འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨཥྚ་ས་ཧ་སྲི་ཀཱ་བྱཱ་ཁྱཱ་ཨ་བྷི་ས་མ་ཡཱ་ལཾ་ཀ་ར་ཨཱ་ལོ་ཀ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๕ · หน้า 109a
གྲངས་ཀྱི་ཚིག་ཏུ་གསུངས་ཤེ་ན། དེའི་ཚེ་དང་ཕྱིས་འགའ་ཞིག་གིས་འགའ་ཞིག་རྣམ་པ་འགའ་ཞིག་ལྟར་དོན་རྟོགས་པར་བྱ་བའི་ཕྱིར་དང་། ཚིག་དེ་ཉིད་བཟླས་ཏེ་གསུངས་ན་ནི་སྔར་ཐོས་པ་དག་སྨད་པར་འགྱུར་བས་ཉེས་པ་དེ་སྤངས་ནས་སྔར་གྱི་དུས་སུ་ཡེངས་པ་དག་
གམ་ཕྱིས་འོངས་པ་རྣམས་ཀྱིས་དོན་དེ་ཐོས་པར་བྱ་བའི་ཕྱིར་དང་། བློ་ཞན་པ་རྣམས་ལ་དོན་དེ་ཡང་དང་ཡང་དུ་བཟླས་པས་རྟོགས་པར་བྱ་བའི་ཕྱིར་དང་། སྒྲ་གཅིག་དོན་དུ་མར་གྱུར་པས་དོན་གཞན་དུ་རྟོགས་པ་བསལ་བའི་ཕྱིར་དང་། གཞན་ལས་མིང་བཤད་པ་དང་འདྲ་བར་མིང་དེ་དག་གིས་དོན་དེ་
ལེགས་པར་རྟོགས་པར་བྱ་བའི་ཕྱིར་དང་། ཆོས་སྨྲ་བ་རྣམས་དོན་ཉེ་བར་སྦྱོར་བ་དང་སྟོན་པ་ལ་མཁས་པར་བྱ་བའི་ཕྱིར་དང་། བདག་ཉིད་ཆོས་སོ་སོ་ཡང་དག་པར་རིག་པ་ལ་མངའ་བརྙེས་པར་བསྟན་པའི་ཕྱིར་དང་། གཞན་རྣམས་ལ་དེའི་ས་བོན་བསྐྱེད་པའི་ཕྱིར་ཏེ། རྣམ་གྲངས་བསྟན་པའི་དགོས་པ་ནི་
དེ་ལྟར་རྣམ་པ་བརྒྱས་ཡོད་དོ། །དེ་བཞིན་དུ་ཐམས་ཅད་ལ་བརྗོད་པར་བྱའོ། །གང་ཡིན་པ་དེའི་ལས་བྱ་བ་ནི། གང་ཞེས་བྱ་བ་ཚིག་གི་ཕྲད་ཀྱི་དོན་ལ་འཇུག་སྟེ། སྲོག་གི་བར་ཆད་དུ་འགྱུར་བ་གང་ཡིན་པ་འདི་ནི་སྐབས་མེད་དོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །སྲོག་གི་བར་ཆད་དུ་འགྱུར་བ་ཞེས་བྱ་བ་ནི་
རྣམ་པར་ཤེས་པའི་རྒྱུན་ཆད་པའོ། །ནང་གི་བདག་ཉིད་ཅན་གྱི་ཉེ་བར་འཚེ་བ་དང་བྲལ་བའི་འོག་ཏུ་ཕྱི་རོལ་གྱི་ཉེ་བར་འཚེ་བ་ཉེ་བར་ཞི་བ་ཡིན་པས་གཞན་གྱི་གནོད་པས་མི་བརྫི་བའི་བྱེད་པ་བཞི་པ་ནི། གཞན་གྱིས་གནོད་པར་བྱེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་ནི་མི་ལ་སོགས་པའོ། །
དེའི་གནོད་པ་ནི་རལ་གྲིས་བསྣུན་པ་ལ་སོགས་པའོ། །མདོར་བསྟན་པའི་ཚིག་ནི་རྒྱས་པར་བསྟན་པས་རྣམ་པར་དབྱེ་བའི་ཕྱིར། ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོར་བསྟན་པའི་ཚིག་ལ་རྒྱས་པར་བསྟན་པ་ལས་བརྗོད་པར་བྱ་བའི་དོན་ཐ་དད་པ་མེད་ན་ཅིའི་ཕྱིར་འདིར་མདོར་སྟོན་པའི་
ཚིག་ཏུ་བྱེད་ཅེ་ན། དེ་བརྗོད་པར་བྱ་སྟེ། མདོར་བསྡུས་པས་དོན་རྒྱས་པར་བཤད་པ་ངེས་པར་གཟུང་བའི་ཕྱིར་མདོར་བྱས་པས་འགྲེལ་པའི་དོན་འཛིན་པ་དང་འདྲའོ། །སློབ་དཔོན་དབྱིག་གཉེན་གྱིས་གདུལ་བྱ་མགོ་སྨོས་པས་གོ་བ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་དང་། གཞན་རྣམས་ཀྱང་མ་འོངས་པ་ན་
เล่ม ๘๕ · หน้า 109b
མགོ་སྨོས་པས་གོ་བའི་རྒྱུ་བསགས་པའི་ཕྱིར་དང་། བདག་ཉིད་མདོར་བསྡུས་པ་དང་རྒྱས་པར་སྟོན་པ་ལ་མངའ་བརྙེས་པར་སྟོན་པའི་ཕྱིར་དང་། གཞན་རྣམས་དེ་ལྟར་བསླབས་པས་དེའི་ས་བོན་སྐྱེད་པའི་ཕྱིར་ཡིན་ནོ་ཞེས་བཤད་དོ། །ལུང་ལས་ནི་རྣལ་འབྱོར་པ་མདོར་བསྡུས་པ་ཙམ་ལ་སེམས་
མཉམ་པར་འཇོག་པ་རྣམས་དེའི་དོན་རྒྱས་པས་ཐམས་ཅད་ལ་མཉམ་པར་འཇོག་པར་ཇི་ལྟར་འགྱུར་ཞེས་དོན་དེའི་ཕྱིར་བསྡུས་ཏེ་བསྟན་ཏོ། །དེ་བཞིན་དུ་རྒྱས་པ་ཙམ་ལ་སེམས་མཉམ་པར་འཇོག་པའི་རྣལ་འབྱོར་པ་རྣམས་དེ་བསྡུས་པའི་དོན་ཐམས་ཅད་ལ་ཇི་ལྟར་མཉམ་པར་འཇོག་པར་འགྱུར་
ཞེས་དོན་དེའི་ཕྱིར་རྒྱས་པར་བཤད་པ་བསྟན་པ་ཡིན་ནོ། །དེ་ལྟར་དོན་འདིས་བསྟན་པའི་ཚིག་གིས་སྟོན་ཏོ་ཞེས་བཤད་དེ། དེ་བཞིན་དུ་ཐམས་ཅད་ལ་ཤེས་པར་བྱའོ་ཞེས་སོ། །མཚོན་ནི་འཁོར་ལོ་ལ་སོགས་པའོ། །གཞན་དག་ནི་རྡོ་ལ་སོགས་པའོ། །ཡུལ་དེར་འཕེན་པའི་ནུས་པ་དང་ལྡན་
པའི་སྐྱེས་བུས་འཕངས་པའི་མཚོན་ལ་སོགས་པ་རྣམས་བར་དུ་འགལ་བ་ཞུགས་པ་མེད་པར་ལུས་ལ་ཇི་སྟེ་མི་འཕོག་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཀཽ་ཤི་ཀ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། གོམས་པར་བྱས་པའི་ཡུམ་རིག་
སྔགས་ཆེན་མོ་ལ་སོགས་པའི་རང་བཞིན་གྱི་མཐུས་ལྕི་བ་ཉིད་ཀྱི་ཆོས་འགལ་བ་བར་དུ་ཞུགས་པའི་ཕྱིར་མདའ་ལ་སོགས་པ་དེའི་ལུས་ལ་མ་སླེབས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རིག་སྔགས་ཆེན་མོ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་ཆེན་པོ་ཉིད་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་
ཕྱིར་སྦྱོར་བ་ལ་སོགས་པའི་གནས་སྐབས་སུ་སྦྱར་རོ། །ལྷག་པར་མོས་པ་ལ་སོགས་པའི་ཡིད་ལ་བྱེད་པས་ལྷག་པར་གྱུར་པའི་ཕྱིར་བླ་ན་མེད་པའོ། །བསྒྲུབ་པ་ཉིད་ཀྱིས་མཉམ་པ་མེད་པས་ན་མི་མཉམ་པའོ། །ཤིན་ཏུ་རྣམ་པར་དག་པས་མཉམ་པ་མེད་པའི་རྒྱུད་གཞན་དང་མཉམ་པའི་ཕྱིར་
མི་མཉམ་པ་དང་མཉམ་པའོ། །འདི་རིག་སྔགས་ཆེན་མོ་ལ་སོགས་པ་ཇི་ལྟར་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་ཀཽ་ཤི་ཀ་རིག་སྔགས་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱམས་པ་ལ་སོགས་པ་སྔོན་
เล่ม ๘๕ · หน้า 110a
དུ་འགྲོ་བས་སློབ་པ་ན་སུ་ལ་ཡང་གནོད་པ་ལ་སོགས་པའི་དོན་དུ་མི་སློབ་པ་དེ་བས་ན་འཚེ་བ་ལ་སོགས་པ་ཚེ་ཐུང་བར་འགྱུར་བ་ལ་སོགས་པའི་རྒྱུ་རྣམ་པར་བསལ་བས་རིག་སྔགས་ཆེན་མོ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །བདག་ལ་གནོད་པ་བྱ་བར་ཡང་
སེམས་ཞེས་བྱ་བ་ནི་བདག་ཉིད་འཆི་བ་ལ་སོགས་པའི་རྒྱུར་འབད་པར་མི་བྱེད་དོ། །འཚེ་བ་ཐམས་ཅད་ཉེ་བར་ཞི་བའི་འོག་ཏུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བྱེད་པ་ལྔ་པ་ནི། ཀཽ་ཤི་ཀ་རིག་སྔགས་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་རྟོགས་པ་མངོན་སུམ་དུ་འགྱུར་བའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་རྟོགས་པའི་འོག་ཏུ་ཆོས་ཐམས་ཅད་ཀྱི་ཡུལ་ཤེས་པ་རྟོགས་པར་འགྱུར་བའོ། །དེ་ཉིད་བསྟན་པ་ནི་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སེམས་ལ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པས་ཆོས་ཐམས་ཅད་ཡོངས་སུ་བསྡུ་བའོ། །རྣམ་པར་ལྟ་བར་འགྱུར་རོ་ཞེས་བྱ་བ་ནི་ཤེས་པར་འགྱུར་བའོ། །རྣལ་འབྱོར་པའི་ཡེ་ཤེས་ཐམས་ཅད་ནི་དམིགས་སུ་མེད་པ་ཉིད་ཡིན་པར་
འདོད་པ་མ་ཡིན་ནམ། དེ་ཅི་ལྟར་ཆོས་ཐམས་ཅད་རྣམ་པར་ཤེས་པར་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཀཽ་ཤི་ཀ་རིག་སྔགས་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོབ་པ་ནི་བར་ཆད་མེད་པའི་ལམ་གྱི་སྒྲིབ་པ་གཉིས་པོ་བག་ཆགས་དང་བཅས་པ་སྤངས་
པའི་ཕྱིར་རོ། །ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་སུ་ཆུད་པ་དང་ལྡན་པའི་ཕྱིར་རོ། །མངོན་སུམ་དུ་བྱས་པ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ངེས་པའི་ཕྱིར་རོ། །འདི་སྐད་སྟོན་ཏེ། དཔེར་ན་རྨི་ལམ་བདེན་པ་མཐོང་བའི་ཤེས་པ་ནི་དོན་དམ་པར་
ཡུལ་མེད་དུ་ཟིན་ཀྱང་རྟགས་དང་ལུང་ལ་མི་ལྟོས་པར་རྟེན་གྱི་ཁྱད་པར་གྱི་དབང་གིས་ཡུལ་སོ་སོར་ངེས་པའི་རྣམ་པར་སྐྱེ་བ་ན་ཉེ་བར་བསྟན་པའི་དོན་ཐོབ་པར་བྱེད་པ་ཉིད་ཀྱིས་མི་བསླུ་བར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པའི་ཡེ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་གོམས་པའི་སྟོབས་ཀྱིས། ཇི་ལྟར་
เล่ม ๘๕ · หน้า 110b
གཞན་གྱིས་བྱུང་ཟིན་པ་དང་བྱུང་བ་དང་འབྱུང་བར་འགྱུར་བ་འམ་འདས་པ་དང་ད་ལྟར་དང་མ་འོངས་པ་ན་འབྱུང་བའི་རྣམ་པར་དེ་ལྟར་བརྟགས་པ་དེ་ཁོ་ན་ལྟར་ཉེ་བར་བསྟན་པ། རྣམ་པ་སྣ་ཚོགས་ཀྱི་དབྱེ་བས་རབ་ཏུ་སྤྲོས་པ་ཕྱི་རོལ་ལྟ་བུར་མངོན་ཞིང་གསལ་བར་སྣང་བའི་རང་བཞིན་ཅན། རྟགས་དང་ལུང་ལ་མི་ལྟོས་
པར་མི་བསླུ་བ་ཉིད་དུ་སྐྱེས་པ་ནི་མངོན་སུམ་གྱི་ཚད་མ་ཡིན་པར་འདོད་དོ། །དེ་བས་ན་དེ་ལྟར་བཅོམ་ལྡན་འདས་ནི་ཐམས་ཅད་མངོན་སུམ་དུ་གཟིགས་པ་ཉིད་དུ་ཁས་ལེན་པའི་ཕྱིར། གང་མ་ཐོབ་པ་འམ་མ་ཤེས་པ་འམ་མངོན་སུམ་དུ་མ་བྱས་པ་དེ་མི་མངའ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཞེས་བྱའོ། །
གང་གི་ཕྱིར་འབྲེལ་པ་མེད་པས་འཁྲུལ་པ་ལོག་ཀྱང་རྣམ་པ་ལྡོག་པ་སྲིད་པ་མ་ཡིན་ནོ་ཞེས་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་དབུ་མའི་ཚུལ་གྱི་རྗེས་སུ་འབྲངས་ནས་བཤད་པ་ཡིན་ནོ། །དད་པ་ཕུལ་དུ་བྱུང་བ་དང་ལྡན་པས་བསོད་ནམས་ཆེ་བ་ཉིད་ཡིན་པའི་ཕྱིར་གནས་གང་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་
ཐུགས་སུ་ཆུད་པ་ལ་སོགས་པ་སྐྱེས་པ་དེ་ནི་མཆོད་པར་བྱ་བ་ཡིན་ནོ་ཞེས་བྱང་ཆུབ་ཀྱི་བྱེད་པའི་འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་གྱི་ཡུལ་ལ་མཆོད་པ་ཉིད་ཀྱི་བྱེད་པ་དྲུག་པ་བསྟན་པའི་ཕྱིར། གཞན་ཡང་ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆུང་ངུ་ན་ཞེས་བྱ་བ་ནི་ཐ་མ་ནའོ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་
པ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ལ་གོམས་པ་དང་བྲལ་བའི་མྱོང་བར་ངེས་པའི་ལས་སོ། །དོན་གྱི་དེ་ཁོ་ན་ཉིད་འདི་ཉིད་དཔེས་བསྟན་པར་བྱ་བའི་ཕྱིར། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སྙིང་པོའི་སྙིང་པོར་གྱུར་པ་སྟེ། འདིར་ས་ཕྱོགས་སྐྱིལ་ཀྲུང་གིས་ནོན་པ་ནི་བྱང་
ཆུབ་ཀྱི་སྙིང་པོའོ། །དེར་འདུག་པ་ནི་དེའི་མཐའ་ལ་བརྟེན་པའོ། །བྱང་ཆུབ་ཀྱི་སྙིང་པོའི་ཁོར་ཡུག་ནི་མཚམས་ན་གནས་པའི་རྡོ་རྗེ་ཕུར་བུ་བཞིའི་ནང་དུ་ཆུད་པའི་སའི་ཆའོ། །བྱང་ཆུབ་ཀྱི་སྙིང་པོ་ནི་བཤད་ཟིན་ཏོ། །དེའི་ནང་ནི་དེའི་དབུས་ཀྱི་ནང་ངོ་། །བྱང་ཆུབ་ཀྱི་ཤིང་རྩ་བ་ན་འདུག་པ་ཞེས་བྱ་བ་ནི། སའི་ནང་དུ་
ཞུགས་པའི་རྩ་བ་ནི་ཁོར་ཡུག་སྨོས་པས་ཟིན་པའི་ཕྱིར་དེ་ལས་བྱུང་བའི་ཤིང་གི་ཆ་ནི་རྩ་བའོ། །གཙེ་བ་ཞེས་བྱ་བ་ནི་རྣམ་པར་མཐོ་འཚམ་པར་རོ། །གནོད་པ་ཞེས་བྱ་བ་ནི་རྣམ་པར་ཞེ་སྡང་བར་རོ། །འབེབས་པར་ཞེས་བྱ་བ་ནི་འབྱུང་པོའི་གདོན་ལ་སོགས་པ་འཇུག་པར་རོ། །མི་ནུས་སོ་ཞེས་བྱ་བ་ནི་དེ་
เล่ม ๘๕ · หน้า 111a
རྣམས་ལ་མི་བཏུབ་སྟེ་ཡུལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཙེ་བ་ལ་སོགས་པ་སྐྱེ་བའི་གེགས་བྱེད་པའི་བྱ་བ་མེད་པ་མ་ཡིན་ནམ། དེར་གཙེ་བ་ལ་སོགས་པ་བྱ་བར་ཇི་ལྟར་མི་ནུས་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། གང་དག་ཅེས་བྱ་བ་ལ་སོགས་པ་
གསུངས་པ་ཡིན་ནོ། །ངག་གི་དོན་ནི་འདི་ཡིན་ཏེ། གང་དག་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་གནོད་སེམས་ཆུང་ངུ་དང་འབྲིང་དང་ཆེན་པོའི་གཉེན་པོའི་བྱམས་པའི་དབྱེ་བ་མི་འཇིགས་པ་ཁོ་ན་མེད་པ་དང་མི་སྐྲག་པ་བདག་ཉིད་ཀྱིས་གུས་པར་མཛད་དེ། དུས་ཡུན་རིང་པོར་རྒྱུན་དུ་བསྒོམས་པ་དང་གཞན་དག་གི་དབང་དུ་
མཛད་ནས་སྟོན་པར་བྱེད་ཅིང་བརྗོད་པའི་དུས་གསུམ་གྱི་སངས་རྒྱས་དེ་རྣམས་དེར་འཁྲུངས་པས་གནས་དེ་ཁྱད་པར་ཅན་དུ་གྱུར་པ་ཡིན་ནོ། །དེ་བས་ན་རྒྱུ་རྐྱེན་གྱི་ཚོགས་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། སའི་ཆའི་བདག་ཉིད་ཀྱིས་ན་རྒྱུའི་ཉེས་པ་ལས་བྱུང་བའི་གཙེ་བ་ལ་སོགས་པའི་འབྲས་བུ་དེ་དེར་བྱེད་
པར་མི་ནུས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་དཔེ་བསྟན་ནས། དཔེས་བཤད་པའི་དོན་བསྟན་པའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔ་མ་དང་འདྲ་བའི་བསམ་པས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། དེ་བཞིན་དུ་
གནས་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་སྒོ་ནས་ལན་གདབ་པ་ནི། ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མཆོད་རྟེན་དུ་གྱུར་པ་ནི་ཕྱག་བྱ་བ་ལ་སོགས་པས་བསོད་ནམས་བསགས་པའི་རྒྱུར་འགྱུར་བའི་ཕྱིར་ཏེ། ཕ་དང་འདྲ་བ་ལ་ཕར་གྱུར་པ་ཞེས་འདྲ་བར་སྟོན་པའི་ཚིག་ལ་གྱུར་པའི་སྒྲས་སྨོས་
པའི་ཕྱིར་མཆོད་རྟེན་གཞན་དང་མཉམ་པ་ལ་གྱུར་པ་ཉིད་ཀྱིས་ན་ས་ཕྱོགས་དེ་མཆོད་རྟེན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །གང་དུ་གང་ཟག་ལ་བདག་མེད་པ་སྟོན་པར་བྱེད་པ། ཆོས་གང་རྒྱུས་བྱུང་དེ་དག་གི །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བྱིན་གྱིས་བརླབས་པའི་སའི་ཆ་མཆོད་
རྟེན་ཡིན་པར་འདོད་པ་དེར་དངོས་པོ་མཐའ་དག་རང་བཞིན་མེད་པར་སྟོན་པར་མཛད་པའི་རྒྱལ་བའི་ཡུམ་འཛིན་པ་ལ་སོགས་པ་དང་ལྡན་པ་ནི་ཤིན་ཏུ་གསལ་བར་མཆོད་རྟེན་དུ་གྱུར་པ་ཉིད་ཡིན་ནོ། །དེ་བས་ན་དབང་པོ་ཉིད་ལ་དབང་པོར་གྱུར་པ་ཞེས་བྱ་བ་དང་འདྲ་བར་དེའི་རང་བཞིན་ཉིད་ཀྱི་མཆོད་རྟེན་ཉིད་ལ་
เล่ม ๘๕ · หน้า 111b
མཆོད་རྟེན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་བཙུན་པ་ཟླ་བའི་ཡིན་ནོ། །ཕྱག་བྱ་བ་ནི་འདུད་པར་བྱ་བ་ཡིན་པའི་ཕྱིར་རོ། །རྗེད་པར་བྱ་བ་ནི་ཡོན་ཏན་རྗེས་སུ་དྲན་པས་མང་དུ་ཕུ་དུད་བྱེད་པའི་ཕྱིར་རོ། །མཆོད་པར་བྱ་བ་དང་། རི་མོར་བྱ་བ་དང་། བསྙེན་བཀུར་བྱ་བ་ནི། གོ་རིམས་བཞིན་དུ་མཆོད་པ་ཆུང་ངུ་དང་། འབྲིང་དང་།
ཆེན་པོ་རྣམས་ཀྱིས་སོ། །བཀུར་སྟི་བྱ་བ་ནི་དཔལ་གྱི་དར་དཔྱངས་བཅིང་བ་ལ་སོགས་པས་ཁྱད་པར་དུ་འཕགས་པའི་གནས་ལ་འཇོག་པའི་ཕྱིར་རོ། །བླ་མར་བྱ་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱིས་སོ། །སྐྱོབ་པ་ནི་ཉེ་བར་འཚེ་བ་ཐམས་ཅད་བཟློག་པ་ཉིད་ཀྱིས་སོ། །
སྐྱབས་ནི་དེ་ལ་བརྟེན་པའི་སྦྱོར་བས་དོན་མེད་པ་ཉིད་དུ་མི་འཇོག་པ་ཉིད་ཀྱིས་སོ། །གནས་ནི་ཁ་ན་མ་ཐོ་བ་མེད་པའི་དགའ་བའི་དབང་པོ་ཉིད་ཀྱིས་སོ། །དཔུང་གཉེན་ནི་མཆོག་ཏུ་འཕགས་པ་ཉིད་དུ་འགྲོ་བའི་གནས་ལ་འཇོག་པ་ཉིད་ཀྱིས་སོ། །ཇི་སྐད་དུ་བཤད་པའི་ཚུལ་གྱིས་ན་བྱེད་པ་ནི་རྣམ་པ་དྲུག་ཁོ་ནར་
ཤེས་པར་བྱའོ། །དེ་སྐད་དུ་ཡང་། ཀུན་ནས་དུལ་དང་ཐམས་ཅད་ནས། །འདུད་དང་ཉོན་མོངས་ལས་རྒྱལ་དང་། །གནོད་པས་བརྫི་བ་མེད་ཉིད་དང་། །བྱང་ཆུབ་ཉིད་དང་རྟེན་མཆོག་ཉིད། །ཅེས་གསུངས་པ་ཡིན་ནོ། །བྱེད་པའི་འོག་ཏུ་བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་ལ། དེ་ཡང་ཟག་པ་དང་བཅས་
པ་དང་ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཟག་པ་དང་བཅས་པ་ནི་མོས་པ་དང་། བསྔོ་བ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་མཚན་ཉིད་ཀྱིས་རྣམ་པ་གསུམ་མོ། །ཟག་པ་མེད་པ་ཡང་མངོན་པར་སྒྲུབ་པ་དང་། ཤིན་ཏུ་རྣམ་པར་དག་པའི་རང་བཞིན་གྱིས་རྣམ་པ་གཉིས་ཡིན་ནོ། །དེ་བས་
ན་ཇི་ལྟར་མོས་པ་བཞིན་དུ་མཐོང་བའི་དགེ་བའི་ཆོས་ཀྱི་རྟེན་བསྒོམ་པའི་ལམ་གྱི་དབང་དུ་བྱས་པ་ཡིན་པས། དང་པོ་མངོན་དུ་མི་བྱེད་པའི་ངོ་བོ་མོས་པ་བརྗོད་པར་བྱའོ། །དེ་ཡང་རང་གི་དོན་དང་། རང་དང་གཞན་གྱི་དོན་དང་། གཞན་གྱི་དོན་ཞེས་བྱ་བ་རྩ་བའི་དབྱེ་བས་རྣམ་པ་གསུམ་ཡོད་པ་ལ། རེ་རེ་ཞིང་ཆུང་ངུ་
དང་འབྲིང་དང་ཆེན་པོའི་དབྱེ་བས་ཐ་དད་པའི་ཕྱིར་ན་གསུམ་ཚན་གསུམ་གྱིས་རྣམ་པ་དགུར་འགྱུར་བ་ནི་འདི་ལྟ་སྟེ། རང་གི་དོན་གྱི་མོས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་། རང་དང་གཞན་གྱི་དོན་གྱི་མོས་པ་དང་། གཞན་གྱི་དོན་གྱི་མོས་པ་ལ་ཡང་དེ་བཞིན་ནོ། །དེ་ལྟར་རྣམ་པ་དགུ་པོ་དེ་དག་ཀྱང་རེ་རེ་ཞིང་ཆུང་ངུའི་ཆུང་ངུ་ལ་སོགས་
เล่ม ๘๕ · หน้า 112a
པའི་བྱེ་བྲག་གིས་སོ་སོར་ཕྱེ་ན་མོས་པ་དགུ་ཚན་གསུམ་གྱི་རྣམ་པ་ཉི་ཤུ་རྩ་བདུན་དུ་འགྱུར་བ་ནི། འདི་ལྟ་སྟེ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་དང་ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་འབྲིང་གི་འབྲིང་དང་འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་
པོ་དང་། དེ་ལྟར་རང་གི་དོན་གྱི་མོས་པ་དགུའོ། །རང་དང་གཞན་གྱི་དོན་གྱི་མོས་པ་དང་། གཞན་གྱི་དོན་གྱི་མོས་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་རང་གི་དོན་གྱི་མོས་པའི་རྣམ་པ་ཆུང་ངུའི་དབང་དུ་མཛད་ནས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ལྷའི་ཞེས་
བྱ་བ་ནི་ཡིད་དུ་འོང་བ་རྣམས་ཀྱིས་སོ། །མེ་ཏོག་ནི་སིལ་མར་གནས་པའོ། །བདུག་སྤོས་ནི་ལྷན་ཅིག་སྐྱེས་པ་དང་། སྦྱར་བ་ལ་སོགས་པའོ། །དྲི་ནི་ཙནྡན་ལ་སོགས་པའོ། །ཕྲེང་བ་ནི་དུས་ཐམས་ཅད་པའི་མེ་ཏོག་སྤེལ་ཏེ་བརྒྱུས་པའོ། །བྱུག་པ་ནི་སྐུའི་དྲིལ་ཕྱིས་ཀྱི་རྣམ་པའོ། །ཕྱེ་མ་ནི་གསེར་ལ་
སོགས་པའི་ཕྱེ་མའོ། །ན་བཟའ་ནི་གོས་ཀྱི་རྣམ་པའོ། །གདུགས་ནི་གདུགས་དཀར་པོ་ལ་སོགས་པའོ། །རྒྱལ་མཚན་ནི་ནམ་མཁའ་ལྡིང་ལ་སོགས་པས་མཚོན་པའོ། །དྲིལ་བུ་ནི་རྡོ་རྗེ་ལ་སོགས་པས་མཚོན་པའོ། །བ་དན་ནི་མཚན་མ་ལ་སོགས་པ་མེད་པའོ། །མཆོད་པ་རྣམ་པ་མང་པོ་དག་གིས་
ཞེས་བྱ་བ་ནི། བཟའ་བ་དང་བཅའ་བ་ལ་སོགས་པའི་རྣམ་པ་མང་པོས་སོ། །སྐུ་ནི་ཁ་ཅིག་ནི་གཟུགས་ཀྱི་སྐུ་ལ་བྱའོ་ཞེས་ཟེར་རོ། །གཞན་དག་ནི་སྐུ་གདུང་ལ་བྱའོ་ཞེས་ཟེར་རོ། །ནང་དུ་བཙལ་ཏེ་ཞེས་བྱ་བ་ནི་གཞག་སྟེའོ། །ཡོངས་སུ་འཛིན་ཅིང་ཞེས་བྱ་བ་ནི་ང་ཡི་ཉིད་ཀྱིས་བདག་
གིར་བྱས་པའོ། །འཆང་ལ་ཞེས་བྱ་བ་ནི་ཡུན་རིང་དུ་གནས་པར་བྱེད་པའོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་མཆོད་རྟེན་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་དེ་འབའ་ཞིག་ཏུ་མ་ཟད་ཀྱི་སྐུ་ལ་ཡང་ངོ་། །དེའི་ཚིག་ཉིད་ཀྱིས་རྒྱལ་བའི་ཡུམ་ལ་མཆོད་པ་ནི་བསོད་ནམས་ལྷག་པར་ཆེ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་
བརྒྱ་བྱིན་ལ་སླར་འདྲི་བར་མཛད་པ་ནི་ཀཽ་ཤི་ཀ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་བདག་གི་དངོས་པོ་སྐུ་མངོན་པར་གྲུབ་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་སུ་ཆུད་པར་རུང་གི་སྐུའི་དངོས་པོ་བསྐྱེད་པའོ། །ལམ་གང་ལ་ཞེས་བྱ་བ་ནི་བགྲོད་པར་བྱ་བ་
เล่ม ๘๕ · หน้า 112b
གང་ཞིག་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་ཕྱིན་ཅི་ལྡོག་མི་ལྡོག་པས་ན་གྲོལ་བ་མི་འཐད་པའི་ཕྱིར་རོ་སྙམ་པའི་བསམ་པ་དང་ལྡན་པས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཅེས་བྱ་བ་ལ་སོགས་པ་གསོལ་ཏེ། རྡོ་རྗེ་ལྟ་བུ་ལ་ཐོག་མར་སྐྱེ་བ་ཐོབ་དུ་རུང་བ་
ཉིད་ཀྱིས་རང་བཞིན་གྱིས་ནི་བརྙེས་པ་ཡིན་ལ། དེའི་འོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །ཡང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་དེ་ནས་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བླ་ན་མེད་པའི་བྱང་ཆུབ་ནི་ཉིད་
ཀྱི་དོན་ཕུན་སུམ་ཚོགས་པའོ། །ཐམས་ཅད་མཁྱེན་པ་ཉིད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ད་ནི་དེའི་ཚིག་ཉིད་ཀྱིས་ལན་གསུངས་པ་ནི་ཀཽ་ཤི་ཀ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པའོ། །བདག་གི་དངོས་པོའི་སྐུ་ཞེས་བྱ་བ་ལ་བདག་གི་དངོས་པོ་ཉིད་སྐུ་ཡིན་པའམ་མཆི་གུའི་ལུས་ཞེས་བྱ་བ་ལྟར་
བདག་གི་དངོས་པོའི་སྐུ་ཞེས་བྱ་བའི་དོན་ཏོ། །འདི་བརྙེས་པས་ནི་ཞེས་བྱ་བ་ནི་ཐོབ་པས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའོ་ཞེས་བྱ་བ་ནི། །ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐོབ་པར་གྱུར་པའི་ཕྱིར་རོ་ཞེས་འདོད་པའོ། །དེ་ལྟ་ན་ཇི་ལྟར་དེ་བཞིན་གཤེགས་པ་ཡིན་ཞེ་ན།
ཐམས་ཅད་མཁྱེན་པ་ཉིད་བརྙེས་པས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོན་ཏན་ན་གཞན་དག་ཀྱང་བསྟན་པ་ནི་ཀཽ་ཤི་ཀ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྟེན་གནས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི། གཞན་རྣམས་
ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པར་བྱེད་པའི་རྒྱུར་གྱུར་པའོ། །དེ་ཉིད་བསྟན་པའི་ཕྱིར་རྟེན་འདི་ལ་བརྟེན་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་ཞེས་བྱ་བ་ནི་བདག་གི་དངོས་པོའི་སྐུ་བརྙེས་པའོ། །རབ་ཏུ་འབྱེད་པ་ནི་གསལ་བར་བྱེད་པའོ། །སངས་རྒྱས་ནི་གཟུགས་ཀྱི་སྐུ་ལ་སོགས་པའི་རང་
བཞིན་ནོ། །ཆོས་ནི་མདོ་ལ་སོགས་པའི་བདག་ཉིད་ཅན་ནོ། །དགེ་འདུན་ནི་འཕགས་པ་ཕྱིར་མི་ལྡོག་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཚོགས་སོ། །ང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་ཞེས་བྱ་བའི་ཀྱང་གི་སྒྲས་ནི་བཞུགས་པ་བསྡུའོ། །དེ་ལྟར་རྒྱ་ཆེར་བསྟན་ནས་ཉེ་བར་བསྡུ་བའི་ཕྱིར་དེ་བས་ན་ཀཽ་ཤི་ཀ་
เล่ม ๘๕ · หน้า 113a
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ན་རྒྱུ་ཡིན་དུ་ཟིན་ཀྱང་ཡུམ་ལ་མཆོད་པས་བསོད་ནམས་ཆེས་མང་དུ་ཇི་ལྟར་སྐྱེ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །ངག་གི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་བྱ་བའི་ཚུལ་གྱིས་གཙོར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བས་ན་དེ་སྟོན་པར་བྱེད་པའི་རྒྱལ་བའི་ཡུམ་ལ་མཆོད་ན་
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ལ་མཆོད་པའི་ཕྱིར་བསོད་ནམས་མང་དུ་སྐྱེ་བ་ཡིན་ནོ། །གཟུགས་བརྙན་གྱི་དེ་བཞིན་གཤེགས་པ་ལ་མཆོད་ན་ནི་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་སྐུས་མ་བསྡུས་པ་ཡིན་པའི་ཕྱིར་བསོད་ནམས་ཆེས་མང་དུ་མི་བསྐྱེད་པ་ཡིན་ནོ། །བྲིས་ནས་མཆོད་ན་བསོད་ནམས་
མང་དུ་བསྐྱེད་པར་བསྟན་ནས། འདྲི་བཞིན་པ་ན་ཡང་དེ་དང་འདྲའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡང་རིགས་ཀྱི་བུ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔ་མ་བཞིན་དུ་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དེ་བཞིན་དུ་ལན་གདབ་པའི་ཕྱིར། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆུང་ངུའི་འབྲིང་གི་རྣམ་པ་བསྟན་པར་བྱ་བའི་ཕྱིར་ཞུ་བར་བྱེད་པ་ནི། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་གང་དག་ཅེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དོན་ཆེན་པོ་ཅན་དུ་ཞེས་པ་ལ། བསོད་ནམས་ཀྱི་ཚོགས་ནི་དོན་ཆེན་པོ་ཡིན་ལ་དེ་རྫོགས་
པར་བྱེད་པས་ན་དོན་ཆེན་པོ་ཅན་ནོ། །མ་འཚལ་ལགས་སམ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་མ་ཤེས་པའི་ཕྱིར་རོ། །ཕན་ཡོན་ཆེན་པོ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་དེའི་རྒྱུར་གྱུར་པ་ཉིད་ཀྱིས་ན་ཕན་ཡོན་ཆེན་པོ་དང་ལྡན་པའོ། །རྟོགས་པར་མ་གྱུར་ལགས་སམ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་མ་ཤེས་པའི་ཕྱིར་
རོ། །འབྲས་བུ་ཆེ་བ་དང་རྣམ་པར་སྨིན་པ་ཆེ་བར་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་གོ་རིམས་བཞིན་དུ་རྣམ་པར་སྨིན་པ་རྒྱུ་མཐུན་པའི་འབྲས་བུ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་དག་སྐྱེད་པར་བྱེད་པ་ཡིན་པས་དེ་སྐད་ཅེས་སྨྲས་པ་ཡིན་ནོ། །རིག་པར་མ་གྱུར་ལགས་སམ་ཞེས་
เล่ม ๘๕ · หน้า 113b
བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་མ་རྟོགས་པའི་ཕྱིར་རོ། །སླར་ཞིང་དད་པར་མ་གྱུར་ལགས་ཞེས་བྱ་བ་ནི་ལས་ཀྱི་འབྲས་བུ་ལ་སོགས་པ་ལ་ཡང་ཡིད་མ་ཆེས་པའི་ཕྱིར་རོ། །དེའི་ཚིག་ཉིད་ཀྱིས་དྲིས་པའི་ལན་བཏབ་ནས་ཆུང་ངུའི་འབྲིང་གི་རྣམ་པ་བསྟན་པའི་ཕྱིར་སླར་དྲི་བ་མཛད་པ་ནི་ཀཽ་ཤི་
ཀ་འདི་ཇི་སྙམ་དུ་སེམས་འཛམ་བུའི་གླིང་གི་མི་དེ་དག་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟོགས་ནས་དད་པ་དང་ལྡན་པ་ཞེས་བྱ་བ་ནི་ཡོན་ཏན་སྲིད་པར་རྟོགས་པ་སྔོན་དུ་འགྲོ་བའི་དད་པའོ། །ཁ་ཅིག་ནི་ཐེ་ཙོམ་སྤངས་པའི་ཕྱིར་རྟོགས་ནས་དད་པ་དང་ལྡན་པ་ཞེས་བྱའོ་ཟེར་རོ། །གཞན་དག་
ནི་དེ་ཁོ་ན་ཉིད་རྟོགས་པ་དག་དཀོན་མཆོག་གསུམ་དང་བཞི་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་དད་པ་ནི་རྟོགས་ནས་དད་པ་དང་ལྡན་པའོ་ཞེས་འདོད་དོ། །བརྩོན་འགྲུས་ཕུལ་དུ་བྱུང་བ་ལ་སོགས་པ་དང་ལྡན་པས་གོང་ནས་གོང་དུ་བསོད་ནམས་དང་པོ་ཉིད་ལ་སོགས་པའི་འབྲས་བུ་ཁྱད་པར་ཅན་དུ་
འགྱུར་བ་ཡིན་ནོ་སྙམ་དུ་དགོངས་ནས་ལེགས་པར་སྨྲས་པ་ཉིད་ཀྱིས་བློ་མཐུན་པ་ནི་ཀཽ་ཤི་ཀ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །འདིས་ནི་དོན་འདི་སྐད་སྟོན་ཏེ། ཇི་ལྟར་བརྩོན་འགྲུས་ཕུལ་དུ་བྱུང་བ་ལ་སོགས་པ་དང་བྲལ་བར་རྟོགས་ནས་དད་པ་དང་ལྡན་པ་ཐོབ་ཅིང་རྟོགས་པ་ཆེན་པོ་
ཁོང་དུ་ཆུད་པ་ཡང་ཉུང་བ་ཡིན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་ལ་སོགས་པ་བྱེད་པ་ནི་ཉུང་ངོ་ཞེས་དེའི་ཚིག་གིས་བསྟན་པ་ཡིན་ནོ་ཞེས་བྱ་བར་གཟུང་སྟེ། གཞན་དུ་བརྒྱ་བྱིན་གྱིས་ཞུས་པའི་ཚིག་ལ་ཅི་ཡང་མ་གསུངས་པར་འགྱུར་རོ། །ཆེས་ཉུང་བ་དང་ཆེས་ཤིན་ཏུ་ཉུང་བ་ལ་སོགས་
པ་བསྟན་པས་བརྗོད་མ་ཐག་པའི་དོན་རྒྱས་པར་བཤད་པའི་ཕྱིར། ཀཽ་ཤི་ཀ་གང་དག་རྒྱུན་དུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་བསྐྱེད་པ་རྒྱས་པར་བྱེད་ནས་ཞེས་བྱ་བ་ནི། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །
འབྱོར་པའི་དུས་དང་རྒུད་པའི་དུས་དག་ཏུ། །ཉོན་མོངས་སྡུག་བསྔལ་དག་གིས་འདི་མི་འཇིགས། །ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་རྗེས་སུ་དྲན་ནས་སྒྲུབ་པ་རྒྱས་ཤིང་བསྟན་པར་བྱེད་པའོ། །བརྩོན་འགྲུས་བརྩམས་ཤིང་ཞེས་བྱ་བ་ནི་བརྩོན་འགྲུས་འབར་བའོ། །རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བ་ནི་བསམ་
เล่ม ๘๕ · หน้า 114a
གཏན་གྱི་སྟོབས་ཀྱིས་སེམས་རྩེ་གཅིག་པ་ཉིད་དོ། །སྤྱོད་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་རྟོགས་པས་རྗེས་སུ་གནས་པའོ། །ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཞེས་བྱ་བ་ནི་མི་གཡོ་བ་ལའོ། །ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། ཡངས་ཤིང་རྒྱ་ཆེ་དགའ་
བ་དང་། །དགོས་པ་ཆེ་ལ་བརྩོན་པ་དང་། །དགེ་བ་ཉིད་ནི་ལྷག་པ་ཡིས། །བསམ་པ་དམ་པའི་ལྷག་བསམ་ཡིན། །ཞེས་བྱ་བའི་ཁྱད་པར་ཅན་གྱི་བསམ་པ་དང་ལྡན་པའོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་ཉན་པ་པོ་དེ་དག་གོ། །གཞན་ཡང་ཆེས་ཤིན་ཏུ་ཉུང་བ་ཉིད་བསྟན་པར་བྱ་
བའི་ཕྱིར་ཀཽ་ཤི་ཀ་ཡང་གང་དག་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐམས་ཅད་བསམ་པ་མཉམ་པ་ལ་འཇུག་པ་མ་ཡིན་ནམ། ཇི་ལྟར་ན་གཅིག་གམ་གཉིས་ཤིག་གནས་པར་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས།
ཀཽ་ཤི་ཀ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང་། མཐོང་བ་དང་སྒོམ་པ་དང་ཁྱད་པར་གྱི་ལམ་རྣམས་ལ་བརྩོན་འགྲུས་ཕུལ་དུ་བྱུང་བ་དང་བྲལ་བའི་ཕྱིར། བརྩོན་འགྲུས་ཞན་པ་ཞེས་བྱ་བ་ལ་སོགས་
པ་ཚིག་བདུན་གྱི་དོན་གོ་རིམས་བཞིན་དུ་བརྗོད་པར་བྱའོ། །འདི་སྐད་དུ་བརྩོན་འགྲུས་ཕུལ་དུ་བྱུང་བ་མེད་པས་དང་པོར་བསམ་པ་མཚུངས་པས་ཞུགས་པ་ཡིན་དུ་ཟིན་ཀྱང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །བསྒྲུབ་པར་དཀའ་བ་
ཞེས་བྱ་བ་ནི་བགྲོད་པར་དཀའ་བའོ། །ཆུང་ངུའི་ཆེན་པོའི་རྣམ་པ་བསྟན་པའི་ཕྱིར། ཀཽ་ཤི་ཀ་དེ་བས་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱུར་དུ་ཞེས་བྱ་བ་ནི་རིངས་པར་རོ། །བདེ་བར་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པར་རོ། །རྒྱུན་མི་འཆད་པར་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །
དེ་བཞིན་གཤེགས་པ་ཉིད་དོན་དུ་གཉེར་བས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པར་བྱ་བ་མ་ཡིན་ནམ། དེ་ནི་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཀཽ་ཤི་ཀ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངག་གི་དོན་ནི་
เล่ม ๘๕ · หน้า 114b
འདི་ཡིན་ཏེ། གང་གི་ཕྱིར་སྔོན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དེ་བཞིན་དུ་བདག་ཅག་གིས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པའི་རྒྱུ་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པར་བྱའོ། །གཞན་དུ་ན་དམིགས་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྫོགས་པར་མི་འགྱུར་ཞིང་བྱང་ཆུབ་རྟོགས་པར་མི་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་དེས་ཤེས་པ་ཡིན་ནོ་ཞེས་བྱ་བའོ། །འབྲིང་གི་ཆུང་ངུའི་རྣམ་པ་བསྟན་པའི་ཕྱིར་ཀཽ་ཤི་ཀ་དེ་བས་ན་དེ་ལྟར་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཞེས་བྱ་བ་ནི། མུ་སར་གལ་བ་བཻ་ཌཱུརྱ། །དངུལ་དང་ཤེལ་དང་གསེར་དང་ནི། །མུ་ཏིག་དམར་བཅས་རྡོ་སྙིང་རྣམས། །ཀུན་ལས་གཙོ་ཕྱིར་རིན་པོ་ཆེ། །སྣ་བདུན་བརྗོད་པ་ཡང་ན་ནི། །མདོག་དང་དབྱིབས་ཀྱི་ཆ་
ཙམ་ལས། །དེ་ལས་ཐ་དད་རིན་པོ་ཆེ། །གཞན་པ་དག་ནི་ཡིན་པར་བརྗོད། །ཅེས་བཤད་པས་ན་རིན་པོ་ཆེ་སྣ་བདུན་པོ་དེ་དག་གི་རང་བཞིན་ནོ། །རང་བཞིན་ཞེས་བྱ་བ་ནི་དེའི་ངོ་བོའོ། །དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་གདུང་
དབུས་ན་ཡོད་པའོ། །བྱེ་བ་མང་པོ་ཞེས་བྱ་བ་ནི་བྱེ་བ་དང་བྱེ་བ་ནི་བྱེ་བ་དུ་མ་ཡིན་ནོ། །དེའི་གཞི་ལས་ཞེས་བྱ་བ་ནི་རྒྱུ་དེ་ལས་སོ། །ལ་ལ་ལས་ནི་དེ་ལས་གཞིའི་བསོད་ནམས་ཞེས་འདོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་མཆོད་པ་དེ་ལ་ལྟོས་ནས་
གཞི་དེས་སངས་རྒྱས་ཉིད་འཐོབ་པའི་རྒྱུའི་བསོད་ནམས་མང་དུ་བསྐྱེད་དམ་ཞེས་བྱ་བ་ཡིན་ནོ། །བསོད་ནམས་ཞེས་བྱ་བ་ནི་མངོན་པ་ཀུན་ལས་བཏུས་པ་ལས། འདོད་པ་དང་རབ་ཏུ་ལྡན་པའི་དགེ་བ་གང་ཡིན་པ་ནི་བསོད་ནམས་ཞེས་བྱ་བ་ལ། གཟུགས་དང་གཟུགས་མེད་པ་དང་རབ་ཏུ་
ལྡན་པ་ནི་མི་གཡོ་བ་ཞེས་བྱ་བའོ་ཞེས་མིང་ཐ་དད་པར་བྱས་མོད་ཀྱི། འདིར་སྤྱིར་དགེ་བ་ལ་བསོད་ནམས་ཞེས་བྱ་བར་ཤེས་པར་བྱ་སྟེ། གཟུགས་ཀྱི་ཁམས་ན་ཡང་དོན་འདི་སྲིད་པའི་ཕྱིར་རོ། །བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་ཞེས་བྱ་བ་ནི། ཤིན་ཏུ་རྒྱ་ཆེ་གྲུབ་
เล่ม ๘๕ · หน้า 115a
བྱའི་ཕྱིར། །མང་པོ་ཞེས་བྱ་ཡང་བསྟན་ཏོ། །རིངས་བག་ལ་སོགས་ཁྱད་པར་ལས། །བདེ་གཤེགས་ཞེས་ཀྱང་ཤེས་པར་བྱ། །ཞེས་བྱ་བའོ། །མངོན་པར་དད་དེ་ཞེས་བྱ་བ་ནི་མངོན་པར་ཡིད་ཆེས་པར་བྱེད་པའོ། །རྟོག་ཅིང་ཞེས་བྱ་བ་ནི་ཡིད་ལ་
འཇོག་པའོ། །མོས་ལ་ཞེས་བྱ་བ་ནི་ལྷག་པར་མོས་པའི་ཡིད་ལ་བྱེད་པས་དམིགས་པའོ། །སེམས་དང་བས་ཞེས་བྱ་བ་ནི་བཟང་པོ་ཉིད་དུ་མཐོང་བས་སེམས་མངོན་པར་ཕྱོགས་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་
བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་ཅིང་སེམས་ཁྱད་པར་ཅན་དུ་བྱས་པའོ། །དོན་རྣམ་པར་འགྲེལ་པ་དང་ཞེས་བྱ་བ་ནི་དོན་ཁོ་ན་འབའ་ཞིག་བླངས་ཏེ་སྟོན་པའོ། །ཡིད་ཀྱི་རྗེས་སུ་རྟོག་པ་དང་ཞེས་བྱ་བ་ནི་ཕན་ཚུན་མི་འགལ་བར་ངེས་པར་རྟོགས་པའོ། །ཇི་ལྟ་བུར་གྲུབ་པའི་ཞེས་བྱ་བ་ལ་སོགས་པ་
ལ། འབྲིང་གི་ཆུང་ངུ་ལ་སོགས་པའི་རྣམ་པའི་མོས་པ་གྲུབ་པ་གང་དང་ཡང་དག་པར་ལྡན་པ་དང་། ཤེས་རབ་གང་ཡིན་པ་དེ་ཡང་ཇི་ལྟར་གྲུབ་པ་ཡིན་ཏེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཡོངས་སུ་དཔྱོད་པར་བྱེད་ཅིང་ཞེས་བྱ་བ་ཡོངས་སུ་རྟོག་པར་བྱེད་པའོ། །དམ་པའི་ཆོས་ཡུན་རིང་
དུ་གནས་པར་བྱ་བ་ནི་དེའི་རྒྱུ་མཚན་ནོ། །དེ་ཉིད་ནི་སངས་རྒྱས་ཀྱི་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཚུལ་ནི་གཙོ་མོ་སྟེ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ལ། འདི་ནི་གླེགས་བམ་དུ་བྲིས་པ་མེད་ན་ཀླག་པ་དང་ཁ་ཏོན་ལ་སོགས་པ་མེད་པ་འགྱུར་
བས་དེ་རྒྱུན་ཆད་པར་མ་གྱུར་པའོ། །དེ་བཞིན་དུ་ཡུམ་མི་བཞུགས་ཏེ་རྟོགས་པ་དང་ལུང་གི་དམ་པའི་ཆོས་ནུབ་པར་མ་གྱུར་ཅིག་ཅེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡུམ་ཡིན་པས་གླེགས་བམ་དུ་བཞུགས་པས་ཉན་པ་ལ་སོགས་པའི་མཚན་གྱི་ཕན་གདགས་པ་བསྒྲུབ་པ་བྱས་པར་
འགྱུར་བ་ཡིན་ནོ། །ཚུལ་དང་མ་བྲལ་བས་ཞེས་བྱ་བ་ལ་གང་གི་ཕྱིར་ཞེས་བྱ་བ་ནི་ལྷག་མ་ཡིན་ལ། བས་ཞེས་བྱ་བ་ནི་དེའི་ཕྱིར་ཡིན་པས་ཏེ་གཞག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བཞག་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་ཇི་སྐད་དུ་བཤད་པའི་བསམ་པས་བཀུར་སྟིར་བྱ་བ་ལ་སོགས་པ་
เล่ม ๘๕ · หน้า 115b
ཡང་བྱའོ་ཞེས་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །ཉན་པ་ལ་སོགས་པ་འདི་དག་ཐམས་ཅད་ཀྱིས་ནི་ཆོས་སྤྱོད་རྣམ་པ་བཅུ་བཤད་པ་ཡིན་ཏེ། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་
སེམས་པ་དང་སྒོམ་པའོ། །ཆོས་སྤྱོད་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཁྱད་པར་ཕྱིར་དང་མི་ཟད་ཕྱིར། །གཞན་ལ་ཕན་འདོགས་མ་ཞི་ཕྱིར། །ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། །འབྲིང་གི་རྣམ་པའི་དབང་དུ་མཛད་ནས། ཀཽ་ཤི་ཀ་རིན་པོ་ཆེ་སྣ་བདུན་
གྱི་མཆོད་རྟེན་གྱི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བྱེ་བ་དུ་མ་ལྟ་ཞོག་གི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཛམ་བུ་གླིང་ཞེས་བྱ་བ་ནི། །འཛམ་བུ་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་སོགས་ཚད་ཕྱེད་དང་བཞི། །ཞེས་
བྱའོ། །འབྲིང་གི་ཆེན་པོ་གསུངས་པ་ནི། ཀཽ་ཤི་ཀ་འཛམ་བུའི་གླིང་འདི་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་ཞེས་བྱ་བ་ལ་སོགས་གསུངས་པ་ཡིན་ཏེ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་ཞེས་བྱ་བ་ནི། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འོད་པའི་འོག་དག་གི། རླུང་གི་
དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་དག་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །གསེར་གྱི་རི་ནི་བདུན་པོ་
སྟེ། །དང་པོ་ཉིད་ནི་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །བལྟ་ན་སྡུག་དང་རྟ་རྣ་དང་། རྣམ་པར་འདུད་དང་མུ་ཁྱུད་འཛིན། །དེ་ནས་གླིང་ནི་རྣམ་པ་བཞི། །ལྷོ་ལ་སོགས་པའི་ཕྱོགས་ལ་བརྟེན། །འཛམ་བུ་གླིང་སྟེ་ངོས་གསུམ་ལ། སྟོང་ཕྲག་གཉིས་སོ་ཤིང་རྟའི་
དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །སྒྲ་མི་སྙན་ནི་གྲུ་བཞིར་མཉམ། །དཔག་ཚད་སྟོང་
เล่ม ๘๕ · หน้า 116a
ཕྲག་བརྒྱད་ཡིན་ནོ། །དེ་ཡི་བར་གྱི་གླིང་བརྒྱད་ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །དེ་དག་གྲངས་ནི་ཇི་བཞིན་འདོད། །གླིང་བཞི་པོ་ནི་དེ་དག་གི། ཕྱི་རོལ་ན་ནི་ཁོར་
ཡུག་སྟེ། །མཚམས་བཅད་དང་འདྲར་ལྕགས་ལས་ནི། །བྱུང་བའི་རི་ནི་ནག་པོར་བཅས། །འདི་ཀུན་ཆུའི་ནང་བརྒྱད་ཁྲི་དག །ནུབ་པོ་ཆུ་ཡི་སྟེང་དུ་ཡང་། །དཔག་ཚད་དག་ནི་བརྒྱད་ཁྲིའོ། །བརྒྱད་པོ་འཕང་དུ་ཕྱེད་ཕྱེད་འབྲི། །དེ་དག་རྔམས་སུའང་འཕང་དང་མཉམ། །དེ་ཡི་བར་བདུན་
རོལ་མཚོ་ཡིན། །དང་པོ་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། །དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། །ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན། །རི་རབ་ཀྱི་སྟེང་ཡན་ཆད་ཡིན། །ལྷ་ཡི་གཞལ་མེད་ཁང་ཡིན་ནོ། །ཞེས་བཤད་དོ། །གླིང་བཞི་པ་ཉིད་ནི་གླིང་
བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བཤད་དོ། །ཆེན་པོའི་ཆུང་ངུ་ནི་ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག་གི་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་ཞེས་བྱ་བ་ནི། གླིང་བཞི་པ་དང་ཉི་ཟླ་
དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །ཆེན་པོའི་འབྲིང་བསྟན་པ་ནི། ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ནི་
ཞེས་བྱ་བ་ནི། དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །ཆེན་པོའི་ཆེན་པོ་བསྟན་པའི་ཕྱིར། །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཞེས་
བྱ་བ་ནི། དེ་སྟོང་ལ་ནི་སྟོང་གསུམ་གྱི། །འཇིག་རྟེན་ཁམས་ནི་བླ་ན་མེད། །ཁོར་ཡུག་ཆེན་པོས་ཡོངས་སུ་བསྐོར། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །བདག་ཏུ་ང་རྒྱལ་གྱི་ས་བོན་མ་ཟད་པ་ཉིད་ཀྱིས་དང་པོ་ཁོ་ནར་རང་གི་དོན་གྱི་མོས་པ་རྣམ་པ་དགུར་བསྟན་ནས། རང་དང་
เล่ม ๘๕ · หน้า 116b
གཞན་གྱི་དོན་གྱི་མོས་པ་ཆུང་ངུའི་ཆུང་ངུའི་དོན་བསྟན་པའི་ཕྱིར། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་ཕྱི་མེད་པར་ཞེས་བྱ་བ་ནི་སྔ་མ་མེད་པར་ཕྱི་མ་ཡང་མེད་པར་དུས་གཅིག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་རང་བཞིན་
གྱི་བསོད་ནམས་བྱ་བ་དེས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་བྱས་ནས་བཀུར་སྟིར་བྱེད་པ་ལ་སོགས་པའི་རང་བཞིན་ཅན་གྱི་བསོད་ནམས་ཀྱི་སེམས་ཆེ་བས་སོ། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲན་པ་རྣམས་ནི་ཆོས་ཉིད་ལྟ། །
ཞེས་གསུངས་པས་ཆོས་ཉིད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཡིན་པས་བསོད་ནམས་ཆེས་མང་དུ་སྐྱེའོ་སྙམ་དུ་བསམས་ནས་འགའ་ཞིག་གི་དོན་བྱ་བའི་ཕྱིར་རང་གི་རྟོགས་པ་གསལ་བ་ནི་བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་
བར་གཤེགས་པ་དེ་དེ་བཞིན་ཏེ་ཞེས་བྱ་བའོ། །དེ་ཉིད་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཇི་སྐད་དུ་བཤད་པའི་དབྱེ་བ་ཆུང་ངུའི་ཆུང་ངུ་ཉིད་རྣམ་པ་གཞན་དག་གིས་གསལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་
རྣམ་གྲངས་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། རྣམ་གྲངས་ཞེས་བྱ་བ་ནི་རྒྱས་པར་བསྟན་པས་སོ། །སིལ་སྙན་ཐམས་ཅད་དང་ཞེས་བྱ་བ་ནི་པི་བང་དང་གླིང་བུ་ལ་སོགས་པ་སིལ་སྙན་སྟོང་ཕྲག་བཅུ་རྣམས་ཀྱིས་སོ། །གླུ་བླངས་ཐམས་ཅད་དང་ཞེས་བྱ་བ་ནི་ལེགས་པར་སྦྱར་
བ་དང་ཐ་མལ་པའི་གླུ་ལ་སོགས་པ་རྣམས་ཀྱིས་སོ། །གར་ཐབས་དང་ཞེས་བྱ་བ་ནི། སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་ལ་སོགས་པ་རྣམས་ཀྱིས་སོ། །རོལ་མོ་དང་ཕེག་རྡོབ་པ་དང་ཐམས་ཅད་ཀྱིས་ཞེས་བྱ་བ་ནི། དུང་ལ་སོགས་པའི་སྒྲ་སྐད་ནི་རོལ་མོ་ཐམས་ཅད་དོ། །
ལག་མཐིལ་གྱི་རོལ་མོའི་ཁྱད་པར་ནི་ཕེག་རྡོབ་པའོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་རྗེས་སུ་དགྱེས་པའི་དོན་དུ་ཀཽ་ཤི་ཀ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མང་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི། སྦྱོར་བ་ལ་སོགས་པའི་གནས་སྐབས་སུ་སྦྱར་རོ། །བསམ་
เล่ม ๘๕ · หน้า 117a
གྱིས་མི་ཁྱབ་པར་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་བསྐྱེད་པའི་ཕྱིར་རིམ་པ་བཞིན་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཉིད་མ་ཡིན་ནམ། ཡུམ་ལ་མཆོད་པས་
ཇི་ལྟར་ན་བསོད་ནམས་ལྷག་པར་ཆེ་བ་ཡིན་སྙམ་པའི་དགོས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་འདི་ནི་སྔར་གསུངས་པ་ཉིད་ཡིན་པས་འདིར་སྔར་མ་བྱུང་བར་བརྗོད་པ་ཅུང་ཟད་ཀྱང་མེད་པ་མ་ཡིན་
ནམ། ཅིའི་ཕྱིར་འདི་ཉེ་བར་དགོད་པ་མཛད་ཅེ་ན། བརྗོད་པར་བྱ་སྟེ། དེ་ལྟ་ཡིན་དུ་ཆུག་ན་ཡང་འོན་ཀྱང་རྣམ་པ་གང་གིས་ཉན་པ་པོའི་སྐྱེ་བོ་གཞན་གྱི་སེམས་དོགས་པ་དང་བཅས་པར་སྐྱེ་བ་དེ་ལ་སྔར་བརྗོད་པའི་ཚུལ་གྱིས་ཀྱང་དོགས་པ་མེད་པ་ཁོ་ན་སྟེ། གང་གི་ཕྱིར་གཅིག་ལ་
གཞན་དུ་བརྗོད་པའི་བརྒལ་བ་དང་ལན་དེ་ཉིད་ནི་གཞན་ལ་བརྒལ་བ་དང་ལན་དུ་མི་འགྱུར་རོ་ཞེས་བྱ་བའི་ངེས་པ་འདི་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བཟློས་ཏེ་གསུངས་པར་དོགས་པར་མི་བྱ་སྟེ། གཞན་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཆར་ཡང་མི་འགྲོ་ཞེས་བྱ་བ་ནི་
གནས་སྐབས་ཀྱི་ཆར་མི་འགྱུར་བའི་མཐུ་ཆ་ཕྲ་མོ་ཡང་ངོ་། །གྲངས་སུ་ཡང་ཞེས་བྱ་བ་ནི་གྲངས་ལ་ཐ་དད་པའི་གྲངས་ཉུང་ངུར་རོ། །ཆར་ཡང་ཞེས་བྱ་བ་ནི་མཐུ་ཆ་ཕྲ་མོར་ཡང་ངོ་། །བགྲང་བར་ཡང་ཞེས་བྱ་བ་ནི་རིགས་མ་བརྗོད་པའོ། །དཔེར་བྱ་བ་ཡང་ཞེས་བྱ་བ་ནི་འདྲ་བའི་གནས་སྐབས་
སུའོ། །དཔེས་བསྟན་པར་ཡང་ཞེས་བྱ་བ་ནི། ཡོན་ཏན་གང་ཡོད་པས་རྫས་ལ་སྒྲ་འཇུག་པ་དེ་བརྗོད་པ་ན་ཏ་དང་ཏལ་དག་ཏུ་འགྱུར་རོ་ཞེས་བརྗོད་པའི་ཕྱིར་ན་དཔེའི་ཡོན་ཏན་ནི་དཔེས་བསྟན་པ་ཡིན་ནོ། །རྟེན་དུ་ཡང་ཞེས་བྱ་བ་ནི་ཤིན་ཏུ་ཆུང་བ་སྙད་རྟེན་ཙམ་དུའོ། །རྒྱུར་ཡང་ཞེས་བྱ་བ་ནི་
རྒྱུའི་ངོ་བོར་ཡང་ངོ་། །མི་བཟོད་དོ་ཞེས་བྱ་བ་ནི་མི་རྟོགས་པར་རོ། །ཆ་ལ་སོགས་པའི་རང་བཞིན་དུ་སྟོན་པ་ནི་ཚིག་འདི་དག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་མཆོད་པའི་བསོད་ནམས་དག་པར་ཐག་རིང་བར་བསྟན་པ་ཡིན་ཏེ།
เล่ม ๘๕ · หน้า 117b
ཆ་ཤས་ཅན་དང་རྡུལ་ཕྲ་རབ་ཀྱི་གཟུགས་དག་ལ་གཅིག་དང་ཆ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ་ཞེས་གཟུང་བར་བྱའོ། །ཆུང་ངུའི་འབྲིང་གི་རྣམ་པའི་དོན་དུ་གྲོགས་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གཟུང་བར་བགྱིའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། མཐུ་ཆེན་པོ་དང་ལྡན་པ་ཉིད་ཀྱིས་
བཟོད་པ་ཕུན་སུམ་ཚོགས་པ་ནི་བརྒྱ་བྱིན་ཡིན་པའི་ཕྱིར་དེ་ལ་བོད་པ་ནི་གྲོགས་པོ་ཞེས་བྱ་བ་ཡིན་ནོ། །ལྷའི་བུ་རྣམས་ཀྱིས་ལེགས་པར་སྨྲས་པ་ཉིད་ཀྱིས་ན་དེ་ཉིད་བཅོམ་ལྡན་འདས་ཀྱིས་ཀཽ་ཤི་ཀ་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཐོང་བའི་དགོས་པ་མེད་པར་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཅིའི་ཕྱིར་གཟུང་སྙམ་དུ་འགའ་ཞིག་རྟོག་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། གང་གི་ཚེ་ལྷ་མ་ཡིན་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་བུར་སེམས་ཀྱི་རྒྱུ་བ་འབྱུང་སྟེ་ཞེས་བྱ་བ་ནི་འོག་ནས་འཆད་པའི་རྣམ་པར་རྟོག་པའོ། །འཐབ་པར་བྱའོ་
ཞེས་བྱ་བ་དེ་ཉིད་བཤད་པ་ནི་གཡུལ་འགྱེད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དྲན་པར་བྱོས་ཤིག་ཅེས་བྱ་བ་ནི་ཡིད་ཀྱིས་སོ། །ཁ་ཏོན་དུ་བྱོས་ཤིག་ཅེས་བྱ་བ་ནི་ཚིག་གིས་སོ། །མཐོང་བའི་ཆོས་ཀྱི་ཕན་ཡོན་མཐོང་བས་རབ་ཏུ་དང་བ་ཉིད་སྐྱེས་ཏེ་བསྟོད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་
བྱ་བ་ལ་སོགས་པ་གསོལ་ཏོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་རྗེས་སུ་བརྗོད་པའི་དོན་དུ་ཀཽ་ཤི་ཀ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་འདས་མ་རིག་སྔགས་ཆེན་མོ་ལ་སོགས་པ་ཉིད་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས།
འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་མདོར་བསྡུས་པའི་དོན་གྱི་དེ་ཁོ་ན་ཉིད་ནི་འདི་ཡིན་ཏེ་སྒྲིབ་པའི་དུག་ཐམས་ཅད་ཞི་བར་བྱེད་པས་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་མཛད་པའི་ཕྱིར་རིག་སྔགས་ཆེན་མོའོ། །མ་འོངས་པའི་དེ་བཞིན་གཤེགས་པ་ཚད་མེད་
པ་རྣམས་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་པ་ཉིད་ཀྱིས་ན་ཚད་མེད་པའི་རིག་སྔགས་སོ། །དཔག་ཏུ་མེད་པའི་བྱ་བ་མཛད་པར་སྤྱོད་པ་ད་ལྟར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་རྒྱུ་མཚན་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་དཔག་ཏུ་མེད་པའི་རིག་སྔགས་སོ། །སྙིགས་མ་
เล่ม ๘๕ · หน้า 118a
ལྔས་ཁྱབ་པའི་དུས་སུ་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་སུ་ཤཱཀྱའི་རྒྱལ་པོ་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་རྒྱུར་གྱུར་པ་ཉིད་ཀྱིས་འཁོར་བ་ལས་སྒྲོལ་བའི་དོན་གྱིས་ན་གོང་ན་མེད་པའི་རིག་སྔགས་སོ། །དགེ་བ་བཅུ་ལ་སོགས་པ་ནས་བསམ་གྱིས་མི་ཁྱབ་པའི་ཡེ་
ཤེས་ཀྱི་མཐར་ཐུག་པའི་འཇིག་རྟེན་ལ་རབ་ཏུ་འབྱེད་པའི་ཕྱིར་ཐམས་ཅད་ལས་མཆོག་ཏུ་ཁྱད་པར་དུ་གྱུར་པའི་རྒྱུད་ཉིད་ཀྱིས་ན་བླ་ན་མེད་པའི་རིག་སྔགས་སོ། །རྒྱལ་བའི་ཡུམ་གྱི་རྒྱུ་མཐུན་པ་བཤད་པའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་མི་འབྱུང་བ་ན་ཡང་།
ཤེས་རབ་དང་ཐབས་ལ་མཁས་པས་དགེ་བ་བཅུ་ལ་སོགས་པ་འཇིག་རྟེན་ལ་རབ་ཏུ་འབྱེད་པས་ན་མི་མཉམ་པའི་ཕྱིར་མཉམ་པ་མེད་པའི་རིག་སྔགས་སོ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་ནུབ་པ་ན་རྒྱལ་བའི་ཡུམ་གྱི་མཐུ་སྟོབས་ཀྱིས་འཇིག་རྟེན་དུ་ཆོས་སྤྱོད་པ་ལ་སོགས་པ་འཇུག་
པས་ན་མཉམ་པ་མེད་པའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་མཉམ་པ་ཉིད་ཡིན་པའི་ཕྱིར་མི་མཉམ་པ་དང་མཉམ་པའི་རིག་སྔགས་སོ། །ཇི་སྐད་དུ་བཤད་པའི་ཚུལ་ཉིད་རིག་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་བཅོམ་ལྡན་འདས་མའི་རིག་སྔགས་ཆེན་མོ་ཉིད་ལ་སོགས་པ་གང་ཡིན་པ་
དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རིག་སྔགས་འདི་ལ་བསྟན་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གི་ལན་བཏབ་པའི་ཕྱིར་ཅི་ཡང་མ་བརྗོད་པར་འགྱུར་རོ། །དེ་བས་ན་གང་དག་ལྷ་མ་ཡིན་ཆེན་པོ་ལ་སོགས་པ་ལས་རྒྱལ་
ཞིང་དོན་ཆེན་པོ་གྲུབ་པའི་འབྲས་བུ་རབ་ཏུ་སྩོལ་བ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོ་ཞེས་བྱ་བ་ལ་སོགས་པའི་གཞུང་དང་པོ་ཁོ་ནར་བཤད་པ་དེ་རྣམས་ཀྱི་སྐབས་ཀྱི་དོན་ཆེན་པོ་མེད་དོ་ཞེས་རྟོགས་ཏེ། རིག་སྔགས་
ཆེན་མོ་ལ་སོགས་པ་ཉིད་གཞན་དུ་བཤད་པའོ། །དེའི་ཕྱིར་ཇི་སྐད་དུ་སྨྲས་པའི་བཤད་པ་ནི་གཞུང་དང་རྗེས་སུ་མཐུན་པར་ཡང་འབྱོར་པ་མ་ཡིན་ནོ་ཞེས་བསམ་པར་མི་བྱ་སྟེ། སྒྲའི་དོན་ནི་བརྡ་བས་བྱུང་བ་ཡིན་པའི་ཕྱིར་རོ། །ཞར་ལ་འོངས་པས་ཆོག་གོ། །དཀྱུས་མ་ཉིད་ཀྱིས་ཚིག་བཤད་
เล่ม ๘๕ · หน้า 118b
པ་བརྗོད་པར་བྱ་སྟེ། རིག་སྔགས་འདི་ལ་བརྟེན་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ནས་སོ། །ད་ལྟར་ཞེས་བྱ་བ་ནི་དེང་སང་སྟེ་ད་ལྟར་གྱི་དུས་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཞེས་བྱ་བ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་
པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལས་ལྡོག་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡིན་ནོ། །བསམ་གཏན་བཞི་པ་ནི་སྙོམས་པར་འཇུག་པ་ལས་
བྱུང་བའི་གཟུགས་ཀྱི་ཁམས་ཀྱི་རང་བཞིན་གྱི་བསམ་གཏན་བཞི་རྣམས་སོ། །དེ་ལ་བསམ་གཏན་དང་པོ་ནི་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་སྟེ་ཡན་ལག་ལྔ་དང་ལྡན་པའོ། །གཉིས་པ་ནི་ནང་རབ་ཏུ་དང་བ་དང་དགའ་བ་དང་བདེ་བ་དང་སེམས་རྩེ་
གཅིག་པ་སྟེ། ཡན་ལག་བཞི་པ་དང་ལྡན་པའོ། །གསུམ་པ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དང་སེམས་རྩེ་གཅིག་པ་སྟེ་ཡན་ལག་ལྔ་དང་ལྡན་པའོ། །བསམ་གཏན་བཞི་པ་ནི་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། སྡུག་
བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་། སེམས་རྩེ་གཅིག་པ་སྟེ། ཡན་ལག་བཞི་དང་ལྡན་པའོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བ་ལ། ཁ་ཅིག་ནི་ཟག་པ་མེད་པ་གཙོར་གྱུར་པས་སོ་ཞེས་ཟེར་རོ། །གཞན་དག་ནི་ཐབས་ཀྱི་ཤེས་རབ་ཀྱིས་
ཡོངས་སུ་ཟིན་པའི་སྟོབས་ཀྱིས་ཟག་པ་དང་བཅས་པ་ཉིད་བྱང་ཆུབ་ཀྱི་ཡན་ལག་སྟེ་རྒྱུར་གྱུར་པ་དང་ལྡན་པ་མཚུངས་པར་འཇུག་པ་ཡིན་ནོ་ཞེས་འཆད་དོ། །རབ་ཏུ་འབྱེད་དོ་ཞེས་བྱ་བ་ནི་རབ་ཏུ་ཤེས་པའོ། །ཚད་མེད་པ་བཞི་ཞེས་བྱ་བ་ལ། བྱམས་པ་དང་སྙིང་རྗེ་ནི་ཐམས་ཅད་དུ་ཞེ་སྡང་མེད་
པའི་རང་བཞིན་ཏེ། སེམས་ཅན་རྣམས་ལ་བདེ་བ་དང་སྡུག་བསྔལ་གོ་རིམས་བཞིན་དུ་ལྡན་པ་དང་བྲལ་བར་འདོད་པའོ། །དགའ་བ་ནི་ཡང་དག་པར་སྒྲུབ་པའི་སེམས་ཅན་རྣམས་ལ་ཡིད་བདེ་བའི་མཚན་ཉིད་ཅན་གྱི་དགའ་བའོ། །བཏང་སྙོམས་ནི་མཛའ་བོ་དང་དགྲ་བོ་རྣམས་ལ་རྗེས་སུ་ཆགས་པ་
เล่ม ๘๕ · หน้า 119a
དང་ཁོང་ཁྲོ་བ་དང་བྲལ་བའོ། །དེ་ལྟ་ན་འདི་དག་སེམས་ཅན་ཚད་མེད་པ་ལ་དམིགས་པ་ཡིན་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སོ་སྙམ་པ་དང་། རྣམ་ཤེས་མཐའ་ཡས་སོ་སྙམ་པ་དང་། ཅི་
ཡང་མེད་དོ་སྙམ་པ་དང་། འདུ་ཤེས་ནི་འབྲས་དང་ཟུག་རྔུའོ། །འདུ་ཤེས་མེད་པ་ནི་རྨོངས་པའོ། །འདི་ནི་ཞི་བ་པ། འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་པ་མ་ཡིན་པའོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པས། གོ་རིམས་བཞིན་དུ་ནམ་མཁའ་དང་། རྣམ་པར་ཤེས་པ་
དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་གཟུགས་ཀྱི་འདུ་ཤེས་ཟིལ་གྱིས་མནན་པ་ཉིད་ཀྱིས་ན་གཟུགས་མེད་པ་ཡིན་པའི་ཕྱིར་གཟུགས་མེད་པ་ཉིད་ནི་གཟུགས་མེད་པ་སྟེ། ལུས་དང་སེམས་མཉམ་པ་ཉིད་སྒྲུབ་པར་བྱེད་པས་ན་སྙོམས་པར་འཇུག་པ་
བཞི་ཞེས་བྱའོ། །མངོན་པར་ཤེས་པ་དྲུག་ཅེས་བྱ་བ་ནི་རྫུ་འཕྲུལ་དང་། ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པ་ཤེས་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་གོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་
ཅུ་རྩ་བདུན་ནི་འོག་ནས་བཤད་པར་བྱའོ། །མདོར་ན་ཞེས་བྱ་བ་ལ་སོགས་པ་ལ་མདོར་བསྡུ་ན་འདོད་ཆགས་ལ་སོགས་པའི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལས་སྤྱོད་པ་རེ་རེའི་གཉེན་པོ་གཞུང་ཇི་ཙམ་གྱི་ཡོངས་སུ་རྫོགས་པར་གྱུར་པ་དེ་ཙམ་གྱི་གཞུང་གི་ཚོགས་ལ་ཆོས་ཀྱི་ཕུང་པོ་ཞེས་བྱ་བའི་
ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངོ་། །སངས་རྒྱས་ཀྱི་ཡེ་ཤེས་དང་ཞེས་བྱ་བ་ལ་སོགས་པ་ལ་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པས་ཕུལ་དུ་བྱུང་བའི་བློ་མངའ་བའི་ཕྱིར་སངས་རྒྱས་སོ། །གཞན་གྱིས་བསྟན་པ་མེད་པར་རང་ཉིད་ཀྱིས་ཐུགས་སུ་ཆུད་པས་ན་རང་བྱུང་སྟེ། དེ་རྣམས་ཀྱིས་
ཡེ་ཤེས་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཡང་བསམ་པའི་ཡུལ་ཐམས་ཅད་ལས་འདས་པའི་ནུབ་པའི་རང་བཞིན་ཡིན་པས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སོ། །སྔོན་ཐོས་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། བསྟན་པའི་ཆོས་འདི་དག་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་
เล่ม ๘๕ · หน้า 119b
མཐུན་པ་ཡིན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་སྔོན་སངས་རྒྱས་བྱུང་བ་ན་ཐོས་པའོ། །རྗེས་སུ་བརྩེ་བ་དང་ལྡན་པ་ཞེས་བྱ་བ་ནི་སྙིང་རྗེ་དང་ལྡན་པའོ། །འདི་ལ་ཞེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཏེ། འདི་ནི་སངས་རྒྱས་མི་འབྱུང་བའི་འཇིག་རྟེན་གྱི་ཁམས་ཉེ་
བར་མཚོན་པ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་དང་མི་ལྡན་པ་ཞེས་བྱ་བ་ནི། ཁ་ཅིག་དེ་བཞིན་གཤེགས་པ་མ་བྱུང་བ་ནི་དེ་ན་ཡོད་པ་རྣམས་ལ་བྱང་ཆུབ་རྟོགས་པའི་སྐལ་བ་མེད་པའི་ཕྱིར་རོ་ཞེས་འཆད་དོ། །གཞན་ནི་ཤེས་རབ་དང་ཐབས་ལ་མཁས་པ་དང་བྲལ་བ་ཉིད་ཀྱིས་ནི་ཞེས་ཟེར་རོ། །
མངོན་པར་ཤེས་པ་ལྔ་སྨོས་པ་ནི་དེའི་ཚེ་ཟག་པ་ཟད་པ་མི་སྲིད་པའི་ཕྱིར་འདིར་དེ་སྐད་སྨོས་སོ། །རྒྱལ་བའི་ཡུམ་གྱི་ཆེ་བའི་བདག་ཉིད་དཔེས་ཀྱང་བསྟན་པར་བྱ་བའི་ཕྱིར་ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨན་དང་སྐར་མ་རྣམས་ཞེས་བྱ་བ་ལ་སྨན་ནི་འབྲུ་ལ་སོགས་
པའོ། །སྐར་མ་ནི་པ་བ་སངས་དང་ཕུར་བུ་ལ་སོགས་པ་ཡིན་པས་དེ་སྐད་ཅེས་བྱའོ། །ཡང་ན་སྨན་ལ་ལ་ཉིད་མཚན་མོ་སྐར་མ་ལྟར་ཀུན་ཏུ་སྣང་བས་དེ་སྐད་ཅེས་བཤད་དོ། །དེ་རྣམས་ནི་ཟླ་བའི་འོད་ཟེར་རྣམས་ཀྱིས་བརྟས་པར་བྱས་པ་ལུས་ཡོངས་སུ་རྒྱས་པ་དང་། མཐུ་ཁྱད་པར་
ཅན་སྐྱེ་བས་ན་གོ་རིམས་བཞིན་དུ་སྟོབས་ཇི་ལྟ་བ་དང་མཐུ་ཇི་ལྟ་བར་ཞེས་བྱ་བར་གསུངས་པ་ཡིན་ནོ། །ཀུན་ཏུ་སྣང་བར་ཞེས་བྱ་བ་ནི། རང་གི་མཐུ་སྟོན་པ་ཡིན་ནོ། །རྒྱུ་སྐར་རྣམས་ཀྱང་ཞེས་བྱ་བ་ནི་རྒྱལ་ལ་སོགས་པའོ། །དཔེ་བསྟན་པའི་དོན་བསྟན་པ་ནི་ཀཽ་ཤི་ཀ་དེ་བཞིན་དུ་
ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདས་ནས་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་ནས་སོ། །ཆོས་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་ལ་མདོ་སྡེ་ལ་སོགས་པའི་ཆོས་འབྲི་བ་ལ་སོགས་པ་ལ་མངོན་པར་བརྩོན་པ་ནི་ཆོས་སྤྱོད་པའོ། །རང་དང་གཞན་གྱི་བདག་ཉིད་མཉམ་པ་ཉིད་
དུ་སློབ་པ་ནི་མཚུངས་པར་སྤྱོད་པའོ། །འདོད་ཆགས་ལ་སོགས་པས་ཉེ་བར་བསླད་པ་སྤང་བར་བྱ་བའི་ཕྱིར་གཉེན་པོའི་ཕྱོགས་སྒོམ་པ་ནི་ཞི་བར་སྤྱོད་པའོ། །བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལ་བསྟེན་པ་ནི་དགེ་བར་སྤྱོད་པའོ། །རབ་ཏུ་འདོགས་པ་ནི་འཇུག་པའོ། །རབ་ཏུ་བསྒོམ་པའི་སློབ་
เล่ม ๘๕ · หน้า 120a
པའོ། །བྱང་ཆུབ་སེམས་དཔའ་ལས་སྐྱེ་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་སྦྱོར་བ་ལ་སོགས་པའི་དབྱེ་བས་ཡིན་ནོ། །ཐབས་ལ་མཁས་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཡང་ན་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དག་དང་དེ་ལས་བྱུང་བའི་ལས་རྣམས་ལ་མཁས་
པའོ། །ཡུམ་གྱི་ཆེ་བའི་བདག་ཉིད་རྣམ་པ་གཞན་གྱིས་ཀྱང་བསྟན་པའི་ཕྱིར་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ལ་བྱེད་པ་དང་ཞེས་བྱ་བ་ནི་མདོར་བསྡུས་པས་སྤྱིའི་ཚུལ་ལ་དམིགས་པའི་ཕྱིར་རོ། །དྲན་པར་བྱེད་པས་ཞེས་བྱ་བ་ནི་རྒྱ་ཆེར་ཡན་ལག་རེ་རེ་ནས་མངོན་
སུམ་དུ་བྱེད་པའི་ཕྱིར་རོ། །སླར་ཡང་དོན་གཞན་ལ་བརྟེན་ནས། དོན་དེ་ཉིད་ནི་བཟླས་པ་ཡིན་ཞེས་གསུངས་པའི་ཕྱིར་ཡ་ང་བ་སྤངས་པས་འཆི་བའི་དུས་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཟློས་པའི་སྐྱོན་ཡོད་པར་དོགས་པ་མི་བྱའོ། །འདི་ལྟར་སྔར་ནི་
མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་ལ། ད་ལྟར་ནི་བསྒོམ་པའི་ལམ་གྱི་དབང་དུ་མཛད་པ་ཡིན་པས་ཁྱད་པར་ཡོད་དོ། །རྒྱལ་པོའི་བློན་པོ་ཆེན་པོ་ཞེས་བྱ་བ་ནི་འདུ་ཤེས་ཀྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་བློན་པོ་ཆེན་པོའི། བློན་པོ་ཞེས་བྱ་བ་ནི་གླང་པོ་ཆེའི་
འདུལ་སྦྱོང་བྱེད་པའི་བློན་པོའོ། །ཉེ་བར་འོངས་པར་གྱུར་ན་ཞེས་བྱ་བ་ནི་གན་དུ་ཉེ་བར་འོངས་པར་གྱུར་པའོ། །འདི་ལྟར་ཞེས་བྱ་བའི་ཚིག་གི་ཕྲད་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ལ་འཇུག་སྟེ། སྐད་ཀྱི་དབྱིངས་དང་ཉེ་བར་གྱུར་པ་རྣམས་ཀྱིས་དོན་ངེས་པར་བསྟན་པ་སུ་ཞིག་གིས་ནུས་
ཞེས་བཤད་པ་ཡིན་པའི་ཕྱིར་རོ། །འདི་སྐད་དུ་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བ་དེའི་ཕྱིར་དེས་ཡོངས་སུ་བཟུང་བ་ཉིད་ཡིན་པས་ན་དེ་དག་གིས་གླགས་རྙེད་པར་མི་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །སྨྲ་བར་འདོད་ཅིང་ཞེས་བྱ་བ་ནི་མདོ་ཁོ་ན་ལ་ཚིག་འདྲེ་བར་འདོད་པའོ། །
གཏམ་ཟེར་བར་འདོད་དེ་ཞེས་བྱ་བ་ནི་གོང་ནས་གོང་དུ་གཏམ་གྱི་རྒྱུན་ཟེར་འདོད་པའོ། །ཡང་དག་པར་དགའ་བར་བྱའོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པ་དེ་དག་ཆོས་གོས་དང་བསོད་ནམས་ལ་སོགས་པ་ཉེ་བར་སྟོན་པར་རྒྱལ་བའི་ཡུམ་ལ་མངོན་པར་བརྩོན་པ་དེ་མངོན་པར་
เล่ม ๘๕ · หน้า 120b
དགའ་བར་བྱ་བར་སེམས་པའོ། །ང་རྒྱལ་གྱི་བག་ཆགས་མ་སྤངས་པ་རྣམས་དེ་བཞིན་དུ་སྨྲ་བར་འདོད་པ་ལ་སོགས་པའི་རྒྱུ་ཅི་ཞིག་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲར་གསུངས་ཏེ། དེའི་ཕན་ཡོན་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །བྱམས་པ་ཉེ་བར་སྒྲུབ་པ་ཞེས་བྱ་བ་ནི། འདི་ནི་མཛའ་བ་པོའི་བྱ་བ་ཡིན་པས་ན་བྱམས་པ་དེ་སྟོབས་པ་ནི་ཉེ་བར་
བསྒྲུབ་པའོ། །དེ་ཡང་རྒྱུ་ལ་སོགས་པས་བྱེད་པ་ཡང་སྲིད་པས་བྱམས་པའི་སེམས་ཀྱིས་ཞེས་བྱ་བ་གསུངས་ཏེ་ཕན་པའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་ཉེ་བར་སྒྲུབ་པས་ཞེས་བྱ་བའི་སྙིང་རྗེའི་འབྲས་བུ་ཙམ་ལ་སྙིང་རྗེར་ཉམས་པར་བརྟག་པ་ནི་སྙིང་རྗེ་སྟེ། དེ་སྟོབས་པ་ནི་སྙིང་རྗེ་
བསྒྲུབ་པའོ། །དེ་བཞིན་དུ་བྱེད་པ་ཡང་སྲིད་པས་སྙིང་རྗེའི་སེམས་ཞེས་བྱ་བ་གསུངས་ཏེ། སྡུག་བསྔལ་བསལ་བའི་སེམས་ཉིད་ཀྱིས་སོ། །དེ་ཡང་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་རྗེ་ཆེན་པོ་ལ་སོགས་པའི་འཁོར་དང་ལྡན་པར་བསྒོམ་པར་
བྱའོ་ཞེས་གསུངས་པས་དེ་སྒོམ་པ་པོ་ནི་བྱམས་པ་ལ་སོགས་པ་བསྒོམ་པ་ལ་བརྩོན་པ་ཡིན་ཏེ། དེ་བས་ན་བྱམས་པ་ལ་སོགས་པའི་མཐུས་རྒྱལ་པོ་ལ་སོགས་འདུད་པ་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལས་ཀྱང་བྱང་ཆུབ་སེམས་དཔའ་བྱམས་པ་ལ་མངོན་པར་བརྩོན་པ་ལ་ནི་ལྷ་དང་
མི་ཐམས་ཅད་རབ་ཏུ་དད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཉིད་ཀྱི་སྒྲ་ནི་ངེས་པར་བཟུང་བ་སྟེ། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕན་ཡོན་མང་པོའི་རྒྱུ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །གདུག་པ་དང་ཞེས་བྱ་བ་ལ་སོགས་པ་
ལ། གདུག་པ་ནི་གནོད་སྦྱིན་ལ་སོགས་པ་གདོན་མི་བསྲུན་པའོ། །སྡིག་སྦྲུལ་ནི་སྦྲུལ་ཏེ་དེ་མང་བའོ། །དགོན་པ་ནི་བགྲོད་པར་དཀའ་བའི་གནས་སོ། །ནང་དུ་སོང་བ་ནི་ཕྱིན་པའོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་ཞེས་བྱ་བ་ནི་གཉིས་པོ་མེད་ན་མྱོང་བར་ངེས་པའི་ལས་
เล่ม ๘๕ · หน้า 121a
ཀྱི་རྣམ་པར་སྨིན་པས་ཚུགས་པའོ། །མ་གཏོགས་ཞེས་བྱ་བ་ནི་བོར་ནས་ཏེ། གླགས་རྙེད་པར་འགྱུར་ཏེ་སྔ་མ་དང་སྦྱར་རོ། །ད་ནི་དུས་གཞན་དག་གི་ཕན་ཡོན་བསྟན་པ་ལ་ཐེ་ཚོམ་དང་བཅས་པ་དག་ཡིད་ཆེས་པ་བསྐྱེད་པར་བྱ་བའི་ཕྱིར་དེ་ནས་མུ་སྟེགས་ཅན་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། །མུ་སྟེགས་པའི་རབ་ཏུ་འབྱུང་བས་རབ་ཏུ་ཕྱུང་བ་ནི་ཀུན་དུ་རྒྱུའོ། །ཀླན་ཀ་ཚོལ་བའི་བསམ་པས་ཞེས་བྱ་བ་ནི་རྣམ་པར་འཚེ་བའི་བསམ་པས་སོ། །དེའི་ཚེ་ཞེས་བྱ་བ་ནི་དེའི་དུས་སུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་སེམས་ལ་ཀུན་དུ་བརྟགས་ཞེས་བྱ་བ་ནི་བཅོམ་
ལྡན་འདས་ཀྱིས་རྗེས་སུ་གནང་བ་དེ་ཉིད་ཀྱིས་དེ་རྣམས་ཀྱི་འཚེ་བའི་སེམས་ཡོད་པ་ཤེས་ནས་ལྡོག་པར་བྱ་བའི་ཕྱིར་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་སྟོན་པ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ཡང་རྗེས་ཐོགས་ཉིད་ནས་འོག་ནས་ལྷའི་དབང་པོ་བརྒྱ་བྱིན་ཇི་ལྟར་ངས་ཀྱང་གནང་ངོ་
ཞེས་གསུངས་པ་ཡིན་ནོ། །ཇི་སྙེད་ཅེས་བྱ་བ་ནི་ཕྱོགས་གཅིག་ཙམ་བཟུང་བས་ཞེས་བྱ་བར་སྦྱར་རོ། །སྒོ་དེ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ་ཤིང་ལ་སོགས་པ་ལེགས་པར་སྦྱར་བའི་སྒོ་གང་ཡིན་པ་ཉིད་དང་། སའི་ཁྱད་པར་གྱི་ཕྱོགས་ཀྱི་ལམ་གང་ནས་འོངས་པ་དེ་ཉིད་ནས་ཕྱིར་
ལྡོག་སྟེ་དོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱིན་གྱི་བརླབས་ཡིན་པར་མ་ཤེས་པར་ཉིད་ཀྱིས་འདིར་ཅིའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་མི་མཁྱེན་པ་ཅི་ཡང་མི་མངའ་བས་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །ལྡོག་པའི་དོན་དུ་ཞེས་བྱ་བ་ནི་སླར་ལྡོག་པར་བྱ་བའི་ཕྱིར་རོ། །བརྒྱ་བྱིན་ལ་རྟག་ཏུ་མཉམ་པར་གཞག་པ་མེད་པར་ཇི་ལྟར་ན་འདི་ལྟ་བུའི་དྲན་པ་ཡོད་ཅེས་རྟོག་པ་ལ་ལྷའི་དབང་པོ་བརྒྱ་བྱིན་ཇི་ལྟར་ངས་ཀྱང་གནང་ངོ་ཞེས་བྱ་བ་གསུངས་སོ། །འདི་རྣམས་སླར་
ལྡོག་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འདོན་པ་བརྒྱ་བྱིན་ལ་ངས་རྗེས་སུ་གནང་བ་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་མ་ཡིན་ནམ་ཅིའི་ཕྱིར་ཞེ་ན་འགྲས་པའི་སེམས་དང་ལྡན་པ་རྗེས་སུ་གཟུང་བར་མི་མཛད་སྙམ་པའི་དོགས་པ་དེ་ཅིའི་
เล่ม ๘๕ · หน้า 121b
ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤཱ་རིའི་བུ་མུ་སྟེགས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་དཀར་པོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ནང་ནས་གང་ཡང་རུང་བ་གཅིག་ལ་ཡང་དམ་པའི་ཆོས་ཉན་པ་ལ་འཇུག་པའི་དགེ་བའི་ལས་ཡོད་པར་ངས་མ་མཐོང་སྟེ། དེ་བས་ན་
འདོགས་པར་མི་བྱེད་པ་ཡིན་གྱི། ཁོང་ཁྲོ་བའི་དབང་གིས་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཞེ་འགྲས་པའི་བསམ་པ་ཞེས་བྱ་བ་ནི་སེམས་རྣམ་པར་སྡང་བའོ། །ཡང་ཡིད་ཆེས་པ་བསྐྱོད་པར་བྱ་བའི་ཕྱིར་དེ་ནས་བདུད་སྡིག་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་ལ་བདུད་ནི་ལྷའི་བདུད་དོ། །འཁོར་བཞི་པོ་ཞེས་བྱ་བ་ནི། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་མ་རྣམས་སོ། །འདིར་ངེས་པར་ཞེས་བྱ་བ་ནི་འཁོར་འདིར་ངེས་པ་ཁོ་ནར་རོ། །མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི། བགེགས་བྱ་བའི་ཕྱིར་རོ། །ཡན་ལག་
བཞིའི་དཔུང་གི་ཚོགས་ཞེས་བྱ་བ་ནི་རྟ་པ་གཅིག་ནི་རྐང་པ་བསྲུང་བ་བཞི་དང་བཅས་པ་འདི་ནི་དཔུང་གི་ཚོགས་གཅིག་གོ། །གླང་པོ་ཆེ་སྲུང་མ་བརྒྱད་དང་བཅས་པ་སྔ་མ་དང་བཅས་པ་འདི་ནི་ཡན་ལག་གཉིས་སོ། །ཤིང་རྟ་སྲུང་མ་བཅུ་དྲུག་དང་སྔ་མ་གཉིས་དང་བཅས་པ་འདི་ནི་ཡན་ལག་
གསུམ་མོ། །རྐང་ཐང་བཅུ་དྲུག་སྔ་མ་དང་བཅས་པ་འདི་ནི་དཔུང་གི་ཚོགས་ཡན་ལག་བཞི་པའོ། །དེ་ཡང་ཉུང་ཟད་ཡིན་ཏེ་ཡང་འདི་ལྟ་བུའི་རིམ་གྱིས་བདུད་ཀྱི་དཔུང་གི་ཚོགས་ཆེན་པོ་ཡིན་པར་ཤེས་པར་བྱའོ། །བཀོད་པ་ཞེས་བྱ་བ་ནི་ཚོགས་སོ། །ཡུན་རིང་པོ་ནས་ཞེས་བྱ་བ་ནི་དུས་རིང་
པོར་རོ། །ཡིད་ཆེས་པ་ཐོབ་པར་གྱུར་པ་ན་མཆོད་པ་ལ་སོགས་པ་བྱེད་དོ་ཞེས་སྨྲས་པ་དེ་ནས་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །ནམ་མཁའ་ལ་ཞེས་བྱ་བ་ནི་ནམ་མཁར་རོ། །ཡུན་རིང་མོ་ཞིག་ནི་ཞེས་བྱ་བ་ནི་དུས་ཡུན་རིང་པོ་ཞིག་ན་ཞེས་བྱ་བའི་ཐ་
ཚིག་གོ། །བྱུང་ངོ་ཞེས་བྱ་བ་ནི་ཉེ་བར་གྱུར་པའོ། །ངན་ངོན་ཞེས་བྱ་བ་ནི་ཉུང་ཟད་དེ་ཙམ་གྱི་ཚོད་ཅེས་བྱ་བའི་ཐ་ཚིག་གོ། །སྔོན་གྱི་རྒྱལ་བ་རྣམས་ལ་བགྱི་བ་བགྱིས་པ་ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་རྣམས་ལ་ཉན་པ་ལ་སོགས་པའི་མཚན་ཉིད་ཅན་ཕ་རོལ་ཏུ་ཕྱིན་པའི་བྱ་བ་ལྷག་པར་
เล่ม ๘๕ · หน้า 122a
གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །ཡང་ན་སྔོན་གྱི་སངས་རྒྱས་ཀྱིས་ཉན་པ་ལ་སོགས་པའི་རང་བཞིན་ཅན་གྱིས་ངེས་པར་སྦྱོར་བ་དབང་དུ་བྱ་བ་གནང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྟ་ཅི་སྨོས་ཏེ་ཞེས་བྱ་བ་ནི་རྣ་ལམ་དུ་གྲག་པ་རྟོགས་པ་ལས་ཁྱད་
པར་དུ་འཕགས་པ་ཉིད་ཀྱིས་འཛིན་པ་ལ་སོགས་པ་ལ་ལྟ་ཡང་ཐེ་ཚོམ་ཅིག་ཡོད་ཅེས་བྱ་བར་དགོངས་སོ། །དེ་བཞིན་ཉིད་དུ་སློབ་པ་དང་ཞེས་བྱ་བ་ལ་སོགས་པ་ལ། གཞན་མ་ཡིན་པའི་དོན་གྱིས་ན་དེ་བཞིན་པའི་ངོ་བོ་ནི་དེ་བཞིན་ཉིད་དོ། །དེའི་རྒྱུ་ཉིད་དུ་སློབ་པ་དང་ཞེས་བྱ་བ་ལ་སོགས་
པའི་ཚིགས་གསུམ་སྦྱོར་བ་ལ་སོགས་པའི་གནས་སྐབས་ཡིན་པར་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིད་པ་ལགས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ལ་འཁོར་རབ་ཏུ་ཕུལ་བ་དང་། དེས་གསུངས་པ་མཉན་པ་དང་མཆོད་པ་ལ་སོགས་པས་ཀྱང་
བསྙེན་བཀུར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བ་ལ་སོགས་པ་དང་རྒྱལ་བའི་ཡུམ་མཉན་པ་ལ་སོགས་པ་ནི་འབྲེལ་པ་གཟུང་བ་མེད་པ་མ་ཡིན་ནམ། ཇི་ལྟར་ན་དེས་འདི་རྗེས་སུ་དཔོག་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་
བསུ་ནས། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐམས་ཅད་མཁྱེན་པ་སྟེ། སངས་རྒྱས་ཉིད་རབ་ཏུ་འབྱེད་ཅིང་ཡང་དག་པར་བསྐྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ལས་བརྩལ་བར་བྱ་སྟེ། རྒྱུ་མེད་པར་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །
དེ་ཉིད་དཔེས་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འདི་སྐད་སྟོན་ཏེ་རྒྱུ་མེད་པར་འབྲས་བུ་མི་སྐྱེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་དེ་གང་གི་ཕྱིར་དེ་བཞིན་གཤེགས་པ་ཉིད་འཚོལ་ན་ཡུལ་དེ་མཉན་པ་ལ་
སོགས་པ་ལས་ངེས་པར་བག་ཆགས་ཡོངས་སུ་རྒྱས་པའི་ས་བོན་བཏབ་པས་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་མཉམ་པ་ལ་སོགས་པ་འདི་ལ་ལར་ལན་འགའ་ཞིག་ཁྱད་པར་ཅན་གྱི་རྒྱུ་ལ་རག་ལས་པར་སྐྱེ་བས་རང་གི་རྒྱུ་ཁྱད་པར་ཅན་དེ་བཞིན་གཤེགས་པ་ལ་
เล่ม ๘๕ · หน้า 122b
བསྙེན་བཀུར་བྱས་པ་ལ་སོགས་པ་ཉིད་ཡིན་པར་རྗེས་སུ་དཔོགས་ཏེ། གང་ཕྱིར་རྒྱུ་འབྲས་དག་ལས་ནི། །ཆོས་ཉིད་འདི་ནི་རྣམ་པར་གནས། །དེ་དེ་མིན་ཚུལ་རྒྱུ་ཅན་ནི། །དེ་དེ་མིན་ཚུལ་རྒྱུ་ལས་བྱུང་། །ཞེས་བྱ་བ་ཡིན་ནོ། །བདག་པོར་གྱུར་པ་ཉིད་ཀྱིས་ལེགས་པར་སྨྲས་པ་གནང་ཞིང་བརྒྱ་བྱིན་གྱི་རྗེས་སུ་
གསུངས་པ་ནི་ཀཽ་ཤི་ཀ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆུང་ངུའི་ཆེན་པོ་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་མི་གསུང་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །བསྔགས་པ་ཞེས་བྱ་བ་ནི་ཕན་ཡོན་བསྡུས་པ་
དང་རྒྱས་པའི་དབྱེ་བས་གསུངས་པར་མི་མཛད་ཅེས་བྱ་བར་སྦྱར་རོ། །ཡོངས་སུ་མི་སྒྲོགས་སོ་ཞེས་བྱ་བ་ནི་མིང་ཙམ་དུ་བརྗོད་པས་ཞེས་བྱ་བར་ཤེས་པར་བྱའོ། །གཅིག་པུའི་མིང་ཡོངས་སུ་སྒྲོགས་པར་མཛད་དོ་ཞེས་བྱ་བ་ནི་མིང་ལན་མང་དུ་བརྗོད་པས་སོ། །འཕགས་པ་ཐོགས་མེད་ཀྱིས་སྦྱིན་པ་
ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རེ་རེའི་མཚན་ཉིད་ནི་བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་ཉིད་ཀྱིས་རྟེན་དམ་པ་ཉིད་དང་། དངོས་པོ་མ་ལུས་པའི་ཀུན་ཏུ་སྤྱོད་པས་དངོས་པོ་དམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དབང་དུ་བྱས་པས་ཆེད་དུ་བྱ་བ་དམ་པ་ཉིད་དང་། རྣམ་
པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བས་ཐབས་ལ་མཁས་པ་དམ་པ་ཉིད་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་དམ་པ་ཉིད་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བཟློག་པ་ཡང་དག་པར་བསྒྲུབས་པས་རྣམ་པར་དག་
པ་དམ་པ་ཉིད་ཡིན་ནོ་ཞེས་བཤད་དོ། །ཞལ་གྱིས་བཞེས་པར་བྱ་བའི་ཕྱིར་ཀུན་དགའ་བོ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་འཚང་རྒྱ་བ་ཉིད་ཀྱི་རྒྱུ་ཡིན་ན། གཅིག་གཙོ་བོར་བསྟན་པ་དེ་ཇི་ལྟར་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་
བསུ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་འཁོར་གསུམ་ཡོངས་སུ་དག་པས་སྦྱིན་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ཐོག་མར་འཇུག་པའི་ཕྱིར་སྔོན་དུ་འགྲོ་བ་ཡིན་པ་དེའི་ཕྱིར་དེའི་བསྔགས་པ་གསུང་ཞིང་མིང་
เล่ม ๘๕ · หน้า 123a
ཡོངས་སུ་སྒྲོགས་པར་མཛད་དོ་ཞེས་སྔ་མ་དང་སྦྱར་རོ། །ཇི་སྐད་དུ་བཤད་པའི་དོན་དེའི་ཚིག་ཉིད་ལས་བསྟན་པར་བྱ་བའི་ཕྱིར་ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་ལ་
ཞེས་བྱ་བ་ནི། མི་དམིགས་པའི་སྦྱོར་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཉིད་དུ་མ་བསྔོས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟ་བུའི་སྦྱིན་པ་ནི་འབྲས་བུ་ལོངས་སྤྱོད་པས་ཟད་པར་འགྱུར་བའི་ཕྱིར་ཕུལ་དུ་ཕྱིན་པར་འགྱུར་བ་མ་ཡིན་ནོ་ཞེས་སོ། །
སྟོན་དངོས་རྗེས་འཇུག་བློ་ཅན་གྱིས། །དྲིས་པ་ཉིད་ལས་བཟུང་བའི་དོན་དེ་མ་ལགས་སོ་ཞེས་བརྗོད་པས་བསྟན་པ་ཡིན་ནོ། །ཚུལ་ཁྲིམས་ལ་སོགས་པ་ཡང་བསྒྲེ་བར་བྱ་བའི་ཕྱིར། །དེ་བཞིན་དུ་ཡོངས་སུ་མ་བསྔོས་པའི་ཚུལ་ཁྲིམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
དེ་ལྟར་ལྡོན་པའི་སྒོ་ནས་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་སྟོབས་ལས་སྦྱིན་པ་ལ་སོགས་པ་རྣམས་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པར་བསྟན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བསྟན་པའི་ཕྱིར་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་
དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་པོ་དམིགས་སུ་མེད་པས་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །བཅོམ་ལྡན་འདས་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དམིགས་པ་ཅན་གྱི་སོ་སོའི་སྐྱེ་བོ་རྣམས་ཀྱིས་བསམ་པར་མི་ནུས་པའི་ཕྱིར་བསམ་གྱིས་མི་ཁྱབ་
པའོ། །ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་མཆོག་ཏུ་བསམ་གྱིས་མི་ཁྱབ་པའོ། །ཡུམ་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་དོན་ཉེ་བར་བསྡུ་བའི་ཕྱིར་ཀུན་དགའ་བོ་དེ་ལྟ་བས་ན་དམ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔོན་དུ་འགྲོ་བའི་མཇུག་སྡུད་
པར་བྱེད་པས་ཀུན་དགའ་བོ་དེ་ལྟ་བས་ན་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདྲེན་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་འཚང་རྒྱ་བ་ཉིད་དུ་འདྲེན་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི་ཉེ་བར་འཚེ་བ་
เล่ม ๘๕ · หน้า 123b
ཐམས་ཅད་བཟློག་པ་ཡིན་པའི་ཕྱིར་རོ། །ཚུལ་འདིས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པ་ལྔ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པས་དེ་སྒྲོགས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་སྒྲོགས་པར་འགྱུར་བས་རྒྱལ་བའི་ཡུམ་གཅིག་པུ་ཁོ་
ན་བསྟན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཡང་ང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་བརྗོད་ཅིང་སྨྲ་སྟེ་ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པ་དེ་ནི་གཙོར་བྱ་བ་ཡིན་པས་ཉེས་པ་མེད་དོ། །འདི་ཉིད་དཔེས་བསྟན་པར་བྱ་བའི་ཕྱིར་ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན་ས་ཆེན་པོ་
ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་ནི་འཕེལ་བར་འགྱུར་བའོ། །དཔེས་བསྟན་པའི་དོན་ནི་ཀུན་དགའ་བོ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲིང་གི་ཆུང་ངུའི་དབང་དུ་བྱས་ནས་བཅོམ་ལྡན་འདས་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསོལ་
ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་འདི་དག་ཐམས་ཅད་ཅེས་བྱ་བ་ནི། འདི་དག་ནི་ཡུམ་མཐའ་དག་པའི་ཡོན་ཏན་ཐམས་ཅད་ནི་མ་ཡིན་ཏེ། དེའི་ཡོན་ཏན་ནི་ཤིན་ཏུ་མང་བའི་ཕྱིར་རོ་ཞེས་འདོད་པའོ། །དེ་ལྟ་ན་ཡོན་ཏན་འདི་སུ་ཞིག་གི་ཡིན་ཞེ་ན། འོན་ཀྱང་གང་ཞིག་ཅེས་
བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་འདིའི་ཕྱོགས་གཅིག་བླངས་པ་གང་ཡིན་པ་སྟེ། དེ་ཡང་འདས་མ་ཐག་པའི་མུ་སྟེགས་ཅན་གཞན་ལ་སོགས་པ་བཟློག་པར་བྱ་བའི་ཕྱིར་རབ་ཏུ་སྟོན་པ་དེའི་ཡོན་ཏན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པར་སྨྲས་
པས་ལགས་སོ་ཞེས་བྱ་བ་བྱིན་པ་ནི་ཀཽ་ཤི་ཀ་ལེགས་སོ་ལེགས་སོ་ཞེས་བྱ་བ་གསུངས་སོ། །དེ་ལྟ་མོད་ཀྱི་དེ་ཙམ་གྱི་ཕྱོགས་གཅིག་གི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཙམ་ཡང་གང་ཞིག་འཛིན་པ་ནས་དེ་བཞིན་དུ་ཁ་ཏོན་བྱེད་པའི་བར་ཉི་ཚེ་ལ་ཡོན་ཏན་འདི་དག་འབྱུང་བ་འབའ་
ཞིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་གང་གིས་བྲིས་ནས་མཆོད་པ་སྔོན་དུ་འགྲོ་བས་གླེགས་བམ་ཙམ་དུ་ཆུད་པར་བྱས་ཏེ་བཞག་པ་དེ་ལ་ཡང་ཡོན་ཏན་མཐའ་ཡས་པ་འཐོབ་པར་འགྱུར་རོ་ཞེས་སྟོན་པར་མཛད་པ་ནི་ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་
เล่ม ๘๕ · หน้า 124a
ནོ། །ཕན་ཡོན་ཐོས་པས་མང་དུ་གཅེས་པར་བྱེད་པ་སྐྱེད་པ་ཉིད་ཀྱིས་ན་བཅོམ་ལྡན་འདས་བདག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་དྲིས་ནས་ཁྱད་པར་དུ་འཕགས་པའི་འཛིན་པ་ལ་སོགས་པ་བྱེད་པ་ལ་བདག་གིས་
སྲུང་བ་ལ་སོགས་པ་བགྱིད་པ་ལ་ནི་སོམ་ཉི་ཅི་ཞིག་མཆིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཀཽ་ཤི་ཀ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནས། འབྲིང་གི་འབྲིང་བསྟན་པར་བྱ་བའི་ཕྱིར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤོབས་པ་ཉེ་
བར་སྒྲུབ་པོ་ཞེས་བྱ་བ་ནི་རིགས་པ་དང་གྲོལ་བ་སྨྲ་བར་བསྐྱེད་པར་བྱའོ། །འདུན་པ་ཞེས་བྱ་བ་ནི་སྨྲ་བར་དགའ་བའོ། །ཕན་ཡོན་གྱི་རྣམ་པ་གཞན་དག་ཀྱང་བསྟན་པར་བྱ་བའི་ཕྱིར་གཞན་ཡང་ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀླན་ཀ་ཚོལ་བ་ལ་ཞེས་བྱ་བ་ལ་སོགས་
པ་ལ་འགའ་ཞིག་རྣམ་པར་འཚེ་བའི་བསམ་པས་རྒོལ་ཞིང་རྩོད་པར་བྱེད་ན་མི་རུང་ངོ་སྙམ་དུ་སེམས་ཞུམ་པར་མི་འགྱུར་རོ། །སེམས་ཞུམ་པ་ནི་སེམས་རྨོངས་ཤིང་འཁུམས་པ་ཉིད་དོ། །ཤེས་རབ་ལ་སོགས་པ་ཕུལ་དུ་བྱུང་བ་སྲིད་པ་ན་སྐྱེས་བུས་སེམས་ཀྱི་ཡོན་ཏན་མི་ཤེས་པས་
ཇི་སྟེ་དེ་ལྟར་མི་འགྱུར་སྙམ་དུ་དགོངས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་འཁོར་གྱི་འཇིགས་པ་ལ་སོགས་པའི་འཇིགས་པ་ནི་དངོས་པོར་འཛིན་པ་ལས་བྱུང་བ་ཡིན་ཞིང་དེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་འཛིན་པའི་སྟོབས་ཀྱིས་ལས་དབྱེ་བ་པོ་དང་བྱ་བ་ལ་སོགས་པའི་ཉེ་བར་དམིགས་པ་མེད་པས་འབྱུང་བར་མི་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །འབྲིང་གི་ཆེན་པོ་བསྟན་པའི་ཕྱིར་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མཛའ་བོ་ནི་ཕན་པ་དང་བདེ་བ་བྱེད་
པའོ། །བློན་པོ་ནི་གྲོས་མཁན་གྱི་གཙོ་བོའོ། །གཉེན་བཤེས་ནི་ཕ་དང་མ་ལས་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྐྱེ་བོའོ། སྣག་གི་གཉེན་མཚམས་ནི་མ་དང་ཕ་གཅིག་ལས་སྐྱེས་པའི་སྤུན་ཟླ་ལ་སོགས་པའོ། །དགེ་སྦྱོང་ནི་ཤཱཀྱའི་སྲས་རྣམས་སོ། །ཆེན་པོའི་ཆུང་ངུ་བསྟན་པའི་ཕྱིར་དེ་ལ་
เล่ม ๘๕ · หน้า 124b
ཕ་རོལ་རྒོལ་བ་བྱུང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་དང་ལྡན་པས་ཚར་གཅོད་པ་ཞེས་བྱ་བ་ལ། ཁ་ཅིག་ནི་དེ་རྣམས་ཚིག་གིས་ཟིལ་གྱིས་གནོན་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་དེས་སྨྲས་པའི་བསྒྲུབ་པའི་ཆོས་སུན་ཕྱུང་བས་བསྒྲུབ་པར་བྱ་བའི་ཆོས་དང་ལྷན་ཅིག་ཏུ་
དེ་རྣམས་སེལ་བ་ཡིན་ནོ་ཞེས་འདོད་དོ། །སྟོབས་ཡོད་པ་ནི་ཐོས་པ་དང་པོ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ནུས་པ་ཡོད་པ་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པས་སོ། །བརྒལ་བ་ན་ཞེས་བྱ་བ་ནི་རྒོལ་བ་ལའོ། །དེ་ལ་ལུང་སྟོན་པ་ནི་ལེགས་པར་ལན་ཐེབས་པའོ། །དེར་
ནུས་པ་ནི་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཆེན་པོའི་འབྲིང་བསྟན་པའི་ཕྱིར་ཀཽ་ཤི་ཀ་ཡང་ས་ཕྱོགས་གང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཐག་རིང་པོ་ནས་ལྟ་བས་ན་ལྟ་བར་འགྱུར་བའོ། །ཐལ་མོ་སྦྱོར་བར་བྱེད་པས་ན་ཕྱག་འཚལ་བར་འགྱུར་བའོ། །གང་དུ་
ལྷགས་ནས་དཀྱིལ་འཁོར་ལྔ་པས་རབ་ཏུ་འདུད་པར་བྱེད་པས་འདུད་པར་འགྱུར་བའོ། །སོ་སོར་ངེས་པ་སྨོས་པས་བརྒྱ་ལ་འདི་ཙམ་ཕྱེད་པ་ཁོ་ན་ཡིན་ནོ་སྙམ་དུ་བློ་སྐྱེ་བར་འགྱུར་བ་དག་སྲིད་པས་ཀཽ་ཤི་ཀ་ཁྱོད་འདི་སྙམ་དུ་ཚངས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔ་མ་བཞིན་དུ་
སྦྱར་ཏེ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་དེར་འོངས་པར་སེམས་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིག་བསྒྲེ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཚངས་རིགས་ལ་སོགས་པ་གསུམ་ནི་བསམ་གཏན་དང་པོས་བསྡུས་པ་ཡིན་
ནོ། །འོད་ཆུང་ལ་སོགས་པ་གསུམ་ཡང་བསམ་གཏན་གཉིས་པ་ལས་སྐྱེས་པ་ཡིན་ནོ། །དགེ་ཆུང་ལ་སོགས་པ་གསུམ་ནི་བསམ་གཏན་གསུམ་པ་ལ་གནས་པ་ཡིན་ནོ། །སྤྲིན་མེད་པ་ལ་སོགས་པ་བརྒྱད་ནི་བསམ་གཏན་བཞི་པའི་ས་པ་ཡིན་ནོ། །འདུ་ཤེས་མེད་པའི་སེམས་
ཅན་ནི་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་ཡོད་དོ། །བསོད་ནམས་ལྷག་པ་སྐྱེ་བར་བྱ་བའི་ཕྱིར་ཐབས་ལ་མཁས་པ་ལ་བསླབ་པ་ནི། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་འདི་ལྟར་སེམས་བསྐྱེད་པར་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལས་ཞེས་བྱ་བ་ནི་གླེགས་བམ་འདི་ལས་ཞེས་བྱ་
เล่ม ๘๕ · หน้า 125a
བའི་ཐ་ཚིག་གོ། །དེ་བཞིན་དུ་བློ་དམན་པ་འགའ་ཞིག་རྟོག་པ་སྐྱེ་བར་དོགས་ནས་ཀཽ་ཤི་ཀ་ཁྱོད་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱི་འདྲེས་ཀྱི་ཞབས་སུ་བརྗོད་པས་ནི་ཀཽ་ཤི་ཀ་དེ་ལྟར་མི་བལྟའོ་ཞེས་གསུངས་སོ། །དེ་ལ་འདོད་པ་ན་སྤྱོད་པའི་
བག་ནི་འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་མ་སྤངས་པ་འདོད་པའི་ཁམས་སུ་སྐྱེས་པ་རྣམས་སོ། །གཟུགས་ན་སྤྱོད་པ་ནི་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་སྤངས། གཟུགས་ཀྱི་འདོད་ཆགས་ཀྱི་མངོན་པར་ཞེན་པ་གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་སོ། །ཆེན་པོའི་ཆེན་པོ་
བསྟན་པའི་ཕྱིར་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་ཁྱིམ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཁྱིམ་ནི་སྐྱེ་བོ་ཐ་མལ་པའི་གནས་སོ། །གནས་ཁང་ནི་དགེ་སློང་རྣམས་གནས་པའི་ཁང་པའོ། །ཁང་བཟངས་ནི་སོ་ཕག་ལ་སོགས་པ་ལས་བྱས་པའི་གནས་
ཁྱད་པར་ཅན་ཕྱུག་པོའི་ཁྱིམ་མོ། །ཤིན་ཏུ་བསྲུང་བར་འགྱུར་བ་ནི་མི་ལ་སོགས་པའི་འཚེ་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཁྱིམ་ལ་སོགས་པ་ཤིན་ཏུ་བསྲུང་བར་འགྱུར་ཞེས་རྟོག་པ་ལ། ཀཽ་ཤི་ཀ་དེ་ལྟར་གང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་གཟི་བརྗིད་ཆེ་བ་
ཞེས་བྱ་བ་ནི་མཐུ་ཆེ་བའོ། །དེ་ལྟར་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །འདི་སྐད་དུ་གང་གི་ཕྱིར་དེ་ལྟར་རབ་ཏུ་གྲགས་པའི་གཟི་བརྗིད་ཆེ་བ་ཁྱིམ་གང་དུ་འོང་བར་བྱའོ་སྙམ་དུ་སེམས་པ་དེའི་ཕྱིར་ཁྱིམ་ལ་སོགས་པ་དེ་རྣམས་ལ་མཐུས་ལེགས་པར་བསྲུང་བར་འགྱུར་རོ་ཞེས་བརྗོད་པ་ཡིན་
ནོ། །སེམས་ཅན་གྱི་ཁམས་ཡིད་ཆེས་པར་དཀའ་བ་རྣམས་ཤིན་ཏུ་ཡིད་ཆེས་པ་བསྐྱེད་པར་བྱ་བའི་ཕྱིར་ཞུས་པ་ནི་བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །སྐལ་བ་ཇི་ལྟ་བ་བཞིན་དུ་མཚན་མ་འབྱུང་བ་གསུངས་པ་ནི་ཀཽ་ཤི་ཀ་
གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེར་སྣང་བ་ཆེན་པོ་དག་མཐོང་ནས་ཞེས་བྱ་བ་ནི་ཁྱིམ་དེར་འོད་ཀྱི་སྣང་བ་ཆེན་པོ་འབྱུང་བར་མཐོང་ན་ཞེས་བྱ་བའི་དོན་ཏོ། །ངེས་པར་ཞེས་བྱ་བ་ནི་གདོན་མི་ཟ་བར་རོ། །མི་མ་ཡིན་པའི་དྲི་སྔོན་ཆད་མ་བསྣམས་པ་བྲོ་བར་གྱུར་ན་ཞེས་བྱ་བ་ནི། མི་མ་ཡིན་
เล่ม ๘๕ · หน้า 125b
པའི་དྲི་མིའི་འཇིག་རྟེན་ལས་འདས་པ་ཁྱད་པར་ཅན་གྱི་དྲི་སྣའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བའོ། །སྔོན་ཆད་མ་བསྣམས་པ་ཞེས་བྱ་བ་ནི་སྔོན་མ་མྱངས་པའོ། །འོངས་ཞེས་བྱ་བ་ནི་ཉེ་བར་ཕྱིན་པའོ། །ལྷགས་པའི་ཞེས་བྱ་བ་ནི་ཁང་པ་ལ་སོགས་པའི་ནང་དུ་ཞུགས་པས་སོ། །
ཀུན་ཏུ་སྤྱོད་པ་གཟོབ་པར་བྱེད་པར་འགྱུར་ཞེས་བྱ་བ་ནི་སྡིག་པ་ཐམས་ཅད་མི་བྱེད་པས་ནང་ཡོངས་སུ་དག་པའོ། །ཀུན་ཏུ་སྤྱོད་པ་གཙང་སྦྲ་བྱེད་པར་འགྱུར་ཞེས་བྱ་བ་ནི་གོས་ལ་སོགས་པ་གཙང་མ་ལ་ཉེ་བར་ལོངས་སྤྱོད་པས་ཕྱི་ཡོངས་སུ་དག་པའོ། །ཡི་རངས་ཤིང་ཞེས་བྱ་བ་ལ་སོགས་
པ་ནི་ཡིད་བདེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །མགུ་བ་ཉིད་ནི་ཡིད་བདེ་བ་ཡིན་ལ་དེ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གནས་པ་ཞེས་བྱ་བ་ནི་སྔར་གནས་པའོ། །འབྱོལ་བར་ཞེས་བྱ་བ་ནི་འགྲོ་བར་བྱའོ་སྙམ་པའོ། །ཇི་ལྟར་ན་སྔར་
གནས་པ་འབད་པ་མེད་པར་འཇོལ་བར་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ལྷ་དང་ཀླུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དཔལ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་མཐུ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་བསྟན་པར་བྱ་བའི་
ཕྱིར་གསུངས་པ་ཡིན་ནོ། །འདི་སྐད་དུ་གཟི་བརྗིད་ཆེན་པོ་དེ་དག་གི་མཐུ་ཉིད་ཀྱིས་འགྲོ་བ་ཡིན་པས་འབད་པ་ལ་ལྟོས་མི་དགོས་སོ་ཞེས་བརྗོད་པ་ཡིན་ནོ། །རྟག་ཏུ་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །དད་པ་མང་བར་འགྱུར་ཏེ་ཞེས་བྱ་བ་ནི་མངོན་པར་ཡིད་ཆེས་སུ་རུང་བ་མཐོང་བས་
དད་པ་མངོན་པར་འཕེལ་བའོ། །སྔར་སྤྱིར་ཐམས་ཅད་དུ་ཀུན་ཏུ་སྤྱོད་པ་གཟོབ་པར་བྱེད་པ་དང་གཙང་སྦྲ་བྱེད་པར་འགྱུར་བའི་ཀུན་ཏུ་སྤྱོད་པ་བསྟན་ནས་ཁྱད་པར་དུ་ལྷུར་བྱ་བའི་དོན་གསུངས་པ་ནི་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཁོར་ཡུག་
ཏུ་ཞེས་བྱ་བ་ནི་ཀུན་ནས་ཡོངས་སུ་འཁོར་བར་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ངལ་བར་མི་འགྱུར་བ་དང་ཞེས་བྱ་བ་ནི་ཡུལ་གཞན་དུ་འགྲོ་བ་ལ་སོགས་པས་ལུས་དུབ་པར་མི་འགྱུར་བའོ། །སེམས་ངལ་བར་མི་འགྱུར་ཞེས་བྱ་བ་ནི་བསོད་སྙོམས་ལ་སོགས་པ་མ་རྙེད་པས་སེམས་སྐྱོ་བར་མི་
เล่ม ๘๕ · หน้า 126a
འགྱུར་བའོ། །དེ་བདེ་བར་ཉལ་བར་བྱེད་པར་འགྱུར་ཞེས་བྱ་བ་ནི། ལུས་ཚབ་ལ་སོགས་པའི་ཉེ་བར་འཚེ་བ་དང་བྲལ་བའི་ཕྱིར་རོ། །བདེ་བར་འགྲོ་བར་འགྱུར་ཞེས་བྱ་བ་ནི། འཆག་པ་ལ་སོགས་པའི་དུས་སུ་ཚེར་མ་ལ་སོགས་པས་མ་གཙེས་པའི་ཕྱིར་རོ། །བགྲོ་
བ་བྱེད་པ་ཞེས་བྱ་བ་ནི་ཕན་ཚུན་གཞུང་དང་དོན་གཏན་ལ་འབེབས་པའི་ཕྱིར་རོ། །འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པས་འཚང་རྒྱ་བ་ཉིད་དོ། །འདི་ལྟར་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པ་གཉིས་
པོ་གོ་རིམས་བཞིན་དུ་བཀྲེས་པ་དང་སྐོམ་པ་ལ་སོགས་པ་དང་། རྡོ་དང་ཚེར་མ་ལ་སོགས་པ་དང་བྲལ་བའོ། །ལུས་ཀྱི་ནང་དུ་མདངས་བཅུག་པས་ཤིན་ཏུ་བདེ་བ་མྱོང་བར་འགྱུར་ཞེས་བྱ་བ་ནི། ལུས་ལ་སྟོབས་གང་ཡིན་པ་དང་། ཚིག་ལ་གཟི་བརྗིད་གང་ཡིན་པ་དང་། བློ་ལ་ཤིན་
ཏུ་རྣོ་བ་གང་ཡིན་པ་དེ་ལྟ་བུའི་མདངས་གསུམ་གང་དུ་རབ་ཏུ་བཅུག་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཡང་ལུས་ཞེས་སྨོས་པ་དེས་གཙོ་བོར་ལུས་བརྗོད་པ་ན་ངག་དང་བློ་དག་ཕལ་པར་བརྟག་པས་རིག་པར་བྱ་བ་ཡིན་ནོ། །ཡང་ཞིང་ཡང་བ་ཉིད་ཅེས་བྱ་བ་ནི་ལྕི་བ་དང་བྲལ་བ་ཉིད་ལུས་ཀྱི་བདེ་བ་ཡིན་
ནོ་ཞེས་སྔ་མ་དང་སྦྱར་རོ། །ཁ་ཟས་ལ་བརྐམ་པ་ཞེས་བྱ་བ་ནི་ཁ་ཟས་འདོད་པ་དང་ལྡན་པ་ཞེས་བྱ་བ་ནི་ལྷག་མའོ། །རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་སྒོམ་པ་བདེ་བ་ཉམས་སུ་ལེན་པ་བརྩོན་པའོ། །ཡིད་ལ་བྱེད་པས་ཡོངས་སུ་བརླན་པས་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་བསྒོམས་
པ་ཉེ་བར་རྒྱས་པའོ། །རྣལ་འབྱོར་ལ་སྤྱོད་པ་ནི་བསམ་གཏན་གྱི་ཟས་ཀྱིས་འཚོ་བ་ཡིན་པའི་ཕྱིར་ཁམ་གྱི་ཟས་ལ་བརྐམ་པ་དྲག་པོ་མི་འབྱུང་བ་མ་ཡིན་ནམ། ཡུམ་བྲིས་ནས་མཆོད་པ་སྔོན་དུ་འགྲོ་བས་འཇོག་པ་འདི་གོ་ཇི་ལྟར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་ཀཽ་ཤི་ཀ་
དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་ཞེས་བྱ་བ་ནི་ཚིག་གི་ཕྲད་དེ་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བྲི་བ་ལ་སོགས་པ་ལ་བརྩོན་པ་
เล่ม ๘๕ · หน้า 126b
ཉིད་ཀྱིས་དེའི་ལུས་ལ་མི་མ་ཡིན་པ་དག་མདངས་ཉེ་བར་བསྒྲུབ་པར་བྱའོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གང་གི་ཕྱིར་ཆོས་ཉིད་ཡིན་པ་དེ་བས་ན་མདངས་བཅུག་པ་ཉིད་ཀྱི་ཁ་ཟས་ཀྱི་བྱ་བ་བྱས་པ་ཉིད་ཡིན་པའི་ཕྱིར་འདི་ཁ་ཟས་ལ་བརྐམ་པ་ཆུང་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །
རང་དང་གཞན་མཉམ་པ་ཉིད་ཀྱིས་རང་དང་གཞན་གྱི་དོན་གྱི་མོས་པ་རྣམ་པ་དགུ་སྟེ་དེ་ལྟར་བསྟན་ནས་གཞན་གྱི་དོན་གྱི་མོས་པའི་རྣམ་པ་ཆུང་ངུའི་དོན་གསུངས་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཏེ་གླེགས་བམ་དུ་ཆུད་པར་བྱས་ཏེ་མཆོད་པ་སྔོན་དུ་འགྲོ་བས་འཇོག་ཅིང་མཆོད་པར་
བྱེད་ཅིང་འཛིན་པར་མི་བྱེད་འཆང་བར་མི་བྱེད་ཅེས་བྱ་བ་ལ་སོགས་པའོ། །དེ་བས་ན་སྟེ་འཛིན་པ་ལ་སོགས་པ་མི་བྱེད་པ་དེ་ལ་ལྟོས་ནས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ཉིད་ཅེས་བྱ་བ་འཆད་པར་འགྱུར་བའི་གང་ཟག་ཡིན་པ་འདིའོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་སྡུད་པ་
ནི་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ཉིད་དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྐབས་སུ་འདིས་ཅི་ཞིག་བྱ་ཞེས་བརྗོད་པར་ནི་མི་བྱ་སྟེ། གང་གི་ཕྱིར་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་
ཅན་གྱི་བྱང་ཆུབ་ཀྱི་སེམས་ཉིད་ནི་གཙོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །ལྷག་པའི་བསམ་པས་མཉན་པར་བྱ་ཞེས་བྱ་བ་ནི་ཐོད་པ་ལ་སོགས་པ་བོར་ལ་སྟན་དམའ་བ་ལ་འདུག་སྟེ། །རྣམ་པར་གཡེང་བའི་ཉེས་པ་བསལ་ལ་ཐར་བར་འདོད་པའི་བསམ་པས་དམ་པའི་ཆོས་མཉན་པར་བྱའོ། །
ཆུང་ངུ་ན་གླེགས་བམ་དུ་ཆུད་པར་བྱས་ཏེ་གཞག་པར་བྱའོ་ཞེས་བྱ་བ་ལ། །དོན་འདི་དང་པོ་ཁོ་ན་རང་གི་དོན་ལ་མོས་པའི་འགྲེས་རྩོམ་པ་ན་གསུངས་ཟིན་པས་ཡང་ཅིའི་ཕྱིར་སྨོས་ཞེས་བསམ་པར་མི་བྱ་སྟེ། གང་གི་ཕྱིར་དེར་ནི་རང་གི་དོན་ལྷུར་ལེན་པ་འཇོག་པ་གསུངས་པ་ཡིན་ལ་འདིར་ནི་གཞན་
གྱི་དོན་ལྷུར་ལེན་པའོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །དེ་ལྟར་ཡང་དམ་པའི་ཆོས་ཡུན་རིང་དུ་གནས་པ་དང་ཞེས་བྱ་བ་ལ་སོགས་པ་དེ་མ་ཐག་ཏུ་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། ཕ་རོལ་ཕྱིན་པ་དང་། མཆོད་རྟེན་ལ་རི་
เล่ม ๘๕ · หน้า 127a
མོར་བྱ་བ་དང་། གཞལ་དུ་མེད་པའི་ཡོན་ཏན་འཛིན་པའི་ལེའུ་སྟེ་གསུམ་པའོ།། །།ཆུང་ངུའི་འབྲིང་གི་དབང་དུ་མཛད་ནས་ཀཽ་ཤི་ཀ་གལ་ཏེ་འཛམ་བུའི་གླིང་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཞེས་བྱ་བ་ནི་
བྱེད་པ་པོའི་གསུམ་པ་སྟེ། དེ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །བྱུར་བུ་ཞེས་བྱ་བ་ནི་རྩེ་མོའི་མཐར་ཐུག་པའི་བར་དུ་བྱེད་པའི་ཕྱིར་རོ། །ཡོངས་སུ་བཀང་ཞེས་བྱ་བ་ནི་སའི་ཆ་ཐམས་ཅད་ཁྱབ་པར་བྱས་པའི་ཕྱིར། །བསྟབས་ན་ཞེས་བྱ་བ་ནི་གང་འདོད་པའི་ཆ་དེ་ལོང་ཤིག་ཅེས་སྨྲས་པ་ནའོ། །
གཟུགས་ཀྱི་སྐུ་ཁྱད་པར་ཅན་གྱི་དེ་བཞིན་གཤེགས་པ་ཡོངས་སུ་དོར་ནས་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལེན་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གང་གི་ཕྱིར་དེ་བཞིན་གཤེགས་པའི་ཚུལ་ནི་ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པ་ལ་རི་མོར་བགྱི་བ་སྟེ། གུས་པའི་ཁྱད་པར་ཡོད་པ་དེ་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལེན་ཏོ་ཞེས་སྔ་མ་དང་སྦྱར་རོ། །འདི་ལ་ཅིའི་ཕྱིར་རི་མོ་བྱེད་ཅེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གང་གི་ཕྱིར་འདི་ནི་ཡང་དག་པའི་དོན་གྱི་སྐུའོ་ཞེས་བྱ་བ་དོན་དམ་
པའི་སྐུ་སྟེ་ཆོས་ཀྱི་སྐུ་ཡིན་ལ། དེ་གཙོ་ཆེར་སྟོན་པས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ཉིད་ལ་རི་མོར་བགྱིད་དོ་ཞེས་འདོད་དོ། །གང་ཞིག་གསལ་བར་བྱེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རི་མོར་བྱེད་པ། ཆོས་ཀྱི་སྐུ་ཡང་དག་པའི་དོན་གྱི་སྐུ་
ཡིན་པ་ཉིད་ག་ལས་ཞེས་བྱ་བའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་ཀྱི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གང་གི་ཕྱིར་ཕྱོགས་གཞན་དག་ཏུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་ཡེ་
ཤེས་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་ཅན་ཡིན་ཏེ་ཞེས་གསུངས་པ་འདིས་ནི་དཔེ་བསྟན་པ་ཡིན་ནོ། །འོན་ཏེ་རང་རིག་ཉིད་ཀྱིས་སྐད་ཅིག་མ་སྔ་མར་བྱུང་བའི་ཤེས་པའི་བདག་ཉིད་ཡོངས་སུ་གཅོད་པ་ཁོ་ན་ཡིན་ལ། ཕྱིས་བྱུང་བ་ལ་ཡང་
เล่ม ๘๕ · หน้า 127b
འདིའི་དེ་མ་ཐག་ཏུ་ནི་འདི་འབྱུང་ངོ་ཞེས་རིག་ནས་འདི་ནི་རྒྱུ་དང་འབྲས་བུ་ཡིན་ནོ་ཞེས་རྟོགས་ཏེ། དེ་ལྟ་མ་ཡིན་ན་མཇུག་ཐོགས་ངེས་པ་མི་རུང་བ་འམ། རུང་ན་ཡང་ཧ་ཅང་ཐལ་བའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་རྒྱུ་འབྲས་ཀྱི་དངོས་པོའི་རང་བཞིན་དུ་ངེས་པར་བྱས་པའི་ཕྱིར་ན་
སངས་རྒྱས་བཅོམ་ལྡན་འདས་རྣམས་སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཇི་ལྟར་ཡིན་ཞེས་འདོད་ན། དེ་ན་མི་རིགས་ཏེ། གང་གི་ཕྱིར་འདིའི་མཇུག་ཐོགས་སུ་འདི་ཡིན་ནོ་ཞེས་བྱ་བ་རང་རིག་པའི་ཤེས་པ་ལས་ནི་མི་འགྲུབ་སྟེ། འདིའི་ཡུལ་ནི་བརྟགས་པ་མ་ཡིན་པའི་ཕྱིར་རོ། །
ཤེས་པ་གཞན་གྱིས་འགྲུབ་པར་བརྟགས་པ་ཡང་རིགས་པ་མ་ཡིན་ཏེ། རྣམ་པ་མེད་པ་དང་། རྣམ་པ་དང་བཅས་པས་ཡོངས་སུ་གཅོད་པ་མི་རིགས་པའི་ཕྱིར་རོ། །ཡོངས་སུ་གཅོད་ན་ཡང་ཤེས་པའི་ཡུལ་དོན་གཞན་ཡིན་པར་འགྱུར་ན་དེ་ནི་ཁྱེད་མི་འདོད་དེ་གཟུང་བ་མི་འཐད་པའི་ཕྱིར་རོ། །
ཤེས་པ་གཉིས་པོ་དེ་ཉིད་ཀྱིས་མཇུག་ཐོགས་ངེས་པ་གཅོད་པ་ཡང་མ་ཡིན་ཏེ། དེ་གཉི་ག་ཡང་འགགས་པའི་ཕྱིར་རོ། །འདི་སྙམ་དུ་རང་རིག་པ་ཉིད་ཀྱིས་ཤེས་པ་སྔ་མ་འཛིན་པ་ན་འབྲས་བུ་ལ་ལྟོས་ནས་རྒྱུའི་བདག་ཉིད་ཅན་གྱི་དེ་མ་ཐག་པ་འཛིན་པ་ཡིན་ལ་དེ་བཞིན་དུ་ཤེས་པ་ཕྱི་པ་
འཛིན་པ་ན་ཡང་འབྲས་བུའི་བདག་ཉིད་ཅན་གྱི་དེ་མ་ཐག་པ་འཛིན་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་དེ་མ་ཐག་པ་ན་རང་བཞིན་ཐ་མི་དད་པ་ཉིད་ཡིན་པའི་ཕྱིར་རོ་སྙམ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་རང་བཞིན་འབྲེལ་བར་སྣང་
བས་དངོས་པོ་གཉིས་བཟུང་ན་འབྲས་བུ་དང་རྒྱུའི་དངོས་པོར་ངེས་པ་ཡིན་གྱི། དེ་མ་ཐག་ཙམ་དུ་བཟུང་བས་ནི་མ་ཡིན་ཏེ། གཞན་དུ་ན་བུམ་པ་བཟུང་བའི་རྗེས་ཐོགས་ལ་སྣམ་བུ་བཟུང་བར་གྱུར་པ་ན་དེར་གཏོགས་པའི་དེ་མ་ཐག་ཙམ་ཡོངས་སུ་བཅད་པས་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་
རོ། །རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་རང་རིག་པ་ལ་ནི་སྔོན་དང་ཕྱི་མར་གྱུར་པའི་དངོས་པོ་འབྲེལ་པར་སྣང་བའི་འཛིན་པ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་འདིའི་རྗེས་ཐོགས་ལ་འདི་འབྱུང་ངོ་ཞེས་བྱ་བའི་ཡོངས་སུ་གཅོད་པ་མེད་པས་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པར་རིག་
เล่ม ๘๕ · หน้า 128a
པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདིའི་རྗེས་ལ་འདི་འབྱུང་ངོ་ཞེས་བྱ་བའི་རྣམ་པར་རྟོག་པ་ཡང་སྐྱེ་བར་མི་འགྱུར་རོ། །ཉམས་སུ་མྱོང་བའི་ངེས་པ་མེད་པའི་ཕྱིར་སྐད་ཅིག་མ་ཉིད་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་ནོ། །ཀྱེ་དགེ་སློང་དག་མཚན་དང་དཔེ་བྱད་ཀྱིས་འབར་
བ་འདི་ལ་ནི་སྐུ་དམ་པ་ཡང་དག་པའི་སྐུ་རྡུལ་ཕྲ་རབ་བསགས་པའི་རང་བཞིན་བདེན་པ་ཉིད་དུ་མ་འཛིན་པར་ཞེས་བྱ་བས་ན་སྒྲུབ་པར་བྱ་བའི་ཆོས་གསུངས་པ་ཡིན་ནོ། །དགེ་སློང་དག་ང་ནི་ཆོས་ཀྱི་སྐུས་ཡོངས་སུ་རྫོགས་པར་ཏེ། སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱས་པའི་
སྒྲུབ་པར་བྱེད་པས་ཡོངས་ས་སུ་རྫོགས་པར་ལྟོས་ཤིག་ཅེས་བྱ་བ་འདི་ནི་གཏན་ཚིགས་སོ། །དེ་བཞིན་གཤེགས་པའི་སྐུ་འདི་ནི་ཡང་དག་པའི་མཐས་རབ་ཏུ་ཕྱེ་བ་དེ་བཞིན་གཤེགས་པའི་སྐུར། ཆོས་ཀྱི་སྐུར་ཡོངས་སུ་རྫོགས་པར་བྱེད་པས་རྫོགས་པར་བྱས་པ་ཡིན་ཏེ། འདི་ལྟ་སྟེ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་དེའི་རང་བཞིན་ཏེ། འདིས་ནི་ཕྱོགས་ཀྱི་ཆོས་ཉེ་བར་བསྡུས་བྱས་སོ། །འདིས་ནི་འདི་སྐད་དུ་གང་ཞིག་སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་སྒོམ་པའི་སྒྲུབ་པར་བྱེད་པས་ཡོངས་སུ་རྫོགས་པར་བྱས་པ་དེ་ནི་ཆོས་ཀྱི་སྐུ་ཡིན་ཏེ། །དཔེར་ན་སྔོན་གྱི་སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལྟ་བུའོ། །དེ་བཞིན་གཤེགས་པའི་སྐུ་འདི་ཡང་ཇི་སྐད་དུ་བརྗོད་པའི་ཡེ་ཤེས་སྒོམ་པའི་སྒྲུབ་པར་བྱེད་པས་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ་ཞེས་རང་བཞིན་གྱིས་གཏན་ཚིགས་རྗོད་པ་ཡིན་ནོ། །དོན་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཉིད་ཡིན་པས་རྣམ་པ་
དང་བཅས་པའི་ཤེས་པ་ལ་སོགས་པས་གཟུང་བར་མི་ནུས་པ་ཉིད་ཡིན་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་རིག་པའི་མངོན་སུམ་དུ་གྲུབ་སྟེ། །རྨི་ལམ་ལ་སོགས་པའི་ཤེས་པ་དང་འདྲ་བར་དོན་གྱི་རྣམ་པས་ཉེ་བར་བསྒྱུར་བར་བསྒོམ་པར་བྱའོ་ཞེས་བྱ་བར་གནས་སོ། །དེ་ཡང་བརྗོད་ཟིན་པའི་
ཚུལ་གྱིས་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་དེ་ཁོ་ན་ཉིད་དུ་དངོས་པོ་མེད་པ་ཉིད་ཀྱིས་ན་སྒྱུ་མ་ལྟ་བུ་ཉིད་དུ་ངེས་སོ། །དེ་བས་ན་འདི་ཡིད་ཀྱིས་སྒོམ་པའི་སྟོབས་ཀྱིས་གསལ་བར་སྣང་བ་གང་ཡིན་པ་དེ་ཉིད་དེ་བཞིན་གཤེགས་པ་ཉིད་ཡིན་པས་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །མཐུན་
เล่ม ๘๕ · หน้า 128b
པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡིན་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཁས་ལེན་པ་ལ་འདི་དཔེར་བྱས་པ་ཡིན་ནོ། །གཞན་དག་ལ་ཡང་ཆོས་ཀྱི་སྐུ་མེད་ན་ཚད་མའི་གནོད་པ་དང་བྲལ་བ་ཅན་ཇི་སྐད་དུ་བཤད་པའི་ཡེ་ཤེས་སྒོམ་པའི་སྒྲུབ་པར་བྱེད་པས་ཡོངས་སུ་རྫོགས་
པར་བྱས་པ་དང་བྲལ་བའི་ཕྱིར་འཁོར་ལོས་སྒྱུར་བ་ལ་སོགས་པ་དང་འདྲ་བར་ཕྱིན་ཅི་ལོག་དང་ལྡན་པར་ཐལ་བར་འགྱུར་ན། དེ་བཞིན་གཤེགས་པ་ནི་ཕྱིན་ཅི་མ་ལོག་པར་འདོད་པ་ཡིན་ནོ་ཞེས་བྱ་བ་ནི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་མི་འཐད་པའི་ཕྱིར་གཏན་
ཚིགས་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ། །དེ་བས་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་འབར་བ་དང་ལྡན་པ་སེམས་ཅན་སྐལ་བ་ཅན་རྣམས་ཀྱིས་མཐོང་བ་འདི་ནི་སྟོན་པའི་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་སྐུ་མ་ཡིན་མོད་ཀྱི་འོན་ཀྱང་མཆོག་ཏུ་དྲི་མ་མེད་པའི་ཡོན་ཏ་མཐའ་ཡས་པའི་
ཚོགས་དང་ལྡན་པ་ཆོས་ཀྱི་སྐུའི་དབང་གིས་དེ་རྣམས་ཀྱི་རང་གི་ཤེས་པ་དེ་ལྟ་བུའི་གཟུགས་ཀྱི་སྐུའི་རྣམ་པར་སོ་སོར་སྣང་ཏེ། གང་གིས་རང་གི་ཤེས་པ་དེ་བཞིན་གཤེགས་པར་སྣང་བའི་ངོ་བོར་མི་ཤེས་པ་དག་འདི་ནི་ཕྱི་རོལ་གྱི་བཅོམ་ལྡན་འདས་ཡིན་ནོ་ཞེས་སྟོན་པའི་བློས་རྣམ་པར་རྟོག་
ཅིང་ལྟ་བ་དང་ཕྱག་འཚལ་བ་ལ་སོགས་པས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་སྣོད་དུ་འགྱུར་བའི་རིམ་གྱིས་ལོག་པར་སོ་སོར་སྣང་བ་ཡིན་ཡང་མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུ་དངོས་པོ་དང་འབྲེལ་བས་རྣམ་པར་རྟོག་པ་གཅིག་ཏུ་བརྒྱུད་པས་ཕན་པའི་རྒྱུ་ཉིད་དུ་
འགྱུར་བ་མཐོང་བ་ཁོ་ན་སྟེ་མྱུར་དུ་ནི་མ་ཡིན་ནོ། །གང་གི་ཕྱིར་ཇི་སྲིད་དངོས་པོ་ལ་མངོན་པར་ཞེན་པས་ཤེས་བྱ་ལ་ཤེས་པ་ཀུན་ཏུ་འབྱུང་བར་འགྱུར་བ་དེ་སྲིད་དུ་དེ་མ་ཡིན་ལ་དེར་འཛིན་པས་ཤེས་པ་འཁྲུལ་པ་དེ་ཁོ་ན་མཐོང་བ་ལས་ཐག་རིང་བ་ཡིན་ནོ། །དེ་བས་ན་ཇི་ལྟར་སྒྱུ་མ་མཁན་རྣམས་རང་
གིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པ་དངོས་པོ་ལྟ་བུར་སྣང་བ་རྣམས་ལ་དངོས་པོའི་རང་བཞིན་དུ་མི་རྟོགས་པས་མངོན་པར་ཞེན་པ་མེད་པ་དེ་བཞིན་འདི་དག་ནི་བདེན་པ་ཉིད་དོ་ཞེས་མངོན་པར་ཞེན་པར་མི་བྱེད་དོ། །དེ་བཞིན་དུ་ལན་མང་དུ་ཐབས་མང་པོས་དུས་ཡུན་རིང་པོར་ཐེག་པ་ཆེན་པོའི་
เล่ม ๘๕ · หน้า 129a
རང་གི་ངོ་བོ་ལམ་བསླབས་པའི་ལས་དང་པོ་པར་གྱུར་པ། མྱུར་དུ་དེ་བཞིན་གཤེགས་པའི་གནས་སྐབས་ཐོབ་པར་འདོད་པས་ཀྱང་དེ་བཞིན་གཤེགས་པའི་དབང་གིས་བྱུང་བ་རང་གི་ཤེས་པའི་གཟུགས་བརྙན་གཟུགས་ཀྱི་སྐུའི་དེ་བཞིན་གཤེགས་པ་འགྲོ་བའི་བླ་
མ་ལ་མངོན་པར་ཞེན་པའི་ཚུལ་གྱིས་སྒྲུབ་པ་སྙིང་པོར་གྱུར་པས་དད་པར་བྱའོ། །དེ་ཉིད་བསྟན་པ་ནི་བཅོམ་ལྡན་འདས་བདག་ཅེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །ཆུང་ངུའི་ཆེན་པོའི་དབང་དུ་བྱས་ནས། འོན་ཀྱང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །
འོན་ཀྱང་ཞེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་དེ་གང་གི་ཕྱིར་ཞེས་བྱ་བའི་དོན་ལ་འཇུག་གོ། །ཐ་དད་པ་ཡིན་ན་ཡུམ་ལ་མཆོད་པས་དེ་བཞིན་གཤེགས་པ་མཆོད་པ་ཇི་ལྟར་འགྱུར་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། དེ་བཞིན་གཤེགས་པའི་སྐུ་རྣམས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་སླད་དུའོ་ཞེས་བྱ་བ་གསོལ་ཏོ། །འདིར་དོན་གྱི་དེ་ཁོ་ན་ཉིད་ནི་འདི་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་འདི་ལྟ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གྲུབ་པ་ཡིན་ཏེ། དེ་བས་
ན་མཐུ་ཆེ་བ་ཉིད་ཀྱིས་མཆོད་པར་བྱ་བ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་སྐྱེད་པའི་འབྲེལ་པས་འདི་ལ་མཆོད་ནས་ཐ་དད་པ་ཡིན་ཡང་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གང་ལ་བརྟེན་ནས་གང་མཆོད་པར་འགྱུར་བ་དེ་མཆོད་ན་དེ་ཉིད་ལ་མཆོད་པ་ཡིན་ནོ་ཞེས་བྱ་
བའི་དོན་འདི་ཉིད་དཔེ་སྔོན་དུ་འགྲོ་བས་གསལ་བར་བྱེད་པ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དེ་ལ་བདག་ཆོས་བཟངས་ལྷའི་འདུན་ས་ཞེས་བྱ་བ་ནི་རི་རབ་ལ་གནས་པ་གྲོང་ཁྱེར་བལྟ་ན་སྡུག་གི་ཕྱི་རོལ་གྱི་ལྷོ་ནུབ་ན་
གནས་པ་སྟེ། གང་ལ་འཇུག་ནས་ལྷ་རྣམས་ཀྱི་བྱ་བ་དང་བྱ་བ་མ་ཡིན་པ་སེམས་པའོ། །ཡང་ཅི་ལྟར་ན་གཞན་དག་ལ་གུས་པས་གཞན་ལ་ཕྱག་འཚལ་བ་ལ་སོགས་པ་བྱེད་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། ལྷའི་དབང་པོ་བརྒྱ་བྱིན་སྟན་འདི་ལ་ཞེས་བྱ་བ་
เล่ม ๘๕ · หน้า 129b
ལ་སོགས་པ་སྨྲས་པ་ཡིན་ནོ་ཞེས་བྱ་བའི་སྒྲ་ནི་རྗེས་སུ་དྲན་པ་ལ་ཡིན་ནོ། །དེ་དང་འབྲེལ་པས་སྟན་ལ་མཆོད་ན་བརྒྱ་བྱིན་ལ་མཆོད་པ་ཡིན་ནོ་ཞེས་སོ། །དབང་ཆེ་བར་གྲགས་པ་རྒྱུ་དང་རྐྱེན་དུ་གྱུར་པ་ཞེས་བྱ་བ་ལ། རིམ་པ་ཇི་ལྟ་བ་བཞིན་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུའི་དབྱེ་
བས་རྒྱུ་དང་རྐྱེན་དུ་གྱུར་པ་ཡང་འདི་ཡིན་ལ། །མཐུ་ཆེ་བ་ཉིད་ཀྱིས་དབང་ཆེ་བར་གྲགས་པ་ཡང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པས་སོ། །དེ་བཞིན་གཤེགས་པའི་སྐུ་ཉིད་གནས་པའི་རྒྱུ་ཡིན་པ་ཉིད་ཀྱིས་སངས་རྒྱས་སྐྱེད་པར་བྱེད་
པ་ཉིད་ཡིན་ནོ་སྙམ་དུ་འགའ་ཞིག་དོགས་ན་དེ་བཞིན་གཤེགས་པའི་སྐུ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་སྐད་དུ་ཐམས་ཅད་མཁྱེན་པ་འཛིན་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་སྐུ་ཞེས་བརྗོད་དེ། །དེ་བས་ན་དེ་ནི་སྔོན་མ་བྱུང་བའི་ཐམས་ཅད་མཁྱེན་པ་སྐྱེད་པའི་ཕྱིར་རྒྱུར་
གྱུར་པ་དང་རྐྱེན་དུ་གྱུར་པ་ནི་མ་ཡིན་གྱི། འོན་ཀྱང་གྲུབ་ཟིན་པ་དུས་ཕྱིས་གནས་པའི་རྒྱུར་གྱུར་པས་ན་རྟེན་དུ་གྱུར་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ཅན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱུ་ཅན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་
མཆོད་པས་ཞེས་བྱ་བ་ནི་ལྷག་མའོ། །ཉེ་བར་བསྡུ་བའི་དོན་དུ་དེ་ལྟ་བ་ན་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །འབྲིང་གི་ཆུང་ངུ་བསྟན་པའི་ཕྱིར་ཡང་བཅོམ་ལྡན་འདས་འཛམ་བུའི་གླིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་
པ་གཏན་ཚིགས་རྗོད་པ་ནི་དོན་ཐལ་ཟིན་པ་ཡིན་ཡང་གནས་སྐབས་གཞན་གྱི་དབང་གིས་སྨྲས་པས་ཟློས་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བསྒོས་པ་ཉིད་ན། དེ་བཞིན་གཤེགས་པའི་སྐུ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་
ནོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ཉེ་བར་བསྡུ་བ་ཡིན་ནོ། །འབྲིང་གི་འབྲིང་བསྟན་པའི་ཕྱིར་འོན་ཀྱང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། འདི་ལས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་མཉན་པ་ལ་
เล่ม ๘๕ · หน้า 130a
སོགས་པའི་རིམ་གྱིས་སྐྱེས་པའི་ཕྱིར་སྐུ་གདུང་མཆོད་པར་འོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་སྐྱེས་པ་ཡིན་ན་ཡང་ཅིའི་ཕྱིར་མཆོད་པ་བརྙེས་ཤེ་ན། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བསྒོས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་རྣམ་
པར་དག་པའི་རྒྱུ་ལས་ཡང་དག་པར་བྱུང་བའི་འབྲས་བུ་ནི་ཤིན་ཏུ་རྣམ་པར་དག་པས་ཁོ་ན་སྐྱེ་བ་ཡིན་ནོ་ཞེས་བྱ་བས་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐུ་ཆེ་བ་ཉིད་སྐྱེད་པས་དེ་བཞིན་གཤེགས་པ་ཡོངས་སུ་བསྒོས་ཤིང་རྣམ་པ་ཐམས་ཅད་དུ་བསྒོས་པ་ཡིན་པ་དེའི་ཕྱིར་དེ་ལས་སྐྱེས་པས་
མཆོད་པ་བརྙེས་པ་ཡིན་ནོ། །འདི་ཉིད་དཔེས་གསལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་རིན་ཐང་མ་མཆིས་པའི་ནོར་བུ་རིན་པོ་ཆེ་ཞེས་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། དེ་ལ་ཕུལ་དུ་བྱུང་བ་ཉིད་ཡིན་པས་ན་རིན་ཐང་མེད་དེ་རིན་ཐང་ཚད་མེད་
པར་འོས་པ་ཡིན་ནོ། །འདི་ལྟ་བུ་འདི་དག་དང་ཞེས་པ་ནི་འཆད་པར་འགྱུར་བ་འདི་ལྟ་བུ་དང་ངོ་། །རྒྱས་པ་ཞེས་བྱ་བ་ནི་བཀང་བའོ། །ཚར་གཅོད་དོ་ཞེས་བྱ་བ་ནི་ཞན་པར་བྱེད་པའོ། །མི་འཕེལ་བ་དང་ཞེས་བྱ་བ་ནི་རྣམ་པར་འཕེལ་བར་མི་བྱེད་པའོ། །ཉེ་བར་ཞི་བར་བགྱིད་ཅེས་བྱ་བ་ནི་རྩ་
ནས་འབྱིན་པའོ། །ཚ་བར་གྱུར་པ་ཞེས་བྱ་བ་ནི་གདུངས་པར་གྱུར་པའོ། །ཡོངས་སུ་རྒྱས་ཤིང་ཞེས་བྱ་བ་ནི་ཁྱབ་པའོ། །གཟིར་བ་ནི་གདུངས་པའོ། །མུན་པ་མུན་ནག་ཅེས་བྱ་བ་ནི་མུན་ནག་ཐིབས་པའོ། །གཟུང་ཞེས་བྱ་བ་ནི་བར་སྣང་ལ་འཛིན་པའི་ཕྱིར་རོ། །བཞག་པ་ཞེས་བྱ་
བ་ནི་ས་ལ་བཞག་པའི་ཕྱིར་རོ། །ཞན་པར་བྱེད་པའི་ཕྱིར་བཅོམ་པའོ། །རྣམ་པ་ཐམས་ཅད་དུ་བསལ་བས་མ་མཆིས་པར་གྱུར་པའོ། །དེ་དག་དང་དེ་ལྟ་བུའི་ངོ་བོ་གཞན་དག་དང་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པས་དེ་དག་དང་འོག་ནས་འཆད་པ་དེ་ལྟ་བུའི་རང་བཞིན་དག་དང་
ཡང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆུ་བུར་ཞེས་བྱ་བ་ནི་མངོན་པར་འཕེལ་བར་འགྱུར་བའི་འབྲུམ་བུའོ། །རབ་རིབ་ནི་ཉམས་པར་བྱེད་པར་རོ། །མིག་ནད་ནི་གཟེར་བ་ལ་སོགས་པའོ། །ལིང་ཏོག་ནི་མཐུག་པར་ཁེབས་པ་ཉིད་དེ་ཀུན་ཏུ་སྤྱོད་པའི་རང་བཞིན་དང་ས་བོན་གྱི་གནས་
เล่ม ๘๕ · หน้า 130b
སྐབས་སུ་ཡོད་པ་སེལ་བས་གོ་རིམས་བཞིན་དུ་བྱང་ཞིང་ཞི་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེའི་རང་གི་མདོག་གང་ཡིན་ཞེ་ན། གལ་ཏེ་རས་དཀར་པོས་དཀྲིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གཞན་དག་ཀྱང་རུང་སྟེ་ཞེས་བྱ་བ་ནི་ལྗང་གུ་ལ་སོགས་པའོ། །དཀྲིས་སམ་
བཅིངས་ཏེ་ཞེས་བྱ་བ་ནི་གོས་ཀྱིས་ཀུན་ནས་ཡོངས་སུ་དཀྲིས་པ་འམ་དེའི་ཕྱོགས་གཅིག་ཏུ་བཅིངས་ཏེ་ཞེས་བྱ་བར་ཤེས་པར་བྱའོ། །རྙོག་པར་གྱུར་པ་ནི་རྡུལ་མང་བ་སྟེ། དེ་དག་ཀྱང་དང་བར་འགྱུར་ཞིང་འོག་ཏུ་འགྲོ་བར་འགྱུར་རོ། །འཛམ་བུའི་གླིང་ན་མཐུ་ཆེ་བར་གྲགས་པ་ཟས་
གཙང་མ་ལ་ཡང་འདི་ལྟ་བུའི་རིན་པོ་ཆེ་མེད་པས་འགའ་ཞིག་དཔེ་འདི་གྲུབ་པ་མ་ཡིན་ནོ་སྙམ་སེམས་པའི་དོགས་པ་བཟློག་པར་བྱ་བའི་ཕྱིར་ཀཽ་ཤི་ཀ་ཅི་ནོར་བུ་རིན་པོ་ཆེ་དེ་དག་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །བསོད་ནམས་ཤིན་ཏུ་ཁྱད་པར་འཕགས་པ་ཡིན་པས་འཕགས་པ་ཀུན་
དགའ་བོ་ནོར་བུ་རིན་པོ་ཆེ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ལན་སྨྲས་པ་ཡིན་ནོ། །གྲངས་དང་མཐུ་དག་གིས་གོ་རིམས་བཞིན་དུ་ཆུང་ཞིང་ཕྲ་ལ་ཞེས་བྱ་བ་གཉིས་སྨོས་པ་ཡིན་ནོ། །ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་དེ་དག་གིས་ཞེས་བྱ་བ་འདིར་ཡོངས་སུ་བསྒོས་པའི་ཕྱིར་ཞེས་བྱ་བ་ནི་
ལྷག་མའོ། །ཡོངས་སུ་མྱ་ངན་ལས་འདས་ཀྱང་ཞེས་བྱ་བའི་ཀྱང་གི་སྒྲས་ནི་བཞུགས་པ་ཡང་ངོ་། །རྣམ་པ་གཞན་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྒྱུད་ཉིད་དུ་གྱུར་པས་མཆོད་པ་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་རྟོག་པ་རང་གི་རྣམ་པ་ལ་ཕྱི་རོལ་གྱི་རང་བཞིན་དུ་སྒྲོ་བཏགས་ནས་འཇུག་པའི་ཕྱིར་དེ་མ་ཡིན་ལ་དེར་འཛིན་པས་རང་ཉིད་མ་རིག་པའི་རང་བཞིན་ཡོད་ན་སྒྲིབ་པ་མ་ལུས་པ་སྤངས་པ་མི་སྲིད་པ་དེ་བས་ན་རྟག་ཏུ་
མཉམ་པར་གཞག་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡེ་ཤེས་ཀྱི་མཐུས་མོས་པ་ཇི་ལྟ་བ་བཞིན་དུ་སྐལ་བ་དང་ལྡན་པ་རྣམས་ལ་མ་འཚོལ་བར་རང་རང་གི་ཤེས་པའི་སྣང་བ་ཉེ་བར་སྐྱེ་བ་སྟེ། དེ་བས་རྣམ་པ་དེ་ལྟ་བུའི་རྟོགས་པའི་རྗེས་སུ་
เล่ม ๘๕ · หน้า 131a
འབྲངས་པས་དེ་རྣམས་ལ་བཅོམ་ལྡན་འདས་ཀྱི་བསྟན་པར་རྣམ་པར་གཞག་གོ། །དེས་ན་དག་པ་འཇིག་རྟེན་པའི་ཤེས་པ་སྔོན་དུ་མཛད་ནས་ཐུབ་པས་འདི་སྐད་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ནི། གདུལ་བྱའི་སྐྱེ་བོ་ལ་ཕན་པའི་བསམ་པས་ལ་ལར་སྡུད་
པར་བྱེད་པ་རྣམས་ཀྱིས་རྗོད་པ་ཡིན་ནོ། །དེ་བས་ནི་ཇི་ལྟར་གདུལ་བྱའི་ཤེས་པ་སྒྲར་སྣང་བའི་རང་བཞིན་ཉིད་ཡིན་པས་བསྟན་པ་ཉན་པ་པོའི་སྐྱེ་བོ་དང་འབྲེལ་པ་ཡིན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡེ་ཤེས་ཀྱི་བདག་པོ་ལས་སྐྱེས་པའི་ཕྱིར། སངས་རྒྱས་རྣམས་ཀྱིས་ཆོས་
བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲིང་གི་ཆེན་པོ་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་དཔེར་ན་རྒྱལ་པོའི་སྐྱེས་བུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སུས་ཀྱང་མི་འཇིགས་པར་ཞེས་བྱ་བ་ནི། འདི་ལ་གང་ལས་ཀྱང་འཇིགས་པ་མེད་པའི་ཕྱིར་དེ་སྐད་ཅེས་
བརྗོད་དོ། །ཆོས་ཀྱི་སྐུའི་མཐུས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཐུས་ཞེས་བྱ་བའི་དོན་ཏོ། །ཆེན་པོའི་ཆུང་ངུ་བསྟན་པའི་ཕྱིར་བཅོམ་ལྡན་འདས་དེ་ལྟ་བས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་
པ་སྨོས་པ་ཡིན་ནོ། །ཆེན་པོའི་འབྲིང་བསྟན་པའི་ཕྱིར་གཞན་ཡང་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གཞལ་དུ་མ་མཆིས་པ་དག་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རང་དང་གཞན་དང་གཉི་གའི་དོན་གྱི་ཕུན་སུམ་ཚོགས་པའི་དབྱེ་བས་གོ་རིམས་བཞིན་དུ་
བཞུགས་ཏེ་འཚོ་ཞིང་གཞེས་པ་ཞེས་བྱ་བའི་ཚིག་གསུམ་དང་སྦྱར་བར་བྱའོ། །ཡང་ན་ཆོས་ཀྱི་སྐུས་འཁོར་བ་ཇི་སྲིད་པར་བཞུགས་པའི་ཕྱིར་བཞུགས་ཏེའོ། །ལོངས་སྤྱོད་རྫོགས་པའི་སྐུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཡང་དག་པར་འཛིན་པའི་ཕྱིར་འཚོ་ཞིང་ཞེས་
བྱའོ། །སྤྲུལ་པའི་སྐུས་ཉིན་ཞག་ཇི་སྙེད་ཅིག་བཞུགས་པའི་ཕྱིར་གཞེས་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི། སྦྱོར་བ་ལ་སོགས་པའི་གནས་སྐབས་ཀྱི་དབྱེ་བས་སྨྲས་པ་སྟེ། སྔ་མ་བཞིན་དུ་རྗེས་སུ་སྣང་བ་ཀཽ་ཤི་ཀ་དེ་དེ་བཞིན་
เล่ม ๘๕ · หน้า 131b
ནོ་དེ་དེ་བཞིན་ཏེ་ཞེས་གསུངས་ནས། ཡུམ་གྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་ཀཽ་ཤི་ཀ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆེན་པོའི་ཆེན་པོ་བསྟན་པའི་ཕྱིར་བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། ཆེན་པོ་ཉིད་གཞུང་གཟུགས་
པའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འདི་སྐད་དུ་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་སྦྱོར་བའི་གནས་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་མཁྱེན་ཅིང་འཇུག་གི་གནས་སྐབས་སུ་ཡང་དག་པར་གཟིགས་པ་དེ་
བས་ན་འདི་ནི་ཆེན་པོ་ཉིད་ཡིན་ནོ་ཞེས་རྗོད་པ་ཡིན་ནོ། །དེ་ཉིད་གཞུང་གཟུགས་པའི་དོན་དུ་གསུངས་པ་ནི་ཀཽ་ཤི་ཀ་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཡུན་རིང་པོ་ཞེས་བྱ་བ་དུས་རིང་པོར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་ན་ཞེས་གསུངས་པས་གཞན་རྣམ་
པར་གཅོད་དོ་སྙམ་དུ་བསམ་པས་བཅོམ་ལྡན་འདས་ཅི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གཞན་དག་ལ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་བདག་ཉིད་ཅན་རྣམས་ལའོ། །ཐམས་ཅད་ལ་བསླབ་པ་ཉིད་ནི་ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་
གསུངས་པ་ཡིན་ཏེ། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་འབྱུང་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ནི། །ཕ་རོལ་ཕྱིན་
པ་དྲུག་པོ་ལ། །བསྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་བཤད་པས་ཡང་དག་པའི་སྦྱོར་བ་འདིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྤྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཅིའི་ཕྱིར་གསུངས་ཤེ་ན། འོན་ཀྱང་ཀཽ་ཤི་ཀ་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་སྔོན་དུ་འགྲོ་བ་དེ་ལྟར་སྔར་བཤད་པ་ཉིད་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར། སྦྱིན་པ་སྦྱིན་པར་བྱེད་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པར་བལྟ་བའི་ཞེས་བྱ་བ་ནི་སྒོམ་པའོ། །ཉེ་བར་བསགས་པའི་ཕྱིར་ཀཽ་ཤི་ཀ་
เล่ม ๘๕ · หน้า 132a
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བསྒོས་པ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པས་ཡོངས་སུ་བསྒོམས་པ་རྣམས་སོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་
པ་ཉིད་དུ་བསྟབས་པ་རྣམས་སོ། །ཕ་རོལ་དུ་ཕྱིན་པ་མ་ཡིན་པ་རྣམ་པར་གཅད་པའི་ཕྱིར་ཕ་རོལ་དུ་ཕྱིན་པའི་རང་བཞིན་དུ་བྱེ་བྲག་མེད་ཅིང་ཞེས་སྔ་མ་དང་སྦྱར་རོ། །ཕ་རོལ་དུ་ཕྱིན་པའི་སྒྲས་བརྗོད་པས་ཐ་དད་དུ་བྱ་བ་མེད་དོ། །ཁ་དོག་ཐ་དད་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་དབྱེ་
བས་སོ། །དབྱིབས་ཐ་དད་པ་ནི་མཉམ་པ་དང་མི་མཉམ་པ་ལ་སོགས་པའི་ཚུལ་གྱིས་སོ། །ཆུ་ཞེང་ཕུན་སུམ་ཚོགས་པ་ཐ་དད་ཀྱང་ཞེས་བྱ་བ་ལ་ཆུ་ནི་དཔངས་སུའོ། །ཞེང་ནི་འཁོར་ཟླུམ་མོ། །གྲིབ་མའི་བྱེ་བྲག་ཞེས་བྱ་བ་ནི་དེའི་རང་བཞིན་མ་ཡིན་པ་ལས་ལྡོག་པས་སོ། །དེ་ཉིད་
དུ་སྒྲ་གཅིག་གིས་བརྗོད་པའི་ཕྱིར་ཐ་དད་དུ་བྱ་བ་མི་མངོན་ནོ། །དེ་ཉིད་ནི་གཞན་དུ་ན་གྲིབ་མ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གྲངས་སུ་ཞེས་བྱ་བ་ནི་ཐ་སྙད་དུའོ། །མོས་པ་ཡིད་ལ་བྱེད་པ་གསུམ་ཆར་ཉེ་བར་བསྡུ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་
དུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། རང་གི་དོན་ལ་མོས་པའི་ཕན་ཡོན་མང་པོ་སྐྱེད་པས་ན་ཕན་ཡོན་ཆེན་པོ་དང་ལྡན་ནོ་ཞེས་བྱ་བ་ཡིན་ནོ། །རང་དང་གཞན་གྱི་དོན་ལ་མོས་པ་གྲངས་དང་ཚད་ཀྱི་ཡུལ་མ་ཡིན་པ་དང་ལྡན་པས་གཞལ་དུ་མ་མཆིས་པའི་ཡོན་ཏན་
དང་ལྡན་པ་ཡིན་ནོ། །གཞན་གྱི་དོན་ལ་མོས་པ་སེམས་ཅན་གྱི་ཁམས་མཐར་ཐུག་པ་མེད་པའི་ཆེད་དུ་འབྱུང་བས་ན་མུ་མ་མཆིས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང་། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་
དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་གསུངས་པ་ཡིན་ནོ། །ཇི་སྐད་དུ་གསུངས་པའི་གཞུང་རྒྱས་པའི་རིམ་གྱིས་ཕན་ཡོན་གོང་ནས་
เล่ม ๘๕ · หน้า 132b
གོང་དུ་སྟོན་པ་ལྷུར་བྱེད་པ་ཚིག་གཞན་དུ་སྟོན་པས་ནི་མོས་པ་ཡིད་ལ་བྱེད་པ་འདི་ཐམས་ཅད་དང་ལྡན་པ་ཁོ་ནའོ། །རང་གི་དོན་གྱི་མོས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཐམས་ཅད་ལ་ཡང་ཆེན་པོའི་ཆེན་པོ་ལ་སོགས་པ་མི་མཐུན་པའི་
ཕྱོགས་སུ་དོན་གྱིས་བསྟན་པ་ཡིན་ནོ། །རང་གི་དོན་གྱི་མོས་པར་ནི་གཞན་གྱི་དོན་གྱི་ཕྱེད་དུ་བྱ་བ་ཙམ་ཡིན་ལ། །གཉིས་པར་ནི་སྦྱོར་བ་བར་དང་བཅས་པ་དང་། གསུམ་པར་ནི་བར་མེད་པ་ཡིན་པར་རྟོགས་པར་བྱའོ། །དེ་ལྟ་མ་ཡིན་ཏེ་ཕན་ཡོན་ཙམ་ཞིག་བརྗོད་པར་ཁས་
ལེན་ན། །ཕན་ཡོན་ཇི་སྙེད་སྲིད་པ་དེ་སྙེད་ཅིག་ཅར་ཁོ་ན་བརྗོད་པར་འགྱུར་བའི་ཕྱིར་གཞུང་རྒྱ་ཆེན་པོ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱི་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། ཡོན་ཏན་ཡོངས་
སུ་བརྗོད་པའི་ལེའུ་སྟེ་བཞི་པའོ།། །།ཇི་ལྟར་མོས་པ་བཞིན་དུ་མཐོང་བའི་ཆོས་ཀྱི་མཚན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལ་ཞུགས་པའི་མོས་པ་ཡིད་ལ་བྱེད་པ་དགུའི་གནས་སྐབས་དང་པོ་དང་གཉིས་པ་དང་གསུམ་པ་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ལ་
གོ་རིམས་བཞིན་དུ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་སོ་སོ་ལ་རྣམ་པ་དགུས་གོང་དུ་མངོན་པར་དགའ་བར་བྱེད་པ་བསྟོད་པ་དང་བཀུར་བ་དང་བསྔགས་པ་སངས་རྒྱས་ལ་སོགས་པ་རྣམས་ཀྱི་མཛད་པ་ཡིན་པས་མོས་པ་ཡིད་ལ་བྱེད་པའི་འོག་ཏུ་དང་པོ་བསྟོད་པ་ཙམ་བསྟན་པ་དེ་ནས་བཅོམ་
ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མི་གཏང་ངོ་ཞེས་བྱ་བ་ནི་དོར་ཞིང་བཏང་བ་དང་བསམ་པས་མི་འདོར་བའི་ཕྱིར་རོ། །བསྲུང་བར་བྱའོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ས་དང་ཆུ་ལ་སོགས་པའི་འཚེ་བ་ཟློག་པའི་ཕྱིར་རོ། །སྦ་བར་
བྱའོ་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་ཡི་གེ་ལ་སོགས་པ་ཉམས་པ་བསལ་བའི་ཕྱིར་རོ། །ལྷག་པར་མོས་ཤིང་ཞེས་བྱ་བ་ནི་ཡོངས་སུ་མི་གཏང་བའི་བློས་བདག་གིར་བྱས་པས་སོ། །དོན་དུ་གཉེར་ཞིང་ཞེས་བྱ་བ་ནི་སྦྱོར་བ་ལས་སོ། །འདུན་པས་ཞེས་བྱ་བ་ནི་བསམ་པས་
เล่ม ๘๕ · หน้า 133a
སོ། །སྦྱིན་ཞིང་ཞེས་བྱ་བ་ནི་གཞུང་དང་དོན་གྱི་རང་བཞིན་འབྲས་བུ་དང་བཅས་པ་བདོག་པ་ཐམས་ཅད་སྟེར་བའི་ཕྱིར་རོ། །འདི་ཉིད་སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་ཀྱི་དབྱེ་བས་སམ། སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་ལེན་པ་པོ་
མི་དམིགས་པའི་དབྱེ་བས། གོ་རིམས་བཞིན་དུ་བསྟན་པའི་ཕྱིར་སྟོབས་ཤིང་འབུལ་ལ་ཡོངས་སུ་གཏོང་ན་ཞེས་བྱ་བ་ཚིག་གསུམ་སྨོས་པ་ཡིན་ནོ། །དེ་ཉིད་ཚིག་གིས་བསྟན་པར་བྱ་བའི་ཕྱིར་ཀཽ་ཤི་ཀ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ལ་ཞེས་བྱ་བ་ནི་སྐུ་
གཟུགས་ལ་སོགས་པ་ལའོ། །འགེད་པར་བྱེད་པ་ནི་དུས་དེ་སྲིད་ཅིག་ཉིད་དུ་སྦྱིན་པའི་ཕྱིར་རོ། །འདི་གཉིས་ཀྱི་ནང་ནས་སྙིང་བརྩེ་བ་སྔོན་དུ་འགྲོ་བ་དང་། སྦྱིན་པའི་བསམ་པ་ལྷག་པས་གང་གི་བཀུར་སྟི་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པའི་སྐུ་སྦྱིན་པར་
བྱེད་པ་གང་ཡིན་པ་དེ་ནི་བསོད་ནམས་ཆེའོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ཉིད་ཚིག་གི་ལན་བཏབ་པ་ནི་ཀཽ་ཤི་ཀ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཉིས་པ་ནི་ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཅེས་བྱ་བ་གསུངས་སོ། །སྣོད་དུ་གྱུར་
པ་ཞེས་བྱ་བ་ནི་དད་པའི་དབང་པོ་ལ་སོགས་པ་ཤིན་ཏུ་གསལ་བ་དང་ལྡན་པས་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །ག་ན་འདུག་པ་ཞེས་བྱ་བ་ནི་ཡུལ་མ་ག་དྷཱ་ལ་སོགས་པ་གང་ན་གནས་པའོ། །དེ་བས་ན་ཞེས་བྱ་བ་ནི་མ་སོང་བར་སྟེར་བ་ལྔར་བཤད་པའི་གང་ཟག་ལས་ཞེས་བྱ་བའི་ཐ་ཚིག་གོ། །
གསུམ་པ་ནི་ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་འཛམྦུའི་གླིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡང་དག་པར་བཀོད་ཅིང་ཞེས་བྱ་བ་ནི་ཡང་དག་པར་འཛིན་པའི་ཕྱིར་འབད་པར་བྱེད་པས་སོ། །གཞན་ནས་ཞེས་བྱ་བ་ནི་བཟུང་བ་རྣམས་ནི་བསྟན་པར་བྱ་
བའི་ཕྱིར་རོ། །དེ་བས་ཞེས་བྱ་བ་ནི་འདས་མ་ཐག་པའི་དོན་བྱེད་པའི་གང་ཟག་པས་སོ། །སྙོམ་ལས་མེད་པར་ཞེས་བྱ་བ་ནི་ལེ་ལོ་མེད་པས་སོ། །སྒྲུབ་ཅིང་ཞེས་བྱ་བ་ནི་རང་ཉིད་སྒྲུབ་པ་ཉམས་སུ་ལེན་པ་ཡིན་པའི་ཕྱིར་རོ། །བརྩོན་པས་ཞེས་བྱ་བ་སྤྲོ་བ་དང་ལྡན་པར་བྱེད་པའོ། །དེ་ལ་
เล่ม ๘๕ · หน้า 133b
ཞེས་བྱ་བ་ནི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལའོ། །འཛིན་དུ་འཇུག་པ་དང་ཞེས་བྱ་བ་མདོར་བསྡུས་ནས་གཞུང་དང་དོན་བསླབ་པའི་ཕྱིར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཞེས་སྔ་མ་དང་སྦྱར་རོ། །ཡང་དག་པར་སྟོན་པ་དང་ཞེས་བྱ་བ་ནི། མི་ཤེས་པ་དང་ཐེ་
ཚོམ་དང་ལོག་པའི་ཤེས་པ་དང་ལྡན་པས་རྨོངས་པ་རྣམས་ལ་དོན་ཡང་དག་པར་སྟོན་པའི་ཕྱིར་རོ། །ཡང་དག་པར་འགོད་པ་ནི་ལེ་ལོ་ཅན་དང་འདུན་པ་མེད་པ་དང་རྣམ་པར་གཡེང་བ་དང་ལྡན་པས་བག་མེད་པ་རྣམས་དགེ་བའི་དོན་ལ་འཇུག་པར་བྱེད་པའི་ཕྱིར་རོ། །ཡང་དག་པར་
གཟེངས་སྟོད་པ་དང་ཞེས་བྱ་བ་ནི་དམན་པ་ལ་མོས་པ་དང་། བདག་ཉིད་ནུས་པ་མེད་པས་བརྙས་པ་དང་། འགྱོད་པ་དང་། བྱ་བ་མང་བས་འཇིགས་པ་དང་ལྡན་པས་ཀུན་དུ་ཞུམ་པ་རྣམས་ལ་ཁྱད་པར་ཅན་གྱི་བརྩོན་འགྲུས་ཀྱི་ཕན་ཡོན་སྟོན་པས་གཟེངས་སྟོད་པར་བྱེད་པའོ། །ཡང་
དག་པར་རབ་ཏུ་དགའ་བར་བྱེད་པ་ནི་ཕྱིན་ཅི་མ་ལོག་པ་དང་མཉམ་པ་དང་ཆོག་མི་ཤེས་པའི་བརྩོན་འགྲུས་སྒྲུབ་པ་དང་ལྡན་པས་ཡང་དག་པར་ཞུགས་པ་རྣམས་ལ་ཡང་དག་པའི་ཡོན་ཏན་རྣམས་ཀྱིས་མངོན་པར་དགའ་བར་བྱེད་པའི་ཕྱིར་རོ། །ཚིག་གིས་མཚོན་པ་དང་ཞེས་བྱ་བ་ནི་རང་
དབང་དུ་བྱེད་པའི་ཕྱིར་ཚིག་གིས་རྗེས་སུ་སྟོན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་ཐོབ་པར་བྱེད་པའོ། །དེ་ལ་ཡང་ཤེས་བཞིན་གྱིས་ཡང་དག་པར་མཚོན་པ་ཉིད་ཀྱིས་བྱིང་བ་དང་རྒོད་པའི་ཉེས་པ་སེལ་བས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པར་བྱེད་
པ་ཡིན་ནོ། །དོན་ཞེས་བྱ་བ་ནི་འབྲས་བུའི་ཕན་ཡོན་ནོ། །ཁྱེད་ཚུར་ཤོག་ཅེས་བྱ་བ་ནི་ཁྱེད་ཚུར་ཤོག་ཅེས་བོད་པའོ། །བྱང་ཆུབ་སེམས་དཔའི་ལམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསླབས་ཤིང་སྤྱད་དེ་འབད་ན་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་གོ་ཆ་དང་། སྦྱོར་བ་
དང་། མི་ལྡོག་པའི་བརྩོན་འགྲུས་ཀྱི་དབྱེ་བས་ཚིག་གསུམ་གསུངས་པ་ཡིན་ནོ། །ཕུང་པོ་ཡང་དག་པར་ཟད་པ་ཞེས་བྱ་བ་ནི་དྲི་མ་དང་བཅས་པའི་ཕུང་པོ་མེད་པའི་ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚུལ་གྱིས་སོ། །མི་ཤེས་པ་དང་ལོག་
เล่ม ๘๕ · หน้า 134a
པར་ཤེས་པ་སེལ་བས་སེམས་རྣམ་པར་སྦྱོང་བར་བྱེད་པའོ། །སོམ་ཉིའི་སེམས་སེལ་བས་ན་ཐེ་ཚོམ་མེད་པར་བྱེད་པའོ། །ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཅེས་བྱ་བ་དང་། །དེ་བཞིན་དུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང་། སྟོང་
སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བའི་འགྲེས་བཞིས་ནི་གོ་རིམས་བཞིན་དུ་བསྟོད་པ་ཙམ་བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བདུན་པ་བསྟན་པ་ཡིན་ནོ། །འོན་ཀྱང་ཐམས་ཅད་ལ་བཀོད་ཅིང་བཞག་ནས་ཞེས་མཐར་
བསྟན་པའི་རྗེས་ཐོགས་སུ་སྔར་བརྗོད་པའི་འགྲེལ་ལས་ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་ནས་བསོད་ནམས་མང་དུ་བསྐྱེད་དོ་ཞེས་བྱ་བ་རྗེས་སུ་འཇུག་པར་བྱའོ། །བསྟོད་པ་ཙམ་བརྒྱད་པ་ནི་ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཅན་ལྟ་ཞོག་ཞེས་
བྱ་བ་ལ་སོགས་པ་ཡིན་ཏེ། ཀཽ་ཤི་ཀ་དེ་བས་ཀྱང་ཞེས་བྱ་བ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་པ་བས་ཞེས་བྱ་བའི་ཐ་ཚིག་གོ། །བསྟོད་པ་ཙམ་དགུ་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས་ཇི་སྲིད་དུ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་བསམ་གཏན་བཞི་ལ་བཀོད་པ་ལས་བསོད་ནམས་ལྷག་པ་སྟོན་པས་གསུངས་པ་ཡིན་ནོ། །བཀུར་པ་ཙམ་དང་པོ་གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་ཡོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་
པ་ཡིན་ནོ། །གླིང་ཆེན་པོ་བཞི་པ་དང་། སྟོང་སྤྱི་ཕུད་དང་། སྟོང་གཉིས་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བསམ་གཏན་དང་། ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པ་ཞེས་བྱ་བའི་
འགྲེས་བཞིས་གོ་རིམས་བཞིན་དུ་བཀུར་བ་ཙམ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་བསྟན་པ་ཡིན་ནོ། །འགྲེས་བཞི་པོ་ཐམས་ཅད་ལ་ཡང་བཀོད་པ་ཞེས་བྱ་བའི་ཚིག་གི་རྗེས་ཐོགས་ལ་སྔར་གྱི་འགྲེས་ལས་ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ནས་
เล่ม ๘๕ · หน้า 134b
བརྩམས་ཏེ། ཡང་དག་པའི་མཐར་རབ་ཏུ་འབྱེད་པ་ལ་བཀོད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་ཞིང་ཐེ་ཚོམ་མེད་པར་བྱེད་པའོ་ཞེས་བྱ་བ་འདིའི་རྗེས་སུ་འཇུག་པར་བྱའོ། །བཀུར་པ་ཙམ་དྲུག་པ་ནི་ཡང་ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
རྟེན་གྱི་ཁམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཀུར་པ་ཙམ་བདུན་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཀུར་པ་ཙམ་བརྒྱད་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དོན་ལ་མཁས་
པས་ཞེས་བྱ་བ་ནི་དོན་རྟོགས་པ་ལ་རྣམ་པར་མཁས་པའི་ཕྱིར་ཏེ། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པས་ཚིག་དོན་དང་བཅས་པ་ཁོང་དུ་ཆུད་
པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཅིའི་ཕྱིར་བསྟན་པར་བྱ་སྙམ་པའི་དོགས་པས་གསོལ་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བསྟན་པར་བགྱི་བ་ལགས་སམ་ཞེས་བྱ་བའོ། །དངོས་པོའི་རང་བཞིན་ནི་སྟོང་པ་ཉིད་དུ་མངོན་པར་མི་ཤེས་
པ་ལ་བསྟན་པར་བྱའོ་ཞེས་གསུངས་པ་ནི་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་རྟོགས་ན་དེའི་རང་བཞིན་སྟོང་པ་ཉིད་མི་རྟོགས་པར་ཇི་ལྟར་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཀཽ་ཤི་ཀ་མ་འོངས་པའི་དུས་ན་ཞེས་བྱ་
བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་གང་གི་ཕྱིར་མ་འོངས་པའི་དུས་ན་འདྲ་བའི་དོན་གྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་འབྱུང་བར་འགྱུར་བ་དེ་བས་ན་དེ་ཐོས་ནས་ལོག་པར་བསྟན་བཅོས་ནས་གོམས་པས་རྟོགས་བཞིན་པའི་དངོས་པོ་སྒྱུ་མ་ལྟ་བུའི་རང་བཞིན་
ཡིན་པ་བསྒྲིབས་ཤིང་མ་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བས་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་རྟོགས་ན་མངོན་པར་འདོད་པའི་དོན་ལས་ཉམས་པས་ཆུད་ཟོས་པར་གྱུར་ན་མི་རུང་བ་དེ་བས་ན་དེ་བསྟན་
เล่ม ๘๕ · หน้า 135a
པར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གང་གིས་དེའི་རྒྱུ་དང་རང་བཞིན་སྤངས་པས་སྤོང་བར་འགྱུར་བ་དེ་རྒྱུ་དང་རང་བཞིན་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེས་གསོལ་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་
ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས། སྐབས་ཀྱི་དོན་དང་མི་མཐུན་པས། །གང་ཡང་དོན་གཞན་ལ་རྟོག་པ། །ཤེས་རབ་ཕ་རོལ་ཕྱིན་སྨྲ་བ། །དེ་ནི་གཟུགས་བརྙན་ཞེས་བྱའོ། །ཞེས་བཤད་དོ། །དགེ་སློང་ཁ་ཅིག་ཅེས་བྱ་བ་ནི་ཐེག་པ་ཆེན་པོ་པ་ཁོ་ན་ལས་རྣམ་པར་
ཤེས་པ་ཙམ་དུ་སྨྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་མ་གོམས་པས་ཞེས་བྱ་བ་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་རང་བཞིན་མེད་པ་ཉིད་དུ་གོམས་པར་མ་བྱས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་ཡུལ་དང་བཅས་པའི་རང་བཞིན་ཅན་ཉིད་ཀྱིས་ན་ལུས་མ་བསྒོམས་པའོ། །
དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཚུལ་ཁྲིམས་མ་བསྒོམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་འདི་གསུམ་གྱིས་གོ་རིམས་བཞིན་དུ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་དང་བྲལ་བ་ཉིད་དུ་གསུངས་
པ་ཡིན་ནོ། །དེ་དག་གིས་དོན་ངེས་པར་བྱ་བའི་ཕྱིར་དང་། ཤེས་རབ་འཆལ་པ་ཞེས་བྱ་བ་ལ་སོགས་གསུངས་པ་ཡིན་ཏེ། གང་གི་ཕྱིར་མི་ཤེས་པ་དང་ལྡན་པས་ཤེས་རབ་འཆལ་པའོ། །སོམ་ཉིའི་ཤེས་རབ་ཅན་ཡིན་པས་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ནོ། །
ལོག་པའི་ཤེས་པས་ཤེས་རབ་ཡོངས་སུ་མཉམ་པའོ། །གཟུགས་འཇིག་པ་ནི་གཟུགས་མི་རྟག་པ་ཉིད་དོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་མེད་པའི་འཇིག་པ་ནི་གཟུགས་མི་རྟག་པ་ཉིད་དོ། །རྣམ་པར་བརྟགས་པའི་གཟུགས་ཀྱི་མཚན་ཉིད་སྐད་ཅིག་མ་
ཕན་ཆད་མི་གནས་པའི་འཇིག་པ་ནི་གཟུགས་མི་རྟག་པ་ཉིད་དོ། །ཆོས་ཉིད་ཀྱི་བདག་ཉིད་ཅན་གྱི་གཟུགས་ཀྱི་ཀུན་བརྟགས་པའི་གཟུགས་དང་བྲལ་བ་ཉིད་ཀྱི་འཇིག་པ་ནི་གཟུགས་མི་རྟག་པ་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་ཉེ་བར་སྟོན་ཏོ། །དོན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด