འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤཱ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་བྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๐ · หน้า 44a

མ་སེལ་བ་ཞེས་བྱ་བས་སོ། །ཞི་བའི་རྣམ་པ་རྣམས་ཀྱིས་མཚན་མ་མེད་པའོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དངོས་པོའི་མཚན་མ་དང་རྗེས་སུ་འབྲེལ་བ་ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་དེ་དང་འགལ་བ་མེད་དོ། །རྣམ་པ་མངོན་

པར་ཞེན་པ་མེད་པ་ལ་སོགས་པ་ཡིན་ནོ་ཞེས་གང་གསུངས་པ་ཡིན། འདི་དཔྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་མངོན་པར་ཞེན་པ་མེད་པ་ཙམ་མངོན་པར་ཞེན་པ་མེད་པ་ཡིན་ན། དེ་ལྟ་ནི་མེད་པའི་ཕྱིར་གཉེན་པོར་མི་རིགས་སོ། །འོན་ཏེ་གང་མངོན་པར་ཞེན་པ་

མ་ཡིན་པ་ཡིན་ན་ནི་མིག་ལ་སོགས་པ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། ཇི་ལྟར་མི་མཐུན་པ་ཡིན་པ་དེ་ལྟར་ནི་མངོན་པར་ཞེན་པ་ཡིན་ལ། ཇི་ལྟར་གཉེན་པོ་ཡིན་པ་དེ་ལྟར་ནི་མངོན་པར་ཞེན་པ་མ་ཡིན་པ་ཡིན་ནོ། །ཡང་ཇི་ལྟར་ན་མི་མཐུན་པ་ཡིན་ཞེ་ན། ཇི་ལྟར་མི་

བདེན་པའི་རྟོག་པས་ཀུན་དུ་བསླང་བའི་ཡོད་པ་དང་མེད་པར་འཛིན་པའོ། །ཇི་ལྟར་ན་གཉེན་པོ་ཡིན་ཞེ་ན། ཇི་ལྟར་དེ་དག་མེད་པའོ། །ཡང་ཇི་ལྟར་ན་དེ་དག་མེད་པ་ཡིན་ཞེ་ན། ཇི་ལྟར་དེ་མ་ཐག་ཏུ་འཆད་པར་འགྱུར་བ་བཞིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་

སེམས་མེད་པ་དེ་ལ་ཡོད་པ་ཉིད་དམ་མེད་པ་ཉིད་མེད་པའམ་མི་དམིགས་པ་ཡིན་ན། འོ་ན་སེམས་མེད་པའི་སེམས་གང་ཡིན་པ་དེ་ཡོད་དམ་ཞེས་བརྒལ་བ་དེ་རིགས་པར་འགྱུར་རམ་ཞེས་བྱའོ། །འདིས་ནི་ལྷག་པར་མི་གནས་པ་དང་ཀུན་དུ་མི་ཤེས་པ་ཞེས་བྱ་བ་ལ་ཡང་

བརྗོད་པ་ཡིན་ནོ། །འགོག་པ་དང་ལམ་གྱི་བདེན་པ་དག་གི་དབང་དུ་བྱས་ནས་དྲོ་བར་གྱུར་པའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གི་དབང་དུ་བྱས་ཏེ་གསུངས་པ་ནི་འགོག་པ་འདི་ལྟར་མངོན་དུ་བྱའོ། །འདིས་འགོག་པ་མངོན་དུ་བྱའོ། །ལམ་འདི་ལྟར་བསྒོམ་པར་བྱའོ། །

ཞེས་མངོན་པར་ཞེན་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འདི་ལྟར་ཞེས་བྱ་བས་ནི་བདེན་པ་བཞི་ལ་དེའི་རྣམ་པ་བཞི་བཞི་གསུངས་པ་ཡིན་ལ། འདིས་ཞེས་བྱ་བ་ནི་དེའི་ཚོགས་སུ་གྱུར་པ་བྱང་ཆུབ་ཀྱི་ཕྱོགས་རྣམས་གསུངས་པ་ཡིན་ནོ། །འདིར་འགོག་པ་

เล่ม ๘๐ · หน้า 44b

དང་ལམ་དག་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་པར་བརྗོད་དེ། མཚན་མ་རྣམ་པ་གསུམ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ལ་བརྟེན་པར་བྱ་བ་དང་། བརྟེན་པར་བྱ་བ་མ་ཡིན་པར་མངོན་པར་ཞེན་པའི་མཚན་མ་དང་། སྤྱད་

པར་བྱ་བ་དང་སྤྱད་པར་བྱ་བ་མ་ཡིན་པ་རྣམས་ལ་སློབ་པ་དང་མི་སློབ་པའི་གཞི་ལྷག་པར་གནས་པའི་མཚན་མ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། དེ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ལ་སོགས་པ་རྣམས་ལ་ཐབས་ལ་མཁས་པ་དང་ཐབས་ལ་མཁས་པ་མ་ཡིན་པ་ཀུན་

ཤེས་པའི་མཚན་མའོ། །འདི་དག་ལས་བཟློག་པ་མཚན་མ་མེད་པ་བསྟན་པའི་དོན་དུ་གསུངས་པ་ནི། འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ། །ཆོས་འདི་དག་ནི་བསྟེན་པར་བྱ་བའོ། །ཆོས་འདི་དག་ནི་བསྟེན་པར་མི་བྱའོ་ཞེས་བྱ་བ་ནས་འདི་ནི་ཐབས་ལ་

མཁས་པའོ། །འདི་ནི་ཐབས་ལ་མཁས་པ་མ་ཡིན་པའོ། །ཞེས་མངོན་པར་ཞེན་པ་དང་ལྷག་པར་གནས་པ་དང་ཀུན་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་རྗེས་སུ་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་དུ་འགྱུར་བའོ་ཞེས་བྱ་བ་ལ་སོགས་པའི་བར་ཡིན་ནོ། །རྗེས་སུ་

མཐུན་པ་ཉིད་རྟོགས་པའི་ཆོས་ལ་སྲེད་པ་ཡིན་ནོ། རྗེས་སུ་མཐུན་པ་ཞེས་བྱ་བ་ལུགས་སུ་འཇུག་པའི་ཆོས་ལ་སྲིད་པའོ། སྐྱོན་ཞེས་བྱ་བ་ནི་ཉོན་མོངས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྟོགས་པའི་ཆོས་ཀྱི་རྗེས་སུ་མཐུན་པའི་སྲེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་

དཔའི་རྩེ་མོའི་སྐྱོན་ཆེན་པོ་ཡིན་པར་བརྗོད་དེ། དེའི་དབང་དུ་མཛད་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་རྣམ་པར་ཐར་པའི་སྒོ་གསུམ་ལ་བརྟེན་ནས། ཉན་ཐོས་དང་། རང་སངས་

རྒྱས་ཀྱི་སར་ཡང་མི་ལྟུང་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་མི་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩེ་མོའི་སྐྱོན་ཆེན་པོ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་གང་ཡིན་སྙམ་ན། ཕྱི་སྟོང་པ་ཉིད་ལ་ནང་སྟོང་པ་

เล่ม ๘๐ · หน้า 45a

ཉིད་དུ་མི་མཐོང་ཞེས་བྱ་བ་ནས་བརྩམས་ཏེ། དེ་རྣམས་སོ་སོ་ལ་སྟོང་པ་ཉིད་རྣམ་པ་ཐམས་ཅད་དུ་མཐོང་བ་ཕན་ཚུན་བཀག་པས་གསུངས་པ་ཡིན་ཏེ། འདིས་ནི་རང་གི་ངོ་བོའི་མཚན་མ་ནུབ་པའི་ཕྱིར་འགོག་པ་མཚན་མ་མེད་པར་སྟོན་པ་ཡིན་ནོ། །

འདིར་ལམ་ཡང་མཚན་མ་མེད་པ་ཡིན་ནོ། །ཞེས་གསུངས་པ་ནི་དེ་ལྟར་སློབ་པས་ནི་གཟུགས་ཤེས་པར་བྱ་སྟེ། དེས་ཀྱང་རློམ་སེམས་སུ་མི་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤེས་པར་བྱ་སྟེ། དེས་ཀྱང་རློམ་སེམས་སུ་མི་བྱའོ་ཞེས་བྱ་བའི་

བར་དང་བྱང་ཆུབ་ཀྱི་སེམས་ཤེས་པར་བྱ་སྟེ། དེས་ཀྱང་རློམ་སེམས་སུ་མི་བྱའོ་ཞེས་བྱ་བའི་བར་ཡིན་ནོ། །འདིས་ནི་རློམ་པའི་མཚན་མ་མེད་པས་མཚན་མ་མེད་པའི་ལམ་ཡིན་ནོ་ཞེས་ལམ་གྱི་བདེན་པའི་དམིགས་པའི་ཁྱད་པར་བསྟན་པ་ཡིན་ནོ། །གཟིངས་ལྟ་བུ་ཡིན་པའི་

ཕྱིར་དེ་ཡང་དོར་བར་བྱ་བ་མ་ཡིན་ནམ་ཞེ་ན། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །སེམས་ཀྱི་རང་བཞིན་འོད་གསལ་བ་འདི་གང་ཞིག་ཡིན་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་

བུ་སེམས་གང་འདོད་ཆགས་དང་ཞེས་བྱ་བ་ནས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དང་ལྡན་པ་དང་བྲལ་བ་མ་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡོད་པ་ཙམ་དང་རྗེས་སུ་འབྲེལ་བར་བསམས་ནས་སྨྲས་པ་ནི། ཚེ་དང་ལྡན་པ་རབ་

འབྱོར་སེམས་གང་ཞིག་སེམས་མ་ཡིན་པ་ཞེས་བྱ་བའི་སེམས་དེ་ཡོད་དམ་ཞེས་བྱ་བ་ཡིན་ནོ། །ཡོད་པ་ཙམ་དུ་བཏགས་པའང་མི་བཟོད་པས་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་པ་གང་ཡིན་པ་དེ་ལ་ཡོད་པ་ཉིད་དམ། མེད་པ་ཉིད་ཡོད་པའམ། དམིགས་

པར་འགྱུར་རམ་ཞེས་བྱ་བ་སྟེ། དེའི་བརྒལ་བ་མི་རིགས་པ་ཉིད་ཀྱིས་སོ། །འོ་ན་སེམས་མེད་པ་དེ་གང་ཡིན་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་པ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་འགྱུར་བ་མེད་པ་

เล่ม ๘๐ · หน้า 45b

རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་སེམས་མེད་པའི་ཆོས་ཉིད་རྣམ་གྲངས་བསྟན་པའི་དོན་དུ་གསུངས་པ་ཡིན་ནོ། །བདེན་པ་བཞིའི་དམིགས་པ་དང་རྣམ་པའི་ཁྱད་པར་བཤད་ཟིན་ཏོ།། །།དྲོད་ཀྱི་རྒྱུའི་ཁྱད་པར་གྱི་དབང་དུ་མཛད་ནས། དེ་ཅིའི་ཕྱིར་ཞེ་ན།

ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱི་དྲོ་བར་གྱུར་པ་གང་གི་རྒྱུར་གྱུར་པ་ཡིན་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་

རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་བསླབ་པར་བྱ་བའི་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བས་དེ་ལྟ་བུའི་མཚན་ཉིད་ཅན་གྱི་དྲོད་ཐེག་པ་གསུམ་ཀ་རྟོགས་པའི་རྒྱུ་ཡིན་པར་གསུངས་པ་ཡིན་ནོ། །ཡོངས་སུ་འཛིན་པའི་ཁྱད་པར་ནི་ཐབས་མཁས་པ་དང་དགེ་བའི་

བཤེས་གཉེན་གྱི་མཚན་ཉིད་ཡིན་ནོ། །རྣམ་པར་རྟོག་པ་དང་ཡང་དག་པར་ལྡན་པ་ནི་ཕྱིས་འཆད་པར་འགྱུར་ཏེ། འདི་ནི་རེ་ཞིག་དྲོ་བར་གྱུར་པ་ཆུང་ངུ་ཡིན་ནོ། །འབྲིང་ནི་བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་

རྗེས་སུ་མ་མཐོང་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན་ཞེས་བྱ་བའི་བར་གྱིས་ནི་དམིགས་པའི་ཁྱད་པར་གསུངས་པ་ཡིན་ནོ། །མིང་ཐམས་ཅད་

མེད་པ་ཉིད་ཀྱིས་གནས་ཉིད་དང་གནས་པ་དང་བྲལ་བ་མེད་པས་ཞེས་བྱ་བ་ནི་རྣམ་པའི་ཁྱད་པར་རོ། །དེ་ལ་ཉོན་མོངས་པ་དང་བྲལ་བས་རྣམ་པར་དབེན་པའོ། །དངོས་པོ་འགག་པས་ན་ཞི་བའོ། །རང་ཉིད་མ་སྐྱེས་པ་ཉིད་ཀྱིས་ན་སྐྱེ་བ་མེད་པའོ། །ཕ་རོལ་གྱི་མུ་མེད་པ་ཉིད་ཀྱིས་

ན་རྟོགས་པར་དཀའ་བའི་ཕྱིར་འབྱུང་བ་མེད་པའོ། །འཕགས་པའི་གང་ཟག་རྣམས་ཀྱི་སྔོན་ལྡན་པར་གྱུར་པའི་མ་བྱང་བ་དང་བྲལ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའོ། །སེམས་ཅན་དམིགས་སུ་མེད་པས་ན་རྣམ་པར་བྱང་བ་མེད་པའོ། །འཕགས་པའི་ཆོས་རྣམས་

เล่ม ๘๐ · หน้า 46a

ཀྱི་རྒྱུར་གྱུར་པས་ཆོས་ཀྱི་དབྱིངས་སོ། །གཞན་དུ་འགྱུར་བ་ཉིད་མེད་པས་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པའི་མཐར་ཐུག་པས་ན་ཡང་དག་པའི་མཐའོ། །འཕགས་པ་ཐམས་ཅད་ཀྱིས་མ་མཛད་པས་ན་ཆོས་གནས་པ་ཉིད་དེ། དེ་རྣམས་

ཀྱི་འཕེལ་བ་དང་འགྲིབ་པའོ། །དེ་ལ་འཕེལ་བ་ནི་སྐྱེ་བའོ། །འགྲིབ་པ་ནི་འགག་པའོ། །མི་དམིགས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བའི་ཚིག་གཉིས་ནི་དམིགས་སུ་མེད་པའི་རྣམ་པར་བསྒོམ་པ་ལྷག་པར་མོས་པ་དམིགས་པའི་ཡིད་ལ་བྱེད་པ་དང་། དེ་ཁོ་ན་

ཉིད་མཐོང་བའི་ཡིད་ལ་བྱེད་པའི་དབང་དུ་མཛད་པ་ཡིན་པར་ཤེས་པར་བྱའོ། །གང་ཡང་བཅོམ་ལྡན་འདས་དེའི་མིང་དེའང་གནས་པ་མ་མཆིས། གནས་པ་དང་བྲལ་བ་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་ཞེས་བྱ་བ་དེ་ལ་གནས་

པ་ནི་རྒྱུན་འདྲ་བའོ། །གནས་པ་དང་བྲལ་བ་ནི་རྒྱུན་མི་འདྲ་བའོ། །ཆེན་པོ་བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བཏགས་པ་དང་། ཆོས་སུ་གདགས་པ་གང་ལགས་པ་དེའང་ཞེས་བྱ་བ་ནས། རྒྱ་ཆེར་སངས་རྒྱས་ཞེས་

བགྱི་བའི་མིང་དང་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བགྱི་བའི་མིང་དེ་ཡང་དགེ་བའམ་མི་དགེ་བའམ་ཞེས་པ་ནས་དངོས་པོའམ་དངོས་པོ་མེད་པ་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །འདི་ལྟ་སྟེ། དཔེར་ན། རྨི་ལམ་ཞེས་བགྱི་བ་ནས་སྤྲུལ་པ་ཞེས་བགྱི་བའི་བར་གྱི་མིང་

ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་སེམས་ཞུམ་པར་མི་འགྱུར་འགྱོད་པ་མ་མཆིས་ལ། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ལགས་སོ་ཞེས་བྱ་བའི་

བར་རྒྱས་པར་གསུངས་པ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པ་ལས་འདི་ཁྱད་ཅི་ཡོད་ཅེ་ན། བར་ཆད་མེད་ན་མཐོང་བའི་ལམ་དང་ཤིན་ཏུ་ཉེ་བ་ཉིད་དོ། །དྲོ་བར་གྱུར་པ་ཞེས་གྱུར་པ་བརྗོད་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིགས་ཤེས་པར་བྱ་བའི་དོན་ནམ། ཡང་ན་དབང་པོ་རྟུལ་པོ་

เล่ม ๘๐ · หน้า 46b

ལ་སོགས་པའི་གང་ཟག་གི་དབྱེ་བ་ཡང་འདིའི་དམིགས་པ་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཤེས་པར་བྱ་བའི་དོན་ཏོ། །རྩེ་མོར་གྱུར་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དྲོ་བར་གྱུར་པ་ནི་བདེན་པ་བཞི་ལ་དམིགས་པ་རྣམ་པ་བཅུ་དྲུག་དང་ལྡན་པ་ཡིན་ལ། དྲོད་ལས་ནི་རྩེ་མོར་

ཡིན་ཞིང་དེ་དག་ཀྱང་དེ་འདྲ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་ཇི་ལྟར་ཡིན་ཞེ་ན། དོ་ཤལ་གཙུག་ལག་ཁང་དང་མཚན་ཉིད་འདྲའམ་འདི་ནི་འཇུག་པ་གཞན་ཁོ་ན་ཡིན་ནོ། །དྲོ་བར་གྱུར་པ་བཤད་ཟིན་ཏོ།། །།རྩེ་མོ་བཤད་པར་བྱ་

སྟེ། དེ་རྣམས་ཀྱི་རྒྱུ་ཉིད་དང་། ཡོངས་སུ་འཛིན་པའི་ཁྱད་པར་དང་། རྣམ་པར་རྟོག་པ་དང་ཡང་དག་པར་ལྡན་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །རྩེ་མོ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་བཟོད་པ་རྣམས་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ལ་ཡང་ཡིན་ནོ། །དེ་ལ་

རྩེ་མོའི་དམིགས་པའི་ཁྱད་པར་གྱི་དབང་དུ་མཛད་ནས། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེས་གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་ལ་གནས་པ་

བཀག་པ་དང་། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་རྣམས་ཀྱི་དེའི་དངོས་པོ་བཀག་པས་གསུངས་པ་ཡིན་ནོ། །རྣམ་པའི་ཁྱད་པར་གྱི་དབང་དུ་མཛད་ནས་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་

པ་དེ་ཡང་གཟུགས་མ་ལགས། སྟོང་པ་ཉིད་ལས་གཞན་ནའང་གཟུགས་མ་མཆིས་ཞེས་བྱ་བ་ཆོས་རྣམས་དང་དེའི་སྟོང་པ་ཉིད་ཕན་ཚུན་དེའི་བདག་ཉིད་ཀྱི་རྣམ་པའི་ཁྱད་པར་ཅན་དང་། དེ་ཅིའི་སླད་དུ་ཞེ་ན། གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་

བས་ཆོས་རྣམས་དང་དེའི་སྟོང་པ་ཉིད་ཕན་ཚུན་གྱི་རང་བཞིན་དུ་འདོད་པས་གསུངས་པ་ཡིན་ཏེ། དེ་ལ་སྔ་མས་ནི་རྟག་པའི་མཐའ་བཀག་པ་ཡིན་ལ། ཅིག་ཤོས་ཀྱིས་ནི་ཆད་པའི་མཐའ་བཀག་པ་ཡིན་ནོ། །བདེན་པ་བཞིའི་དབང་དུ་མཛད་ནས་སྡུག་བསྔལ་གྱི་བདེན་པའི་

เล่ม ๘๐ · หน้า 47a

སྐབས་སུ་གནས་པ་མེད་པའི་དམིགས་པའི་ཁྱད་པར་ནི། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེས་གཟུགས་ལ་མི་རྟག་ཅེས་བགྱི་བར་གནས་པར་མི་བགྱིའོ་ཞེས་བྱ་བ་ནས། གཟུགས་

ལ་ཞི་བའོ་ཞེས་བགྱི་བར་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་རྒྱས་པར་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་མི་རྟག་པ་ནི་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་སྟེ་ཞེས་གསུངས་པ་ཡིན་ནོ། །དེ་ལ་གནས་པ་ནི་དངོས་པོ་ལ་དམིགས་པའི་

སེམས་ཀྱིས་བརྟེན་པའོ། །འདིར་སྤྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་གནས་མེད་པ་ཙམ་གནས་པར་མི་བྱ་བ་ཡིན་ན་ནི་མེད་པ་ཡིན་པའི་ཕྱིར་གཉེན་པོར་མི་རིགས་སོ། །འོན་ཏེ་གང་གནས་མ་ཡིན་པ་ཡིན་ན་དེ་ལྟ་ནི་ཐལ་ཆེས་པ་ཡིན་ནོ་ཞེ་ན། མངོན་པར་ཞེན་པ་མེད་པ་ལ་ཚུལ་

ཇི་ལྟར་བཤད་པ་དེ་ལྟར་འདི་ཡང་བལྟ་བར་བྱའོ། །རྣམ་པའི་ཁྱད་པར་ནི་བཅོམ་ལྡན་འདས་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་མི་རྟག་པ་ཉིད་མ་ལགས། མི་རྟག་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཞེས་བྱ་བས་མི་རྟག་པ་ཉིད་ལ་སོགས་པ་རྣམས་

དང་དེའི་སྟོང་པ་ཉིད་ཕན་ཚུན་དེའི་བདག་ཉིད་ཀྱི་རྣམ་པའི་ཁྱད་པར་ཅན་དང་། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མི་རྟག་པ་ཉིད་དོ་ཞེས་བྱ་བས་དེ་དག་ཕན་ཚུན་རང་བཞིན་གཅིག་འདོད་པས་གང་གསུངས་པ་ཡིན་

ནོ། །དེ་ལ་མི་རྟག་པའི་དོན་ནི་མེད་པའི་དོན་དང་སྡུག་བསྔལ་བའི་དོན་ནི་མ་སྐྱེས་པའི་དོན་ཡིན་པ་དེས་ན་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དང་སྟོང་པ་ཉིད་ནི་ཕན་ཚུན་གྱི་རང་བཞིན་ཅན་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི། འདུས་བྱས་ཀྱི་ཆོས་ཀྱི་སྤྱིའི་མཚན་ཉིད་ནི་མི་རྟག་པ་

ཉིད་ཡིན་ལ། ཟག་པ་དང་བཅས་པ་སྤྱིའི་མཚན་ཉིད་ནི་སྡུག་བསྔལ་བ་ཉིད་ཡིན་པ་དེས་ན་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ་གཉིས་དང་སྟོང་པ་ཉིད་ཕན་ཚུན་ཁྱབ་པར་གསལ་བར་འགྱུར་རོ། །ཡང་ན་མི་རྟག་པ་ཉིད་ཀུན་བརྟགས་པའི་དངོས་པོ་ནི་མི་རྟག་པ་ཁོ་ན་ཡིན་ལ་

เล่ม ๘๐ · หน้า 47b

སྡུག་བསྔལ་བ་ཉིད་ཀྱང་སྡུག་བསྔལ་བ་ཁོ་ན་ཡིན་ཏེ། དངོས་པོ་དང་སྟོང་པ་ཉིད་གཉིས་ཀྱང་ཕན་ཚུན་ཁྱབ་པར་འདོད་པ་ཉིད་ཡིན་པས་ཉེས་པ་མེད་དོ། །དེ་བཞིན་དུ་ཀུན་འབྱུང་གི་བདེན་པའི་དབང་དུ་བྱས་ནས་དེའི་རྣམ་པ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་།

རྐྱེན་ལ་བརྟེན་པའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་བརྗོད་པར་བྱའོ། །འགོག་པའི་བདེན་པའི་དབང་དུ་བྱས་ནས་དམིགས་པའི་ཁྱད་པར་དེ་བཞིན་ཉིད་ལ་སོགས་པ་ལ་མི་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་དེ་བཞིན་ཉིད་ལ་གནས་པར་མི་བགྱི་སྟེ་

ཞེས་བྱ་བ་ནས་ཡང་དག་པའི་མཐའ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་དངོས་པོ་དང་བྲལ་བའི་དེ་བཞིན་ཉིད་ལ་བསམས་ནས་

ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པར་ཤེས་པར་བྱ་སྟེ། དངོས་པོ་ཡོད་ན་དེར་བཏགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་དེ་བཞིན་ཉིད་མ་ལགས་སོ་ཞེས་བྱ་བ་ལ་སོགས་པ་དང་། དེ་ཅིའི་སླད་དུ་ཞེ་ན། བཅོམ་

ལྡན་འདས་འདི་ལྟར་དེ་བཞིན་ཉིད་སྟོང་པ་ཉིད་དང་སྟོང་པ་ཉིད་དེ་བཞིན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་དེ་བཞིན་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་བྲལ་བའི་དེ་བཞིན་ཉིད་ནི་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་ཉིད་

ལས་གཞན་ནའང་སྟོང་པ་ཉིད་མ་མཆིས་ཏེ་ཞེས་བྱ་བ་ནི་བཏགས་པ་དོན་དམ་པར་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་གཞན་དུ་མི་འགྱུར་བའི་དོན་གྱིས་ན་དེ་བཞིན་ཉིད་དོ། །དེ་ལྟ་བས་བྱས་པའི་གཉེན་པོའི་དོན་གྱིས་ན་སྟོང་པ་ཉིད་དོ། །དབྱེར་མི་ཕྱེད་པའི་དོན་གྱིས་ན་ཆོས་ཉིད་

དོ། །ཆོས་ཀྱི་དབྱིངས་ནི་སྔ་མ་དང་འདྲའོ། །གཅིག་ཏུ་ངེས་པར་འབྱུང་བའི་དོན་གྱིས་ན་ཆོས་ངེས་པ་ཉིད་དོ། །ཡང་དག་པའི་མཐའ་ནི་སྔ་མ་བཞིན་ནོ། །ལམ་གྱི་བདེན་པའི་དབང་དུ་མཛད་ནས་གནས་པ་མེད་པ་དང་མངོན་པར་འདུ་བྱ་བ་མེད་པའི་དོན་གྱིས་དམིགས་པའི་ཁྱད་

เล่ม ๘๐ · หน้า 48a

པར་ནི་བཅོམ་ལྡན་འདས་གལ་ཏེ་གཟུགས་ལ་གནས་ན་དེ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་

དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །རྣམ་པའི་ཁྱད་པར་ནི། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་ཡོངས་སུ་གཟུང་བ་མ་མཆིས་པ་སྟེ། གཟུགས་ཀྱི་ཡོངས་

སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་འང་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ་ལགས་ཞེས་ཞེས་བྱ་བས་གཟུགས་ལ་སོགས་པ་ཡོངས་སུ་མ་བཟུང་བ་ལ་དེའི་ངོ་བོ་བཀག་པས་གང་གསུངས་པ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་དཀྱིལ་

འཁོར་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཞེས་བགྱི་བ་སྟེ་ཞེས་བྱ་བ་ནི་རྩེ་མོར་གྱུར་པའོ། །དེའང་ཏིང་ངེ་འཛིན་གྱི་ཚོགས་གཞན་དང་གཞན་ཐོབ་པར་བྱེད་པས་དཀྱིལ་འཁོར་ཡངས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡངས་པའོ། །མདུན་དུ་བྱས་པས་ཞེས་བྱ་བ་ནི་དམིགས་པ་

དང་རྣམ་པའི་ཁྱད་པར་དག་གིས་མདུན་དུ་གནས་པར་འགྱུར་རོ། །ཚད་མེད་པར་ངེས་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སོ་སོར་ངེས་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དམིགས་པ་དང་།

རྣམ་པ་དང་། རྒྱུ་དང་། ཡོངས་སུ་འཛིན་པའི་ཁྱད་པར་གྱིས་སོ། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེའང་ནང་སྟོང་པ་ཉིད་ལ་སོགས་པའི་སླད་དུ་ཡོངས་སུ་གཟུང་བ་མ་མཆིས་པའོ་ཞེས་དེ་མ་ཐག་ཏུ་ཇི་སྐད་

གསུངས་པ་ཡིན་ནོ། །དེ་ནི་རེ་ཞིག་རྩེ་མོར་གྱུར་པ་ཆུང་ངུ་ཡིན་ནོ། །འབྲིང་པོ་ནི་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་གཟུང་བར་བགྱི་བ་མ་ལགས་ཏེ། མཚན་མ་ལས་ནི་ཉོན་མོངས་པ་འབྱུང་ངོ་། །མཚན་མ་

เล่ม ๘๐ · หน้า 48b

དེ་དག་ཀྱང་གང་ཞེ་ན། གཟུགས་ནི་མཚན་མའོ། །ཚོར་བ་ནི་མཚན་མའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་གཟུགས་ཀྱི་མཚན་ཉིད་གཟུགས་ཀྱི་མཚན་མ་ཞེས་བྱ་སྟེ། དེའང་མི་རྟག་པ་ཉིད་ལ་སོགས་པའོ། །འདི་གང་ལ་ཞེ་ན། གང་གི་

ཕྱིར་གང་གི་ཚེ་མི་རྟག་པའམ་རྟག་པ་ཞེས་གཟུགས་ཀྱི་མཚན་མ་ལ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །མཚན་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡིན་པས་མཚན་མ་མེད་པ་ནི་དམིགས་

པའི་ཁྱད་པར་ཡིན་ཏེ། གལ་ཏེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མར་གཟུང་བ་ཞིག་ལགས་ན་ནི་ཀུན་ཏུ་རྒྱུ་ཕྲེང་བ་ཅན་བསྟན་པ་འདི་ལ་དད་པ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། དེས་ཆོས་འགའ་ཡང་ཡོངས་སུ་མ་བཟུང་སྟེ་མཚན་མ་མེད་པ་ཡིད་ལ་བྱེད་པའི་

སླད་དུའོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །རྣམ་པའི་ཁྱད་པར་ནི་འདི་ལྟར་དེས་ཡེ་ཤེས་དེ་རྟོགས་པ་དང་ཐོབ་པར་བགྱི་བའི་ཚུལ་གྱིས་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་ནས་བརྩམས་ཏེ། ནང་ལ་སོགས་པ་ལ་ཡེ་ཤེས་དེ་མཐོང་བ་བཀག་པའི་རྣམ་

གྲངས་གཞན་འདོད་པའི་རྣམ་པའི་ཁྱད་པར་དང་། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་གཟུང་དུ་མ་མཆིས་པ་དང་བཏང་དུ་མ་མཆིས་པ་གང་ལགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །དེ་ལ་ཕྲེང་བ་ཅན་དཔེར་

བྱས་པ་ནི་དེ་མུ་སྟེགས་པ་དང་འབྲེལ་པས་ན་མ་དད་པ་ཡིན་ཡང་རྟོགས་པའི་སྟོབས་འབའ་ཞིག་ཁོ་ནས་དོན་དེ་མངོན་དུ་བྱས་པ་ལ་དབང་ཉིད་དུ་ཤེས་པར་བྱ་བའི་དོན་དུའོ། །ཆེན་པོ་ནི་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པ་དེས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཅི་ཞིག་སྟེ། གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་སྟེ། བདག་གམ་ཆོས་ཀྱི་ཡིན་ཞེས་བྱ་བའི་དོན་ཏོ། །ཤེས་

เล่ม ๘๐ · หน้า 49a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་གི་ཡིན་ཏེ། རྫས་སམ་ཡོན་ཏན་ནི་བྱ་བའམ་རིགས་ཡིན་ཞེས་བྱ་བའི་དོན་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་བརྟག་པར་བགྱི་སྟེ་ཞེས་བྱ་བ་དང་། ཅི་ཆོས་གང་ཞིག་ཡོད་པ་མ་ཡིན་ཞིང་མི་

དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་མི་དམིགས་པར་དེའི་རང་བཞིན་ཉེ་བར་བརྟག་པའི་ཁྱད་པར་ཅན་དམིགས་པ་ཉིད་དུ་གསུངས་པ་ཡིན་ནོ། །རྣམ་པའི་ཁྱད་པར་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ལ་སོགས་

པ་ཉིད་ཀྱི་ཕྱིར་གཟུགས་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། ནང་སྟོང་པ་ཉིད་ལ་སོགས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་ཅིང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ནི་འདི་ལྟར་རྟོག་ཅིང་སེམས་པའི་ཚེ། སེམས་ཞུམ་

པ་མེད་ཅིང་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་བའི་རྩ་བ་གཡོ་བའི་རྩེ་མོར་ཕྱིན་པས་ན་རྩེ་མོའོ། །རྩེ་མོར་གྱུར་པ་བཤད་ཟིན་ཏོ།། །།ཆོས་ཐམས་

ཅད་ངོ་བོ་ཉིད་མེད་པ་ལ་དམིགས་པ་ཉིད་ཀྱིས་བཟོད་པའི་དམིགས་པའི་ཁྱད་པར་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཀྱི་རང་བཞིན་ནི་དངོས་པོ་

མེད་པའོ། །ཞེས་བྱ་བ་ལ་སོགས་པའི་བར་དུ་གང་གསུངས་པ་ཡིན་ནོ། །མཚན་ཉིད་ཀྱི་རང་བཞིན་དང་རང་བཞིན་གྱི་མཚན་ཉིད་དག་ནི་ཕན་ཚུན་དེའི་བདག་ཉིད་དུ་གྱུར་པ་ཉིད་ཀྱིས་རྣམ་པའི་ཁྱད་པར་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་ཉིད་ལའང་མཚན་ཉིད་ཀྱིས་རང་བཞིན་

མེད། མཚན་ཉིད་ཀྱི་རང་བཞིན་ལའང་མཚན་ཉིད་མེད་དོ་ཞེས་གསུངས་པ་ཡིན་ཏེ། དེ་ལ་མཚན་ཉིད་ནི་སྤྱི་ཡིན་ལ། རང་བཞིན་ནི་ཁྱད་པར་གཞན་ཡིན་ཏེ། དེ་དག་ངོ་བོ་ཉིད་ཕན་ཚུན་ལྡོག་པར་གྱུར་ན་ནི་འབྲེལ་པ་མེད་པའི་ཕྱིར་འགའ་འང་འགའ་ཞིག་གི་མཚན་ཉིད་དུ་མི་འགྱུར་རོ། །

เล่ม ๘๐ · หน้า 49b

ཕན་ཚུན་རྗེས་སུ་ཞུགས་པ་ཡིན་ན་ནི་བཏགས་པའི་མཚན་ཉིད་གཞི་དང་མཚན་ཉིད་རྣམ་པར་གཞག་པ་འཐད་པ་ཡིན་ནོ། །འདི་ནི་རེ་ཞིག་བཟོད་པ་ཆུང་ངུའོ། །འབྲིང་གི་དམིགས་པའི་ཁྱད་པར་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། ངེས་པར་འབྱུང་བ་མེད་པ་ནི་ཅིའི་ཕྱིར་

ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་འདི་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་ངེས་པར་འབྱུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་དང་། གཟུགས་གཟུགས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས། ངེས་པར་འབྱུང་བ་ཡང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་

ཡིན་ནོ། །རྣམ་པར་སྨིན་པ་ལས་བྱུང་བའི་རྣམ་པར་དག་པ་ཐོབ་པ་ཉིད་ཡིན་པས་ན་རྣམ་པའི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་འདོད་ཆགས་དང་ལྡན་པའི་སེམས་མི་བསྐྱེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཉོན་མོངས་པ་ཐམས་ཅད་དང་ལྡན་པའི་སེམས་མི་བསྐྱེད་

པའི་ཕྱིར་ལུས་ལ་སོགས་པ་ཡོངས་སུ་དག་པ་ཐོབ་པ་དང་། རྫུས་ཏེ་(སྐྱ་‚སྐྱེ་)ཞིང་གཞན་དུ་འགྲོ་བ་དང་། དེ་ཡོངས་སུ་སྐྱེ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སངས་རྒྱས་དང་མི་འབྲལ་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །

རྣམ་པར་དག་པ་དེ་ཡང་ཡང་དག་པར་འདའ་བས་བསྡུས་པ་རྣམ་པ་གསུམ་སྟེ། རྣམ་པར་སྨིན་པ་ལས་ཡང་དག་པར་འདའ་བ་ནི་དེ་ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་

སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། ངན་འགྲོའི་རྒྱུ་ལས་ཡང་དག་པར་འདའ་བ་ནི་འདོད་ཆགས་དང་ལྡན་པའི་སེམས་མི་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཡོངས་སུ་ཉམས་པ་ལས་ཡང་དག་པར་འདའ་

བ་ནི་ནམ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར་ཏེ། རྟག་ཏུ་རྒྱུན་མི་འཆད་པར་རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆེན་པོའི་དམིགས་པའི་ཁྱད་པར་ཆོས་ཐམས་ཅད་མཚན་མ་མེད་པ་ལ་སྦྱོར་བ་ནི། གལ་ཏེ་གཟུགས་རྟག་ཅེས་བྱ་བར་སྤྱོད་ན་མཚན་མ་ཉིད་ལ་

เล่ม ๘๐ · หน้า 50a

སྤྱོད་ཀྱི་ཞེས་བྱ་བ་ནས་བརྩམས་ཏེ། འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བགྱི་བར་སྤྱོད་ན་དམིགས་པ་ལ་སྤྱོད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐབས་མི་མཁས་པར་རིག་པར་བགྱིའོ་ཞེས་གང་གསུངས་པ་

ཡིན་ནོ། །ཆོས་ཐམས་ཅད་ལ་གནས་པ་མེད་པ་དང་ལྷག་པར་མོས་པ་མེད་པ་དང་། འདུ་ཤེས་མེད་པའི་རྣམ་པ་ཉིད་ཀྱིས་རྣམ་པའི་ཁྱད་པར་ནི། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་གཟུགས་ལ་གནས་པ་མེད་པ་དང་། ལྷག་པར་མོས་པ་མེད་པ་དང་། འདུ་ཤེས་

མེད་ན་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐབས་ལ་མཁས་པ་ཡོངས་སུ་ཟིན་པས་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུགས་མ་ཡིན། སྟོང་པ་ཉིད་ལས་གཞན་ནའང་གཟུགས་མེད། གཟུགས་ལས་གཞན་ནའང་སྟོང་པ་ཉིད་མེད་དེ་ཞེས་བྱ་བ་ནས།

གཟུགས་དང་དེའི་སྟོང་པ་ཉིད་ཕན་ཚུན་གྱི་རང་བཞིན་ཅན་ཉིད་དུ་ཁས་ལེན་པ་གང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་སྟོན་པར་བྱེད་པའི་དོན་གྱི་བར་གྱིས་གསུངས་པ་དང་། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གལ་ཏེ་ཆོས་འགའ་ཞིག་ཉེ་བར་རྟོགས་

ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཉེ་བར་རྟོགས་པ་དང་ཉེ་བར་མ་རྟོགས་པ་དང་། ཉེ་བར་རྟོགས་པ་ཡང་མ་ཡིན་ལ། ཉེ་བར་མ་རྟོགས་པ་ཡང་མ་ཡིན་པ་དང་། ཉེ་བར་རྟོགས་པ་ཡང་མ་ཡིན་མ་རྟོགས་པ་ཡང་མ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་

ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའི་རང་བཞིན་ཏེ། ཞེས་བྱ་བའི་བར་དང་། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གང་གསུངས་པ་

ཡིན་ནོ། །ཆོས་ཆེན་པོ་ལ་བཟོད་པས་ན་བཟོད་པ་རྣམས་སོ། །བཟོད་པ་བཤད་ཟིན་ཏོ།། །།ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་ལ་སོགས་པ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་རྒྱུའི་ཏིང་ངེ་འཛིན་ལ་དམིགས་པ་

เล่ม ๘๐ · หน้า 50b

ཉིད་ཀྱིས་ཆོས་ཀྱི་མཆོག་གི་དམིགས་པའི་ཁྱད་པར་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནས་བརྩམས་ཏེ། ཏིང་ངེ་འཛིན་བརྒྱ་ལྷག་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་བསྟན་པས་གང་གསུངས་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་

བྱེད་པ་རྣམ་པ་ཡིན་པ་ཉིད་ཀྱིས་ན་རྣམ་པའི་ཁྱད་པར་ནི་དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་སྟོན་པ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བའི་བྱེད་པ་དེ་

བསྟན་པས་གང་གསུངས་པ་ཡིན་ནོ། །འདི་ནི་རེ་ཞིག་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཆུང་ངུ་ཡིན་ནོ། །འབྲིང་གི་དམིགས་པའི་ཁྱད་པར་ལུང་བསྟན་པ་ཐོབ་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཏིང་ངེ་འཛིན་དེ་དག་གིས་རྣམ་པར་སྤྱོད་པ་ནི་སྔོན་

གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཏིང་ངེ་འཛིན་ལ་སོགས་པར་རྣམ་པར་མི་རྟོག་པ་རྣམ་པ་ཡིན་པ་ཉིད་

ཀྱིས་ན་རྣམ་པའི་ཁྱད་པར་ནི། བདག་ནི་མཉམ་པར་བཞག་པའོ་ཞེས་བྱ་བར་ཏིང་ངེ་འཛིན་དེས་རློམ་སེམས་སུ་འགྱུར་བ་མེད་དོ། །བདག་ནི་སྙོམས་པར་ཞུགས་པར་འགྱུར་རོ། །བདག་ནི་སྙོམས་པར་ཞུགས་པར་གྱུར་ཏོ། །བདག་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ་

ཞེས་རློམ་སེམས་སུ་འགྱུར་བ་མེད་དོ་ཞེས་བྱ་བར་དེ་ལ་རྣམ་པར་རྟོག་པ་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་སོ་ཞེས་གང་གསུངས་པ་ཡིན་ནོ། །ཆེན་པོའི་དམིགས་པའི་ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ཕན་ཚུན་དེའི་བདག་ཉིད་ཡིན་པ་ནི། ཚེ་དང་ལྡན་པ་

ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཏིང་ངེ་འཛིན་ཀྱང་གཞན། བྱང་ཆུབ་སེམས་དཔའ་ཡང་གཞན། ཞེས་བྱ་བ་མེད་ཀྱི་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཏིང་ངེ་འཛིན་དུ་འདུ་ཤེས་མེད་པ་ལ་སོགས་པ་ཉིད་ཀྱིས་རྣམ་པའི་ཁྱད་པར་ནི།

เล่ม ๘๐ · หน้า 51a

ཚེ་དང་ལྡན་པ་ཤཱ་རིའི་བུ་རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་པ་མེད་དོ། །ཇི་ལྟར་དེ་ལ་འདུ་ཤེས་སུ་བྱེད་པར་མི་འགྱུར་ཞེ་ན། ཇི་ལྟར་ཡང་རྟོག་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་རྟོག་པ་མེད་པ་ཡིན་ཞེ་ན། ཆོས་ཐམས་ཅད་མེད་པ་ཉིད་

ཀྱིས་སོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ནི་འཇིག་རྟེན་པ་ཡང་ཡིན་ལ་ཟག་པ་མེད་པའི་ཆོས་རྣམས་ཐོབ་པར་བྱེད་པ་ཉིད་ཀྱི་མཆོག་ཀྱང་ཡིན་པས་ན་འཇིག་རྟེན་ཆོས་མཆོག་གོ། །འདི་ནི་ངེས་པར་འབྱུང་བར་འགྱུར་མི་འབྲལ་བར་འགྱུར་ཉེ་བར་འགྱུར་མངོན་པར་ཤེས་པ་དང་།

ཏིང་ངེ་འཛིན་མྱུར་དུ་ཐོབ་པར་འགྱུར་ཞེས་བྱ་བའི་བསྟན་པའི་ཚིག་བཞིས་ངེས་པར་འབྱེད་པའི་ཆ་བཞིའི་དོན་རིམ་བཞིན་སྟོན་པ་ཡིན་པར་ཤེས་པར་བྱའོ། །འདིའི་དམིགས་པའི་ཁྱད་པར་ལ་སོགས་པ་རྒྱས་པར་བསྟན་པའི་བསྡུས་པ་ནི་ཚིག་ལེའུར་བྱས་པ་བདུན་པ་ཡིན་ནོ།། །།

དམིགས་པ་མི་རྟག་པ་ལ་སོགས། །བདེན་པའི་བརྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །གཟུགས་སོགས་འཕེལ་འགྲིབ་གནས་བྲལ་དང་། །གནས་དང་བཏགས་དང་བརྗོད་དུ་མེད། །གཟུགས་སོགས་མི་

གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང་། །དེ་དག་གཅིག་གི་རང་བཞིན་གཅིག །ཆོས་རྣམས་མི་འཛིན་གང་ཡིན་དང་། །དེ་དག་མཚན་མར་མི་

མཐོང་ཕྱིར། །ཐམས་ཅད་དམིགས་སུ་མེད་པ་ནི། །ཤེས་རབ་ཀྱིས་ནི་ཡོངས་རྟོགས་པར། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཡི་ངོ་བོ་ཉིད། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་དེ་དག་མཚན་ཉིད་མེད། །དེ་ཡི་མཚན་མར་མི་བརྟེན་པས། །

མོས་མིན་འདུ་ཤེས་མེད་པ་ཡིན། །ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་བསྟན་པ་དང་རློམ་པ་ཟད། །གསུམ་པོ་གཅིག་གི་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ངེས་པར་འབྱེད་པའི་ཆ་དང་

เล่ม ๘๐ · หน้า 51b

མཐུན་པ་རྣམས་ཀྱི་དམིགས་པ་དང་། རྣམ་པ་དང་། རྒྱུ་ཉིད་ཀྱི་ཁྱད་པར་དང་། ཆུང་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་བཤད་ཟིན་ཏོ།། །།ཡོངས་སུ་འཛིན་པ་ནི་འཆད་པར་འགྱུར་བའི་ཕྱིར་རོ། །ད་ནི་རྣམ་པར་རྟོག་པ་དང་ཡང་དག་པར་ལྡན་པ་བཤད་

པར་བྱའོ། །དེ་ལ་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ནི་རྣམ་པར་རྟོག་པ་རྣམ་པ་བཞི་སྟེ། ཇི་ལྟར་ཞེ་ན། གཟུང་བའི་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་དང་། གཉེན་པོའི་ཕྱོགས་ལ་བརྟེན་པའོ། །ཙམ་སྨོས་པ་ནི་ཁྱད་པར་གསལ་བའི་

དོན་དུ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི་གོ་རིམས་བཞིན་དུ་གཟུང་བའི་རྣམ་པར་རྟོག་

པ་གཉིས་སུ་གྱུར་པ་ཡིན་ལ། གསུམ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ། །གང་གི་ཕྱིར་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་དབང་དུ་མཛད་པའི་དོན་དུ་གསུངས་པ་ནི། རབ་འབྱོར་ཇི་ལྟར་ངས་ཁྱོད་ལ་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་ཀྱི་

མཆོག་ཏུ་བསྟན་པ་ལྟར་སྟོན་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་ཡིན་ཏེ། དེ་ལ་ཉོན་མོངས་པ་མེད་པར་གནས་པ་ཉིད་ཀྱི་ཡོན་ཏན་བརྗོད་པ་ནི་བདག་དང་གཞན་ལ་གནས་པའི་རྣམ་པར་རྟོག་པ་སྐྱེས་པ་འགོག་པ་ལ་མཁས་པས་ན་གསལ་བར་བྱེད་དེ་དབང་དུ་བྱས་པ་ཉིད་དུ་ཤེས་

པའི་དོན་དུའོ། །དེ་ལ་དང་པོ་གཟུང་བའི་རྣམ་པའི་རྣམ་པར་རྟོག་པའི་རྣམ་པ་དགུར་འགྱུར་བ་ལས། མ་རིག་པའི་རྣམ་པར་རྟོག་པ་ནི་མ་རིག་པའི་སྟོབས་ཀྱིས་ཇི་ལྟ་བ་མ་ཡིན་པར་མངོན་པར་ཞེན་པ་སྟེ། དེ་ནི་ཤཱ་རིའི་བུ་ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་མངོན་

པར་ཞེན་པ་དེ་ལྟར་ཡོད་པ་མ་ཡིན་ནོ། །ཇི་ལྟར་མེད་པ་དེ་ལྟར་ཡོད་པ་ཡིན་ཏེ། དེ་ལྟར་ཡོད་པ་མ་ཡིན་པ་དེའི་ཕྱིར་མ་རིག་པ་ཞེས་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ཕུང་པོའི་རྣམ་པར་རྟོག་པ་ནི། ཤཱ་རིའི་བུ་གཟུགས་ནང་སྟོང་པ་ཉིད་

เล่ม ๘๐ · หน้า 52a

ཀྱི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མ་རིག་པ་དང་སྲེད་པ་དག་གིས་མངོན་པར་ཞེན་ཏེ། ཇི་ལྟ་བ་བཞིན་ཡོད་པ་མ་ཡིན་པའི་

ཆོས་རྣམས་མི་ཤེས་མི་མཐོང་སྟེ། དེ་དག་ཆོས་རྣམས་སུ་བཏགས་ནས་མངོན་པར་ཞེན་ཏེ་ཞེས་གང་གསུངས་པ་ཡིན་ནོ། །མཐའ་གཉིས་ལ་ཆགས་པའི་རྣམ་པར་རྟོག་པ་ནི། དེ་དག་ཆོས་རྣམས་ལ་མངོན་པར་ཞེན་པས་ཡོད་པ་མ་ཡིན་པའི་མཐའ་གཉིས་སུ་རྟོག་པར་བྱེད་དོ། །

དེ་དག་ནི་གཟུགས་མི་ཤེས་མི་མཐོང་བ་ཞེས་བྱ་བ་ནས། དེས་ན་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་གང་གསུངས་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་ནི། དེ་དག་གི་མ་རིག་པ་དང་སྲེད་པའི་རྐྱེན་མི་ཤེས་མི་མཐོང་ངོ་། །

ཅི་ཞིག་མི་ཤེས་མི་མཐོང་ཞེ་ན། གཟུགས་ཀུན་ནས་ཉོན་མོངས་པའོ་ཞེས་མི་ཤེས་མི་མཐོང་ངོ་། །དེ་བཞིན་དུ་གཟུགས་རྣམ་པར་བྱང་བའོ་ཞེས་བྱ་བའི་བར་མི་ཤེས་མི་མཐོང་ངོ་ཞེས་བྱ་བ་དང་། དེ་དག་འདོད་པའི་ཁམས་ནས་འབྱུང་བ་མ་ཡིན་པ་ནས། ཉན་ཐོས་དང་། རང་སངས་

རྒྱས་ཀྱི་ཆོས་རྣམས་ལས་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་ནི། དེ་དག་ནི་ཡིད་མི་ཆེས་པ་སྟེ། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བར་ཡིད་མི་ཆེས་སོ་ཞེས་བྱ་བ་ནས། བྱང་ཆུབ་བྱང་ཆུབ་

ཀྱིས་སྟོང་ངོ་ཞེས་བྱ་བར་ཡིད་མི་ཆེས་སོ་ཞེས་བྱ་བའི་བར་དང་། དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་གནས་པ་མ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །དམིགས་པའི་རྣམ་པར་རྟོག་པ་ནི།

ཤཱ་རིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལྟར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཚུལ་གྱིས་འབྱུང་བ་ཡིན་ནོ་ཞེས་

เล่ม ๘๐ · หน้า 52b

བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བདག་ལ་སོགས་པའི་རྣམ་པར་རྟོག་པ་ནི། ཤཱ་རིའི་བུ་བདག་མི་དམིགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་

སོགས་པའི་བར་དུ་གང་གསུངས་པ་ཡིན་ནོ། །རྣམ་པར་དག་པ་སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་ནི། ཤཱ་རིའི་བུ་རྣམ་པར་དག་པ་ནི་སྐྱེ་བ་མེད་པ་མ་བྱུང་བ་མངོན་པར་འདུ་བྱེད་པ་མེད་པའོ་ཞེས་གང་གསུངས་པ་ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་དང་པོ་བཤད་

ཟིན་ཏོ།། །།གཉིས་པ་རྣམ་པར་བྱང་བ་ཙམ་གྱི་ཡུལ་ཅན་བརྗོད་པར་བྱ་སྟེ། དེ་ཡང་རྣམ་པར་བྱང་བའི་ཆར་གཏོགས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་དབྱེ་བས་རྣམ་པ་དགུར་འགྱུར་རོ། །དེ་ལ་ཕུང་པོའི་

དོན་གྱི་རྣམ་པར་རྟོག་པ་ནི། དེ་ཐབས་མི་མཁས་པས་གཟུགས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་གང་གསུངས་པ་ཡིན་ནོ། །ཕུང་པོའི་དོན་ནི་སྤུངས་པ་ཡིན་པའི་ཕྱིར་རོ། །སྐྱེ་བའི་སྒོའི་དོན་གྱི་

རྣམ་པར་རྟོག་པ་ནི་མིག་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནས། ཡིད་ཀྱི་བར་དང་། ཟུགས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནས། དེ་བཞིན་དུ་ཆོས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །སྐྱེ་བའི་སྒོའི་དོན་

ནི་སྐྱེ་མཆེད་ཀྱི་དོན་ཡིན་པའི་ཕྱིར་རོ། །རིགས་ཀྱི་དོན་གྱི་རྣམ་པར་རྟོག་པ་ནི། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་ཁམས་སུ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ས་བོན་གྱི་དོན་གྱིས་ཁམས་ཀྱི་དོན་ཡིན་ནོ། །

སྐྱེ་བའི་དོན་གྱི་རྣམ་པར་རྟོག་པ་ནི་མ་རིག་པར་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནས་དེ་བཞིན་དུ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། མ་བྱུང་བ་ལས་བྱུང་བའི་དོན་ནི་སྐྱེ་བའི་དོན་ཡིན་ནོ། །སྟོང་པ་ཉིད་ཀྱི་དོན་གྱི་རྣམ་པར་རྟོག་པ་ནི་དེ་ནང་སྟོང་པ་ཉིད་ནས་དངོས་པོ་

เล่ม ๘๐ · หน้า 53a

མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། མེད་པ་ཙམ་ནི་ལྟ་བས་བྱས་པའི་གཉེན་པོར་འགྱུར་བས་འོས་པ་མ་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་དོན་གྱི་རྣམ་པར་རྟོག་

པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་གང་གསུངས་པ་ཡིན་ཏེ། དངོས་པོ་མེད་པ་ཙམ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་ནི། བྱང་ཆུབ་ཀྱི་

ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་གང་གསུངས་པ་ཡིན་ཏེ། ཡོད་པའི་བཟོད་པ་དང་ཤེས་པའི་སྐད་ཅིག་མ་རྣམས་ནི་བྲལ་བ་ལ་ནུས་པར་འགྱུར་བའི་ཕྱིར་རོ། །བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པ་ནི། དེ་བསམ་གཏན་རྣམས་དང་།

མངོན་པར་ཤེས་པ་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་གང་གསུངས་པ་ཡིན་ཏེ། ཡོད་པ་ལ་གནས་པས་བསམ་གཏན་གྱི་ཡན་ལག་ལས་ཡང་དག་པར་འདའ་བ་དང་། གཟུགས་

མེད་པའི་སྙོམས་པར་འཇུག་པ་ལ་དམིགས་པས་ཡང་དག་པར་འདའ་བར་བྱ་བ་ཡིན་པའི་ཕྱིར་རོ། །མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བའི་

བར་དུ་གང་གསུངས་པ་ཡིན་ཏེ། དོན་བྱས་པ་དེ་ཉིད་ཀྱི་རྟེན་གྱི་བསླབ་པ་ཡོངས་སུ་རྫོགས་པའི་མཚམས་སུ་བྱ་བ་ཡིན་པའི་ཕྱིར་རོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པ་བཤད་ཟིན་ཏོ།། །།གང་ཟག་རྫས་སུ་ཡོད་པའི་རྟེན་ནམ་འཇིག་པའི་རྣམ་པར་རྟོག་པ་དང་པོ་

བཤད་པར་བྱའོ། །དེ་ནི་རྣམ་པ་དགུར་འགྱུར་ཏེ། བདག་དང་དབང་ཅན་གྱི་རྣམ་པར་རྟོག་པ་ནི། ཤཱ་རིའི་བུ་བདག་ཉེ་བར་མི་དམིགས། སེམས་ཅན་དང་། སྲོག་དང་། གང་ཟག་ཉེ་བར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་རྣམ་

เล่ม ๘๐ · หน้า 53b

པར་དག་པའི་ཕྱིར་བདག་མེད་ཅིང་མི་དམིགས་སོ་ཞེས་གང་གསུངས་པ་ཡིན་ཏེ། ཚད་མའི་བརྟག་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །བདག་གཅིག་པུར་རྟོག་པའི་རྣམ་པར་རྟོག་པ་ནི། ཤཱ་རིའི་བུ་གཟུགས་(ཉ་‚ཉེ་)བར་མི་དམིགས་ཞེས་བྱ་བ་ནས། རྣམ་པར་ཤེས་པ་

ཉེ་བར་མི་དམིགས་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། ཕུང་པོའི་དོན་ནི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར་རོ། །བདག་རྒྱུ་ཉིད་ཀྱི་རྣམ་པར་རྟོག་པ་ནི། ཤཱ་རིའི་བུ་མིག་མི་དམིགས་སོ། །ཞེས་བྱ་བ་ནས། དེ་བཞིན་དུ་ཡིད་ཀྱི་བར་དང་། གཟུགས་མི་དམིགས་པ་

ནས། ཆོས་ཀྱི་བར་མི་དམིགས་སོ་ཞེས་གང་གསུངས་པ་ཡིན་ནོ། །སྐྱེ་མཆེད་ཀྱི་དོན་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ལྟ་བ་པོ་ལ་སོགས་པའི་བདག་ཏུ་རྣམ་པར་རྟོག་པ་ནི། ཤཱ་རིའི་བུ་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་མི་དམིགས་སོ་ཞེས་བྱ་བ་ནས།

ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་བར་མི་དམིགས་སོ་ཞེས་གང་གསུངས་པ་ཡིན་ཏེ། ཁམས་ཀྱི་དོན་ནི་དེའི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ནི། ཤཱ་རིའི་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས་

སོ་ཞེས་བྱ་བ་ནས། གཟུགས་མེད་པའི་ཁམས་མི་དམིགས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ནི། བསམ་གཏན་དང་པོ་མི་

དམིགས་སོ་ཞེས་བྱ་བ་ནས། གཟུགས་མེད་པའི་སྙོམས་པར་འཇུག་པ་མི་དམིགས་སོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །བསམ་གཏན་དང་གཟུགས་མེད་པ་རྣམས་ཀྱི་ཡན་ལག་ལ་དམིགས་པ་ལས་ཡང་དག་པར་འདའ་བའི་འདོད་ཆགས་དང་བྲལ་བའི་དོན་ནི་དེའི་

གཉེན་པོ་ཡིན་པའི་ཕྱིར་རོ། །མཐོང་བའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ནི། འཕགས་པའི་བདེན་པ་རྣམས་མི་དམིགས་སོ་ཞེས་གང་གསུངས་པ་ཡིན་ཏེ། བདེན་པ་མཐོང་བའི་དོན་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །སྒོམ་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ནི། རྣམ་

เล่ม ๘๐ · หน้า 54a

པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་དམིགས་སོ་ཞེས་གང་གསུངས་པ་ཡིན་ཏེ། ལུས་ཀྱིས་མངོན་སུམ་དུ་བྱེད་པའི་སྒོམ་པའི་དོན་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །དོན་བྱས་པའི་རྟེན་གྱི་བདག་ཏུ་རྣམ་

པར་རྟོག་པ་ནི། སྟོབས་བཅུ་མི་དམིགས་སོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ། །ཇི་ལྟར་མི་དམིགས་ཤེ་ན། བདག་ཉིད་དུའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་གང་གསུངས་པ་སྟེ། ཐམས་ཅད་ལ་བརྗོད་

པར་བྱའོ། །གང་ཟག་རྫས་སུ་ཡོད་པ་ལ་བརྟེན་པ་འཛིན་པའི་རྣམ་པར་རྟོག་པ་དང་པོ་བཤད་ཟིན་ཏོ།། །།སྐྱེས་བུར་བཏགས་པ་ཡོད་པའི་རྟེན་ཅན་འཛིན་པར་རྟོག་པ་གཉིས་པ་བརྗོད་པར་བྱ་བ་ཡིན་པས་དེ་ཉེ་བར་དགོད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལ་ཞིག་འདི་

སྐད་དུ་ཅི་སྒྱུ་མའི་སྐྱེས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། ཞེས་འདྲི་ན་ཞེས་བྱ་བ་ལ་སོགས་པའི་བར་དུ་གང་གསུངས་པ་ཡིན་ནོ། །དེ་ནི་རྣམ་པ་

དགུར་འགྱུར་བས་ཕུང་པོ་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་ཞེས་བྱ་བ་ནས་རྣམ་པར་ཤེས་པའང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་

ལགས་སོ། །ཞེས་བྱ་བའི་བར་གང་གསུངས་པ་ཡིན་ཏེ། གཟུགས་ལ་སོགས་པ་ནི་རྫས་སུ་མེད་པ་ཉིད་ཀྱིས་ནི་སྤངས་པའི་དོན་མེད་པའི་ཕྱིར་རོ། །སྐྱེ་མཆེད་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་ཀྱང་གཞན་ལ་སྒྱུ་མའང་གཞན་

ཞིག་ཡིན་སྙམ་མམ་ཞེས་བྱ་བ་ནས། དེ་བཞིན་དུ་ཡིད་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་གང་གསུངས་པ་ཡིན་ཏེ། མིག་ལ་སོགས་པ་ནི་རྫས་སུ་མེད་པ་ཉིད་ཀྱིས་ནི། སྐྱེ་བའི་སྒོའི་དོན་མེད་པ་ཡིན་

เล่ม ๘๐ · หน้า 54b

པའི་ཕྱིར་རོ། །ཁམས་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་རྣམས་རྫས་སུ་མེད་

པ་ཉིད་ཀྱིས་རིགས་ཀྱི་དོན་མེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གང་གསུངས་

པ་ཡིན་ཏེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་རིག་པ་ལ་སོགས་པ་རྐྱེན་སོ་སོ་བ་དང་ཚོགས་རྣམས་ལ་སྐྱེ་བའི་དོན་མེད་པའི་ཕྱིར་རོ། །རྣམ་པར་བྱང་བ་བཏགས་པ་ཡིན་པའི་རྣམ་པར་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་

གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་རྣམས་ནི་གཟིངས་དང་འདྲ་བ་ཉིད་ཀྱིས་གཏན་དུ་མ་ཡིན་པའི་ཕྱིར་རོ། །མཐོང་བའི་ལམ་བཏགས་པ་ཡིན་པའི་རྣམ་པར་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས།

སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། ཞེས་གང་གསུངས་པ་སྟེ། དེ་རྣམས་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཚོགས་པ་ཙམ་ཡིན་པ་ཉིད་ཀྱིས་ངོ་བོ་ཉིད་དུ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །

བསྒོམ་པའི་ལམ་ལ་བཏགས་པའི་རྣམ་པར་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་རྣམས་ནི་

ཡན་ལག་དང་དམིགས་པས་ཡང་དག་པར་འདའ་བས་རྫས་སུ་མེད་པའི་ཕྱིར་རོ། །ཁྱད་པར་གྱི་ལམ་བཏགས་པ་ཡིན་པའི་རྣམ་པར་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་པ་ཉིད་ཐམས་ཅད་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་གང་

เล่ม ๘๐ · หน้า 55a

གསུངས་པ་ཡིན་ཏེ། དེ་རྣམས་ནི་སྟོང་པ་ཉིད་དུ་ཀུན་བཏགས་པས་སྟོང་པ་ཡིན་པའི་ཕྱིར་རོ། །མི་སློབ་པའི་ལམ་བཏགས་པ་ཡིན་པའི་རྣམ་པར་རྟོག་པ་གང་གསུངས་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོབས་བཅུ་ཡང་གཞན་ལ་

ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་བྱ་བའི་བར་གྱིས་དེ་རྣམས་ནི་སྒྱུ་མའི་རང་བཞིན་ཉིད་ཡིན་པས་སྐྱེས་བུར་བཏགས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ་ཞེས་བྱ་བ་དང་། ཕུང་པོ་ལ་སོགས་པ་རྣམས་དང་སྒྱུ་མ་ཡང་ཕན་

ཚུན་དེའི་རང་བཞིན་དུ་འདོད་པ་དང་། སྒྱུ་མ་ལ་ཡང་སྐྱེ་བ་དང་འགག་པ་ལ་སོགས་པ་བཀག་པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་དམིགས་པའི་ཚུལ་གྱིས་ངེས་པར་འབྱུང་བ་འགའ་ཡང་ཁས་མི་ལེན་པ་དང་། རབ་འབྱོར་དེ་ཇི་སྙམ་དུ་སེམས།

འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་རྣམས་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་འདུ་ཤེས་པ་དང་། ཀུན་ཤེས་པ་དང་། བཏགས་པ་དང་། ཐ་སྙད་དུ་འགྱུར་རམ་ཞེས་བྱ་བ་དང་། སྒྱུ་མའི་སྐྱེས་བུ་ལྟ་བུ་ཁོ་ནར་བསླབ་པར་བྱའོ་ཞེས་ངེས་པར་གཟུང་བར་ཤེས་པར་

བྱེད་པ་དང་། བཅོམ་ལྡན་འདས་འདི་ལྟར་སྒྱུ་མའི་སྐྱེས་བུ་དེ་ཉིད་ཅེས་བྱ་བ་ཕུང་པོ་ལ་སོགས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་བཏགས་པ་འགོག་པ་དང་། བཅོམ་ལྡན་འདས་འདི་ལྟར་སྒྱུ་མ་ལྟ་བུའི་གཟུགས་ལ་ཞེས་བྱ་བ་ནས་བརྩམས་ཏེ། ནང་སྟོང་པ་ཉིད་ལ་ཕུང་པོ་

ལ་སོགས་པ་མི་དམིགས་པས་དཔེའི་དོན་དུ་མི་འཐད་པས་ཕུང་པོ་ལ་སོགས་པ་རྣམས་རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྤྲུལ་པའི་དཔེ་རྣམས་ཀྱིས་དངོས་པོ་མེད་པའི་རང་བཞིན་ཡིན་པས་དཔེའི་དོན་ཡིན་པ་ལ་གནོད་པ་ཉིད་ཀྱིས་སེམས་

མི་ཞུམ་པ་ཉིད་དང་མི་དངང་བ་ལ་སོགས་པས་ཐམས་ཅད་ཤེས་པ་ཉིད་དུ་ངེས་པར་འབྱུང་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་དངོས་པོ་མཚན་མར་འཛིན་པ་ནི་འདུ་

เล่ม ๘๐ · หน้า 55b

ཤེས་སོ། །དངོས་པོ་དང་ལྷན་ཅིག་ཏུ་བདག་ཅེས་བྱ་བ་ནི་ཀུན་ཤེས་པ་སྟེ། དཔེར་ན་བདག་གི་མིག་གི་གཟུགས་རྣམས་བལྟ་བར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །ཤེས་པ་དང་ཤེས་བྱ་དག་གཟུང་བ་དང་འཛིན་པའི་རྣམ་པར་མངོན་པར་ཞེན་པའི་རྣམ་པར་ཤེས་པ་ནི་གདགས་

པའོ། །གཞན་ཟིན་པ་དང་མ་ཟིན་པའི་དངོས་པོ་རྣམ་པ་སྣ་ཚོགས་བརྗོད་པ་ནི་ཐ་སྙད་དེ། དཔེར་ན་འཇིག་རྟེན་ན་འདི་ནི་ནས་སོ། །འདི་ནི་ཆུའོ། །འདི་ནི་དྲི་མའོ། །འདྲ་བའོ་ཞེས་བྱ་བ་ལྟ་བུའོ། །མི་ཞུམ་མི་འགོང་འགྱོད་པར་མི་འགྱུར་ཞེས་བྱ་བ་ཚིག་གསུམ་པོ་

འདི་རྣམས་ཀྱི་ངེས་པར་བསྟན་པ་ནི་རིམ་པ་ཇི་ལྟ་བ་བཞིན་མི་དངང་མི་སྐྲག་སྐྲག་པར་མི་འགྱུར་ཞེས་བྱ་བའི་ཚིག་གསུམ་པོར་ཤེས་པར་བྱའོ། །དེ་ལ་གནས་མ་ཡིན་པ་ལ་འཇིགས་པ་ནི་དངང་བ་སྟེ། ལམ་ལོག་པ་དང་འདྲའོ། །དེ་མེད་པས་ན་མི་ཞུམ་པའོ། །རྒྱུན་དུ་འཇིགས་

པ་ནི་སྐྲག་པ་སྟེ། འཇིགས་པ་སྐྱེས་པ་སླར་མ་ལོག་པས་སོ། །དེ་མེད་པ་ནི་མི་འགོང་བའོ། །འཇིགས་པ་ངེས་པར་གྱུར་པ་ནི་སྐྲག་པར་འགྱུར་བ་སྟེ། དེ་མེད་པའི་ཕྱིར་འགྱོད་པར་མི་འགྱུར་བའོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་དངོས་པོ་ཐམས་ཅད་པ་ཁོ་ན་ཡིན་

ལ། གཉིས་པ་ནི་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ཡིན་ཏེ། འདི་ནི་གཟུང་བའི་རྣམ་པར་རྟོག་པ་འདི་དག་གི་ཁྱད་པར་ཡིན་ནོ། །དེ་ལྟར་བྱས་ནས་བརྗོད་པ་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་དེ་ནི་གཉིས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཚིག་སྔ་མ་དང་སྦྱར་རོ། །རེ་

ཞིག་དང་པོ་ནི་གཉིས་པ་ཡང་ཡིན་པ་ནི་དཔེར་ན། གཟུང་བའི་རྣམ་པར་རྟོག་པ་དང་པོར་གྱུར་པ་དངོས་པོ་ཐམས་ཅད་པ་བཞིན་ནོ། །གཉིས་པ་ཁོ་ན་ཡིན་གྱི། དང་པོ་མ་ཡིན་པ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་རྣམ་པར་བྱང་བའི་དངོས་པོ་ལ་བརྟེན་པ་བཞིན་ནོ། །ཡང་

དག་པར་ལྡན་པའི་ཁྱད་པར་བཤད་ཟིན་ཏོ།། །།ཇི་སྐད་དུ་བཤད་པའི་རྣམ་པར་རྟོག་པའི་དབྱེ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོ་

เล่ม ๘๐ · หน้า 56a

རྣམ་པ་དགུ། །རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །རང་དབང་བདག་སོགས་ངོ་བོ་དང་། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་བྱ་བ་ཡིན་ནོ། །ཐབས་མཁས་པ་དང་དགེ་བའི་བཤེས་གཉེན་ནི་བྱང་ཆུབ་

སེམས་དཔའི་ཡོངས་སུ་འཛིན་པ་ཡིན་ནོ། །ཞེས་གསུངས་པ་དེ་ལ་ཐབས་མཁས་པའི་དབང་དུ་མཛད་ནས་སེམས་མི་ཞུམ་པ་ཉིད་དང་མི་དངང་བ་ལ་སོགས་པའི་རྒྱུ་ལས་བརྩམས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་གཟུགས་ལ་སོགས་པའི་

ཕུང་པོ་རྣམས་ལ་སོ་སོར་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། ཞི་བ་དང་། དབེན་པ་རྣམས་སུ་མི་རྟོགས་པས་སོ་སོར་རྟོག་པ་དང་། དེ་དག་ཉིད་ཀྱི་མི་དམིགས་པ་དང་ལྡན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་

པས་དེ་དག་ཉིད་ལ་མི་རྟག་པ་ལ་སོགས་པའི་ཆོས་སྟོན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཉིད་དང་། དེ་དག་ཉིད་ལ་མི་རྟག་པ་ལ་སོགས་པར་ཡིད་ལ་བྱེད་པས་མཆོག་ཏུ་འཛིན་པ་མེད་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། དེ་བཞིན་དུ་སའི་ཁམས་ལ་སོགས་པ་

དྲུག་པོ་རྣམས་ལ་མི་རྟག་པ་ལ་སོགས་པ་བཟོད་ཅིང་འདོད་ལ་སོ་སོར་རྟོག་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཉིད་དང་། ཕུང་པོ་ལ་སོགས་པ་རྣམས་ལ་མི་རྟག་པ་ལ་སོགས་པར་སོ་སོར་རྟོག་ཅིང་མི་དམིགས་པ་དང་ལྡན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་

ལ་བྱེད་པ་མི་འདོར་བ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཉིད་དང་། ཐེག་པ་དམན་པ་དང་ལྡན་པའི་ཡིད་ལ་བྱེད་པའི་སྐབས་མི་འབྱེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཉིད་དང་། ཕུང་པོ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་དེའི་སྟོང་

པ་ཉིད་ཀྱིས་སྟོང་པ་ཉིད་ཡིན་པ་བཀག་པ་དང་། དེ་རྣམས་དང་དེའི་སྟོང་པ་ཉིད་དག་ཕན་ཚུན་དེའི་རང་བཞིན་དུ་རྗེས་སུ་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་བྲལ་བས་ཕ་རོལ་ཏུ་ཕྱིན་པ་

เล่ม ๘๐ · หน้า 56b

ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་སྒོམ་པར་བྱེད་ཅིང་དེར་དམིགས་ཏེ་རློམ་པས་ནི་དངང་བ་ལ་སོགས་པ་རྣམས་འགྱུར་བས་ན་ཐབས་ལ་མཁས་པ་ཡིན་པར་ཐབས་ལ་མཁས་པའི་ཁྱད་པར་གྱི་དོན་དུ་བསྟན་པས་གསུངས་པ་ཡིན་ནོ། །ཐབས་ལ་མཁས་པ་

བཤད་ཟིན་ཏོ།། །།དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་འཛིན་པ་ནི་ཕུང་པོ་ལ་སོགས་པ་ནས་མ་འདྲེས་པའི་ཆོས་ཀྱི་བར་རྣམས་མི་རྟག་པ་ལ་སོགས་པ་རྣམས་སུ་མི་དམིགས་པར་སྟོན་ཞིང་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་

བསྔོར་འཇུག་པ་རྣམས་དགེ་བའི་བཤེས་གཉེན་ཡིན་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་བྲལ་བར་བྱ་བའི་དོན་དུ་སྙན་དངགས་མཁན་གྱི་རང་བཟོར་བྱས་པའི་སྙན་དངགས་སུ་རྗོད་པར་བྱེད་པ་འདི་དང་། སངས་རྒྱས་ཀྱི་ཆ་བྱད་དུ་འོངས་ནས་ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པའི་རང་གི་ལས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་ལ་སོགས་པ་རྣམས་དང་། ཁྱོད་ལ་ནི་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ལ་སོགས་པ་སླུ་བ་ཉེ་བར་སྟོན་པ་དང་། མིག་ལ་སོགས་པའི་སྐྱེ་མཆེད་

རྣམས་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་བདག་དང་བདག་བདག་གིས་སྟོང་པ་ཡིན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས་ཅི་ཞིག་བྱ་ཞེས་ཟེར་བ་དང་། དེ་བཞིན་དུ་རང་སངས་རྒྱས་དང་། ཉན་ཐོས་དང་།

མཁན་པོ་དང་། སློབ་དཔོན་དང་། ཚངས་པ་མཚུངས་པར་སྤྱོད་པའི་ཆ་ལུགས་ལ་སོགས་པར་འོངས་པའི་བར་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟར་ཉེ་བར་སྟོན་པ་པོ་བདུད་ཀྱི་ཆོས་སླུ་བ་ཉེ་བར་སྟོན་པ་ལ། འདི་དག་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའ་ལ་མི་སྟོན་པ་

འདི་ནི་སྡིག་པའི་གྲོགས་པོ་ཡིན་ནོ་ཞེས་རིག་པར་བྱས་ནས། དེ་ཡོངས་སུ་སྤང་བར་བྱའོ་ཞེས་དགེ་བའི་བཤེས་གཉེན་གྱི་ཁྱད་པར་གྱི་དོན་དུ་མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བསྟན་པས་གསུངས་པ་ཡིན་ནོ། །ཡོངས་སུ་འཛིན་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི།

เล่ม ๘๐ · หน้า 57a

སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། རྣམ་པ་ཀུན་དུ་ཡོངས་འཛིན་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཞེས་བྱ་བ་ལ་འབྱེད་

པ་ནི་རྣམ་པར་འབྱེད་པ་ཡིན་པས་རྣམ་པར་མི་རྟོག་པར་འབྱེད་པ་ནི་ངེས་པར་འབྱེད་པ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་རྣམས་ཀྱི་གཉེན་པོ་མཐོང་བའི་ལམ་མོ། །དེའི་ཆ་སྟེ་ཕྱོགས་གཅིག་ལ་སྐྱེད་པར་བྱེད་པ་ཉིད་ཀྱིས་ཕན་པའི་ཕྱིར་མཐུན་པ་ནི་ངེས་པར་

འབྱེད་པའི་ཆ་དང་མཐུན་པ་རྣམས་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་བཤད་ཟིན་ཏོ།། །།སྒྲུབ་པའི་རྟེན་བརྗོད་པར་བྱ་སྟེ། རིགས་ཞེས་བྱ་བའི་དོན་ཏོ། །དེ་ནི་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་དབྱེ་བས་རྣམ་པ་བཅུ་གསུམ་དུ་

འགྱུར་རོ། །ཇི་ལྟར་ཞེ་ན། རྟོགས་པ་ཡི་ནི་ཆོས་དྲུག་དང་། །ཞེས་གསུངས་སོ། །དེ་དག་གི་ཅི་ཡིན་ཞེ་ན། རྟེན་ལ་རིགས་ཞེས་བརྗོད་ཅེས་མཐར་འཆད་པར་འགྱུར་རོ། །འདི་ལྟ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང་། མཐོང་བ་དང་། བསྒོམ་པའི་ལམ་དག་

གོ། །གང་གི་ཕྱིར་སེམས་བསྐྱེད་པ་ནས་བརྩམས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་དང་། མཐོང་བའི་ལམ་དང་བསྒོམ་པའི་ལམ་དེ་དང་དེར་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ཅི་ལགས།

ཞེས་གསུངས་པ་ཡིན་ཏེ། རྟོགས་པའི་ཆོས་དེ་དང་དེའི་རྟེན་གང་ཡིན་པའོ་ཞེས་གསུངས་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་ཡོད་པ་འམ། དམིགས་པར་མ་ཡིན་ནོ།

ཞེས་བྱ་བ་ཡིན་ནོ། །འདིས་ནི་རྟེན་བྱང་ཆུབ་རྫས་སུ་མེད་པའི་འཐད་པས་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་མཚན་ཉིད་ཀྱི་རིགས་ནི་བྱང་ཆུབ་སེམས་དཔའི་སྒྲ་འཇུག་པའི་རྒྱུ་ཡིན་གྱི། དངོས་པོར་གྱུར་པའི་ཚིག་གི་དོན་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་དྲོ་བར་གྱུར་པའི་རྟེན་

เล่ม ๘๐ · หน้า 57b

ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་བྱའི་རྗེས་མེད་ཅེས་བྱ་བ་དང་། རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་ལ་གནས་མེད་ཅིང་། དམིགས་སུ་མེད་

པའི་དཔེས་གསུངས་པ་ཡིན་ནོ། །དཔེ་དགུ་པོ་དེ་དག་གི་དོན་བསྟན་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་ཡང་དག་པར་ལྡན་པ་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུར་བརྗོད་པ་གང་ཡིན་པ་དེའི་དབྱེ་བ་དང་བསྟུན་པར་བྱ་སྟེ། གཞུང་མངས་པ་སྤངས་པའི་

དོན་དུ་ཁོ་བོ་ཅག་གིས་ནི་རྣམ་པར་མ་སྤྲོས་སོ། །དེ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཞན་དང་། མཐོང་བ་དང་། བསྒོམ་པའི་ལམ་དག་ལ་ཡང་བདག་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པ་དང་། དཔེའི་དོན་གྱི་ཁྱད་པར་རྣམས་ཚུལ་བསྟུན་པ་བརྗོད་པར་བྱའོ། །

རྩེ་མོར་གྱུར་པའི་རྟེན་ནི་ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ངེས་པ་ཉིད་དང་། བདེན་པ་ཉིད་ཀྱི་གནས་མེད་པ་ཉིད་

དང་། དམིགས་སུ་མེད་པ་ཉིད་ཀྱི་དཔེས་གསུངས་པ་ཡིན་ནོ། །བཟོད་པར་གྱུར་པའི་རྟེན་ནི་སྒྱུ་མའི་སྐྱེས་བུའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་གནས་དང་། དེ་ཉིད་ཀྱི་མིག་ལ་སོགས་པའི་ཚིག་གི་དོན་དང་། དེ་ཉིད་

ཀྱི་གཟུགས་ལ་སོགས་པའི་ཚིག་གི་དོན་དང་། དེ་ཉིད་ཀྱི་མིག་དང་གཟུགས་ལ་སོགས་པའི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེས་གསུངས་པ་ཡིན་ནོ། །ཆོས་ཀྱི་མིག་གི་རྟེན་ནི་སྒྱུ་མའི་སྐྱེས་བུའི་ནང་སྟོང་པ་ཉིད་ལ་སོགས་པ་དང་། དེ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་།

དེ་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། དེ་ཉིད་ཀྱི་སྟོབས་ལ་སོགས་པ་རྣམས་དང་། དེ་ཉིད་ཀྱི་ཕུང་པོ་རྣམས་དང་། དེ་ཉིད་ཀྱི་ཁམས་རྣམས་དང་། དེ་ཉིད་ཀྱི་སྐྱེ་མཆེད་རྣམས་དང་། དེ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། དེ་ཉིད་ཀྱི་བསམ་གཏན་དང་།

เล่ม ๘๐ · หน้า 58a

གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེས་གསུངས་པ་ཡིན་ནོ། །མཐོང་བའི་ལམ་གྱི་རྟེན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་སོགས་པའི་

ཕུང་པོའི་ཚིག་གི་དོན་དང་། དེ་ཉིད་མིག་ནས་ཡིད་ཀྱི་བར་གྱི་ཚིག་གི་དོན་དང་། དེ་ཉིད་ཀྱི་ནང་ལ་སོགས་པའི་སྟོང་པ་ཉིད་རྣམས་ནས་སྟོབས་ལ་སོགས་པའི་བར་གྱི་ཚིག་གི་དོན་དང་། འདུས་མ་བྱས་ཀྱི་དབྱིངས་ལ་འདུས་བྱས་ཀྱི་ཁམས་ཀྱི་གནས་དང་། འདུས་བྱས་ཀྱི་ཁམས་

ལ་འདུས་མ་བྱས་ཀྱི་དབྱིངས་ཀྱི་གནས་མེད་ཅིང་རྗེས་སུ་མི་དམིགས་པའི་དཔེས་གསུངས་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་རྟེན་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་།

འབྱུང་བ་མེད་པ་དང་། དམིགས་པ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེ་དང་། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་སྐྱེ་བ་ལ་ཚིག་གི་དོན་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྐྱེ་བ་དང་། འགག་པ་དང་། མངོན་

པར་འདུ་བྱེད་པ་དང་། འབྱུང་བ་དང་། དམིགས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཚིག་གི་དོན་དང་། དེ་དག་ཉིད་དབེན་པ་ཉིད་དང་། མཚན་མ་མེད་པའི་གནས་དང་། ཡང་བྱང་ཆུབ་ཀྱི་ཕྱོགས་དང་བདག་དང་སྲོག་ལ་སོགས་པ་རྣམས་ཤིན་ཏུ་རྣམ་

པར་དག་པའི་གནས་མེད་པ་དང་། ཤིན་ཏུ་རྣམ་པར་དག་པའི་རྣམ་པ་གསུམ་པོ་སྒོམ་པ་ཡང་ནས་ཡང་དུ་གོམས་པ་ཉིད་ཤེས་པར་བྱ་བའི་དོན་དུ་གསུངས་པ་ཡིན་ནོ། །གཉེན་པོ་དང་ནི་སྤོང་བ་དང་། །ཞེས་བྱ་བ་དེ་ལ། གཉེན་པོ་དང་སྤང་བ་གཉིས་ཀྱི་རྟེན་གང་ཡིན་ཞེ་ན། རིགས་

ཡིན་ནོ་ཞེས་བྱ་བ་སྐབས་སུ་བབ་པ་ཡིན་ནོ། །དེ་ལ་གཉེན་པོའི་རྟེན་ནི་ཉི་མའི་དཀྱིལ་འཁོར་ཤར་བའི་འོད་ལ་གནས་མེད་ཅིང་མི་དམིགས་པའི་དཔེས་གསུངས་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་སྤོང་བའི་རྟེན་ནི་བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་གནས་མེད་ཅིང་རྗེས་སུ་

เล่ม ๘๐ · หน้า 58b

མི་དམིགས་པ་ཉིད་ཀྱི་དཔེས་བག་ཆགས་ཀྱི་མཚམས་སྦྱོར་བ་སྤང་བའི་དོན་གྱིས་གསུངས་པ་ཡིན་ནོ། །དེ་དག་ཡོངས་སུ་གཏུགས་པ་དང་། །ཞེས་བྱ་བ་དེ་ལ། གཉེན་པོ་དང་མི་མཐུན་པའི་ཕྱོགས་སྤོང་བ་གང་དག་ཡིན་པ་དེ་དག་ཡོངས་སུ་གཏུགས་པའི་རྟེན་ཞེས་རྗེས་སུ་

འཇུག་གོ། །དེ་ལ་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤང་བའི་རྟེན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་།

རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམས་ལ་དེ་དང་དེའི་མི་མཐུན་པའི་ཕྱོགས་ཀྱི་གནས་མེད་ཅིང་ཉེ་བར་མི་དམིགས་པ་ཉིད་ཀྱི་དཔེས་ཤེས་བྱའི་སྒྲིབ་པ་སྤང་བའི་དོན་གྱིས་གསུངས་པ་གང་ཡིན་པའོ། །ཤེས་རབ་སྙིང་བརྩེར་བཅས་པ་དང་། །ཞེས་བྱ་བ་དེ་ལ། ཤེས་

རབ་དང་སྙིང་བརྩེའི་རྟེན་ནི་འདི་ཡིན་ཏེ། ཤེས་རབ་དང་སྙིང་བརྩེ་འབར་བ་དང་འདོད་པ་དག་གིས་འཁོར་བ་ཇི་སྲིད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཉིད་དུ་གནས་པ་ཉིད་ཀྱིས་གཉི་གར་མི་གནས་པར་ཤེས་པར་བྱ་བའི་དོན་གྱིས་གསུངས་པ་གང་ཡིན་པའོ། །སློབ་མ་ཐུན་མོང་

མིན་ཉིད་དང་། །ཞེས་བྱ་བ་དེ་ལ། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་རྟེན་ནི་འདི་ཡིན་ཏེ། ཉན་ཐོས་ལ་སོགས་པ་གཟའ་དང་། ནོར་བུ་རིན་པོ་ཆེ་དང་། སྐར་མའི་ཡེ་ཤེས་རྣམས་དང་། ཐུན་མོང་མ་ཡིན་པ་མཐའ་ཡས་པའི་འཇིག་རྟེན་གཞན་དུ་འཕྲོ་བའི་ཡེ་ཤེས་ཀྱི་སྣང་བ་

ཉིད་ཀྱིས་གསུངས་པ་གང་ཡིན་པའོ། །གཞན་གྱི་དོན་གྱི་གོ་རིམས་དང་། །ཞེས་བྱ་བ་དེ་ལ། གཞན་གྱི་དོན་གྱི་གོ་རིམས་ཀྱི་རྟེན་ནི་འདི་ཡིན་ཏེ། ལྷའི་རིས་སུ་རྣམ་པར་གཞག་པ་དང་འདྲ་བར་འཇིག་རྟེན་གྱི་དགེ་ལེགས་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་རྒྱུ་ཡིན་པ་ཉིད་

ཀྱིས་གསུངས་པ་གང་ཡིན་པའོ། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའོ། །དེ་ཅི་ཡིན་ཞེ་ན། མཐར་གོ་བར་བྱེད་པ་ནི། རྟེན་ལ་རིགས་ཞེས་བརྗོད་ཅེས་བྱ་བའོ། །དེ་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པར་འཇུག་པའི་རྟེན་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་

เล่ม ๘๐ · หน้า 59a

དང་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ་ཞེས་གསུངས་པ་གང་ཡིན་པའོ། །རབ་འབྱོར་འདི་ལྟ་སྟེ། དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ལ་གནས་ནི་རྟེན་གྱི་དངོས་པོའོ། །མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ལ་མེད་པ་ལས་བཟློག་པ་འདི་ཡོད་པའི་དོན་ཡིན་པའི་ཕྱིར་

མེད་པས་མི་དམིགས་པ་སྟོང་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་གང་གིས་བྱང་ཆུབ་སེམས་དཔའ་ཡིན་པ་དང་། གང་བྱང་ཆུབ་སེམས་དཔའ་ཡིན་པའི་ཚིག་གི་དོན་གྱི་ཆོས་འདི་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན།

གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པས་ཏེ། འདི་ལྟ་སྟེ། མཚན་ཉིད་མེད་པའོ་ཞེས་བྱ་བའི་ཚིག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང་། མཐོང་བ་དང་བསྒོམ་པའི་ལམ་གཞིར་བྱས་ནས་བཀོད་པ་ཡིན་ཏེ། དེ་ནི་ཁྱད་

པར་རྟོགས་པར་བྱེད་པ་དང་། མ་མཐོང་བ་མཐོང་བ་དང་། མཐོང་བ་ལ་མངོན་དུ་ཕྱོགས་པར་བྱེད་པའི་གནས་སྐབས་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དངོས་པོ་དང་དངོས་པོ་མེད་པའི་གནས་སྐབས་ལྡན་པ་དང་མི་ལྡན་པ་དག་དང་། བལྟ་བར་བྱ་བ་དང་། མཐོང་བ་དང་། ཕན་

ཚུན་འབྲེལ་བ་སྔ་ན་མེད་པ་སྐྱེས་པ་དག་དང་། དེ་ཡོད་པས་གཞན་མི་འཇུག་པའི་རང་བཞིན་དང་། ཐ་དད་པ་མེད་པའི་དབང་དུ་བྱས་ནས་འདི་ལྟ་སྟེ། ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། ཚིག་གཉིས་དང་། གསུམ་དང་། གཅིག་དང་། གཅིག་ཡིན་པར་ཤེས་པར་

བྱའོ། །འོ་ན་སྒྲུབ་པའི་རྟེན་གྱི་མཚན་ཉིད་གང་ཡིན་སྙམ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་ཆགས་པ་མེད་པ་ཉིད་དང་ཡོད་པར་མ་གྱུར་པ་ཉིད་ལ་བསླབ་པར་བྱ་སྟེ། རྟོག་པ་མེད་པ་དང་རྣམ་པར་རྟོག་པ་མེད་པས་སོ་ཞེས་གསུངས་སོ། །དེ་ལ་

เล่ม ๘๐ · หน้า 59b

རྟོག་པ་དང་རྣམ་པར་རྟོག་པ་ནི་དངོས་པོ་དང་དེའི་མཚན་མ་ལ་མངོན་པར་ཞེན་པ་སྟེ། དེ་མེད་པའི་ཕྱིར་ཆགས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ཡོད་པར་མ་གྱུར་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེས་ན་འདིས་ནི་ཆོས་ཀྱི་དབྱིངས་ཉིད་འཕགས་པའི་ཆོས་རྣམས་ཀྱི་

རྒྱུ་ཡིན་པའི་ཕྱིར་རང་བཞིན་དུ་གནས་པའི་རིགས་སྒྲུབ་པའི་རྟེན་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །གལ་ཏེ་རང་བཞིན་དུ་གནས་པའི་རིགས་འགའ་ཞིག་ཡོད་ན་ཅིའི་ཕྱིར་ཐོག་མ་དང་བྲལ་བའི་འཁོར་བར་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་རྣམས་མྱ་ངན་ལས་འདས་ཀྱང་

ད་དུང་དུ་ཡང་རང་བཞིན་དུ་གནས་པའི་རིགས་དང་ལྡན་པའི་སྲོག་ཆགས་རྣམས་མྱ་ངན་ལས་འདས་ཤེ་ན། དེ་ནི་ཉེས་དམིགས་རྣམ་པ་བཞི་དང་ལྡན་པའི་ཕྱིར་ཏེ། ཉོན་མོངས་པ་དང་། གྲོགས་ངན་པ་དང་། ཕོངས་པ་དང་། གཞན་གྱི་དབང་རྣམས་ནི་དེའི་ཉེས་པ་ཡིན་ནོ་ཞེས་གང་

གསུངས་པ་ཡིན་ནོ། །འདིར་ནི་བར་ཆད་མེད་པ་ཉིད་ལ་རང་བཞིན་དུ་གནས་པའི་རིགས་སུ་མངོན་པར་འདོད་དོ། །གཞན་དག་ནི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། རྐྱེན་གྱིས་ཡང་དག་པར་བླངས་པ་དང་། རང་བཞིན་དུ་གནས་པའོ་

ཞེས་ཟེར་རོ། །དེ་དག་གིས་ནི་རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་བརྗོད་པའི་དོན་བརྗོད་དགོས་སོ། །རྒྱུའི་རྣམ་གྲངས་ཡིན་ནོ་ཞེ་ན། རྐྱེན་གྱིས་ཡང་དག་པར་བླངས་པ་ཡང་དེ་ཡིན་པ་དེས་ན་དོན་གྱི་ཁྱད་པར་ཅི་ཡོད། ཆོས་ཉིད་ཀྱི་རྣམ་གྲངས་ཡིན་པ་ལ་ནི་ཉེས་

པ་འདི་མེད་དོ། །ཡང་ན་དེ་དག་གི་རིགས་ནི་བཏགས་པ་ཡིན་ལ། འདི་ནི་མཚན་ཉིད་པ་ཡིན་ཏེ། དེས་ན་དེ་དང་འདི་དང་འགྲིགས་པ་མ་ཡིན་ནོ། །གལ་ཏེ་ཆོས་ཀྱི་དབྱིངས་རིགས་ཉིད་ཡིན་ན་ཐམས་ཅད་རིགས་ལ་གནས་པར་འགྱུར་ཏེ། དེ་ནི་སྤྱིར་གནས་པ་ཡིན་པའི་ཕྱིར་རོ་

ཞེ་ན། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བ་དེ་ལྟར་རིགས་ཡིན་པར་བརྗོད་པ་དེ་ན་འདིར་ཧ་ཅང་ཐལ་བ་ཇི་སྟེ་ཚོལ་བར་བྱེད། དེ་ལྟ་ནའང་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། འདི་ནི་ཉན་ཐོས་ཀྱི་རིགས་སོ། །འདི་ནི་རང་སངས་རྒྱས་ཀྱི་རིགས་སོ། །

เล่ม ๘๐ · หน้า 60a

སངས་རྒྱས་ཀྱི་རིགས་སོ་ཞེས། རིགས་ནི་ཐ་དད་རུང་མ་ཡིན། །ཇི་སྐད་དུ། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་གཅིག་དང་། དེ་བཞིན་ཉིད་གཅིག་དང་། ཡང་དག་པའི་མཐའ་གཅིག་ཡིན་ན་དེ་ལ་ཇི་ལྟར་སྣོད་དང་སྣོད་མ་ཡིན་པར་གདགས་ཞེས་

གསུངས་པ་བཞིན་ནོ་ཞེ་ན། དེ་ནི་བདེན་ཏེ། དེ་ལྟ་ན་ཡང་འཇིམ་པའི་རྫས་གཅིག་ལས་མངོན་པར་གྲུབ་ཅིང་མེ་གཅིག་གིས་སོ་བཏང་བ་ནི་སྦྲང་རྩི་དང་ལི་ཁ་ར་ལ་སོགས་པའི་སྣོད་ཐ་དད་པ་ཡིན་པའི་དཔེས། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བར་རབ་ཏུ་བརྗོད། །

ཇི་སྐད་དུ། གང་ལ་འདུ་བྱེད་ཅུང་ཟད་ཀྱང་མེད་པ་དེ་ནི་འདུས་མ་བྱས་པ་ཡིན་ལ། འདུས་མ་བྱས་པ་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། རིགས་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཁྱད་པར་མེད་པའོ། །རིགས་དེ་ནི་ཐམས་ཅད་ཀྱི་ཚེ་ཆོས་ཀྱི་དེ་བཞིན་

ཉིད་ཡིན་པས་ཆོས་ཀྱི་རོ་གཅིག་ཏུ་གྱུར་པ་ཉིད་ཀྱིས་རྟག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངེས་པའི་ཚིག་ནི་ཡོན་ཏན་སྒྲོལ་བའི་དོན་གྱིས་ན་རིགས་ཏེ། དེ་ལས་ཡོན་ཏན་དེ་དང་དེ་དག་སྐྱེ་ཞིང་འབྱུང་བ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འཕགས་པའི་གང་ཟག་ཐམས་

ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བརྗོད་དོ། །ཡང་གཞན་དག་ན་རེ་གོ་ཞེས་བྱ་བ་ནི་ས་ཡིན་ལ་སའང་གནས་ཡིན་ཏེ། ལྷན་ཅིག་སྤྱོད་པས་གནས་པ་སྲོག་ཆགས་རྣམས་ལ་གོའི་སྒྲར་ཉེ་བར་འདོགས་སོ། །དེ་བས་ན་སས་བསྡུས་པ་རྣམས་སྐྱོབ་པར་བྱེད་པས་

རིགས་སོ། །ཡང་ན་ཕྱོགས་རྣམས་གོ་ཡིན་པའི་ཕྱིར་ཕྱོགས་ན་གནས་པའི་སྲོག་ཆགས་རྣམས་ལ་གོ་ཞེས་གདགས་ཏེ། དེས་ན་གང་སྐྱོབ་པར་བྱེད་པས་རིགས་ཡིན་ནོ་ཞེས་ཟེར་རོ། །སེམས་བསྐྱེད་པ་དང་ཐར་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་དེ་སྔོན་དུ་འགྲོ་

བ་ཅན་ཡིན་པའི་ཕྱིར་དང་པོ་ཁོ་ནར་རིགས་བཤད་པར་བྱ་བ་མ་ཡིན་ཞེ་ན། དེ་ནི་དོན་གྱི་གོ་རིམས་ཡིན་ལ་འབྲས་བུས་རྒྱུ་རྟོགས་པར་བྱེད་པ་ཡིན་པ་འདི་ནི་རྟོགས་པའི་གོ་རིམས་ཡིན་ནོ། །འདི་ལྟར་རིགས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལ་འཁྲུལ་པར་མཐོང་བ་ཡིན་

เล่ม ๘๐ · หน้า 60b

ནོ། །ཇི་སྐད་དུ། མཚན་ཉིད་པ་དག་གིས། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་བཤད་པ་ཡིན་ནོ། །སྒྲུབ་པའི་རྟེན་བཤད་ཟིན་ཏོ།། །།སྒྲུབ་པའི་དམིགས་པ་བཤད་པར་བྱ་བ་ཡིན་པས། དམིགས་

པ་ཆོས་རྣམས་ཐམས་ཅད་དེ། །ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་གང་ཡིན་ཞེ་ན། དེ་ཡང་དགེ་ལ་སོགས་པ་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ཏེ། སོགས་པ་ཞེས་བྱ་བ་སྨོས་པས་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་བསྡུའོ། །ཅི་དེ་དག་ཁོ་ན་ཙམ་དུ་ཟད་དམ་ཞེ་ན།

འཇིག་རྟེན་པ་ཡི་རྟོག་པ་དང་། །གང་དག་འཇིག་རྟེན་འདས་འདོད་དང་། །ཟག་བཅས་ཟག་པ་མེད་ཆོས་དང་། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང་། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་བྱ་བ་གསུངས་སོ། །དེ་ལ་དགེ་བའི་ཆོས་

ནི་འདི་དག་ཡིན་ཏེ། མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་ཞེས་བྱ་བ་ལ་སོགས་རྒྱ་ཆེར་གང་གསུངས་པ་ཡིན་ཏེ། དགེ་སྦྱོང་ཉིད་ལ་དགེ་སྦྱོང་དུ་འཛིན་པས་སོ། །མི་དགེ་བའི་ཆོས་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་ནི་འདི་ལྟ་སྟེ། སྲོག་གཅོད་པ་དང་།

མ་བྱིན་པར་ལེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་རྣམས་ནི་མི་དགེ་བ་ཁོ་ན་ཡིན་པས་སོ། །ལུང་དུ་མ་བསྟན་པའི་ཆོས་རྣམས་ནི། ལུས་དང་ངག་དང་ཡིད་ཀྱི་ལས་ལུང་དུ་མ་བསྟན་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་

ཡིན་ཏེ། ལུང་དུ་མ་བསྟན་པ་ཉིད་ཅེས་ངེས་པར་གཟུང་བར་ཤེས་པའི་ཕྱིར་ཏེ། གཞན་དུ་ན་ལུས་ལ་སོགས་པའི་ལས་དགེ་བ་འམ་མི་དགེ་བར་ཡང་མི་འགྱུར་རོ། །འཇིག་རྟེན་པའི་ཆོས་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་དང་། ཁམས་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་།

བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཞེས་གང་གསུངས་པ་ཡིན་ཏེ། འདི་དག་ནི་འཇིག་རྟེན་པ་ཉིད་ཡིན་པས་སོ། །འཇིག་རྟེན་ལས་འདས་པའི་ཆོས་ནི་བསམ་གཏན་བཞི་དང་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་

เล่ม ๘๐ · หน้า 61a

ཆོས་མ་འདྲེས་པ་བཅྭ་བརྒྱད་ཅེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་པ་ཡིན་ཏེ། འཕགས་པའི་ལམ་གྱིས་བསྡུས་པས་ན། འཇིག་རྟེན་ལས་འདས་པ་ཉིད་ཡིན་པས་སོ། །ཟག་པ་དང་བཅས་པའི་ཆོས་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་ཞེས་བྱ་བ་

ནས། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་དྲུག་དག་སྟེ། ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། དེ་དག་ནི་བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་ཟག་པ་དང་བཅས་པའི་ཆོས་ཁོ་ན་ཡིན་པས་སོ། །ཟག་པ་མེད་

པའི་ཆོས་རྣམས་ནི། །དྲན་པ་ཉེ་བར་གཞག་པ་བཞི་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དག་སྟེ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། འདི་དག་ནི་བདག་ཏུ་ལྟ་བའི་གཉེན་པོ་ཡིན་པས་ཟག་པ་མེད་པ་ཉིད་ཡིན་པས་སོ། །འདུས་བྱས་ཀྱི་ཆོས་

ནི། འདོད་པའི་ཁམས་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དང་། ཁམས་གསུམ་པར་མ་གཏོགས་པའི་ཆོས་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཞེས་བྱ་བ་གང་གསུངས་པ་ཡིན་ཏེ། འདི་དག་ནི་རྐྱེན་རྣམས་ཚོགས་ཤིང་འདུས་ནས་བྱས་པ་

ཡིན་པའི་ཕྱིར་འདུས་བྱས་ཉིད་ཡིན་པས་སོ། །འདུས་མ་བྱས་ཀྱི་ཆོས་ནི། གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་ཉིད་དུ་མི་མངོན་པས་ཏེ། འདི་ལྟ་སྟེ། འདོད་ཆགས་ལ་སོགས་པ་ཟད་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་

ཡིན་ཏེ། འདི་དག་ནི་རྒྱུ་དང་རྐྱེན་རྣམས་ལ་ལྟོས་པ་མེད་པ་ཉིད་ཀྱིས་ན་འདུས་མ་བྱས་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཐུན་མོང་གི་ཆོས་ནི། བསམ་གཏན་བཞི་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འདི་དག་ནི་རྒྱུད་གཞན་ལ་ཡང་འབྱུང་བ་ཉིད་ཀྱིས་ན་ཐུན་མོང་གི་

ཆོས་ཉིད་ཀྱིས་སོ། །ཐུན་མོང་མ་ཡིན་པའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལ་འབྱུང་བ་ཉིད་

เล่ม ๘๐ · หน้า 61b

ཀྱིས་ན་ཐུན་མོང་མ་ཡིན་པ་ཉིད་ཡིན་པས་སོ། །གང་དག་ཆོས་ཀྱི་དབྱིངས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་དམིགས་པའི་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ཇི་ལྟར་ཡིན་ཞེས་བྱ་བ་བརྗོད་དགོས་སོ། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །

དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤོང་བ་མེད་པས་དག་པ་ཕྱོགས་གཅིག་པར་ཐལ་བར་འགྱུར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་དམིགས་པ་མེད་དོ་ཞེས་འབྱུང་

བས་ཁྱེད་ཀྱི་ཕྱོགས་ལ་ཡང་དམིགས་པ་དག་པའི་མཐར་ཐུག་པར་མི་འགྱུར་བ་མ་ཡིན་ནམ། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་འཁྲུལ་པ་ཙམ་ཉིད་ཡིན་པའི་ཕྱིར་ཏེ། རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་སུ་མེད་པ་ནི་དངོས་པོ་མེད་པའོ། །ཞེས་འཆད་པར་

འགྱུར་ལ། གཉིས་ཀྱང་འཁྲུལ་པ་ལས་གཞན་ཅི་ཞིག་ཡིན་པར་འགྱུར་ཞེ་ན། མངོན་པར་ཞེན་པ་ནི་གཉིས་ཀྱི་མཚན་ཉིད་ཡིན་གྱི། འཁྲུལ་པ་མ་ཡིན་ཏེ། དེ་ལ་གཟུང་བ་དང་འཛིན་པའི་རང་བཞིན་དུ་མི་བརྗོད་པའི་ཕྱིར་རོ། །དེས་ན་འདི་ལ་ཁྱེད་འཁྲུལ་པར་ཟད་དོ། །དེ་ལྟར་

ན་རང་བཞིན་གཙོར་གྱུར་པ་ནི་རིགས་ཡིན་ལ་རྣམ་འགྱུར་གཙོར་གྱུར་པ་ནི་དམིགས་པ་ཡིན་ཏེ། གཉི་གའང་གཉི་གར་མ་བཀག་པ་དེས་ན་རྟེན་དང་དམིགས་པ་དག་གི་མཚན་ཉིད་ཀྱི་དབྱེ་བ་དང་དམིགས་པ་དག་པའི་མཐར་ཐུག་པར་འགྲོ་བའང་འཐད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར།

རབ་འབྱོར་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་མ་ཆགས་པ་ཉིད་དང་། ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །དོན་གང་ཞེ་ན། རང་བཞིན་དང་རྗེས་སུ་འབྲེལ་པའི་རྣམ་འགྱུར་ནི་དམིགས་པ་ཡིན་གྱི་རྣམ་པར་འགྱུར་བ་ཙམ་ནི་མ་ཡིན་

ནོ་ཞེས་བྱ་བ་ཡིན་ནོ། །རྟོག་པ་མེད་པ་དང་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའི་ཚུལ་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་དེ་ལ་གཉིས་ནི་གཟུང་བ་དང་འཛིན་པ་དག་གོ། །དམིགས་པ་རྣམ་པར་དག་པ་ལ་བརྗོད་པར་བྱ་བ་མང་དུ་ཡོད་དེ། དེ་ལྟར་

เล่ม ๘๐ · หน้า 62a

སྤྲོས་པས་ཆོག་གོ། །སྒྲུབ་པའི་དམིགས་པ་བཤད་ཟིན་ཏོ།། །།སྒྲུབ་པའི་ཆེད་དུ་བྱ་བ་བརྗོད་པར་བྱ་བ་ཡིན་པས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི། །ཆེད་དུ་བྱ་

བ་འདི་ཞེས་བྱ། །ཞེས་བྱ་བ་གསུངས་སོ། །དེ་ལ་སྒྲུབ་པའི་ཆེད་དུ་བྱ་བ་འདི་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མཆོག་ཉིད་ཆེན་པོ་ཉིད་དང་། སྤོང་བ་ཆེན་པོ་ཉིད་དང་། རྟོགས་པ་ཆེན་པོ་ཉིད་དོ། །གང་གི་ཕྱིར་མཆོག་ཉིད་ཆེན་པོ་ཉིད་ཀྱི་དབང་དུ་མཛད་ནས། བཅོམ་ལྡན་

འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་གསོལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་འཇུག་པའི་རྒྱུ་ལས་བརྩམས་ཏེ། སེམས་ཅན་གྱི་ཕུང་

པོ་ཆེན་པོ་དང་སེམས་ཅན་གྱི་སྡེ་ཆེན་པོ་བརྒྱད་པ་ལ་སོགས་པ་ནས། ཕྱིར་མི་ལྡོག་པའི་བར་གྱི་མཆོག་ཉིད་དུ་བྱེད་པས་སོ་ཞེས་བྱ་བ་ཡིན་ནོ། །དེ་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཚོགས་རྣམས་སོ། །ཆེན་པོ་ཞེས་བྱ་བ་ནི་དཔག་ཏུ་མེད་པའོ། །གཅིག་

ཀྱང་འཁོར་བ་ཐོག་མ་མེད་པར་འཇུག་པ་ན་ཆེན་པོ་ཉིད་དུ་འགྱུར་བས་ཕུང་པོ་ཞེས་སྨོས་སོ། །སེམས་ཅན་གྱི་སྡེ་ཞེས་བྱ་བ་ནི་ཞུགས་པ་དང་ལམ་གྱི་འབྲས་བུ་ལ་གནས་པའི་སྡེའི་དབྱེ་བས་སོ། །གང་དག་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེད་པར་འགྱུར་བའི་ཆོས་དེ་དག་

ཀྱང་གང་ཡིན་ཞེ་ན། དེ་ལ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་ལ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ནི་འདི་ཡིན་ཏེ། གང་འདི་སྙམ་དུ་བདག་གིས་སེམས་ཅན་

ཐམས་ཅད་ཀྱི་དོན་དུ་འཁོར་བ་དཔག་ཏུ་མེད་པར་གོ་ཆ་བགོ་བར་བྱའོ་སྙམ་པས་འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་སྟེ། བདག་གིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །སེམས་

เล่ม ๘๐ · หน้า 62b

ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང་དེ་དག་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་གང་ཡོངས་སུ་མྱ་ངན་ལས་འདས་པ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པར་རྟོགས་པ་ཉིད་ཀྱིས་དང་། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཀྱི་སེམས་མ་འདྲེས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ་བ་ཉིད་ཀྱིས་ཏེ། མ་འདྲེས་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་འདོད་པའི་སེམས་དང་མ་འདྲེས་པས་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་རྗེས་སུ་སྤོང་བར་རྟོགས་པ་ཡོངས་སུ་གྲུབ་པ་ལ་

བསླབ་པར་བྱ་བ་ཉིད་ཀྱིས་དང་། ཆོས་ཐམས་ཅད་ཚུལ་གཅིག་ཏུ་མངོན་པར་སྒྲུབ་པ་རྟོགས་པར་བྱ་བ་ཉིད་ཀྱིས་དང་། སེམས་ཅན་ངན་འགྲོར་སྐྱེས་པ་ཐམས་ཅད་ལས། སེམས་ཅན་རེ་རེའི་དོན་གྱི་ཕྱིར་དེ་རྣམས་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་རང་ཉིད་ཀྱིས་དེའི་སྡུག་

བསྔལ་རྣམས་ཉམས་སུ་མྱོང་བར་བྱའོ་ཞེས་ཁས་བླངས་པས་ཕྱིས་རང་གི་ཚོགས་ཡོངས་སུ་རྫོགས་པར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཀྱིས་སོ། །སེམས་དང་པོ་བསྐྱེད་ཕྱིན་ཆད་འདོད་ཆགས་ལ་སོགས་པ་དང་། ཉན་ཐོས་ལ་སོགས་པའི་

སེམས་མི་སྐྱེད་པས་སེམས་རླབས་པོ་ཆེ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པའི་སེམས་ལ་རློམ་པ་མེད་པས་མི་སྒུལ་བ་དང་། སེམས་ཅན་ཐམས་ཅད་སྐྱོབ་ཅིང་ཡོངས་སུ་མི་གཏོང་བ་དག་དང་། དེས་རློམ་སེམས་སུ་ཡང་མི་བྱེད་པས་ན་ཕན་པ་དང་བདེ་

བའི་སེམས་ཀྱིས་སོ། །ཆོས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དབྱེར་མེད་པ་གང་ཡིན་པའོ། །དེ་ལ་དགའ་ཞིང་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཆོས་ལ་དགའ་བའོ། །དེ་ལ་སྒོམ་ཞིང་མང་དུ་བྱེད་པ་གང་ཡིན་པ་དེ་ནི་ཆོས་ལ་ཀུན་དུ་དགའ་བ་ཡིན་ཏེ། ཆོས་ལ་དགའ་བ་དང་།

ཀུན་དགའ་བ་དང་། ཀུན་དགའ་བའི་རྣལ་འབྱོར་ལ་བརྩོན་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་

เล่ม ๘๐ · หน้า 63a

གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་གནས་ནས་སེམས་ཅན་གྱི་མཆོག་ཉིད་དུ་བྱེད་པས་ཏེ། དེ་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་དག་ལ་གནས་ནས་

སེམས་ཅན་གྱི་ཚོགས་ཆེན་པོ་དང་། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་བྱ་བའི་ཆོས་ནི་དེ་དག་ཡིན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ་ཞེས་གསུངས་པ་ཡིན་ནོ། །སྤོང་བ་ཆེན་པོ་ཉིད་ཀྱི་དབང་དུ་མཛད་ནས། གནས་བརྟན་ཤཱ་རིའི་བུ་སྤོབས་

པ་སྟོན་པ་གསུངས་པ་ནི། བཅོམ་ལྡན་འདས་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་ཞེས་བྱ་བ་ནས་བརྩམས་ཏེ། ཆད་པ་དང་རྟག་པར་ལྟ་བ་དང་། ཡོད་པ་དང་མེད་པར་ལྟ་བ་དང་། ཕུང་པོར་ལྟ་བ་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་སེམས་

ཅན་ཡོངས་སུ་སྨིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། བྱང་ཆུབ་རྣམ་པར་རྟོགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་གྱི་ལྟ་བ་རྣམས་སྤང་བར་བྱ་བའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་ཉིད་ཀྱིས་དང་། ཐབས་ལ་མི་མཁས་པ་དང་ལྡན་པ་

ནི་ཇི་སྐད་དུ་བཤད་པའི་ལྟ་བའི་ཚོགས་བསྐྱེད་པའི་རྒྱུར་འགྱུར་བ་ཉིད་ཀྱིས་བཤད་མ་ཐག་པ་མི་དམིགས་པའི་ཐབས་ལ་མཁས་པ་ཁྱད་པར་དུ་བྱེད་པ་འདི་ཉིད་ཀྱིས་སོ། །དེ་ལ་ང་རྒྱལ་བསྐྱེད་པའི་དོན་གྱིས་ན་བདག་སྟེ། འདི་ལས་ང་རྒྱལ་སྐྱེ་བ་ཡིན་པའི་ཕྱིར་རོ། །ཞུམ་པའི་

བདག་ཉིད་ཅན་ཡིན་པས་ན་སེམས་ཅན་ནོ། །སྲོག་གི་དབང་པོའི་དབང་གིས་སྐལ་བ་མཉམ་པའི་རིས་ཡོངས་སུ་རྫོགས་ཀྱི་བར་དུ་གནས་པས་ན་སྲོག་གོ། །ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་ཞིང་མི་རྟག་པ་ཉིད་ཀྱིས་སྐྱེ་བར་བྱེད་པས་ན་སྐྱེ་བ་པའོ། །ཁམ་དུ་བྱས་པ་ལ་སོགས་

པའི་ཟས་ཀྱིས་རྒྱས་པར་བྱེད་པས་ན་གསོ་བའོ། །བུ་ནི་ལུས་ལ་བྱ་བར་བཤད་ལ་དེ་ལ་བརྟེན་པས་ན་པུ་རུ་ཥ་སྟེ་སྐྱེས་བུའོ། །གཞན་དག་ནི་སྐྱེས་པའི་དབང་པོ་དང་ལྡན་པས་སྐྱེས་བུ་ཡིན་ནོ་ཞེས་ཟེར་ཏེ། དེ་དག་གི་ལྟར་ན་གཟུགས་མཁས་པ་རྣམས་སྐྱེས་བུ་མ་ཡིན་པར་འགྱུར་

เล่ม ๘๐ · หน้า 63b

བས་མི་རིགས་སོ། །འགྲོ་བ་རྣམས་སུ་ཡང་དང་ཡང་དུ་བརྟེན་པས་ན་གང་ཟག་གོ། །གཙོར་ཡིད་ཀྱི་ལས་ལས་སྐྱེས་པ་ཉིད་ཡིན་པའི་ཕྱིར་ཡིད་ལས་སྐྱེས་སོ། །ང་རྒྱལ་སྲུང་བར་བྱེད་པ་ཡིན་པས་ན་ཤེད་བདག་གོ། །དགེ་བ་ལ་སོགས་པའི་ལས་ལ་བརྟེན་པ་ཉིད་ཀྱིས་ན་བྱེད་པ་པོའོ། །

དེའི་རྣམ་པར་སྨིན་པས་སོ་སོར་ཀུན་དུ་མྱོང་བས་ན་ཚོར་བ་པོའོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་ཤེས་པ་པོའོ། །མིག་ལ་སོགས་པ་རྣམ་པར་ཤེས་པ་ལྔའི་རྟེན་དུ་གྱུར་པའི་ཕྱིར་མཐོང་བ་པོའོ། །སྔོན་བྱུང་བ་ད་ལྟར་མེད་པས་ན་ཆད་པའོ། །རང་བཞིན་གྱིས་ཡོད་པ་གང་

ཡིན་པ་དེ་ནི་མེད་པ་མ་ཡིན་པས་ན་རྟག་པའོ། །ཡོད་པ་གང་ཡིན་པ་དེ་ནི་རྟག་ཏུ་ཡོད་པ་ཉིད་ཡིན་ལ། མེད་པ་གང་ཡིན་པ་དེ་ནི་ཤིན་ཏུ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་ལྟ་བ་སྟེ། དཔེར་ན་སེར་སྐྱ་བ་ལྟ་བུའོ། །ལྟ་བ་ལྷག་མ་ནི་གོ་སླ་བས་མ་བཤད་དོ། །རྟོགས་པ་

ཆེན་པོ་ཉིད་ཀྱི་དབང་དུ་མཛད་ནས། གནས་བརྟན་རབ་འབྱོར་གྱི་སྤོབས་པ་སྟོན་པས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས། ཟག་པ་མ་མཆིས་

ཤིང་ཁམས་གསུམ་དུ་མ་གཏོགས་པའི་སེམས་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཆགས་པ་མ་མཆིས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་གྲངས་སུ་མཆིའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་པའི་

དོན་གྱི་སེམས་ནི། བྱང་ཆུབ་ཀྱི་སེམས་སོ། །མི་མཉམ་པ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཡིན་ལ། དེ་རྣམས་དང་མཉམ་པས་ན་མི་མཉམ་པ་དང་མཉམ་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་ཡིན་ཏེ། དེས་ན་དེ་དེ་ལ་ཆགས་པ་མེད་དོ། །ཡང་མཉམ་པ་

གང་གིས་སེམས་དེ་མི་མཉམ་པའི་སངས་རྒྱས་དང་མཉམ་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་འགའ་ཡང་སྐྱེ་བའམ་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། སྐྱེ་བ་ལ་སོགས་པ་ལས་རྣམ་པར་གྲོལ་བ་ཐུན་མོང་མ་ཡིན་པའི་སེམས་ཀྱི་མཚན་

เล่ม ๘๐ · หน้า 64a

ཉིད་ཀྱིས་གསུངས་པ་ཡིན་ནོ། །དེ་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཞེས་བྱ་བ་ནི་བརྡ་ལས་བྱུང་བ་ནས་སོ། །ཆོས་གང་ལའང་སྐྱེ་བའམ་འགག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་དྲོད་ཀྱི་དུས་སུ་སྔ་མ་དང་ཕྱི་མའི་གནས་སྐབས་དང་འགག་པ་དང་

སྐྱེ་བ་དམིགས་པའི་ཚུལ་དུ་མི་མཐོང་བའོ། །འགྲིབ་པ་དང་འཕེལ་བ་མི་མཐོང་ཞེས་བྱ་བ་ནི། རྩེ་མོའི་དུས་སུ་སྔོན་དང་ཕྱི་མའི་གནས་སྐབས་དག་ཟད་པ་དང་ཁྱད་པར་དུ་འགྲོ་བ་དམིགས་པའི་ཚུལ་གྱིས་མི་མཐོང་བའོ། །འོང་བ་དང་འགྲོ་བ་མི་མཐོང་ཞེས་བྱ་བ་ནི་བཟོད་པའི་དུས་སུ་

རྟོགས་པའི་ཆོས་ཀྱི་ཉེ་བ་དང་རིང་བ་དམིགས་པའི་ཚུལ་གྱིས་མི་མཐོང་བའོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་དུས་སུ་མི་མཐུན་པ་དང་། གཉེན་པོའི་ཕྱོགས་དམིགས་པའི་ཚུལ་གྱིས་མི་

མཐོང་བའོ། །གང་ལ་ཞེས་བྱ་བ་ནི་མཐོང་བའི་ལམ་གང་གིས་མི་མཐོང་བའོ། །ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ཞེས་བྱ་བ་ནི་ལུགས་ལས་བཟློག་པའི་རིམ་པས་བསྒོམ་པའི་ལམ་སྟོན་པ་ཡིན་ཏེ། ཇི་ལྟར་མཐོང་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན་

པའི་ཕྱིར་རོ། །དེ་ལ་ཉན་ཐོས་ཀྱི་སེམས་མེད་དོ། །རང་སངས་རྒྱས་ཀྱི་སེམས་མེད་དོ་ཞེས་བྱ་བ་ནི་སེམས་བསྐྱེད་པའི་ཐུན་མོང་མ་ཡིན་པ་ཉིད་གསལ་བར་བྱེད་དོ། །ཚེ་དང་ལྡན་པ་རབ་འབྱོར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ཀྱང་ཆགས་པ་མེད་པ་ཡིན་ནམ་ཞེས་བྱ་བ་ནས་

བརྩམས་ཏེ། ཆོས་ཐམས་ཅད་ཆགས་པ་མེད་པ་ཉིད་དུ་ཁས་བླངས་པས་ནི་རྟོགས་པའི་ཡུལ་སྟོན་པ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མེད་པའང་གཟུགས་ལ་ཆགས་པ་མེད་དམ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མེད་པའང་

སངས་རྒྱས་ཀྱི་ཆོས་ལ་ཆགས་པ་མེད་པ་ཉིད་དུ་ཁས་བླངས་པས་སེམས་དེ་ལ་མངོན་པར་ཞེན་པ་དང་རློམ་སེམས་བཀག་ཅིང་ཤེས་བྱ་དང་ཤེས་པ་གཉིས་མི་དམིགས་པའི་སྦྱོར་བས་རྟོགས་པ་ལ་བརྟེན་པའི་ཆགས་པ་བསལ་བར་སྟོན་པ་ཡིན་ནོ། །དེ་ལ་གཟུགས་ནི་གཟུགས་ཀྱི་ཆོས་ཉིད་

เล่ม ๘๐ · หน้า 64b

དོ། །དེ་ལ་མ་ཆགས་པ་ནི་གཟུགས་ཀྱི་རང་བཞིན་དུ་འཁྲུལ་པ་རྣམ་པར་དཔྱད་པའི་ཕྱིར་རོ། །དེས་ན་དེ་ལྟར་སྤངས་པ་དང་རྟོགས་པའི་ཁྱད་པར་ཅན་གྱི་ཚོགས་ཆེན་པོ་དང་། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་བྱེད་པའི་མཚན་ཉིད་ནི་མ་རྒྱལ་བ་ལ་རྒྱལ་བའི་ཆེད་དུ་བྱ་བ་དང་ཆོས་

མཐུན་པར་བྱང་ཆུབ་སེམས་དཔའི་ཁྱད་པར་ཅན་ཉིད་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་པར་རིག་པར་བྱའོ། །དམིགས་པ་དང་ཆེད་དུ་བྱ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། དམིགས་པ་ནི་དེའི་ཆེ་བ་ཡིན་ལ། ཆེད་དུ་བྱ་བ་ནི་མ་འོངས་པ་སྐལ་བ་ཡིན་ཏེ། མདའ་ལྟོང་སྦྱོར་བ་དང་འབེམ་ལ་ཕོག་

པ་དང་ཆོས་མཚུངས་སོ། །སྒྲུབ་པའི་རྟེན་དང་། དམིགས་པ་དང་། ཆེད་དུ་བྱ་བ་བཤད་ཟིན་ཏོ།། །།ད་ནི་སྒྲུབ་པ་བརྗོད་པར་བྱའོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ནི་སྤྱིར་དཀར་པོའི་ཆོས་ཀྱི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ལ། རྣམ་པ་ཐམས་

ཅད་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་བཞི་ལ་ནི་མངོན་པར་རྟོགས་པ་སོ་སོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་ཐོགས་པ་མེད་པ་དང་། འཛིན་པ་མེད་པ་གང་ཡིན་པ་དེ་ནི་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་བརྟན་གང་པོའི་

སྤོབས་པ་གསལ་བར་བྱེད་པས་སྒྲུབ་པའི་དོན་གསུངས་པ་ནི། བཅོམ་ལྡན་འདས་སེམས་ཅན་དེ་ནི་གོ་ཆ་ཆེན་པོ་བགོས་པ་ལགས་སོ་ཞེས་བྱ་བ་ནས་བརྩམས་པས་འདི་ཙམ་ཞེས་ཚད་ཡོངས་སུ་མ་བཅད་པའི་སེམས་ཅན་གྱི་ཁམས་ཀྱི་དོན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་

རྣམས་ལ་སྤྱོད་པའི་གོ་ཆ་སྒྲུབ་པ་དང་རྗེས་སུ་མཐུན་པའི་བྱ་བ་ཤེས་པའི་དོན་དང་། དེ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པས་སྒྲུབ་པ་གཞན་གྱི་དོན་གཙོར་གྱུར་པ་ཡིན་པའི་ཁྱད་པར་ཤེས་པར་བྱ་བའི་དོན་གྱིས་གང་གསུངས་པ་ཡིན་

ནོ། །དེ་ལ་སྒྲུབ་པ་ནི་རྣམ་པ་བཞི་སྟེ། གོ་ཆའི་སྒྲུབ་པ་དང་། འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་དང་། ངེས་པར་འབྱུང་བའི་སྒྲུབ་པའོ། །དེ་ལ་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་གི་དབང་དུ་མཛད་ནས། གསུངས་པ་ནི། དེ་དག་སོ་སོར་སྦྱིན་པ་སོགས། །རྣམ་པ་དྲུག་ཏུ་བསྡུས་

เล่ม ๘๐ · หน้า 65a

པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་བྱ་བ་ཡིན་ནོ། །ཇི་ལྟར་ན་དྲུག་ཚན་དྲུག་གིས་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་

པའི་ཡིད་ལ་བྱེད་པས་སྦྱིན་པ་གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཉིད་དང་། དེ་ཉིད་ཀྱི་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་བྲལ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཉིད་དང་། དེ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ལ་བཟོད་པ་དང་འདོད་པ་དང་

ཉེ་བར་རྟོག་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཉིད་དང་། དེ་ལ་དང་པོར་ཉེ་བར་གནས་པ་ལ་ནི་བཟོད་པའོ། །སྐད་ཅིག་གཉིས་པ་ལ་སོགས་པ་རྣམས་སུ་ནི་འདོད་པའོ། །རྣམ་པ་དུ་མར་ཉེ་བར་རྟོག་པ་ནི་ཉེ་བར་རྟོག་པའོ། །དེ་ཉིད་ཀྱི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཉིད་དང་། དེ་ཉིད་ཀྱི་ཐེག་པ་གཞན་གྱི་སེམས་དང་མ་འདྲེས་པའི་རྩེ་གཅིག་པ་ཉིད་ཀྱིས་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཉིད་དང་། དེ་ཉིད་ཀྱི་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་པས་སྦྱིན་པར་བྱ་བ་དང་གཏོང་བ་པོ་དང་ལེན་པ་པོ་མི་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཡིན་པ་ཉིད་ཀྱིས་གསུངས་པ་ཡིན་ཏེ། འདི་ནི་གོ་ཆའི་སྒྲུབ་པ་ལས་སྦྱིན་པའི་གོ་ཆ་སྟེ་དྲུག་

ཚན་དང་པོའོ།། །།དེ་ཉིད་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་དུ་སྤྱོད་པ་ནི་གཉིས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གསུམ་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བཞི་པའོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་

ནི་ལྔ་པའོ། །དེ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དྲུག་པའོ། །དེ་ལྟར་ན་འདི་དག་དྲུག་ཚན་དྲུག་ཏུ་འགྱུར་ཡང་གོ་ཆ་རྣམ་པ་དྲུག་ཏུ་ཆོས་མཐུན་པའི་ཕྱིར་དང་། སྦྱིན་པ་ལ་སོགས་པར་ཆོས་མཐུན་པའི་ཕྱིར་གོ་ཆའི་སྒྲུབ་པ་དྲུག་བཤད་པ་ཡིན་ནོ།། །།

เล่ม ๘๐ · หน้า 65b

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་མཚན་མ་མེད་པར་བྱེད་པའི་མི་དམིགས་པ་ནི་གོ་ཆ་སྒྲུབ་པའི་རང་གི་ངོ་བོ་ཆེན་པོ་ཉིད་ཤེས་པར་བྱེད་པའི་དོན་ཅན་གོ་ཆ་ཆེན་པོ་ཉིད་དང་། དེ་བསམ་གཏན་ལ་སོགས་པ་ལ་སྙོམས་པར་འཇུག་པ་

ཡང་བྱེད་ཅིང་དེ་དག་གི་རོ་མྱང་བར་ཡང་མི་བྱེད། དེ་དག་གིས་འཕྲོག་པར་ཡང་མི་འགྱུར། དེ་དག་གི་དབང་གིས་སྐྱེ་བའང་མ་ཡིན་པ་དང་། བསམ་གཏན་ལ་སོགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མཐོང་བས་གནས་ཀྱང་ཡང་དག་པའི་

མཐའ་མངོན་དུ་བྱེད་པ་ཡང་མ་ཡིན་པ་ཞེས་བྱ་བས་གོ་ཆའི་སྒྲུབ་པའི་ཡོངས་སུ་འཛིན་པས་ཐབས་མཁས་པ་ཆེན་པོ་ཉིད་ཡིན་པར་ཤེས་པར་བྱེད་པའི་དོན་ཅན་ཐབས་ལ་མཁས་པ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཆེན་པོ་ཉིད་དང་། གོ་ཆའི་སྒྲུབ་པའི་ཡོངས་སུ་འཛིན་པའི་

དགེ་བའི་བཤེས་གཉེན་ཆེན་པོ་ཉིད་དུ་ཤེས་པར་བྱེད་པའི་དོན་ཅན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་བསྔགས་པ་ལ་སོགས་པས་གསུངས་པས་དེ་ལྟར་གོ་ཆའི་སྒྲུབ་པ་ཡིན་ནོ། །གོ་ཆའི་སྒྲུབ་པ་བཤད་ཟིན་ཏོ།། །།འཇུག་པའི་སྒྲུབ་པ་བརྗོད་

པར་བྱ་བ་ཡིན་པ་ལས་དེ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་འཇུག་པ་དང་དེ་ལ་འཛེག་པའོ། །དེ་ལྟ་བས་ན་མདོ་ལས་ཀྱང་། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཇུག་པ་དང་ཐེག་པ་ཆེན་པོ་ལ་འཛེག་པར་

འགྱུར་བ་ཡིན་ཞེས་གསུངས་པ་ཡིན་ནོ། །དེའང་དོན་གཅིག་པ་ཉིད་ཀྱིས་འཇུག་པ་ནི་འཛེག་པ་ཡིན་ལ། འཛེག་པའང་འཇུག་པ་ཡིན་ནོ་ཞེས་མིང་གཅིག་ཉིད་དུ་རྣམ་པར་གཞག་པས་རྣམ་པ་དགུར་འགྱུར་བ་ནི་འདི་ལྟ་སྟེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་

པ་དང་ལྡན་པའི་འཇུག་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་དང་། འཕགས་པའི་ལམ་གྱི་འཇུག་པ་དང་། ཚད་མེད་པའི་འཇུག་པ་དང་། མི་དམིགས་པ་དང་ལྡན་པའི་འཇུག་པ་དང་། འཁོར་གསུམ་ཡོངས་སུ་དག་པའི་འཇུག་པ་དང་། ཆེད་དུ་བྱ་བའི་འཇུག་པ་དང་།

เล่ม ๘๐ · หน้า 66a

མངོན་པར་ཤེས་པའི་འཇུག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པའོ། །དེས་ན། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ལམ་དང་བྱམས་ལ་སོགས་པ་དང་། །དམིགས་པ་མེད་དང་ལྡན་པ་དང་། །འཁོར་གསུམ་རྣམ་པར་

དག་པ་དང་། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པ་ཤེས་པར་བྱ། །ཞེས་བྱ་བ་ཡིན་ནོ། །དེ་ལ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་ལྡན་པའི་འཇུག་པ་ནི། བྱང་ཆུབ་

སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནམ་མཁའི་རྣམ་པ་དང་རྟགས་དང་མཚན་མ་རྣམས་ཀྱིས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་འཇུག་ཅིང་ལྡང་བ་ན་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་

ཐེག་པ་ཆེན་པོ་ཡིན་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ནམ་མཁའི་རྣམ་པ་དང་རྟགས་དང་མཚན་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་དམིགས་སུ་མེད་པའི་རྣམ་པ་ཅན་གྱི་ལམ་ཡོངས་སུ་འཛིན་པས་རྣམ་པ་མེད་པ་དང་རྟགས་མེད་པ་དང་མཚན་མ་མེད་པ་

ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རྣམ་པ་ནི། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་ཀྱིས་དབེན་པ་ཞེས་བྱ་བ་ཡིན་ནོ། །རྟགས་ནི་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པའོ། །མཚན་མ་ནི། དབེན་པ་ལས་སྐྱེས་པའི་དགའ་བ་དང་ཞེས་བྱ་བ་

ལ་སོགས་པའོ། །ཡང་ན་ས་འོག་མ་དང་གོང་མའི་དབྱེ་བས་རགས་པ་དང་ཞི་བ་ལ་སོགས་པ་ནི་རྣམ་པའོ། །ས་གང་ལ་ཚོར་བ་གང་ཞིག་ཡོད་པ་དེ་ནི་རྟགས་སོ། །སྙོམས་པར་འཇུག་པའི་དབེན་པའི་རོ་མྱང་བ་ནི་མཚན་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་ནི་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རབ་ཏུ་སྤང་བའི་ཕྱིར་ཆོས་སྟོན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དང་། དེ་ཉིད་ཀྱི་ཐེག་པ་དམན་པའི་སེམས་ཀྱི་གོ་སྐབས་མི་འབྱེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་

เล่ม ๘๐ · หน้า 66b

པོ་ཉིད་དང་། དེ་ཉིད་ཀྱི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ་སྙམ་པའི་ཡིད་ལ་བྱེད་པ་དེ་དག་ལ་བཟོད་པ་དང་། འདོད་པ་དང་། ཡོངས་སུ་རྟོགས་པར་བྱེད་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། ངེས་པར་ཉེ་བར་སེམས་པ་རྣམས་ནི་བཟོད་

པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དང་། དེ་ལ་ཡོངས་སུ་བརྟགས་ནས་གཟུང་བའི་དོན་ཡོངས་སུ་བསྐྱང་བར་བྱ་བའི་ཕྱིར་དེ་ཡོངས་སུ་ཉམས་པར་བྱེད་པའི་རྐྱེན་ཤེས་པར་བྱེད་པ་ནི་ཁོང་དུ་ཆུད་པར་བྱེད་པའོ། །དོན་དེ་ཉེ་བར་གནས་པར་བཟུང་ནས་བློ་མ་ལུས་པར་འགོད་པར་

བྱེད་པ་ནི་སེམས་པའོ། །དེ་ཉིད་ཀྱི་བརྩོན་འགྲུས་མི་གཏོང་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དང་། དེ་ཉིད་ཀྱི་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་དམིགས་སུ་མེད་པའི་རྣམ་པར་སྙོམས་པར་འཇུག་པ་ནི་བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དང་། དེ་ཉིད་ཀྱི་བསམ་གཏན་དང་པོ་ལ་སོགས་པའི་ཡན་ལག་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་སོ་སོར་རྟོག་པ་ནི། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཡིན་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །འཕགས་པའི་ལམ་ལ་འཇུག་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་

པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ཐམས་ཅད་ཤེས་པ་ཉིད་གསུམ་གྱིས་བསྡུས་པ་ནི་རྣམ་པར་སྒོམ་པའི་དབང་དུ་བྱས་པ་ཡིན་ནོ། །ཚད་མེད་པ་བཞི་ལ་འཇུག་པ་ནི། ཡང་ཚད་མེད་པ་ལ་སྤྱོད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་

ཐེག་པ་ཆེན་པོ་ཉིད་དང་། ཐེག་པ་དམན་པའི་སེམས་དང་མ་འདྲེས་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དང་། བསམ་གཏན་གྱི་རོ་མྱང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དང་། ཚད་མེད་པ་བཞི་ལ་སྙོམས་པར་འཇུག་པ་ནི་བསམ་གཏན་གྱི་

เล่ม ๘๐ · หน้า 67a

ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དང་། སེམས་ཅན་རྣམས་ལ་ཟག་པ་ཟད་པ་སྟོབས་པར་བྱེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དང་། ཚད་མེད་པ་བཞི་ལ་སྙོམས་པར་འཇུག་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་

ཉིད་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཡིན་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིམ་པའི་བྱེ་བྲག་འདི་ནི་ཚད་མེད་པ་བཞི་ལ་གནས་པའི་གང་ཟག་གི་དབང་དུ་བྱས་པར་རིག་པར་བྱ་སྟེ། དེ་ཉིད་ལ་སྲིད་པའི་ཕྱིར་རོ། །ཡང་

ཚད་མེད་པ་དག་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ། བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གང་གསུངས་པ་ཡིན་ནོ། །དེ་དག་རེ་རེ་ཞིང་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་

པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི། རྒྱུ་རྣམ་པ་བཞིས་རྣམ་པར་བཞག་སྟེ། ཉེ་བར་སྒྲུབ་པ་ཉིད་དང་། མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཉིད་དང་། རྣམ་པར་དག་པ་ཉིད་དང་། འབྲས་བུ་ཡོངས་སུ་འཛིན་པ་ཉིད་

ཀྱིས་སོ། །ཉེ་བར་སྒྲུབ་པས་ཇི་ལྟར་ཞེ་ན། བདེ་བ་གསུམ་ཉེ་བར་སྒྲུབ་པའི་ཕྱིར་ཏེ། དེ་བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ནི་ཕན་པ་དང་བདེ་བ་ཉེ་བར་སྒྲུབ་པར་ཉེ་བར་གནས་པས་སོ། །ཡངས་པ་ཞེས་བྱ་བ་ནི་འདོད་པ་ན་བདེ་བ་ཉེ་བར་སྒྲུབ་པའི་ཕྱིར་རོ། །རྒྱ་ཆེན་པོར་གྱུར་པ་

ཞེས་བྱ་བ་ནི་དགའ་བ་དང་བཅས་པའི་བསམ་གཏན་དང་པོ་དང་གཉིས་པའི་ས་ཞེས་བྱ་བའི་དོན་ཏེ། དེ་གཉིས་ལ་ནི་དགའ་བ་ཡོད་པའི་ཕྱིར་རོ། །མི་གཉིས་པ་ཞེས་བྱ་བ་ནི་དགའ་བ་མེད་པའི་བསམ་གཏན་གསུམ་པའི་ས་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་སྡུག་བསྔལ་དང་དགའ་བ་དང་

བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །མི་གཉིས་པ་ཡིན་ནོ། །ཚད་མེད་པ་ཞེས་བྱ་བ་ནི་འབྲས་བུ་ཚད་མེད་པའི་ཕྱིར་ན་ཆུ་བོ་ཆེན་པོ་བཞིའི་ཆུ་འདུས་པ་དང་འདྲ་བར། དེ་ཉིད་ཚད་མེད་པར་ཤེས་པར་བྱ་སྟེ། ཇི་སྐད་དུ་བཤད་པའི་བདེ་བ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ན་རེ་

เล่ม ๘๐ · หน้า 67b

ཞིག་ཉེ་བར་སྒྲུབ་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ལས་ཇི་ལྟར་ཞེ་ན་འཁོན་མེད་པ་ཞེས་བྱ་བ་སྟེ། མི་འདོད་པ་ཉེ་བར་སྒྲུབ་པ་དང་། འདོད་པ་ཉེ་བར་སྒྲུབ་པའི་གེགས་བྱེད་པའི་གནོད་བྱེད་ཀྱི་གཉེན་པོ་ཡིན་པས་སོ། །རྣམ་པར་དག་པས་ཇི་ལྟ་བུ་ཡིན་ཞེ་ན། འགྲན་

ཟླ་མེད་པས་སྒྲིབ་པ་མེད་པ་ཞེས་བྱ་བ་སྟེ། རིམ་པ་ཇི་ལྟ་བ་བཞིན་གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པའི་སྒྲིབ་པ་དག་ཞི་བར་བྱེད་པ་ཡིན་པའི་ཕྱིར་དང་། ལེགས་པར་མཉམ་པར་གཞག་པ་ཡིན་པའི་ཕྱིར་རོ། །འབྲས་བུ་ཡོངས་སུ་འཛིན་པས་ཇི་ལྟ་བུ་ཞེ་ན།

གནོད་པ་མེད་པ་ཞེས་བྱ་བ་སྟེ། གཟུགས་དང་འདོད་པའི་ཁམས་ཀྱི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་གནོད་པ་མེད་པ་ཉིད་ཅི་རིགས་པར་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ལྟར་རེ་ཞིག་སེམས་ཅན་ལ་དམིགས་པ་རྒྱུ་རྣམ་པ་བཞིས་རྣམ་པར་བཞག་པ་ཡིན་ནོ། །ཆོས་ལ་

དམིགས་པ་ནི་ཐམས་ཅད་དུ་རྗེས་སུ་སོང་བ་ཞེས་བྱ་བ་གཅིག་གིས་ཡིན་ཏེ། ཐམས་ཅད་རྗེས་སུ་སོང་བ་ཉིད་ཀྱིས་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང་སློབ་པའི་ཆོས་ཇི་སྙེད་པ་སྟེ། གང་དག་ལ་སེམས་ཅན་དུ་གདགས་པར་བྱེད་པ་དེ་ལ་དམིགས་

པའི་ཕྱིར་རོ། །ཤིན་ཏུ་བསྒོམས་པས་ཞེས་བྱ་བ་ནི་ཤིན་ཏུ་གོམས་པར་བྱས་པ་ཡིན་པའི་ཕྱིར་རོ། །དམིགས་པ་མེད་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་ཏེ། འཇིག་རྟེན་གྱི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་ནི་ཆོས་བདག་མེད་པ་གཙོར་གྱུར་པའི་འཇིག་རྟེན་གྱི་མཚན་ཉིད་ལ་དམིགས་པ་

ཉིད་དོ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཞེས་བྱ་བ་ནི་མཐའ་ཡོངས་སུ་ཆད་པ་མེད་པ་ཉིད་ཀྱང་ཡིན་པ་སྟེ། དེ་ལྟར་ན་དམིགས་པ་མེད་པ་ཡིན་ནོ། །ཡང་བྱམས་པ་དང་ལྡན་པ་ལ་སོགས་པའི་སེམས་དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་ཐམས་ཅད་དང་ལྡན་པའི་འཇིག་

རྟེན་ཁྱབ་པར་བྱས་ཤིང་ཉེ་བར་བསྒྲུབས་ནས་རྣམ་པར་གནས་པ་ཞེས་གསུངས་ཏེ། ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལྷག་པའི་བསམ་པའི་ལྷག་པར་མོས་པས་ཁྱབ་པར་བྱང་ཆུབ་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །ལྡན་པ་ཞེས་བྱ་བ་ནི་མང་པོའི་དོན་ལ་ཡིན་པར་ཤེས་པར་

เล่ม ๘๐ · หน้า 68a

བྱས་ཏེ། སེམས་ཅན་ལ་སོགས་པའི་དོན་ལ་མཐའ་ཡས་པའི་ཕྱིར་རོ། །རིང་པོ་ནི་པདྨཱ་ཝ་ཏི་ཞེས་བྱ་བ་བཞིན་ནོ། །ཉེ་བར་བསྒྲུབས་ནས་རྣམ་པར་གནས་པ་ཞེས་བྱ་བ་ནི་བློ་དེ་དང་ཉེ་བར་ཡང་དག་པར་སྤོང་ནས་དེའི་ཉེ་བར་འཚེ་བ་གཏན་ནས་སྤོང་བ་ཞེས་

བྱ་བའི་དོན་ཉེ་བར་བསྒྱུར་བ་དང་། ཁམས་རྣམས་ཀྱི་དོན་ནི་འདི་ཉིད་ཡིན་པའི་ཕྱིར་རོ། །སྙིང་རྗེ་ལ་སོགས་པའང་དེ་བཞིན་དུ་བརྗོད་པར་བྱའོ། །མི་དམིགས་པ་དང་ལྡན་པའི་འཇུག་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་

པ་ཆེན་པོ་ནི་ནང་ལ་སོགས་པ་སྟོང་པ་ཉིད་ཀྱི་བར་དུ་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་པས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་ལ་སེམས་རྣམ་པར་གཡེང་བ་མེད་པར་མཉམ་པར་གཞག་པའི་ཤེས་པ་དང་། རྟག་པ་དང་། བདེ་བ་དང་། བདག་དང་། ཞི་བ་

མ་ཡིན་པ་དང་། སྟོང་པ་མ་ཡིན་པ་དང་། མཚན་མ་དང་། སྨོན་པ་བཟློག་ཟླ་དང་བཅས་པ་རྣམས་ལ་ཤེས་པ་མི་འཇུག་པ་དང་། དུས་གསུམ་པོ་རྣམས་དང་། ཁམས་གསུམ་པ་དང་། འཇིག་རྟེན་པ་དང་། ཟག་པ་དང་བཅས་པ་དང་། འདུས་བྱས་ཀྱི་ཆོས་བཟློག་ཟླ་དང་བཅས་

པ་རྣམས་ལ་མི་དམིགས་པ་དང་ལྡན་པའི་ཐེག་པ་ཆེན་པོ་ཡིན་པ་ཉིད་དང་། དེ་ལ་ཞུགས་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །འཁོར་གསུམ་རྣམ་པར་དག་པའི་འཇུག་པ་ནི། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་

ཀྱང་དེས་སྦྱིན་པའང་མི་དམིགས། ལེན་པ་པོ་འང་མི་དམིགས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། ཆེད་དུ་བྱ་བའི་འཇུག་པ་ནི། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མ་འདྲེས་པས་བསྒོམ་པ་གཞིག་པའི་དོན་དུ་སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་

ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་སྒོམ་པ་དང་། དེ་དག་མིང་ཙམ་དུ་ཤེས་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་ཡིན་པ་དང་། དེ་ལ་ཞུགས་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །བསྒོམ་པ་གཞིག་པའི་དོན་དུ་ཞེས་བྱ་བ་ནི་བསྒོམ་པའི་

เล่ม ๘๐ · หน้า 68b

དོན་གཞིག་པའི་ཆེད་དུ་ཡིན་གྱི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དོན་དུ་ནི་མ་ཡིན་པའོ། །སྒོམ་པའི་དོན་ཡང་གང་ཡིན་ཞེ་ན། དངོས་པོ་མེད་པའི་དོན་ནི་སྒོམ་པའི་དོན་ཏེ། གང་གི་ཕྱིར་སྒོམ་པ་མེད་པ་ཞེས་བྱ་བའི་དངོས་པོ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་ཡིན་ཀྱང་

བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཡང་ངོ་། །མངོན་པར་ཤེས་པ་དྲུག་ལ་འཇུག་པ་ནི། དེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་ཡོངས་སུ་རྫོགས་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་

ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞེས་བྱ་བ་ནས་བརྩམས་ཏེ། དེ་གཉིས་སུ་མེད་པའི་ས་ལ་གནས་ཏེ་ཐེག་པ་དེ་དང་ནམ་ཡང་མི་འབྲལ་བའི་ལུས་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གང་གསུངས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་ནི། དེ་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང་སྔོན་ཆད་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་གང་ཡིན་པ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེའི་མིང་སྨོས་པ་མཛད་ཅིང་དེ་རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོགས་ཤིང་དབྱངས་བརྗོད་པ་མཛད་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །འཇུག་པའི་སྒྲུབ་པ་བཤད་ཟིན་ཏོ།། །།ཚོགས་ཀྱི་སྒྲུབ་པ་

བཤད་པར་བྱ་སྟེ། དེ་ནི་སྙིང་རྗེ་ཆེན་པོ་ལ་སོགས་པའི་ཚོགས་ཀྱི་དབྱེ་བས་རྣམ་པ་བཅུ་བདུན་དུ་འགྱུར་རོ་ཞེས་གསུངས་པ་ནི། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང་། །ཟུང་དུ་འབྲེལ་བའི་ལམ་གང་དང་། །ཐབས་ལ་མཁས་པ་གང་

ཡིན་དང་། །ཡེ་ཤེས་དང་ནི་བསོད་ནམས་དང་། །ལམ་དང་གཟུགས་དང་ས་བཅུ་དང་། །གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ཡིན་ནོ། །དེ་ལ་ཚོགས་ཀྱི་སྒྲུབ་པ་རྣམ་པ་བཅུ་བདུན་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའི་

เล่ม ๘๐ · หน้า 69a

ཚོགས་དང་། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། བཟོད་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། བསམ་གཏན་གྱི་ཚོགས་དང་། ཤེས་རབ་ཀྱི་ཚོགས་དང་། ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་།

ཟུང་དུ་འབྲེལ་བའི་ལམ་གྱི་ཚོགས་དང་། ཐབས་ལ་མཁས་པའི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་དང་། ལམ་གྱི་ཚོགས་དང་། གཟུངས་ཀྱི་ཚོགས་དང་། སའི་ཚོགས་དང་། གཉེན་པོའི་ཚོགས་སོ། །དེ་ལ་སྙིང་རྗེ་ཆེན་པོའི་ཚོགས་ནི།

བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་པ། གོ་ཆ་ཆེན་པོ་བགོས་པ་ཞེས་བགྱི་བ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བགྱི་བ་ལགས་ཞེས་བྱ་བ་ལ་སྒྲ་དེ་འཇུག་པའི་རྒྱུ་བསྟན་པའི་སྒོ་ནས་ཚོགས་ཀྱི་སྒྲུབ་པའི་དབང་དུ་མཛད་དེ། ཕྱོགས་བཅུ་རེ་རེ་ཞིང་

འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་རང་གི་ལུས་ཀྱི་འོད་ཀྱིས་སྣང་བར་བྱས་ནས་སྡུག་བསྔལ་དེ་དང་དེ་ཞི་བར་བྱས་ཏེ། སངས་རྒྱས་ལ་སོགས་པ་ལ་ཕྱག་

འཚལ་བ་ཐོབ་ནས། རྐྱེན་དེས་དེ་རྣམས་ངན་སོང་དེ་རྣམས་ལས་ལངས་པར་གྱུར་ནས་བྱང་ཆུབ་པའི་བར་དུ་སངས་རྒྱས་མཉེས་པ་དང་རྗེས་སུ་མཐུན་པའི་སྐྱེ་བ་ཡང་དག་པར་འཛིན་པས་གང་གསུངས་པ་ཡིན་ཏེ། སྡུག་བསྔལ་དང་བྲལ་བའི་རྣམ་པ་ཅན་ནི་ཐུགས་རྗེ་ཡིན་པའི་ཕྱིར་རོ། །

སྦྱིན་པའི་ཚོགས་ནི་ཟས་ལ་སོགས་པའི་ཡོ་བྱད་དེ་དང་དེ་འདོད་པའི་སེམས་ཅན་དེ་སྙེད་ཉིད་ལ་ཟས་ལ་སོགས་པའི་ཡོ་བྱད་དེ་དང་དེ་བྱིན་ནས་ཆོས་བསྟན་པས་བྱང་ཆུབ་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་འབྲལ་བར་བྱེད་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཚོགས་

ནི་སེམས་ཅན་དེ་སྙེད་ཁོ་ན་དགེ་བ་བཅུའི་ལས་ཀྱི་ལམ་དང་བསམ་གཏན་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་རབ་ཏུ་འགོད་དེ། སེམས་ཅན་དེ་དག་ཀྱང་རྫོགས་པར་བྱང་ཆུབ་ཀྱི་བར་དུ་ཆོས་བསྟན་པ་དེ་དང་མི་འབྲལ་བ་ཉིད་ཀྱིས་གང་གསུངས་

เล่ม ๘๐ · หน้า 69b

པ་ཡིན་ནོ། །བཟོད་པའི་ཚོགས་ནི། གལ་ཏེ་སེམས་ཅན་ཐམས་ཅད་ཀྱིས་བདག་ལ་རྡོ་དང་། དབྱུག་པ་དང་། བོང་བ་དང་། ཁུ་ཚུར་དང་། ལག་ཆས་བརྡེག་ཅིང་མཚོན་གྱིས་འདེབས་ཀྱང་དེ་ལ་བདག་གིས་འཁྲུག་པ་དང་ལྡན་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་

བྱའོ་སྙམ་ཞིང་རང་གི་བཟོད་པ་ལ་རབ་ཏུ་འགོད་པ་གང་གསུངས་པ་ཡིན་ནོ། །བརྩོན་འགྲུས་ཀྱི་ཚོགས་ནི། སེམས་ཅན་དེ་ཙམ་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ལེན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་

དོ་ཞེས་བྱ་བ་ཡང་དག་པར་ངེས་པར་སྦྱོར་བ་དང་། རབ་ཏུ་འཇོག་པ་དང་། མ་ཚང་བ་མེད་པའི་དོན་བརྗོད་པ་རྣམས་ཀྱིས་གང་གསུངས་པ་ཡིན་ནོ། །བསམ་གཏན་གྱི་ཚོགས་ནི། སེམས་ཅན་དེ་སྙེད་ཁོ་ན་རང་ཉིད་ལ་གནས་ནས་ཆོས་འགའ་ཡང་རྣམ་པར་གཡེང་བ་དང་རྣམ་པར་

གཡེང་བ་མེད་པར་མ་མཐོང་བར་རྫོགས་པར་བྱང་ཆུབ་ཀྱི་བར་དུ་དེ་ཉིད་ལ་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་པ་དག་གིས་གང་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཚོགས་ནི། ཇི་ལྟར་རང་ཉིད་ཆོས་གང་ལའང་ཚུ་རོལ་དང་ཕ་རོལ་མི་དམིགས་པ་དེ་བཞིན་དུ་དེ་རྣམས་ཀྱང་དེ་ལ་ཡང་

དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་པ་རྣམས་ཀྱིས་གང་གསུངས་པ་ཡིན་ནོ། །དེ་ལ་ཚུ་རོལ་ནི་འཁོར་བ་སྟེ། འདི་ཙམ་དུ་བྱིས་པ་རྣམས་ཉམས་དགའ་བ་ཡིན་པའི་ཕྱིར་རོ། །ཕ་རོལ་ནི་མྱ་ངན་ལས་འདས་པ་སྟེ། རང་གི་དོན་ལྷུར་ལེན་པ་རྣམས་སྦྱོར་བའི་བརྩོན་འགྲུས་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་ཉམས་དགའ་བ་ཉིད་ཀྱིས་སོ། །ཞི་གནས་ཀྱི་ཚོགས་ནི། ཡང་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བཞིན་དུ་སེམས་ཅན་དེ་སྙེད་ཁོ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་

ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། སངས་རྒྱས་ཉིད་ལ་ཡང་དག་པར་ལེན་དུ་འཇུག་ཅིང་འཛུད་དེ་འགོད་པ་སེམས་ཅན་གྱི་ཁམས་འདི་ཙམ་ཞེས་ཡོངས་སུ་མ་ཆད་པ་ལ་དམིགས་པ་རྣམས་དང་། དེའི་ཚེ་བདེ་བ་ཉེ་བར་སྒྲུབ་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་།

เล่ม ๘๐ · หน้า 70a

མ་འོངས་པའི་བདེ་བ་ཉེ་བར་སྒྲུབ་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པ་ཅན་སྤྲོ་བ་དང་ལྡན་པ་རྩེ་གཅིག་ཏུ་གཏོད་པས་ནི་གཅིག་ཏུ་ངེས་པའི་འབྲས་བུ་ཐོབ་པའི་ཕྱིར་ན་གཅིག་ཏུ་ངེས་པའི་བདེ་བ་ཉེ་བར་སྒྲུབ་པ་བཟོད་པ་དང་། བརྩོན་འགྲུས་དང་། བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། གཏན་དུ་བའི་བདེ་བ་ཉེ་བར་སྒྲུབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གང་གསུངས་པ་ཡིན་ནོ། །ལྷག་མཐོང་གི་ཚོགས་གསུངས་པ་ནི། སྒྱུ་མའི་མཁན་པོའམ་སྒྱུ་མའི་མཁན་པོའི་མཚན་བུ་མཁས་པ་ཞིག་གིས་ཞེས་བྱ་བའི་ཚིག་གཉིས་པས་སྒྱུ་

མའི་རང་བཞིན་ནི་གཞན་གྱི་རྐྱེན་ཅན་མ་ཡིན་པ་འགའ་ཞིག་ཡིན་ནོ་ཞེས་རང་གི་ངོ་བོ་ཡོད་པར་དོགས་པ་འགོག་པར་བྱེད་དེ་དེ་ནི་སྣང་བ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ནས་ཆོས་རྣམས་ཀྱི་ཆོས་ཉིད་འདི་

ཡིན་པའི་ཕྱིར་ཞེས་གང་གསུངས་པ་ཡིན་ཏེ། རྟོག་གེའི་ཡོངས་སུ་གཡོ་བས་སུན་ཕྱུང་བའི་འཇིག་རྟེན་པ་ཐམས་ཅད་ནི་སྣང་བ་ཙམ་དུ་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་བདག་གིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་

ལྟར་ན་སྒྱུ་མའི་ཆོས་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཉེ་བར་བཟུང་ན། བྱང་ཆུབ་སེམས་དཔའ་ཆེན་པོས་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བྱའོ་ཞེས་བྱ་བས། གནས་བརྟན་རབ་འབྱོར་གྱི་དོན་ཤེས་པ་གསལ་བར་བྱ་བ་ནས་བརྩམས་

ཏེ། དེ་ཅིའི་སླད་དུ་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། བྱང་ཆུབ་སེམས་དཔའ་དང་། ཐེག་

པ་ཆེན་པོའི་གོ་ཆ་རྣམས་གཟུགས་ལ་སོགས་པ་ནས་ཐེག་པ་ཆེན་པོའི་གོ་ཆའི་བར་རྣམས་ཀྱིས་སྟོང་པ་ཉིད་ཀྱི་རྣམ་གྲངས་ཀྱིས་མེད་པའི་གོ་ཆ་བགོས་པ་ཉིད་དུ་རྗེས་སུ་ཤེས་པ་དང་། དེ་ཅིའི་ཕྱིར་ཞེ་ན། བྱེད་པ་པོ་ཉེ་བར་མི་དམིགས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་གོ་ཆའི་ཆེད་དུ་

เล่ม ๘๐ · หน้า 70b

བྱ་བ་སེམས་ཅན་མ་བྱས་རྣམ་པར་མ་བྱས་མངོན་པར་འདུས་མ་བྱས་པ་ཞེས་བྱ་བ་བྱེད་པའི་ཡུལ་འགོག་པ་དང་། ཕུང་པོ་ལ་སོགས་པ་རྣམས་དང་། བདག་དང་སེམས་ཅན་ལ་སོགས་པ་རྣམས་དང་། རྨི་ལམ་དང་། སྒྲ་བརྙན་ལ་སོགས་པ་ནས་དེ་བཞིན་ཉིད་དང་། མ་ནོར་བ་དེ་

བཞིན་ཉིད་ལ་སོགས་པ་དང་། བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤིན་ཏུ་མི་དམིགས་པའི་ཕྱིར་བྱེད་པ་དང་། རྣམ་པར་བྱེད་པ་དང་། མངོན་པར་འདུ་བྱེད་པ་འགོག་པར་བྱེད་པའི་རྟེན་དུ་འགྱུར་བའི་བྱེད་པ་པོ་རང་དབང་ཅན་གཅིག་འགོག་པའི་དོན་གྱིས་གང་

གསུངས་པ་ཡིན་ནོ། །དེ་ལ་མི་བྱེད། རྣམ་པར་མི་བྱེད། མངོན་པར་འདུ་མི་བྱེད་ཅེས་བྱ་བའི་ཚིག་གསུམ་ནི་རིམ་པ་བཞིན་དུ་གོ་ཆ་དང་། འཇུག་པ་དང་། ཚོགས་ཀྱི་སྒྲུབ་པ་རྣམས་སུ་མ་བྱུང་བ་ལས་བྱུང་བ་དང་། དེ་ཁྱད་པར་དུ་འགྲོ་བ་དང་། འབྲས་བུ་ཐོབ་པ་ལ་མངོན་དུ་

ཕྱོགས་པར་བྱེད་པའི་དབང་དུ་མཛད་ནས་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ནི་གོ་ཆ་མ་མཆིས་པའི་གོ་ཆ་འཚལ་བར་རིག་པར་བགྱིའོ་ཞེས་དེ་དག་ཏུ་གསུངས་པ་ཡིན་ནོ། །ཟུང་དུ་འབྲེལ་བའི་ལམ་གྱི་ཚོགས་ནི། བདག་གིས་བཅོམ་

ལྡན་འདས་ཀྱིས་གསུངས་པ་ནི་མི་བྱེད་རྣམ་པར་མི་བྱེད། མངོན་པར་འདུ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །ཞེས་བགྱི་བ་འདིའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་ནས་བརྩམས་ཏེ། མེད་པ་དང་། དབེན་པ་དང་། མ་སྐྱེས་པ་དང་། ཞི་བ་དང་།

སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མ་བྱས་པ་དང་། མ་སྐྱེས་པ་ཉིད་དེ་ཤིན་ཏུ་མི་དམིགས་པའི་རྣམ་པ་ཅན་རྣམས་ཀྱིས་ཕུང་པོ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་

བ་ནས་སེམས་ཅན་རྣམས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བ་ཉིད་བྱ་བའི་རང་གི་ངོ་བོ་བཀག་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་ལ་ཡོངས་སུ་འཛིན་པ་ཤེས་རབ་དང་སྙིང་རྗེ་དག་གིས་གོ་རིམས་བཞིན་དུ་

เล่ม ๘๐ · หน้า 71a

བྱང་ཆུབ་སེམས་དཔའ་རྣམས་མ་བཅིངས་མ་གྲོལ་བར་ཤེས་པར་བྱ་བ་ན་འདི་ནི་གནས་ཉིད་དུ་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྙིང་རྗེས་ནི་སྲིད་པ་ཇི་སྲིད་དུ་སེམས་ཅན་ལ་ཕན་འདོགས་ལ། ཤེས་རབ་ཀྱིས་ནི་དེར་གནས་སུ་ཟིན་ཀྱང་འཁོར་བར་

ཆགས་པར་མི་བྱེད་དོ། །བློ་ཡིས་དེར་ནི་གནས་པ་ཡང་། །བརྐམ་པ་རྗེས་སུ་འབྲེལ་མ་ཡིན། །དྲན་པ་ཡིས་ནི་བཅིངས་པའི་སེམས། །ཕྱི་རོལ་དུ་ནི་འཇུག་མི་འགྱུར། །སོ་སོར་རྟོག་ལ་ཡང་དག་རེག །ས་ནི་གནས་སུ་འདྲེན་པར་བྱེད། །སྐྱེས་པའི་སེམས་ལ་བརྟེན་པ་དང་། །

འགའ་ཞིག་མྱ་ངན་འདའ་བར་འདོད། །འཇིག་རྟེན་ལེགས་པ་ལ་བརྟེན་པ། །འགའ་ཞིག་འཁོར་བར་འཁོར་བར་འདོད། །ཅེས་སོ། །ཤེས་རབ་སྙིང་རྗེའི་སྦྱོར་བ་དང་། །དེ་དག་ཕན་ཚུན་ཐ་མི་དད་པ་དང་། མི་མཐུན་པའི་ཕྱོགས་ལས་འདས་པ་དང་། སྦྱོར་བ་ཤིན་ཏུ་སྦྱངས་པ་

དང་། རྟོགས་པ་པོའི་དབང་དུ་མཛད་ནས་སྦྱོར་བ་གང་གིས་ཇི་ལྟར་གང་ནས་གང་དུ་གང་ཞིག་ངེས་པར་འབྱུང་ཞེས་བྱ་བའི་དྲི་བ་ལྔ་གང་ཞེས་བྱ་བར་ཉེ་བར་སྟོན་པའི་སྒོ་ནས་ཞུས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ལགས། ཇི་ཙམ་གྱིས་

ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས། གང་ནས་གང་བྱུང་བ་ལགས། གང་དུ་གནས་པར་གྱུར་པ་ལགས། ཐེག་པ་དེ་ནི་གང་ཞིག་འབྱུང་བར་འགྱུར་ཞེས་བྱ་བ་ཡིན་ནོ། །དེ་ལ་དྲི་བ་དང་པོ་ནས་བརྩམས་ཏེ། ཐབས་ལ་མཁས་པའི་ཚོགས་ནི་བྱང་ཆུབ་སེམས་

དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་རྣམས་སོ་སོ་ལ་བདག་ཉིད་མི་དམིགས་པའི་ཚུལ་གྱིས་གནས་ཤིང་གཞན་དག་ལ་ཡང་དག་པར་ལེན་དུ་འཇུག་པ་ཐེག་པ་ཆེན་པོ་ཡིན་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཡེ་ཤེས་

ཀྱི་ཚོགས་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཉི་ཤུའི་མཚན་ཉིད་དུ་ཤེས་པར་བྱའོ། །དེ་ལ་སྟོང་པ་ཉིད་རྣམ་པ་ཉི་ཤུ་ནི་འདི་ཡིན་ཏེ། མིག་ལ་སོགས་པ་ནང་གི་ཆོས་རྣམས་ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ནང་སྟོང་པ་ཉིད་དོ་ཞེས་གང་

เล่ม ๘๐ · หน้า 71b

གསུངས་པ་ཡིན་ནོ། །དེ་ལ་ཀུ་ཊ་ནི་ཚོགས་པ་སྟེ། དེ་ལ་ཡོད་པའི་རང་བཞིན་མི་དམིགས་པའི་ཕྱིར་ཨ་ཀུ་ཊ་སྠ་སྟེ། ཚོགས་པར་གནས་པ་མེད་པའོ། །དེ་ལྟ་བུར་གྱུར་པ་དེ་ཅི་ཞིག་འཇིག་པར་འགྱུར་ཏེ། དེས་ན་འཇིག་པ་མེད་པ་ཡིན་ཏེ། སྐྱེ་བ་མེད་པ་དང་འགག་པ་མེད་

པའི་ཆོས་ཉིད་དེ་ཉིད་ནི་འདིའི་རང་བཞིན་ཡིན་ནོ། །ཕྱིའི་ཆོས་གཟུགས་ལ་སོགས་པ་རྣམ་པ་དེ་ལྟ་བུའི་རང་བཞིན་ཡིན་པའི་ཕྱིར་ཕྱི་སྟོང་པ་ཉིད་དོ། །ཕྱི་ནང་གི་ཆོས་སྐྱེ་མཆེད་རྣམས་དེ་ལྟ་བུའི་རང་བཞིན་ཡིན་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དོ། །དེ་ལ་ནང་གི་སྐྱེ་མཆེད་ནི་དབང་

པོ་དྲུག་གི་རང་བཞིན་གྱིས་བསྡུས་པ་གང་ཡིན་པའོ། །ཕྱི་ནི་ཡུལ་གྱི་རང་བཞིན་གྱིས་བསྡུས་པ་གང་ཡིན་པའོ། །ཕྱི་ནང་གི་དབང་པོའི་རྟེན་གྱིས་བསྡུས་པ་གང་ཡིན་པ་སྟེ། དེ་ནི་སེམས་ཀྱིས་ཟིན་པའི་ཕྱིར་ནང་ཡིན་ལ། དབང་པོས་མ་བསྡུས་པའི་ཕྱིར་ན་ཕྱི་རོལ་ཡང་ཡིན་ནོ། །

ཆོས་ཀྱི་སྐྱེ་མཆེད་ལ་ནི་རྣམ་པར་རྟོག་པ་འདི་དག་གསུམ་ཅར་ཡང་སྲིད་པ་དེས་ན་འདིའི་ནང་ལ་སོགས་པ་ནི་ཇི་ལྟར་སྲིད་པ་བཞིན་རིག་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་སྟོང་པ་ཉིད་དེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པ་ནི་འདིར་

ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ལ། དེས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་དེ། དེར་འཛིན་པའི་རྣམ་པར་རྟོག་པ་སྤང་བའི་ཕྱིར་རོ། །ཕྱོགས་བཅུ་པ་ནི་ཕྱོགས་ཀྱིས་སྟོང་པ་ཉིད་ཀྱིས་ན་ཆེན་པོ་སྟོང་པ་ཉིད་དེ། དེ་རྣམས་ནི་དབྱིབས་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར་རོ། །དོན་དམ་པ་མྱ་ངན་

ལས་འདས་པ་ནི་མྱ་ངན་ལས་འདས་པའི་དོན་གྱི་རང་བཞིན་གྱིས་སྟོང་པ་ཡིན་པས་ན་དོན་དམ་པ་སྟོང་པ་ཉིད་དེ། དེ་ནི་བྲལ་བ་ཙམ་ཡིན་པའི་ཕྱིར་རོ། །འདུས་བྱས་དང་ཁམས་གསུམ་པོ་ནི་འདོད་པའི་ཁམས་ལ་སོགས་པ་སྟོང་པ་ཉིད་ཀྱིས་འདུས་བྱས་སྟོང་པ་ཉིད་དེ། དེ་ནི་ཡོངས་སུ་

མ་གྲུབ་པའི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་ན་གཉེན་པོར་ནུས་པའི་ཕྱིར་རོ། །འདུས་མ་བྱས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་དོན་ནི་དེ་ཉིད་ཀྱིས་སྟོང་པའི་ཕྱིར་འདུས་མ་བྱས་སྟོང་པ་སྟེ། སྐྱེ་བ་མེད་པ་ལ་སོགས་པ་རྣམས་ཀྱིས་གདགས་

เล่ม ๘๐ · หน้า 72a

པའི་རྒྱུ་མཚན་བཟློག་ཟླ་སྐྱེ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །མཐའ་ནི་མཐས་སྟོང་པ་ཉིད་ཡིན་པའི་ཕྱིར་མཐའ་ལས་འདས་པ་ཉིད་ཀྱིས་ན་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །མཐའ་ནི་ཆ་སྟེ། དེ་ལ་དེ་དག་ཚར་རྣམ་པར་གཅོད་པའི་རྒྱུ་མཚན་གང་གིས་

རྒྱུ་མཚན་གྱི་དངོས་པོར་རྣམ་པར་གཞག་པ་དེ་ནི་རྟག་པ་དང་ཆད་པའི་མཐའ་དག་གིས་དབུས་ན་ཅུང་ཟད་ཀྱང་མེད་དོ། །ཐོག་མ་དང་བར་མ་དང་ཐ་མ་རྣམས་ནི་དེས་སྟོང་པ་ཉིད་ཡིན་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དེ། ཐོག་མ་ལ་སོགས་པ་ནི་ཆོས་ཉིད་ཀྱི་རྗེས་སུ་སྐྱེས་པ་ཉིད་

ཀྱིས་གཏན་དུ་བ་ཡིན་པའི་ཕྱིར་རོ། །དོར་བ་དང་སྤངས་པ་བཏང་བའི་མཚན་ཉིད་ཅན་དོར་བ་ལས་བཟློག་པ་ནི་དོར་བ་མེད་པ་ཡིན་ལ། དེ་ནི་དེས་སྟོང་པའི་ཕྱིར་དོར་བ་མེད་པ་སྟོང་པ་སྟེ། དོར་བའི་བྱ་བ་རང་བཞིན་མ་ཡིན་པ་ཉིད་ཀྱིས་ན་དོར་བ་མེད་པ་གདགས་པའི་རྒྱུ་མཚན་དུ་མི་འཐད་པའི་

ཕྱིར་རོ། །འཕགས་པ་ཐམས་ཅད་ཀྱིས་མ་བྱས་པས་ནི་རང་བཞིན་ཡིན་ལ་དེ་ནི་དེས་སྟོང་པའི་ཕྱིར་རང་བཞིན་སྟོང་པ་སྟེ། དེ་ལ་ནི་འདུས་བྱས་དང་འདུས་མ་བྱས་རྣམ་པར་འགྱུར་བ་དང་རྣམ་པར་མི་འགྱུར་བའི་གནོད་པས་ཉེས་པ་མེད་པའི་ཕྱིར་རོ། །ཆོས་ནི་ཆོས་ཀྱིས་སྟོང་པ་ཡིན་པའི་

ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་ཚོགས་ཐམས་ཅད་ནི་ཕན་ཚུན་ལྟོས་པ་ཅན་ཉིད་ཡིན་པས་ན་རང་བཞིན་གྱིས་ཡོངས་སུ་གྲུབ་པ་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་ནི་དེས་སྟོང་པ་ཉིད་ཡིན་པས་

ན་རང་གི་མཚན་ཉིད་སྟོང་པ་ཉིད་དེ། མཚན་ཉིད་དུ་རྣམ་པར་གཞག་པའི་སྤྱི་དང་ཁྱད་པར་ནི་བཏགས་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །འདས་པ་ལ་སོགས་པའི་ཆོས་རྣམས་ནི་འདས་པ་ལ་སོགས་པའི་དུས་རྣམས་ལ་ཕན་ཚུན་བཟློག་པར་མི་དམིགས་པ་ཉིད་ཀྱིས་ན་མི་དམིགས་པ་སྟོང་པ་

ཉིད་དེ། དུས་གསུམ་གྱི་ངོ་བོ་ནི་བཏགས་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བའི་ཆོས་ནི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རོ་ཞེས་བྱ་བས་སྦྱོར་བ་ནི་དེས་སྟོང་པ་ཡིན་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། ཚོགས་པ་ཙམ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด