག་འགྲོགས་པའི་སྟེང་ནས་ལྷུང་བ་དང་ཤར་དང་བྱང་དང་སྟེང་གི་ཕྱོགས་སུ་ཁ་བལྟས་པའི་རྡོ་

རྣམས་ནི་བསྔགས་སོ། །ཤར་དུ་ཕྱོགས་པ་ནི་རང་འདོད་པ་སྟེར་ཞིང་། ལུས་ངན་དུ་ཕྱོགས་པས་བུ་དང་བུ་མོ་དང་རིགས་སྐྱེད་པར་བྱེད་དོ། །དབང་ལྡན་དུ་ཕྱོགས་པས་གྲོལ་བའི་འབྲས་བུ་སྟེར་ཞིང་། སྟེང་ནས་ཕྱོགས་པས་ཐམས་ཅད་དུ་མཁའ་ལ་སྤྱོད་པ་འགྲུབ་པོ། །མཆོད་རྟེན་གྱི་ཉེ་འཁོར་

เล่ม ๗๖ · หน้า 241b

དང་། དུར་ཁྲོད་དང་ལམ་གྱི་བཞི་མདོ་དང་། དམར་པོ་དང་མྱུར་དུ་བྲོས་པ་དང་། གྲོག་མའི་ཤིང་དང་འབྱར་བ་དང་། ཁ་དོག་མང་པོ་དང་གཞན་གྱི་ལས་བྱས་པའི་རྡོ་རྣམས་དོར་བར་བྱའོ། །འཁར་བ་དྲི་མ་མེད་པ་ལྟ་བུས་ནི་སྦྱིན་པ་པོ་ལ་འཆི་བ་སྟེར་བར་བྱེད་པ་སྟེ། དེ་ནི་གསོད་པར་འགྱུར་རོ། །

དཀར་པོ་དང་། སེར་པོ་དང་། དམར་པོའི་ཁ་དོག་རྣམས་ལས། སྐྱོན་བྱེད་པ་ནི་རི་མོ་ནག་པོ་དང་མཉམ་པར་ལྡན་པ་ཡིན་པས། གང་གིས་སྙིང་པོར་མཚན་མ་མཐོང་བ་ན་སྤང་བར་བྱ་སྟེ་སྐྱོན་མང་བའི་ཕྱིར་རོ། །བྱིས་པ་དང་ལང་ཚོ་དང་། བར་མ་དང་རྒན་པོ་སྟེ། རྣམ་པ་བཞི་ནི་རྡོ་རྗེའི་རིགས་

རྣམས་སོ། །བྱིས་པ་ནི་ཤིན་ཏུ་འཇམ་ཞིང་། བཟོད་བསྣུན་པ་དང་ལྷན་ཅིག་ཕ་གུ་ལྟ་བུར་འགྱུར་བའོ། །རྒན་པོ་ནི་རྩུབ་ཅིང་ཁ་དོག་ངན་པ་དབྱངས་དང་བྲལ་བ་སྦལ་པ་ལྟ་བུ་སྟེ་དམན་པའོ། །བར་མ་ནི་ཕྲ་བའི་ཡོན་ཏན་དང་ལྡན་ཞིང་དྲི་ཞིམ་པ་དང་། སྒྲ་ཟབ་པ་དང་བསིལ་བ་དང་མཁྲེགས་པའོ། །

བརྟན་པ་དང་མཉེན་པ་དང་ཤིན་ཏུ་སྣུམ་པ་ནི་ལང་ཚོ་སྟེ་འདོད་པ་སྟེར་བས་མཆོག་གོ། །དཀར་པོ་དང་སེར་པོ་དང་ལྗང་གུ་དང་དམར་པོ་དང་སྔོ་བསངས་ཀྱི་ཁ་དོག་དང་འོད་དང་ལྡན་པ་ཡང་ལང་ཚོ་ཅན་ནོ། །རིགས་ལ་སོགས་པའི་དབྱེ་བས་ཕྱེ་བ་ཤེས་པར་བྱས་ནས། སྔགས་ལ་སོགས་པས་ཀྱང་བསྔགས་

པར་བྱའོ། །རྡོ་བ་བཟང་པོ་ནག་པོ་ཡིན་ཡང་གལ་ཏེ་རི་མོ་དཀར་པོ་ཕྲ་མོ་དང་ཐིག་ལེ་རྣམས་དང་ཡང་དག་པར་ལྡན་ན་བློ་དང་གཉེན་དང་ལྡན་པར་འགྱུར་རོ་ཞེས་པ་ནགས་ཚལ་གྱི་ཆོ་གའོ།། །།གཎྜཱི་རྣམ་པ་བཞི་ནི་སྐུའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བས་ཤེས་པར་བྱའོ། །ཐམས་ཅད་དུ་བླ་ན་མེད་

པའི་དག་པས་ཉི་ཤུ་ལྷག་པའི་ཆ་བརྒྱ་ནི་སྲིད་དུ་སྟེ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་རྣམ་པར་བརྙིལ་བའི་དོན་དུའོ། །རྒྱར་ནི་བཞི་ལྷག་པའི་ཆ་ཉི་ཤུར་ཡང་དག་པར་བལྟའོ། །བདེན་པའི་རྣམ་པ་བཅུ་དྲུག་གིས་དེ་ནི་ཆ་བཅུ་དྲུག་པར་བཤད་དོ། །དབུས་ཀྱི་ཆ་ལྔའི་གཅིག་ནི་ཁ་ཟླུམ་

པོའི་ཆ་སྟེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའོ། །འདི་དག་ནི་འཇིག་ཚོགས་རྣམ་པར་དག་པ་སྟེ་དེས་ན་འདིར་ཆ་ཤས་ལྔ་པའི་ཆར་བཀོད་པའོ། །རིང་བར་སོར་བརྒྱ་དང་བཅུ་པ་ནི་རབ་ཏུ་སྦྱོར་བའི་

เล่ม ๗๖ · หน้า 242a

རྣམ་པར་ཤེས་པའི་རྣམ་པར་དག་པའོ། །དེའི་རྒྱར་ནི་ཉི་ཤུ་རྩ་གཉིས་ཏེ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་རྣམ་པར་དག་པའོ། །ཟུར་བཅུ་གཉིས་དང་མཉམ་པར་ལྡན་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་རྣམ་པའོ། །ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་རབ་ཏུ་

ཉམས་པའི་ལམ་བསྒོམས་པའི་རྣམ་པས་དེའི་ཚད་ནི་དེ་སྙེད་དུ་རིང་བའོ། །སྟོང་པ་ཉིད་ཀྱི་རྣམ་པ་ཉི་ཤུ་ནི་ཁོར་ཡུག་ཏུའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་ཟུར་བརྒྱད་ཀྱིས་བརྒྱན་པའི་གཎྜཱིའོ། །སོར་མོ་བཞི་དང་མཉམ་ལྡན་པའི། །སོར་མོ་བརྒྱད་ཅུ་སྲིད་དུ་བསྟན། །སྲིད་

ནི་ཆོས་ཀྱི་ཕུང་པོའོ། །མ་འདྲེས་ཆོས་ཀྱི་རྣམ་པ་ཡིས། །ཡོངས་སུ་བསྐོར་བ་བཅོ་བརྒྱད་དེ། །ལག་པའི་འདབ་མས་དེ་ཚད་ཤེས། །འདི་རྣམས་ཀྱི་ནི་ཚད་བཤད་པ། །རྒྱ་དང་དཔངས་ཀྱི་རིམ་པའོ། །དེ་ཉིད་བཅུ་དྲུག་རྣམ་པ་ཡིས། །དེ་ཚད་ཟླུམ་པོ་གཞན་ནི་དབུས། །བདེན་པ་

བཅུ་གཉིས་ཁྱད་པར་ལས། །ཟླུམ་པའི་བདག་ཉིད་གཎྜཱིའོ། །ནོར་བུའི་རྩ་བར་འོད་ཟེར་གནས། །ཁམས་གསུམ་སེམས་ཅན་དབྱངས་རྣམ་པ། །བརྩམ་པར་བྱ་ཞེས་ཚིགས་བཅད་གཉིས། །ཡོངས་སུ་དག་པའི་དྲིལ་བུ་ཟུང་། །རྩེ་མོར་སོར་བཞི་སོར་གསུམ་དང་། །སོར་མོ་ཕྱེད་དང་གསུམ་

དང་གཉིས། །སྦལ་པའི་གདོང་དང་འདྲ་བ་ནི། །སངས་རྒྱས་ཡེ་ཤེས་རྣམ་པ་མཆོག །གསུམ་གཅིག་ལྔ་དང་བདུན་གྱི་ནས། །དམན་པ་ཚད་རྣམས་ཀུན་ལ་བཟང་། །འདིར་ནི་ཚད་རྣམས་བཤད་ལས་གང་། །ཡིད་ལ་འཐད་པ་དེ་རྣམས་བྱ། །སྣ་ཚོགས་ཚོན་རྣམས་ཀྱིས་ནི་ལེགས་པར་

བྱུགས། །གང་ཡང་ཚད་ལྡན་ཚོན་གྱི་ཕྲེང་བ་འབར། །དམར་པོའི་ཚོན་གྱིས་འབར་ཞིང་ས་བཟང་སྐྱེས། །བརྡུངས་ན་དབྱངས་བཟང་བ་ནི་གཎྜཱིའོ། །རྣམ་པ་མང་པོའི་ཡོན་ཏན་ཚོགས་དང་ལྡན། །ཁྲུས་སོགས་ཆོ་ག་རིག་པའི་སྔགས་པ་ཡིས། །དབང་ལྡན་ཟུར་གྱི་ཆ་ལ་གསེར་དང་ནི། །རིན་

ཆེན་ལ་སོགས་ཁྲི་ལ་ཆུ་སྐྱེས་གནས། །ཐེའུ་དང་ལེགས་པར་མཉམ་པར་ལྡན་པ་ཡི། །གཎྜཱི་དང་པོར་རབ་ཏུ་གནས་པ་སྟེ། །དྷཱིཿཡིག་གི་ས་བོན་ལས་སྐྱེས་པའི་གཎྜཱི་ཆེན་པོ་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ལ་ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་ཞེས་པ་ལ་སོགས་པ་རྩ་བའི་སྔགས་ལན་བརྒྱ་རྩ་

เล่ม ๗๖ · หน้า 242b

བརྒྱད་དང་རྒྱུད་ལས་སྐྱེས་པ་རྣམ་པར་དག་པ་ཡེ་དྷརྨཱའི་ཚིགས་སུ་བཅད་པ་ལན་གསུམ་བཟླས་པར་བྱའོ། །ཆུང་བ་ཆ་གསུམ་ཕྲ་ཞིང་ན་ཀུ་ལ། །འདྲ་བའི་རྣམ་པ་ཟླུམ་པོའི་རྣམ་པ་ཅན། །སྡུག་ཅིང་སྲ་བའི་ཤིང་ལས་ངེས་བྱས་པ། །གང་ཡང་དམར་པོ་ཡི་ནི་ཚོན་གྱིས་བྱུགས། །མཆོག་

གི་དང་པོའི་ས་བོན་ལས་བྱུང་བའི། །ཐེའུ་རྡོ་རྗེའི་རང་བཞིན་རྣམ་པར་དག །རིང་བར་ཆ་ནི་བཅུ་གཉིས་པ་ཡིན་ཏེ། །ཡོངས་སུ་ཟླུམ་ལ་སོར་མོ་དྲུག་པའོ། །བཅུ་གཉིས་ཆ་ནི་གསུང་རབ་ཡན་ལག་སྟེ། །དྲུག་ཀྱང་ཕ་རོལ་ཕྱིན་པ་དག་པ་ཉིད། །ཆོས་ཀྱི་ཡན་ལག་འཁོར་ལོ་བསྐོར་བ་ན། །

ལུགས་འབྱུང་ལུགས་ལས་བཟློག་པའི་རྣམ་པ་ལས། །སྤྲོ་དང་སྡུད་པའི་རྣམ་པས་ལན་གསུམ་དུ། །ཡན་ལག་དྲུག་གི་སྦྱོར་བ་ལྟ་བུར་བརྡུང་། །སྐུ་གསུམ་ལ་ནི་རྣམ་པར་ཐིམ་པ་དང་། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ཚུལ་གྱིས་སོ། །གཙུག་ལག་ཁང་དུ་ཆོ་ག་དྲན་པ་ཡིས། །

རྟག་ཏུ་ཉིན་བཞིན་ལན་གསུམ་བཞི་འམ་ལྔར། །ཞི་བསྒོམ་དམིགས་པས་གཎྜཱི་རྡུང་བྱེད་ན། །གནས་དེར་ཡོན་ཏན་ཚོགས་ཀྱིས་ཕུན་ཚོགས་པའི། །དགེ་སྦྱོང་རྣམས་ནི་བརྟན་པར་ངེས་གནས་འགྱུར། །གང་ཡང་སྒྲ་ནི་ཐོས་པར་གྱུར་པ་དེར། །ནོར་དང་སྐྱེ་བོ་ཕུན་ཚོགས་རྒྱུན་

ལྡན་འགྱུར། །བྱིན་གྱིས་བརླབ་པའི་སྔགས་ནི་ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་མ་ཏི་ག་ཏི་བི་ཛ་ཡེ་པྲ་ཛྙ་པྲ་ཛྙཱ་བ་ལ་དྷཱིཿདྷཱ་ར་ཎི་སྭཱ་ཧཱ། ཞེས་པ་གཎྜཱིའི་མཚན་ཉིད་ཀྱི་ཆོ་གའོ།། །།ཨོཾ་སུཀྵྨེ་སུཀྵྨེ་ཤཱནྟེ་ཤཱནྟེ་དཱནྟེ་དཱནྟེ་ཨ་པ་མ་རོ་པེ་ནི་ར་ལམྦྷེ། ནི་རཱ་ཀུ་ལེ། ནིརྦ་ཎེ། ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛ་སརྦ་བུདྡྷ་

ཨ་དྷིཥྛཱ་ན་ཨ་དྷི་ཥྛི་ཏེ་སྭཱ་ཧཱ། ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་གཟུངས་ཏེ་སྔགས་འདིས་མཆོད་རྟེན་ལ་སོགས་པ་རྣམས་ལ་སྲོག་ཤིང་གཟུགས་པར་བྱའོ། །ཁང་བཟངས་རྣམས་ཀྱི་བརྒྱད་དང་བཅུའི་ཆ་ཤས་ཀྱི་ཞེང་ནི་སྒོའི་དབུས་ཀྱི་ཆ་སྟེ་དེའི་ཚད་ཀྱིས་ཡལ་འདབ་དང་། དེའི་ཉིས་འགྱུར་ནི་སྒོའི་

དཔངས་སུ་བསྟན་ཅིང་སྒོ་ཁྱུད་དང་དཔུང་པ་དང་རེ་བཞི་རྣམས་ནི་དེའི་ཆ་ལྔ་པར་བཤད་དོ། །ལེགས་པར་འབྱོར་ཞིང་མཚམས་རྣམས་འབྲེལ་བ། རིན་པོ་ཆེ་དང་ཆུ་སྐྱེས་རྣམ་པར་ཕྱེ་བའི་གཟུགས་ཡང་དག་པར་གནས་པའོ། །དྲི་མ་དང་བྲལ་བའི་བསམ་གཏན་ལ་གནས་པས་ཧཱུཾ་ཡིག་ལ་

เล่ม ๗๖ · หน้า 243a

ཡང་དག་པར་བསྐྱེད་པ་ནི་སྒོ་ཆེན་པོ་སྟེ་དད་པའི་དབང་པོ་ལ་སོགས་པ་དང་། དག་པའི་བསམ་གཏན་ནི་མཛེས་པའི་རྟ་བབས་དང་ལྡན་པའོ། །སྔགས་པས་སྔ་མ་བཞིན་དུ་སྒོ་རྣམས་ལ་སོ་སོར་ལན་བརྒྱ་དང་རྩ་བརྒྱད་ཀྱིས་ཡང་དག་པར་བཟླས་པ་སྟེ། ཤར་ལ་སོགས་པའི་ཕྱོགས་

སུ་ཡང་དག་པར་གནས་པ་རྣམས་གཤིན་རྗེ་གཤེད་ཀྱི་སྔགས་དང་། ལྷོའི་ཕྱོགས་སུ་ཡང་དག་པར་གནས་པ་ནི་དཔའ་བོའི་རྒྱལ་པོ་ཤེས་རབ་མཐར་བྱེད་ཀྱི་སྔགས་དང་། ནུབ་ཀྱི་ཕྱོགས་ཀྱི་ཆར་གནས་པ་ནི་པདྨ་མཐར་བྱེད་ཀྱི་སྙིང་པོའི་སྔགས་དང་། བྱང་གི་ཕྱོགས་ཀྱི་ཆར་གནས་པ་ནི་དཔའ་

པོའི་རྒྱལ་པོ་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་སོ། །ལེགས་པར་རྣམ་པར་ཕྱེ་བའི་ཚད་དུ་བསླང་བའི་སྒོ་རྣམས་ཆོ་ག་བཞིན་དུ་ལེགས་པར་མཆོད་པར་བྱའོ་ཞེས་པ་སྒོ་གླེགས་བསླང་བའི་ཆོ་གའོ།། །།རིན་ཆེན་དང་བཅས་རྡོ་རྗེའི་སྟེང་དུ་གནས། །ཟླུམ་དང་སྲིད་ཀྱི་ཚད་རྣམས་ཡང་

དག་ལྡན། །གྲུ་བཞི་ལ་སོགས་ཡོན་ཏན་མང་ལྡན་ཞིང་། །སྙིང་པོ་བརྟན་ཅིང་མི་འཁྱོག་ལེགས་གནས་པའི། །ཀ་བ་ཐམས་ཅད་རྩེ་མཉམ་སེང་གེ་ལ། །སོགས་པའི་ཏིང་འཛིན་སྟེགས་བུར་ཡང་དག་གནས། །སྟོང་ཉིད་རྣམ་པར་ཐར་པ་རྣམ་དག་པས། ཧཱུཾ་གི་ཡི་གེ་ལས་

སྐྱེས་རྡོ་རྗེ་སྟེ། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ལེགས་པར་གཟུགས། །རང་རང་ཕྱོགས་ཀྱི་ཁྲོ་རྒྱལ་སྙིང་པོའི་སྔགས། །ལན་ནི་བརྒྱ་དང་རྩ་བརྒྱད་རྣམས་སུ་ཡང་། །སོ་སོར་རིམ་པས་ཡང་དག་བཟླས་པར་བྱ། །ཞེས་པ་ནི་ཀ་བ་གཟུགས་པའི་ཆོ་གའོ།། །།གཙུག་ལག་ཁང་སོགས་

པ་ཡི་སྟེང་གནས་པར། །མྱུར་ལྡན་པས་ནི་ཤིང་རྣམས་མངོན་པར་གཟུང་། །འདབ་མ་མ་རྙིང་པ་ཡི་དུས་དག་ཏུ། །སྐར་མ་མགོ་ལ་སོགས་པ་བསྔགས་པ་ཡིན། །གསེར་དང་དངུལ་རྣམས་དག་གིས་པདྨར་ནི། །རིག་བྱེད་མ་ཡི་གཟུགས་ནི་མཉམ་པར་ལྡན། །ན་མོ་རཏྣ་ཏྲ་ཡཱ་

ཡ། ན་མོ་བུདྡྷ་བོ་དྷི་སཏྭེ་བྷྱཿ ན་མོ྅ཥྚ་མ་ཧཱ་ཨཱརྱ་ཕུངྒ་ལཱ་ཡ། ན་མཿསཔྟ་བྷྱོ་བུདྡྷ་ཀོ་ཊི་བྷྱཿཏདྱ་ཐཱ། ཨོཾ་ཧྲཱིཿཧྲཱིཿཧྲཱིཿསརྦ་ནཱ་ག་ནཱཾ། ཨ་ནནྟ་ཀུ་ལཱ་ནཱཾ། བ་སུ་ཀི་ཀུ་ལཱ་ནཱཾ། ཏཀྵ་ཀ་ཀུ་ལཱ་ནཱཾ། ཤངྑ་པཱ་ལ་ཀུ་ལཱ་ནཱཾ། ཀརྐོ་ཊ་ཀུ་ལཱ་ནཱཾ། པདྨ་ཀུ་ལཱ་ནཱཾ། མ་ཧཱ་པདྨ་ཀུ་ལཱ་ནཱཾ། བ་ལ་ཧཱ་ཀུ་ལཱ་ནཱཾ།

เล่ม ๗๖ · หน้า 243b

པུཎྜ་རཱི་ཀ་ཀུ་ལཱ་ནཱཾ། གྷ་ན་ཀུ་ལཱ་ནཱཾ། མེ་གྷ་ཀུ་ལཱ་ནཱཾ། ཛ་ལ་དྷ་རཱ་ཀུ་ལཱ་ནཱཾ། ཛི་མཱུ་ཏ་ཀུ་ལཱ་ནཱཾ། སཾ་བརྟ་ཀུ་ལཱ་ནཱཾ། ཨེ་ར་བ་ཀུ་ལཱ་ནཱཾ། ཀུ་མུ་ད་ཀུ་ལཱ་ནཱཾ། ཀཧྨ་ཧ་ར་ཀུ་ལཱ་ནཱཾ། སཽ་གནྡྷི་ཀ་ཀུ་ལཱ་ནཱཾ། ཧ་ན་ཧ་ནེ་ཤ་རེ་ཎ། བནྡྷ་བནྡྷ་ཙཱ་པེ་ན། ཏཱ་ཌ་ཡ་ཏཱ་ཌ་ཡ། ཨུ་པ་ལེ་ན། བྷི་ཏཱ་ནཱཾ། ཨ་པ་ཡཾ་དེ་ཧི་པྲ་ལཱ་ཡ།

ཀཱ་ལ་ཨི་བ་ཛ་ལ་དྷ་རཾ་ཨ་བེ་ཏ་ར་ཡ་བཪྵ་ན་ནཱ་གཱ་ན་བ་ཤི་ཀུ་རུ་ཀུ་རུ་ཕཿཀཱ་རཱ་པ་ཡ་ཀཱ་རཱ་པ་ཡ་ཕུཿཕུཿ ཨོཾ་ཀུ་རུ་ཀུལླེ་ཧཱུཾ་ཕཊ་སྭཱ་ཧཱ། ཤིན་ཏུ་བརྟན་པའི་བྱ་འདབ་རྒྱན་དང་བཅས། །བླ་རེ་མང་པོའི་ཚོགས་ཀྱིས་དཀྱིལ་འཁོར་བཀྲམ། །སྟེགས་བུའི་ཚད་ཀྱི་ཉིས་འགྱུར་རབ་འཕྱང་བ། །ཚད་དང་

ལྡན་པ་བྱ་འདབ་ཆེན་པོའོ། །ལན་ནི་བརྒྱ་དང་རྩ་བརྒྱད་རྣམས་སུ་ཡང་། །དཔལ་ལྡན་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས། །ཡང་དག་བཟླས་ཤིང་མཆོད་བྱ་གཏོར་མ་དང་། །སྦྱིན་སྲེག་ཆོ་ག་རྒྱ་ཆེན་ལྡན་པས་བྱ། བུམ་པའི་ཆུ་ཡིས་མངོན་པར་དབང་བསྐུར་ཞིང་། །གདུགས་དང་གོས་

དང་འདབ་མས་བརྒྱན་པར་བྱ། །ཞེས་པའི་སྔགས་ནི། ན་མཿས་མནྟ་བུདྡྷེ་བྷྱཿཨོཾ་པྲ་ཏྱཾ་གི་ར་ཨུཥྞཱི་ཥ་ཙཀྲ་བརྟི་སརྦ་ཡནྟྲ་བནྡྷ། ཨིནྡྲ་བྷུ་བ་ནཾ་བནྡྷ། མ་ཧཱ་བྷུ་བ་ནཾ་བནྡྷ། མ་ཧཱ་པྲྀཥྚི་བནྡྷ། བྲྀཀྵ་དེ་བ་ཏཱཾ་བནྡྷ། རཱ་ཡ་ཨི་ཧཱ་བཱ་སི་ནཱཾ་ཡེ་ན་ཀེ་ན་ཙི་ཏ་ཀྲྀ་ཏ་བྷ་ཡ་ཨཱ་དྷི་ཀཾ། ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། ཙི་རི་ཙི་རི། གི་རི་གི་རི། མི་རི་

མི་རི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཙུག་ལག་ཁང་ལ་སོགས་པའི་སྟེང་དུ་ཤིང་དགོད་པའི་ཆོ་གའོ།། །།ད་ནི་སྐུ་གཟུགས་ལ་སོགས་པའི། །ལྷ་རྣམས་བཞུགས་པའི་ཆེད་དུ་ཡང་། །ཁང་ཆུང་དང་ནི་ཆེན་པོ་ཡི། །རྩིག་པའི་ཁང་པ་བྱ་བར་འདོད། །འདེགས་པའི་ས་ཡི་ཚད་ཀྱིས་ནི། །ཆུང་ངུ་ལ་སོགས་

དབྱེ་བ་ལས། །མདའ་བཞི་ལ་སོགས་ནས་ནི་མདའ། །སུམ་ཅུ་རྩ་དྲུག་པར་དུ་བྱ། །ལེགས་པའི་ཚད་ལྡན་སྐྱེས་བུ་ཡི། །སོར་མོ་ལ་སོགས་ལྷན་ཅིག་ཏུ། །ཁྲུ་གཅིག་བྱས་པ་ཁྲུ་ཤིང་སྟེ། །མདའ་ཤིང་ཞེས་པའང་བརྗོད་པར་བྱ། །བཅུ་གཉིས་ཁྲུ་ཡི་མཐར་ཐུག་པ། །དེ་ནི་ཆུང་ངུར་

གྲགས་པ་སྟེ། །ཁྲུ་ནི་ཉི་ཤུ་རྩ་བཞི་ཡི། །མཐར་ཐུག་པ་ནི་བར་མ་ཡིན། །སུམ་ཅུ་རྩ་དྲུག་ཁྲུ་ཡི་མཐའ། །དེ་ནི་མཆོག་ཏུ་གྲགས་པའོ། །འདི་རྣམས་དབྱེ་བ་ཡིས་ནི་འདིར། །འདེགས་པའི་ས་ཡི་ཆ་འཕེལ་བས། །ཚོགས་པར་གྱུར་པ་འབའ་ཞིག་དེར། །ཁྲུ་ཤིང་བཅུ་དྲུག་པ་ཡང་

เล่ม ๗๖ · หน้า 244a

བྱ། །སྙིང་པོར་ཁང་མིག་བཞི་པ་དང་། །ཕྱི་རོལ་རེའུ་མིག་རྩིག་པ་རྣམས། །མང་པོ་རྐང་པའི་ཆ་ཡིས་ནི། །རྩིག་པ་རྣམས་ནི་འཕེལ་བར་འདོད། །གང་ལ་སྟེང་དུ་ཁུར་ཆེ་ན། །ལྷག་པ་ཡང་ནི་བྱ་བ་སྟེ། །འདེགས་པའི་འཁོར་ས་མེད་པ་དང་། །ཁང་མིག་

མེད་པ་མཛེས་མ་ཡིན། །ཡོད་པ་དེར་ནི་ཆ་ལྔ་པའི། །དགའ་བའི་སྐ་རགས་རྐེད་པར་བྱ། །ལྷ་རྣམས་འགལ་བ་མེད་པར་ནི། །འོད་དང་ལྷན་ཅིག་མཐོང་བ་དང་། །ཀུན་ལ་རབ་ཏུ་གྲགས་བྱའི་ཕྱིར། །དེ་དོན་སྒོ་ནི་རིང་བ་ཉིད། །ལྷ་རྣམས་གང་དུ་མི་འགལ་བར། །བཞེངས་པ་ཉིད་ཀྱང་

ཡང་དག་འདོད། །སྒོ་ཡི་ཕྱེད་ཀྱི་ཤིང་ཚད་གྱུར། །ཉེ་བར་གནས་ཀྱི་ལྷག་པ་མིན། །འགལ་བ་མེད་པར་ལྷ་ཡི་ཕྱིར། །རིང་བའི་སྒོ་ནི་བཤད་པ་ཡིན། །ཤིན་ཏུ་ཆུང་རྣམས་མི་འགལ་བས། །མཆོད་བྱ་རྣམས་ཀྱང་བསྟན་པ་སྟེ། །ཆ་ཡིས་རྣམ་པར་རྒྱས་པ་ཡང་། །རབ་མཛེས་དོན་དུ་

ཀུན་ལ་གྲགས། །འགྲོ་བ་ཡི་ནི་ཁང་ཆུང་བཞི། །སྙིང་པོའི་ཁང་པའི་སྲིད་དུ་བྱ། །འདེགས་པའི་རྒྱ་དང་མཉམ་པའི་དཔངས། །འདེགས་པའི་དཔངས་ཀྱི་ཚད་ཡིན་ནོ། །རྣམ་རྒྱས་གར་ནི་ཡང་དག་བསྡུས། །མཛེས་པའི་རྗེས་སུ་མཐུན་པ་བྱ། །སྒོ་ལ་སོགས་པའི་རྣམ་འཇུག་པ། །སྔོན་སོགས་

སློབ་དཔོན་རྣམས་ཀྱིས་གསུངས། །བཞི་དྲུག་བརྒྱད་རྣམས་ཆ་ཤས་ཀྱིས། །ཆུང་ངུ་ལ་སོགས་གྲགས་རྣམས་ལ། །ཤིན་ཏུ་ཆུང་དང་རྣམ་རྒྱས་པའི། །རྩིག་པར་གསུངས་ཏེ་རྣམ་གཞན་མིན། །ཤིན་ཏུ་ཆུང་དང་རབ་ཆེས་པ། །དེ་དག་མཛེས་པར་འགྱུར་བ་མིན། །བཞི་པའི་

ཆ་ཤས་ཉིད་ཀྱིས་ཆ། །སྒོ་རྣམས་ཀུན་ཏུ་མི་འདོད་དེ། །གྲགས་པ་བཞིན་དུ་འདབ་བརྒྱད་དང་། །དེ་བཞིན་ཉིད་དུ་སྒོ་རྣམས་འདོད། །ཁྲུ་དོ་གསུངས་པའི་གཅིག་གི་ཆས། །མཉམ་པ་ཆ་གསུམ་གྲགས་པ་ལ། །བཅུ་ལ་སོགས་པའི་སྒོ་བྱ་འདིར། །ཅུང་ཟད་ལྷག་པ་ལྷག་

པའོ། །དྲུག་གི་ཆ་ཤས་ཉིད་ཀྱིས་ནི། །བར་མར་ལྡན་པའི་སྒོ་སོགས་ཀྱིས། །སྒོ་ནི་ཉི་ཤུ་རྩ་གཉིས་ལས། །ཉུང་མིན་ཇི་ལྟར་མཛེས་པར་བྱ། །སོ་སོར་དེ་རྣམས་ལ་ནི་སླར། །སྒོ་དང་འགྲམ་ལོགས་ལ་སོགས་བྱ། །ཀུན་དུ་མཆོག་ཏུ་གྲགས་པ་ནི། །བརྒྱད་ཀྱི་ཆ་ཤས་

เล่ม ๗๖ · หน้า 244b

རྣམས་ཀྱིས་འཇུག །རིམ་པར་སྒོ་ལ་སོགས་པ་རྣམས། །ཤེས་ལྡན་ཉིད་ལ་ངེས་པར་བསྟན། །འཕེལ་དང་ཉུང་བའང་མཛེས་བྱ་སྟེ། །ཉུང་པ་མ་ཡིན་ལྷག་པ་མིན། །འཁོར་ས་མེད་པའི་འདེགས་བྱེད་ནི། །ཁང་ཆུང་རྣམས་ལས་ཉིས་འགྱུར་འདོད། །ཉིས་འགྱུར་

སླར་ཡང་དེ་ཡི་ནི། །དྲུག་དང་བདུན་ལ་སོགས་པ་ཡང་། །གྲུ་བཞི་པ་ཡི་ཁང་ཆུང་བསྔགས། །ཀ་བ་མཉམ་པའི་ས་ལ་སྟེ། །མན་ངག་གིས་ནི་ཁང་ཆུང་ཡང་། །གང་ཞིག་གཅིག་པ་སླར་ཡང་འདོད། །འདེགས་པ་དེ་ཡི་སྙིང་པོ་ཉིད། །ཅུང་ཟད་སྟོང་པར་ལྷ་གནས་གཅིག །འཁོར་

སར་ཁང་ཆུང་གཅིག་པ་གང་། །དེ་ཡང་དེ་བཞིན་སླར་ཡང་ངོ་། །རྩིག་པར་བཅས་པའི་འཁོར་ས་འདིར། །ཁང་ཆུང་བགྲོད་པའི་སྐབས་དང་ལྡན། །ཁང་པའི་ངོས་གཉིས་དག་ཏུ་ཡང་། །ཁང་ཆུང་ནང་ནི་རྫོགས་པ་ཅན། །ཕྱོགས་བཞིར་ཁང་ཆུང་རྣམས་ཀྱིས་ཀྱང་། །དེ་ནི་རྣམ་པར་མཛེས་

པའོ། །གང་ཞིག་འདེགས་པ་གཅིག་བཅས་པའི། །སྙིང་པོ་དེར་ནི་ལྷ་གནས་བཞི། །ཤིན་ཏུ་ཆེན་པོར་གྲགས་པ་ནི། །ཁང་ཆུང་གཉིས་གཉིས་ལྡན་པར་བྱ། །ནང་གི་འཁོར་ས་དང་བཅས་པའི། །སོ་སོར་སྒོ་ནི་ཕྱོགས་ཕྱོགས་སུ། །དེ་བར་ཁང་ཆུང་དང་འདེགས་པས། །མཉམ་པར་འཁོར་བས་

ཤིན་ཏུ་མཛེས། །འཁོར་ས་ལམ་གྱི་རྩིག་པ་རྣམས། །ལྷན་ཅིག་བར་མ་དག་ཏུ་བྱ། །འདིར་ནི་དེ་ཉིད་སྙིང་པོའི་སྟེང་། །དྲི་ཡི་གཙང་ཁང་བརྟན་པ་ཆེ། །ཁང་པ་བརྩེགས་མའམ་དེ་ལས་གཞན། །ཐམས་ཅད་ཤིན་ཏུ་བརྟན་པར་བྱ། །འཁོར་ས་དང་བཅས་འདེགས་པ་དང་། །ཁང་

ཆུང་ངོས་སུ་རྩིག་པ་སྟེ། །འདེགས་པའི་རྩིག་པ་མཉམ་པར་བྱ། །ལས་དང་གནས་ལ་འཇུག་པས་སོ། །འཁོར་ས་རྣམས་དང་ཁང་ཆུང་རྣམས། །མཐོ་དམན་རྗེས་སུ་མཐུན་པ་དག །འདིར་ནི་ཇི་ལྟར་རིགས་པར་བྱ། །ལས་རྣམས་ཤེས་པའི་བཟོ་བོས་སོ། །བརྟན་པའི་དོན་དུ་

འདེགས་པ་དང་། །རྨང་ལ་སོགས་པའི་ལས་ལ་ཡང་། །རྩིག་པའི་ཆ་ཡི་རྐང་པ་ཡི། །ཕྱེད་ཀྱིས་ཀྱང་ནི་འཕེལ་བའང་འདོད། །འདེགས་པའི་དཔངས་ནི་རྣམ་གཟུང་བ། །འདེགས་པའི་རྒྱ་ཡི་ཚད་ཡིན་ཏེ། །ཆ་གཉིས་སླར་ཡང་སྟེང་དུ་ནི། །ཆུང་བར་བཟོ་བོ་ཡང་དག་

เล่ม ๗๖ · หน้า 245a

འདོད། །རྡོ་བའི་ལས་ནི་གནས་དོན་དུ། །གཉིས་ཀྱི་ཆ་ཡིས་གཞན་དག་སླར། །དེ་ནི་མཐོང་བར་འདོད་པ་སྟེ། །འགའ་ཞིག་དེ་ཡི་སྟེང་དུ་འང་འཆད། །དྲི་གཙང་ཁང་དེའི་སྟེང་དུ་ཡང་། །བརྒྱད་ཀྱི་ཆ་འམ་བདུན་དོན་འདོད། །ཇི་ལྟའི་ཆ་ཡི་ཁང་བརྩེགས་ནི། །སྔར་བཤད་པ་ཡང་བསྟན་

པའོ། །དེ་ལྟའི་རིམ་པ་བདག་གིས་བྱས། །མཛེས་པ་རྣམ་དཔྱོད་ཇི་ལྟའི་རིམ། །འདེགས་པའི་སྟེང་དུ་དྲི་གཙང་ཁང་། །ལྷ་ཡི་ཁྱད་པར་གྱིས་དེ་བརྗོད། །སྟེང་དུ་བདུན་གྱི་ཆ་ཤས་རྣམས། །རྣམ་བརྒྱད་ཆ་སྟེ་སླར་ཡང་གང་། །བཅོ་བརྒྱད་སྟེང་གི་རྒྱ་ཡིན་ཏེ། །དེ་ཡང་བཞི་བཞིའི་ཆ་ཤས་ཅན། །ཕྱི་རོལ་

རྣམས་སུ་ཆ་ཤས་བཞི། །རེ་རེའང་བདུན་པ་བརྒྱད་པ་སྟེ། །དེ་དག་ཆ་ཤས་རབ་བསྐོར་བ། །ངོས་གཉིས་རི་མོ་མཛེས་དོན་དུའོ། །བཞི་ཡི་ཆ་ཤས་ངོས་གཉིས་དང་། །རབ་མཐོ་གང་གི་དབུས་སུ་གནས། །དེ་རྣམས་ཆ་བཅུས་ཕུང་པོར་འདོད། །བཱ་རེནྡྲ་ཡི་བཟོ་བོའི་ལུགས། །དྲི་གཙང་ཁང་སོགས་སྤྲུལ་པ་ལ། །ངོས་གཉིས་དེར་

ཡང་བཟོ་བོ་ཡིས། །ཆ་ཤས་དགུ་པའི་རྒྱར་ལྡན་པའི། །དྲི་གཙང་ཁང་ཡང་ངེས་པར་འཇུག །སླར་གསུངས་རྗེས་སུ་རིམ་པ་ལའང་། །གཉིས་གཉིས་ཆ་ནི་རབ་འཇུག་སྟེ། །དབུས་སུ་གནས་པའི་ལྔ་ཡི་ཆ། །འདི་ནི་ཕུང་པོར་རབ་ཏུ་གྲགས། །གཞན་ཡང་ཆ་ལྔའི་ཆ་ཤས་རྣམས། །དེར་བྱ་དཔངས་སུ་

གཉིས་སླར་ཡང་། །གསུམ་གྱི་ཆ་འདིར་ཕུང་པོ་དང་། །དཔུང་པར་བཟོ་བོ་རྣམས་ཀྱིས་འདོད། །རབ་འཇུག་ལྔ་པར་ཐིག་ལ་ཐིག །བཟུང་ནས་གཞན་ཡང་གསུམ་པ་དང་། །གཉིས་པར་འོག་གི་ཟུར་དག་སྟེ། །དྲི་གཙང་མར་མེའི་རྩེ་མོ་མཚུངས། །གལ་ཏེ་རྣམ་གསུམ་ཞེས་བཤད་རྣམས། །དབྱེ་བ་མེད་

དེ་ལྟ་བ་ནའོ། །དབྱེ་བ་མེད་པ་གང་དུ་འབྱེད། །བློ་ལྡན་མི་འགྱུར་ཞེས་མཐོང་ངོ་། །དྲི་ཡི་གཙང་ཁང་གསུམ་གྱི་ཆ། །སྟེང་དུ་རབ་འཇུག་ཤེས་བྱ་སྟེ། །རྩ་བར་ཡང་ནི་རབ་འཇུག་དང་། །ནས་ཀྱི་སྙིང་པོའང་མི་འདོད་དོ། །ཟླུམ་པོའི་དྲི་གཙང་ཁང་གི་ལས། །ཡང་ན་གྲུ་བཞིའི་ལས་ཅན་ཏེ། །ཕུང་པོའི་རྗེས་མཐུན་དག་པ་ཉིད། །

གང་ཞིག་ད་ནི་ཆ་རྣམས་དབྱེ། །ཆ་ཤས་བརྒྱད་ཀྱིས་ཡན་ལག་བརྒྱད། །ཇི་ལྟར་མཐོང་བའི་ལས་རྣམས་ཀྱིས། །ཆ་ཤས་བཅུ་གཉིས་པར་ཡང་འགྱུར། །དྲི་ཡི་གཙང་ཁང་ལྷག་པར་ཡང་། །ཇི་སྙེད་སུམ་ཅུ་རྩ་དྲུག་པའི། །ཤིན་ཏུ་ཟླུམ་པོའི་གཟུགས་ཅན་བྱ། །གང་ཡང་དྲི་ཡི་གཙང་ཁང་འདི། །གྲུ་བཞི་པ་ཡང་

เล่ม ๗๖ · หน้า 245b

བལྟ་བར་བྱ། །དེ་ལྟའི་གཟུགས་རྣམས་མངོན་འདོད་པས། །དེ་སྙེད་ཆ་ཤས་རྣམས་ཀྱང་བྱ། །ལྷ་ཡི་རིགས་ལས་རྣམ་སྤྲུལ་པའི། །རིམ་པ་ཉིད་དེ་གཞན་དུ་མིན། །བར་བར་ལ་སོགས་སྣམ་བུ་རྣམས། །དྲི་གཙང་ཁང་སོགས་ལུས་ལ་ནི། །འཕེལ་བ་དང་ནི་ཐུང་བ་ཡང་། །རྐང་པ་ཇི་ལྟར་མཛེས་པའང་བྱ། །སྣམ་བུ་གཞུང་ཤིང་སོགས་པ་

རྣམས། །ཉེ་བར་བསྟན་པ་ཇི་བཞིན་བྱ། །གཞན་དང་གཞན་གྱི་ལས་རྣམས་ཀྱང་། །ཇི་ལྟ་ཇི་ལྟར་བཞིན་དུ་བྱ། །མགྲིན་པའི་དཔངས་ཆ་རྐང་པས་དམན། །གཞན་ཡང་ཆུང་སོགས་གྲགས་རྣམས་ལ། །ཡོངས་སུ་རྫོགས་པའི་ཆ་ཉིད་ཀྱིས། །སྤྱི་བོའི་དཔངས་སུ་འདོད་པའོ། །ཕུང་པོར་བྱས་པ་དེ་ནས་ལྔའི། །ཆ་འདི་རྣམས་ཀྱི་ནང་ལ་གསུམ། །

དེ་ནི་མགྲིན་པའི་ཟླུམ་ལ་བྱ། །མགྲིན་པ་ཉེ་བའི་མཐར་གནས་པའོ། །འདི་འམ་ཐམས་ཅད་ཀྱི་ནི་ཚད། །མགྲིན་པའི་རྒྱ་ལ་འདོད་པ་སྟེ། །ཕུང་པོའི་ཆ་ཡིས་ཕྱེད་ཀྱི་ཆ། །སྔོན་གྱི་བཟོ་བོ་རྣམས་ཀྱི་ལུགས། །ཆེན་པོ་ཡི་ནི་ཕྱེད་ཀྱི་ཆས། །མགྲིན་པའི་དཔངས་དག་ལྷག་པ་མིན། །རྐང་པས་དམན་པའམ་གཞན་ཡང་ཕྱེད། །སྤྱི་བོ་ཡི་ནི་

དཔངས་ལ་འདོད། །སྤྱི་བོར་གང་ཞིག་འཆི་མེད་གནས། །སྐྱུ་རུ་ར་གནས་ལྟ་བུར་འགྱུར། །རྒྱ་དང་ཕུང་པོའི་ཚད་ཀྱིས་ནི། །ཅུང་ཟད་དེ་ནི་ལྷག་པ་ཡང་། །སྤྱི་བོའི་གསུམ་གྱི་ཆ་ཡིས་ནི། །སྟེང་གི་སྤྱི་བོར་འདོད་པ་ཡིན། །དཔངས་འདིར་ཇི་ལྟར་མཛེས་པ་སྟེ། །མཐོ་དང་དམའ་བ་དེ་བཞིན་ནོ། །མཆོད་རྟེན་རྒྱ་ནི་གཅིག་གིས་དམན། །མཆོད་

རྟེན་དཔངས་ནི་གཉིས་ཀྱི་ཆ། །ཞེས་འདིར་དཔངས་དང་རྒྱ་ལ་འགྱུར། །མཆོད་རྟེན་སྤྱི་བོའི་སྟེང་དུའོ། །མགྲིན་མཐའ་ཇི་སྲིད་རེ་རེ་ཞིང་། །བྱ་སྟེ་དེ་ཡི་སྟེང་དུའོ། །བརྟན་པའི་གདུགས་དང་སྣམ་བུར་བཅས། །གདུགས་ལ་དྲིལ་བུ་མེ་ལོང་ངོ་། །ཞེས་པ་དྲིའི་གཙང་ཁང་ལ་སོགས་པའི་མཚན་ཉིད་ཀྱི་ཆོ་གའོ།། །།འདེགས་པ་ལྷན་ཅིག་འཕེལ་

བ་ཡིས། །དེར་ནི་ལྔ་ཡི་ཆ་ལྡན་བྱ། །འདིར་གང་གསུམ་གྱི་ཆ་ལྡན་པ། །དེ་ཡི་དཔངས་ཅན་ཁང་བརྩེགས་སོ། །སྟེང་དུ་འཕེལ་བཅས་འདེགས་པའི་དཔངས། །དེ་བཞིན་དུ་ཡང་ཁང་བརྩེགས་འགྱུར། །ལེགས་པར་དཔངས་སུ་གནས་པ་འདིར། །མཐོང་བའང་གཞན་དང་ལྡན་པར་འགྱུར། །སྔར་བཞིན་ཕུང་པོ་རྣམ་གནས་པས། །

འདིར་ཡང་བརྩེགས་མར་རྣམ་གནས་ཉིད། །གཞན་དང་གཞན་གྱི་ལས་རྣམས་ནི། །ཤེས་པ་རྣམས་ཀྱིས་མཛེས་པར་བྱ། །ཁང་བརྩེགས་ཉིད་ནི་རིང་བ་དང་། །ཕྱོགས་འདིར་ཐུང་བའང་འདོད་པ་སྟེ། །གང་དུ་མགྲིན་སོགས་རྣམ་དབྱེ་བ། །དེས་སླར་འདིར་ཡང་སྔ་མ་བཞིན། །ཞེས་པ་ཁང་པ་བརྩེགས་མའི་ཆོ་གའོ།། །།

เล่ม ๗๖ · หน้า 246a

གསུམ་གྱི་ལྷ་རྣམས་གནས་པའི་ཕྱིར། །རྒྱ་ཕུབས་འགའ་ཡང་བལྟ་བྱ་སྟེ། །བཱ་རེནྡྲའམ་ཌཱ་བི་ཌའི། །ཉེ་བར་བསྟན་པ་ཇི་བཞིན་བྱ། །ལྔ་ཡི་ཆ་འམ་དྲུག་གི་ཆ། །རྒྱ་ཕུབས་ཡང་དག་གནས་པར་འདོད། །འདེགས་པའི་ཆ་དང་མཉམ་པའི་དཔངས། །བཱ་རེནྡྲ་གནས་སྟེང་དུའོ། །རྒྱ་ཕུབས་དབུས་ཀྱི་ལུས་ལ་ནི། །ཌཱ་བི་ཌ་བ་

དུམ་བུ་གཉིས། །དུམ་བུ་གཅིག་པའི་རྒྱ་ཕུབས་ནི། །བཱ་རེནྡྲ་དང་གཽ་ཊའི་ལུགས། །རྒྱབ་ཀྱི་རྩེ་མོ་ཡང་དག་བསྡུས། །ངོས་རྣམས་རྣམ་རྒྱས་མཁས་པ་ཡིས། །དབུས་སུ་གཞུང་ཤིང་སྣམ་བུ་རྣམས། །མཐོང་ན་མཛེས་པར་འགྱུར་བ་བྱ། །རྔ་ཟླུམ་མཚུངས་པ་དབུས་ཀྱི་སྟེང་། །ངོས་གཉིས་གཞུང་ཤིང་མཐོ་བ་སྟེ། །ཌཱ་བི་ཌ་བ་

གཞུང་ཕྱེད་ཀྱིས། །བུམ་པ་སེང་གེ་རབ་མཛེས་འདོད། །བཱ་རེནྡྲ་བའི་རྒྱ་ཕུབས་ཀྱི། །ལས་ནི་ཡུལ་རྣམས་ཀུན་དུ་མཐོང་། །ཌཱ་བི་ཌ་བའི་རྒྱ་ཕུབས་ནི། །གང་དུ་ཆ་ཤས་སོགས་ལ་མཐོང་། །སླར་ཡང་ཁང་བཟངས་ཆེན་པོ་གཞན་ཡང་སྟེ། །རི་རབ་མནྡ་ར་དང་ཕུན་ཚོགས་མཐར། །གནས་ཁང་བགྲོད་པའི་ཁང་བརྩེགས་བཟང་པོ་དང་། །

གླང་པོ་སེང་གེ་ངང་པ་བུ་ལྡན་མཁའ་ལྡིང་རིག་བྱེད་གནས་རྣམས་ལ་ནི་རྒྱ་ཕུབས་བཤད། །རིག་བྱེད་ཞལ་གྱི་ཉིས་འགྱུར་ཞལ་རྣམས་དང་ནི་རྒྱལ་པོའི་ཁང་པ་རྣམས་ལའང་དེ་ཉིད་དེ། །ཟླུམ་པོ་ཉིད་དང་དྲུག་དང་བཞི་ཡིས་དབྱེ་བས་རྒྱན་ལའང་ཇི་བཞིན་འཇུག་པ་ཤེས་པར་བྱ། །ཤེས་ནས་བཟང་པོ་ཤིན་ཏུ་བཟང་པོ་དགའ་བ་པདྨ་

བཟང་པོ་གསུམ་དང་ལྔ་པ་དང་། །དཔལ་བེའུ་ཕྱེད་དང་དུམ་བུ་མེད་ཅིང་བྱ་བ་ལྡན་པ་དེ་ནི་འཕེལ་ལྡན་བདག་ཉིད་དེ། ཁྱིམ་གང་རྒྱལ་པོའི་བདེ་བ་ལྡན་པ་བཤད་ཅིང་གཞན་ཡང་ཁང་པ་བརྩེགས་མ་རྣམས་ལའང་དྲན། །བུམ་པའི་སྟེང་དུ་ཟླ་བ་དྲ་གོ་རྣམས་ཀྱི་གོ་ཡུའི་ཤིང་ལས་ཕུན་ཚོགས་འཇུག་པ་ཉིད། །འདི་དག་དབྱེ་

བཞིས་བརྒྱན་པ་རྣམས་དང་དེ་ལ་སོགས་པ་རྣམས་ནི་གྲོང་ཁྱེར་ཏེ། ལཱ་ཌཱ་ཀྵ་དང་དེ་ནས་པ་ར་ཌ་ཀ་རབ་གསལ་ཞེས་བྱ་དེ་བཞིན་ཌཱ་བི་ཌ། །བསམ་པའི་དབང་གིས་ཆུང་ངུའི་གནས་དང་ཆེན་པོའང་སེམས་ཅན་རྣམས་ལ་རྣམ་པར་བསྟན། །མ་བཤད་པ་རྣམས་ཐོས་ལས་རྣམ་པར་རྒྱས་པའང་ཆོ་ག་ཤེས་པ་རྣམས་ཀྱིས་དེ་བཞིན་

བྱ། །གཙུག་ལག་ཁང་རྣམས་དང་ནི་རྐང་པའི་དབྱེ་བས་མིང་རྣམས་ཤེས་པར་བྱ་བ་སྟེ། །རྒྱའི་གནས་ཀྱི་སྟེང་དུ་ནི་མི་བྱའོ་ཞེས་པ་རྒྱ་ཕུབས་ལ་སོགས་པའི་མཚན་ཉིད་ཀྱི་ཆོ་གའོ།། །།བསམ་གཏན་དོན་དམ་ལྷ་རྣམས་ཀྱི། །ཁང་པ་ལ་ནི་ཐོག་གཅིག་སྟེ། །སངས་རྒྱས་གནས་པའི་དོན་དུ་ཡང་། །སངས་རྒྱས་བཞི་ཡི་གདན་

เล่ม ๗๖ · หน้า 246b

རིམ་བཞིན། །གནས་པ་འམ་དགའ་བ་བསྟན་པ་ཡི། །རྟག་ཏུ་རྣལ་འབྱོར་རྒྱལ་པོ་ཡིས། །ཡིད་སོགས་དང་མཐུན་ཁང་པ་ཉིད། །བསམ་གཏན་ལ་སོགས་བསྒྲུབ་ཕྱིར་བྱ། །དཀྱིལ་འཁོར་ལྟ་བུ་ཆ་བཞི་པའི། །ཁང་པ་བརྩེགས་པ་ཡང་བྱ་སྟེ། །ཁང་བརྩེགས་ལ་ནི་ཁང་ཆུང་འགྱུར། །དེ་ནི་རྟ་བབས་དང་བཅས་བྱ། །ཇི་སྙེད་པ་ལ་ཀ་

བའི་ཆ། །སླར་ཡང་རྣམ་པར་གནས་གྱུར་པ། །དེ་སྙེད་འདུན་ཁང་སྟེང་གི་དཔངས། །ཉུང་བ་མིན་པ་གཞན་ཡང་འདོད། །ཁང་པ་བརྩེགས་མ་ལ་སོགས་ཆ། །དེ་རྣམས་སྔར་བཞིན་རབ་ཏུ་གྲགས། །སླར་ཡང་བརྗོད་པར་འགྱུར་བ་རྣམས། །འདིར་ནི་དེ་རྣམས་བྱ་བ་སྟེ། །དེ་དག་སྟེང་དུ་མགྲིན་པ་དང་། །དྲི་མེད་སྙིང་པོ་

མཛེས་པ་སྟེ། ཁང་བརྩེགས་ལ་འདོད་མཆོད་རྟེན་དང་། །འདུན་ཁང་ལ་ཡང་སླར་དེ་ཉིད། །གཙུག་ལག་ཁང་དང་ཚོགས་ཁང་ངམ། །དེ་བཞིན་ཁང་པ་གཞན་ལ་ཡང་། །དྲ་གོ་རྣམས་ནི་མི་འགལ་བར། །བྱ་སྟེ་དེ་ལས་གཞན་དུ་མིན། །གཟུགས་རྣམས་ཇི་ལྟ་བ་ཡི་གནས། །མཆོག་གི་ལས་ཀྱི་གྲོགས་པོ་ཡིས། །བྱ་སྟེ་སླར་

ཡང་ཁང་པ་ཉིད། །ཅེས་འདི་བྱ་བའི་རིམ་པའོ། །ཁང་པ་བཞི་དང་བསམ་གཏན་གྱི་ཁང་པ་ལ་སོགས་པའི་མཚན་ཉིད་ཀྱི་ཆོ་གའོ།། །།ད་ནི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་ཡོངས་སུ་འདས་པ་ཐ་མ་དགའ་བར་བྱེད་པའི་ཆོ་ག་བརྗོད་པར་བྱ་སྟེ། གཞན་དོན་ལ་དགྱེས་ཤི་བ་འཚོ་མཛད་མ། །སྤྱན་མར་གྲགས་པའི་ལྷ་མོ་ཕྱག་འཚལ་

ཏེ། །ཤི་བ་ཡང་དག་འཚོ་བྱེད་སྦྱོར་བ་ཡི། །ཤི་བ་བདེ་འགྲོར་ངེས་སྦྱོར་བཤད་པར་བྱ། །ཤི་བའི་ཁང་པ་ཤིན་ཏུ་དབེན་པར་ནི། །ཉེར་སྤྱོད་ཀུན་དང་ལྡན་པས་རྣལ་འབྱོར་པ། །མེ་ཏོག་དཀར་པོའི་ཕྲེང་བས་གཙུག་ཏོར་བཅིངས། །ཞི་ཞིང་དཀར་པོའི་དྲི་ཡིས་རྣམ་པར་བྱུགས། །དཀར་པོའི་གོས་དང་རྒྱན་ལྡན་ཤར་དུ་ཞལ། །

བལྟས་པའམ་ཡང་ན་དེ་རུ་མོས་པ་ཡིས། །རྡོ་རྗེ་དང་ནི་རྡོ་རྗེ་དྲིལ་བུ་གཟུང་། །འཇམ་ཞིང་ཡངས་པ་མཐོ་བའི་སྟན་ལ་འདུག །ཙནྡན་དཀར་པོ་ལ་སོགས་དྲི་རྣམས་དང་། །བདུད་རྩི་ལྔ་སྦྱར་ཆུ་ཡིས་མདུན་དུ་ནི། །མཎྜལ་ཉེ་བར་བྱུགས་ཏེ་དཀར་པོ་ཡི། །མེ་ཏོག་རྣམས་ཀྱིས་ཉེ་བར་མཛེས་པ་བྱ། །ཨརྒྷ་ལ་སོགས་རང་གི་སྔགས་

རྣམས་ན། །སྭཱ་ཧཱའི་མཐའ་ཅན་ལེགས་བཟླས་བསྐུལ་ཚིག་དང་། །སྙིང་གའི་ཟླ་བར་རང་གི་ས་བོན་རྣམས། །བལྟས་ནས་གནས་ལ་སོགས་པ་བསྲུང་བར་བྱ། །དེ་ལ་གནས་བདག་རྣལ་འབྱོར་བསྲུང་བའི་སྔགས། །ཨོཾ་ཨཱཿབིགྷྣཱཾ་ཏ་ཀྲྀཏ་ཧཱུཾ། ཞེས་པའོ། །ཡང་ན། ན་མཿས་མནྟ་སོགས་སོ། །ཆོ་ག་བཞིན་དུ་བསྒྲུབ་ཤེས་

เล่ม ๗๖ · หน้า 247a

རྣལ་འབྱོར་བས། །སྤྱན་མའི་རྣལ་འབྱོར་རབ་ཏུ་རྣམ་བསྒྲུབས་ནས། །སྙིང་གའི་ས་བོན་རྩེ་ལས་ལེགས་གྲུབ་འདོད། །འཁོར་ལོས་མཚན་པའི་ལྕགས་ཀྱུ་སྤྲོ་བར་བྱ། །དེ་ཡིས་འཇིག་རྟེན་ཕ་རོལ་སོང་བའི་སེམས། །ཤིན་ཏུ་དམར་ཞིང་གསལ་བ་དགུག་བྱ་སྟེ། །ཆོས་ཀྱི་སྒོ་ཡི་གཟུགས་སམ་ཡང་ན་ནི། །རླུང་མེད་

མི་གཡོའི་མར་མེ་ལྟ་བུ་ཡིས། །ཤི་བ་དེ་ཡི་ཤེས་པ་འོངས་ནས་ནི། །སྤྱི་བོ་ནས་ནི་སྙིང་གར་གཞུག་པར་བྱ། །དེ་རྗེས་དེ་ནི་ཤེས་པར་ལྡན་པ་ཡིས། །ཡང་དག་ལངས་ནས་འདུག་པར་བལྟ་བར་བྱ། །དེ་ཡི་སྙིང་གར་མོ་ཧ་ར་ཏི་ཞེས། །བཀོད་ནས་དེ་ཡི་འོད་ཟེར་ཕྲེང་འབར་བས། །དེ་ཡི་ལུས་ནི་སྟོང་པར་བྱས་ནས་སུ། །ལྷག་མ་རྣམ་པར་

རིག་བྱེད་ཙམ་དུ་བལྟ། །དེ་ཡི་རྗེས་སུ་མོ་ཧ་ར་ཏི་ཞེས། །རབ་བརྗོད་དེ་ནི་སྤྱན་མའི་གཟུགས་སུ་བསམ། །དེ་ཡི་མིག་དང་ལུས་ལ་སོགས་པ་རྣམས། །ཐམས་ཅད་དུ་ནི་བྱིན་གྱིས་བརླབ་པར་བྱ། །སྙིང་པོ་ཡེ་ཤེས་ལྷ་ཡི་ཐུགས་ཀ་ཡི། །ཟླ་བ་ལ་གནས་རྩ་སྔགས་འོད་ཟེར་དང་། །ལྷ་མོའི་སྤྲིན་གྱི་བདུད་རྩིའི་འོད་ཅན་

གྱི། །རོ་ལྡན་བུམ་པ་རྣམས་ཀྱིས་དབང་བསྐུར་བྱ། །རང་གི་ལུས་ལས་ངེས་པར་སྤྲོས་ནས་ནི། །ནམ་མཁའི་དཀྱིལ་འཁོར་ཁྱབ་པར་འཕྲོས་པ་ཡི། །འོད་ཟེར་གོང་བུར་གྱུར་པའི་ཚོགས་རྣམས་ཀྱིས། །དེ་རྗེས་སྤྱན་མའི་སྤྲིན་གྱིས་དབང་བསྐུར་བྱ། །དེ་ཡི་སྔགས་བཟླས་ཆུ་ཡིས་གང་བ་ཡི། །བུམ་པ་ཡིས་ཀྱང་དེ་བཞིན་དབང་

བསྐུར་བྱ། །མགོ་བོ་ལ་ནི་ཅོད་པན་སྦྱིན་བྱ་སྟེ། །ལག་པ་དག་ལ་རྡོ་རྗེ་དྲིལ་བུ་ཡང་། །རྡོ་རྗེའི་སྔགས་པས་ཀུ་ཤའི་རྩེ་མོ་ལ། །རྡོ་རྗེ་རྩེ་གཅིག་རྣོན་པོ་རྣམ་བསྒོམས་ནས། །དེ་ནི་མེ་དང་མཚུངས་པར་བསམ་པར་བྱ། །དེ་རྗེས་མཉམ་གཞག་སེམས་ཀྱིས་དེ་ཡི་ནི། །སྙིང་གར་བཀོད་པའི་ཤེས་པ་རྣམ་འཕྲོ་བ། །ཡང་དག་བསྐུལ་ནས་འབར་བར་

གྱུར་པ་རྣམས། །རྡོ་རྗེའི་རྩེ་ནས་རླུང་གིས་བསྐྱོད་པར་བྱ། །མེ་ཡི་འོད་ཟེར་རྣམས་ཀྱིས་རེག་པ་ཡིས། །དེ་ནི་དངུལ་ཆུ་བཞིན་དུ་འབར་བར་བསམ། །སྟེང་གི་ལམ་ནས་རྣམ་པར་དགྲོལ་བ་འམ། །ཡང་ན་རྣམ་དག་སངས་རྒྱས་ཞིང་དུའོ། །གལ་ཏེ་ཤེས་པ་ལམ་གཞན་ནས་ཐོན་ན། །འཁོར་བའི་རྒྱ་མཚོ་རུ་ནི་ལྟུང་བར་འགྱུར། །དེ་ཡི་ཕྱིར་

ན་སྟེང་གི་ལམ་ནས་སུ། །དེ་ནི་ངེས་པར་འཕོ་བ་བྱ་བ་ཡིན། །སྤྱི་བོ་ནས་ནི་གཟུགས་མེད་འགྲོ་བ་སྟེ། །མཛོད་སྤུ་ནས་ནི་གཟུགས་ཀྱི་ཁམས་སུ་གྲགས། །མིག་དག་ལས་ནི་མི་ཡི་འགྲོ་བ་ཉིད། །རྣ་བ་དག་ནས་གྲུབ་པའི་ལྷ་རུ་འགྲོ། །སྣ་བུག་དག་ནས་གནོད་སྦྱིན་ཉིད་དུ་སྟེ། །ཁ་ནས་དྲི་ཟ་ཉིད་དུ་ངེས་པར་འགྲོ། །ལྟེ་བ་ནས་ནི་འདོད་པའི་ལྷ་རུ་སྟེ། །

เล่ม ๗๖ · หน้า 247b

ཁུ་བའི་ལམ་ནས་ཡི་དགས་འགྲོ་བར་རོ། །ཆུ་ཡི་ལམ་ནས་དུད་འགྲོའི་སྐྱེ་གནས་ཏེ། །བཤང་བའི་ལམ་ནས་དམྱལ་བའི་འགྲོ་བ་རུ། །ངེས་པར་འགྲོ་བར་ཤེས་བྱ་དེ་ཡི་ཕྱིར། །ལམ་དེ་དག་ནི་རྣམ་པར་སྤང་བར་བྱ། །དེ་ནས་ཐར་པའི་གྲོང་ཁྱེར་དུ་གཞུག་པའི་ཕྱིར་མདུན་དུ་ཞི་བའི་སྦྱིན་སྲེག་གསུངས་པ་ལས་ཡོངས་སུ་རྫོགས་པའི་ཆོ་ག་འམ་

རྫས་གཅིག་པའི་སྦྱིན་སྲེག་གི་ཕྱོགས་གསུངས་པའི་ཕྱིར་སྦྱིན་སྲེག་བྱའོ། །དེ་ལ་ཇི་སྲིད་དེའི་རུས་པ་མ་འོངས་པ་དེ་སྲིད་དུ་དེའི་གོས་ལ་དེའི་མིང་སྨོས་པ་སྔོན་དུ་འགྲོ་བས་བྱ་ཞིང་། འོངས་ནས་ནི་དེའི་རུས་པ་དང་གོས་ལ་ཡང་བྱ་སྟེ་ཉིན་ཞག་བརྒྱད་ཇི་སྲིད་པར་རོ། །ཡང་ན་ལྷོ་ཡི་ཕྱོགས་ཀྱི་ཆ་ལ་ནི། །ཁྲུ་གང་ཙམ་གྱི་སྟེགས་བུ་གྲུ་

བཞི་བྱ། །བ་ཡི་ལྕི་བ་སར་མ་ལྷུང་བས་བྱུག །བ་ཡི་རྣམ་ལྔ་མཉམ་པས་མངོན་པར་གཏོར། །དེར་ཡང་དཀྱིལ་འཁོར་མ་ལ་ཡ་ཡི་ནི། །ཙནྡན་དཀར་པོས་བྱུགས་ཤིང་མེ་ཏོག་གིས། །མཛེས་བྱས་དེ་སྟེང་བུམ་པ་རྣམ་པར་དགོད། །མཚན་ཉིད་དང་ལྡན་སྨན་དང་ཡལ་ག་དང་། །ནོར་བུ་དྲི་བཟངས་འབྲུ་ལྔ་རྣམས་དང་ལྡན། །གདུགས་དང་

བ་དན་རྣམས་ཀྱིས་ཉེ་བར་མཛེས། །མགྲིན་པར་སྔོན་པོའི་གོས་ཀྱིས་རྣམ་པར་དཀྲིས། །ཉེ་བར་སྤྱོད་པ་ལྔ་དང་ཡང་དག་ལྡན། །ཀུ་ཤའི་གདན་ལ་ཡང་དག་གཞག་བྱ་སྟེ། །རྒྱ་ཆེན་རིགས་བདག་རང་གི་མཚན་མས་མཚན། །ཡི་གེ་གསུམ་ལྡན་རྩ་བའི་ས་བོན་གྱིས། །དེ་ནི་ལྷག་པར་གནས་པར་བྱ་བ་ཡིན། །སྔགས་པས་

ཡང་ན་ཁྲུས་ཀྱི་སྔགས་རྣམས་ནི། །ལན་གྲངས་བརྒྱ་དང་རྩ་བརྒྱད་བཟླས་པས་སོ། །དེ་ནས་མདུན་དུ་དཀར་པོའི་རྡུལ་ཚོན་གྱིས། །ལྟེ་བར་བཅས་ཤིང་མུ་ཁྱུད་འབར་བར་བཅས། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་མེ་ཏོག་ནི། །དཀར་པོ་མཛེས་པས་རྣམ་པར་སྤྲས་བྱས་ནས། །དེ་ཡི་སྟེང་དུ་བུམ་པ་སྟོང་པ་ཡི། །སྟེང་དུ་བུག་པ་དང་

བཅས་ཁམ་སྐྱོགས་གཞག །དེ་རྗེས་དེ་ཡི་རུས་བུ་ཁམ་སྐྱོགས་དེར། །ལྷག་མ་མེད་པར་ཡང་དག་དགོད་བར་བྱ། །ཏིང་འཛིན་གསུམ་དང་རྣམ་པར་ལྡན་པ་ཡི། །དེ་ཡི་ཕྱིར་བཟློག་ཆོ་ག་ཡང་དག་བྱ། །ཡུངས་ཀར་མེ་ཏོག་སྙོམས་པར་ལྡན་པ་རྣམས། །རིམ་པ་བཞིན་དུ་གསང་སྔགས་རབ་བརྗོད་པས། །དེ་ཡི་རུས་པའམ་

ཡང་ན་གོས་དག་གམ། །དེ་ཡི་མིང་ལ་ཡང་དག་བསྣུན་པར་བྱ། །དེ་ནས་སྔགས་ཀྱི་ཚིག་ཏུ་འགྱུར་བ་ནི། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎ་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ནཱ་ཤ་ཡ་ཨཱ་བ་ར་ཎཱ་ནི་ཛུཾ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་

เล่ม ๗๖ · หน้า 248a

ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་སར་ས་ར་པྲ་ས་ར་པྲ་ས་ར་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཨཱ་བ་ར་ཎཱ་ནི་བི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བྲྀ་ཏ་བྲྀ་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲཱ་ཊ་ཏྲཱ་ཊ་སརྦ་ཨཱ་བ་

རཎཱ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡྷ་ཚིནྡ་སརྦ་ཨཱ་བར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུ་ན་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏི་ཪྻ་ཀ་ག་ཏི་ཧེ་ཏུན་ཧཱུཾ་ཕཊ། ཅེས་པ་ནི་རུས་པ་ལ་སོགས་པ་ལ་བསྣུན་པའི་སྔགས་སོ། །དེ་ནས་ལྷག་པར་གནས་པ་བྱས་པའི་ཆུས་དེའི་རུས་པ་ལ་སོགས་བཀྲུ་བར་

བྱ་སྟེ་སྔགས་རྣམས་བརྗོད་བཞིན་པས་སོ། །སྔགས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་བཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་པ་ནི་རུས་པ་ལ་སོགས་པ་བཀྲུ་བའི་སྔགས་སོ། །དེ་ནས་

མེ་ཏོག་གཏོར་ཞིང་སྔགས་བཟླས་པས་ལམ་ཡང་དག་པར་བསྟན་པར་བྱ་སྟེ། སྔགས་ནི། ཨོཾ་རཏྣེ་རཏྣེ་རཏྣ་སམྦྷ་ཝེ། རཏྣ་ཀི་ར་ཎེ་རཏྣ་མཱ་ལ་བི་ཤུདྡྷ། ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། འགྲོ་བ་བསྟན་པའི་སྔགས་སོ། །དེ་ནས་མེ་ཏོག་དེ་རྣམས་ཆུ་ལ་གཏོར་ཞིང་ལམ་རྣམ་པར་སྦྱང་བར་བྱ་སྟེ་སྔགས་ནི། ཨོཾ་པདྨེ་པདྨེ་པདྨ་

ཨུདྦྷ་ཝེ་སུ་ཁ་བ་ཏིཾ་གཙྪནྟུ་སྭཱ་ཧཱ། ཞེས་པ་ནི་ལམ་སྦྱང་བའི་སྔགས་སོ། །སྔགས་ཚིག་དེ་དང་དེ་རྣམས་ལ། །བསྐུལ་བའི་ཚིག་རྣམས་སྤེལ་བར་བྱ། །ལམ་སྦྱང་བ་ཡི་སྔགས་རྣམས་ཀྱིས། །མེ་ཏོག་ཆར་པ་རབ་ཏུ་དབབ། །བཀྲ་ཤིས་ཚིགས་བཅད་འདོན་པ་ལ། །མཉམ་གཞག་དོན་དུ་གཞུག་པར་བྱ། །ཐུན་གསུམ་ཡང་ན་ཐུན་གཅིག་

ལ། ཉི་མ་སོ་སོར་དེ་བཞིན་བྱ། །ཆོ་ག་ཇི་ལྟར་བཤད་དེ་ལྟར། །ཡང་དག་མཆོད་ཅིང་ཐམས་ཅད་བསྡུ། །དེ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ནི། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ལ་ཕན་པར་དགྱེས། །སངས་རྒྱས་སྐྱོན་བྲལ་རྣམ་པར་དག་པའི་བློ་ལྡན་པ། །ཤེས་རབ་ཡན་ལག་འདུས་པས་མཛེས་པ་བདེ་བའི་བདག །དེས་

ནི་ཁྱེད་རྣམས་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ལྷ་དང་ལྷ་མིན་མིས་མཆོད་པ། །ཆོས་ནི་དེ་ཡི་བསྟན་པ་བླ་ན་མེད་པ་ཉིད། །འཇིག་རྟེན་གསུམ་དུ་རབ་ཏུ་གསལ་ཞིང་བདག་མེད་པ། །དེས་ནི་ཁྱེད་རྣམས་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རབ་མཆོག་ཆོས་རྣམས་

เล่ม ๗๖ · หน้า 248b

རྟག་ཏུ་འཛིན། །དམ་པའི་སར་ཞུགས་རྒྱལ་བའི་སྲས་པོའི་ཚོགས་ཀྱི་མཆོག །སེམས་ཅན་རྣམས་ལ་ཕན་པར་མཁས་ཤིང་ཤིན་ཏུ་མཛེས། །དེས་ནི་ཁྱེད་རྣམས་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དེ་རྣམས་ཀྱང་རུས་པ་འཁྲུད་པའི་དུས་སུ་འདོན་ནམ་འདོན་དུ་གཞུག་པར་བྱའོ། །དེ་ནས་གཤེགས་

སུ་གསོལ་བའི་སྔགས་ནི། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུཿཞེས་པའོ། །དེ་ནས་མཚན་མོ་ཚོགས་ཀྱི་འཁོར་ལོ་བྱས་ཏེ་ཐམས་ཅད་ཡང་དག་པར་བསྡུ་བར་བྱའོ། །འབྱོར་པ་ཡོད་ན་ངན་

སོང་ཡོངས་སུ་སྦྱོང་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་བཞེངས་ཏེ། ཇི་ལྟར་གསུངས་པའི་ཆོ་ག་རྣམས་བསྒྲུབ་པར་བྱའོ། །སླར་ཡང་རྡོ་རྗེ་སློབ་དཔོན་གྱིས་སྦྱིན་བདག་ལས་ཡོན་བླང་བར་བྱ་སྟེ། དེས་ཀྱང་འབྱོར་པ་དང་རྗེས་སུ་མཐུན་པར་རབ་ཏུ་དབུལ་བར་བྱ་ཞིང་། བཀྲུས་པའི་གོས་ཀྱང་སློབ་དཔོན་ཉིད་ལ་དབུལ་བར་བྱའོ། །ཡང་

གསུངས་པ། ཤི་བ་ལ་དམིགས་གང་ཡིན་རྣམས། །རང་གི་གཉེན་གྱིས་སློབ་དཔོན་དབུལ། །ད་ནི་མཐོ་རིས་ལམ་ཆས་སུ། །དེ་ལ་བྱིན་ཞེས་ཤེས་པར་བྱ། །གང་ཞིག་ཅུང་ཟད་ཞི་དོན་གྱིས། །སྦྱིན་པ་དེས་འདིར་ངེས་པར་ནི། །བདེ་བ་ཅན་གྱི་སར་འགྲོ་བ། །ཞག་བདུན་སྔ་བར་རབ་སྦྱིན་བྱེད། །དེ་ལྟར་གང་ཡིན་ཀུན་བྱས་ཏེ། །

ཆོ་གས་ལུས་ཅན་སྟེང་བྱས་ན། །སྡིག་པ་ཐམས་ཅད་སྤངས་ནས་ནི། །བདེ་བ་ཅན་དུ་ངེས་པར་འགྲོ། །དེ་རྗེས་དེ་རུས་རྣམ་སྦྱང་བྱ། །ཞིབ་མོར་རྡོ་བས་བཏགས་ནས་ནི། །ཆུ་ཀླུང་ཤིན་ཏུ་རྒྱ་ཆེན་ལ། །མཆོད་པ་བྱས་ཏེ་དོར་བར་བྱ། །ཡང་ན་ས་འཛིན་ཆེན་པོ་ནི། །མཐོན་པོའི་རྩེ་མོའི་མཐར་འཛེགས་ནས། །ཤིན་ཏུ་ཤུགས་དྲག་རྗེས་

མཐུན་པའི། །རླུང་ལ་དེ་ནི་བསྐུར་བར་བྱ། །ཤིན་ཏུ་དྲག་པོའི་ལས་ཀྱི་དབང་དུ་གྱུར་པ་ཡིས། །གལ་ཏེ་བདེ་སྟེར་བདེ་བ་ཅན་དུ་མ་སོང་ན། །འདི་ནི་ངེས་པར་དྲན་པའི་འགྲོ་བ་སྤངས་ནས་སུ། །སུམ་ཅུ་རྩ་གསུམ་པ་ཡི་གནས་སུ་འགྲོ་བར་འགྱུར། །ཞེས་པ་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་འདས་པ་ཐ་མ་དགའ་བར་བྱེད་པའི་

མཚན་ཉིད་ཀྱི་ཆོ་གའོ།། །།དེ་ལྟར་སློབ་དཔོན་རྣམས་ཀྱི་བྱ་བ་བསྡུས་པ་དངོས་གྲུབ་ཆེན་པོའི་རྒྱུར་ནི་རབ་ཏུ་འབད་པ་ལས། །སྣ་ཚོགས་གཞུང་ལས་འོངས་པ་ལ་སོགས་མང་པོའི་མེ་ཏོག་ཚུལ་ནི་བདུད་རྩིའི་གཟུགས་ཅན་ཏེ། །གང་ཞིག་བྱས་ལས་སྐྱེས་པའི་བསོད་ནམས་རྒྱལ་སྲས་རྣམས་ཀྱི་ཆེན་པོའི་ས་ཡི་

เล่ม ๗๖ · หน้า 249a

ཚོགས་གྱུར་པ། །དེ་ཡིས་འཇིག་རྟེན་གསུམ་གྱི་འཇིག་རྟེན་རྒྱལ་མཆོག་ཀུན་དགའ་དང་ལྡན་ཁང་བཟངས་རབ་འཇུག་ཤོག །ཅེས་པ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ་རྣམ་པར་གྲགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོ་པཎྜི་ཏ་ཨ་བ་དྷཱུ་ཏཱི་པ་དཔལ་ལྡན་འགྲོ་བའི་མེ་ལོང་གིས་མཛད་པ་རྫོགས་

སོ།། །།རྡོ་རྗེ་སློབ་དཔོན་རྣམས་ལ་ཉེ་བར་མཁོ་བའི་ཆོ་ག་མཐའ་ཡས་པ་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཆེན་པོ་འདི་ཉིད་ནི། དཔལ་ལྡན་བླ་མ་དམ་པ་དྷརྨ་ཀཱིརྟི་ཤྲཱི་བྷ་དྲའི་ཐུགས་དགོངས་རྣམ་པར་དག་པའི་སྒོ་ནས། བཀའ་ལུང་སྙན་པས་བསྐུལ་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་པ་

ལ་བརྟེན་ནས། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང་། བོད་ཀྱི་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།བསྟན་པ་རིན་པོ་ཆེ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དཔལ་དྷརྨ་ཀཱིརྟིའི་གསུང་གི་བདུད་རྩིས་བསྐུལ་བར་

གྱུར་པ་ལས། འཇིག་རྟེན་ཕན་པར་ངེས་པར་དགའ་བའི་པཎྜི་ཏ་དང་མ་ཏི་ཡིས། །ཆོ་ག་ཀུན་ལས་བཏུས་པའི་རིན་ཆེན་ཕུང་པོ་རྣམ་པར་གསལ་བྱས་པའི། །དགེ་བས་འཇིག་རྟེན་རྣམས་ནི་བདེ་བ་ཆེན་པོ་ཉིད་དང་ལྡན་གྱུར་ཅིག །ཕུན་སུམ་ཚོགས་པ་ཀུན་ནས་འབར་ཞིང་གྲགས་པ་གསལ་བར་

ལྡན་པས་འདི་ནི་རྟག་ཏུ་གནས་གྱུར་ཅིག །ནད་དང་མུ་གེ་ལས་གྲོལ་དགྲ་མི་ལྷག་མ་མེད་པའི་ས་སྐྱོང་ཡུན་རིང་ཕྱོགས་རྣམས་སྲུང་གྱུར་ཅིག །ཚུལ་ཁྲིམས་སོགས་ལྡན་ཡོན་གནས་རྣམས་ནི་གསུང་རབ་མཛོད་རྣམས་ཀུན་ནས་འཕེལ་བ་ཉིད་གྱུར་ཅིག །ཉི་མ་ཟླ་བ་ཇི་བཞིན་ཉིད་དང་མཚན་དུ་དཔལ་ལྡན་

དྷརྨ་ཀཱིརྟི་དགེ་ཞིང་ཤིས་གྱུར་ཅིག །ཅེས་པ་དག་ཀྱང་པཎྜི་ཏས་མཛད་པའི་སྨོན་ལམ་བསྒྱུར་བ་སྟེ་ཇི་ལྟ་བ་བཞིན་དུ་འགྲུབ་པར་གྱུར་ཅིག །སླར་ཡང་དཔལ་ལྡན་བྱང་ཆུབ་རྩེ་མོའི་ཞབས་རྡུལ་སྤྱི་བོས་ལེན་ཞིང་གསུང་གི་བདུད་རྩི་འཐུངས་པ་དགེ་སློང་བཛྲ་ཤྲཱིས་ཀྱང་ཅུང་ཟད་བཅོས་ཤིང་དག་པར་བགྱིས་

སོ། །དེ་ཡིས་མཚོན་པ་དགེ་ཚོགས་བདུད་རྩིའི་འོད་ལྡན་པ། །དཔག་ཡས་ཕན་བདེའི་འོད་དཀར་བརྒྱད་ལྡན་པས། །ལུས་ཅན་སྙིང་ལ་གནས་པའི་མུན་བསལ་ཞིང་། །ཐུབ་བསྟན་ཀུ་མུད་བཞད་པའི་གཉེན་གྱུར་ཅིག། །།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด