འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤཱ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་བྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๐ · หน้า 14a

༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་བཞུགས། །

เล่ม ๘๐ · หน้า 14b

༄༅༅། །རྒྱ་གར་སྐད་དུ། པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤཱ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་བྲྀཏྟི། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་

འགྲེལ་པ། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་

དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་

འཚལ། །དོན་གང་ཞིག་ཡིན་ཞེ་ན། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་འདི་ནི་

དེའི་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་བཤད་སྦྱར་དུ་བྱའོ་སྙམ་པས་རྣམ་པར་དགྲོལ་བར་བྱའོ། །ཞེས་མངོན་པར་རྟོགས་པའི་རྒྱན་གྱི་བཤད་པ་འདི་སྦྱར་བར་དམ་བཅའ་བ་ཡིན་ནོ། །ཅིའི་དོན་དུ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་རྣམས་བཤད་

པ་གང་། །གཞན་གྱིས་མྱོང་བ་མ་ཡིན་དེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་གཞག་ནས། །བློ་དང་ལྡན་པས་མཐོང་གྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་བརྩམ་པའི་དགོས་པ་ཡིན། །ཞེས་དེ་ལྟར་ཕྱག་འཚལ་བ་ཉེ་བར་བཀོད་པའི་

ཚིགས་སུ་བཅད་པས་ཡང་དག་པར་མཚོན་པའི་དོན་འདི་ཡོད་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཅི་མངོན་པར་རྟོགས་པའི་རྒྱན་འདི་གཞི་བསྡུས་པས་སམ། འོན་ཏེ་གཉེན་པོ་བསྡུས་པས་སམ། དེ་སྟེ་རྣམ་པ་བསྡུས་པས་རྒྱན་དུ་བྱེད་པ་ཡིན་ཞེས་བྱ་བ་འདི་བརྗོད་པར་བྱ་

เล่ม ๘๐ · หน้า 15a

བ་ཡིན་ནོ། །དེ་ལས་ཀྱང་ཅིར་འགྱུར་ཞེ་ན། ཕྱོགས་དང་པོ་ལྟར་ན་ནི་འབད་པ་དོན་མེད་པ་ཡིན་ཏེ། མདོ་སྡེ་འདི་ལས་མཚན་ཉིད་ཀྱི་བསྟན་བཅོས་དག་ལས་མི་སྨོས་པའི་གཞི་གང་ཡིན་པ་དེ་བཤད་པ་ནི་མེད་དོ། །གཉིས་པ་ལྟར་ན་རྣམ་པར་བྱང་

བའི་དངོས་པོ་བསྡུས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་དངོས་པོ་མ་བསྡུས་པས་འདི་གང་གི་གཉེན་པོ་ཡིན་པ་རྟོགས་པར་མི་འགྱུར་རོ། །གསུམ་པ་ལྟར་ན་ཡང་རྣམ་པ་གཞི་མེད་པ་ཙམ་ཞིག་བསྡུས་པའི་ཕྱིར། དོན་རྟོགས་པ་མེད་པས་ཅུང་ཟད་ཀྱང་མ་བཤད་པ་ཡིན་ནོ་ཞེ་ན།

ཕྱོགས་གསུམ་ཅར་གྱིས་ཀྱང་བསྡུས་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་ཐམས་ཅད་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་

དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་

ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ་དེ་དག་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི། ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། རྣམ་པ་ཐམས་ཅད་དུའང་མ་ཡིན་པས་དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་

ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་

เล่ม ๘๐ · หน้า 15b

གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱ་ལ་དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་སྟེ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང་།

སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཆོས་རྣམ་པར་རབ་ཏུ་མཚོན་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དེ་བཞིན་

གཤེགས་པས་ཐུགས་སུ་ཆུད་དེ་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་ཆོས་ལ་འབད་པའི་རྟེན་ཅན། འབྲས་

བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བ་དང་། དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པའི་རྟེན་ཅན། སེམས་ཅན་མ་བསྡུས་པ་སྡུད་པ་དང་། སེམས་ཅན་ཡོངས་སུ་མ་སྨིན་པ་ཡོངས་སུ་སྨིན་པར་བྱེད་པ་

དང་། སེམས་ཅན་ཡོངས་སུ་སྨིན་པ་རྣམ་པར་གྲོལ་བར་བྱེད་པའི་འབྲས་བུ་ཅན་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་དང་། ཡང་དག་པའི་མཐའ་རྟོགས་པ་དང་། བག་ཆགས་ཀྱིས་

མཚམས་སྦྱོར་བ་སྤངས་པའི་འབྲས་བུ་ཅན་ཡིན་ནོ། །དེ་ལྟ་བས་ན་མངོན་པར་རྟོགས་པའི་རྒྱན་ནི་གཞི་དང་གཉེན་པོ་དང་རྣམ་པ་རྣམས་བསྡུས་པས་མངོན་པར་རྟོགས་པ་ཡོངས་སུ་རྫོགས་པ་མཐའ་དག་བསྟན་པ་ཡིན་ནོ། །ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །ཤེས་རབ་ཀྱི་

เล่ม ๘๐ · หน้า 16a

ཕ་རོལ་ཏུ་ཕྱིན་པ་དེ་གང་ཡིན་ཞེས་བྱ་བ་འདི་ནི་བརྗོད་པར་བྱའོ་ཞེ་ན། བཤད་པ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་

མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །

ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །མོག་མོག་པོར་བྱེད་ལ་སོགས་དང་། །སློབ་མ་བསེ་རུའི་ལམ་གང་དང་། །

འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་

པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་

ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །རྣམ་པ་སྦྱོར་བར་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་

པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་སྒོམ་

เล่ม ๘๐ · หน้า 16b

པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་མཐར་གྱིས་པ། །རྣམ་གསུམ་རྣམ་བཅུ་སྐད་ཅིག་མ། །གཅིག་

གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བ་ཡིན་ནོ། །ཚིག་ལེའུར་བྱས་པ་

བཅོ་ལྔས་མདོར་བསྡུས་པ་དང་རྒྱས་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པར་རིག་པར་བྱའོ། །ཇི་ལྟར་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་བྱ་བ་ནས། ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་བྱ་བའི་བར་

གྱི་ཚིག་ལེའུར་བྱས་པ་གཉིས་པོ་འདི་དག་གིས་ནི་མདོར་བསྡུས་པ་ཡིན་ནོ། །དེ་ལ་དངོས་པོ་བརྒྱད་ནི་འདི་ཡིན་ནོ། །འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཀུན་མངོན་པར་རྫོགས་

པར་རྟོགས་པ་དང་། རྩེ་མོའི་མངོན་པར་རྟོགས་པ་དང་། མཐར་གྱིས་པའི་མངོན་པར་རྟོགས་པ་དང་། སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང་། ཆོས་ཀྱི་སྐུའོ། །སེམས་བསྐྱེད་པ་དང་། གདམས་ངག་དང་། ངེས་འབྱེད་ཡན་ལག་རྣམ་

བཞི་དང་། །ཞེས་བྱ་བ་ནས་བརྩམས་ཏེ། ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བའི་བར་གྱི་ཚིག་ལེའུར་བྱས་པ་བཅུ་གསུམ་གྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་དོན་བརྒྱད་པོ་དེ་རྣམས་ཀྱི་དངོས་པོ་བསྡུས་ཏེ་བསྟན་

པས་རྒྱས་པར་བཤད་པ་ཡིན་ཏེ། དེ་ལྟར་ན་མདོར་བསྡུས་པ་དང་རྒྱས་པར་བཤད་པའི་ཕྱིར་ལེགས་པར་བཤད་པ་ཡིན་ནོ། །དོན་གྱི་ལུས་རྣམ་པར་བཞག་པ་བརྗོད་ཟིན་ཏོ། །འདི་ཕན་ཆད་ནི་དོན་གང་ལ་ཁྱད་པར་ཅན་གྱི་རྣམ་པ་གང་གི་རབ་ཏུ་དབྱེ་བའི་ཆོས་གང་དག་བསྟན་པ་དེ་

เล่ม ๘๐ · หน้า 17a

དག་གི་གོ་རིམས་བསྡུ་བ་འབའ་ཞིག་བརྗོད་པར་བྱའོ། །དེ་ལ་རེ་ཞིག །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །འོན་ཏེ་འདོད་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། འདི་འདོད་པ་དང་དེ་འདོད་པས། །བྱང་ཆུབ་

སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་མདོ་ནས་བཤད་པ་གང་དག་ཡིན་པ་འདི་ཡིན་ནོ། །འདི་མཚན་ཉིད་ཅི་ཡིན་ཞེས་བྱ་བ་དེ་ཉིད་མི་ཤེས་ཏེ་དོན་དེ་གང་ཡིན་ཞེ་ན། འདི་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་འདི་ཉིད་ལས་དོན་དུ་གཉེར་བ་ཡིན་ནོ་ཞེས་

གསུངས་ཏེ་འདི་ལྟར་སེམས་བསྐྱེད་པའི་དུས་ན་བྱང་ཆུབ་སེམས་དཔའ་ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་གཞན་གྱི་དོན་བསྒྲུབ་པར་བྱའོ་ཞེས་དེ་ལྟར་དོན་དུ་གཉེར་བར་བྱེད་པ་ཡིན་ནོ། །འོ་ན་ནི་དེ་སེམས་

བསྐྱེད་པར་མི་འགྱུར་ཏེ། སེམས་ནི་ཡུལ་སོ་སོར་རིག་པའི་མཚན་ཉིད་ཅན་ཡིན་ལ། དོན་དུ་གཉེར་བ་ཞེས་བྱ་བ་ནི་སྲེད་པ་ཡིན་པས་སོ་ཞེ་ན་དེ་ནི་དེ་ལྟར་བདེན་མོད་ཀྱི་འོན་ཀྱང་དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་སངས་རྒྱས་ཉིད་ཀྱི་དོན་དུ་

སེམས་སྐྱེད་པར་བྱེད་པས་ན་འདིར་རྒྱུ་འབྲས་བུས་བསྟན་པ་ཡིན་ཏེ། དེ་ལྟར་ན་འདུན་ཅིང་དོན་དུ་གཉེར་བའི་དགེ་བའི་ཆོས་རྣམས་ཐམས་ཅད་ཅེས་བྱ་བ་རྗེས་སུ་མཐུན་པར་འཕེལ་བར་འགྱུར་རོ། །ཡང་ན་དོན་དུ་གཉེར་བ་ཞེས་བྱ་བ་ནི་སྨོན་ལམ་ཡིན་ནོ། །སེམས་བསྐྱེད་

པའི་གནས་སྐབས་ནི་དོན་དུ་གཉེར་བ་གཙོར་གྱུར་པ་ཡིན་པས་ན་དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ལ་དོན་དུ་གཉེར་བ་བསྟན་པ་ཡིན་ཏེ། དེ་ལྟ་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་དང་ལྡན་པའི་སེམས་བསྐྱེད་པར་འགྱུར་བ་ཞེས་བྱ་བ་འཐད་པར་འགྱུར་

བ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་དེ་ཡང་གང་ཡིན་ཞེ་ན། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་བྱ་བ་གསུངས་ཏེ། དེ་དང་ཞེས་བྱ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་དེ་ནི་ཞེས་བྱ་བ་གཞན་གྱི་དོན་ཏོ། །

เล่ม ๘๐ · หน้า 17b

དེ་ལ་དེའི་བསྡུས་ཏེ་བསྟན་པ་འདི་ཡིན་ཏེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་དེའི་རྒྱས་པར་

བསྟན་པ་ནི་འདི་ཡིན་ཏེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་། སྦྱིན་པར་བྱ་བ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་

གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་གཞན་གྱི་དོན་གྱིས་བསྡུས་ཏེ་བསྟན་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་

འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཞིག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དེའི་རྒྱས་

པར་བསྟན་པ་ནི་འདི་ཡིན་ཏེ། སེམས་ཅན་སེར་སྣ་ཅན་རྣམས་ནི་སྦྱིན་པ་ལ། ཚུལ་ཁྲིམས་འཆལ་པ་རྣམས་ནི་ཚུལ་ཁྲིམས་ལ་རབ་ཏུ་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་

གསུངས་པའོ། །དེ་ལྟར་སེམས་བསྐྱེད་པའི་མཚན་ཉིད་དམིགས་པ་དང་བཅས་པ་དང་ཆེད་དུ་བྱ་བ་དང་བཅས་པ་བརྗོད་ནས། ད་ནི་དེའི་རབ་ཏུ་དབྱེ་བའི་མཚན་ཉིད་རྣམ་པ་ཉི་ཤུ་རྩ་གཉིས་ཀྱི་དབང་དུ་མཛད་པ་ནི། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་

ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བསྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །

เล่ม ๘๐ · หน้า 18a

དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་འདུན་པ་དང་ལྡན་པ་ནི་ས་ལྟ་བུའོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེའི་ཚོགས་བསྐྱེད་པའི་གཞིར་གྱུར་པའི་ཕྱིར་རོ། །གཉིས་པ་

བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་ལྟ་བུའོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་གཏོང་བ་དང་ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར། ཡོངས་

སུ་བཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནས། དེ་བཞིན་དུ་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་སྟེ། ཕ་རོལ་ཏུ་ཕྱིན་

པ་དྲུག་གིས་བསྡུ་བའི་ཕན་པ་དང་བདེ་བའི་བསམ་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་གནས་པས་ན་བསམ་པ་ཡིན་པའི་ཕྱིར་མ་འོངས་པ་དང་འདི་ལ་རྣམ་པར་འགྱུར་བ་མི་བསྟེན་པའི་ཕྱིར་རོ། །གསུམ་པ་ལྷག་པའི་བསམ་པ་དང་ལྡན་པ་ནི་ཡར་ངོའི་ཟླ་བ་ཚེས་

པ་ལྟ་བུའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་བྱའོ་ཞེས་བྱ་བ་ནས། མི་གཙང་བའི་འདུ་ཤེས་དགུ་བསྒོམ་པར་བྱ་བའི་བར་དང་། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་བསྒོམ་པར་བྱ་བའི་བར་དང་།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་སྟེ། དགེ་བའི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་བར་བསམ་པ་ལྷག་པ་ཡིན་པའི་ཕྱིར་ལྷག་པའི་བསམ་པ་ཞེས་བྱ་བས་སོ། །བཞི་པ་སྦྱོར་བ་དང་ལྡན་པ་ནི་མེ་ལྟ་བུའོ། །

เล่ม ๘๐ · หน้า 18b

ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་འདོད་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང་། ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འདོད་པའི་བྱང་ཆུབ་

སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་ནི་མཆོག་ཏུ་གྱུར་པའི་སྦྱོར་བ་རབ་ཏུ་སྦྱོར་བ་ཡིན་པས་ན་བུད་ཤིང་གི་ཁྱད་པར་གྱིས་མེ་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་

འགྲོ་བའི་ཕྱིར་རོ། །ལྔ་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་གཏེར་ཆེན་པོ་ལྟ་བུའོ། །སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱིན་པ་རྣམས་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་

འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཞེས་གང་གསུངས་པ་སྟེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་ཚད་མེད་པ་ཚིམ་པར་བྱེད་ཀྱང་ཡོངས་སུ་གཏུགས་པ་མེད་པའི་ཕྱིར་རོ། །དྲུག་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་གནས་ལྟ་

བུའོ། །ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་རྣམས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་སྟེ། ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་ཐམས་ཅད་ནི་དེ་ལས་འབྱུང་བའི་ཕྱིར་རོ། །བདུན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོ་ལྟ་བུའོ། །གནོད་སེམས་དང་ལྡན་པ་རྣམས་

བཟོད་པ་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བཟོད་པ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་

เล่ม ๘๐ · หน้า 19a

པ་སྟེ། མི་འདོད་པ་ཐོག་ཏུ་བབས་པ་ཐམས་ཅད་ཀྱིས་འཁྲུག་པར་མི་ནུས་པའི་ཕྱིར་རོ། །བརྒྱད་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྡོ་རྗེ་ལྟ་བུའོ། །ལེ་ལོ་ཅན་དག་བརྩོན་འགྲུས་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་

སངས་རྒྱས་ཀྱི་བརྩོན་འགྲུས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་སྟེ། དེ་ནི་ཡིད་བརྟན་པས་མི་ཕྱད་པའི་ཕྱིར་རོ། །

དགུ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིའི་རྒྱལ་པོ་ལྟ་བུའོ། །སེམས་རྣམ་པར་གཡེངས་པ་རྣམས་བསམ་གཏན་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བསམ་གཏན་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་

གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་སྟེ། དེ་ནི་དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའི་ཕྱིར་རོ། །བཅུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྨན་

ལྟ་བུའོ། །སེམས་ཅན་ཤེས་རབ་འཆལ་པ་རྣམས་ཤེས་རབ་ལ་རབ་ཏུ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་རབ་རྣམས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པ་སྟེ། དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་པའི་ཕྱིར་རོ། །བཅུ་གཅིག་པ་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་ལྟ་བུའོ། །

དགེ་བའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པས་མི་ཟད་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་བཟོད་པར་འདོད་པ་དང་། བསྐལ་

เล่ม ๘๐ · หน้า 19b

པ་བརྒྱ་སྟོང་དུ་ཡང་དག་པར་བསགས་པའི་ཚུལ་ཁྲིམས་ཀྱང་སེམས་ཅན་ལ་ལྟོས་ནས་འདོར་བར་འདོད་པ་དང་། སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཞེས་གང་གསུངས་པ་སྟེ། དེ་ནི་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་

དོན་ཡོངས་སུ་མི་གཏོང་བ་ཡིན་པའི་ཕྱིར་རོ། །འདིར་ཁ་ཅིག་ན་རེ་བདེན་པ་དང་གཏོང་བ་དང་ཤེས་རབ་ཉེ་བར་ཞི་བ་ལ་བརྟེན་པ་རྣམས་ནི་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་མཐོང་བའི་ལམ་གྱིས་བསྡུས་པ་ས་ལ་འཇུག་པའི་སེམས་ཡིན་ཏེ། འདི་

ལྟར་མདོ་ལས་གང་གི་ཚེ་སེམས་བསྐྱེད་པ་དང་ལྷན་ཅིག་སྐྱེས་པ་ན་བྱང་ཆུབ་སེམས་དཔའི་རིགས་སུ་འགྱུར་བ་ནི་དེ་བཞིན་གཤེགས་པའི་རིགས་ཡིན་ནོ་ཞེས་གསུངས་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ནི་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མངོན་དུ་ཕྱོགས་པར་

གནས་པའི་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོ་གཉིས་ནི་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་འདོད་དོ། །ལ་ལ་དག་ནི་སངས་རྒྱས་ཀྱིས་བཅས་པའི་བསླབ་པ་ལ་བྱ་བར་འདོད་དོ། །ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བྱའོ་ཞེས་ཟེར་རོ། །གཞན་ནི་བྱང་ཆུབ་སེམས་དཔའ་རྣམས་

ཀྱི་ཡུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཡབ་ནི་ཐབས་མཁས་པ་ཡིན་པས། དེ་དག་ནི་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་འདོད་དོ། །བཅུ་གཉིས་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །སངས་རྒྱས་ཀྱི་སྐུ་ཡོངས་སུ་

སྒྲུབ་པར་འདོད་པ་དང་། ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཆོས་སྟོན་པས་གོ་བར་བྱེད་པར་འདོད་པ་དང་། སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་གང་གསུངས་པ་སྟེ། དེ་ནི་ཇི་ལྟར་སྨོན་པའི་འབྲས་བུ་

འགྲུབ་པ་ཡིན་པའི་ཕྱིར་རོ། །བཅུ་གསུམ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་ཉི་མ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འདོད་པས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ།

เล่ม ๘๐ · หน้า 20a

དེ་ནི་གདུལ་བྱའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བཅུ་བཞི་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྒྲ་དབྱངས་སྙན་པ་ལྟ་བུའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་ཀྱི་ཚད་ཤེས་པར་འདོད་པ་

དང་། དེ་བཞིན་དུ་སྦྱིན་པ་འདི་ལྟར་བྱིན་པ་ནི་འབྲས་བུ་ཆེན་པོར་འགྱུར་བ་དང་། སྦྱིན་པ་འདི་ལྟར་བྱིན་པས་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པར་སྐྱེ་བ་ནས། དེ་ལྟར་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་འདི་ལྟར་བྱིན་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཡོངས་སུ་རྫོགས་པར་བྱེད་དོ་ཞེས་ཤེས་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་བར་དུ་གང་གསུངས་པ་སྟེ། དེ་ནི་གདུལ་བྱ་འདུན་པར་བྱེད་པའི་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལ་སཱ་ལ་ཆེན་པོ་ཞེས་བྱ་བ་ནི་མངོན་པར་མཚོན་པར་བྱ་བའི་དབང་ཕྱུག་དང་

ལྡན་པའི་ཕྱིར་རོ། །བཅོ་ལྔ་པ་མངོན་པར་ཤེས་པ་དང་ལྡན་པ་ནི་རྒྱལ་པོ་ལྟ་བུའོ། །སེམས་བསྐྱེད་པ་གཅིག་གིས་ཕྱོགས་བཅུ་རེ་རེར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ལས་ཡང་དག་པར་འདའ་བར་འདོད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

ཁམས་ཀྱི་ཆུའི་ཕུང་པོ་ཆེན་པོ་དེ་ཐམས་ཅད་ལན་བརྒྱར་སྐྲའི་རྩེ་མོས་ཐམས་ཅད་གཏོར་བར་འདོད་ཅིང་ཡང་དེ་ན་གནས་པའི་སྲོག་ཆགས་རྣམས་ལ་མི་གནོད་པར་འདོད་པ་དང་། བསྐལ་པ་སྲེག་པའི་མེ་ལ་ཁའི་དབུགས་གཅིག་གིས་ཞི་བར་བྱ་བར་འདོད་པ་དང་། རྣམ་པར་

འཐོར་བ་ཆེན་པོའི་རླུང་གི་དཀྱིལ་འཁོར་སོར་མོ་གཅིག་གི་རྩེ་མོས་ཡོངས་སུ་ཁེབས་པར་བྱ་བར་འདོད་པ་དང་། ནམ་མཁའི་ཁམས་ཇི་ཙམ་པ་དེ་ཐམས་ཅད་སྐྱིལ་མོ་ཀྲུང་གཅིག་གིས་རྒྱས་པར་ཡང་དག་པར་འདོད་པ་དང་། རིའི་རྒྱལ་པོ་རི་རབ་ལ་སོགས་པའི་རི་རྣམས་སྐྲ་ཉག་

མ་གཅིག་གིས་སྦམས་ཏེ་གྱེན་དུ་བཏེག་ནས་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པར་འཕང་བར་འདོད་པ་དང་། ཕྱོགས་བཅུ་རེ་རེའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ལྷའི་མིག་གིས་ལྟ་བར་འདོད་པ་དང་། དེ་རྣམས་ལས་ཀྱང་ཆོས་བསྟན་པ་

เล่ม ๘๐ · หน้า 20b

ལྷའི་རྣ་བས་མཉན་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པར་འདོད་པ་དང་། དེ་རྣམས་ཀྱི་འང་སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པ་དང་། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་སྒྲུབ་པར་འདོད་ཅིང་ཡང་དག་པའི་མཐའ་མངོན་

དུ་མི་བྱེད་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་གསུངས་པ་སྟེ། དེ་ནི་མཐུ་ཐོགས་པ་མེད་པར་གཞན་གྱི་དོན་སྒྲུབ་པ་ཡིན་པའི་ཕྱིར་རོ། །རིའི་རྒྱལ་པོ་རི་རབ་ལ་སོགས་པ་སྐྲ་ཉག་མ་གཅིག་གིས་བཅིངས་ཏེ་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་འཕེན་པ་ལ་ནི་མ་

དད་པར་མི་བྱ་སྟེ། བསམ་གཏན་པ་རྣམས་ཀྱི་དབང་འབྱོར་པ་སྟོན་པ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་པའི་ཕྱིར་རོ། །བཅུ་དྲུག་པ་བསོད་ནམས་དང་ཡེ་ཤེས་དང་ལྡན་པ་ནི་བང་མཛོད་ལྟ་བུའོ། །སངས་རྒྱས་ཚད་མེད་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་

སྙེད་བཞུགས་པ་དེ་དག་ཐམས་ཅད་བསོད་སྙོམས་གཅིག་གིས་ཁྱེད་པར་བྱ་བར་འདོད་པ་དང་། བདེན་པ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་འཇོག་པར་འདོད་པའི་བྱང་ཆུབ་སེམས་དཔའ་

ཆེན་པོས་ཞེས་གང་གསུངས་པ་ཡིན་ཏེ། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་བང་མཛོད་ལྟ་བུ་ཡིན་པའི་ཕྱིར་རོ། །བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་ལྡན་པ་ནི་ལམ་པོ་ཆེ་ལྟ་བུའོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་།

མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྗེས་སུ་འཐོབ་པར་འདོད་པ་དང་། ཆོས་འདུས་བྱས་དང་འདུས་མ་བྱས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་གང་གསུངས་པ་སྟེ། དེ་ནི་འཕགས་པའི་གང་ཟག་

ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་ཡིན་པའི་ཕྱིར་རོ། །བཅོ་བརྒྱད་པ་ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་ལྟ་བུའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་

เล่ม ๘๐ · หน้า 21a

ཀྱི་ནང་གི་འཁོར་དུ་འགྱུར་བར་འདོད་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་འཐོབ་པར་འདོད་པ་དང་། ཡོན་ཏན་རྣམ་པར་སྦྱར་བར་འདོད་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་བྱ་བ་དང་། བཀུར་

སྟི་དང་རྫས་ལས་བྱུང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ལ་སེམས་ཅན་རྣམས་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་གང་གསུངས་པ་ཡིན་ཏེ། དེ་ནི་ཟུང་དུ་འཇུག་པ་ཡིན་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་འང་མི་ལྟུང་བས་བདེ་བླག་

ཏུ་ཁྱེར་བར་བྱེད་པའི་ཕྱིར་རོ། །དེ་ལ་ནང་གི་འཁོར་ཞེས་བྱ་བ་ནི་གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསང་བར་འཇུག་པའི་ཡེ་ཤེས་ཕྲ་བར་འཇུག་པའི་ཡེ་ཤེས་ལ་རྗེས་སུ་ཞུགས་པར་གྱུར་པའོ། །བཅུ་དགུ་པ་གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་ལྟ་

བུའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་གསུང་བར་འགྱུར་བ་འདི་ལྟ་སྟེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་ལུང་བསྟན་པ་ནས། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བའི་བར་གང་ཅུང་ཟད་བསྟན་པ་དེ་ཐམས་ཅད་ཐོས་པར་

འདོད་པ་དང་། གཟུང་བར་འདོད་པ་དང་། ཡོངས་སུ་ཆུབ་པར་བྱ་བར་འདོད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་འདོད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྟེ། དེ་ནི་ཆུ་འཛིན་པ་དང་མི་ཟད་པར་འབྱིན་པ་དང་

ཆོས་མཐུན་པར་ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པ་དང་། བསྟན་པ་མཐར་ཐུག་པ་མེད་པ་འབྱིན་པའི་ཕྱིར་རོ། །ཉི་ཤུ་པ་ཆོས་ཀྱི་དགའ་སྟོན་དང་ལྡན་པ་ནི་སྒྲ་སྙན་པ་ལྟ་བུའོ། །ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་བར་ཡུན་རིང་པོར་མུན་པ་མུན་ནག་ཏུ་གྱུར་པ་

ལུས་ཀྱི་འོད་ཀྱིས་སྣང་བར་བྱས་ནས་དེར་སྐྱེས་པའི་སེམས་ཅན་ལ་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་ཐོས་པར་བྱ་བར་འདོད་པ་དང་། དེ་དག་ཡང་དག་པའི་ལྟ་བ་ལ་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་གང་གསུངས་པ་ཡིན་ཏེ།

เล่ม ๘๐ · หน้า 21b

དེས་ནི་ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པ་སྒྲོགས་པ་ཡིན་པའི་ཕྱིར། ཆོས་ཀྱི་དགའ་སྟོན་ཡང་རྣམ་པ་བཞི་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པར་སོ་སོར་རྟོག་པ་དང་། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྡུག་བསྔལ་བར་སོ་སོར་རྟོག་པ་དང་།

ཆོས་ཐམས་ཅད་བདག་མེད་པར་སོ་སོར་རྟོག་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བར་སོ་སོར་རྟོག་པའོ། །ཉི་ཤུ་གཅིག་པ་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་ཆུ་བོའི་རྒྱུན་ལྟ་བུའོ། །ཕྱོགས་བཅུ་རེ་རེ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་

སེམས་ཅན་ལོང་བ་དང་། འོན་པ་དང་། སྨྱོན་པ་དང་། གཅེར་བུ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པ་དང་། ངན་སོང་དུ་ལྟུང་བ་རྣམས་སྡུག་བསྔལ་དེ་དང་དེ་ལས་ཐར་བར་བྱས་ཏེ་མིའི་ལུས་འཐོབ་པར་འདོད་པ་དང་། དེ་རྣམས་ཀྱང་ཚུལ་

ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་གང་གསུངས་པ་ཡིན་ཏེ། དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་རང་

གི་ངང་གིས་འཇུག་པའི་ཕྱིར་དང་། བགྲོད་པ་གཅིག་པ་ཉིད་ནི་ས་དེར་གཏོགས་པའི་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་གྱི་བྱ་བ་ཐ་མི་དད་པའི་ཕྱིར་རོ། །ཉི་ཤུ་གཉིས་པ་ཆོས་ཀྱི་སྐུ་དང་ལྡན་པ་ནི་སྤྲིན་ལྟ་བུའོ། །དེ་བཞིན་གཤེགས་པའི་སྤྱོད་ལམ་བསྟན་

པར་འདོད་པ་དང་། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་རྒྱ་ཆེར་ཡང་གསུངས་པ་སྟེ། དགའ་ལྡན་གྱི་གནས་ན་བཞུགས་པ་ཀུན་དུ་སྟོན་པས་སེམས་ཅན་གྱི་དོན་བྱ་བ་རྣམ་པ་ཐམས་ཅད་དེ་ལ་རག་ལས་པའི་ཕྱིར་རོ། །སེམས་

བསྐྱེད་པ་གསུམ་པར་མི་གཙང་བའི་འདུ་ཤེས་དགུ་བསྒོམ་པར་བྱའོ་ཞེས་གང་གསུངས་པ་དེ་ནི་རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་གནག་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་

เล่ม ๘๐ · หน้า 22a

པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་སོ། །དེ་ལ་འཚོ་བ་མཐར་ཐུག་པའི་འོག་ཏུ་གོ་རིམས་བཞིན་དུ་སྦུད་

པ་རླུང་གིས་ཁེངས་པ་ལྟར་མཐོ་བར་སྐྲངས་ཤིང་རྦོབས་པར་གྱུར་པའི་ཕྱིར་རྣམ་པར་བམ་པའོ། །རྣམ་པར་བམ་པ་ཉིད་ནི་རྣམ་པར་བམ་པ་པའོ། །ཡང་ན་མི་མཐུན་པའི་ཕྱིར་བཙོག་ཅིང་རྣམ་པར་བམ་པས་ན་ཨཱ་བྱཱ་བྷྱཱ་ཏ་ཀ་ཞེས་བྱེ་བྲག་རྟོག་བྱེད་དུ་བྱུང་དྷྨ་ཏ་ཀཱ་ཏེ་རྣམ་པར་

བམ་པ་པའོ། །འདི་ནི་དེ་ལྟ་བུའི་རང་བཞིན་ཅན་རོའི་ལུས་ཀྱི་ཚིག་བླ་དགས་ཡིན་ནོ། །དེ་བཞིན་དུ་གཞན་དུ་ཡང་བཤད་པ་ནི་མིང་ལ་སྩོགས་པའི་དོན་དག་ལ་བརྗོད་པར་བྱ་བ་ཡིན་ནོ། །དེ་ནི་དབྱིབས་ལ་ཆགས་པ་རྣམས་ལ་ལུས་དེའི་དབྱིབས་ཀྱི་རྒྱུད་པ་སྟོན་པའི་ཕྱིར་

འདི་བསྒོམ་པར་བྱ་བ་ཡིན་ནོ། །འབུ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ནང་དུ་བསྐྱོད་པས་ན་བི་དྷུ་བི་པ་ཏུ་མ་ཀ་ཏ་ཀཱ་ཞེས་བྱ་བ་རྣམ་པར་འབུས་གཞིགས་པ་པ་སྟེ། དེ་ནི་ལུས་ཀྱི་མཁྲེགས་པའི་དངོས་པོ་ལ་ཆགས་པ་ལ་ཁོང་སྟོང་གི་དངོས་པོ་ཉིད་བསྟན་པའི་ཕྱིར་རོ། །གནས་

ཐ་དད་པ་ནས་རྣག་འཛག་པ་ནི་རྣམ་པར་གནག་པ་པ་སྟེ། དེ་ནི་ཕྲེང་བ་དང་དྲི་ལ་སོགས་པའི་དབང་ལས་བྱུང་བའི་ལུས་ཀྱི་དྲི་ལ་ཆགས་པ་རྣམས་ལ་ལུས་ཀྱི་རྨ་དང་འབྲེལ་པའི་དྲི་ང་བ་ཉིད་བསྟན་པའི་ཕྱིར་རོ། །འདི་དང་དེ་ནས་ཁྲག་འགྱེད་ཅིང་རྣམ་པར་འཕྲོ་ལ་རབ་ཏུ་འཛག་

པས་ན་རྣམ་པར་དམར་བ་པ་སྟེ། དེ་ནི་རྒྱན་གྱིས་བྱས་པའི་མཛེས་པ་ལ་ཆགས་པ་ལ་ཁྲག་གིས་སྦགས་པའི་མི་མཐུན་པ་ཉིད་བསྟན་པའི་ཕྱིར་ཡིན་ནོ། །རྣམ་པར་གསལ་བར་སྔོ་བས་ན་རྣམ་པར་བསྔོས་པ་པ་སྟེ། དེ་ནི་ལུས་ཀྱི་ཁ་དོག་ལ་ཆགས་པ་ལ་པགས་པའི་འདོད་

ཆགས་ཀྱི་རྒུད་པ་བསྟན་པའི་ཕྱིར་ཡིན་ནོ། །ཁྱི་དང་ཅེ་སྤྱང་ལ་སོགས་པས་ཕན་ཚུན་དུ་རྣམ་པ་སྣ་ཚོགས་པར་ཟོས་པ་ནི་རྣམ་པར་ཟོས་པ་པ་སྟེ། དེ་ནི་ནུ་མ་ལ་སོགས་པའི་ཤ་རྒྱས་པ་ལ་ཆགས་པ་ལ་ཤ་རྒྱས་པ་རྣམ་པར་འཇིག་པར་བསྟན་པའི་ཕྱིར་ཡིན་ནོ། །ལག་པ་གཉིས་

เล่ม ๘๐ · หน้า 22b

ཀྱང་གཞན་དུ། རྐང་པ་གཉིས་ཀྱང་གཞན་དུ། མགོ་བོ་ཡང་གཞན་དུ། སྣ་ཚོགས་པར་འཐོར་བས་ན་རྣམ་པར་འཐོར་བ་པ་སྟེ། དེ་ནི་ཡན་ལག་དང་ཉིང་ལག་གི་སྒེག་པ་ལ་ཆགས་པ་ལ་ཡན་ལག་དང་ཉིང་ལག་རྣམ་པར་འཐོར་བར་བསྟན་པའི་ཕྱིར་རོ། །རུས་པ་

ཉིད་ནི་རུས་པ་པ་སྟེ། འདི་ནི་རུས་པ་སྦྲེལ་མ་དང་རུས་པ་གཅིག་གིའང་ཚིག་བླ་དགས་ཏེ། དེ་ནི་སོ་ལ་སོགས་པའི་རུས་པའི་འབྱོར་པ་ལ་ཆགས་པ་ལ་ལུས་ཀྱི་རུས་པའི་མི་མཐུན་པའི་དངོས་པོ་སྟོན་པའི་ཕྱིར་རོ། །རྣམ་པར་ཞུ་ཞིང་ཚིག་པས་རྣམ་པར་ཚིག་པ་པ་སྟེ། དེ་ནི་

ཁ་དོག་དང་དབྱིབས་ལ་ཆགས་པ་ལ་པགས་པ་དང་དབྱིབས་ཀུན་དུ་འཁུམས་པ་སྟོན་པ་ཡིན་པའི་ཕྱིར་འདི་བསྒོམ་པར་བྱ་བ་ཡིན་ནོ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་བསྒོམ་པར་བྱའོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་འདི་ནི་འདོད་པ་ཆུང་བ་རྣམས་ཀྱི་ཡིན་གྱི། འདོད་པ་ཆེ་

བ་རྣམས་མ་ཡིན་པ་དང་། ཆོག་ཤེས་པ་དང་། རབ་ཏུ་དབེན་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་བཞག་པ་དང་། མཉམ་པར་གཞག་པ་དང་། ཤེས་རབ་དང་ལྡན་པ་རྣམས་ཀྱི་ཡིན་གྱི། ཤེས་རབ་འཆལ་པ་རྣམས་ཀྱི་ནི་མ་ཡིན་པ་སྟེ། སྐྱེས་བུ་

ཆེན་པོའི་རྣམ་པར་རྟོག་པ་བདུན་པོ་འདི་དག་གིས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་མཽད་གལ་གྱི་བུ་ཆེན་པོ་ཁྱོད་ཀྱིས་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་པོ་འདི་དག་ལ་ཡང་རྣམ་པར་རྟོགས་ཤིག །ཆོས་འདི་ནི་

སྤྲོས་པ་མེད་པ་སྤྲོས་པ་མེད་པ་ལ་ཀུན་དགའ་བ། སྤྲོས་པ་མེད་པ་ལ་ཀུན་དགའ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་འདོད་པ་ཆུང་བས་ཆོས་བཞི་སྤོང་སྟེ། འདི་ལྟར་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་

ཀྱིས་འཇལ་བའོ། །དེ་ལ་ཚུལ་འཆོས་ཞེས་བྱ་བ་འདི་(ན་‚ནི་)ཁ་ཅིག་རྙེད་པ་དོན་དུ་གཉེར་ཞིང་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པ་སེམས་ལྟོས་པ་དང་བཅས་པ་དང་འབྲེལ་པས་དགོན་པ་པའམ། ཕྱག་དར་ཁྲོད་པའམ། སྟན་གཅིག་པ་ནས་སྦྱངས་པའི་ཡོན་ཏན་

เล่ม ๘๐ · หน้า 23a

གཞན་གང་ཡང་རུང་བ་ལ་ཉེ་བར་བསྟེན་ཏེ་གནས་པར་གྱུར་པ་ན། དེ་འདི་སྙམ་དུ་བདག་ལ་གཞན་དག་གིས་བསྙེན་བཀུར་བྱེད། བླ་མར་བྱེད། མཆོད་པར་བྱེད། རྗེད་པར་བྱེད་ན་ཅི་མ་རུང་བདག་གིས་ཀྱང་རྙེད་པ་དང་། བཀུར་སྟི་དང་། ཚིགས་

སུ་བཅད་པ་གྲུབ་པར་བྱ་ན་ཅི་མ་རུང་སྙམ་དུ་སེམས་ཤིང་། དེ་རྙེད་པ་དང་བཀུར་སྟི་དོན་དུ་གཉེར་ཞིང་རྙེད་པ་ལ་སོགས་པ་འདོད་པ་དེ་ཚུལ་དེ་ལྟ་བུའི་རང་བཞིན་གྱི་སྤྱོད་ལམ་བྱེད་པ་གང་ཡིན་པ་འདི་ནི་ཚུལ་འཆོས་པ་ཞེས་བྱའོ། །ཁ་གསག་ཅེས་བྱ་བ་ནི་འདི་ན་ཁ་ཅིག་

རྙེད་པ་དང་བཀུར་སྟི་ལ་ལྟོས་པ་དང་བཅས་པས་གཞན་དག་ལ་འདི་སྐད་དུ་ཁྱོད་ནི་བདག་གི་མ་ཇི་ལྟ་བ་དེ་འདྲ་བ་དང་། ཕ་ཇི་ལྟ་བ་དང་། སྤུན་ཟླ་ཇི་ལྟ་བ་དང་། ཉེ་དུ་གང་ཡང་རུང་བ་དང་། སྣག་གི་གཉེན་མཚམས་ཇི་ལྟ་བ་དེ་འདྲ་བ་ཡིན་ཏེ། ང་ལ་ཡང་སྦྱིན་པར་བྱ་སྟེ་

ངེད་ཀྱིས་ཀྱང་ཁྱེད་ལ་སྦྱིན་ནོ། །ངའི་བྱ་བ་བགྱིས་ཏེ་ངེད་ཀྱིས་ཀྱང་ཁྱེད་ཀྱི་བྱའོ། །ཁོ་བོ་ནི་ཐག་རིང་པོ་ནས་ཀྱང་ཁྱེད་ཀྱི་ཐད་དུ་འོང་ཞིང་ཁོ་བོ་འདིར་གནས་པ་གང་ཡིན་པའང་ཁྱེད་ཅག་ཉིད་ཀྱི་དོན་དུ་ཡིན་ནོ་ཞེས་སྨྲ་སྟེ། དེ་རྣམས་ལ་གཅེས་པར་འགྱུར་རོ། །རྙེད་པ་དོན་དུ་

གཉེར་ཞིང་རྙེད་པ་ལ་སོགས་པ་འདོད་པ་ལྟོས་པ་དང་བཅས་པ་སེམས་འབྲེལ་པ་དེ་གཞན་དག་ལ་ཚུལ་དེ་ལྟ་བུར་ཁ་གསག་ཀུན་དུ་སྨྲ་བ་དང་། ཡོངས་སུ་སྨྲ་བ་དང་། དོན་དུ་གཉེར་བ་དང་། ཁ་ཞུ་འབྲེལ་པར་བཅས་པ་དང་། གཅམ་གསག་གི་ལས་བྱེད་པ་གང་ཡིན་

པ་འདི་ནི་ཁ་གསག་ཅེས་བྱའོ། །གཞོགས་སློང་ཞེས་བྱ་བ་ནི་འདི་ན་ཁ་ཅིག་སོ་སོར་བརྟགས་ཤིང་རྙེད་པ་ལ་བརྟེན་ནས་དངོས་པོ་དང་དེའི་རྒྱུ་མཚན་དུ་ལས་བྱེད་པ་སྟེ། ཁྱོད་ཀྱི་ལྷུང་བཟེད་འདི་ནི་མཛེས་སོ་ཞེ་འམ། ཆོས་གོས་སམ། སྣམ་སྦྱར་རམ། མལ་སྟན་ནམ།

ལྡེ་མིག་ཀྱོག་པོའམ། ཁྱོད་ཀྱི་ཡོ་བྱད་འདི་དང་འདི་ནི་བཟང་ངོ་། །གལ་ཏེ་ཁོ་བོས་འདི་ལྟ་བུ་ཞིག་རྙེད་ན་བཅང་བ་བྱ་བ་ན། སྦྱིན་པ་པོ་འང་རྙེད་པ་དཀའོ་ཞེས་བྱ་བ་དང་། གང་ཡང་རུང་བའི་ཁྱིམ་དུ་འང་སོང་ནས་དེར་འདི་སྐད་ཅེས་ཀྱང་སྨྲ་སྟེ། ཁྱེད་ཀྱི་འབྲས་ཆན་འདི་

เล่ม ๘๐ · หน้า 23b

ནི་བཟང་པོ་ཡིན་ནོ། །སྲན་ཚོད་བཟང་ངོ་། །བླ་གོས་བཟང་ངོ་། །གོས་བཟང་ངོ་། །ཁྱེད་ཀྱི་བཅའ་བར་བྱ་བའམ། བཟའ་བར་བྱ་བ་འདི་ནི་བཟང་པོ་ཡིན་ནོ། །སྔོན་ཆད་ཀྱང་བདག་ཅག་ལ་ཁྱེད་ཀྱིས་སྦྱིན་པར་བྱ་བ་དང་བསྒྲུབ་པར་བྱ་བར་གྱུར་པ་ཡིན་ལ།

ཁོ་བོ་ཅག་ཁྱེད་ཀྱིས་བྱིན་པ་དང་བསྒྲུབས་པས་དགའ་བར་གྱུར་པ་ཡིན་ན། ད་ལྟར་ནི་ཁྱེད་ཅག་བདག་ཅག་ལ་སྦྱིན་པར་བྱ་བའམ། བསྒྲུབ་པར་བྱ་བར་མི་སེམས་སོ་ཞེས་སྨྲ་བ་ལྟ་བུ་སྟེ། དེའི་སོ་སོར་བརྟགས་ནས་བརྐམ་པ་ལས་བྱུང་བའི་གཞོགས་སློང་གི་ལས་དངོས་

པོ་དེ་དང་དེ་ཉིད་ཀྱི་རྒྱུ་མཚན་དུ་བརྗོད་པ་གང་ཡིན་པ་འདི་ནི་གཞོགས་སློང་ཞེས་བྱའོ། །ངེས་པར་སྟོན་པ་ཞེས་བྱ་བ་ནི་འདི་ན་ཁ་ཅིག་རྙེད་པ་དོན་དུ་གཉེར་བ་རྙེད་པ་ལ་སོགས་པ་འདོད་པ་ལྟོས་པ་དང་བཅས་པ་སེམས་འབྲེལ་པས་གཞན་དག་ལ་འདི་སྐད་ཅེས་ཁྱེད་ཀྱིས་མ་ལ་ཡང་

སྦྱིན་པར་མི་བྱ། ཕ་ལ་ཡང་མ་ཡིན། སྲིང་མོ་ལ་ཡང་མ་ཡིན། ཉེ་དུ་དང་སྣག་གི་གཉེན་མཚམས་གང་ཡང་རུང་བ་གཞན་དག་ལ་ཡང་སྦྱིན་པར་མི་བྱ་བར་ཁྱེད་ཀྱིས་གང་ཞིག་ལ་སྦྱིན་པར་བྱ་བ་འམ་བྱ་བ་བསྒྲུབ་པ་ཡིན་ཞེས་སྨྲ་ཞིང་། ཁྱིམ་འགའ་ཞིག་ཏུ་སོང་ནས་དེར་

ཡང་འདི་སྐད་ཅེས་ཁྱེད་ཀྱི་ཁྱིམ་དུ་དགྲ་བཅོམ་པ་ཞུགས་ཤིང་ཁྱེད་དང་དགྲ་བཅོམ་པ་ལྷན་ཅིག་ཏུ་ཕྲད་པ་དང་། ལྷན་ཅིག་ཏུ་འདུག་པ་དང་། གཏམ་སྨྲ་བར་འགྱུར་བ་ནི་ཁྱེད་རྙེད་པ་དང་ལྡན་པའོ། །ཁྱེད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །ཁྱེད་ཀྱིས་འབྱོར་པ་

ལེགས་པར་ཐོབ་བོ། །མིར་རྙེད་པའང་དོན་ཡོད་པ་ཡིན་ནོ་ཞེས་སྨྲ་ཞིང་། དེ་དག་འདི་སྙམ་དུ་བདག་ཅག་གི་ཁྱིམ་དུ་འཕགས་པ་འདི་ལས་མ་གཏོགས་པར་དགེ་སྦྱོང་ངམ་བྲམ་ཟེ་གཞན་ནི་སུ་འང་མ་ཞུགས་པས་ངེས་པར་འཕགས་པ་འདི་ནི་དགྲ་བཅོམ་པ་ཞེས་བྱ་བ་ཡིན་ནོ་

ཞེས་བྱ་བར་སེམས་ན་ཅི་མ་རུང་ཞེས་སེམས་པ་སྟེ། རྙེད་པ་དོན་དུ་གཉེར་བ་རྙེད་པ་འདོད་པ་ལྟོས་པ་དང་བཅས་པ་སེམས་འབྲེལ་པ་དེའི་དེ་ལྟ་བུའི་ཚུལ་དུ་གཞན་རྣམས་ལ་ངེས་པར་སྒྲོགས་པ་གང་ཡིན་པ་འདི་ནི་ངེས་པར་སྟོན་པ་ཞེས་བྱའོ། །ཆོག་ཤེས་པ་ནི་རྙེད་པས་རྙེད་

เล่ม ๘๐ · หน้า 24a

པ་འདོད་པ་སྤོང་བར་བྱེད་པ་ཡིན་ནོ། །དེ་ལ་རྙེད་པས་རྙེད་པ་ཚོལ་བ་ཞེས་བྱ་བ་ནི་འདི་ན་ཁ་ཅིག་རྒྱལ་པོའམ། རྒྱལ་པོའི་བློན་པོ་འམ། བྲམ་ཟེ་འམ། ཁྱིམ་བདག་གམ། མཆོག་ཏུ་གྱུར་པ་གཞན་གང་ཡང་རུང་བར་གྱུར་པས་ལྷུང་བཟེད་དམ། ཆོས་

གོས་སམ། སྣམ་སྦྱར་རམ། ལྡེ་མིག་ཀྱོག་པོའམ། སྟན་ནམ། ཡོ་བྱད་གཞན་ཡང་རུང་བ་བྱིན་པ་ཡོངས་སུ་བླངས་སོ་ཞེས་གཞན་དག་ལ་སྟོན་པ་དང་། འདི་ནི་བདག་ལ་རྒྱལ་པོ་ཆེ་གེ་མོ་ཞེས་བྱ་བའམ་དམ་པར་གྱུར་པ་གཞན་ཞིག་གིས་བྱིན་ནོ་ཞེས་སྨྲ་ཞིང་དེ་འདི་

སྙམ་དུ་འདི་རྣམས་འདི་ལྟར་དེ་དག་ཀྱང་རེ་ཞིག་དེ་འདྲ་བར་འཕགས་པ་ལ་སྦྱིན་པར་བྱ་བའམ། བྱ་བ་བསྒྲུབ་པར་བྱ་བར་སེམས་ན། ཁོ་བོ་ཅག་ཀྱང་འཕགས་པ་ལ་སྦྱིན་པར་བྱ་བའམ་བྱ་བ་བསྒྲུབ་པར་ཅིའི་ཕྱིར་མི་སེམས་ཞེས་སེམས་ན་ཅི་མ་རུང་སྙམ་དུ་སེམས་པས། དེའི་

རྙེད་པ་གཞན་གྱི་རྙེད་པ་གཞན་འདོད་ཅིང་ཚོལ་བ་གང་ཡིན་པ་འདི་ནི་རྙེད་པས་རྙེད་པ་ཚོལ་བ་ཞེས་བྱའོ། །སེམས་བསྐྱེད་པའི་སྐབས་སུ་མི་གཙང་བ་ལ་སོགས་པ་ཅི་ཞིག་འབྲེལ་ཞེ་ན། སེམས་བསྐྱེད་པ་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཉིད་ཤེས་པར་བྱ་བའི་དོན་དུ་

ཡིན་ནོ། །དེ་ཡོངས་སུ་ཉམས་པའི་རྐྱེན་ནི་རྣམ་པ་དགུ་སྟེ། འཁྲིག་པའི་འདོད་ཆགས་དང་། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། འདུ་འཛི་ལ་མངོན་པར་དགའ་བ་དང་། ལེ་ལོ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་རབ་འཆལ་

བ་དང་། སྤྲོས་པ་ལ་མངོན་པར་དགའ་བ་རྣམས་ཏེ། དེའི་གཉེན་པོའི་དོན་དུ་མི་གཙང་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་བཞིན་དུ་དབུགས་འབྱུང་བ་དང་རྔུབ་པའི་འདུ་ཤེས་ལ་སོགས་པ་གཞན་དག་ལ་ཅི་རིགས་པར་བརྗོད་པར་བྱའོ། །སེམས་བསྐྱེད་པ་

བཞི་པར་ཐམས་ཅད་ཤེས་པ་ཉིད་ལ་མཐོང་བས་བལྟས་ནས་འདའ་བར་འདོད་པ་དང་། ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་གང་གསུངས་པ་

เล่ม ๘๐ · หน้า 24b

དེ་ལ་ཡེ་ཤེས་མཐོང་བ་ནི་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་གང་ཡིན་པའོ། །ས་དང་པོ་ལ་མཐོང་བའི་ལམ་གྱིས་བསྡུས་པ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པས་ཞེས་གསུངས་པ་གང་ཡིན་པའོ། །ལམ་ཤེས་པའི་ས་ཕྱིར་མི་ལྡོག་

པའི་ས་ལ་གནས་པ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པས་ཞེས་གང་གསུངས་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་ས་འང་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡིན་ཏེ། འདི་ལྟར་དེ་ཉིད་ལས་ཡེ་ཤེས་ཕྱིར་མི་ལྡོག་པའི་ས་ཞེས་བརྗོད་དོ་ཞེས་གསུངས་པ་ཡིན་ནོ། །

དེ་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་གནས་པར་བྱ་བ་ཡིན་ནོ་ཞེས་གསུངས་པ་ནི་གཞོན་ནུའི་ས་ལས་འདས་པར་འདོད་པ་ཞེས་བྱ་བ་ཡིན་ནོ། །གཞོན་ནུའི་ས་ཡང་དེ་ཉིད་ཡིན་ཏེ། འདི་ལྟར་དེ་ཉིད་ལས་ཁ་ན་མ་ཐོ་བ་མེད་པའི་ཕྱིར་གཞོན་ནུའི་ས་ཞེས་བརྗོད་དོ་ཞེས་གསུངས་སོ། །

དེ་ལས་འདའ་བ་ནི་སངས་རྒྱས་རྣམས་ཀྱིས་ཡང་དག་པར་བསྐུལ་བ་དེའི་བྱ་བ་ལྷག་མ་མངོན་པར་འདུ་བྱ་བའི་ཕྱིར་རོ། །འདའ་བ་ནི་རྣམ་པ་གཉིས་ཏེ། མཐོང་ནས་འདའ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་སྟེ་དེ་ལ་བྱང་ཆུབ་སེམས་དཔའི་བསྒོམ་པའི་ལམ་མེད་པའི་

ཕྱིར་རོ། །གནས་ནས་འདའ་བ་ནི་ཕྱིར་མི་ལྡོག་པའི་ས་སྟེ། བསྒོམ་པའི་ལམ་རྒྱུན་ཆགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འོ་ན་རིན་ཆེན་ཟླ་བས་ཞུས་པའི་མདོའི་རྗེས་སུ་འབྲངས་ནས་གསུངས་པ་འདི་དང་། རིན་ཆེན་ཕྲེང་བ་ལས་བཅོམ་ལྡན་འདས་དཔལ་

བཟངས་དཔལ་བཟངས་ཞེས་བྱ་བ་དང་། ཙནྡན་དཔལ་ཙནྡན་དཔལ་ཞེས་བྱ་བ་དང་། གང་ཡང་དག་པར་རྫོགས་པའི་སངས་རྒྱས་མཐའ་ཡས་པར་སྣང་བ་ཞེས་གྲགས་ཤིང་མཐའ་ཡས་པར་སྣང་བ་ཞེས་བྱ་བ་དང་། ཏོག་གི་དབལ་ཏོག་གི་དབལ་ཞེས་བྱ་བ་དང་། མྱ་ངན་

མེད་པའི་དཔལ་ཐམས་ཅད་ཀྱི་ཚེ་མྱ་ངན་མེད་པའི་དཔལ་ཞེས་བྱ་བ་དང་། རིན་པོ་ཆེས་མཆོད་པ་དང་། རིན་པོ་ཆེའི་དཔལ་ཞེས་བྱ་བ་དང་། རིན་ཆེན་མཆོད་སྡོང་དང་བཅས་པ་དང་། རིན་པོ་ཆེའི་མཆོད་སྡོང་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་མེ་ཏོག་དཔལ་ཞེས་

เล่ม ๘๐ · หน้า 25a

བྱ་བ་དང་། གསུང་རྣམ་པར་གནོན་པ་ཞེས་གྲགས་ཤིང་གསུང་རྣམ་པར་གནོན་པ་ཞེས་གྲགས་པ་དང་། རྒྱལ་བ་སྐར་མའི་དཔལ་སྐར་མའི་དཔལ་ཞེས་བྱ་བ་དང་། ཡོན་ཏན་རྒྱ་ཆེ་བའི་དཔལ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཡོན་ཏན་

དཔལ་ཞེས་བྱ་བ་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་གང་ཡིན་པའི་བཅོམ་ལྡན་འདས་དེ་རྣམས་ཀྱི་མཚན་གཟུང་བ་བྱས་ན་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་སེམས་ཅན་ཇི་སྙེད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ཐོས་པ་དེ་

ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཉིད་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་རྒྱུའི་དངོས་པོ་ཡིན་པར་ལྡོག་པ་ལས་མཐོང་ངོ་། །བསྟན་པ་སྒྲ་ཇི་བཞིན་པ་འདི་ནི་དགོངས་

པ་ཅན་ཡིན་ཏེ། ཇི་སྐད་དུ་མཚན་ཐོས་པ་ལས་རིགས་ཀྱི་བུ་དག་ལ་ཕྱིར་མི་ལྡོག་པའི་ས་བོན་སྐྱེས་པར་གྱུར་པ་ཡིན་པས། སེམས་ཅན་དེ་དག་དེ་བཞིན་གཤེགས་པས་གཟིགས་ནས་ཕྱིར་མི་ལྡོག་པར་ཡང་བསྟན་པ་ཡིན་གྱི། དེ་རྣམས་མཚན་ཐོས་པའི་མོད་ལ་ཕྱིར་མི་

ལྡོག་པར་གྱུར་པ་ནི་མ་ཡིན་ནོ། །ཞེས་འདིར་ས་བོན་རྗེས་ཐོགས་ཉིད་ལ་སྐྱེས་པ་དཔེར་བརྗོད་དོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཉིད་ཕྱིར་མི་ལྡོག་པའི་སའི་རྒྱུ་ཉིད་ཡིན་པར་འཐད་པ་ཡིན་ནོ། །སེམས་བསྐྱེད་པ་བཅུ་གཅིག་པར་དགེ་བའི་

སེམས་བསྐྱེད་པ་གཅིག་ཀྱང་མི་ཟད་པར་བྱ་བར་འདོད་པས་ཞེས་གང་གསུངས་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཆུང་ངུ་ཡང་རྒྱ་མཚོ་ཆེན་པོར་ཆུའི་ཐིགས་པ་གཅིག་བོར་བའི་དཔེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཟད་པ་མེད་པར་འགྱུར་

བའི་ཕྱིར་རོ། །སེམས་བསྐྱེད་པ་བཅུ་བཞི་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོགས་པར་འདོད་པས་ཞེས་གང་གསུངས་པ་དེ་ལ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ལ་སོགས་པས་བསྡུས་པའི་ཆོས་

เล่ม ๘๐ · หน้า 25b

རྣམས་ཀྱི་སྤྱིའི་ཆོས་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོགས་པར་འདོད་པས་ཞེས་བྱ་བ་ནི་ཁྱད་པར་གང་གིས་རིགས་ཞེས་འཆད་པར་འགྱུར་བ་དེའི་ཆོས་ཉིད་གང་ཡིན་པའོ། །ཡང་དག་པའི་མཐའ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོགས་པར་འདོད་

པས་ཞེས་བྱ་བ་ནི་ཡང་དག་པའི་མཐའི་ཡེ་ཤེས་ཐམས་ཅད་ཀྱི་ཕྱིན་ཅི་ལོག་པའི་ཆོས་ཉིད་གང་ཡིན་པའོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་འོ། །རྗེས་སུ་རྟོགས་པར་འདོད་པས་ཞེས་བྱ་བ་ལ་རྗེས་སུ་སྨོས་པ་ནི་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དང་རྗེས་སུ་མཐུན་པའི་རྟོགས་པ་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱིས་ཉོན་མོངས་པ་ཅན་གྱི་མ་རིག་པ་ཙམ་སེལ་བར་བྱེད་དོ། །ལམ་ཤེས་པ་ཉིད་ཀྱིས་ནི་གཉེན་པོ་མ་ལུས་པར་ཡང་དག་པར་འགྲུབ་པར་བྱེད་དོ། །དེ་ལ་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྤོང་བ་ཡིན་ནོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་གསུམ་པོ་འདི་རྣམས་ལ་སྤང་བར་བྱ་བ་ལ་བརྟེན་པའི་བྱེ་བྲག་ཅི་ཞིག་མཆིས། རབ་འབྱོར་གང་ཡང་མེད་མོད་ཀྱི། དེ་

བཞིན་གཤེགས་པ་ལ་ནི་བག་ཆགས་ཀྱིས་མཚམས་སྦྱོར་བ་སྤངས་པ་ཡོད་པ་ཡིན་ནོ། །དེ་ལྟར་ན་ཁྱད་པར་ཡོད་དོ་ཞེ་ན། རབ་འབྱོར་བག་ཆགས་ཀྱིས་མཚམས་སྦྱོར་བ་ནི་ཉོན་མོངས་པ་མ་ཡིན་ནོ། །འོན་ཀྱང་ཉན་ཐོས་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་།

གཏི་མུག་སྤངས་པ་ཡོད་མོད་ཀྱི། ལུས་དང་ངག་གི་རྣམ་པར་འགྱུར་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་བཞིན་དུ་འཕགས་པ་རྣམས་ལ་རབ་ཏུ་ཤེས་པ་ཡིན་ན། དེ་དག་དེ་བཞིན་གཤེགས་པ་ལ་ནི་མི་མངའོ་ཞེས་གསུངས་ཏེ། འདིར་དགྲ་བཅོམ་པ་དགེ་སློང་མཆོངས་པ་

ཅན་དཔེར་བརྗོད་དོ། །སེམས་བསྐྱེད་པ་བཅུ་བདུན་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཕ་རོལ་དུ་འགྲོ་བར་འདོད་པས་ཞེས་གསུངས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པ་ཡིན་པའི་ཕྱིར་རོ། །དུས་གསུམ་གྱི་སངས་རྒྱས་

เล่ม ๘๐ · หน้า 26a

ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོགས་པར་འདོད་པས་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ལ་ཁྱད་པར་མེད་པ་ཡིན་པའི་ཕྱིར་རོ། །སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པར་ལྷའི་རིས་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་

ཚོགས་ཆེན་པོས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ནས་བྱང་ཆུབ་ཀྱི་སྙིང་པོ་གང་ན་བ་དེར་འགྲོ་བར་བྱ་སྙམ་པའི་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་དེ་ལ། ཀུན་ནས་བསྐོར་བ་ནི་ཡོངས་སུ་བསྐོར་བའོ། །མཆོད་

པར་བྱ་བ་ཉིད་ཀྱིས་མདུན་ཕྱོགས་སུ་བྱས་པ་ནི་མདུན་དུ་བདར་བའོ། །ཕྱོགས་ཡོངས་སུ་ཆད་པའི་མདུན་དུ་བྱས་པ་ཡིན་ན་ནི། སྔ་མ་དང་ཕྱི་མ་འགལ་བར་འགྱུར་རོ། །འདི་ཐམས་ཅད་བྱས་ནས་ཏེ་མདོར་ན་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔས་རྫོགས་པར་མི་

འགྱུར་བའི་དགེ་བའི་ཆོས་གང་ཡིན་པ་དེ་ནི་འགའ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་པོ་ཆེན་པོ་བཞིའི་རིས་ནས་འོག་མིན་གྱི་བར་གྱི་ལྷ་ཡོད་པར་གྱུར་པ་གང་དག་ཡིན་པ་དེ་དག་དེ་ལྟར་སེམས་པར་བྱེད་པ་ནི་འཇིག་རྟེན་

སྐྱོང་བའི་དབང་དུ་བྱས་པས་སངས་རྒྱས་བྱུང་བར་གྱུར་ན་འཇིག་རྟེན་གྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འཐོབ་པར་བསྟན་པའི་ཕྱིར་དང་། རང་གི་ཚོགས་ཡོངས་སུ་རྫོགས་པར་འདོད་པའི་ཕྱིར་དང་། ཡོན་ཏན་གྱི་ཚོགས་སུ་ལྷུང་བར་གྱུར་པའི་ཕྱིར་རོ་ཞེས་བརྗོད་པར་

བྱའོ། །དེ་ལ་རྒྱལ་ཆེན་བཞིའི་རིས་ནི་ལྷུང་བཟེད་ཀྱི་དབང་དུ་བྱས་པ་ཡིན་ཏེ། དེ་རྣམས་ལ་ཁམ་གྱི་ཟས་མཆོག་ཏུ་རོ་ཞིམ་པའི་ཡོན་ཏན་དང་ལྡན་པ་མང་བའི་ཕྱིར་ཏེ། འདིར་གཟུགས་ཅན་སྙིང་པོས་ཞུས་པ་དཔེར་བརྗོད་དོ། །སུམ་ཅུ་རྩ་གསུམ་པ་ལ་སོགས་པ་ནི་

རིམ་གྲོའི་དབང་དུ་བྱས་པ་ཡིན་ཏེ། དེ་རྣམས་སྒྱུ་རྩལ་མ་ལུས་པ་ལ་མཁས་པ་ནི་འདོད་པ་ཙམ་ལ་རག་ལས་པས་འཇུག་པའི་ཕྱིར་རོ། །ཚངས་རིས་ལ་སོགས་པ་ནི་གསོལ་བ་འདེབས་པའི་དབང་དུ་བྱས་པ་ཡིན་ཏེ། དེ་རྣམས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་

เล่ม ๘๐ · หน้า 26b

པའི་འདོད་ཆགས་དང་བྲལ་བར་སྐལ་བ་མཉམ་པས་གཞན་རྣམས་དེ་ལ་མངོན་པར་དགའ་བའི་ཕྱིར་རོ། །དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ཚངས་པ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ནི་གནས་གཙང་མ་པ་རྣམས་

སོ། །འདི་ནི་ཕལ་ཆེ་བས་བསྟན་པ་ཡིན་ཏེ། ཚངས་པ་ལ་སོགས་པ་རྣམས་ཀྱི་འོག་ན་ཡང་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་མེད་པ་ནི་མ་ཡིན་ནོ། །དབང་དུ་བྱས་པ་གསུམ་པོ་འདི་རྟོགས་པ་མངོན་དུ་བྱེད་པ་སུ་ཞིག་གིས་བྱས་ཤེ་ན། སུས་ཀྱང་

མ་ཡིན་མོད་ཀྱི། འོན་ཀྱང་འདི་ནི་དགེ་བའི་རྩ་བ་ཡོངས་སུ་གྱུར་པའི་ཆོས་ཉིད་ཡིན་ཏེ། རྣམ་པར་བསྒྲུབ་པ་ཉེ་བར་གནས་པའི་མཚན་ཉིད་ཅན་གྱི་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཚད་མར་བྱའོ། །དེ་ལ་རྒྱལ་པོ་བཞི་པོ་འདི་རྣམས་ཀྱི་བདག་པོ་ཡིན་

པས་ན་རྒྱལ་ཆེན་བཞིའི་རིས་སོ། །ལེགས་པར་སྤྱོད་པ་ལྷན་ཅིག་སྤྱད་པ་སུམ་ཅུ་རྩ་གསུམ་དེར་སྐྱེས་པས་ན་སུམ་ཅུ་རྩ་གསུམ་མོ། །སྡུག་བསྔལ་ལས་སྤོང་ཞིང་སྤངས་པས་ན་འཐབ་བྲལ་ལོ། །དགའ་བ་དང་ལྡན་ཞིང་ཐོབ་པར་གནས་པས་དགའ་ལྡན་ཏེ། མགུ་བ་དང་ལྡན་

པ་ཞེས་བྱ་བའི་དོན་ཏོ། །རང་གིས་སྤྲུལ་ཞིང་བྱས་པའི་ལོངས་སྤྱོད་རྣམས་ཀྱིས་དགའ་ཞིང་རོལ་པས་ན་འདི་ནི་འཕྲུལ་དགའོ། །གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་རྣམས་ལ་དབང་བྱེད་པས་གཞན་འཕྲུལ་དབང་བྱེད་དོ། །ཚངས་པ་ཆེན་པོའི་འཁོར་ཡིན་པས་ན་ཚངས་

འཁོར་ཏེ། ཚངས་པ་ཆེན་པོ་དེ་རྣམས་ཀྱིས་བསྙེན་བཀུར་བའོ། །གཞན་ནི་འདིའི་མདུན་ན་འདོན་གྱི་གནས་ན་གནས་པའི་ཕྱིར་ཚངས་པའི་མདུན་ན་འདོན་ནོ། །ཚེ་དང་ཁ་དོག་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཚངས་པ་ཆེན་པོའི་འཁོར་ཡིན་པས་ཚངས་ཆེན་ནོ། །ཚངས་

པ་གཞན་རྣམས་ལས་འདི་འོད་ཆུང་བ་ཡིན་པས་ན་འོད་ཆུང་ངོ་། །འདི་ལ་ཚད་མེད་ཅིང་ཆེ་བའི་འོད་ཡོད་པས་ན་ཚད་མེད་འོད་དོ། །འདི་དག་གི་དགའ་བ་དང་བཅས་པའི་བསམ་གཏན་ལས་གྲུབ་པའི་ཕུང་པོའི་རྒྱུན་ལས་སྤྲིན་ལས་གློག་འབྱུང་བ་བཞིན་དུ་འདི་དང་དེ་ནས་འོད་འཕྲོ་ཞིང་

เล่ม ๘๐ · หน้า 27a

འབྱུང་བས་ན་ཨཱ་བྷ་སྭ་ར་སྟེ་འོད་འཕྲོའོ། །ཡང་ན་དེ་ལྟ་བུའི་རང་བཞིན་གྱིས་འོད་ཀྱིས་སྣང་བར་བྱེད་པས་ན་འོད་གསལ་ལོ། །དགེ་བ་ཞེས་བྱ་བ་ནི་ལུས་ཀྱི་འོད་གཅིག་ཏུ་འདུག་ཅིང་མི་འགྱུར་བ་ལ་བྱ་བར་བཤད་ལ། དེ་ནི་དེའི་གོང་གི་ཚངས་པ་རྣམས་

ལས་འདི་འོད་ཆུང་བ་ཡིན་པའི་ཕྱིར་དགེ་ཆུང་ངོ་། །འདི་དག་གི་འོད་ཆེ་ཞིང་ཚད་མེད་པའི་ཕྱིར་ཚད་མེད་དགེའོ། །འདི་དག་གི་འོད་ཀྱི་ཚོགས་དགེ་བས་རྒྱས་པའི་ཕྱིར་དགེ་རྒྱས་སོ། །རྒྱས་པ་ཞེས་བྱ་བ་ནི་དགའ་བ་མེད་པའི་བསམ་གཏན་ལས་གྲུབ་པའི་བདག་གི་ལུས་

ཐམས་ཅད་བཀང་ནས་གནས་པ་སྟེ། དེ་རྣམས་ནི་དཔེར་ན་རིན་པོ་ཆེའི་ཟ་མ་ཏོག་གི་ནང་ན་གནས་པའི་མར་མེ་ནི་རིན་པོ་ཆེའི་འོད་དང་འདྲེས་པའི་རང་གི་འོད་རྣམས་དང་འོད་ཀྱི་ཚོགས་གཅིག་ཏུ་གྱུར་ནས་གནས་པ་དེ་བཞིན་དུ་འབར་བའི་ལུས་ཀྱིས་རྣམ་པར་གནས་པ་ཡིན་ནོ། །

འདུ་ཤེས་ལ་འདོད་ཆགས་དང་བྲལ་བ་བསྒོམས་པས་མངོན་པར་གྲུབ་པའི་གཟུགས་ཀྱི་ཕུང་པོ་ཙམ་ཡོད་ཀྱི་འདི་ལ་འདུ་ཤེས་ཡོད་པ་མ་ཡིན་པས་ན་འདུ་ཤེས་མེད་པའོ། །སྤྲིན་མེད་དང་བསོད་ནམས་སྐྱེས་ནི་གོ་བར་སླའོ། །འདི་རྣམས་ལ་བསམ་གཏན་གྱི་མཐུ་ལས་གྲུབ་

པའི་འབྲས་བུ་ཆེན་པོ་ཡོད་པས་ན་འབྲས་བུ་ཆེའོ། །སོ་སོའི་སྐྱེ་བོའི་མཐར་ཐུག་པར་རྣམ་པར་གནས་པའི་ཕུང་པོ་ལྔ་དང་ལྡན་པས་གེགས་ཅུང་ཟད་ཀྱང་མི་བྱེད་ལ་དུས་ཅུང་ཟད་ཀྱིས་བདག་གི་གནས་སྤོང་བར་ཡང་མི་བྱེད་པས་ཨ་བྷི་ཧ་སྟེ་མི་སྤོང་བའོ། །གཞན་དག་ནི་ཨ་སྨྲི་

ཧ་ཞེས་བྱ་བ་ཡིན་པར་སེམས་སོ། །དེ་དག་གི་ལུགས་ཀྱིས་ནི་དེ་དག་ལ་འོག་མར་འདོད་པ་མེད་པས་ན་མི་འདོད་པ་ཞེས་བྱ་བ་ཡིན་ནོ། །སུ་ལ་ཡང་གདུང་བར་མི་བྱེད་པས་མི་གདུང་བའོ། །ཤིན་ཏུ་ཡིད་འཕྲོག་པར་བྱེད་པའི་ཕྱིར་ན་ཚེགས་མེད་པའི་བདེ་བར་མཐོང་བའི་ཕྱིར་སུ་

དྲ་ཤ་སྟེ་ལེགས་པར་མཐོང་ངོ་། །གཞན་ནི་སུ་དཪྴ་ན་སྟེ་ལེགས་པར་ལྟ་ཞེས་སོ། །དེ་དག་གི་ལུགས་ཀྱིས་ནི་བྱེད་པ་པོར་བལྟ་བར་བྱའོ། །ལྟ་བ་ཡོངས་སུ་དག་པའི་ཕྱིར་མཆོག་ཏུ་ལྟ་བའི་ཕྱིར་སུ་དཪྴ་སྟེ་ར་བ་ལྟའོ། །ཕུན་སུམ་ཚོགས་པའི་མཆོག་ཏུ་གྱུར་པའི་ཕྱིར་རམ་

เล่ม ๘๐ · หน้า 27b

འདི་རྣམས་འོག་མ་མ་ཡིན་པའི་ཕྱིར་འོག་མ་ཡིན་ནོ་ཞེས་བྱ་བ་ནི་བཙུན་པ་ཟངས་མདོག་གིའོ། །གཞན་དག་ནི་སྡིག་མཐའ་ཞེས་ཟེར་ཏེ། སྡིག་པ་ཞེས་བྱ་བ་ནི་བསགས་པར་གནས་པའི་རང་བཞིན་ཡིན་ལ། དེ་ནི་དེར་ཤིན་ཏུ་བཅོམ་པའི་ཕྱིར་རོ། །སེམས་བསྐྱེད་པ་

ཞེས་བྱ་བ་ལ། སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །བསྐྱེད་པ་ཞེས་སྨོས་པས་ནི་མ་སྐྱེས་པ་སྐྱེད་པར་ཤེས་པར་བྱེད་པ་

ཡིན་པའི་ཕྱིར་ན་སེམས་ཀྱི་རྟོག་པའི་ཆོས་ལ་དང་པོའི་མཚམས་ཀྱི་དངོས་པོ་བསྟན་པའི་དོན་དུའོ། །སེམས་བསྐྱེད་པ་བཤད་ཟིན་ཏོ། །ད་ནི་གདམས་ངག་བརྗོད་པར་བྱའོ། །འདི་གང་ལས་ཤེ་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་གསུངས་པ་ལས་སོ། །དོན་ཅི་ཡིན་ཞེ་ན། དེ་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔས་སེམས་བསྐྱེད་པར་བཤད་པའི་ཆོས་རྣམས་རྫོགས་པར་བྱ་བའི་དོན་དུ་ཇི་ལྟར་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །

སྐབས་ཀྱི་མཐར་ཡང་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གདམས་པ་སྟེ་འདི་ནི་རྗེས་སུ་བསྟན་པ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེ་ལ་དོན་དུ་གཉེར་བའི་དོན་ཐོབ་པའི་བྱ་བ་ཉེ་བར་སྟོན་པ་ནི་གདམས་པ་དང་རྗེས་སུ་བསྟན་པ་ཡིན་ཏེ།

ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་སྐྱོང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ནི་གདམས་ངག་ཡིན་ལ། དེའི་འོག་ཏུ་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཕྱིར་ན་རྗེས་སུ་བསྟན་པ་ཡིན་ནོ། །གདམས་ངག་དེ་ཡང་རྣམ་པ་བཅུར་འགྱུར་བ་ཡིན་ཏེ། དེའི་ཕྱིར། སྒྲུབ་དང་བདེན་

པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །བསྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་

เล่ม ๘๐ · หน้า 28a

ཉིད་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་སྒྲུབ་པ་ལ་གདམས་པ་ནི་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་

བརྩམས་པའོ། །མི་དམིགས་པའི་རྣམ་པར་སྒྲུབ་པ་ནས་སྒྲུབ་པ། དེ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་འཛམ་བུའི་གླིང་འདི་དག་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདམ་བུའི་ཚལ་ལ་སོགས་པ་ལྟ་བུར་ཡོངས་སུ་གང་

བ་དཔེར་བརྗོད་པ་ནས་བརྩམས་ཏེ། ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དེས་ཡོངས་སུ་གང་བའི་དགེ་སློང་རྣམས་ཀྱི་ཤེས་རབ་པས། བྱང་ཆུབ་སེམས་དཔའ་ཆེན་པོའི་ཤེས་རབ་ཉི་མ་གཅིག་ཏུ་བསྒོམས་པ་ཁྱད་པར་དུ་འཕགས་པར་བསྟན་པ་ནི།

ཤཱ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཚལ་ལམ། ཏིལ་གྱི་ཚལ་ལྟར་

ཡོངས་སུ་གང་བར་གྱུར་ཀྱང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ཤེས་རབ་ཐ་མི་དད་པ་མ་ཡིན་ནམ་སྙམ་པས་དེ་ཁྱད་པར་མེད་པར་ཞུས་པ་ནི། བཅོམ་ལྡན་འདས་རྒྱུན་དུ་

ཞུགས་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པ་འབྲས་བུ་གང་གི་དོན་དུ་ཉེ་བར་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་

དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་དང་། ཆོས་ཀྱི་སྐུ་ཐོབ་པའི་མཚན་ཉིད་ཆེད་དུ་བྱ་བ་དང་སྦྱོར་བ་དང་རྟོགས་པ་རྣམས་ཡང་དག་པར་ཐོབ་པས་དགེ་བ་བཅུའི་ལས་ཀྱི་ལམ་དང་། རྒྱལ་རིགས་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པ་དང་། ལྷའི་རིས་ཐམས་

เล่ม ๘๐ · หน้า 28b

ཅད་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་བྱང་ཆུབ་སེམས་དཔའ་མེད་ན་མི་འབྱུང་བར་བསྟན་པས་སྦྱིན་གནས་སུ་གྱུར་པ་སྒྲུབ་པར་བྱེད་པའི་ཁྱད་པར་ལྡན་པའི་དོན་གྱིས་ལན་བཏབ་པ་ཡིན་ནོ། །དེ་ལ་ངེས་པར་

འབྱེད་པའི་ཆ་དང་མཐུན་པ་བཞི་པོ་རྣམས་དང་མཐོང་བ་དང་བསྒོམ་པའི་ལམ་དག་ལ་གོ་རིམས་བཞིན་དུ་འདམ་བུ་ལྟར་ལས་དང་ཉོན་མོངས་པའི་གནོད་པ་ཆུང་ངུ་མི་བཟོད་པ་དང་། འོད་མ་ལ་མེ་དང་མཚོན་དག་གིས་བཞིན་དུ་ལས་དང་ཉོན་མོངས་པ་དྲག་པོའི་གནོད་བྱེད་དང་ཕྲད་ཀྱང་

དགེ་བའི་རྩ་བ་མི་འཆད་པ་དང་བུ་རམ་ཤིང་དང་འདྲ་བར་གནས་སྐབས་གཞན་ཐོབ་ཀྱང་ངན་སོང་ཆད་པའི་ཕྱིར་བདེ་འགྲོའི་སྐྱེ་བ་རྣམས་སུ་རྒྱུན་མི་འཆད་པའི་སྦྱོར་བས་ཆོས་སྒོམ་པའི་མངར་བ་ལས་མི་འདའ་བ་ཉིད་དང་། སྨྱིག་མ་དང་འདྲ་བར་མྱུར་དུ་མངོན་པར་རྟོགས་པའི་ཕྱིར་

མཐོང་བའི་ལམ་རྟོགས་པར་བྱེད་པ་ཉིད་དང་། འབྲས་དང་འདྲ་བར་འཕགས་པའི་གང་ཟག་རྣམས་ཀྱི་རྟོགས་པའི་འབྲས་བུ་མཆོག་ཉིད་ཡིན་པ་དང་། ཇི་ལྟར་མཐོང་བ་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་ཏིལ་དང་འདྲ་བར་མེ་ཏོག་ལ་སོགས་པའི་དངོས་པོ་ཐ་མི་དད་དུ་ཟིན་

ཀྱང་། དུས་གཞན་དུ་བསྒོམ་པ་ལ་སྤངས་པའི་ཁྱད་པར་མཐོང་བའི་དབང་དུ་བྱས་ནས་དཔེ་དྲུག་པོ་རྣམས་ཡིན་པར་ཤེས་པར་བྱའོ། །ཚལ་སྨོས་པའི་དོན་ཅི་ཡིན་ཞེ་ན། གང་ཟག་གི་ཁྱད་པར་རྣམས་ཀྱི་དབང་པོའི་ཁྱད་པར་ལ་སོགས་པ་ཐ་དད་པ་ཡིན་ཡང་དྲོ་བར་གྱུར་པ་

ལ་སོགས་པ་རྣམས་ཀྱི་རིགས་ཐ་མི་དད་པར་ཤེས་པར་བྱ་བའི་དོན་དུ་ཡིན་ཏེ། དོན་མང་པོ་བརྟག་པ་ན་ཡང་དཔེ་གཅིག་གིས་ཆོག་པར་འགྱུར་རོ། །རེ་ཞིག་ལམ་ཞེས་བྱ་བའི་སྒྲ་སྔ་མ་སྔ་མ་སྨོས་པ་དཔེ་ཕྱི་མ་ཕྱི་མ་དྲང་བར་བྱ་བའི་དོན་ཡིན་ནོ། །འོན་ཏེ་ཐ་མར་ལམ་སྨོས་པ་

འདི་ཅིའི་དོན་དུ་ཡིན་ཞེ་ན། འཕགས་པའི་གང་ཟག་དེ་རྣམས་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཤེས་པར་བྱེད་པའི་དཔེ་གཞན་དྲང་བར་བྱ་བའི་དོན་དུ་ཡིན་ནོ། །འོ་ན་དཔེ་གཞན་ཅི་སྟེ་མ་བརྗོད་ཅེ་ན། མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་ནི་རང་བཞིན་སྣ་

เล่ม ๘๐ · หน้า 29a

ཚོགས་པ་ཉིད་ཀྱིས་རིགས་བསྡུས་པའི་ངོ་བོ་ཤེས་པར་བྱ་བའི་དོན་ཡིན་ཏེ། སོ་སོར་དཔེར་བརྗོད་པ་བཏགས་ན་ནི་དཔེ་ཇི་སྙེད་ཅིག་བརྗོད་པར་བྱ་ཞིང་ཉེ་བར་བཤད་པ་ལ་མི་མཁས་པ་ཉིད་དུ་འགྱུར་ཏེ་འདིར་ངག་གི་དོན་ནི་འདི་ཡིན་ནོ། །དགེ་སློང་ཤཱ་རིའི་བུ་དང་

མཽད་གལ་གྱི་བུ་དང་འདྲ་བར་ཤ་སྟག་གིས་ཞེས་གང་གསུངས་པ་འདིས་ནི་ཇི་སྐད་གསུངས་པའི་རྟོགས་པ་དང་མཐུན་པ་རྣམས་ཀྱི་ཞེས་བྱ་བར་སྦྱར་རོ། །བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའི་དོན་ཅི་ཞིག་ཡིན་ཞེ་ན། འདིས་ནི་ཉིན་གཅིག་བསྒོམས་

པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་གྲངས་ཀྱི་ཁྱད་པར་དང་། མཐུའི་ཁྱད་པར་དང་། རིགས་ཀྱི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། དཔེ་ལས་འདས་པ་ཉིད་བསྟན་པ་ཡིན་ནོ། །དེ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ནས་གྲངས་དང་ཞེས་བྱ་བའི་བར་ནི་

གྲངས་ཀྱི་ཁྱད་པར་རོ། །ཁྱད་པར་མེད་པར་གྲངས་གཟུང་བ་ནི་དེ་ལས་གཞན་པའི་གྲངས་གཟུང་བར་ཤེས་པར་བྱ་བའི་དོན་དུ་སྟེ། བརྒྱ་ལ་སོགས་པ་སྨོས་པ་ཁྱད་པར་ཅན་དུ་གྱུར་པ་ན་ཁྱད་པར་མེད་པར་གྲངས་སྨོས་པ་ནི་གྲངས་ཁོང་དུ་ཆུད་པའི་རྒྱུའི་ཁྱད་པར་ཙམ་ཡིན་ནོ་ཞེས་

ཤེས་པར་བྱ་བའི་དོན་དུའོ། །བྱེ་བ་ལ་སོགས་པ་སྨོས་པ་ནི་ཤེས་རབ་མང་པོའི་གོ་རིམས་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །ཆར་ཡང་ཞེས་བྱ་བ་ནི་མཐུའི་ཁྱད་པར་རོ། །བགྲང་བར་ཡང་ཞེས་བྱ་བ་ནི་རིགས་ཀྱི་ཁྱད་པར་ཏེ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་རིགས་ལ་

དེ་བགྲང་དུ་མེད་པའི་ཕྱིར་རོ། །རྒྱུར་ཡང་ཞེས་བྱ་བ་ནི་བྱ་བའི་ཁྱད་པར་ཏེ། ཤེས་རབ་དེ་ནི་འདིའི་རྒྱུ་ཙམ་དུ་ཡང་མི་འགྱུར་རོ། །དཔེར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ནི་དཔེ་ལས་འདས་པའོ། །ཡང་འདིར་བྱང་ཆུབ་སེམས་དཔའ་གང་གི་དབང་དུ་བྱས་པ་ཡིན་ཞེ་ན། གང་

གི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པ་ལ་འདི་ལྟ་བུར་ཡོན་ཏན་ཡོད་པ་དེའི་འོ། །ཅི་དང་པོ་སེམས་བསྐྱེད་པའམ། སྤྱོད་པ་ལ་ཞུགས་པའམ། ཕྱིར་མི་ལྡོག་པའམ། སྐྱེ་བ་གཅིག་གིས་ཐོགས་པ་ཡིན། རེ་ཞིག་བཞི་པ་ནི་མ་ཡིན་ཏེ། ས་བཅུ་པ་ལ་ནི་དེ་བཞིན་གཤེགས་

เล่ม ๘๐ · หน้า 29b

པ་ཉིད་ཡིན་ཞེས་བཤད་པའི་ཕྱིར་རོ། །དོན་ཅི་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པའི་མཛད་པས་ཉེ་བར་གནས་པ་ཡིན་པའི་ཕྱིར། དེ་ཉིད་དེ་བཞིན་གཤེགས་པ་ཞེས་བརྗོད་ཀྱི། དེ་བཞིན་གཤེགས་པའི་ཐུགས་སུ་ཆུད་པས་ནི་མ་ཡིན་ནོ། །གསུམ་པ་ཡང་མ་ཡིན་

ཏེ། ས་བརྒྱད་པ་ལ་ནི་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་བཀག་པས་ཉན་ཐོས་ཐམས་ཅད་ལས་ཤེས་པ་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་ཁྱེད་མོས་པར་བྱ། ཁྱེད་ཁོང་དུ་ཆུད་པར་བྱ་སྟེ། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་

གིས་བྱང་ཆུབ་སེམས་དཔའ་དེ་མངོན་པར་སྒྲུབ་པའི་སྒོ་ལ་བཅུག་པར་མ་གྱུར་པ་ན་ནི། འདི་དེའི་ཚེ་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །ཡང་དེའི་མྱ་ངན་ལས་འདས་པ་གང་ཞིག་ཡིན། གལ་ཏེ་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་

ལས་འདས་པ་ཡིན་ན། དེ་ནི་རེ་ཞིག་མི་རིགས་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་འདོད་པའི་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པ་ནས་བརྩམས་ཏེ་རིང་དུ་ཡོངས་སུ་སྤངས་པ་ཡིན་པའི་ཕྱིར་རོ། །འོན་ཏེ་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡིན་ན་བསྒོམ་པས་སྤང་

བ་དེ་ཡང་མི་རིགས་སོ་ཞེ་ན། འདི་བརྗོད་པར་བྱའོ། །བསྟན་པ་འདི་ལ་ཡོངས་སུ་མྱ་ངན་ལས་འདས་པ་རྣམ་པ་མང་པོ་རྣམ་པར་གཞག་སྟེ། འདི་ལྟར་རྩེ་མོ་ཐོབ་པ་རྣམས་ཀྱི་ནི་དགེ་བའི་རྩ་བ་འཆད་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །བཟོད་པ་ཐོབ་པ་རྣམས་

ནི་ངན་འགྲོ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །བསམ་གཏན་ཐོབ་པ་རྣམས་ཀྱི་ནི་དེའི་ཡན་ལག་དག་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་རྣམས་ཀྱི་ནི་སྲིད་པ་བརྒྱད་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་རྣམས་

ཀྱི་ནི་འདིར་སྲིད་པ་གཉིས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ཕྱིར་མི་འོང་བ་རྣམས་ཀྱི་ནི་འདོད་པའི་ཁམས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །དགྲ་བཅོམ་པ་རྣམས་ཀྱི་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡིན་ནོ། །འདིར་ཡང་དམ་པའི་

เล่ม ๘๐ · หน้า 30a

ཆོས་པདྨ་དཀར་པོའི་མདོ་ཚད་མར་བྱས་ནས། ཇི་ལྟར་འཕགས་པ་ཤཱ་རིའི་བུ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པའི་རྣམ་པར་གཞག་པ་གསུངས་པ་དེ་བཞིན་དུ་དགོངས་པ་ཅན་གྱི་མྱ་ངན་

ལས་འདས་པ་ཡིན་པར་ཤེས་པར་བྱ་སྟེ། དུས་དེ་སྲིད་དུ་འགྲོ་བའི་དོན་རྒྱུན་ཆད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བྱ་བ་རྒྱུན་བཅད་པའི་ཕྱིར་དེ་ཉིད་འདིའི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བཤད་དོ། །གཉིས་པ་ཡང་མ་ཡིན་ཏེ།

དེ་ཡང་དེ་རྣམས་ལས་རྟོགས་པ་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། དེ་ལྟར་ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤངས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་འཆད་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་བས་ན་ཡོངས་

སུ་མི་ཉམས་པའི་ཆོས་ཅན་བརྡ་ལས་བྱུང་བའི་སེམས་ཀྱིས་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སྐབས་དང་པོར་སེམས་བསྐྱེད་པར་བསྟན་པ་གང་ཡིན་པ་དེ་ཉིད་འདིར་མངོན་པར་བཞེད་པར་མངོན་ནོ། །གལ་ཏེ་དེ་ལྟར་ཡིན་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་

སེམས། བྱང་ཆུབ་སེམས་དཔའི་ཉིན་གཅིག་བསྒོམས་པའི་ཤེས་རབ་འབྲས་བུ་གང་གི་དོན་དུ་ཉེ་བར་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། ཆོས་

ཀྱི་སྐུ་ཐོབ་པས་བསྡུས་པ་ཆེད་དུ་བྱ་བ་དང་སྦྱོར་བ་དང་རྟོགས་པ་རྣམས་ཡང་དག་པར་ཐོབ་པས་ཞེས་བྱ་བ་འདིར་མི་འགྱུར་ཏེ། འདི་དག་ནི་ཉིན་གཅིག་བསྒོམས་པའི་ཤེས་རབ་ཀྱི་འབྲས་བུ་མ་ཡིན་གྱི། བསྐལ་པ་གྲངས་མེད་པ་མང་པོའི་ཤེས་རབ་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེ་

ན། འདིར་ཡང་མར་མེའི་སྙིང་པོ་ཚིག་པའི་དཔེས་སེམས་བསྐྱེད་པ་དང་པོ་དང་ཕྱི་མའི་འབྲས་བུ་ཡིན་པ་ནི་ལམ་ཡིན་ནོ། །སྒྲུབ་པ་ལ་གདམས་པ་བཤད་ཟིན་ཏོ།། །།བདེན་པ་ལ་གདམས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་ལ་གདམས་པ་གང་ཡིན་པའོ། །

เล่ม ๘๐ · หน้า 30b

དེ་ལ་སྡུག་བསྔལ་གྱི་བདེན་པའི་དབང་དུ་མཛད་ནས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་གི་བདེན་པའི་དབང་དུ་མཛད་ནས། གལ་ཏེ་གཟུགས་

སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་ནི་ཚོར་བར་ཡང་དག་པར་འདུ་བ་ཡིན་ནོ། །ཞེས་བྱ་བར་

ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གཟུགས་གཞན་མ་ཡིན་ལ་སྟོང་

པ་ཉིད་ཀྱང་གཞན་མ་ཡིན་ཏེ། གཟུགས་སྟོང་པ་ཉིད་ཡིན་ལ་སྟོང་པ་ཉིད་ནི་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་སེལ་བར་བྱེད་དོ། །འགོག་པའི་བདེན་པའི་དབང་དུ་མཛད་ནས་

གསུངས་པ་ནི། ཤཱ་རིའི་བུ་སྟོང་པ་ཉིད་དེ་ནི་མི་སྐྱེ་མི་འགག་ཅིང་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འགྲིབ་པ་མ་ཡིན་འཕེལ་བ་མ་ཡིན། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་

ཡང་འདི་འདྲ་བ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ་ཞེས་བྱ་བ་ནས་མ་རིག་པ་སྐྱེ་བ་མེད་དོ། །མ་རིག་པ་འགག་པ་ཡང་མེད་དོ་ཞེས་བྱ་བའི་བར་དང་། རྒྱུན་དུ་ཞུགས་པ་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ་ཞེས་བྱ་བ་ནས་སངས་རྒྱས་མེད་དོ། །བྱང་

ཆུབ་སེམས་དཔའ་མེད་དོ་ཞེས་བྱ་བའི་བར་ཡིན་ནོ། །ལམ་གྱི་བདེན་པའི་དབང་དུ་མཛད་ནས་གསུངས་པ་ནི། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བདག་ཉིད་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་

เล่ม ๘๐ · หน้า 31a

མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལམ་དུ་གྲགས་པ་ཡིན་པའི་ཕྱིར་ལམ་ཡིན་ནོ། །ཡང་རྣམ་པར་ཐར་པའི་སྒོ་གསུམ་གྱིས་ཡང་དག་པར་བསྡུས་པའི་རྣམ་པ་རྣམས་ལ་ལམ་ཡིན་ནོ་ཞེས་གསུངས་པ་ནི། དེ་སྟོང་པ་

ཉིད་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་མ་ཡིན་ནོ། །མཚན་མ་མེད་པ་ལ་མཚན་མ་མེད་པས་སྦྱོར་བར་མི་བྱེད་དེ། མཚན་མ་མེད་པའི་རྣལ་འབྱོར་ལ་མ་ཡིན་ནོ། །སྨོན་པ་མེད་པ་ལ་སྨོན་པ་མེད་པས་སྦྱོར་བར་མི་བྱེད་དེ། སྨོན་པ་མེད་

པའི་རྣལ་འབྱོར་ལ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིས་ནི་ལམ་གྱི་བདེན་པ་རྣམ་པར་མི་རྟོག་པ་ཡིན་པར་བསྟན་ཏོ། །དེ་ལ་གཟུགས་ལ་སྔོན་གྱི་མཐས་སྦྱོར་བར་མི་བྱེད་དེ། ཞེས་བྱ་བ་ལ་སོགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་

སེམས་དཔས་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། དེ་སྔོན་གྱི་མཐའ་ལ་ཕྱི་མའི་མཐས་སྦྱོར་བར་མི་བྱེད་དེ། ཕྱི་མའི་མཐའ་ལ་སྔོན་གྱི་མཐས་སྦྱོར་བར་མི་བྱེད་དོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་མཉམ་པ་ཉིད་ཀྱི་

ཕྱིར་རོ་ཞེས་བྱ་བ་སྟེ། འདིས་ནི་ལམ་གྱི་ངེས་པར་འབྱིན་པ་སྟོན་པར་བྱེད་དོ། །ངེས་པར་འབྱུང་བར་བྱ་བ་ཡང་གང་ཡིན་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། གང་གི་ཕྱིར་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་འདས་པས་སྦྱོར་བར་མི་བྱེད་དེ། འདི་

ལྟར་འདས་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བདེན་པ་ལ་གདམས་པ་བཤད་ཟིན་ཏོ།། །།དཀོན་མཆོག་གསུམ་ལ་གདམས་པ་གང་ཞིག་ཡིན་ཞེ་ན། དེ་ནི་དཀོན་མཆོག་གསུམ་ལ་གདམས་པ་

ཡིན་པར་ཤེས་པར་བྱའོ། །དེ་ལ་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་ནི་སངས་རྒྱས་ཏེ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡང་དག་པར་བསྡུས་པ་ཡིན་ནོ་ཞེས་གསུངས་པ་ནི། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་རྣམ་

เล่ม ๘๐ · หน้า 31b

པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། དེ་ཅིའི་སླད་དུ་ཞེ་ན། གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བས་ཆོས་རྣམས་དང་། དེའི་སྟོང་པ་ཉིད་ཕན་ཚུན་གྱི་རང་བཞིན་གཅིག་ཏུ་འདོད་པས་གསུངས་པ་ཡིན་ནོ། །དེ་ལ་

སྔགས་ནི་རྟག་པའི་མཐའ་བཀག་ལ་ཅིག་ཤོས་ཀྱིས་ནི་ཆད་པའི་མཐའ་བཀག་པ་ཡིན་ནོ། །བདེན་པ་བཞིའི་དབང་དུ་མཛད་ནས་སྡུག་བསྔལ་གྱི་བདེན་པའི་སྐབས་སུ་གནས་པ་མེད་པའི་དམིགས་པའི་ཁྱད་པར་ནི་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེས་གཟུགས་ལ་མི་རྟག་ཅེས་གནས་མི་བགྱིའོ། །ཞེས་བྱ་བ་ནས་གཟུགས་ལ་ཞི་བའོ། །ཞེས་བགྱི་བར་གནས་པར་མི་བགྱིའོ། །ཞེས་བྱ་བའི་བར་དུ་རྒྱས་པར་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་

འདས་དེ་ནི་འདི་ལྟར་གཟུགས་མི་རྟག་པ་ནི་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། ཞེས་གསུངས་པ་ཡིན་ནོ། །དེ་ལ་གནས་པ་ནི་དངོས་པོ་ལ་དམིགས་པའི་སེམས་ཀྱི་རྟེན་པའོ། །འདིར་སྤྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་གནས་པ་མེད་པ་ཙམ་གནས་པར་མི་བྱ་བ་ཡིན་ན་ནི་མེད་པའི་ཕྱིར་

གཉེན་པོ་མི་རིགས་སོ། །འོན་ཏེ་གང་གནས་པ་ཡིན་པ་མ་ཡིན་ན། དེ་ལྟ་ན་ནི་ཐལ་ཆེས་པ་ཡིན་ནོ་ཞེ་ན། མངོན་པར་ཞེན་པ་མེད་པ་ལ་ཚུལ་ཇི་ལྟར་བཤད་པ་དེ་ལྟར་འདི་ལ་ཡང་བལྟ་བར་བྱའོ། །རྣམ་པའི་ཁྱད་པར་ནི། བཅོམ་ལྡན་འདས་གཟུགས་མི་རྟག་པ་ཉིད་ཀྱི་སྟོང་པ་

ཉིད་གང་ལགས་པ་དེའང་མི་རྟག་པ་ཉིད་མ་ལགས་མི་རྟག་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ་ཞེས་བྱ་བས་མི་རྟག་པ་ཉིད་ལ་སོགས་པ་རྣམས་དང་། དེའི་སྟོང་པ་ཉིད་ཕན་ཚུན་དེའི་བདག་ཉིད་ཀྱི་རྣམ་པའི་ཁྱད་པར་ཅན་དང་། དེ་ནི་འདི་ལྟར་གཟུགས་ཉིད་ཡང་དག་

པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་སངས་རྒྱས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། དེ་ནི་འདི་ལྟར་སངས་རྒྱས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ། རྣམ་པ་

เล่ม ๘๐ · หน้า 32a

ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཉིད་ཡིན་ནོ། །བྱང་ཆུབ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བྱང་ཆུབ་པོ་ཞེས་བྱ་བ་སྟེ། འདིས་ནི་དམིགས་པར་བྱ་བ་དང་། དམིགས་པ་པོ་མཉམ་པ་ཉིད་ཀྱི་

ཡེ་ཤེས་ནི་སངས་རྒྱས་ཡིན་ནོ་ཞེས་ཡོངས་སུ་བསྟན་ཏོ། །ཆོས་དཀོན་མཆོག་གི་དབང་དུ་བྱས་ནས་གསུངས་པ་ནི། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་

རོ། །གཟུགས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆོས་ནི་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་ཐམས་ཅད་དུ་འདོད་ཆགས་དང་བྲལ་བ་ཡིན་པར་བསྟན་པའི་དོན་དུ་གསུངས་པ་ནི། བྱང་ཆུབ་སེམས་དཔའ་སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བཀག་པ་དང་། དེ་བཞིན་དུ་ཕྱིར་མི་ལྡོག་པའི་ས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དང་། སངས་

རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དེ་

བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། ལྷའི་མིག་ཡུལ་དང་བཅས་པ་དང་། དེའི་ཡུལ་ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ན་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ལྷའི་མིག་གིས་

མཐོང་བར་བྱའོ་ཞེས་བྱ་བའོ། །ལྷའི་རྣ་བ་ཡུལ་དང་བཅས་པ་དང་། དེའི་ཡུལ་ནི་བཤད་མ་ཐག་པའི་སེམས་ཅན་གྱི་སྒྲས་བསྡུས་པའོ། །གཞན་གྱི་སེམས་ཤེས་པ་ཡུལ་དང་བཅས་པ་དང་། དེའི་ཡུལ་ནི་བཤད་མ་ཐག་པའི་སེམས་ཅན་རྣམས་ཀྱི་སེམས་

เล่ม ๘๐ · หน้า 32b

ཀྱིས་བསྡུས་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་དང་བཅས་པ་དེའི་ཡུལ་ནི་བཤད་མ་ཐག་པའི་སེམས་ཅན་རྣམས་ཀྱི་སྔོན་གྱི་གནས་ཀྱིས་བསྡུས་པའོ། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཡུལ་དང་བཅས་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བཀག་པ་

སྟེ། དེའི་ཡུལ་ནི་བཤད་མ་ཐག་པའི་སེམས་ཅན་རྣམས་ཀྱི་གཞིའི་ཡུལ་དུ་འགྲོ་བས་ཡང་དག་པར་བསྡུས་པའོ། །དེ་ལྟར་སྤྱོད་པ་ནི་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། བདུད་ཀྱིས་གླགས་མི་རྙེད་པ་དང་། འཇིག་རྟེན་

པའི་ཉོན་མོངས་པ་བསལ་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སོ་སོ་རྣམས་སུ་ད་ལྟར་བཞུགས་པའི་སངས་རྒྱས་དང་ཉན་ཐོས་དང་རང་སངས་རྒྱས་ལྷའི་རིགས་རྣམས་སྲུང་བར་བྱེད་པ་དང་། མཐོང་བའི་ཆོས་ཉིད་ལ་བྱམས་པའི་རྒྱུ་ཅན་གྱིས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་དང་། ཚེགས་

ཆུང་ངུས་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་མངོན་དུ་གྱུར་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སྐྱེ་བ་ཐམས་ཅད་དུ་སངས་རྒྱས་རྣམས་མཉེས་པར་བྱེད་པ་དང་། ཆོས་ཐམས་ཅད་ཉེ་བར་མི་དམིགས་པས་ཕྲད་པ་དང་བྲལ་བ་བཀག་པ་དང་། ཆོས་ཀྱི་དབྱིངས་རྗེས་སུ་

མི་དམིགས་པའི་ཕྱིར་དེ་དག་གིས་མྱུར་དུ་མངོན་པར་བྱང་ཆུབ་པ་བཀག་པ་དང་། སྣ་ཚོགས་པར་བྱེད་པ་མི་བྱེད་པའི་ཕྱིར་རྟོགས་པར་བྱ་བ་དང་རྟོགས་པ་པོའི་ཆོས་ཉེ་བར་མི་དམིགས་པ་དང་། ཆོས་ཀྱི་དབྱིངས་ལ་སྟོང་པ་དང་མི་སྟོང་པར་སྦྱོར་བ་བཀག་པ་དང་།

མིག་ལ་སོགས་པའི་ཁམས་བཅོ་བརྒྱད་ལ་སྟོང་པ་ཉིད་ཀྱིས་སམ། དེ་ལ་དེ་དག་གིས་སྦྱོར་བ་བཀག་པ་དང་། ཉན་ཐོས་ལ་སོགས་པའི་ས་ལས་འདའ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། མྱུར་

དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་རྒྱུ་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱི་རྣལ་འབྱོར་མཆོག་ཏུ་བརྗོད་པ་དང་། རྟོགས་པ་ཐམས་ཅད་ལ་ང་རྒྱལ་བཀག་པ་དང་། སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་གནས་ནས་སྙིང་རྗེ་ཆེན་པོ་དང་བྱམས་པ་ཆེན་པོ་མངོན་པར་

เล่ม ๘๐ · หน้า 33a

བསྒྲུབ་པ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་སེམས་མི་སྐྱེད་པས་ཞེས་བྱའོ། །འཇིག་རྟེན་པའི་ཉོན་མོངས་པ་བསལ་བ་དང་ཞེས་བརྗོད་པ་དེ་ལ་འཇིག་རྟེན་པའི་ཉོན་མོངས་པ་ནི་མ་རིག་པ་དང་།

ལྟ་བ་དང་། ཟག་པ་དང་བཅས་པས་བསྡུས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་དེ་དག་རྩ་བ་ནས་ཤིན་ཏུ་གཞོལ་བའི་ཕྱིར་རྣལ་འབྱོར་རྩོམ་པར་བྱེད་པའོ། །འདོད་པའི་ཟག་པ་ཡོངས་སུ་ཤེས་བཞིན་དུ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་

འདོད་པའི་ཁམས་སུ་སྐྱེ་བ་ལེན་པར་བྱེད་དོ། །སྲིད་པའི་ཟག་པ་ཡོངས་སུ་ཤེས་བཞིན་དུ་བསམས་བཞིན་དུ་སྲིད་པའི་ཟག་པ་ཡོངས་སུ་འཛིན་ཏོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་དང་ཉོན་མོངས་པ་མེད་པར་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན།

ཉོན་མོངས་པ་རྣམས་ཀུན་དུ་མི་སྤྱོད་པས་ཉོན་མོངས་པ་དང་བཅས་པ་ཞེས་བརྗོད་པར་མི་བྱ་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་པར་འདོད་པ་དང་བསམ་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ཉོན་མོངས་པ་མེད་པ་ཞེས་བརྗོད་པར་མི་བྱའོ་ཞེས་བཤད་དོ། །དེ་ལ་དགེ་

འདུན་དཀོན་མཆོག་ནི་འདིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པར་ཤེས་པར་བྱའོ། །དེ་དག་ཀྱང་ཞུགས་པ་དང་འབྲས་བུ་ལ་གནས་པའི་དབྱེ་བས་སྐྱེས་བུ་ཟུང་བཞིར་འགྱུར་རོ། །དེ་བསྡུས་པ་ཡང་གང་ཟག་བརྒྱད་པ་ལ་སོགས་པ་ཡིན་ཏེ།

གང་གི་ཕྱིར་བརྒྱད་པའི་དབང་དུ་མཛད་ནས་གསུངས་པ་ནི་བཅོམ་ལྡན་འདས་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པའི་བྱང་ཆུབ་སེམས་དཔའ་དེ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་ནི་དབང་པོ་རྣོན་པོ་གང་དུ་

སྐྱེ་བར་འགྱུར་ཞེས་བྱའོ། །དེ་ལ་གང་ལམ་ཤེས་པ་ཉིད་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་འཆད་པར་འགྱུར་བ་གང་ཡིན་པའི་སྐད་ཅིག་མ་བཅུ་དྲུག་པོ་དེ་རྣམས་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོར་གྱུར་པ་གང་ཡིན་པ་དེ་ནི་དད་པས་རྗེས་སུ་འབྲང་བ་ཞེས་

เล่ม ๘๐ · หน้า 33b

བརྗོད་དེ། དད་པས་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར་དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་ཆོས་ཀྱིས་རྗེས་སུ་འབྲང་བ་ཡིན་ཏེ། ཤེས་རབ་ཀྱིས་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །གང་གི་ཕྱིར་དད་པས་རྗེས་སུ་འབྲང་བའི་དབང་དུ་མཛད་ནས་གསུངས་པ་ནི། དེ་ལ་

ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མ་གཏོགས་པར་དབང་པོ་རྟུལ་པོ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །

ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བཀོལ་བ་ནི་དབང་པོ་རྣོན་པོའི་ལམ་གྱིས་ས་དེ་ཐོབ་པ་ཡིན་པའི་ཕྱིར་རོ། །ཆོས་ཀྱིས་རྗེས་སུ་འབྲང་བའི་དབང་དུ་མཛད་ནས་གསུངས་པ་ནི་ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཞིང་གཞན་ནམ། དགའ་ལྡན་གྱི་

རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ནི་དབང་པོ་རྣོན་པོར་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལ་ལམ་ཤེས་པ་ཉིད་ལས་དགུ་པོ་རྣམས་ཀྱི་ཉོན་མོངས་པ་ཆེན་པོའི་ཆེན་པོ་ལ་སོགས་པ་སྤང་བའི་དོན་དུ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་སྒོམ་པའི་ལམ་རྣམ་པ་དགུ་

འཆད་པར་འགྱུར་བ་གང་ཡིན་པ་དེ་ལས་དད་པ་དང་ཆོས་ཀྱིས་རྗེས་སུ་འབྲང་བ་གང་ཡིན་པའི་གང་ཟག་དག་གིས་གལ་ཏེ་རྣམ་པ་དྲུག་པའམ། བདུན་པ་དང་བརྒྱད་པ་སྔར་སྤངས་པར་གྱུར་ན་ནི་དེ་ལས་དེ་དག་འབྲས་བུ་གཉིས་པ་ལ་ཞུགས་པར་འགྱུར་རོ། །གལ་ཏེ་རྣམ་པ་དགུ་

ཡང་སྤང་བའི་ཕྱིར་འདོད་པའི་ཁམས་སམ་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བར་གྱུར་ན་ནི་དེ་ལས་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ནོ། །སྐད་ཅིག་མ་བཅུ་དྲུག་པ་ལ་ནི་དེ་གཉིས་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་གྱི།

དགྲ་བཅོམ་པའི་འབྲས་བུ་ལ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་གྱི་བསྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་ཏེ། སྔར་ཡང་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །དེའི་ཚེ་ཡང་སྔར་དབང་པོ་རྟུལ་པོ་དད་པས་རྗེས་སུ་

เล่ม ๘๐ · หน้า 34a

འབྲང་བ་གང་ཡིན་པ་དེ་ནི་དད་པས་ལྷག་པར་མོས་པ་ཞེས་བརྗོད་དེ། དད་པ་ལྷག་པ་ཉིད་ཀྱིས་ན་ལྷག་པར་མོས་པས་རབ་ཏུ་མོས་པ་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །དབང་པོ་རྣོན་པོ་སྔར་ཆོས་ཀྱིས་རྗེས་སུ་འབྲང་བར་གྱུར་པ་གང་ཡིན་པ་དེ་ནི་མཐོང་

བས་ཐོབ་པ་ཞེས་བརྗོད་དེ། ཤེས་རབ་ལྷག་པ་ཉིད་ཀྱིས་ན་མཐོང་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་དད་པས་ལྷག་པར་མོས་པའི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་

ཐབས་ལ་མི་མཁས་པ་གང་དག་བསམ་གཏན་བཞི་པོ་རྣམས་སྒྲུབ་པར་བྱེད། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་སྤྱོད་པར་བྱེད་ཅིང་བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོའི་གནས་སུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་དེ་གལ་ཏེ་འདོད་པའི་ཁམས་སུ་ལྷ་དང་མི་རྣམས་ཀྱི་

ནང་དུ་སྐྱེ་ན་དེ་དག་གི་དབང་པོ་རྣམས་རྟུལ་པོར་འགྱུར་བ་དག་ཀྱང་ཡོད་དོ་ཞེས་བྱ་བའོ། །འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པའི་མཐོང་བས་ཐོབ་པའི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་གང་དག་བསམ་

གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་ཞུགས་ཤིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་ལ་ཡང་སྙོམས་པར་འཇུག་ལ། བསམ་གཏན་ལ་སོགས་པའི་དབང་གིས་ནི་མ་ཡིན་ཏེ། འོན་ཀྱང་ཐབས་ལ་མཁས་པས་

གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པ་དེ་དང་དེ་དག་ཏུ་སྦྱོར་བར་འགྱུར་བ་དག་ཡོད་དེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་མ་བྲལ་བས་བསམ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་

པར་འཚང་རྒྱའོ་ཞེས་བྱ་བ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་ཐབས་ལ་མཁས་པས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་ཞུགས་པ་

เล่ม ๘๐ · หน้า 34b

ཞེས་བྱ་བ་ནས་རྒྱ་ཆེར་དགའ་ལྡན་གྱི་གནས་སུ་ཇི་སྲིད་ཀྱི་བར་དུ་གནས་ནས་ཤི་འཕོས་ནས་འདིར་སྐྱེ་བ་ཡང་དག་པར་བསྟན་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་ཡོད་དོ་

ཞེས་བྱ་བའི་བར་ཏེ། དེ་རྣམས་ནི་འཇིག་རྟེན་འདིར་ལན་ཅིག་འོངས་ཏེ་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །ཕྱིར་མི་འོང་བའི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དྲུག་པོ་ཐོབ་པ་

གང་དག་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་མི་སྐྱེ། འོན་ཀྱང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་ནས་བརྩམས་ཏེ། གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དེ་དང་དེར་སྐྱེ་བར་

འགྱུར་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ཡིན་ནོ། །ཕྱིར་མི་འོང་བ་ནི་ནམ་ཡང་སྐྱེ་མཆེད་དེ་ཉིད་དུ་སྐྱེ་བ་གཉིས་པ་མངོན་པར་སྒྲུབ་པར་མི་བྱེད་དེ་ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །དེ་ལྟར་ན་འདི་ཕྱིར་མི་འོང་བ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ཏེ། གང་དང་གང་

དུ་སྐྱེས་པ་དེ་དང་དེར་གཏན་མི་འོང་བའི་ཕྱིར་རོ། །རྒྱུན་ཏུ་ཞུགས་པའི་ཞེས་བཤད་པ་གང་ཡིན་པ་རིགས་ནས་རིགས་སུ་སྐྱེ་བ་དེ་ཉིད་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། མིའི་རིགས་ནས་རིགས་སུ་སྐྱེ་བ་དང་། ལྷའི་རིགས་ནས་རིགས་སུ་སྐྱེ་བའོ། །དེ་ལ་དང་པོ་ནི།

ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས་ཐབས་ལ་མཁས་པས་མིའི་རིགས་རྣམས་སུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་

ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེ་བར་འགྱུར་བ་དག་ཡོད་དོ་ཞེས་གང་གསུངས་པ་སྟེ། དེ་ནི་ཉོན་མོངས་པ་རྣམ་པ་གསུམ་པ་དང་བཞི་པ་སྤངས་པ་དང་། དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་དང་། སྐྱེ་བ་གཉིས་སམ་གསུམ་ལྷག་པས་ན་རྒྱུན་ཏུ་ཞུགས་པ་

เล่ม ๘๐ · หน้า 35a

ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་སོགས་པ་ཐོབ་པ་གང་དག་ཐབས་ལ་མཁས་པས་རྒྱལ་ཆེན་བཞིའི་རིས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་

དུ་སྐྱེས་ཏེ་ཞེས་བྱ་བ་ནས། དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཉེས་པར་བྱེད་པ་དག་ཡོད་དོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་ཞེས་གང་གསུངས་པ་དེ་ཉིད་བར་ཆད་གཅིག་པ་ཡིན་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་

གང་དག་བསམ་གཏན་བཞི་ནས་འཕགས་པའི་བདེན་པ་བཞིའི་བར་དུ་ཐོབ་ཀྱང་དེ་དག་མངོན་དུ་མི་བྱེད་པ་དག་ཡོད་དེ། དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ནི་ཉོན་མོངས་པའི་རྣམ་པ་བདུན་དང་བརྒྱད་སྤངས་ཤིང་དེའི་

གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་དང་སྐྱེ་བའི་ལྷག་མ་གཅིག་ལུས་པས་ལན་ཅིག་ཕྱིར་འོང་བ་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་བར་ཆད་གཅིག་པའོ། །ཉོན་མོངས་པ་དགུ་སྤངས་པའི་ཕྱིར་ན་ཕྱིར་མི་ལྡོག་པའི་ས་བཤད་པ་གང་ཡིན་པ་དེ་ནི་རྣམ་པ་ལྔར་ཤེས་

པར་བྱའོ། །འདི་ལྟ་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་སོགས་པ་ཐོབ་པ་གང་དག་ཐབས་ལ་མཁས་པས་ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་བ་དག་ཡོད་དེ་ཞེས་

བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་ནི་ཚངས་རིས་ནས་བརྩམས་ཏེ་འོག་མིན་གྱི་བར་གྱི་ལྷའི་རིས་གང་ཡང་རུང་བར་མངོན་པར་སངས་རྒྱས་ནས་འདིར་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྟོན་པ་ཡིན་པའི་ཕྱིར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི། ཤཱ་རིའི་

བུ་བྱང་ཆུབ་སེམས་དཔའ་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཞེས་བྱ་བ་ནས། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བསྐལ་པའམ། བསྐལ་པ་ལས་ལྷག་པར་

เล่ม ๘๐ · หน้า 35b

གནས་པ་དག་ཡོད་ཅེས་གང་གསུངས་པ་སྟེ། དེ་ནི་མངོན་པར་བརྩོན་པས་ལམ་ལ་འཇུག་པ་ཡིན་པའི་ཕྱིར་རོ། །མངོན་པར་འདུ་བྱས་པས་མྱ་ངན་ལས་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཇིག་རྟེན་གྱི་ཁམས་

ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་དེ་དག་སེམས་ཅན་རྣམས་ཀྱི་དོན་ལ་རྟག་ཏུ་བརྩོན་ཏེ་ཞེས་བྱ་བ་ནས་བསྐལ་པ་གྲངས་མེད་ཚད་མེད་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བའི་བར་གང་གསུངས་པ་ཡིན་ཏེ།

དེ་ནི་མངོན་པར་བརྩོན་པས་ལམ་ལ་འཇུག་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་འདའ་ཞིང་ཞེས་བྱ་བ་ནས།

སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བ་དག་ཡོད་དོ། །ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། དེ་ནི་མངོན་པར་འདུ་བྱེད་པ་མེད་པར་ལམ་དུ་འཇུག་པའི་ཕྱིར་རོ། །གོང་དུ་འཕོ་བ་ནི་ལྔ་པ་

ཡིན་ཏེ། གང་ཞིག་གོང་དུ་འགྲོའི། གང་དུ་སྐྱེས་པ་དེ་ཉིད་དུ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བ་སྟེ། འཕོ་བ་ཞེས་བྱ་བ་ནི་འགྲོ་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྣམ་པ་གཉིས་ཏེ་འོག་མིན་གྱི་མཐར་ཐུག་པ་དང་། སྲིད་པའི་རྩེ་མོའི་མཐར་ཐུག་པའོ། །དེ་ལ་འོག་

མིན་གྱི་མཐར་ཐུག་པར་འགྲོ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་ཅིང་ཟས་འདོད་པ་རྣམས་ལ་ཟས་ཞེས་བྱ་བ་ནས་བརྩམས་ཏེ།

སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཞག་ནས་ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་བར་དུ་སྐྱེས་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བའི་བར་དུ་གང་

เล่ม ๘๐ · หน้า 36a

གསུངས་པ་ཡིན་ནོ། །འོག་མིན་གྱི་མཐར་ཐུག་པར་འགྲོ་བའི་གོང་དུ་འགྲོ་བ་གང་ཡིན་པ་འདི་ནི་རྣམ་པ་གསུམ་དུ་འགྱུར་ཏེ། འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་དུ་འཆི་འཕོ་བའོ། །དེ་ལ་འཕར་བ་ཞེས་པ་ནི་བསམ་གཏན་

གསུམ་ལས་ཡོངས་སུ་ཉམས་པ་གང་ཡིན་པ་དེ་བསམ་གཏན་དང་པོ་བསྒྲུབས་ཏེ་ཚངས་རིས་སུ་སྐྱེས་ནས་སྔར་གོམས་པའི་དབང་གིས་བསམ་གཏན་བཞི་པ་དང་སྤེལ་ཏེ་དེ་ལས་ཤི་འཕོས་ནས་འོག་མིན་གྱི་ལྷ་རྣམས་སུ་སྐྱེ་བ་སྟེ། དེ་ནི་བར་མ་དོར་བ་ཡིན་པས་ན་འཕར་བ་

ཞེས་བརྗོད་དོ། །ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་བཞི་རྫོགས་པར་བྱས་ནས། བསམ་གཏན་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ་ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་དག་ཡང་བསམ་གཏན་

བསྒྲུབས་ནས་འོག་མིན་གྱི་ལྷ་རྣམས་སུ་སྐྱེས་ཏེ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་གང་གསུངས་པ་ཡིན་ནོ། །ཕྱེད་དུ་འཕར་བ་ཞེས་བྱ་བ་ནི་གང་དག་ཚངས་རིས་ནས་ཤི་

འཕོས་ཏེ་གནས་གཙང་མ་རྣམས་སུ་སྐྱེས་ནས་བར་གྱི་གནས་གཞན་གཅིག་ལས་ཀྱང་བརྒལ་ཏེ་འོག་མིན་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ཞེས་བྱ་བ་ནི་གང་ཞིག་

གནས་གཞན་ཐམས་ཅད་དུ་བརྒྱུས་ནས་འོག་མིན་དུ་འཇུག་པ་སྟེ། ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་དགའ་ལྡན་གྱི་གནས་སྦྱངས་ནས་ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེས་ཏེ་ཐབས་མཁས་པས་དམྱལ་བ་པ་དང་དུད་འགྲོའི་སྐྱེ་གནས་པ་

དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་དག་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་

เล่ม ๘๐ · หน้า 36b

པར་བྱེད་པ་དང་། བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོངས་སུ་སྒྲུབ་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི་སྙོམས་པར་འཇུག་པའི་ཁྱད་པར་གཞན་རྣམས་སྒྲུབ་པར་བྱེད་ཅིང་གནས་གཞན་ཐམས་ཅད་དུ་སྐྱེས་ནས་

གནས་གཙང་མར་མ་ཞུགས་པ་ཁོ་ནར་གཟུགས་མེད་པར་རིམ་གྱིས་སྐྱེ་བས་སྲིད་པའི་རྩེ་མོར་སོང་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་མངོན་པར་འཚང་རྒྱ་བ་གང་ཡིན་པ་སྟེ། ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་དང་གཟུགས་

མེད་པའི་སྙོམས་པར་འཇུག་པ་སྒྲུབ་པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཞིང་དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་ལ། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་ཞེས་གསུངས་

པ་ཡིན་ནོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ནི་འདི་ནས་ཤི་འཕོས་ནས་གཟུགས་མེད་པར་སྐྱེ་བར་འགྱུར་བ་ནི། ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་

འཇུག་པ་ཐོབ་པར་འགྱུར་བ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་ཞིང་། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་ན་ཕྱིར་མི་ལྡོག་པ་དྲུག་ཡིན་ནོ། །བདུན་པ་

མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ནི། ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཞིང་དབང་པོ་ཡོངས་སུ་དག་པ་བླ་ན་མེད་པ་རྣམས་དང་ལྡན་ཏེ། ནམ་ཡང་ངན་སོང་ངན་འགྲོ་

ལོག་པར་ལྟུང་བར་སྐྱེ་བར་མི་འགྱུར་བ་དང་། བདག་ཉིད་སྟོད་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེད་དེ། དེ་དག་ལ་འགྲོ་བ་མང་པོ་བྱམས་ཤིང་ཡིད་དུ་འོང་སྟེ། སེམས་ཅན་གང་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་མཐོང་བ་དེ་དག་ཀྱང་སེམས་རབ་ཏུ་དང་

เล่ม ๘๐ · หน้า 37a

བ་དེ་ཉིད་ཀྱིས་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཚེ་དཔག་ཏུ་མེད་པ་དང་ལྡན་ཞིང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་དུ་མ་ཡོངས་སུ་འཛིན་ཏེ་དེ་དག་ལ་གནས་ནས་

ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལ་བཀུར་སྟིར་བྱས། བླ་མར་བྱས། མཆོད་པར་བྱས། རྗེད་པར་བྱས་ནས་ཕྱིས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་གསུངས་པ་ཡིན་ནོ། །འགོག་པའི་སྙོམས་

པར་འཇུག་པ་ཐོབ་པའི་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བཤད་དོ། །ཡང་ཇི་ལྟར་ན་ལུས་ཀྱིས་མངོན་སུམ་དུ་བྱེད་ཅེ་ན། སེམས་མེད་པས་ལུས་ལ་བརྟེན་

ཏེ་དེ་བསྐྱེད་པའི་ཕྱིར་རོ། །ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་དང་། ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རྣམ་པར་རྩེ་ཞིང་། དེ་དག་བསམ་

གཏན་དང་པོ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལའོ། །དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ། །ཞེས་བྱ་བ་ནས་རྒྱ་ཆེར་ཏེ། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ། །ཕྱིར་མི་འོང་བ་ཞེས་བརྗོད་པ་གང་ཡིན་པ་དེ་གལ་ཏེ་སྲིད་པའི་རྩེ་མོའི་

ཉོན་མོངས་པ་རྣམ་པ་བརྒྱད་སྤངས་པར་གྱུར་ན་ནི་དེ་ལས་འདིར་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་བཤད་དེ། ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་རྣམས་

เล่ม ๘๐ · หน้า 37b

སྣང་བར་བྱེད་ཅིང་བདག་ཉིད་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དང་བྲལ་བར་མི་བྱེད་པ་དག་ཡོད་དོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་དབང་དུ་མཛད་ནས་ས་བཅུ་པ་ལ་

གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པར་བྱའོ་ཞེས་འཆད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་མཛད་པས་ཉེ་བར་གནས་པའི་ཕྱིར་རོ། །དགྲ་བཅོམ་པ་ནི་ཡང་དག་པར་རྫོགས་

པའི་སངས་རྒྱས་ཡིན་ལ། དེ་ལ་ཡང་སངས་རྒྱས་དཀོན་མཆོག་ལ་གདམས་པར་བསྟན་པས་འདིར་ཡང་མ་སྨོས་སོ། །བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་

སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་རང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དེ་དེ་དག་ཐབས་ལ་མཁས་པས་སྲོག་ཆགས་བྱེ་བ་བརྒྱ་སྟོང་མང་པོ་ཐེག་པ་གསུམ་པོ་རྣམས་སུ་ཡོངས་སུ་སྨིན་པར་བྱས་ནས་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ཡིན་ནོ། །འདིར་ཡང་གསུངས་པ། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང་། །བྱེད་དང་བྱེད་མིན་འོག་

མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །རེ་ཞིག་བྱང་ཆུབ་སེམས་དཔའ་དད་པའི་རྗེས་སུ་འབྲང་བ་ནས་བརྩམས་ནས་བྱང་ཆུབ་སེམས་

དཔའ་རང་སངས་རྒྱས་ཀྱི་བར་ཡིན་ནོ། །ཞེས་ཞུགས་པ་དང་འབྲས་བུ་ལ་གནས་པའི་གང་ཟག་སངས་རྒྱས་ཀྱི་ལམ་གྱིས་རྣམ་པར་བཞག་པར་ཟད་ཀྱི། ཉན་ཐོས་ཀྱི་ལམ་གྱིས་ཐོབ་པར་བྱ་བའི་རྒྱུན་ཏུ་ཞུགས་པ་ལ་སོགས་པ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་

เล่ม ๘๐ · หน้า 38a

ལམ་གྱིས་ཐོབ་པར་བྱ་བ་རང་སངས་རྒྱས་ཉིད་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་ལམ་དེ་དང་དེས་རེ་ཞིག་ཐོབ་པར་མི་བྱེད་དོ། །དེ་ལྟ་ན་ཡང་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་རང་བྱང་ཆུབ་ཀྱི་བར་ལ་འཇོག་པ་ཡིན་ནོ། །

ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་ཐོབ་པ་ནི་རྒྱུན་ཏུ་ཞུགས་

པའི་འབྲས་བུ་ནས་རང་སངས་རྒྱས་ཉིད་ཀྱི་བར་ཐོབ་པར་མི་བྱེད་ཀྱང་། དེ་དག་ལ་སེམས་ཅན་རྣམས་འཇོག་པར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཡང་ཇི་ལྟར་ན་རང་ཉིད་ཀྱིས་མ་ཐོབ་པའི་ཆོས་ལ་གཞན་དག་འཇོག་པར་འཐད་སྙམ་ན། ཤཱ་རིའི་བུ་ཉན་ཐོས་དང་

རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་

ལ་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བ་ཡིན་ནོ། །ཞེས་ཀྱང་འཆད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་

ཚིག་གོ། །འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པར་ཡོངས་སུ་གསལ་བར་བསྟན་པའི་དོན་དུ། ཤཱ་རིའི་བུ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མངོན་པར་རྟོགས་པ་འདི་དག་གང་ལ་ཡོད་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་

ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྟོགས་པའི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ནི་གཉིས་ཏེ། མི་དགེ་བའི་ཆོས་རྣམས་སྤོང་བ་དང་དགེ་བའི་ཆོས་རྣམས་ཀྱང་ཡང་དག་པར་ལེན་པའོ། །ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་

เล่ม ๘๐ · หน้า 38b

ཆེན་པོས་ལུས་དང་ངག་དང་ཡིད་ཀྱི་ལུས་ཁ་ན་མ་ཐོ་བ་དང་བཅས་པའི་གོ་སྐབས་དབྱེ་བར་མི་བྱ་ཞིང་། ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་ཀྱང་བྱང་ཆུབ་སེམས་དཔའ་དད་

པའི་རྗེས་སུ་འབྲང་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཞེས་བྱ་བའི་བར་གྱི་གང་ཟག་རྣམ་པར་གཞག་པ་ཆེས་འགལ་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན་པས་དེར་བལྟ་བར་བྱའི། འདི་ནི་ཁོ་བོ་ཅག་གིས་ཉེ་བར་དགོད་པར་

མ་བྱས་ཏེ། བཏགས་ཟིན་པ་འཐག་པས་ཅི་ཞིག་བྱ། དཀོན་མཆོག་གསུམ་ལ་གདམས་པ་བཤད་ཟིན་ཏོ།། །།མ་ཞེན་པ་ལ་གདམས་པའི་དབང་དུ་མཛད་ནས་གསུངས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་ཀྱི་ལས་ཁ་ན་

མ་ཐོ་བ་དང་བཅས་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། ལུས་ལ་སོགས་པ་མི་དམིགས་པས་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་སེམས་མ་བསྐྱེད་པས་ལུས་ལ་སོགས་པ་མི་དམིགས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཉིད་ཡིན་པར་གསུངས་

སོ། །ཡོངས་སུ་མི་ངལ་བ་ལ་གདམས་པའི་དབང་དུ་མཛད་ནས། གཟུགས་ལ་རློམ་སེམས་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རློམ་སེམས་མེད་པ་སྟེ། དེ་ལྟར་སྤྱོད་

ན་སྨད་པར་འགྱུར་བའི་ལུས་ཡོངས་སུ་ཟིན་པར་མི་འགྱུར་ཏེ་ཞེས་གསུངས་པ་ཡིན་ཏེ། རློམ་སེམས་པར་གྱུར་ན་ཡོངས་སུ་སྐྱོ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །ལམ་ཡོངས་སུ་ཟིན་པ་ལ་གདམས་པའི་དབང་དུ་མཛད་ནས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་

ཡེ་ཤེས་གང་དང་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་མཐོང་ངོ་། །དེ་རྣམས་ལས་ཆོས་བསྟན་པ་ཡང་ཉན་ཏོ། །དེ་

เล่ม ๘๐ · หน้า 39a

བཞིན་དུ་ལྷོ་དང་ནུབ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་མ་ཞེན་པས་ནི་ཡོངས་སུ་ཉམས་པར་མི་འགྱུར་རོ། །མི་ངལ་བས་ནི་བགྲོད་པར་བྱ་བ་ཇི་སྲིད་པར་འགྲོ་བར་འགྱུར་རོ། །ཡེ་ཤེས་ཡོངས་སུ་གཟུང་བས་ནི་ལམ་གཞན་དུ་

འགྲོ་བར་མི་འགྱུར་རོ། །སྤྱན་ལྔ་ལ་གདམས་པ་ལ། ཤའི་སྤྱན་གྱི་དབང་དུ་མཛད་ནས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་

རྟེན་གྱི་ཁམས་མཐོང་བ་ཡོད་དོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱིས་ཡུལ་སོ་སོར་ངེས་པ་ཉིད་ཡིན་པའི་ཕྱིར་རམ། ཤའི་མིག་ནི་བདག་པོའི་འབྲས་བུའི་ཡུལ་ཅན་ཡིན་ལ། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་

པོའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ། །ལྷའི་སྤྱན་ནི། ཤཱ་རིའི་བུ་རྒྱལ་པོ་ཆེན་པོ་བཞིའི་རིས་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་ཀྱི། བྱང་ཆུབ་སེམས་དཔའ་ཆེན་པོའི་ལྷའི་མིག་

གང་ཡིན་པ་དེ་ནི་རྒྱལ་པོ་ཆེན་པོ་བཞིའི་རིས་ནས་འོག་མིན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ་ཞེས་གང་གསུངས་པ་སྟེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ལྷའི་མིག་གི་ཡུལ་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡིན་པའི་ཕྱིར་རོ། །ཤེས་རབ་

ཀྱི་སྤྱན་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མིག་གང་དང་ལྡན་པས་འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་ཅི་ཡང་མི་ཤེས་པ་མེད་དེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་སྟེ། ཤེས་རབ་ཀྱི་སྤྱན་ནི་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །

ཆོས་ཀྱི་སྤྱན་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་གིས་གང་ཟག་འདི་ནི་དད་པའི་རྗེས་སུ་འབྲང་བའོ། །གང་ཟག་འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །ཞེས་བྱ་བ་ནས། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་

เล่ม ๘๐ · หน้า 39b

རྒྱས་ཀྱི་བར་དུ་ཕྱིར་ལྡོག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གང་གསུངས་པ་སྟེ། ཆོས་ཀྱི་སྤྱན་གྱི་ཡུལ་ནི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྤྱན་གྱི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་

དཔའ་ཆེན་པོ་སེམས་བསྐྱེད་པའི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་སྤྱན་གྱི་ཡུལ་

ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་པའི་ཕྱིར་རོ། །སྤྱན་ལྔ་ལ་གདམས་པ་བཤད་ཟིན་ཏོ།། །།མངོན་པར་ཤེས་པ་དྲུག་ལ་གདམས་པ་ལས་རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་དབང་དུ་མཛད་ནས། དེ་ནི་ས་ཆེན་པོ་

འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ་ཞེས་བྱ་བ་ནས། རྫུ་འཕྲུལ་གྱི་རྣམ་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ལྷའི་རྣ་བ་ནི་དེ་ལྷའི་རྣ་བའི་ཁམས་

རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མི་གཉིས་ཀའི་སྒྲ་ཐོས་ཏེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ནི་དེས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་

ཆགས་དང་ལྡན་པའི་སེམས་ལ་འདོད་ཆགས་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ནི་དེ་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་

པས་སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ། །སྐྱེ་བ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ལྷའི་མིག་གི་མངོན་པར་ཤེས་པ་ནི་དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་གྱི་འཆི་འཕོ་བ་དང་སྐྱེ་བ་ཇི་ལྟ་བ་བཞིན་

เล่ม ๘๐ · หน้า 40a

དུ་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱི་ངན་དུ་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །མིག་འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། སྤྱན་ལྔས་བསྡུས་པའི་ལྷའི་སྤྱན་གང་ཡིན་པ་ནི་རྣམ་པར་སྨིན་པ་ལས་

བྱུང་བ་འདི་ཡིན་ལ། མངོན་པར་ཤེས་པས་བསྡུས་པ་འདི་ནི་བསམ་གཏན་མངོན་པར་འདུས་བྱས་པ་ལས་བྱུང་བ་ཡིན་ནོ། །ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པའི་དབང་དུ་མཛད་ནས། སྐྱེ་བ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་

བསྒྲུབས་ཀྱང་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པ་ཉིད་ཀྱིས་དེ་ལ་དམིགས་པའི་རློམ་སེམས་ཐམས་ཅད་བཀག་

པའི་ཕྱིར་རོ། །ཡང་རྒྱུ་ཅིའི་ཕྱིར་མངོན་པར་ཤེས་པ་ལ་གདམས་པར་མཛད་སྙམ་ན། ཤཱ་རིའི་བུ་མངོན་པར་ཤེས་པ་ཡོངས་སུ་དག་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོང་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་དང་། ཡང་ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་རེ་རེ་

ཞིང་མངོན་པར་ཤེས་པས་ཡོངས་སུ་ཟིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་སྦྱོང་བར་བྱེད་པ་ཉིད་ཡིན་པས་དང་། སྦྱིན་པ་ལ་སོགས་པ་གཉེན་པོའི་ཕྱོགས་ནི་མི་མཐུན་པའི་ཕྱོགས་བསལ་བའི་དོན་དུ་རབ་ཏུ་བཞག་པ་ཡིན་པས་དང་། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ནི་ཡོན་ཏན་ཐམས་ཅད་འཐོབ་པའི་རྒྱུ་ཉིད་ཡིན་པས་སོ་ཞེས་གསུངས་སོ། །མངོན་པར་ཤེས་པའི་ཕན་ཡོན་གྱི་དབང་དུ་མཛད་ནས། སེམས་ཅན་རྣམས་ཆོས་མཉམ་པ་ཉིད་ལ་རབ་ཏུ་དགོད་པ་དང་། འཕགས་པའི་སྐྱེ་བོ་ཐམས་ཅད་བྱམས་པ་ཉིད་

དང་། ཡིད་དུ་འོང་བ་ལ་སོགས་པའི་ཡུལ་གྱི་དངོས་པོ་དང་ཕྲད་པ་དང་། བྱང་ཆུབ་སེམས་དཔའ་ནི་ལྷའི་རིས་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པ་ཉིད་དང་། ཀུན་དགའ་བོ་དགེ་སློང་སུམ་བརྒྱ་པོ་འདི་རྣམས་ཞེས་བྱ་བ་ནས་བརྩམས་ཏེ། དགེ་སློང་མང་པོ་ཞིག་

เล่ม ๘๐ · หน้า 40b

སངས་རྒྱས་སུ་ལུང་བསྟན་པ་དང་། ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་འཇིག་རྟེན་གྱི་ཁམས་སྣང་བར་མཛད་པའི་ལྗགས་ཀྱི་དབང་པོ་བཀྲམ་པའི་མཚན་མས་ཡང་དག་པར་བསྐུལ་བ་འཇིག་རྟེན་གྱི་ཁམས་གཞན་ནས་འོངས་པའི་བྱང་ཆུབ་སེམས་

དཔའ་དང་ལྡན་པའི་ཚོགས་ཐམས་ཅད་དང་བཅས་པ་ལུང་བསྟན་པ་ནི། དེའི་དུས་སུ་བསྟན་པའི་གདམས་ངག་གི་འབྲས་བུ་དུས་གཞན་དུ་ཐོབ་པར་བསྟན་པའི་དོན་གྱིས་གསུངས་པ་ཡིན་ནོ། །མངོན་པར་ཤེས་པ་དྲུག་ལ་གདམས་པ་བཤད་ཟིན་ཏོ།། །།

མཐོང་བའི་ལམ་ལ་གདམས་པའི་དབང་དུ་མཛད་ནས། རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་སྤོབས་པ་སྐྱེད་ཅིག་ཅེས་བྱ་བ་ནས། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་ཉིད་བྱང་ཆུབ་སེམས་དཔའ་

ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱིས་སྟོན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་

འདས་གཞན་གྱི་ཁ་ནས་སྟོན་པར་མཛད་ཅེ་ན། གཞན་དག་ཀྱང་དོན་དེ་ཐོབ་པར་མཛད་སྤྱོད་པ་ཉིད་ཀྱིས་ན་བདག་ཉིད་ལ་གཟུང་བར་འོས་པ་མ་ཡིན་པ་ཉིད་ཀྱིས་ཉེས་པ་སྤང་བར་བྱ་བའི་དོན་དུའོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཁ་ནས་སྟོན་པར་མཛད་ཅེ་ན། བྱིན་གྱིས་བརླབས་

པ་ལ་མངའ་བརྙེས་པ་ཤེས་པར་བྱ་བའི་དོན་དུའོ། །ཅིའི་ཕྱིར་གནས་བརྟན་རབ་འབྱོར་གྱི་ཁ་ཉིད་ནས་སྟོན་པར་མཛད་ཅེ་ན། དེ་ནི་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གྱུར་པ་ཉིད་ཀྱིས་ཉོན་མོངས་པ་དང་བྲལ་བའི་སྐལ་བ་མཉམ་པ་ལྷག་པའི་ཕྱིར་མཐོང་བའི་

ལམ་དང་རྗེས་སུ་མཐུན་པའི་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །ཉན་ཐོས་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་བསྟན་པ་འདི་ཡང་དེའི་ཚུལ་དང་འདྲའོ་ཞེས་

เล่ม ๘๐ · หน้า 41a

འོག་ནས་གསུངས་པ་ཡིན་ནོ། །དེ་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ལས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མའི་དབང་དུ་མཛད་ནས་གསུངས་པ་ནི། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་

སེམས་དཔའ་དང་། དེའི་མིང་དུ་བྱ་བ་དེ་དག་ནི་བཏགས་པ་ཙམ་མོ། །རབ་འབྱོར་འདི་ལྟ་སྟེ། སེམས་ཅན་སེམས་ཅན་ཞེས་བྱ་བར་མིང་དུ་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་

སྐྱེ་བའམ་འགག་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་བཏགས་པའི་ཆོས་གང་ཡིན་པ་དེ་ལ་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་རྟོགས་པར་སྐྱེ་བའམ་འགག་པ་མེད་དོ་ཞེས་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་

རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་འཁོར་བ་ཞེས་བྱ་བའམ་མྱ་ངན་ལས་འདས་པ་ཞེས་

བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ནི་ཆོས་དེ་དག་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་པ་སྟེ་ཞེས་བྱ་བ་ལ་སོགས་པ་གང་

གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་ཡིན་ཏེ། ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རྣམ་པར་བྱང་བར་མི་འགྱུར་རོ་

ཞེས་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་དེས་མིང་དང་བརྡ་ལས་བྱུང་བའི་ཆོས་བཏགས་པར་ཁོང་དུ་ཆུད་པས་གཟུགས་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ། །ཚོར་བ་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་གང་

เล่ม ๘๐ · หน้า 41b

གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཞེས་བྱ་བ་ནས་ཐབས་ལ་མཁས་པ་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ། །

དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་མངོན་པར་ཞེན་པའམ་གང་གིས་མངོན་པར་ཞེན་པའམ། གང་ལ་མངོན་པར་ཞེན་པའི་ཆོས་དེ་རྣམས་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་དེ་ལྟར་སྤྱོད་

པ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་དག་པར་འཇུག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི་དེ་ལྟར་སྤྱོད་པ་དེ་ཕྱིར་མི་ལྡོག་

པའི་ས་ནོན་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡིན་པར་རིག་པར་བྱའོ། །འགོག་པ་ལ་ཆོས་ཤེས་པ་ནི་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་

བཅོམ་ལྡན་འདས་དེ་དག་ལ་མཆོད་པ་དང་། དེ་དག་གི་ཐད་དུ་འགྲོ་བ་དང་དེ་དག་ལས་ཆོས་ཀྱང་ཐོས་པར་འགྱུར་ཏེ་ཞེས་གང་གསུངས་པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་གང་བརྗོད་པ་དེ་

གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། གཟུགས་མེད་པ་བྱང་ཆུབ་

སེམས་དཔའ་ཡིན་སྙམ་མམ། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། རྣམ་གྲངས་གཞན་ལས་མི་ལེན་པས་ན་གཟུགས་ལ་སོགས་པ་རྣམས་བྱང་ཆུབ་སེམས་དཔའི་དངོས་པོ་ཡིན་པ་བཀག་པའི་ཕྱིར་རོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི་རབ་འབྱོར་དེ་ཇི་སྙམ་

เล่ม ๘๐ · หน้า 42a

དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་གང་གསུངས་

པའོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། དེ་བཞིན་དུ་གཟུགས་རྟག་པ་ཉིད་དང་། མི་རྟག་པ་ཉིད་དང་། གཟུགས་བདེ་བ་ཉིད་དང་། གཟུགས་

སྡུག་བསྔལ་བ་ཉིད་དང་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྨོན་པ་ཉིད་དང་གཟུགས་སྨོན་པ་མེད་པ་ཉིད་ཀྱི་ཚིག་བླ་དགས་ཡིན་སྙམ་མམ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པ་ནི་རབ་འབྱོར་ཆོས་ཀྱིས་ཆོས་ཀྱི་དབྱིངས་

ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་དང་པོ་ནི་སྒྲུབ་པའི་ཆོས་ཏེ་ལམ་མོ། །གཉིས་པ་ནི་འབྲས་བུའི་ཆོས་ཏེ་མྱ་ངན་ལས་འདས་པའོ། །དེ་གཉིས་ཀྱང་གཅིག་གིས་གཅིག་

མཐོང་བ་བཀག་པ་ཡིན་ཏེ། རང་བཞིན་གྱིས་བེམས་པོ་ཡིན་པའི་ཕྱིར་རོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་རབ་འབྱོར་གཟུགས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་གཟུགས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་

མི་མཐོང་ངོ་། །དེ་བཞིན་དུ་ཚོར་བའི་དབྱིངས་དང་ཆོས་ཀྱི་དབྱིངས་ནས་རྣམ་པར་ཤེས་པའི་དབྱིངས་དང་ཆོས་ཀྱི་དབྱིངས་དག་གི་བར་དང་། དེ་བཞིན་དུ་མིག་གི་དབྱིངས་དང་ཆོས་ཀྱི་དབྱིངས་ནས། ཡིད་ཀྱི་དབྱིངས་དང་ཆོས་ཀྱི་དབྱིངས་དག་ཕན་ཚུན་མཐོང་བ་བཀག་པ་གང་གསུངས་

པ་ཡིན་ནོ། །སྔ་མ་ནི་སྒྲུབ་པའི་མདོར་བསྡུས་པ་བརྗོད་པར་འདོད་པ་ཡིན་ལ། ད་ལྟ་ནི་སོ་སོ་བ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པ་ནི་རབ་འབྱོར་འདུས་བྱས་ཀྱི་དབྱིངས་ཀྱིས་འདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་མ་བྱས་ཀྱི་ཆོས་ཀྱི་དབྱིངས་ཀྱིས་

เล่ม ๘๐ · หน้า 42b

འདུས་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གང་གསུངས་པ་སྟེ། འདི་ལྟར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་འཁོར་བ་དང་མྱ་ངན་ལས་འདས་པར་བཤད་པ་དག་གཅིག་གིས་གཅིག་མཐོང་བ་དག་བཀག་པ་ལམ་ལ་རྗེས་སུ་ཤེས་པ་འཁོར་བ་དང་

མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་ཡུལ་ཅན་དུ་སྟོན་པ་ཡིན་ནོ། །མཐོང་བའི་ལམ་ལ་གདམས་པ་བཤད་ཟིན་ཏོ།། །།སྒོམ་པའི་ལམ་ལ་གདམས་པའི་དབང་དུ་མཛད་ནས། རབ་འབྱོར་འདུས་བྱས་ཀྱི་དབྱིངས་མེད་པར་འདུས་མ་བྱས་ཀྱི་དབྱིངས་གདགས་པར་མི་

ནུས་སོ། །འདུས་མ་བྱས་ཀྱི་དབྱིངས་མེད་པར་ཡང་འདུས་བྱས་ཀྱི་དབྱིངས་གདགས་པར་མི་ནུས་སོ། །ཞེས་གང་གསུངས་པ་ཡིན་ཏེ། དེ་ལ་འདུས་བྱས་ནི་ལམ་མོ། །འདུས་མ་བྱས་ནི་སྤངས་པ་སྟེ། དེ་གཉིས་ཕན་ཚུན་ཐ་དད་པར་གདགས་པར་མི་ནུས་པ་ཉིད་ཀྱིས་ན་

སྒོམ་པའི་ལམ་རྣམ་པར་གཞག་པ་ནི་བཏགས་པ་ཡིན་གྱི། མཚན་ཉིད་པ་ནི་མ་ཡིན་ཏེ། ཇི་ལྟར་མཐོང་བའི་དངོས་པོ་ལ་མངོན་པར་ཕྱོགས་པར་བྱེད་པས་དངོས་པོ་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་སྟོན་པ་ཡིན་ནོ། །དེ་ལྟར་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་གང་ཡིན་

པ་མི་དམིགས་པའི་རྣམ་པ་དང་། དམིགས་པ་གང་ཡིན་པ་འཕགས་པའི་བདེན་པ་བཞི་དང་། རྟེན་གང་ཡིན་པ་སྐྱབས་གསུམ་དང་། ཁྱད་པར་དུ་འགྲོ་བའི་རྒྱུ་གང་ཡིན་པ་མ་ཆགས་པ་དང་། མི་ལྡོག་པར་འགྲོ་བའི་རྒྱུ་གང་ཡིན་པ་ཡོངས་སུ་མི་ངལ་བ་དང་། ཐེག་པ་

གཞན་གྱིས་མི་འགྲོ་བའི་རྒྱུ་གང་ཡིན་པ་ལམ་ཡོངས་སུ་འཛིན་པ་དང་། གཞན་གྱི་དྲིང་མི་འཇོག་པར་འགྲོ་བའི་རྒྱུ་གང་ཡིན་པ་སྤྱན་ལྔ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་རྒྱུ་གང་ཡིན་པ་མངོན་པར་ཤེས་པ་དྲུག་དང་། སྒྲུབ་པ་མཐར་ཐུག་པའི་རྒྱུ་

གང་ཡིན་པ་མཐོང་བ་དང་སྒོམ་པའི་ལམ་དག་སྟེ་དེ་དག་ཐམས་ཅད་གདམས་ངག་གི་གནས་སུ་བསྟན་པར་རིག་པར་བྱའོ། །དེ་ནས་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གདམས་པ་སྟེ། འདི་ནི་རྗེས་སུ་བསྟན་པ་ཡིན་ནོ། །ཞེས་གསུངས་པ་

เล่ม ๘๐ · หน้า 43a

ཡིན་ནོ། །གདམས་ངག་བཤད་ཟིན་ཏོ།། །།ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་བརྗོད་པར་བྱའོ། །འདི་དག་ལ་བརྗོད་པར་བྱ་བ་ཅི་ཡོད་ཅེ་ན། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པ་བཞི་བརྗོད་པར་བྱ་བ་ཡིན་ཏེ། དམིགས་

པའི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། ཡོངས་སུ་འཛིན་པའི་ཁྱད་པར་རོ། །འཆད་པར་འགྱུར་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མཐོང་བའི་ལམ་གྱི་སྤང་བར་བྱ་བ་བཞི་རྣམས་ཀྱིས་རྣམ་པར་རྟོག་པ་དང་ཡང་དག་པར་ལྷག་པ་ཡང་

བརྗོད་པར་བྱ་བ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ལ་རྣམ་པར་རྟོག་པ་གང་རྣམ་པར་གཞག་པར་བྱ་བ་དང་། འདི་དག་གི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བ་ཡང་སོ་སོར་བརྗོད་དགོས་སོ་ཞེ་ན། དེའི་ཕྱིར་ཚིགས་སུ་བཅད་པ་གཉིས་པོ་འདི་ཉེ་བར་བཀོད་

དེ། དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བསྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང་། །

བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་བྱ་བའོ། །དེ་ལྟར་གདམས་ངག་དང་རྗེས་སུ་བསྟན་པའི་སྦྱོར་བ་དང་ལྡན་པའི་ཐོས་པ་དང་བསམ་པ་གོམས་པས་དད་པ་ལ་སོགས་པའི་མཚན་ཉིད་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཕུལ་དུ་ཕྱིན་པ་ཐོབ་པ་ལས་དྲོ་བར་

གྱུར་པ་ཞེས་བྱ་བ་ལས་བྱུང་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེ་སྟེ། རྣམ་པར་མི་རྟོག་པའི་མེའི་སྔོན་དུ་འགྲོ་བའི་རང་བཞིན་ཡིན་པའི་ཕྱིར་དྲོ་བར་གྱུར་པ་དང་འདྲ་བས་དྲོ་བར་གྱུར་པ་ཡིན་ནོ། །དེ་ལས་ནི་རྩེ་མོར་གྱུར་པའོ། །དེ་ལས་ནི་བཟོད་པར་གྱུར་

པའོ། །དེ་ལས་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ། །གང་གི་ཕྱིར་དྲོ་བར་གྱུར་པ་ཆུང་ངུའི་དབང་དུ་མཛད་ནས་དམིགས་པའི་ཁྱད་པར་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་མི་རྟག་པ་ལ་སོགས་པའི་རྣམ་པ་ལ་དམིགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་སྡུག་

เล่ม ๘๐ · หน้า 43b

བསྔལ་དང་ཀུན་འབྱུང་གི་བདེན་པ་གང་གི་མངོན་པར་མ་ཞེན་པ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །འདིའི་མདོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོའི་གཟུགས་མི་རྟག་ཅེས་བྱ་བ་དང་། གཟུགས་སྡུག་བསྔལ་ཞེས་བྱ་བ་དང་། གཟུགས་སྟོང་

ཞེས་བྱ་བ་དང་། གཟུགས་བདག་མེད་ཅེས་བྱ་བ་དང་། ཡང་གཟུགས་སྟོང་ཞེས་བྱ་བ་དང་། གཟུགས་སྨོན་པ་མེད་ཅེས་བྱ་བར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། ཀུན་ཤེས་པ་འདི་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་

ལ་སྲེད་པས་ཏེ་སྐྱོན་དུ་གྱུར་པའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འདི་ནི་རེ་ཞིག་སྡུག་བསྔལ་གྱི་བདེན་པར་གཏོགས་པའི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །ཀུན་འབྱུང་གི་བདེན་པར་གཏོགས་པའི་དམིགས་པ་དང་རྣམ་པའི་ཁྱད་པར་ནི། དེ་

བཞིན་དུ་གཟུགས་འདི་སྤང་བར་བྱའོ་ཞེས་འདིས་གཟུགས་སྤང་བར་བྱའོ་ཞེས་མངོན་པར་ཞེན་པ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ་མི་རྟག་པ་ལ་སོགས་པ་ཉིད་དུ་དམིགས་ཤིང་མངོན་པར་ཞེན་པ་མེད་

པ་ལ་སོགས་པ་རྣམས་ཀྱི་རྣམ་པར་བྱེད་དོ། །ཅི་ཞིག་བརྗོད་པར་འགྱུར་ཞེ་ན། ཉན་ཐོས་རྣམས་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས་དངོས་པོ་ལ་དམིགས་ཤིང་མི་རྟག་པ་ལ་སོགས་པ་རྣམ་པར་འགྱུར་ཏེ། བདག་ཏུ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །

བྱང་ཆུབ་སེམས་དཔའ་རྣམས་ནི་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་ལ་དམིགས་ཤིང་དེའི་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་འགྱུར་ཏེ། ཆོས་སུ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར། འདིར་མཚན་མ་མེད་པ་མ་སྨོས་པ་ནི་འཇུག་པའི་

ཕྱོགས་ཀྱི་དབང་དུ་བྱས་ནས་བདེན་པ་གཉིས་བརྗོད་པར་འདོད་པའི་ཕྱིར་རོ། །མཚན་མ་མེད་པའི་ཐེག་པ་ཆེན་པོ་ལ་འགོག་པ་དང་། ལམ་གྱི་བདེན་པའི་རྣམ་པ་ཡིན་པའི་ཕྱིར་ཏེ། མཚན་མ་མེད་པ་གང་ཡིན་པ་དང་། ལམ་གང་གིས་རྣམ་པར་རྟོག་པའི་མཚན་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด