འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨཥྚ་ས་ཧ་སྲི་ཀཱ་བྱཱ་ཁྱཱ་ཨ་བྷི་ས་མ་ཡཱ་ལཾ་ཀ་ར་ཨཱ་ལོ་ཀ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๕ · หน้า 135b

གསུམ་པོ་འདི་དག་ནི་ཟློས་པའི་ཚུལ་གྱིས་བལྟ་བར་བྱའོ། །ལོག་པའི་ཤེས་པ་བཅོམ་པ་ནི་ཉིད་ཀྱིས་བདག་ཉིད་ཀྱིས་བདག་ཉིད་སྟོད་པར་བྱེད་དོ་ཞེས་གསུངས་པ་ནི་འདི་སྐད་དུ་གང་དེ་ལྟར་སྟོན་པ་དང་དེ་ལྟར་ཚོལ་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འགྱུར་ཏེ་ཞེས་ཀྱང་ཉེ་བར་

སྟོན་ཏོ་ཞེས་བྱ་བའོ། །ཇི་སྐད་དུ་སྨྲས་པའི་བཤད་པ་ནི་ཆོས་དང་ཆོས་ཅན་རྣམ་པར་མ་གསལ་བས་ཕྱིན་ཅི་ལོག་ཏུ་དངོས་པོ་ལ་མངོན་པར་ཞེན་པས་གྲོལ་བར་མི་འགྱུར་རོ་ཞེས་བྱ་བའི་དགོངས་པ་དང་ལྡན་པས་ཡང་ཀཽ་ཤི་ཀ་གཟུགས་འཇིག་པ་གཟུགས་མི་རྟག་པ་ཉིད་དུ་མི་བལྟའོ་ཞེས་བྱ་བ་

ལ་སོགས་པ་གསུངས་སོ། །འོན་ཀྱང་གཟུགས་ལ་སོགས་པ་སྒྱུ་མ་ལྟ་བུའི་རང་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་རྩ་བ་ཅན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་

པར་ཡང་དག་པར་སྤོང་བའི་རྒྱུ་ཡིན་པ་ཉིད་ཀྱི་དེ་བཞིན་གཤེགས་པ་ཉིད་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །བཀུར་བ་ཙམ་དགུ་པ་ནི་གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འཛམ་བུའི་གླིང་ཞེས་བྱ་བ་ནས་བརྩམས་ནས་ཇི་སྲིད་

དུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད་པ་ལ་བསོད་ནམས་མང་དུ་སྐྱེད་པ་ཉིད་དུ་བསྟན་པས་གསུངས་པ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་ནི་ཟག་པ་མེད་པའི་

དབྱིངས་ལ་གཞག་པ་ཡིན་ལ། མངོན་པར་དད་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་སྦྱིན་པ་དང་དེ་ཡང་དག་པར་སྟོན་པ་ལ་སོགས་པ་ནི་ཟག་པ་དང་བཅས་པ་མ་ཡིན་ནམ། ཇི་ལྟར་ན་དོན་བྱེད་པ་སྔ་མ་བས་ཕྱི་མ་བསོད་ནམས་མང་པོ་སྐྱེད་པ་ཡིན་སྙམ་

པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཀཽ་ཤི་ཀ་འདི་ལས་རྒྱུན་ཏུ་ཞུགས་པའི་འབྲས་བུ་རབ་ཏུ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་གང་གི་ཕྱིར་རྒྱ་ཆེ་ཞིང་དྲི་མ་མེད་ལ་མཐའ་ཡས་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ་དེ་བཞིན་གཤེགས་པ་ཉིད་ལ་སོགས་

เล่ม ๘๕ · หน้า 136a

པ་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ནི་རྒྱལ་བའི་ཡུམ་ཉིད་ཡིན་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འབྱུང་བ་ནི་ཤིན་ཏུ་ཡང་གསལ་བ་ཡིན་པ་དེའི་ཕྱིར་འདིའི་གླེགས་བམ་བྱིན་པ་ལ་སོགས་པ་ནི་རྒྱུ་མ་ཚང་བ་མེད་པའི་རང་

བཞིན་ཉིད་ཡིན་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་གཞན་མཆོག་ཏུ་ཁྱད་པར་དུ་འཕགས་པའི་རང་བཞིན་སངས་རྒྱས་ཉིད་ལ་སོགས་པ་འབྱིན་པ་ཡིན་པའི་ཕྱིར་བསོད་ནམས་ཆེས་མང་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །བསྔགས་པ་ཙམ་དང་པོ་ནི་གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་

བུ་འམ་རིགས་ཀྱི་བུ་མོ་གང་གིས་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དེའི་ཕྱིར་ཞེ་ན་ཞེས་རྟོགས་པ་དེ་བཞིན་དུ་ལན་ཐོབ་པ་ནི་ཀཽ་ཤི་ཀ་འདི་ལས་ལན་ཅིག་

ཕྱིར་འོང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉིས་པ་ནི་གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔར་བཤད་པའི་དགོངས་པ་ཉིད་ཀྱིས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོགས་པ་ལ། དེ་

བཞིན་དུ་ལན་བཏབ་པ་ལ་ཀཽ་ཤི་ཀ་འདི་ལས་ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གསུམ་པ་ནི་གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགྲ་བཅོམ་པ་

ཉིད་ལ་བཀོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་སྐད་དུ་སྨྲས་པའི་རྣམ་པས་དེ་ཅིའི་ཕྱིར་ཞེ་ན་ཞེས་དགོངས་པ་ལ་སྔ་མ་བཞིན་དུ་ཀཽ་ཤི་ཀ་འདི་ལས་དགྲ་བཅོམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཞི་པ་ནི་གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་

སེམས་ཅན་ཐམས་ཅད་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རང་སངས་རྒྱས་ཉིད་ལ་བཀོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་སྐད་དུ་བརྗོད་པའི་ཚུལ་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དགོངས་པ་ལ་དེ་བཞིན་དུ་ཀཽ་ཤི་ཀ་རང་སངས་རྒྱས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་

เล่ม ๘๕ · หน้า 136b

པ་ཡིན་ནོ། །ལྔ་པ་ནི་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཉེ་བར་གཏད་ན་ཞེས་

བྱ་བ་ནི་བྱིན་པའོ། །བསམ་པ་གང་གིས་ཤེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བའི་ལམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་། མཐོང་བའི་ལམ་གྱིས་འཕེལ་བ་དང་། བསྒོམ་པའི་ལམ་གྱིས་རྒྱས་པ་དང་། བྱང་ཆུབ་སེམས་

དཔའི་ཁྱད་པར་གྱི་ལམ་གྱིས་སྤང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ས་ཡོངས་སུ་རྫོགས་པར་འགྱུར་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དོན་གྱི་དབྱེ་བས་གསུངས་པ་ཡིན་ནོ། །སྔ་མ་དེ་བས་ཞེས་བྱ་བ་ནི་གང་ལ་ལ་ཞིག་གིས་བྱང་ཆུབ་

ཏུ་སེམས་བསྐྱེད་དུ་བཅུག་པ་དང་གང་གཞན་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ནས་གླེགས་བམ་སྦྱིན་པར་བྱེད་པའི་གང་ཟག་དེ་གཉིས་ལས་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་གླེགས་བམ་སྦྱིན་པར་བྱེད་པ་མ་ཡིན་ནམ། གླེགས་བམ་འབའ་

ཞིག་སྦྱིན་པར་བྱེད་པ་ཇི་ལྟར་བསོད་ནམས་ཆེ་བ་ཡིན་སྙམ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་ལ། འདི་ནི་ངེས་པ་ཁོ་ནར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་ནི་ངེས་པ་སྟེ་གདོན་མི་ཟ་བར་མི་ལྡོག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་གང་གི་ཕྱིར་བྱང་ཆུབ་

སེམས་དཔའི་ཕྱིར་མི་ལྡོག་པར་ངེས་པར་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐར་ཕྱིན་པར་བྱེད་པ་ཉིད་ཡིན་པས་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་ཡིན་ནོ། །དེ་བས་ན་གླེགས་བམ་བྱིན་པ་ནི་བསོད་ནམས་ཆེས་མང་བ་ཡིན་གྱི། བྱང་ཆུབ་ཀྱི་སེམས་

བསྐྱེད་པ་སྔོན་དུ་འགྲོ་བ་ཅན་གྱི་རིགས་མ་ངེས་པའི་གང་ཟག་ལ་གླེགས་བམ་བྱིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དྲུག་པ་ནི་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འགྲེས་འདིའི་ཞབས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་

เล่ม ๘๕ · หน้า 137a

པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཞེས་བྱ་བའི་འོག་ཏུ་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཞེས་བྱ་བ་ལ་སོགས་པའི་གཞུང་སྔར་གསུངས་པ་ཉིད་རྗེས་སུ་བཟླ་བར་བྱའོ། །བདུན་པ་ནི་ཡང་ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་

བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདིར་ཡང་དེ་བཞིན་དུ་འགྲེས་ཀྱི་ཞབས་སུ་གཞུང་རྗེས་སུ་བཟླས་པར་བྱའོ། །བརྒྱད་པ་ནི་ཡང་ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལྟར་ལྷག་པར་ཞེས་བྱ་བ་ནི་ཆེས་ལྷག་པའི་བསམ་

པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་འདིར་ཡང་ཞུས་པ་དང་ལན་གྱི་དོན་སྔ་མ་བཞིན་དུ་བརྗོད་པར་བྱའོ། །བསྔགས་པ་ཙམ་དགུ་པ་ནི་ཀཽ་ཤི་ཀ་གཞན་ཡང་འཛམྦུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་

པ་ཡིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་ནས་གཞན་གྱི་དོན་བྱེད་པ་ཡིན་པའི་ཕྱིར་མངོན་པར་ཤེས་པ་ཤིན་ཏུ་མྱུར་བའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་གདམས་པ་དང་རྗེས་སུ་བསྟན་པས་བསོད་ནམས་ཆེས་མང་བ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་འོན་ཀྱང་མངོན་པར་རྫོགས་

པར་སངས་རྒྱས་ཀྱང་སེམས་ཅན་གྱི་དོན་བྱེད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེ་ལ་གོས་ཞེས་བྱ་བ་ནི་ཆོས་གོས་སོ། །བསོད་སྙོམས་ནི་སྣུམ་ཁུར་ལ་སོགས་

པའོ། །མལ་ཆ་ནི་སྟན་ནང་ཚངས་ཅན་ལ་སོགས་པའོ། །སྟན་ནི་ཁྲི་སྟན་ལ་སོགས་པའོ། །བྲོ་འཚལ་བ་ནི་ནད་ཀྱིས་གདུངས་པའོ། །གསོ་སྨན་ནི་དེ་བསལ་བ་དང་རྗེས་སུ་མཐུན་པ་ནི་སྨན་ཨ་རུ་ར་ལ་སོགས་པའོ། །ཡོ་བྱད་རྣམས་ནི་ཆུ་ཚགས་ལ་སོགས་པའོ། །དེ་བྱ་བ་བྱས་པ་

དེ་དག་ཅེས་བྱ་བ་ནི་གོས་ལ་སོགས་པ་བྱིན་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་ཆེན་པོར་བགྱིད་ཅེས་བྱ་བ་ནི་འཕྲལ་དུ་མཐོང་བའི་འབྲས་བུ་བསྐྱེད་པར་ནུས་པའི་ཕྱིར་རོ། །ཕན་ཡོན་ཆེན་པོར་བགྱིད་དེ་ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་འབྲས་བུ་སྨིན་པར་བྱེད་པའི་ཕྱིར་རོ་ཞེས་སྔ་མ་

เล่ม ๘๕ · หน้า 137b

རྣམས་དང་སྦྱར་ཏེ། དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་གནས་ཀྱི་མཆོག་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །འདི་ག་ལས་ཤེས་ཤེ་ན། གང་གི་ཕྱིར་ལས་བྱེད་ཀྱི་བུ་ཙུན་དའི་བསོད་སྙོམས་ལ་ཡོངས་སུ་ལོངས་སྤྱོད་པར་

མཛད་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་བཅོམ་ལྡན་འདས་ཉིད་ཀྱི་ལུང་ལས། རྒྱུ་འདིས་ལས་བྱེད་ཀྱི་བུ་ཙུན་ད་འགྱོད་པར་གྱུར་ན་མི་རུང་བས་ཀུན་དགའ་བོ་ཁྱོད་ཀྱིས་ལས་བྱེད་ཀྱི་བུ་ཙུན་དའི་འགྱོད་པ་དེ་བསལ་བར་བྱའོ། །དེ་ལས་འདི་སྐད་དུ་བསོད་སྙོམས་

ཡོངས་སུ་ལོངས་སྤྱོད་པར་མཛད་ནས། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་བསོད་སྙོམས་གང་ལ་ཡོངས་སུ་ལོངས་སྤྱོད་པ་མཛད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་

མྱ་ངན་ལས་འདས་པའི་བསོད་སྙོམས་གཉིས་པོ་འདི་དག་ནི་འབྲས་བུ་མི་མཉམ་པར་མཉམ་པ་རྣམ་པར་སྨིན་པ་མི་མཉམ་པར་མཉམ་པའོ་ཞེས་ཀྱང་བརྗོད་པར་བྱའོ་ཞེས་གསུངས་ཏེ། འབྲས་བུ་མཉམ་པ་ཉིད་དུ་བསྟན་པས་དེ་དག་ནི་སྦྱིན་གནས་འདྲ་བ་ཉིད་དུ་བསྟན་པ་ཡིན་ནོ། །སྒོམ་པ་གོམས་

པས་བྱས་པས་ཉེ་བར་འགྱུར་བ་མ་ཡིན་ནམ། གདམས་པ་དང་རྗེས་སུ་བསྟན་པ་དག་གིས་ཇི་ལྟར་ཉེ་བར་འགྱུར་ཞེས་བསྟན་སྙམ་ནས་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་ལ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། འདི་སྙམ་དུ་གང་

གི་ཕྱིར་གདམས་པ་དང་། རྗེས་སུ་བསྟན་པ་དག་གིས་ཁྱད་པར་ཅན་གྱི་སེམས་ཀྱིས་སྐད་ཅིག་མ་བསྐྱེད་པས་ཉེ་བར་འགྱུར་བ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཡིན་ལ། བསྒོམས་པའི་སྟོབས་ཀྱིས་ནི་ཤིན་ཏུ་ཡང་འགྱུར་བ་ཉིད་དོ་སྙམ་དུ་བསམས་པའོ། །འཕགས་པ་རྣམ་པར་

གྲོལ་བའི་སྡེས་བྱང་ཆུབ་སེམས་དཔའ་ལ་སྤྲོ་བ་སྐྱེད་པར་བྱེད་པ་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་པས་བསྟོད་པ་དང་བཀུར་བ་དང་བསྔགས་པའི་དོན་ཉེ་བར་སྡུད་པ་ཡིན་ནོ་ཞེས་བཤད་དོ། །སྤྲོ་བ་སྦྱིན་ཞིང་ཞེས་བྱ་བ་ནི་ཤིན་ཏུ་མྱུར་བར་འགྱུར་བར་བསྟན་པས་སོ། །ཡོངས་སུ་འཛིན་པ་ཞེས་

เล่ม ๘๕ · หน้า 138a

བྱ་བ་ནི་གདམས་པའི་སྒོ་ནས་སོ། །རྗེས་སུ་བསྟན་པར་བྱེད་པ་ཞེས་བྱ་བ་ནི་རྗེས་སུ་བསྟན་པའི་སྒོ་ནས་སོ། །ཇི་ལྟར་གཞན་དག་ལ་སྤྲོ་བ་བསྐྱེད་པའི་ཚིག་གིས་གཞན་ལ་ཕན་འདོགས་པ་ཡིན་སྙམ་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོགས་པ་ལ། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །འདི་སྐད་དུ་གང་གི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་འཕེལ་བ་བྱས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འགྲོ་བའི་དོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་སྐྱེད་པར་བྱེད་པས། དེ་བས་ན་དེ་རྣམས་ཀྱི་སྤྲོ་བ་འཕེལ་བར་བྱས་པས་སེམས་ཅན་རྣམས་རྗེས་སུ་གཟུང་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འདི་དག་ལྡོག་པའི་སྒོ་ནས་བསྟན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་པར་འཚང་རྒྱ་བར་མི་འགྱུར་བ་ཞིག་ན་ཞེས་

བྱ་བ་ལ་དེས་ན་འགྲོ་བའི་དོན་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །རྗེས་སུ་འགྲོ་བའི་སྒོ་ནས་ཀྱང་གསུངས་པ་ནི་གང་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་འཚང་རྒྱ་བ་དེའི་ཕྱིར་འགྲོ་བའི་དོན་མཛད་དོ་ཞེས་འདོད་དོ། །བསྟོད་པ་ལ་སོགས་པ་འདི་དག་གོང་ནས་གོང་

དུ་བསོད་ནམས་ཆེ་བ་ཉིད་དུ་བསྟན་པས་དེའི་རང་བཞིན་སྟོན་པ་ནི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཙམ་གྱི་མཚན་ཉིད་ཅན་ཡིན་གྱི། གཅམ་གསག་ཙམ་དུ་སྨྲ་བ་ལ་སོགས་པ་ནི་མ་ཡིན་པས་ཇི་སྐད་དུ་བཤད་པའི་རབ་ཏུ་དབྱེ་བ་ཁོ་ན་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་སྐད་དུ་ཡང་།

ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང་། བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་མདོ་སྡེ་དང་དེ་དག་གི་གླེང་གཞི་དག་ལས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་

ཀྱིས་བསྟོད་ཅིང་བཀུར་ལ་བསྔགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བ་འདི་འཐད་པར་འགྱུར་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་ཞེས་བྱ་

เล่ม ๘๕ · หน้า 138b

བ་སྟེ་ལྔ་པའོ།། །།སངས་རྒྱས་ཐམས་ཅད་ཀྱི་བསྟོད་པ་དང་བཀུར་བ་དང་བསྔགས་པའི་མོས་པ་ཡིད་ལ་བྱེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བ་ཡིན་པས་དེའི་འོག་ཏུ་བསྔོ་བ་ཡིད་ལ་བྱེད་པ་བརྗོད་པར་བྱའོ། །དེ་ཡང་ལྡོག་པའི་ཡུལ་གྱི་དབྱེ་

བས་རྣམ་པ་དུ་མ་ཡོད་པ་ལས། དང་པོར་ཁྱད་པར་གྱི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་རབ་དང་ལྡན་

པའི་ཕྱིར་རོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་ཐབས་ཀྱི་རྣམ་པ་ཐམས་ཅད་དང་ལྡན་པའི་ཕྱིར་ཏེ། དོན་ཡོད་པའི་ཞགས་པའི་མདོ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་དག་ཤེས་རབ་དང་ཐབས་སྟོན་པ་ཡིན་པས་གསུངས་པའི་ཕྱིར་རོ། །བྱམས་པ་ཞེས་

བྱ་བ་ནི་བྱམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ཐོབ་པའི་ཕྱིར་དང་། ཏིང་ངེ་འཛིན་གང་ཞིག་གིས་འབྲས་བུ་བྱམས་པ་ཉིད་ཡིན་པ་དེ་ཐུགས་སུ་ཆུད་པའི་ཕྱིར་དང་། སྔོན་སྨོན་ལམ་བཏབ་པའི་བྱམས་པའི་འབྲས་བུ་མངོན་པར་རྟོགས་པའི་ཕྱིར་དང་། ཡང་ན་གང་གིས་དེ་བྱམས་པར་འགྱུར་བ་

དེས་བྱམས་པའི་རྣམ་པར་ཐར་པའི་སྒོ་རབ་ཏུ་སྒོམ་པ་ལས་འདི་འདྲ་བའི་ཡོན་ཏན་སྒྲུབ་པ་ནི་བྱམས་པ་ཡིན་ནོ། །རྗེས་སུ་ཡི་རང་བ་ཡོངས་སུ་བསྔོ་བ་དང་ལྡན་པའི་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བ་ཅན་གྱི་ཡོངས་སུ་བསྔོ་བ་སྟེ། དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་མི་དམིགས་པར་དམིགས་པ་ཡིད་ལ་བྱེད་པས་ཡོངས་སུ་བསྔོ་བའི་ཕྱིར་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་ཁྱད་པར་ཅན་ཡིན་ཏེ། དེ་དང་ལྷན་ཅིག་ལྡན་པ་ཞེས་བྱ་བ་བསྡུ་བར་བྱའོ། །འདི་ལས་གཞན་གྱི་སྦྱིན་པ་ལས་བྱུང་བ་ལ་སོགས་པའི་བསོད་ནམས་བྱ་བའི་དངོས་

པོ་འོག་ནས་འཆད་པའི་རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པས་རྗེས་སུ་ཡི་རང་བར་བྱས་ནས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་རྣམ་པ་འདི་ཡོད་པ་ཡིན་ཏེ། དེ་སྐད་དུ་ཡང་དེ་མ་ཐག་ཁོ་ནར་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ལ། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་

เล่ม ๘๕ · หน้า 139a

དངོས་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་འདི་སྐད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྒྲུབ་པར་གྱུར་ཅིག་ཅེས་ངག་ཏུ་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་དག་ལ་ཞེས་བྱ་བ་ནི་སེམས་ཅན་

ཐམས་ཅད་ཀྱི་སྦྱིན་པ་ལས་བྱུང་བ་ལ་སོགས་པའི་བསོད་ནམས་བྱ་བའི་དངོས་པོ་ལས་ཞེས་བྱ་བའི་ཐ་ཚིག་གོ། །མཆོག་ཅེས་བྱའོ་ཞེས་བྱ་བ་ནི་མཆོག་རྣམ་པ་གཉིས་དང་ལྡན་པའི་ཕྱིར་རོ། །མཆོག་ཉིད་རྣམ་པ་གཉིས་ནི་འབར་བས་དམ་པ་ཉིད་དང་། ཟླ་མེད་པས་གཙོ་བོ་ཉིད་དོ་ཞེས་བརྗོད་པ་ནི་

དམ་པ་ཞེས་བྱ་བའོ། །གཙོ་བོ་ཞེས་བྱའོ་ཞེས་བྱ་བའོ། །དམ་པའི་མཆོག་ཀྱང་རྣམ་པ་གཉིས་ཏེ། ཐབས་མཁས་པས་རབ་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་མཆོག་ཉིད་ཡིན་པས་སོ་ཞེས་བརྗོད་པ་ནི་རབ་ཅེས་བྱའོ་མཆོག་རབ་ཅེས་བྱའོ་ཞེས་བྱ་བའོ། །གཉིས་པོ་ལས་ཕུལ་

དུ་བྱུང་བ་གཞན་མེད་དོ་ཞེས་བསྟན་པར་བྱ་བའི་ཕྱིར་གྱ་ནོམ་པ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །གཙོ་བོའི་མཆོག་ཉིད་ཀྱང་རྣམ་པ་གཉིས་ཏེ། མཉམ་པ་མེད་པས་བླ་མ་ཉིད་ཡིན་པ་དང་། ལྷག་པ་མེད་པས་བླ་ན་མེད་པ་ཉིད་ཡིན་པས་སོ་ཞེས་བསྟན་པར་བྱ་བའི་ཕྱིར་བླ་མ་ཞེས་བྱའོ། །

བླ་ན་མེད་པ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་གཉིས་ལས་གོང་ན་མེད་པ་གཞན་མེད་པས་གོང་ན་མེད་པ་ཞེས་བྱའོ་ཞེས་གསུངས་སོ། །ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་མཉམ་པ་མེད་པ་ཞེས་བྱའོ། །མཉམ་པ་མེད་པའི་སངས་རྒྱས་རྣམས་

དང་མཉམ་པ་ཉིད་ཐོབ་པའི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །མི་དམིགས་པའི་རྣམ་པ་ཅན་གྱི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་བསྟན་པར་བྱ་བའི་ཕྱིར་བརྗོད་པ་ནི། དེ་སྐད་ཅེས་སྨྲས་པ་དང་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པའོ། །

ཐམས་ཅད་ནས་ཐམས་ཅད་དུ་སོང་བ་ཞེས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཤར་ལ་སོགས་པའི་ཕྱོགས་ཐམས་ཅད་ན་ཞེས་བྱ་བའི་དོན་ཏོ། །ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་ལ་གོ་རིམས་བཞིན་དུ་གཞལ་དུ་མེད་པ་དང་ཚད་མེད་པ་དང་བསམ་གྱིས་མི་ཁྱབ་པར་གྱུར་པ་རྣམས་ན་གནས་

เล่ม ๘๕ · หน้า 139b

པའི་འཇིག་རྟེན་གྱི་ཁམས་རྣམས་ནི་གྲངས་ཇི་ལྟ་བར་གཞལ་དུ་མེད་པའི་གཞལ་དུ་མེད་པ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྟེང་དང་འོག་གི་ཕྱོགས་སུ་གནས་པ་དག་ལ་མཐའ་ཡས་མུ་མེད་པ་ཞེས་དོན་གྱི་དབྱེ་བས་བརྗོད་དོ། །གཞལ་དུ་མེད་པའི་གཞལ་དུ་མེད་པ་

ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དང་། སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིམ་པ་ཇི་ལྟ་བ་བཞིན་དུ་གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། མཐའ་

ཡས་པར་གྱུར་པ་རྣམས་ཀྱི་ཤེས་པའི་ལམ་ལས་འདས་པས་ན་གཞལ་དུ་མེད་པ་ལ་སོགས་པར་རིག་པར་བྱའོ། །ལམ་ཆད་པ་ལ་སོགས་པ་ལ། དགྲ་བཅོམ་པ་ཉིད་དང་། ཟག་པ་ཟད་པ་ཉིད་ཀྱིས་ལམ་ཆད་པའོ། །ཉོན་མོངས་པ་མེད་པ་དང་དབང་དུ་གྱུར་པ་ཉིད་ཀྱིས་ན་འཇུག་པ་ཆད་པའོ། །

སེམས་དང་ཤེས་རབ་རྣམ་པར་གྲོལ་བ་ཉིད་ཀྱིས་ན་སྤྲོས་པ་དང་སྲིད་པ་ལེན་པ་ཆད་པའོ། །གླང་པོ་ཆེན་པོ་ཅང་ཤེས་པ་ཉིད་ཀྱིས་ན་མཆི་མ་ཟད་པའོ། །བྱ་བ་བྱས་པ་དང་བྱེད་པ་བྱས་པ་ཉིད་ཀྱིས་ན་ཚེར་མ་བཅོམ་པའོ། །ཁུར་ཤིན་ཏུ་བོར་བ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཡང་ན་ལམ་ཆད་

པ་ལ་སོགས་པའི་ཚིག་ལྔ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཉིད་དང་། རྩེ་མོའི་མངོན་པར་རྟོགས་པ་སྟེ། མངོན་པར་རྟོགས་པ་རྣམ་པ་ལྔས་སྤང་བའི་དངོས་པོ་སྤངས་པ་དང་གོ་རིམས་

བཞིན་དུ་སྦྱར་རོ། །ཁུར་ཤིན་ཏུ་བོར་བ་ལ་སོགས་པའི་ཚིག་ལྔ་ནི་མངོན་པར་རྟོགས་པ་ལྔ་པོ་དེ་ཉིད་ཀྱིས་ཐོབ་པར་བྱ་བའི་ཆོས་རྟོགས་པ་དང་ལྡན་པ་ཡིན་པའི་ཕྱིར་གྲངས་ཇི་ལྟ་བ་བཞིན་དུ་སྦྱར་རོ། །དེ་དག་གི་བར་གྱི་ཞེས་བྱ་བའི་བར་དུའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་

པོ་དང་། ཤེས་རབ་ཀྱི་ཕུང་པོ་ནི། ཟག་པ་མེད་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་བོ། །རྣམ་པར་གྲོལ་བའི་ཕུང་པོ་ནི་སྒྲིབ་པ་ཐམས་ཅད་སྤངས་པས་སོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ནི་ཁྱད་པར་ཅན་གྱི་ཡེ་ཤེས་མངོན་སུམ་དུ་མཛད་པའོ། །

เล่ม ๘๕ · หน้า 140a

འདི་དག་ཐམས་ཅད་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་པ་ཡིན་པས། ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྫས་སུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་

བཞི་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རབ་ཏུ་དབྱེ་བ་ཡིན་པས་མིང་དུ་ནི་བཅུར་འགྱུར་རོ། །འདི་ལྟར་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པའི་ཡེ་ཤེས་ཀྱིས་རིམ་གྱིས་སྒྲིབ་པ་ཐམས་ཅད་སྤོང་བར་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་འཇིག་རྟེན་ལས་འདས་པའི་ལམ་གྱི་

རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་བསྡུས་པ་ནི་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དེས་ན་གཙོ་བོ་ཡིན་པའི་ཕྱིར་དང་པོར་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་འཇིག་རྟེན་ལས་འདས་པའི་ལམ་གྱི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་བསྡུས་པ་ནི་ཐབས་དང་སྨོན་ལམ་

དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དེས་ན་གཙོ་བོ་ཡིན་པའི་ཕྱིར་དང་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་ནས། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཉེ་བར་བསྡུ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གོ་སླའོ། །མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མངོན་པར་ཤེས་པ་ཐམས་ཅད་དམ་དྲུག་པ་ཡིན་པར་གཟུང་ངོ་། །

ཡོངས་སུ་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཁྱད་པར་དུ་གྱུར་པ་ཡིན་དུ་ཟིན་ཀྱང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ཇི་ལྟར་མ་ཡིན་ཞེ་ན། དེ་བརྗོད་པར་བྱ་སྟེ། གང་གི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པའི་ཡེ་ཤེས་

ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཡེ་ཤེས་གང་གིས་རྟོགས་པ་ཡོངས་སུ་གཅད་ནས་རང་ཉིད་ཆོས་ཀྱི་ལོངས་སྤྱོད་རྗེས་སུ་མྱོང་བར་གྱུར་པ་དང་གཞན་དག་ཡོངས་སུ་སྨིན་པར་བྱེད་པ་ཡིན་ལ། དེ་ལྟར་གཉིས་པོ་འདི་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཡོད་པ་མ་ཡིན་ནོ། །དེ་བས་ན་ཡེ་

เล่ม ๘๕ · หน้า 140b

ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་རྣམ་པར་མི་རྟོག་པ་མ་ཡིན་ནོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ནི་གོ་བར་ཟད་དོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་སོ། །ཕན་པར་བཞེད་པ་གང་ཡིན་པ་དང་ཞེས་བྱ་བ་ནི་

དགའ་བ་དང་བཏང་སྙོམས་དག་གོ། །སངས་རྒྱས་ཀྱི་ཡོན་ཏན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ཞེས་བྱ་བ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱིས་མཚམས་སྦྱོར་བ་སྤངས་

པའི་འབྲས་བུའོ། །ཆོས་ཐམས་ཅད་ལ་དབང་ཕྱུག་གི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་རྫོགས་པར་སྤྱོད་པ་ཉིད་དོ། །ཟིལ་གྱིས་མི་གནོན་པ་དང་ཟིལ་གྱིས་གནོན་པ་ཞེས་བྱ་བ་ནི་བདུད་དང་མུ་སྟེགས་ལ་སོགས་པ་རྣམས་ཀྱིས་མི་ཐུབ་ཅིང་དེ་རྣམས་ཟིལ་གྱིས་

གནོན་པར་མཛད་པའོ། །རྫུ་འཕྲུལ་མངོན་པར་འདུ་མཛད་པ་ཞེས་བྱ་བ་ནི། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་མགུ་བར་མཛད་པ་སྔོན་དུ་འགྲོ་བ་ཅན་བྱང་ཆུབ་ཀྱི་ས་བོན་བསྐྱེད་པའི་རྒྱུའོ། །སྒྲིབ་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པས་གོ་རིམས་བཞིན་

དུ་སྒྲིབ་པ་མེད་ཅིང་མ་ཆགས་པའོ། །དེ་ཉིད་ཀྱིས་ན་ཐོགས་པ་མེད་པའོ། །མཉམ་པ་མེད་པས་མི་མཉམ་པའོ། །བདག་ཉིད་དང་མི་མཉམ་པ་ཉིད་དང་མཉམ་པས་ན་མི་མཉམ་པ་ཉིད་དང་མཉམ་པའོ། །དཔེ་གཞན་ཐམས་ཅད་ལས་འདས་པས་ན་དཔེ་མེད་པའོ། །མཐའ་ཡས་པའི་ཤེས་

པས་ཡོངས་སུ་བཅད་པར་ནུས་པ་མ་ཡིན་པ་ཉིད་ཀྱིས་ན་དཔག་ཏུ་མེད་པའོ། །ཁྱད་པར་དེ་དག་གིས་ཁྱད་པར་དུ་འཕགས་པ་དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པའི་ཡང་དག་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་སྟོབས་གང་ཡིན་པ་དང་ཞེས་བྱ་བ་སྨྲས་ཏེ། ཀུན་བརྗོད་པ་ལ་སོགས་པའི་ཆོ་འཕྲུལ་

བྱེད་པར་ནུས་པ་ཉིད་ཀྱི་ཡེ་ཤེས་ནི་ཐོགས་པ་མེད་པ་ཡིན་པའི་ཕྱིར་སྟོབས་སུ་བརྗོད་པའོ། །སྟོབས་ཀྱི་ནང་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྟོབས་གང་ཡིན་པ་དང་ཞེས་བྱ་བ་ནི། སྟོབས་ཀྱི་ནང་ན་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཉིད་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་དང་

เล่ม ๘๕ · หน้า 141a

གཟིགས་པ་གང་ཡིན་པ་དང་ཞེས་བྱ་བ་ལ། ཡེ་ཤེས་ནི་བདེན་པ་མངོན་པར་རྟོགས་པའོ། །གཟིགས་པ་ནི་མངོན་པར་ཤེས་པ་ལྔའོ། །སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་བཅུའོ། །མི་འཇིགས་

པ་བཞི་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པ་དམ་འཆའ་བར་མཛད་པ་ལ་ཕྱིར་རྒོལ་བར་བྱེད་པ་མེད་པས་མི་འཇིགས་པ་ཉིད་རྣམ་པ་བཞིའོ། །མི་འཇིགས་པ་བཞི་པོ་དེ་དག་མཆོག་ཏུ་ལེགས་པར་ཁོང་དུ་ཆུད་པ་གང་ཡིན་པ་ནི་ཀུན་རྫོབ་ཏུའོ། །དེ་ཁོ་ན་

ཉིད་དུ་ནི་གཞན་ཡིན་ནོ་ཞེས་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་དམ་པར་མངོན་པར་སྒྲུབ་པས་ཞེས་བྱ་བ་ནི། སྒྱུ་མ་ལྟ་བུ་ཉིད་མངོན་དུ་མཛད་པས་སོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཞེས་བྱ་བ་ནི། རང་གི་ཐུགས་སུ་ཆུད་པའི་ཆོས་གསལ་བར་མཛད་པ་

ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྟོན་པས་འཁོར་ལོ་དང་འདྲ་བར་ཡང་དང་ཡང་དུ་མངོན་སུམ་དུ་བྱེད་པའི་དོན་གྱིས་རབ་ཏུ་བསྐོར་ཞིང་གདུལ་བ་རྣམས་ཀྱི་རྒྱུད་ལ་རབ་ཏུ་རྒྱས་པར་མཛད་པའི་ཕྱིར་རོ། །དེ་ཉིད་མུན་པ་སེལ་བར་བྱེད་པ་ཡིན་པའི་ཕྱིར་ཆོས་ཀྱི་སྒྲོན་མ་འཛིན་པ་ཞེས་བྱའོ། །ཡང་དག་པར་

སད་པར་བྱེད་པའི་ཕྱིར་ཆོས་ཀྱི་རྔ་བརྡུང་བའོ། །གདུལ་བྱའི་ཡིད་འགེངས་པར་བྱེད་པའི་ཕྱིར་ཆོས་ཀྱི་དུང་འབུད་པའོ། །རྒྱས་པར་བྱེད་པས་ན་ཆོས་ཀྱི་དུང་སྒྲོགས་པའོ། །སྒྲིབ་པ་བརྟན་པོ་ཐམས་ཅད་འཇོམས་པས་ན་ཆོས་ཀྱི་རལ་གྲི་འདེབས་པའོ། །ཚིམ་པར་བྱེད་པས་ན་ཆོས་ཀྱི་

ཆར་འབེབས་པའོ། །རྣམ་པར་གསལ་བ་ཉིད་དུ་ཤེས་པར་བྱ་བས་ན་ཆོས་ཀྱི་མཆོད་སྦྱིན་སྦྱིན་པའོ། །ཡིད་ལ་འཐད་པ་ཉིད་ཀྱིས་ན་སེམས་ཅན་ཐམས་ཅད་ཚིམ་པར་མཛད་པའོ། །མཉན་པར་བྱ་བ་ཉིད་ཀྱིས་ཇི་ལྟར་བདེ་བར་མཛད་པས་ན་ཡང་དག་པར་སྟོབས་པའོ། །གང་ཡང་ཆོས་

བསྟན་པ་དེ་དག་དང་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་ཆོས་རྣམས་ལ་འདུལ་བས་ན་བཏུལ་བའོ། །རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བསླབ་པ་ལ་བསླབས་པས་ན་བསླབས་པའོ། །ཉན་ཐོས་ཀྱི་ཆོས་རྣམས་ལ་ལྷག་པར་མོས་པས་ན་མོས་པའོ་ཞེས་བྱ་བར་སྦྱར་རོ། །རང་

เล่ม ๘๕ · หน้า 141b

གི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར་རིགས་ངེས་པ་ཐོབ་པས་ན་ངེས་པར་གྱུར་པའོ། །དེ་ཉིད་ནི་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །སློབ་པའི་ཞེས་བྱ་བ་ནི་འབྲས་བུ་དང་པོ་ལ་ཞུགས་པ་ལ་སོགས་པ་དང་འབྲེལ་པ་རྣམས་ཀྱིའོ། །མི་སློབ་པའི་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་དོ། །

དེ་ལ་དགེ་སློང་ནི་བརྗོད་པ་གསུམ་ལ་སོགས་པས་བསྙེན་པར་རྫོགས་པར་བྱས་པའོ། །དགེ་སློང་མ་ཡང་དེ་བཞིན་ནོ། །དགེ་བསྙེན་ནི་སྐྱབས་གསུམ་ཡོངས་སུ་འཛིན་པ་དང་། བསླབ་པའི་གཞི་ལྔ་ཡོངས་སུ་འཛིན་པའོ། །དགེ་བསྙེན་མ་ཡང་དེ་བཞིན་ཡིན་པའི་ཕྱིར་རྣམ་པ་གཉིས་ཏེ།

སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བྱ་བ་དང་། དེ་བཞིན་དུ་གསུམ་ལ་སྐྱབས་སུ་སོང་ནས་བསླབ་པའི་གཞི་ལྔ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་འདུལ་བ་ལས་གཉིས་སུ་སྨོས་པའི་ཕྱིར་རོ། །ཡིད་ཀྱིས་

སྒོམ་པའི་ཞེས་བྱ་བ་ནི། གང་ཟག་གཅིག་གམ་གཉིས་སམ་གསུམ་ལ་ཡིད་དང་བར་བྱེད་པའོ། །མ་ལུས་པ་ལུས་པ་མེད་པར་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་རྒྱུ་མཐའ་ཡས་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་དང་། འབྲས་བུ་གཞལ་དུ་མེད་པ་རབ་ཏུ་སྟེར་བའི་ཕྱིར་རོ་ཞེས་བརྗོད་པར་

བྱའོ། །གཅིག་ཏུ་བསྡུས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། འདས་པའི་དེ་བཞིན་གཤེགས་པ་རྣམས་དང་འབྲེལ་པས་བསྟན་པའི་ཕྱིར་གཅིག་ཏུ་སྟེ། རྣམ་པ་གཅིག་ཏུ་མངོན་པར་བསྡུས་ཤིང་ལྷག་པར་སྒྲོ་བཏགས་ནས་ཚད་མེད་པ་ཉིད་ལ་སོགས་པའི་ཚུལ་གྱིས་བསྡོམས་ཤིང་བརྩིས་ནས།

བྱང་ཆུབ་སེམས་དཔའ་ལ་སོགས་པ་ནས་དུད་འགྲོའི་སྐྱེ་གནས་དང་འབྲེལ་པའི་བར་གྱིས་གཞལ་ཞིང་ཚད་དུ་བྱས་ནས་འོངས་ནས་འཆད་པའི་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་བར་བྱ་ཞིང་། བྱེད་པ་པོའི་བསམ་པ་ཕུལ་དུ་བྱུང་བའི་དད་པས་ཤིན་ཏུ་དགའ་ཞིང་བདག་ཉིད་ཀྱིས་དེ་

དག་ཐམས་ཅད་རྫོགས་པར་བྱའོ་ཞེས་བྱ་བའི་བསམ་པ་ཁྱད་པར་ཅན་གྱིས་བྱའོ་ཞེས་བྱ་བའི་དོན་ཏོ། །མཆོག་གི་དོན་ཉིད་བསྟན་པའི་ཕྱིར་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་དག་ནི་བཤད་ཟིན་ཏོ། །ངག་ཏུ་རྗོད་པར་བྱེད་པ་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་

เล่ม ๘๕ · หน้า 142a

ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་མི་དམིགས་པའི་ཡིད་ལ་བྱེད་པས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་

ཚིག་གོ། །ཡོངས་སུ་སྒྲུབ་པར་གྱུར་ཅིག་ཅེས་བྱ་བ་ནི། སྐྱེད་པར་བྱེད་པ་སྟེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ལྷག་མའོ། །མི་དམིགས་པའི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་བསྟན་ནས། ད་ནི་དེ་ལ་རྒོལ་བ་ངན་པ་ལ་ལན་གདབ་པའི་ཕྱིར་འདྲི་བ་ནི་དེ་ལ་གང་ཟག་

བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་པོ་གང་གིས་ཡོངས་སུ་བསྔོ་ཞིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་ལ་སོགས་པའི་རིགས་ཀྱི་རྒྱུ་གང་ཡིན་པ་དག་གིས་ཕུལ་ན་ཞེས་བྱ་བའི་ཐ་ཚིག་གོ། །གླེགས་བམ་ལ་ལ་ལས་རྗེས་སུ་ཡི་

རང་ཞིང་ཞེས་སྨོས་ཏེ། དེར་ཡང་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པའི་གནས་སྐབས་ཡིན་པའི་ཕྱིར་ཡོངས་སུ་བསྔོ་ཞིང་ཞེས་དོན་གྱིས་གཟུང་བར་བྱའོ། །དེ་ལྟར་ཡང་དངོས་པོ་གང་དག་དང་རྣམ་པ་གང་དག་གིས་སེམས་གང་ཞིག་ཡོངས་སུ་སྔོ་བར་བྱེད་པ་དང་ཞེས་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །

དམིགས་པ་གང་དག་དང་རྣམ་པ་གང་གིས་ཞེས་བྱ་བ་ལ། དམིགས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་ཆོས་ཐམས་ཅད་དོ། །དེ་འཛིན་པའི་རབ་ཏུ་དབྱེ་བ་ཉིད་ནི་རྣམ་པའོ། །སེམས་དེ་ཞེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པའོ། །གཅིག་ཅེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་དེ་ཅི་

ཞེས་བྱ་བའི་སྒྲའི་དོན་ལ་འཇུག་གོ། །ཇི་ལྟར་མཚན་མར་བྱས་པ་དེ་བཞིན་དུ་དམིགས་སམ་ཞེས་བྱ་བ་ནི། འདས་པ་ཉིད་ཀྱིས་དངོས་པོ་ལ་སོགས་པ་ནི་མཚན་མར་མ་བྱས་པར་ཡོངས་སུ་བསྔོ་བར་མི་ནུས་པ་ཉིད་ཡིན་ཏེ། མེད་པའི་ཕྱིར་མེད་བཞིན་དུ་ལྷག་པར་སྒྲོ་བཏགས་ནས་བརྗོད་པའི་

ཀུན་རྫོབ་ཇི་ལྟ་བར་ཡུལ་དུ་བྱེད་དམ། ཅི་སྟེ་དེ་ཁོ་ན་ཉིད་ལ་དེ་བཞིན་དུ་དམིགས་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དམིགས་སོ་ཞེས་འདོད་ན་དེ་ལྟ་ན་ནི། ཚད་མའི་གནོད་པ་ཡོད་པས་ན། །དངོས་པོར་དམིགས་པ་ཡོད་ན་ནི། །སྨིག་རྒྱུ་ལ་སོགས་ཤེས་པ་བཞིན། །ཕྱིན་ཅི་ལོག་པར་

เล่ม ๘๕ · หน้า 142b

ཡོངས་སུ་རྟོག །དེ་ཕྱིར་དེའི་མཐུས་འབྱུང་བ་ཡི། །ཡོངས་སུ་བསྔོ་བའི་བྱ་བ་ཀུན། །བདག་དང་བདག་གིར་ལོག་པ་ལས། །བྱུང་བ་བཞིན་དུ་སྟོབས་ཆུང་ངོ་། །ཞེས་འདོད་དོ། །རྣམ་པར་རྟོག་པའི་ཡུལ་ནི་སྒྲོ་བཏགས་པས་བརྫུན་པ་ཡིན་པའི་ཕྱིར་དང་། རྐྱེན་ལ་རག་ལས་པས་འཇུག་པ་

ཡིན་པའི་ཕྱིར་རྨི་ལམ་དང་སྒྱུ་མ་དང་སྨིག་རྒྱུ་དང་འདྲ་བར་དེ་ཁོ་ན་ཉིད་དུ་དམིགས་སུ་མེད་དོ་ཞེས་བྱ་བ་ནི། བཙུན་པ་རབ་འབྱོར་དངོས་པོ་དེ་དག་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ་དེ་ལྟ་ན་ཡང་ཡོངས་སུ་བསྔོ་བ་ཕྱིན་ཅི་ལོག་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི། གལ་ཏེ་དངོས་པོ་དེ་མེད་ཅིང་ཞེས་

བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། རང་གི་མཚན་ཉིད་ཡུལ་དུ་བྱེད་པས་ན་དམིགས་པར་བྱེད་པའོ། །སྤྱིའི་ཚུལ་ཡོངས་སུ་གཅོད་པས་ན་མཚན་མར་བྱེད་པའོ། །འདུ་ཤེས་ཕྱིན་ཅི་ལོག་པ་ཞེས་བྱ་བ་ལ་སོགས་པ་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་གྱི་འདུ་ཤེས་ནི་རང་གི་ཡུལ་མེད་པས་

ཕྱིན་ཅི་ལོག་ཏུ་དེ་མ་ཡིན་ལ་དེར་འཛིན་པས། འདུ་ཤེས་ཕྱིན་ཅི་ལོག་པ་ཡིན་ནོ། །སེམས་ཕྱིན་ཅི་ལོག་པ་ཞེས་བྱ་བ་ནི། དམིགས་པར་འཛིན་པར་བྱེད་པའི་རྣམ་པར་ཤེས་པའི་སེམས་དེ་བཞིན་དུ་ཕྱིན་ཅི་ལོག་པ་ཡིན་ནོ། །ལྟ་བ་ཕྱིན་ཅི་ལོག་པ་ཞེས་བྱ་བ་ནི། རྣམ་པ་ཡོངས་སུ་གཅོད་པའི་

པའི་ངོ་བོའི་རྣམ་པར་དཔྱོད་པའི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ལྟ་བ་ཉིད་སྔ་མ་བཞིན་དུ་ཕྱིན་ཅི་ལོག་པའོ། །མི་འགྱུར་ཞེས་བྱ་བ་ནི་ཇི་ལྟར་ན་འདིའི་སྔ་མ་དང་འབྲེལ་བའི་ཕྱིར་འོན་ཀྱང་འགྱུར་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་ཡང་མི་དམིགས་པའི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་ནི་འདུ་

ཤེས་ཕྱིན་ཅི་ལོག་པ་ལ་སོགས་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི་ལྷག་མ་སྟེ། གང་གི་ཕྱིར་གཞན་དུ་ན་འདུ་ཤེས་ལ་སོགས་པ་ཕྱིན་ཅི་ལོག་པ་ཉིད་དུ་བསྟན་པས་དཀྱུས་མའི་དོན་དང་མི་འགལ་བའི་ཕྱིར་ཅུང་ཟད་ཀྱང་མ་སྨྲས་པར་འགྱུར་རོ། །གལ་ཏེ་གཞན་ལ་རང་གི་ཡུལ་མེད་པས་

འདུ་ཤེས་ལ་སོགས་པ་ཕྱིན་ཅི་ལོག་ཏུ་གྱུར་པ་ན། །དེའི་རང་བཞིན་མ་ཡིན་པ་གཞན་འདུ་ཤེས་ཕྱིན་ཅི་ལོག་ལ་སོགས་པའི་རང་བཞིན་དུ་ཇི་ལྟར་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་བརྗོད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །འདོད་

เล่ม ๘๕ · หน้า 143a

ཆགས་ཀྱང་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་ལ་སོགས་པ་བསྡུའོ། །རྣམ་པར་བཏགས་ཤིང་ཞེས་བྱ་བ་ནི་སྒྲོ་བཏགས་ནས་སོ། །ཀུན་ཏུ་བརྟགས་ནས་ཞེས་བྱ་བ་ནི་ཡང་དང་ཡང་དུ་དམིགས་ནས་སོ། །འདུ་ཤེས་ཕྱིན་ཅི་ལོག་པ་ལ་སོགས་པ་

ལས་བྱུང་བའི་ཕྱིར་འདོད་ཆགས་ཀྱང་འདུ་ཤེས་ཕྱིན་ཅི་ལོག་པ་ཡིན་ནོ་ཞེས་བྱ་བ་སོགས་པར་སྦྱར་རོ། །འདི་སྐད་དུ་གང་གི་ཕྱིར་མི་རྟག་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པའི་དངོས་པོ་ལ་རྟག་པ་ལ་སོགས་པ་ཡོད་པ་མ་ཡིན་པ་སྒྲོ་བཏགས་ཏེ་དེ་ཉིད་ལ་ཡང་དང་ཡང་དུ་དམིགས་ནས་

འདོད་ཆགས་ལ་སོགས་པ་འདུ་ཤེས་ཕྱིན་ཅི་ལོག་ལ་སོགས་པའི་རྒྱུ་ཅན་དུ་སྐྱེ་བ་ན་འདུ་ཤེས་ཕྱིན་ཅི་ལོག་ལ་སོགས་པའི་རང་བཞིན་དུ་སྐྱེ་བ་ཡིན་པས་དེ་བས་ན་མི་དམིགས་པར་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་ཡང་དེ་བཞིན་དུ་སྐྱེ་བར་འགྱུར་རོ་ཞེས་བརྗོད་དོ། །ཕྱོགས་གཞན་བསྟན་

པའི་དོན་དུ་བརྗོད་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་དངོས་པོ་ཇི་ལྟ་བ་དང་རྣམ་པ་མེད་པའི་ཇི་ལྟ་བར་ཞེས་པ་ནི་ལྷག་མའོ། །བྱང་ཆུབ་ཀྱང་དེ་བཞིན་སེམས་ཀྱང་དེ་བཞིན་དུ་མེད་པ་ཡིན་ནམ་ཅི་ཞེས་ཁོང་ནས་ཕྱུང་ལ། དེ་ལྟའོ་ཞེས་ཁས་ལེན་པར་བྱེད་ན།

དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་དང་། དེའི་བག་ཆགས་ཀྱི་ཁམས་ཐམས་ཅད་ཀྱང་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བར་འདོད་པའོ། །དེ་ལྟར་གྱུར་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་

གལ་ཏེ་དེ་ལྟར་དངོས་པོ་ལ་སོགས་པ་མེད་པ་དེ་བཞིན་དུ་བྱང་ཆུབ་དང་སེམས་ལ་སོགས་པ་ཡང་ཡིན་ན་དེའི་དངོས་པོ་ལ་སོགས་པ་གང་དག་གིས་སེམས་ལ་སོགས་པ་གང་ཞིག་བྱང་ཆུབ་གང་དུ་ཡོངས་སུ་སྔོ་བར་བྱེད་དེ། གང་ཕྱིར་གང་གིས་ཀྱང་གང་ཡང་གང་དུ་ཡང་ཡོངས་སུ་སྔོ་བར་མི་

ཕྱེད་དོ། །དེས་ན་རྣམ་པ་ཐམས་ཅད་དུ་ཡོངས་སུ་བསྔོ་བ་མི་འཐད་ན་ཡོངས་སུ་བསྔོ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་བསམས་པ་ཡིན་ནོ། །དེ་ཁོ་ན་ཉིད་དུ་ཕྱིན་ཅི་ལོག་ཡིན་ཡང་མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་འདྲ་བར་བརྒྱུད་ནས་ཡང་དག་པའི་དོན་ཐོབ་པར་བྱེད་པ་ན་དངོས་པོ་ལ་

เล่ม ๘๕ · หน้า 143b

སོགས་པ་ཀུན་རྫོབ་ཏུ་ཡོད་པ་ཉིད་ཀྱིས་ན་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པར་འདོད་པ་ཡིན་ཏེ། དེ་བས་ན་ཁྱེད་ཀྱིས་ལྷག་མ་ཅི་ཡང་མ་སྨྲས་སོ་ཞེས་བྱ་བའི་བསམ་པས་འཕགས་པ་རབ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡང་ན་དངོས་པོ་དང་དམིགས་པ་ལ་སོགས་པ་དེ་ལ་

དོན་དམ་པར་མངོན་པར་ཞེན་པ་དང་བྲལ་བས་ཀུན་རྫོབ་ཏུ་སྒྱུ་མའི་སྐྱེས་བུ་བཞིན་དུ་ཡོངས་སུ་བསྔོ་བ་ནི་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བྱ་བའི་བསམ་པ་དང་ལྡན་པས། འཕགས་པ་རབ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །རིགས་པ་དང་ལྡན་པ་ཡིན་ན་ཡང་ཅིའི་ཕྱིར་ལས་

དང་པོ་པ་ལ་བརྗོད་པར་མི་བྱ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་དེ་ལ་གང་དད་པ་ཙམ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟོགས་པའི་ཡིད་ཆེས་པ་དང་བྲལ་བས་བརྟན་པ་མ་ཡིན་པ་ཉིད་ཀྱིས་ན་དད་པ་ཙམ་མོ། །དེ་ཉིད་དུ་ཆུང་ངུ་དང་འབྲིང་དང་ཆེན་པོའི་

དབྱེ་བས་དགའ་བ་ཙམ་ཞེས་བྱ་བ་ལ་སོགས་པ་ཚིགས་གསུམ་གྱིས་བརྗོད་དོ། །ཡང་ན་དད་པ་ཙམ་ཉིད་ཡོད་པ་ཉིད་དང་། ཡོན་ཏན་དང་ལྡན་པ་ཉིད་དང་། ནུས་པ་ཉིད་ལ་གོ་རིམས་བཞིན་དུ་མངོན་པར་ཡིད་ཆེས་པ་དང་། དང་བ་དང་། མངོན་པར་འདོད་པ་ནི་དེ་བཞིན་དུ་དགའ་བ་ཙམ་

ལ་སོགས་པ་རྣམ་པ་གསུམ་བསྟན་པ་ཡིན་ནོ། །མེད་པར་འགྱུར་དུ་འོང་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ལ་མི་མཁས་པའི་ཕྱིར་ནུབ་པར་འགྱུར་དུ་འོང་ཞེས་བསམས་པའོ། །དེ་ལྟ་ན་ཡང་སྨྲ་བར་མི་བྱ་བ་ཉིད་ཡིན་པར་འགྱུར་རོ་ཞེ་ན། འཕགས་པ་རབ་འབྱོར་ཕྱིར་མི་ལྡོག་

པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་དགེ་བའི་བཤེས་གཉེན་གྱིས་ཉེ་བར་བསྟན་པ་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོ་ཡིན་དུ་ཟིན་ཀྱང་ཡང་དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་བརླབས་ཀྱི་བདེན་པ་གཉིས་ཀྱི་རང་གི་ངོ་བོ་ཡོངས་སུ་ཤེས་པས་ཞེས་བྱ་བར་དགོངས་སོ། །

ཉེ་བར་བསྡུ་བར་བྱ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདང་བས་སོ། །གཞན་ཡང་ཀུན་རྫོབ་ཀྱི་ཕྱོགས་ལ་བརྟན་པའི་དོན་བསྟན་པ་ནི། བྱམས་པ་སེམས་གང་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ།

เล่ม ๘๕ · หน้า 144a

གང་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བའོ། །སེམས་དེ་ཡང་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བར་བྱེད་པ་ནི་ཡོངས་སུ་སྔོ་བར་བྱེད་པའི་དུས་སུ་ཉེ་བར་བསགས་པ་རྣམ་པར་འཇིག་པས་འགགས་པར་འགྱུར་བའོ། །རང་བཞིན་གྱི་འཇིག་

པས་བྲལ་བའོ། །རྣམ་པར་འགྱུར་བའི་འཇིག་པས་རྣམ་པར་འགྱུར་བ་ཡིན་ནོ། །དེས་ན་ཞེས་བྱ་བ་དེའི་ཕྱིར་ཏེ། ཡོངས་སུ་བསྔོ་བའི་དུས་སུ་ཡི་རང་བའི་སེམས་གང་གིས་ཡོངས་སུ་སྔོ་བར་བྱེད་པ། རྗེས་སུ་ཡི་རང་བར་བྱེད་པའི་སེམས་དེ་གང་ཡིན་ཏེ། འགའ་ཞིག་ཀྱང་མ་

ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྙམ་དུ། འདི་ལྟར་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བར་བྱས་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་ཚིག་གིས་སྔོན་དང་ཕྱི་

མར་བསྟན་པའི་ཕྱིར་སྐད་ཅིག་མ་གཅིག་ལ་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་གཉིས་མི་འབྱུང་བར་བསྟན་པ་ཡིན་ནོ། །དེ་བས་ན་བྱེད་པ་པོ་མཚུངས་པ་ལ་ཏྭའི་རྐྱེན་བརྗོད་པའི་ཕྱིར་སེམས་གཅིག་ཁོ་ནས་སྔར་རྗེས་སུ་ཡི་རང་བར་བྱས་ནས་ཕྱིས་ཡོངས་སུ་སྔོ་བར་བྱེད་པ་ཡིན་

ནོ་ཞེས་བརྗོད་པར་གྱུར་ན། དེ་ནི་མི་རིགས་ཏེ་གང་གི་ཕྱིར་རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་སྐད་ཅིག་མ་ཉིད་ཡིན་པས་རྗེས་སུ་ཡི་རང་བར་བྱེད་པའི་སེམས་ནི་ཡོངས་སུ་བསྔོ་བའི་སྐད་ཅིག་མའི་ཚེ་མེད་པ་དེ་བས་ན་དེས་ཇི་ལྟར་ཡོངས་སུ་སྔོ་བར་བྱེད་ཅེས་བསམས་པ་

ཡིན་ནོ། །དེ་ལྟར་རྗེས་སུ་ཡི་རང་ནས་ཞེས་བྱ་བའི་ཚིག་མ་འབྲེལ་ཏོ་ཞེས་བསྟན་ནས། ད་ནི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱ་བའི་ཚིག་དེ་མི་རིགས་པར་བསྟན་པར་བྱ་བའི་ཕྱིར་རྗེས་སུ་ཡི་རང་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །འདི་

སྐད་དུ་གང་གི་ཕྱིར་རྗེས་སུ་ཡི་རང་བའི་རྣམ་པར་སྐྱེས་པས་རྗེས་སུ་ཡི་རང་བར་བྱེད་པའི་སེམས་ཉིད་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བརྗོད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཐ་དད་པའི་ལས་སུ་གྱུར་

เล่ม ๘๕ · หน้า 144b

པ་གང་ཞིག་རྗེས་སུ་ཡི་རང་བར་བྱེད་པའི་སེམས་བྱེད་པ་པོར་གྱུར་པས་ཡོངས་སུ་སྔོ་བར་བྱེད་པའི་སེམས་དེ་གང་ཞིག་ཡིན། སེམས་དེ་ཉིད་ཀྱིས་སེམས་དེ་བསྔོ་བར་ཡང་མི་རིགས་ཏེ་རང་ཉིད་ལ་བྱེད་པ་ནི་འགལ་བའི་ཕྱིར་ཞེས་འདོད་དོ། །གལ་ཏེ་རྗེས་སུ་ཡི་རང་བའི་སེམས་ཀྱི་རྗེས་

ཐོགས་ལ་སེམས་ཀྱི་སྐད་ཅིག་མ་ཁྱད་པར་ཅན་སྐྱེས་པ་ལས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཐོབ་པའི་སེམས་གང་ཡིན་པ་དེ་ཕྱིས་ཡོངས་སུ་བསྔོ་བའི་སེམས་ཀྱིས་བསྔོ་བར་བྱའོ་ཞེས་བྱ་བ་འདི་ནི་ངག་དེའི་དོན་ཡིན་པར་འདོད་ན། དེ་ལྟ་ན་ཡང་ཡོངས་སུ་བསྔོ་

བར་བྱའོ་ཞེས་བྱ་བའི་ཚིག་འཐད་པ་མ་ཡིན་ནོ་ཞེས་སྨྲས་པ་ནི། གང་གི་ཚེ་སེམས་གཉིས་ཕྲད་པ་མེད་ན་སེམས་ཀྱི་སེམས་ཞེས་བྱ་བ་ལ་སོགས་པའོ། །ངག་གི་དོན་འདི་ལྟར་སྦྱར་བར་བྱ་སྟེ། སྐད་ཅིག་མ་དང་པོ་བྱུང་བའི་རྣམ་པར་ཤེས་པ་ནི་སྐད་ཅིག་མ་ཉིད་ཡིན་པས་སྐད་ཅིག་གཉིས་

པའི་ཚེ་ན་མེད་ལ། དེ་བཞིན་དུ་སྐད་ཅིག་གཉིས་པར་བྱུང་བ་ཡང་རྒྱུ་མ་ཚང་བའི་ཕྱིར་མ་སྐྱེས་པས་སྐད་ཅིག་མ་དང་པོའི་ཚེ་ན་མེད་དོ། །དེ་ལྟར་ན་གང་གི་ཚེ་བསྔོ་བར་བྱ་བ་དང་སྔོ་བར་བྱེད་པ་སྐད་ཅིག་དང་པོ་དང་གཉིས་པར་བྱུང་བའི་སེམས་དེ་གཉིས་འགྲོགས་པ་མེད་པ་དེས་ན་དུས་མཉམ་དུ་

འབྱུང་བ་མེད་ན་སྐད་ཅིག་མ་གཉིས་པར་བྱུང་བའི་ཡོངས་སུ་བསྔོ་བའི་སེམས་ཀྱིས་སྐད་ཅིག་མ་དང་པོ་བྱུང་བའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོའི་སེམས་དེ་ཡོངས་སུ་བསྔོ་བར་ཇི་ལྟར་ནུས་པ་ཞེས་བྱ་བའོ། །འོ་ན་སྔ་མའི་སེམས་མི་སྐྱེ་བ་ཉིད་དེའི་ཚེ་ཡོད་པས་

ཡོངས་སུ་བསྔོའོ་ཞེ་ན། སེམས་ཀྱི་རང་བཞིན་ནི་ཡོངས་སུ་བསྔོ་བར་ཡང་མི་ནུས་ན་ཞེས་སྨོས་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །བཅོམ་ལྡན་འདས་དང་འཕགས་པ་བྱམས་པའི་བྱིན་གྱི་རླབས་ཀྱིས་བརྒྱ་བྱིན་ལན་འདེབས་པ་ནི། དེ་ནས་ལྷའི་དབང་པོ་

བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བསམ་པ་ནི་ཀུན་རྫོབ་ཏུ་ཁས་བླངས་པའི་རང་བཞིན་རྣམས་དོན་གྱི་བྱ་བ་བྱེད་པ་ཉིད་ཀྱིས་སྐད་ཅིག་མ་ཡིན་པས་ན་ཁྱད་པར་ཅན་སྐྱེ་བའི་བྱ་བའི་ཁོངས་སུ་འདུས་པ་མ་གཏོགས་པ་གཞན་གྱི་ཁོངས་སུ་གཏོགས་པར་བྱ་བ་ནི་འགའ་

เล่ม ๘๕ · หน้า 145a

ཡང་མི་སྲིད་དོ། །དེ་བས་ན་རྣལ་འབྱོར་པའི་རྗེས་སུ་ཡི་རང་བའི་སེམས་ཁྱད་པར་ཅན་གྱི་རྗེས་ཐོགས་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོའི་སེམས་ཤིན་ཏུ་ཁྱད་པར་ཅན་སྐྱེ་བར་འགྱུར་ཞིང་། དེའི་ཡང་རྗེས་ཐོགས་ལ་དགེ་བའི་རྩ་བ་

དེའི་བག་ཆགས་ཀྱིས་བསྒོས་པ་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་སེམས་ཡོངས་སུ་སྔོ་བའི་རྣམ་པ་ཅན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བར་འགྱུར་བ། སྐད་ཅིག་གིས་ཐ་སྙད་མི་འཐད་པས་ན་བྱིས་པའི་སྐྱེ་བོའི་ངོར་རྒྱུན་ལ་ལྟོས་པའི་ཕྱིར་དང་། བརྡ་ལ་

ལྟོས་པས་སྒྲ་འཇུག་པའི་ཕྱིར་རོ། །དངོས་པོའི་དེ་ཁོ་ན་ཉིད་ཀྱི་གནས་སྐབས་འདི་ནི་འཕགས་པ་བྱམས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་

བར་བྱའོ་ཞེས་བྱ་བའི་ངག་འདིས་ལས་དང་བྱེད་པ་པོ་དང་བྱ་བ་ལ་སོགས་པའི་ཚུལ་གྱིས་གསུངས་པ་ཡིན་ལ། དེ་ལ་ཡང་དངོས་པོའི་ཆ་ཙམ་ཡོངས་སུ་བོར་ཏེ། སྒྲ་ཙམ་ཁོ་ན་བཟུང་སྟེ་བྱིས་པའི་སྐྱེ་བོ་སྐྲག་པར་བྱེད་པའི་རྣམ་པར་རྟོག་པ་མི་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །གཞན་ཡང་དེ་ལྟར་

རྗེས་སུ་ཡི་རང་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་ཚིག་ཏུ་བརྗོད་པར་བྱ་བ་ཡིན་ཏེ་ཞེས་སྔར་འཕགས་པ་རབ་འབྱོར་ཉིད་ཀྱིས་ཀྱང་རང་གི་ཚིག་གིས་ཀུན་རྫོབ་ཀྱི་ཕྱོགས་ལ་ཇི་སྐད་བཤད་

པའི་དགོངས་པ་ཁས་བླང་བར་བྱའོ་ཞེས་བྱ་བའི་བསམ་པས་འཕགས་པ་རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཇི་སྐད་དུ་བཤད་པའི་དགོངས་པས་མི་འཛིན་ན་དེའི་ཚེ་རྣམ་པ་གཞན་མེད་པས་ཇི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་ཡང་མི་རུང་བ་དེ་བས་ན་ཇི་

སྐད་བཤད་པའི་དགོངས་པ་ཉིད་གཟུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་རྗེས་སུ་ཡི་རང་བ་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡོངས་སུ་འཛིན་པས་ལེགས་པར་ཡོངས་སུ་གཟུང་བ་དང་ཡོངས་སུ་བསྔོ་བས་ལེགས་པར་ཡོངས་

เล่ม ๘๕ · หน้า 145b

སུ་སྔོ་བར་ཇི་ལྟར་འགྱུར་ཞེས་བྱ་བ་དང་སྦྱར་རོ། །ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པའི་དོན་བསྟན་པ་ནི་དེ་ནས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བརྩམས་ཤིང་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་

ཤེས་པས་སྔོན་དུ་བྱས་པའོ། །གཞིར་བཅས་ཏེ་ཞེས་བྱ་བ་ནི་མདུན་དུ་ཡུལ་གྱི་དངོས་པོར་བཞག་ནས་སོ། །ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་ཚིག་གིས་ཡོངས་སུ་སྔོ་བ་ཡིན་པའི་ཕྱིར་རྣམ་པར་རྟོག་པས་ཡོངས་སུ་བསྔོ་བར་བྱས་པ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་

ཐམས་ཅད་ནི་རང་བཞིན་གྱིས་རང་གི་ངོ་བོ་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པའི་ཕྱིར་འཁྲུལ་པ་ཉིད་ཡིན་ནོ་ཞེས་བྱ་བའི་བསམ་པས་ཇི་ལྟར་འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ལན་གདབ་པའི་ཕྱིར་འཕགས་པ་རབ་འབྱོར་གལ་ཏེ་ཞེས་

བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། སེམས་དེ་ལ་སེམས་སུ་འདུ་ཤེས་པར་མ་གྱུར་ན་ཞེས་བྱ་བ་ནི། ཡོངས་སུ་སྔོ་བར་བྱེད་པའི་སེམས་དེ་ལ་དོན་དམ་པར་སེམས་སུ་མངོན་པར་ཞེན་པར་མ་གྱུར་ན་ཞེས་བྱ་བར་དགོངས་སོ། །དེ་ལྟ་ན་ཡོན་ཏན་ཅི་ཡོད་ཅེ་ན། དེ་ལྟར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཉེ་བར་བསྡུ་བར་བྱ་བའི་ཕྱིར་ཇི་ལྟར་སེམས་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཡོངས་སུ་སྔོ་བར་བྱེད་པའི་སེམས་དེ་ནི་འདི་ཡིན་ནོ་ཞེས་མངོན་པར་ཞེན་པས་དེ་ཁོ་ན་ཉིད་དུ་ཇི་ལྟར་སེམས་དེ་མི་ཤེས་ཏེ་མི་རྟོགས་པ་དེ་

ལྟར་གལ་ཏེ་ཡོངས་སུ་སྔོ་བར་བྱེད་ན་དེའི་ཚེ་དེ་ལྟར་ཡང་དག་པར་མི་དམིགས་པའི་རྒྱུ་ལ་ཞུགས་པ་ཡིན་པའི་ཕྱིར་འདུ་ཤེས་ཕྱིན་ཅི་ལོག་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་དུ་གལ་ཏེ་རྣམ་པར་རྟོག་པའི་ཡུལ་མེད་པ་དེ་ལ་ཡུལ་དང་ལྡན་པར་གཟུང་ན་དེའི་ཚེ་འཁྲུལ་པར་འགྱུར་བ་

ཞིག་ན། གང་གི་ཕྱིར་འདིས་སྒྱུ་མ་མཁན་དང་འདྲ་བར་ཤེས་པའི་ཡུལ་མེད་པ་དེ་ལ་ཡུལ་མེད་པ་ཉིད་རྟོགས་ནས་རྣམ་པར་རྟོག་པས་ཡོངས་སུ་བསྔོས་པ་ཡིན་ན་རང་གི་ངོ་བོ་ཡོངས་སུ་ཤེས་པ་ཡིན་པའི་ཕྱིར་འཁྲུལ་པར་ཇི་ལྟར་འགྱུར་ཞེས་བརྗོད་པ་ཡིན་ནོ། །ཤུགས་ཀྱིས་བརྗོད་པའི་

เล่ม ๘๕ · หน้า 146a

དོན་གསལ་བར་བྱེད་པ་ནི། གལ་ཏེ་སེམས་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཇི་ལྟར་སྒྱུ་མ་མཁན་གཞན་འགའ་ཞིག །སྤྲུལ་པའི་རྟ་སོགས་སྤྱོད་ཡུལ་ཅན། །སེམས་ལ་ཡུལ་མེད་པར་ཤེས་པ། །དེས་ན་འཁྲུལ་པ་སྐྱེ་མི་འགྱུར། །ཞེས་བྱ་

བའི་ཚུལ་གྱིས་ཡོངས་སུ་བསྔོ་བའི་སེམས་ལ་སོགས་པ་ཡང་སྒྱུ་མའི་སྐྱེས་བུ་ལྟར་འཇུག་པས་ཕྱིན་ཅི་ལོག་པར་མི་འགྱུར་བས་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སེམས་གང་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བར་བྱ་བའོ། །འདི་ལྟར་ཤེས་ཤིང་ཞེས་བྱ་བ་ནི་སྦྱོར་བ་

དང་མཇུག་གི་གནས་སྐབས་སུ་འཆད་པར་འགྱུར་བའི་ཟད་པ་ཉིད་ལ་སོགས་པ་རྟོགས་པའོ། །འདི་ལྟར་སེམས་ཏེ་ཞེས་བྱ་བ་ནི་དངོས་གཞིའི་གནས་སྐབས་སུའོ། །སེམས་དེའི་ཆོས་ཉིད་ཀྱང་དེ་ཡིན་ཞེས་བྱ་བ་ནི། ཡོངས་སུ་སྔོ་བར་བྱེད་པའི་སེམས་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཟད་

པ་ཉིད་ལ་སོགས་པའི་ཆོས་ཉིད་ཡིན་ནོ། །ཆོས་གང་དག་གི་ཞེས་བྱ་བ་ནི་དངོས་པོ་ལ་སོགས་པ་རྣམས་ཀྱིས་སོ། །ཆོས་གང་དག་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པར་རོ། །དོན་འདི་ཉིད་མ་འོངས་པ་ལ་སོགས་པ་འགྲེས་གསུམ་གྱི་དབྱེ་བས་བསྟན་པར་བྱ་བའི་ཕྱིར་

འདས་པ་རྣམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་དེ་ནི་མི་ཟད་པའོ་ཞེས་བྱ་བ་ནི། །ཆོས་ཉིད་ཀྱི་རང་བཞིན་གྱིས་ཟད་པ་མེད་པས་ན་མི་ཟད་པ་སྟེ་སངས་རྒྱས་པ་ཉིད་དོ། །ཆོས་ཀྱིས་ནི་ཆོས་ཡོངས་སུ་མི་བསྔོའོ་ཞེས་བྱ་བ་ནི། ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པའི་

ཆོས་ཀྱིས་བསོད་ནམས་བྱ་བའི་དངོས་པོའི་ཆོས་སོ། །ཡོངས་སུ་བསྔོ་བར་བྱའོ་ཞེས་སྒྲའི་རྣམ་པས་ཡོངས་སུ་བསྔོས་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་འཕངས་པ་ཡིན་ལ། དེ་ཡང་རང་བཞིན་གྱིས་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་པས་འཇུག་པའི་ཕྱིར་འཁྲུལ་པ་མ་ཡིན་ནམ། འདུ་ཤེས་

ཕྱིན་ཅི་ལོག་ལ་སོགས་པར་ཇི་ལྟར་མི་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟར་དེ་ནི་ཡོངས་སུ་བསྔོ་བ་དེ་ལ་མངོན་པར་ཞེན་པ་མེད་དོ་ཞེས་སྨོས་སོ། །འདི་སྐད་དུ་གང་གི་ཚེ་སྒྲོ་བཏགས་པ་དང་ཡང་དག་པ་ཉིད་ཀྱིས་རང་བཞིན་གྱི་དབྱེ་བ་མི་ཤེས་པ་དེའི་ཚེ་སྣང་བ་

เล่ม ๘๕ · หน้า 146b

དང་རྣམ་པར་བརྟག་པར་བྱ་བའི་དོན་དང་གཅིག་ཏུ་བྱས་ནས་གང་གི་སོ་སོར་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པ་ཡིན་པའི་ཕྱིར་འཁྲུལ་པར་འགྱུར་བ་ཞིག་ན། གང་གི་ཕྱིར་རྣམ་པར་རྟོག་པའི་ཡུལ་དུ་སྒྲོ་བཏགས་པ་རྣམས་ལ་ནི་སྒྲོ་བཏགས་པའི་བདག་ཉིད་ཅན་བརྫུན་པ་ཉིད་དུ་ངེས་ཤིང་ཀུན་རྫོབ་ཏུ་རང་གི་མཚན་ཉིད་

རྣམ་པར་མི་རྟོག་པའི་ཤེས་པའི་སྤྱོད་ཡུལ། སྒྱུ་མ་ལྟ་བུའི་བདག་ཉིད་ཅན་ལ་ཡང་སྒྱུ་མ་ལྟ་བུའི་བདག་ཉིད་ཅན་ཕྱིན་ཅི་མ་ལོག་པའི་རང་བཞིན་དུ་ཐ་དད་པར་མཐོང་བ་དང་། གང་གི་ཚེ་ཡོངས་སུ་བསྔོ་བ་ལ་མངོན་པར་མི་ཆགས་པ་དང་། བསྔོ་བར་བྱ་བའི་སེམས་སྔོ་བར་བྱེད་པའི་སེམས་ཀྱིས་མི་

ཤེས་སོ་ཞེས་ཀྱང་རྟོགས་པ་དང་། ཆོས་ཀྱིས་ནི་ཡོངས་སུ་མི་བསྔོའོ་སྙམ་དུ་ཡང་རྟོགས། དེའི་ཚེ་ཕྱིན་ཅི་མ་ལོག་ཅེས་བྱ་བར་ཇི་ལྟར་འགྱུར་ཞེས་བརྗོད་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་དོན་ཉིད་ལྡོག་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟོགས་

པ་མེད་པར་འཇུག་པ་མི་འབྱུང་བ་མ་ཡིན་ནམ། ཤེས་པ་ཉིད་ཇི་ལྟར་ཡོངས་སུ་བསྔོ་བ་མ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟར་བསྔོ་བ་དེ་ལ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན་ཉིད་དུ་ན་དངོས་པོའི་ངོ་བོ་ནི་ཚད་མ་དང་འགལ་བ་

ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷག་མའོ། །དབེན་པའི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པའི་དོན་བསྟན་པ་ནི་གལ་ཏེ་ཡང་དེ་འདི་སྙམ་དུ་བསོད་ནམས་མངོན་པར་འདུ་བྱེད་པ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསོད་ནམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ལ་བསོད་ནམས་ནི་མ་ཆགས་

པའི་དགེ་བའི་རྩ་བ་ལ་སོགས་པའོ། །དེའི་མངོན་པར་འདུ་བྱེད་པ་ནི་དེ་ཀུན་ནས་སློང་བར་བྱེད་པའི་སེམས་པའོ། །སྒྱུ་མ་དང་མཚུངས་པ་ཉིད་ཀྱིས་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བའི་རྒྱུ་ཉིད་ཡིན་པའི་ཕྱིར་ཞི་བའོ། །ཞི་བ་ཉིད་ལ་སོགས་པའི་རང་བཞིན་དུ་མངོན་པར་ཞེན་པ་ཡང་ཕྱིན་ཅི་ལོག་ཡིན་ནོ་

ཞེས་སྨྲས་པ་ནི། གལ་ཏེ་འདུ་བྱེད་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཞི་བའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་རང་བཞིན་དུ་ཡང་དག་པར་མི་ཤེས་པ་དེའི་ཚེ་ཡང་དག་པ་ཉིད་དུ་ཞུགས་པ་ཉིད་ཡིན་པའི་ཕྱིར་ན་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་

เล่ม ๘๕ · หน้า 147a

ཀྱི་དགེ་བའི་རྩ་བའི་རང་བཞིན་རྗེས་སུ་དྲན་པའི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་བསྟན་པའི་ཕྱིར་གང་ཡང་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་བསྔོ་བ་ཅི་འདྲ་བ་བཞིན་དུ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའོ། །དེ་ཡང་

ཞེས་བྱ་བ་ནི་ཡོངས་སུ་སྔོ་བར་བྱེད་པའི་སེམས་ཏེ་ཀུན་རྫོབ་ཏུ་མ་བརྟགས་ན་ཉམས་དགའ་བར་རང་གི་རྒྱུ་སྔ་མ་ལ་བརྟེན་ནས་དགེ་བའི་རྩ་བ་ཉིད་སྐྱེས་པས་ན་དེའི་རིགས་ཅན་ནོ། །རང་དང་སྤྱིའི་མཚན་ཉིད་ཀྱི་ཚུལ་གྱིས་གོ་རིམས་བཞིན་དུ་དོན་བྱ་བ་དག་ལ་ནུས་པ་དང་མི་ནུས་པ་ཉིད་ཀྱིས་ན་དེའི་མཚན་ཉིད་

ཅན་དང་དེའི་རིགས་སུ་གཏོགས་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ན་དེའི་རང་བཞིན་ནོ། །གལ་ཏེ་དེ་ལྟར་ཤེས་ན་ཞེས་བྱ་བ་ནི་མཚན་མ་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། །བྱ་བ་རྣམས་ནི་བློ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ཞེས་པ་ཉིད་ན་ཇི་ལྟར་ཡོངས་སུ་བསྔོ་བ་མ་ཡིན་སྙམ་པའི་དོགས་

པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཚན་མའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པའོ། །དགག་པར་བྱ་བ་མེད་ན་དགག་པ་མི་འཐད་པས་སྟོང་པ་ཉིད་ལ་སོགས་པ་དེ་ལ་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བར་དགོངས་

སོ། །རྣམ་པ་གཞན་དག་ཀྱང་སྨྲས་པ་དེ་ནི་གང་འདས་པ་དེ་ནི་ཞེས་བྱ་བ་ལ་སོགས་པའོ། །མ་ཐོབ་པ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ཉིད་དུ་མ་ཆུད་པའོ། །གནས་པར་མི་དམིགས་ཞེས་བྱ་བ་ནི། ངོ་བོ་ཉིད་དང་བྲལ་བས་གནས་པར་མི་འཐད་པའི་ཕྱིར་རོ། །མཚན་མ་ཡང་མ་ཡིན་ཞེས་བྱ་བ་ནི། ལྷན་

ཅིག་བྱེད་པའི་རྒྱུད་ཀྱིས་མཚན་མ་མ་ཡིན་ལ། ཉེ་བར་ལེན་པའི་རྒྱུ་ཉིད་ཀྱིས་ཡུལ་མ་ཡིན་ནོ། །གལ་ཏེ་དེ་ལྟར་མཚན་མར་འཛིན་ཞིང་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་ཚུལ་གྱིས་དམིགས་པའི་ཕྱིར་རོ། །མི་སེམས་ན་ཞེས་བྱ་བ་ནི་དེ་ཁོ་ན་བཞིན་དུ་དགག་པ་ལ་མངོན་པར་ཞེན་པར་དངོས་པོའི་

དེ་ཁོ་ན་ཉིད་ཡོངས་སུ་མི་རྟོག་པའི་ཕྱིར་རོ། །དེས་ཕྱིན་ཅི་ལོག་པ་ཡིན་པའི་ཕྱིར་ཡོངས་སུ་བསྔོས་པ་ཡིན་ནོ། །མཚན་མར་མི་བྱེད་པས་ཡོངས་སུ་བསྔོ་བ་ཡིན་ན་འོ་ན་ནི་ཤིང་ལ་སོགས་པ་ཡང་ཡིན་པར་འགྱུར་རོ་ཞེས་དོགས་པ་བསུ་ནས། དེ་སྟེ་དྲན་པ་དང་བྲལ་བས་ཞེས་སྨོས་སོ། །དྲན་པ་

เล่ม ๘๕ · หน้า 147b

མེད་པས་ཤིང་ལ་སོགས་པའི་དངོས་པོ་སྟོང་པ་ཉིད་ལ་སོགས་པ་ལ་མཚན་མར་མི་བྱེད་པ་དེ་ལྟར་ན་ཡང་དངོས་པོའི་དེ་ཁོ་ན་ཉིད་ཡོངས་སུ་མ་ཤེས་པ་ཡིན་པའི་ཕྱིར་མི་སེམས་པ་ཡིན་ནོ། །དེ་བཞིན་དུ་དྲན་པ་དང་བྲལ་བའམ་ཁོང་དུ་མ་ཆུད་པས་ལྷ་སྦྱིན་ལ་སོགས་པ་ཅི་ཡང་ཡིད་ལ་མི་བྱེད་པ་དེ་ལྟ་ན་

ཡང་སྔ་མ་བཞིན་མི་སེམས་པ་ཡིན་ཏེ། དེས་ན་དེ་བཞིན་དུ་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཡོངས་སུ་བསྔོས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །གལ་ཏེ་མཚན་མར་བྱེད་པ་དང་མཚན་མར་མི་བྱེད་པས་ཡོངས་སུ་བསྔོ་བ་མ་ཡིན་ན་དེའི་ཚེ་འོ་ན་ཇི་ལྟར་བྱ་ཞེ་ན། དེ་སྟེ་མཚན་མ་དེ་ལ་ཞེས་བྱ་བ་

ལ་སོགས་པ་གསུངས་སོ། །འདི་སྐད་དུ་མིག་བཙུམས་པའམ་དམུས་ལོང་ལ་སོགས་པ་དང་འདྲ་བར་རྐྱེན་མ་ཚང་བས་ཡིད་ལ་མི་བྱེད་པ་ཙམ་གྱིས་དངོས་པོ་ལ་སོགས་པའི་ཕྱིན་ཅི་ལོག་གི་བག་ཆགས་སྤོང་བར་མི་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལངས་

པ་དང་འདྲ་བར། རྣལ་འབྱོར་པ་ལ་སླར་ཡང་དངོས་པོ་ལ་མངོན་པར་ཞེན་པའི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་སྐྱེ་བའི་ཕྱིར་རོ། །ཕྱིན་ཅི་ལོག་སྤངས་པ་མེད་པར་ཡང་སྔོན་ཉེ་བར་དམིགས་པའི་གཟུགས་ལ་སོགས་པ་ལ་ཡང་ཤིན་ཏུ་གསལ་བར་ཉམས་སུ་མྱོང་

བས་བསྐྱེད་པའི་ཡིད་ལ་བྱེད་པ་སྤོང་བར་བྱེད་ནུས་པ་ཡང་མ་ཡིན་ཏེ། མེ་ཡོངས་སུ་མ་སྤངས་པར་ཚ་བ་ཡོངས་སུ་མི་སྤོང་བ་བཞིན་ནོ། །འདི་ལྟར་གཟུགས་ལ་སོགས་པའི་ལོག་པར་རྟོགས་པ་འདི་དག་ཚེར་མ་ལ་སོགས་པ་བཏོན་པ་དང་འདྲ་བར་སེམས་ལས་བསལ་བར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་

དངོས་པོ་ལ་སོགས་པ་ལ་ཡོད་པ་ཉིད་ལ་སོགས་པར་ཕྱིན་ཅི་ལོག་པའི་ས་བོན་དང་བྲལ་བས་ཡིན་ནོ། །དེའི་ཕྱིར་དེ་མ་ལོག་པར་དེ་མི་སྤོང་བས་སྐྱེས་བུའི་རབ་རིབ་ཀྱི་སྐྱོན་དང་འདྲ་བར་བརྫུན་པའི་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་རབ་ཏུ་འཇུག་པ་སུ་ཞིག་གིས་བཟློག་པར་ནུས། ཕྱིན་ཅི་ལོག་གི་ས་བོན་དེ་

ཡང་རྣལ་འབྱོར་པའི་ཤེས་རབ་ཀྱི་མིག་གིས་བརྟགས་ན་ཆོས་ཐམས་ཅད་ཡང་དག་པའི་ཤེས་པའི་སྣང་བས་མཐོང་བའི་ཕྱིར་མི་འབྱུང་ངོ་། །དེ་ལྟར་གྱུར་ན་ས་ལས་རྩ་བ་དྲུངས་ནས་ཕྱུང་བའི་ཤིང་བཞིན་དུ་ས་བོན་མེད་པ་ཉིད་ཀྱིས་རྣམ་པར་རྟོག་པ་ངན་པ་སེམས་ལ་དེ་ཁོ་ན་ཉིད་ཕྱིས་འབྱུང་བར་མི་འགྱུར་

เล่ม ๘๕ · หน้า 148a

རོ། །དེ་ལྟ་ན་ཡང་མཚན་མ་ལ་སྟེ། དེ་བཞིན་གཤེགས་པའི་དགེ་བའི་ཚོགས་དང་ཡོངས་སུ་སྔོ་བར་བྱེད་པའི་སེམས་ལ་སྒྱུ་མ་ལྟ་བུར་སེམས་ཤིང་ཁོ་ན་ཉིད་དུ་དེའི་རང་བཞིན་དུ་མངོན་པར་ཞེན་པ་མེད་པས་མཚན་མར་བྱེད་དོ་ཞེས་བརྗོད་པ་ཡིན་ནོ། །ཐབས་ལ་མཁས་པའི་

ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པའི་བསྟན་པར་བྱ་བའི་ཕྱིར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐབས་ལ་མཁས་པ་ཞེས་བྱ་བ་སྦྱིན་པ་ལ་སོགས་པ་རྗེས་སུ་སྒྲུབ་ཀྱང་མི་དམིགས་པའོ། །ཐ་དད་པའི་ཕྱིར་ཐབས་ལ་མཁས་པ་ལ་སློབ་པ་རྒྱལ་

བའི་ཡུམ་མཉན་པ་ལ་སོགས་པ་དང་འབྲེལ་པ་ཅི་ཞིག་ཡོད་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྦྱིན་པ་ལ་སོགས་པ་མི་དམིགས་པའི་

ཡོངས་སུ་བསྔོ་བར་བྱ་བ་གང་ཡིན་པ་དེ་ཉིད་ཐབས་ལ་མཁས་པ་ལ་སློབ་པ་དེའི་ཕྱིར་རྒྱལ་བའི་ཡུམ་མཉན་པ་ལ་སོགས་པ་མེད་པར་མི་འབྱུང་ངོ་ཞེས་བརྗོད་པར་བྱའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་དེ་ལ་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དེ་སྐད་མ་ཟེར་ཅིག་ཅེས་བརྗོད་

པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དེ་སྐད་ཅེས་སྨྲ་བར་འོས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་པའི་ཕྱིར་ཡོངས་སུ་བསྔོ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་པ་ཅི་ཞིག་ཡོད་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། བདག་དེ་དག་ཀྱང་འགགས་ལ་ཞེས་

བྱ་བ་ལ་སོགས་པ་སྨོས་སོ། །སྔོན་གྱི་དགེ་བའི་རྩ་བ་སོགས་པར་བྱེད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་དེའི་བག་ཆགས་རྣམས་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་ཡིན་པས། བདག་གི་དངོས་པོ་དེ་དག་གི་དངོས་པོ་འགགས་པ་དང་འདུ་བྱེད་དེ་དག་འགགས་པས་ཏེ་ཞེས་བྱ་

བའི་ཚིག་གཉིས་སྨོས་པ་ཡིན་ནོ། །དེ་ཉིད་སྦྱོར་བ་དངོས་གཞི་དང་མཇུག་གི་གནས་སྐབས་སུ་དམིགས་སུ་མེད་པས་གོ་རིམས་བཞིན་དུ་ཞི་བ་དབེན་པ་དམིགས་པ་དང་བྲལ་བ་ཡིན་ནོ་ཞེས་སྦྱར་རོ། །ཡང་ན་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་དང་གཞན་གྱི་རྣམ་པ་ཅན་གྱི་ཤེས་པས་གཟུང་བར་མི་

เล่ม ๘๕ · หน้า 148b

ནུས་པའི་ཕྱིར་གྲངས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །བསམ་པ་ནི་གང་གི་ཕྱིར་བསྔོ་བར་བྱ་བའི་ཆོས་རྣམས་ནི་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་ཡིན་པའི་ཕྱིར་ཡོངས་སུ་སྔོ་བར་བྱེད་པའི་ཤེས་པའི་ལམ་ལས་འདས་པ་ཉིད་ཡིན་པས་ཡོངས་སུ་བསྔོ་བར་མི་འཐད་པ་དེའི་ཕྱིར་རྣམ་པར་རྟོག་པས་ལྷག་

པར་སྒྲོ་བཏགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ཆོས་རྣམས་སྒྱུ་མ་ལྟ་བུར་ལྷག་པར་མོས་པའི་ཕྱིར་ན་ཡང་དག་པའི་ཐབས་ལ་མཁས་པས་ཕྱིན་ཅི་ལོག་པར་ཡོངས་སུ་བསྔོ་བར་བྱ་བར་ནུས་སོ་ཞེས་བྱ་བ་འདི་ཡིན་ནོ། །མཚན་མ་མེད་པའི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་བསྟན་པའི་

ཕྱིར། འོན་ཀྱང་གང་ཟག་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རང་བཞིན་དང་བྲལ་བའི་དེ་ཁོ་ན་ཉིད་ཡང་དག་པ་ཇི་ལྟ་བ་ཉིད་ལ། སྟོང་པ་ཉིད་ལ་སོགས་པའི་རང་བཞིན་འགའ་ཞིག་ཏུ་འཛིན་པའི་ཕྱིར་མཚན་མར་བྱས་ཤིང་། ཡང་དང་ཡང་དུ་ཡིད་

ལ་བྱེད་པ་རྣམ་པར་བརྟགས་ནས་ཕྱིས་རྣམ་པར་རྟོག་པ་དོན་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་དོན་དུ་ཞེན་པས་ཡང་དག་པ་ཇི་ལྟ་བར་འདུ་ཤེས་ཤིང་དོན་དམ་པར་འདུ་ཤེས་པར་གྱུར་པས། རྣམ་པར་རྟོག་པའི་སྣང་བ་དོན་མེད་བཞིན་དུ་དམིགས་པ་ལ། མི་དམིགས་པར་འཚང་རྒྱ་བ་

ཉིད་དུ་ཡོངས་སུ་སྔོ་བར་བྱེད་དེ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །དོན་དུ་དམིགས་པ་མེད་པའི་ཕྱིར་ཇི་ལྟར་དེ་ལྟར་ཡོངས་སུ་བསྔོ་བ་མི་གནང་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་

གང་གི་ཕྱིར་གང་ཟག་དེ་ནི་སྟོང་པ་ཉིད་ལ་སོགས་པའི་རྣམ་པས་ཡོངས་སུ་མྱ་ངན་ལས་འདས་པ་བླ་ན་མེད་པའི་བྱང་ཆུབ་ལ་མཚན་མར་བྱེད་ཅིང་རྣམ་པར་རྟོག་པར་བྱེད་པ་དང་། གང་གི་རྣམ་པར་རྟོག་པ་སྣང་བའི་རྣམ་པས་དེ་བཞིན་དུ་ཉེ་བར་དམིགས་པ་དེ་བས་ན་སྒྲོ་བཏགས་པའི་དོན་གྱི་རང་བཞིན་འཛིན་པའི་

ཕྱིར་གསོར་མི་རུང་བ་ཉིད་དེའི་དམིགས་པ་ཆེན་པོ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཉེ་བར་དམིགས་པ་ནི་ཡིད་དང་བ་ལ་སོགས་པར་བྱེད་པའི་ཕྱིར་དེའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་དོན་ཆེན་པོ་བྱེད་པ་མ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཡོངས་སུ་བསྔོ་བ་

เล่ม ๘๕ · หน้า 149a

དེ་ནི་དུག་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མངོན་པར་འདོད་པའི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོག་པ་ལས་ཉམས་པའི་རྒྱུར་གྱུར་པའི་ཕྱིར་དུག་དང་བཅས་པའོ། །འཁོར་བའི་སྡུག་བསྔལ་གདོན་པར་དཀའ་བ་ཐམས་ཅད་ཀྱི་རྒྱུ་ཉིད་ཡིན་པས་ན་ཟུག་རྔུ་དང་

བཅས་པ་སྟེ། ལས་དང་པོ་པ་རྣམས་ཀྱི་ཡིད་དང་བ་ལ་སོགས་པར་བྱེད་པ་ཡིན་ཡང་ཚད་མ་དང་འགལ་བའི་ཕྱིར་ན་ཞེས་བྱ་བ་ནི་ལྷག་མའོ། །འདི་དག་གསལ་བར་བྱ་བའི་ཕྱིར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དུག་གི་ཉེས་པའི་ཚུལ་ཡོངས་སུ་ཤེས་པ་ཉིད་

ཡིན་པའི་ཕྱིར་མཁས་པའོ། །དུག་གི་རང་གི་ངོ་བོ་མི་ཤེས་པས་ན་བྱིས་པའོ། །དུག་གི་རང་གི་ངོ་བོ་ཤེས་ན་ཡང་འཆི་བར་ནུས་པ་ཉིད་དུ་ངེས་པར་མི་འཛིན་པས་ན་ཤེས་རབ་འཆལ་བའོ། །བདེ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་ན་བདེ་བ་ཐོབ་པར་བྱེད་པའོ། །ཐ་མར་སྡུག་བསྔལ་གྱི་

འབྲས་བུ་ཅན་ཡིན་པས་སྡུག་བསྔལ་བར་སྨིན་པར་འགྱུར་བའོ། །ཁ་ཅིག་ཅེས་བྱ་བ་ནི་དམིགས་པའི་འདུ་ཤེས་ཅན་ནོ། །ལོག་པར་ཟིན་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་གོ་རིམས་བཞིན་དུ་ཐོས་པ་དང་བསམ་པ་དང་། སྒོམ་པའི་གནས་སྐབས་སུ་ལོག་པར་འཛིན་པའི་ཕྱིར་

རོ། །ལེགས་པར་སྨྲས་པའི་དོན་མ་ཤེས་ཤིང་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་དོན་ནི་ཕྱིན་ཅི་ལོག་ཐམས་ཅད་ལྡོག་པའི་དོགས་པ་ཅན་དུ་མ་རྟོགས་པའི་ཕྱིར་རོ། །དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པ་དག་ཅེས་བྱ་བ་ནི་དངོས་པོའི་རང་གི་ངོ་བོ་སྒྱུ་མ་ལྟ་བུ་ཡིན་པར་ངེས་པར་འཛིན་པའི་

ནུས་པ་དང་བྲལ་བའི་ཕྱིར་རོ། །ལས་དང་པོ་པ་རྣམས་ཀྱི་ཡིད་དང་བར་བྱེད་པའི་ཕྱིར་ན་གང་གིས་དེའི་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་བར་འགྱུར་བ། དམིགས་པ་སྐྱོན་དང་བཅས་པ་ཇི་ལྟར་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དམིགས་པ་ནི་དུག་དང་

བཅས་པའོ་ཞེས་བྱ་བ་གསུངས་ཏེ་ཚད་མ་དང་འགལ་བའི་ཕྱིར་ཞེས་བྱ་བར་འདོད་དོ། །དེ་ལྟར་བསླབ་པར་མི་བྱའོ་ཞེས་བྱ་བ་ནི་དམིགས་པའི་ཚུལ་གྱིས་བསླབ་པར་མི་བྱའོ། །སངས་རྒྱས་ཀྱིས་རྗེས་སུ་སྣང་བའི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པའི་བྱེད་པ་བསྟན་པར་བྱ་བའི་ཕྱིར།

เล่ม ๘๕ · หน้า 149b

ཡང་དེས་ཇི་ལྟར་བསླབ་པར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐུར་པ་མི་གདབ་པར་འདོད་པས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་བསྟན་པའི་དོན་ཉམས་སུ་བླངས་པས་འབྲས་བུ་ཐོབ་པར་མཐོང་བའི་ཕྱིར་སྤོང་བར་བྱེད་པར་མི་འདོད་པས་སོ། །སངས་རྒྱས་ཀྱི་ཡེ་ཤེས་

ཞེས་བྱ་བ་ནི་ཤེས་རབ་ཀྱི་སྤྱན་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའི་ཡུལ་ཅན་གྱིས་མཁྱེན་ཅིང་། སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཡུལ་ཅན་གྱིས་གཟིགས་པ་ཞེས་བྱ་བར་སྦྱར་རོ། །ཆོས་ཉིད་གང་གིས་ཞེས་བྱ་བ་

ནི་སྒྱུ་མ་ལྟ་བུ་ཉིད་ཀྱིས་སོ། །རྗེས་སུ་སྣང་བ་ཞེས་བྱ་བ་ནི་ཇི་ལྟར་ལམ་ཐམས་ཅད་མི་དམིགས་པར་དམིགས་པའི་ཡིད་ལ་བྱེད་པས་ཡོངས་སུ་བསྔོ་བ་ཉིད་ཀྱིས་གནང་བའོ། །གནོད་པར་མི་འགྱུར་ཞེས་བྱ་བ་ནི་སྐྱོན་མེད་པ་ཉིད་ཀྱིས་ཉེས་པ་མ་བྱས་པའོ། །ཉེ་བར་དམིགས་པའི་ཡུལ་

དང་བྲལ་བའི་ཕྱིར་དུག་མེད་པའི་ཡོངས་སུ་བསྔོ་བའོ། །གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་ཐོབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་ཡོངས་སུ་བསྔོ་བ་ཆེན་པོ་ཡིན་ནོ། །ཆོས་ཀྱི་དབྱིངས་སུ་བསྔོ་བ་ཡིན་ནོ་ཞེས་བྱའོ། །སྦྱོར་བ་དང་མཇུག་གི་གནས་སྐབས་སུ་ཡོངས་སུ་རྒྱས་པའི་ཕྱིར་ཡོངས་

སུ་རྫོགས་པའོ། །དངོས་གཞིའི་གནས་སྐབས་སུ་ཡང་དག་པར་རབ་ཏུ་འཇུག་པ་ཉིད་ཡིན་པའི་ཕྱིར་ཤིན་ཏུ་ཡོངས་སུ་རྫོགས་པ་ཡིན་ནོ། །ཁམས་གསུམ་པར་མ་གཏོགས་པའི་བསྔོ་བ་ཡིད་ལ་བྱེད་པ་བསྟན་པའི་ཕྱིར། གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །མི་རྟོགས་པ་ཞེས་བྱ་བ་ནི། འདོད་པ་ལ་སོགས་པ་ཁམས་གསུམ་ནི་དམིགས་སུ་མེད་པ་ཡིན་པའི་ཕྱིར་མི་གནས་པའོ། །དེ་ལ་འདོད་པའི་ཁམས་ནི་ལྷའི་རིས་དྲུག་དང་། གླིང་བཞི་པའི་མི་དང་། ཡི་དགས་དང་། བྱོལ་སོང་དང་། དམྱལ་བའི་དབྱེ་བས་ཉི་ཤུའོ། །གཟུགས་ཀྱི་

ཁམས་ནི་སྟེང་གི་གནས་བཅུ་བདུན་ཏེ། བསམ་གཏན་གསུམ་རེ་རེ་ཞིང་གསུམ་དང་བསམ་གཏན་བཞི་པའི་ས་བརྒྱད་དོ། །གཟུགས་མེད་པའི་ཁམས་ནི་གནས་མེད་དེ་སྐྱེ་བས་རྣམ་པ་བཞིའོ། །ཡང་ན་བསམ་གཏན་གྱི་གོང་ན་དབྱིབས་དང་བཅས་པའི་གཟུགས་མེད་པའི་བསམ་པ་ནི་དྲུག་ཡིན་ནོ་

เล่ม ๘๕ · หน้า 150a

ཞེས་འདོད་དོ། །འདས་པ་ལ་སོགས་པའི་དུས་གསུམ་དུ་མི་གནས་པ་ཉིད་ཀྱིས་ན་འདས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པ་ལ་སོགས་པའི་ཁམས་རྣམས་དང་འདས་པ་ལ་སོགས་པའི་དུས་སུ་གནས་པའི་སེམས་ཀྱི་སྐད་ཅིག་མ་ཡོངས་

སུ་སྔོ་བར་བྱེད་པའི་ཕྱིར་ཇི་ལྟར་དེ་ལ་མི་གནས་སྙམ་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། དུས་གསུམ་དང་ཁམས་གསུམ་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་དུས་གསུམ་དང་ཁམས་གསུམ་ནི་ཁོ་ན་ཉིད་དུ་མ་སྐྱེས་པ་ཡིན་པའི་ཕྱིར་མ་གཏོགས་པ་ཉིད་ཡིན་

པས་ཇི་ལྟར་དེ་ལ་གནས་ནས་ཡོངས་སུ་བསྔོ་བར་བྱ། ཆོས་གང་དུ་ཞེས་བྱ་བ་ནི་འཚང་རྒྱ་བ་ཉིད་ལའོ། །ཡོངས་སུ་བསྔོ་བ་ནི་ཆུད་མ་ཟོས་པ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དང་འདྲ་བར་ཟད་པ་མེད་པའི་ཕྱིར་རོ། །མ་གཏོགས་པའོ་ཞེས་མངོན་པར་ཞེན་པ་ནི་འཆིང་བ་ཡིན་པས་དེ་ལ་སྟེ་

ཡོངས་སུ་བསྔོ་བ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉེ་བར་བསྡུ་བར་བྱ་བའི་ཕྱིར་དེ་ལ་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདྲི་བའི་སྒོ་ནས་ཡང་དག་པར་སྟོན་པར་བྱེད་པ་ཡིན་པའི་ཕྱིར་འཕགས་པ་རབ་འབྱོར་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་པ་ཡིན་ཏེ། གཞན་དུ་ན་འཕགས་

པ་བྱམས་པས་བསྟན་པ་ཡིན་པའི་ཕྱིར་གཞན་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་ལེགས་པར་ཇི་ལྟར་འགྱུར། ཆོས་ཕྱིན་ཅི་མ་ལོག་པར་བསྟན་པ་མེད་པ་མ་ཡིན་ནམ། ཇི་ལྟར་སྟོན་པའི་བྱ་བ་བྱས་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཡོངས་སུ་བསྔོ་

བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་གང་གི་ཕྱིར་ཡོངས་སུ་བསྔོ་བ་འདི་དག་ཐམས་ཅད་སྒྱུ་མ་དང་འདྲ་བས་ཆོས་ཀྱི་དབྱིངས་སུ་བསྔོ་བ་ཡིན་པས་དེ་བས་ན་ཕྱིན་ཅི་ལོག་པར་སྟོན་པས་སངས་རྒྱས་ཀྱི་བྱ་བ་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་བས་ན་དེའི་འོག་ཏུ་བསོད་ནམས་

ཆེན་པོ་འབྱུང་བ་ཞེས་བྱ་བའི་བསྔོ་བ་ཡིད་ལ་བྱེད་པར་བྱ་སྟེ། དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་གསུམ་ཡོད་པ་ལས། ཆུང་ངུའི་དབང་དུ་མཛད་ནས་ཆོས་ཉིད་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞེས་བྱ་བ་ནས་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཀྱང་ཞེས་བྱ་

เล่ม ๘๕ · หน้า 150b

བའི་བར་དུ་གསུངས་པ་ཡིན་ནོ། །འདི་སྐད་དུ་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྟེན་པ་ནས་བརྩམས་ཏེ། མངོན་པར་ཤེས་པ་ལྔ་རྣམས་ཀྱི་བསོད་ནམས་མངོན་པར་འདུ་བྱེད་པ་ཆུང་ངུར་གྱུར་པ་བས་མི་དམིགས་པའི་ཡིད་ལ་བྱེད་པས་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བའི་ཡོངས་སུ་བསྔོ་

བ་བསོད་ནམས་ལྷག་པ་ཉིད་ཡིན་པའི་ཕྱིར་ཆུང་ངུའི་ཁྱད་པར་གྱིས་ཕྱེ་བའི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་ཆུང་ངུ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འབྲིང་བསྟན་པར་བྱ་བའི་ཕྱིར་ཡང་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་ནས་རང་

སངས་རྒྱས་སུ་གྱུར་ཀྱང་ཞེས་བྱ་བའི་བར་དུ་གསུངས་པ་ཡང་ཡིན་ནོ། །འདི་སྐད་དུ་འབྲས་བུ་དང་པོ་ལ་གནས་པ་ནས་བརྩམས་ཏེ་རང་སངས་རྒྱས་ཀྱི་བར་དུ་བསོད་ནམས་མངོན་པར་འདུ་བྱེད་པ་འབྲིང་དུ་འགྱུར་བས་ནི་དེ་མི་དམིགས་པའི་དམིགས་པ་ཡིད་ལ་བྱེད་པས་རྗེས་སུ་ཡི་རང་བ་

སྔོན་དུ་འགྲོ་བའི་ཡོངས་སུ་བསྔོ་བ་བསོད་ནམས་ཆེན་པོ་ཡིན་པའི་ཕྱིར་འབྲིང་གི་ཁྱད་པར་གྱི་དབྱེ་བ་བསོད་ནམས་ཆེན་པོ་འབྱུང་བའི་ཡིད་ལ་བྱེད་པ་འབྲིང་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཆེན་པོ་བསྟན་པའི་ཕྱིར་རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་ཞེས་བྱ་བ་ནས་

བརྩམས་ཏེ། སྦྱིན་པ་དེ་ཡང་དམིགས་པའི་འདུ་ཤེས་ཀྱིས་བྱིན་ལ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་རྣམས་ཀྱིས་

དམིགས་པ་དང་བཅས་པས་དེ་སྙེད་དམ་དེ་བས་ལྷག་པའི་གོས་པ་དང་བསོད་སྙོམས་ལ་སོགས་པ་ཐམས་ཅད་ཀྱིས་བསྐལ་པ་དེ་སྙེད་ཅིག་ཏུ་བསྙེན་བསྐུར་བྱས་པའི་བསོད་ནམས་ཆེན་པོར་གྱུར་པ་བས་དེ་མི་དམིགས་པའི་ཡིད་ལ་བྱེད་པས་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བ་ནི་བསོད་ནམས་ཆེས་

ལྷག་པ་ཡིན་པའི་ཕྱིར་ཆེན་པོའི་ཁྱད་པར་གྱི་བྱེ་བྲག་གིས་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ནོ། །ཡན་ལག་གི་དོན་ཡང་བརྗོད་པར་བྱ་སྟེ། ཞུགས་པའི་ཞེས་བྱ་བ་ནི་སྨོན་པ་དང་། འཇུག་པའི་སེམས་དག་གིས་

เล่ม ๘๕ · หน้า 151a

ཞུགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དམིགས་པའི་འདུ་ཤེས་ཀྱིས་བྱིན་ལ། རྣམ་གྲངས་དེས་ན་ཞེས་འོག་ནས་འཆད་པ་དང་སྦྱར་རོ། །དེ་ཉིད་བསྟན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་

སོ། །གཞན་ཡང་གཞན་དག་ཁོ་ན་ན་ཞེས་བྱ་བ་ནི་དེ་ནི་མ་ཡིན་པ་གཞན་དག་ནའོ། །རིམ་གྲོ་བྱས་ཏེ་ཞེས་བྱ་བ་ནི་ཅིག་ཅར་བསྙེན་བཀུར་བྱེད་པའོ། །བདེ་བར་སྦྱར་བ་ཐམས་ཅད་ཅེས་བྱ་བ་ནི་ཁྲུས་དང་དྲིལ་ཕྱིས་ལ་སོགས་པ་རྣམས་ཀྱིས་སོ། །བདེ་བ་ལ་སོགས་པར་གནས་པ་ཐམས་ཅད་

ཀྱིས་ཞེས་བྱ་བ་ནི་འཆག་པ་ལ་སོགས་པའི་གནས་པས་ཇི་ལྟར་འདོད་པར་ཉེ་བར་གནས་ཤིང་ཞེས་ཕྱི་མ་དང་སྦྱར་རོ། །རྣམ་གྲངས་དེས་ན་ཞེས་བྱ་བ་ནི། སེམས་ཅན་དེ་དག་ཐམས་ཅད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པར་གྱུར་ལ། ཇི་སྐད་བཤད་པའི་འཇིག་རྟེན་གྱི་ཁམས་

གཞན་དང་གཞན་གནས་པའི་སེམས་ཅན་ཐམས་ཅད་ལ་རྣམ་གྲངས་འདིས་སེམས་ཅན་རེ་རེའི་དོན་བྱེད་པ་རིམ་གྱིས་བསྙེན་བཀུར་བྱེད་ལ་སྦྱིན་པ་དེ་དག་ཡང་དམིགས་པའི་ཚུལ་འདུ་ཤེས་ཀྱིས་བྱིན་ན་ཞེས་བྱ་བའི་བར་དུའོ། །སེམས་ཅན་དེ་དག་གྲངས་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་

ལ། ཇི་སྐད་བཤད་པའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་གཞན་དེ་དག་ཐམས་ཅད་ལས་རེ་རེས་ཡོངས་སུ་བརྟགས་ཏེ་ཞེས་བྱ་བ་བྱས་ནས་ཡང་བྱང་ཆུབ་སེམས་དཔའ་དེ་རྣམ་པ་ཐམས་ཅད་ཉིད་ལ་བྱང་ཆུབ་སེམས་དཔའ་རེ་རེས་བསྐལ་པ་དེ་སྙེད་དུ་རིམ་གྲོར་བྱས་པ་ཞེས་བྱ་

བ་ནི་ངག་གི་དོན་ཏོ། །འགྲེས་སྔ་མ་ལས་འདིའི་ཁྱད་པར་ནི་རིམ་གྱིས་ཞེས་བྱ་བ་ཡིན་པར་དགོངས་སོ། །རྣམ་གྲངས་འདིས་སྦྱིན་པ་བྱིན་ཞིང་ཞེས་བྱ་བ་ནི། ཇི་ལྟར་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱང་ཆུབ་སེམས་དཔའ་གཅིག་ལ་བྱང་ཆུབ་སེམས་དཔའ་གཅིག་ཅིག་བསྙེན་

བཀུར་བྱེད་ལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གཅིག་པོ་དེ་ཉིད་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བྱེད་པའི་རིམ་པ་འདིས་འཇིག་རྟེན་གྱི་ཁམས་གཞན་དང་གཞན་གྱིས་ཡང་དག་པར་བསྡུས་པའི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ལ་བདེ་བར་སྦྱར་བའི་དོན་དུ་སྦྱིན་

เล่ม ๘๕ · หน้า 151b

པ་བྱིན་ཞིང་བཤད་མ་ཐག་པའི་རིམ་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཀྱང་སྦྱིན་པ་སྦྱིན་ནའོ། །གཟུགས་ཅན་ཞིག་ལགས་ན་ཞེས་བྱ་བ་ནི། རྡུལ་ཕྲ་རབ་ཀྱི་རང་བཞིན་གྱི་གཟུགས་ཀྱི་ཕུང་པོར་གྱུར་ནའོ། །མི་ཤོང་བར་འགྱུར་རོ་ཞེས་བྱ་བ་ནི་

རབ་ཏུ་མང་བས་མི་ཤོང་བར་འགྱུར་རོ། །དམིགས་པའི་འདུ་ཤེས་ཅན་གྱི་སྦྱིན་པའི་རང་བཞིན་གྱི་བསོད་ནམས་མངོན་པར་འདུ་བྱ་བ་ནི་གཞལ་དུ་མེད་པ་ཡིན་ཡང་ཇི་ལྟར་ན་རྒྱུའི་བར་དུ་མི་བཟོད་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །

འདི་སྐད་དུ་གང་གི་ཕྱིར་དེ་རྣམས་ཀྱི་སྦྱིན་པ་ཤིན་ཏུ་མང་བར་བྱིན་པ་གཅིག་ལ་སོགས་པའི་གྲངས་དང་བྲལ་བ་ཡིན་ན་ཡང་ཚད་མེད་པ་ལ་སོགས་པའི་གྲངས་དང་ལྡན་པས་ཚད་མེད་པ་དང་ཤིན་ཏུ་མང་བ་ལ་སོགས་པའི་གྲངས་ཀྱིས་ཆོད་པ་ཡིན་ནོ། །དེ་བས་ན་དེའི་རྒྱུ་ཅན་གྱི་བསོད་ནམས་མངོན་པར་འདུ་

བྱ་བ་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་ཚད་ལ་སོགས་པའི་གྲངས་དང་བྲལ་བའི་རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་བརྗོད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ལྷའི་བུ་རྣམས་གུས་པར་བྱས་ཏེ་བྱེད་པ་རྗོད་པ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །

ཐེག་པ་གསུམ་གྱིས་འདུལ་བའི་སེམས་ཅན་རྣམས་ལ་ལམ་སྟོན་པའི་རྒྱུར་གྱུར་པའི་བྱ་བ་དང་ལྡན་པ་ཉིད་ཀྱིས་འགྲོ་བའི་དོན་བྱེད་པ་ཉིད་ཀྱི་ཕྱིར་ཡོངས་སུ་བསྔོ་བ་ཆེན་པོ་ལགས་ཏེ་ཞེས་བྱའོ། །ཇི་ལྟར་ན་དེ་ལྟ་བུ་ཡིན་ཞེས་རྟོགས་པ་ལ། དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་

ཕྱིར་ཐབས་ལ་མཁས་པ་ཡོད་པར་གྱུར་ན་དེ་ཙམ་དུ་གཞལ་དུ་མེད་པ་ལ་སོགས་པའི་གྲངས་དང་ལྡན་པ་རབ་ཏུ་གྲགས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཟིལ་གྱིས་མནན་པ་དེའི་ཕྱིར་ཡོངས་སུ་བསྔོ་བ་ཆེན་པོ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །ཡང་དག་པར་བརྟེན་པས་དད་པས་ཕུལ་དུ་བྱུང་

བ་ངེས་པར་སྐྱེས་པ་ཉིད་ཀྱིས་མཆོད་པ་སྔོན་དུ་འགྲོ་བ་ཅན་རབ་ཏུ་བསྔགས་པའི་དོན་སྨྲས་པ་ནི་དེ་ནས་སུམ་ཅུ་རྩ་གསུམ་གྱི་ཞེས་བྱ་བ་ལ་སོགས་པའོ། །མདུན་དང་ཀུན་དུ་རབ་ཏུ་བཀྲམ་པ་དང་གཏོར་བས་ན་གོ་རིམས་བཞིན་དུ་མངོན་པར་རབ་ཏུ་གཏོར་ནས་ཞེས་བྱ་བའི་དོན་གྱི་དབྱེ་བ་ཡིན་ནོ། །

เล่ม ๘๕ · หน้า 152a

དེ་བཞིན་དུ་ལྷའི་རིས་གཞན་དག་ནས་ཀྱང་ཞེས་བྱ་བ་ནི་འཐབ་བྲལ་ལ་སོགས་པ་རྣམས་ནས་སོ། །དེ་སྐད་དུ་ཞེས་བྱ་བ་སུམ་ཅུ་རྩ་གསུམ་པ་ལྟར་ཡོངས་སུ་བསྔོ་བ་ཆེན་པོ་ལགས་ཏེ་ཞེས་བྱ་བ་ལ་སོགས་པའི་སྒྲ་འབྱིན་ཞིང་ཡང་དང་ཡང་དུ་ཟློས་པས་དབྱངས་

རྗེས་སུ་སྒྲོགས་པའོ། །དེ་བཞིན་དུ་སྦྱར་ཏེ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བ་ཆེན་པོ་ལགས་ཏེ་ཞེས་བྱ་བ་ལ་སོགས་པའི་འགྲེས་ཀྱི་ཞབས་ཐམས་ཅད་དུ་དེ་སྐད་དུ་སྒྲ་འབྱིན་ཅིང་དབྱངས་རྗེས་སུ་སྒྲོག་གོ་ཞེས་བྱ་བའི་ཚིག་གཉིས་སྦྱར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡུན་རིང་པོ་དེ་ཙམ་དུ་

བསགས་པ་དང་ཞེས་བྱ་བ་ནི་དུས་ཡུན་རིང་པོར་ཉེ་བར་བསྒྲུབས་པའོ། །རྒྱ་ཆེར་ཡང་དག་པར་བསྒྲུབས་པ་ནི་ཞེས་བྱ་བ་ནི། སྦྱོར་བ་དུ་མའི་སྒྲུབ་པའོ། །གཞན་ཡང་ཡོངས་སུ་བསྔོ་བའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཀྱིས་གནས་གཙང་མའི་རིས་ཀྱི་ལྷའི་

བུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱ་བ་སྦྱོར་བ་ལ་སོགས་པ་ཆེན་པོ་ཉིད་ཡིན་ཡང་། སྦྱོར་བ་ལ་སོགས་པ་ཆུང་ངུས་བསྐྱེད་པས་ཡོངས་སུ་བསྔོ་བའི་བསོད་ནམས་བྱ་བའི་དངོས་པོའི་རྒྱུའི་བར་དུ་ཡང་ཇི་ལྟར་མི་བཟོད་

སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པ་དང་བཅས་པ་ནི་ཚད་མ་དང་འགལ་བའི་ཕྱིར་ཕྱིན་ཅི་ལོག་ཡིན་ནོ་ཞེས་དགོངས་སོ། །རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བ་ཡིན་ཡང་མོས་པ་

ཡིད་ལ་བྱེད་པས་སྒྲུབ་པའི་དགེ་བའི་རྩ་བ་ཐམས་ཅད་ལ་སྒྱུ་མའི་སྐྱེས་བུ་ལྟར་ཆོས་ཐམས་ཅད་མི་དམིགས་པར་བསྒོམས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔས་སེམས་

ཅན་ཐམས་ཅད་ལ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ལམ་ཉེ་བར་སྟོན་པའི་བྱ་བ་བྱེད་པ་དང་ལྡན་པའི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་གཅིག་ཁོ་ན་འགའ་ཞིག་ལ་མངོན་པར་ཞེན་པ་ཡིན་པས་དེའི་གཉེན་པོའི་དོན་དུ་བཤད་པའི་ཚུལ་གྱིས་སྐྱེ་བོ་བློ་དམན་པ་རྣམས་ལ་ཕན་གདགས་

เล่ม ๘๕ · หน้า 152b

པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བ་རྣམ་པ་བཅུ་གཉིས་སུ་བྱས་པ་ཡིན་ལ། ཤེས་རབ་རྣོ་བ་རྣམས་ཀྱི་བརྙས་པ་བཟློག་པའི་ཕྱིར་ནི་ཤིན་ཏུ་རྒྱས་པར་ཕྱེ་བ་ཡིན་ནོ། །དེ་སྐད་དུ་ཡང་། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡིས་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་

ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་བཅས་མཚན་མ་མེད་པ་དང་། །སངས་རྒྱས་རྗེས་སུ་ཡི་རང་དང་། ཁམས་གསུམ་གཏོགས་པ་མ་ཡིན་དང་། ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་

གཞན་ནི་རྣམ་པ་གསུམ། །བསོད་ནམས་ཆེར་འབྱུང་བདག་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པས་རང་དང་གཞན་གྱི་བསོད་ནམས་ཀྱི་བྱ་བ་མཉམ་པ་ཉིད་འཐོབ་པས་ན་དེའི་འོག་ཏུ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བསྟེན་པར་བྱ་བའི་ཕྱིར་དེ་རྣམས་

བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཇི་ཙམ་གྱིས་ན་ཞེས་བྱ་བ་ནི། རྣམ་པ་ཇི་ཙམ་གྱིས་སོ། །མི་འཛིན། རློམ་སེམས་སུ་མི་བྱེད། མི་དམིགས་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་དུ་སྟེ། སྦྱོར་བ་ལ་སོགས་པའི་གནས་སྐབས་སུ་ཞེས་བྱ་བར་སྦྱར་རོ། །མི་

རྟོག་རྣམ་པར་མི་རྟོག་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི། གོ་རིམས་བཞིན་དུ་འདས་པ་དང་མ་འོངས་པ་དང་ལྡན་ཞེས་བྱ་བར་སྦྱར་རོ། །རྟོག་པས་རྣམ་པར་བསྒྲུབས་ཏེ་ཞེས་བྱ་བ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་བྱུང་བའི་རང་དང་

སྤྱིའི་ངོ་བོ་དང་བྲལ་བས་གོ་རིམས་བཞིན་དུ་མ་སྐྱེས་པ་ངེས་པར་མ་སྐྱེས་པ་ཞེས་བྱ་བ་ནི་ཡིན་ནོ། །འདས་པ་ལ་སོགས་པ་ནས་འོང་བ་མེད་པས་ན་འོང་བ་མེད་པའོ། །མ་འོངས་པར་འགྲོ་བར་འགྱུར་བ་མེད་པས་ན་འགྲོ་བ་མེད་པའོ། །ཆོས་ཉིད་ཅེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དོ། །

འདི་ཙམ་གྱིས་ན་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པ་འདི་དག་ཙམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་གྲོལ་བ་ཅི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་ཞིང་མ་སྐྱེས་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུའོ། །དེ་ཁོ་ན་ཉིད་དུ་ཀུན་ནས་

เล่ม ๘๕ · หน้า 153a

ཉོན་མོངས་པའི་ཆོས་དང་མི་ལྡན་པས་དེ་དག་མ་བཅིངས་པའོ། །རྣམ་པར་བྱང་བའི་ཆོས་རྣམས་དང་བྲལ་བས་མ་གྲོལ་བའོ། །གང་གི་ཕྱིར་སྟོན་པ་གཟིགས་པའི་སྣང་བ་ཐོགས་པ་མི་མངའ་བ་ཅན་གྱིས་མཁྱེན་པའི་བདག་ལ་ལས་དང་འབྲས་བུ་བདག་གིས་

བྱེ་བྲག་གི་ཆ་ཇི་ལྟར་སྣང་བ་བཞིན་དུ་འགྲོ་བ་ལ་ཕན་པར་བཞེད་པ་ཐུགས་རྗེའི་བདག་ཉིད་ཅན་གྱི་གཟིགས་པ་པོ་བཅོམ་ལྡན་འདས་དེས་བྱེ་བྲག་ཏུ་གསུངས་པ་དེ་བས་ན་དབང་པོ་ལས་འདས་པ་ཡིན་ན་ཡང་ཐམས་ཅད་ཇི་ལྟར་མཐོང་བ་བཞིན་དུ་གནས་སོ་ཞེས་བྱ་བར་དགོངས་སོ། །འཁོར་བ་དང་མྱ་

ངན་ལས་འདས་པ་ལ་མི་གནས་པ་ན་མ་ཆགས་པ་དག་གིའོ། །རྗེས་སུ་ཡི་རང་བའི་སྐབས་སུ་བསྔོའོ་ཞེས་རྗེས་སུ་ཡིད་ལ་བྱེད་པའི་ཞར་ལ་བརྗོད་པ་ཡིན་ནོ། །སྒྱུ་མ་ལྟ་བུ་ཉིད་ཀྱིས་འཁོར་བ་ཆེན་པོ་མི་ཐོབ་པ་ཞེས་བྱ་བ་ལ། འཇིག་པ་མེད་པས་མི་འཇིག་པའོ་ཞེས་བྱ་བར་སྦྱར་རོ། །ལུས་

ཀྱིས་ལེགས་པར་སྤྱོད་པ་དང་ཞེས་བྱ་བ་ནི། སྲོག་གཅོད་པ་ལ་སོགས་པའི་ལུས་ཀྱི་ལས་རྣམ་པ་གསུམ་མེད་པའི་ཕྱིར་རོ། །ངག་གིས་ལེགས་པར་སྤྱོད་པ་དང་ཞེས་བྱ་བ་ནི། བརྫུན་དུ་སྨྲ་བ་ལ་སོགས་པའི་ངག་གི་ལས་རྣམ་པ་བཞི་དང་བྲལ་བའི་ཕྱིར། ཡིད་ཀྱིས་ལེགས་པར་སྤྱོད་པ་ཞེས་

བྱ་བ་ནི། བརྣབ་སེམས་ལ་སོགས་པ་ཡིད་ཀྱི་རྣམ་པ་གསུམ་དང་བྲལ་བའི་ཕྱིར་རོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་དགོངས་པ་དེ་ཉིད་ཀྱིས་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ནི་དམིགས་པ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཚང་འབྲུ་

བ་ཞེས་བྱ་བ་ནི་ཕྲ་མ་དང་ཚིག་རྩུབ་པོ་དང་ངག་ཀྱལ་པ་སྨྲ་བས་སོ། །བརྡེགས་ཏེ་ཞེས་བྱ་བ་ནི་དབྱིག་པ་ལ་སོགས་པས་འཚོག་པའི་ཕྱིར་རོ། །སྤྲོས་ཀྱང་ཞེས་བྱ་བ་ནི་ནན་གྱིས་ངེས་པར་བྱེད་པའི་ཕྱིར་རོ། །ང་རྒྱལ་དང་བཅས་པ་ཞེས་བྱ་བ་ནི་ཁ་ཅིག་དྲེགས་པའི་དངོས་པོ་ང་རྒྱལ་དང་བཅས་

པའི་ཕྱིར་རོ་ཞེས་འདོད་དོ། །ལ་ལ་ནི་ང་རྒྱལ་དང་བཅས་པ་ཞེས་བྱ་བ་ནི་སྒྲ་གྱུར་པ་ཞེས་བྱ་བའི་དོན་ལ་འཇུག་གོ་ཞེས་ཟེར་རོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྩོན་འགྲུས་

เล่ม ๘๕ · หน้า 153b

འབར་བ་རྩོམ་པ་བསྟན་པའི་ཕྱིར་གནས་པ་དང་ཉེ་བར་གཟུང་བ་ཡིན་པས་འདུག་ཅིང་ཆགས་པས་མངོན་པར་གནས་ན་ཞེས་བྱ་བ་གཉིས་གསུངས་པ་ཡིན་ནོ། །སྤྲོ་བ་མེད་པའི་མཚན་ཉིད་ཅན་གྱི་ཞུམ་པ་དང་བྲལ་བས་ན་ཡིད་མི་གསོད་ཅིང་ཞེས་བྱའོ། །རྨུགས་པ་དང་གཉིད་

ཀྱིས་ཞེས་བྱ་བ། གཏི་མུག་གི་ཆ་སེམས་ལས་སུ་མི་རུང་བ་ཉིད་ནི་རྨུགས་པའོ། །ཞོ་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པའི་རྒྱུ་ལ་བརྟེན་ནས་གཏི་མུག་གི་ཆའི་སེམས་མངོན་པར་སྡུད་པའི་མཚན་ཉིད་ནི་གཉིད་དོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། དེ་བཞིན་

དུ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་བཞི་ལ་མཉམ་པར་གཞག་པ་ལ་ཞེས་བྱ་བ་ནི། གཟུགས་ཀྱི་ཁམས་ཀྱིས་བསྡུས་པའི་འཇིག་རྟེན་པའི་བསམ་གཏན་བཞི་བསྒོམས་པར་གྱུར་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། སྔ་མ་བཞིན་

དུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་བསྡུས་པའི་དོན་ནི་འདི་ལྟ་ཡིན་ཏེ། རབ་ཏུ་དགའ་བའི་སེམས་ཀྱིས་ཀུན་རྫོབ་ཀྱི་ཐབས་ཀྱིས་དགེ་བའི་རྩ་བ་རྣམས་ལ་དམིགས་ནས་རྗེས་སུ་ཡི་རང་བར་བྱ་བ་ནི་རྗེས་སུ་ཡིད་ལ་བྱེད་པ་ཡིན་ནོ། །

དེ་སྐད་དུ་ཡང་། ཐབས་དང་མི་དམིགས་པ་དག་གིས། དགེ་བའི་རྩ་ལ་ཡི་རང་བ། རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། རྗེས་

སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། །།ཟག་པ་དང་བཅས་པའི་བསྒོམ་པའི་ལམ་གྱི་འོག་ཏུ་ཟག་པ་མེད་པའི་བསྒོམ་པའི་ལམ་བརྗོད་པར་བྱའོ། །དེ་ཡང་རྣམ་པ་གཉིས་ཡོད་པ་ལ། རང་གི་ངོ་བོ་ཉིད་སྟོན་པས་དང་པོ་སྒྲུབ་པའི་མཚན་ཉིད་ཀྱི་བསྒོམ་པའི་

ལམ་བསྟན་པའི་དོན་དུ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐམས་ཅད་མཁྱེན་པ་ཉིད་ཡེ་ཤེས་ཡོངས་སུ་སྒྲུབ་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་

เล่ม ๘๕ · หน้า 154a

ཅེས་བྱ་བ་ནི། གཟུགས་ལ་སོགས་པ་ཕྱིན་ཅི་མ་ལོག་པར་གཟིགས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་དད་པ་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་མངོན་པར་བསྒྲུབ་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་

པར་རྒྱ་ཆེར་བསྟན་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དྲོ་བར་གཏོགས་པའི་ཡེ་ཤེས་ཀྱི་སྣང་བ་ཉིད་ཡིན་པས་ན་གསལ་བར་སྣང་བར་བགྱིད་པ་ལགས་སོ། །ལུས་དང་ངག་དང་ཡིད་རབ་ཏུ་འདུད་པས་ན་ཕྱག་འཚལ་བའོ། །གང་གི་ཕྱིར་སྡུད་པར་

འོས་པ་ཉིད་ལ་ཡིན་པས་ན་ཕྱག་བགྱི་བར་འོས་པ་ལགས་སོ། །རྩེ་མོའི་གནས་སྐབས་ཉིད་ཐོབ་པ་ཉིད་ཀྱིས་ན་མ་དད་པ་ལ་སོགས་པ་དང་མ་འདྲེས་པ་ཡིན་པས་གོས་པ་མེད་པ་ལགས་སོ། །བཟོད་པའི་རང་བཞིན་ཉིད་ཀྱིས་ན་ངན་སོང་དུ་འཇུག་པར་བྱེད་པའི་ལས་རྣམས་དང་བྲལ་བས་

འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་པ་ལགས་སོ། །ཆོས་ཀྱི་མཆོག་གི་ངོ་བོ་ཉིད་ཀྱིས་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འབྱུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་སྣང་བར་བགྱིད་པ་ལགས་སོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་རང་གིས་མཐོང་བས་སྤང་བར་བྱ་བའི་ཁམས་གསུམ་

པའི་ཉོན་མོངས་པ་སྤང་བས་ན་ཁམས་གསུམ་པ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་བར་བགྱིད་པ་ལགས་སོ། །སྡུག་བསྔལ་ལ་ཆོས་ཤེས་པས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པས་ན་ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་སེལ་བ་ལགས་སོ། །སྡུག་བསྔལ་ལ་སོགས་པ་རྗེས་

སུ་ཤེས་པའི་བཟོད་པས་འཕགས་པའི་ཆོས་ཀྱི་རིགས་རྟོགས་པར་བྱེད་པས་ན་བརྟེན་པར་བགྱིད་པ་ལགས་སོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པས་ངེས་པར་འཛིན་པར་བྱེད་པས་ན་མཆོག་ཏུ་བགྱིད་པ་ལགས་སོ། །ཀུན་འབྱུང་བ་ལ་ཤེས་པ་ལ་སོགས་པའི་བཟོད་པ་ལ་སོགས་སྐད་

ཅིག་མ་བཞིས་སྔ་མ་བཞིན་དུ་བྱ་བ་བྱེད་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་བདེ་ལེགས་སུ་བགྱིད་པ་ལགས་སོ། །སྣང་བར་བགྱིད་པ་ལགས་སོ། །འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་སྤང་བ་དང་། སྣང་བར་བགྱིད་པ་ལགས་སོ་ཞེས་བྱ་བའི་ཚིག་བཞི་དང་གོ་

เล่ม ๘๕ · หน้า 154b

རིམས་བཞིན་དུ་སྦྱར་བར་བྱའོ། །ཤ་དང་ལྷ་དང་ཤེས་རབ་དང་སངས་རྒྱས་དང་ཆོས་ཀྱི་སྤྱན་ཡོངས་སུ་འཛིན་པས་ན་སྔ་བ་བཞིན་འགོག་པ་ལ་ཆོས་ཤེས་པའི་བཟོད་པས་ལམ་སྟོན་པ་ལགས་སོ། །འགོག་པ་ལ་ཆོས་ཤེས་པས་མིག་ལགས་སོ། །རྗེས་སུ་ཤེས་པའི་བཟོད་པས་མི་

མཐུན་པའི་ཕྱོགས་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་བྲལ་བས་འཕགས་པའི་ཆོས་ཀྱི་རིས་རྟོགས་པའི་ཕྱིར་གཏི་མུག་གི་མུན་པ་དང་རབ་རིབ་རྣམས་མ་མཆིས་པར་བགྱིད་པ་ལགས་སོ། །འགོག་པ་ལ་རྗེས་སུ་ཤེས་པས་གདོན་མི་ཟ་བར་ངེས་པར་འཛིན་པའི་ཕྱིར་རབ་རིབ་དང་བྲལ་བར་བགྱིད་

པ་ལགས་སོ། །དེ་བཞིན་དུ་ལམ་ལ་ཆོས་ཤེས་པའི་བཟོད་པས་ཆོས་ཐམས་ཅད་མི་བགྱིད་པ་ལགས་སོ། །ལམ་ལ་ཆོས་ཤེས་པས་ལམ་དུ་འཛུད་པ་ལགས་སོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་ཐམས་ཅད་མཁྱེན་པ་ཉིད་ལགས་སོ། །ལམ་ལ་རྗེས་སུ་ཤེས་པས་ཉོན་

མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་མི་བསྐྱེད་པ་ལགས་སོ། །ཟག་པ་དང་བཅས་པའི་བསྒོམ་པའི་ལམ་གྱིས་དགེ་བའི་ཆོས་རྣམས་བསྐྱེད་པས་ན་མི་འགོག་པ་ལགས་སོ། །སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་གྲགས་པ་མངོན་པར་སྒྲུབ་པའི་བསྒོམ་པའི་ལམ་

གྱིས་རང་བཞིན་གྱིས་རྟག་ཏུ་གནས་པས་ན་མ་སྐྱེས་པ་དང་མ་འགགས་པ་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་བསྒོམ་པའི་ལམ་གྱིས་ཕུལ་དུ་བྱུང་བའི་ཕན་པ་མཛད་པ་ཉིད་ཡིན་པ་དང་རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར་ཡུལ་ལགས་སོ། །དེ་ཡང་ཆུང་ངུ་དང་འབྲིང་དང་

ཆེན་པོའི་དབྱེ་བས་སྟོབས་བཅུ་བགྱིད་པ་དང་། མི་ཐུལ་བ་དང་། མགོན་བགྱིད་པ་ལགས་སོ་ཞེས་བྱ་བའི་ཚིག་གསུམ་གོ་རིམས་བཞིན་དུ་གསུངས་པ་ཡིན་ནོ། །ཐེར་ཟུག་ནི་ཚོགས་པ་སྟེ། དེ་ལ་གནས་པས་ན་རྒྱུ་དང་རྐྱེན་ལས་བྱུང་བའི་དངོས་པོ་དེ་ལ་དེ་སྐད་ཅེས་

བྱའོ། །དེ་དག་པས་ཐེར་ཟུག་ཏུ་གནས་པ་མ་མཆིས་པའི་སླད་དུ་སྟེ། བར་ཆད་མེད་པའི་ལམ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་སྤོང་བ་ཡིན་པས་འཁོར་བའི་གཉེན་པོ་ལགས་སོ། །རྣམ་པར་གྲོལ་བའི་ལམ་གྱིས་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་པར་ཐོབ་པ་

เล่ม ๘๕ · หน้า 155a

ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པ་ལགས་སོ། །དེ་ལྟར་དེ་ཁོ་ན་ཉིད་ཡང་དག་པར་རྟོགས་པ་རྣམས་ཕྱིས་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱིས་ཆོས་སྟོན་པས་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་

སུ་བསྐོར་བ་ཡོངས་སུ་རྫོགས་པ་ལགས་སོ་ཞེས་དེ་ལྟར་འདི་རྣམས་ཀྱི་དོན་སྟོན་པར་བརྗོད་པར་བྱ་བ་ཡིན་པར་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །དེ་ལ་ཆོས་ཀྱི་འཁོར་ལོ་གང་ལ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །

དེ་ལ་ལན་གསུམ་དུ་བཟླས་པ་འདི་ཡིན་ཏེ། དགེ་སློང་དག་འདི་ལྟ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་མངོན་པར་ཤེས་ནས་ཡོངས་སུ་ཤེས་པར་བྱའོ། །ཡོངས་སུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པའོ། །དེ་

མངོན་པར་ཤེས་ནས་སྤོང་བར་བྱའོ། །སྤངས་སོ། །འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པའོ། །དེ་མངོན་པར་ཤེས་ནས་མངོན་སུམ་དུ་བྱའོ། །མངོན་སུམ་དུ་བྱས་སོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ཕྱིར་ལམ་གྱི་འཕགས་པའི་བདེན་པའོ། །དེ་མངོན་

པར་ཤེས་པ་ནས་བསྒོམ་པར་བྱའོ། །ངས་བསྒོམས་སོ་ཞེས་པ་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པས་མངོན་སུམ་དུ་བྱེད་པའི་དོན་ཉིད་ཀྱིས་ན་ཟག་པ་མེད་པའི་ཤེས་རབ་ཀྱི་མིག་སྐྱེས་སོ། །ཐེ་ཚོམ་མེད་པ་ཉིད་ཀྱིས་ན་ཤེས་པའོ། །ཡང་དག་པའི་དོན་ཉིད་

ཡིན་པའི་ཕྱིར་རིག་པའོ། །རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་བློ་སྐྱེས་པའོ་ཞེས་བྱ་བའི་ཚིག་འདི་བདེན་པ་གསུམ་པོ་རེ་རེ་ལ་ཡང་སྦྱར་བར་བྱའོ། །དེ་བས་བདེན་པ་བཞི་པོ་རེ་རེ་ཞིང་ལན་གསུམ་བཟླས་པ་ཡིན་པས་ལན་གསུམ་དུ་བཟླས་པའོ། །མིག་ཅེས་བྱ་བ་ལ་སོགས་པ་རྣམས་

བཞི་ཡང་ལན་གསུམ་དུ་བཟླས་པས་བདེན་པ་རེ་རེ་ལ་གསུམ་ཡིན་པ་དེ་བས་ན་རྣམ་པ་བཅུ་གཉིས་སོ། །འདི་དག་ཙམ་ཁོ་ནས་འགྲོ་བའི་དོན་རྫོགས་པར་བྱེད་པ་ཡིན་པས་ལན་གསུམ་དུ་བཟླས་ཏེ་རྣམ་པ་གཉིས་སུ་བསྐོར་བའི་ཆོས་ཉིད་འཁོར་ལོ་དང་འདྲ་བར་ཆོས་ཀྱི་འཁོར་ལོ་སྟེ།

เล่ม ๘๕ · หน้า 155b

དང་པོ་བཱ་རཱ་ཎ་སཱིར་གསུངས་པའི་མདོ་གང་ཡིན་པའོ། །ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ནི་སྔོན་དུ་འགྲོ་ལ། དེ་ཉིད་ཀྱི་རྗེས་སུ་འབྲང་བའི་དཔུང་གི་ཚོགས་ཐམས་ཅད་ནི་ཕྱི་ནས་འབྲང་ངོ་། །དེ་བཞིན་དུ་ཁམས་གསུམ་པ་མ་ལུས་པ་མཐའ་དག་གི་བདག་པོ་དེ་

བཞིན་གཤེགས་པའི་མདོ་སྡེ་སྔོན་དུ་མཛད་ནས་བསྟན་པའི་ཆོས་ཐམས་ཅད་རབ་ཏུ་འབྱུང་བ་ཡིན་ནོ། །དེ་བས་ན་དེ་ནི་རྒྱལ་བའི་ཡུམ་གྱི་བདག་པོས་བསྐོར་བ་ཡིན་པས་བཅོམ་ལྡན་འདས་ཡུམ་ལ་དེ་སྐད་ཅེས་བྱའོ། །མཆོག་ཉིད་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཇི་ལྟར་

ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལན་བཏབ་པ་ནི་ཤཱ་རིའི་བུ་སྟོན་པ་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྟོན་པ་ལ་བྱེད་པ་དང་འདྲ་བར་ནན་ཏན་ལ་སོགས་པས་སྒྲུབ་པའི་ཕྱིར་རོ། །གཞན་དུ་ན་སངས་རྒྱས་ཉིད་ཡང་དག་པར་འཐོབ་པར་

མི་འགྱུར་རོ་ཞེས་མཆོག་ཉིད་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་དེའི་གཞི་ལས་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཁོ་བོ་ནི་གཞི་འདི་ལས་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཕུང་པོ་ཟིལ་གྱིས་གནོན་པའི་རྒྱུ་ལས་སོ། །མངོན་པར་

སྒྲུབ་པའི་མཆོག་ཉིད་ཀྱི་སྐབས་སུ་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པས་བསོད་ནམས་ཀྱི་ཕུང་པོ་ཟིལ་གྱིས་གནོན་པའི་རྒྱུ་ཡིན་པར་ཅིའི་ཕྱིར་འདྲི་ཞེ་ན། བརྗོད་པ་གང་དུ། ཟག་པ་དང་བཅས་པའི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་ལ་གང་གི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པའི་

བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཟིལ་གྱིས་གནོན་པར་འགྱུར་བ་དེ་འདྲ་བར་མཆོག་ཉིད་ཡོད་པ་དེར་ཟག་པ་མེད་པའི་བསྒོམ་པའི་ལམ་ནི་ཤིན་ཏུ་མཆོག་ཉིད་ཡོད་དོ་ཞེས་བསྟན་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བསྔོ་བས་ཟིལ་གྱིས་གནོན་པར་བྱེད་པའི་རྒྱུ་འདྲི་བ་ཡིན་ནོ། །ཕུལ་དུ་

བྱུང་བའི་དོན་ཉིད་ནི་འོན་ཀྱང་ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྦྱིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྦྱིན་པ་ནི་ཆོས་དང་མི་འཇིགས་པ་དང་ཟང་ཟིང་གི་དབྱེ་བས་རྣམ་པ་གསུམ་མོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ནི་མི་དགེ་བ་ལས་ལྡོག་པ་དང་དགེ་བ་ལ་

เล่ม ๘๕ · หน้า 156a

འཇུག་པ་དང་སེམས་ཅན་གྱི་དོན་བྱེད་པའི་དབྱེ་བས་གསུངས་སོ། །བཟོད་པ་ནི་ཆོས་ལ་ངེས་པར་རྟོག་པ་དང་སྡུག་བསྔལ་ཉམས་སུ་ལེན་པ་དང་གཞན་གྱིས་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་དབྱེ་བས་རྣམ་པ་གསུམ་མོ། །བརྩོན་འགྲུས་ཀྱང་གོ་ཆ་

དང་དགེ་བ་དང་སེམས་ཅན་གྱི་དོན་ལ་སྦྱོར་བས་རྣམ་པ་གསུམ་མོ། །བསམ་གཏན་མངོན་པར་སྒྲུབ་པ་དང་ཉོན་མོངས་པའི་གཉེན་པོ་དང་བདེ་བར་གནས་པའི་དབྱེ་བས་རྣམ་པ་གསུམ་མོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དང་། སེམས་ཅན་མ་ལུས་པའི་དོན་ལ་དམིགས་པའི་

དབྱེ་བས་ཤེས་རབ་ཀྱི་མིག་རྣམ་པ་གསུམ་ཡོད་པ་དང་བྲལ་བའོ། །དམུས་ལོང་དུ་གྱུར་པ་ཡིན་ཏེ་ཞེས་བྱ་བ་ནི་སྐྱེ་བཞིན་པ་ཉིད་ན་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱི་མིག་དང་བྲལ་བའོ། །ཡོངས་སུ་འདྲེན་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཁ་ལོ་སྒྱུར་བ་དང་བྲལ་བའི་ཕྱིར་

རོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དུ་འཇུག་པའི་ཞེས་བྱ་བ་ནི། སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ལམ་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་སུ་འཇུག་པའི་ཡིན་པའོ། །སྐལ་བ་ཡང་མེད་ན་ཞེས་བྱ་བ་ནི་སྐལ་བ་མེད་ཅིང་ནུས་པ་དང་བྲལ་བའོ། །ལྟ་བ་ཡང་ག་ལ་

འགྱུར་ཞེས་བྱ་བ་ནི་ཐོབ་པར་ཅིའི་ཕྱིར་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་བཤད་པ་ནི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཞེས་བྱ་བ་ཡིན་ནོ། །མིག་རབ་ཏུ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཆོས་ཉིད་ཀྱི་མིག་དང་

ལྡན་པར་འགྱུར་བའོ། །ཆོས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལན་བཏབ་པ་ནི་ཤཱ་རིའི་བུ་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་

པ་ཡིན་ཏེ། གཟུགས་ལ་སོགས་པ་སྒྱུ་མ་ལྟ་བུ་ཉིད་དུ་རྟོགས་པ་ནི་ཡུམ་མངོན་པར་བསྒྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་བསྡུ་བར་བྱ་བའི་ཕྱིར་དེ་ལྟར་མངོན་པར་འདུ་བྱེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཆོས་

เล่ม ๘๕ · หน้า 156b

ཐམས་ཅད་ཀྱི་ཁྱད་པར་སྐྱེ་བ་མེད་པར་རྟོགས་པའི་སྦྱོར་བ་ནི་མངོན་པར་འདུ་བྱེད་པ་སྟེ། དེས་ཕུང་པོ་རྣམས་རྟོགས་ན་ཞེས་བྱ་བའི་དོན་ཏོ། །གླེགས་བམ་ལ་ལ་ལས་ནི་མངོན་པར་མི་སྒྲུབ་པས་ཞེས་བྱ་བ་སྨོས་ཏེ། དེར་ཡང་དོན་འདི་ཉིད་ཡིན་པར་བཟུང་ངོ་། །ཆོས་ཐམས་ཅད་

མི་དམིགས་པར་གཏོད་པར་བྱེད་པའི་དོན་དུ་གསུངས་པ་ནི། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་མངོན་པར་བསྒྲུབས་པས་ཞེས་བྱ་བ་ལ་སོགས་པའོ། །ཆོས་གང་ཡང་གཏོད་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་ཅི་ལྟར་དམིགས་པ་ལ་སོགས་པ་ཕྱིན་ཅི་ལོག་པ་ཡིན་པ་

དེ་ལྟར་ན་རྣལ་འབྱོར་པའི་རྒྱུད་ལ་གཏོགས་པའི་ཆོས་གང་ཡང་སྐྱེད་པར་མི་བྱེད་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ་ཕྱིན་ཅི་ལོག་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ནི་རིགས་ཏེ་གཞན་དུ་ན་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་དོན་མེད་པ་ཡིན་ནོ་ཞེས་བྱ་བའི་བསམ་པ་དང་ལྡན་པས་བཅོམ་ལྡན་འདས་ཅི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཕྱིན་ཅི་ལོག་གི་སྒོ་ནས་གཏོད་པར་མི་བྱེད་དོ་ཞེས་གསུངས་པ་ནི་དམིགས་པ་ཇི་ལྟ་བ་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དམིགས་པ་ནི་ཕྱིའི་

དོན་དུ་དམིགས་པའོ། །མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །མངོན་པར་འདུ་བྱེད་པ་ནི་སྒྱུ་མ་ལྟ་བུ་ཉིད་འདི་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སེམས་ཀྱི་རྩོལ་བའོ། །རྣམ་པ་གཞན་རྣམ་པར་བཅད་པས་གཞན་དུ་གཏོད་པར་བྱེད་པ་ཡིན་ནོ་

ཞེས་སྨྲས་པ་ནི་བཅོམ་ལྡན་འདས་འོ་ན་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཀཽ་ཤི་ཀ་ཇི་ལྟར་གཏོད་པར་མི་བྱེད་དོ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་རྣམ་པ་གང་གིས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་ཅི་ཡང་གཏོད་པར་མི་བྱེད་པ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་དོ་ཞེས་

བྱ་བའི་ཐ་ཚིག་གོ། །ཆོས་གང་ཡང་མི་སྐྱེད་ཅེས་བྱ་བ་ནི་རྣམ་པར་བྱང་བ་རྣམས་སོ། །ཆོས་གང་ཡང་མི་འགོག་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའོ། །ཉེ་བར་གནས་ལ་ཞེས་བྱ་བ་ནི་སྐྱེ་བ་མ་མཆིས་པའི་སླད་དུའོ། །གནས་པ་ཡང་མ་ལགས་ཞེས་བྱ་བ་ནི་འགོག་པ་མ་

เล่ม ๘๕ · หน้า 157a

མཆིས་པའི་སླད་དུའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་མངོན་པར་ཞེན་པ་ཡང་འཆིང་བ་ཡིན་ནོ་ཞེས་སྨྲས་པ་ནི་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་དང་། མཐོང་བ་དང་། སྒོམ་པ་དང་། ཁྱད་པར་གྱི་ལམ་རྣམས་སུ་

གོ་རིམས་བཞིན་དུ་རིང་དུ་བགྱིད། གསོག་ཏུ་བགྱིད་དོ་ཞེས་བྱ་བའི་ཚིག་བཞི་སྦྱར་རོ། །རྣམ་པ་གཞན་གྱིས་ཀྱང་རིང་དུ་བྱེད་པ་ལ་སོགས་པ་གསུངས་པ་ནི་རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་མངོན་པར་རྟོགས་པའི་རྣམ་

གྲངས་དེས་ནི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་ཚིག་གོ། །ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་ཇི་ལྟར་གཟུགས་ལ་སོགས་པ་རྟོགས་པས་ཡུམ་རིང་དུ་བྱེད་པ་ལ་སོགས་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་

ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གསལ་བར་བྱས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་གང་གི་ཕྱིར་སྒྱུ་མ་ལྟ་བུ་ཉིད་ཀྱིས་གཟུགས་ལ་སོགས་པ་ཉིད་རྒྱལ་བའི་ཡུམ་ཡིན་ནོ་ཞེས་རང་བཞིན་གཅིག་པ་ཉིད་དུ་

རིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གསལ་བར་བྱས་ནས་གཟུགས་ལ་སོགས་པ་ཐ་དད་པར་རྟོགས་པ་ཕྱིན་ཅི་ལོག་ཡིན་པ་དེ་བས་ན་གཟུགས་ལ་སོགས་པ་རྟོགས་པས་ཡུམ་རིང་དུ་བྱེད་པ་ལ་སོགས་པ་ཡིན་ནོ། །དོན་ཆེན་པོ་ཉིད་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་

ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དོན་ཆེན་པོ་སངས་རྒྱས་ཉིད་སྒྲུབ་པས་ན་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་སོ། །དེ་ལ་ཆེན་པོར་མི་བགྱིད་ཅེས་བྱ་བ་ནི་ལྷག་པ་སྐྱེད་པར་མི་བྱེད་པའི་ཕྱིར་རོ། །ཆུང་ངུར་མི་བགྱིད་ཅེས་བྱ་བ་ནི་གནས་རྣམས་འགྲིབ་པར་མི་བྱེད་པའི་ཕྱིར་

རོ། །དེ་ཉིད་ཅི་རིགས་པར་བཤད་པ་ནི་སྡུད་པར་མི་བྱེད་གཡེང་བར་མི་བགྱིད་ཅེས་བྱ་བ་ཡིན་ཏེ། གྲགས་པ་ཙམ་གང་ཡིན་པ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པས། དེའི་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཅན་གྱི་བསྟན་པ་ཡིན་ནོ་ཞེས་དགོངས་སོ། །སྟོབས་དང་ལྡན་

เล่ม ๘๕ · หน้า 157b

པར་མི་བགྱིད་ཅེས་བྱ་བ་ནི་སྔོན་མེད་ཅིང་སྒྲོ་འདོགས་པའི་ཚུལ་གྱིས་སོ། །སྟོབས་མ་མཆིས་པར་ཡང་མི་བགྱིད་དོ་ཞེས་བྱ་བ་ནི་ཡོད་བཞིན་པ་ལ་སྐུར་པ་མི་འདེབས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོའི་སྐབས་སུ་ནི་ཕྱིན་ཅི་ལོག་གི་སྟོབས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཆུང་ངུར་འགྱུར་ལ།

གྲོལ་བའི་སྐབས་སུ་ནི་ཡུམ་གྱི་མཐུས་ཕྱིན་ཅི་ལོག་དང་བྲལ་བས་ཆེན་པོར་འགྱུར་བ་ཡིན་ནམ་དེས་ཇི་སྟེ་འདི་སྐད་བརྗོད་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འདི་

སྐད་དུ་གང་གི་ཕྱིར་ཕྱིན་ཅི་ལོག་དང་བྲལ་ན་ཡུམ་གྱི་མཐུ་གནས་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ནི་མ་བསྡུས་པ་མ་གཡེངས་པ་དེ་བས་ན་ཆེན་པོར་མི་བྱེད་ཆུང་ངུར་མི་བྱེད་དོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ཡང་མངོན་པར་ཞེན་པ་འཆིང་བ་ཡིན་ནོ་ཞེས་སྨྲས་པ་ནི་གལ་ཏེ་དེ་ལྟར་ཞེས་

བྱ་བ་ལ་སོགས་པའོ། །དེ་ལྟར་འཚལ་ན་ཡང་ཞེས་བྱ་བ་ནི་བཤད་མ་ཐག་པ་ལྟར་དམིགས་པར་རྟོག་ནའོ། །སྨོས་ཀྱང་ཅི་འཚལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་སྟེ། འོན་ཀྱང་དམིགས་པ་ཆེན་པོར་འགྱུར་བ་ཉིད་ཀྱིས་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །

གང་གིས་དེ་ཡོད་པས་སྤྱོད་པར་མི་འགྱུར་བ་དམིགས་པ་ལ་ཉེས་པ་ཅི་ཞིག་ཡོད་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། སེམས་ཅན་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་གང་གི་ཕྱིར་སེམས་ཅན་མྱ་ངན་ལས་བཟླའོ་སྙམ་པར་དམིགས་

པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲ་བར་བྱུང་བས་ན་རྒྱུ་མཐུན་པ་སྟེ། དེ་དང་རྗེས་སུ་འབྲེལ་པའི་འབྲས་བུར་གྱུར་པ་མ་ཡིན་པ་དེ་བས་ན་དམིགས་པ་ཡོད་པས་དེ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཡང་འདི་ཇི་ལྟར་ཡིན་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་

བྱ་བས་བསུ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཀྱི་རང་བཞིན་ཏེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྙམ་དུ་སེམས་ཅན་མ་སྐྱེས་པའི་རང་བཞིན་ཅན་ཡུམ་གྱི་རྒྱུ་མཐུན་

เล่ม ๘๕ · หน้า 158a

པའི་འབྲས་བུ་སེམས་ཅན་དུ་དམིགས་པ་ཡིན་པ་ཇི་ལྟར་འགྱུར་ཞེས་བསམས་པ་ཡིན་ནོ། །སེམས་ཅན་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་པའི་དོན་འདི་ཉིད་སེམས་ཅན་ངོ་བོ་ཉིད་མ་མཆིས་པས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ངོ་བོ་ཉིད་མ་

མཆིས་པ་དང་དབེན་པ་དང་བསམ་གྱིས་མི་ཁྱབ་པ་ནི་གོ་རིམས་བཞིན་དུ་བརྟགས་པ་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །སེམས་ཅན་མི་འཇིག་པའི་ཆོས་ཉིད་ནི་རྟག་པ་ཁོ་ནར་གནས་པའི་དེ་བཞིན་ཉིད་དོ། །སེམས་ཅན་སྒྱུ་མ་དང་འདྲ་བ་ཉིད་དུ་མཐོང་བའི་ལམ་གྱིས་མ་རྟོགས་པ་ནི་

སེམས་ཅན་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཉིད་དོ། །སེམས་ཅན་སྔ་མ་བཞིན་དུ་བསྒོམ་པའི་ལམ་གྱིས་མ་རྟོགས་པ་ནི་སེམས་ཅན་དོན་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཉིད་དོ། །སེམས་ཅན་གྱི་སྟོབས་ཚད་མས་མི་གནོད་པ་སྒྱུ་མ་ལྟ་བུ་ཉིད་དུ་ནུས་པ་ཡོད་པ་

དེ་ཐོབ་པ་ནི་ཡང་དག་པར་སྒྲུབ་པ་ཉིད་དོ། །དེས་དེ་བཞིན་གཤེགས་པའི་སྟོབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབ་པར་རིག་པར་བགྱིའོ། །ཇི་སྐད་དུ་བཤད་པའི་ངོ་བོ་ཉིད་ལ་སོགས་པའི་མཚན་ཉིད་ཁོ་ན་མངོན་པར་བསྒྲུབ་པའི་བསྒོམ་པའི་ལམ་ཡིན་པར་ཤེས་པར་བྱའོ། །དེ་

སྐད་དུ་ཡང་། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་གཉིས་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་བསྒོམ་པར་བྱ་བ་ཡིན་ལ། དེ་ནི་སྐྱེ་བ་

དང་མི་སྐྱེ་བའི་རྒྱུ་གོ་རིམས་བཞིན་དུ་ཡོངས་སུ་གཟུང་བ་དང་དོར་བས་ཡིན་ནོ། །དེ་བས་ན་རེ་ཞིག་སྐྱེད་པའི་རྒྱུ་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནེམ་ནུར་མི་བགྱིད་ཅེས་བྱ་བ་ནི་ལམ་

གཞན་མི་འདོད་པས་སོ། །ཐེ་ཚོམ་མི་འཚལ་ཞེས་བྱ་བ་ནི་ཡིད་གཉིས་མེད་པས་སོ། །རྨོངས་པར་མི་འགྱུར་ཞེས་བྱ་བ་ནི་མི་ཤེས་པ་དང་བྲལ་བའི་ཕྱིར་རོ། །རྗེས་སུ་འགྲོ་བར་བགྱིད་པ་ནི་ཆོས་ཀྱིས་སོ། །རྗེས་སུ་འཚལ་བར་བགྱིད་པ་ནི་དོན་གྱིས་སོ། །དེ་དག་གི་ཚུལ་

เล่ม ๘๕ · หน้า 158b

ནས་ནི་གཉིས་ལྟར་གཞན་ལ་རྗེས་སུ་རྟོགས་པར་བགྱིད་པ་ཞེས་གོ་རིམས་བཞིན་དུ་དེ་ལྟར་དོན་གྱི་དབྱེ་བས་བརྗོད་པར་བྱའོ། །ཡུན་རིང་པོ་ཇི་སྲིད་ཅིག་སྤྱད་ཅིང་བསྲུངས་པར་རིག་པར་བགྱི་ཞེས་བྱ་བ་ལ། ཡུན་རིང་པོ་ཇི་སྲིད་ཅིག་ནི་དུས་རིང་པོའོ། །སྤྱད་པ་ནི་སྦྱིན་པ་ལ་སོགས་

པ་ཉམས་སུ་བླངས་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་མ་བསྔོས་པར་བསྲུངས་ཤིང་བསྐྱངས་པའི་ངང་ཚུལ་འདི་ལ་ཡོད་པས་དེ་སྐད་ཅེས་བྱའོ། །བསྙེན་བཀུར་བྱས་ཤིང་ཞེས་བྱ་བ་ནི་འཁོར་ལ་སོགས་པ་ཡོངས་སུ་ཕུལ་བས་སོ། །ཡོངས་སུ་དྲིས་ནས་ཞེས་བྱ་བ་ནི་

ཐེ་ཚོམ་སྐྱེས་པའི་དོན་ཡོངས་སུ་ཞུས་པ་སྟེ། དེ་དག་གིས་ནི་སངས་རྒྱས་ལ་བསྟེན་པ་སྟོན་ཏོ། །གང་གིས་ནི་མོས་པའི་སྟོབས་ལས་བསྙེན་བཀུར་བྱས་པ་ལ་སོགས་པ་རྟོགས་པར་བྱེད་པ་མོས་པ་དང་བསྙེན་བཀུར་བྱེད་པ་ལ་སོགས་པ་ལ་འབྲེལ་པ་ཅི་ཡོད་སྙམ་པའི་དོགས་པ་དེ་

ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་ཁྱད་པར་ཅན་གྱི་རྒྱུ་མེད་པར་དེ་ལྟ་བུའི་མོས་པ་ལ་སོགས་པ་འབྱུང་བ་མི་སྲིད་པས་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པ་ལ་སོགས་པའི་རྒྱུ་རྗེས་སུ་དཔོག་པ་ཡིན་ནོ་

ཞེས་བརྗོད་པ་ཡིན་ནོ། །རྣ་བ་བླགས་ཏེ་ཞེས་བྱ་བ་ནི་མ་ཡེངས་པར་བྱེད་པའི་ཕྱིར་རོ། །གུས་པར་ཉན་ཏོ་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་བྱས་ནས་ཉན་པའི་ཕྱིར་རོ། །གཏམ་གྱི་བར་ཆད་མི་བྱེད་དེ་ཞེས་བྱ་བ་ནི་སྐབས་ལ་མ་བབ་པའི་དོན་མི་སྨྲ་བའི་ཕྱིར་རོ། །ཡུན་རིང་པོར་

སྤྱད་པ་ཞེས་པ་གསུངས་པས་ནི་སྦྱིན་པ་ལ་སོགས་པར་བཤད་དོ། །སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཞེས་བྱ་བ་ནི་སངས་རྒྱས་མང་པོ་བསྟེན་པའི་ཕྱིར་རོ། །མཉན་པ་རྒྱུ་དང་བཅས་པ་ལ་སོགས་པ་ལ་མངོན་པར་མ་ཞེན་པ་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་པ་འམ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ནི་དེ་འདིའོ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་དང་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །དེ་ལ་རྣམ་པ་དང་རྟགས་དང་མཚན་མ་དག་ནི་རང་དང་

เล่ม ๘๕ · หน้า 159a

སྤྱི་དག་དང་གཉི་གའི་ཚུལ་དུ་གོ་རིམས་བཞིན་དུ་ཤེས་པར་བྱའོ། །རྒྱུའི་སྟོབས་ཀྱིས་མཉན་པ་ཡང་ཀུན་རྫོབ་ཏུ་ཡིན་གྱི་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ་ཞེས་གསུངས་པ་ནི་རབ་འབྱོར་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་ལ་སོགས་པ་རྟོགས་བཞིན་པས་ཀྱང་མཉན་པ་ལ་སོགས་པ་ཇི་ལྟར་མི་ནུས་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ད་ལྟར་བྱུང་

བའི་ཕུང་པོ་ལ་སོགས་པ་རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་དབེན་པ་ཉིད་དོ། །རྒྱུ་དང་འབྲས་བུའི་མཐའ་གཉིས་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཤིན་ཏུ་དབེན་པ་ཉིད་དོ། །དེ་བས་དུས་གསུམ་སྟོང་པ་ཉིད་ཡིན་པས་ཕུང་པོ་ལ་སོགས་པ་རྣམས་སུ་

དེ་ཁོ་ན་ཉིད་དུ་བསྟན་པར་མི་ནུས་སོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །དེ་ལྟ་ན་དེ་ལས་ཐ་དད་པར་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པ་གཞན་མ་བཀག་ན་ནི་ཇི་སྟེ་འདི་ལྟར་འགྱུར་སྙམ་པའི་དོགས་པ་

དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་བའི་རྒྱུ་དང་བྲལ་བས་ན་སྟོང་པའོ། །རང་གི་ངོ་བོ་ངེས་པར་གཟུང་དུ་མེད་པས་ན་དབེན་པའོ། །འབྲས་བུའི་ནུས་པ་དང་བྲལ་བས་ན་ཞི་བའོ། །འདི་སྐད་དུ་ཆོས་ཐམས་

ཅད་སྡུད་པར་བྱེད་པ་ཕུང་པོ་ལ་སོགས་པ་ནི་དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པ་ཡིན་ན་དེ་ལས་ཐ་དད་པར་བསྟན་པར་མི་ནུས་སོ་ཞེས་བྱ་བ་བརྗོད་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྡུད་པ་ཡིན་ནོ། །འདུ་ཤེས་པ་དང་ཀུན་ཤེས་པ་དག་ནི་གོ་རིམས་བཞིན་དུ་རང་དང་སྤྱིའི་

མཚན་ཉིད་དོ། །བཏགས་པ་ནི་དེའི་བརྡ་ཉེ་བར་འཛིན་པའོ། །ཐ་སྙད་ནི་བཏགས་པ་སྔོན་དུ་འགྲོ་བས་ཕན་པ་དང་གནོད་པ་ཐོབ་པ་སྤང་བའོ། །དབང་པོའི་རིམ་པ་ཡོད་པས་འདི་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱ་བ་ཡིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གྱི་དོན་དུ་

เล่ม ๘๕ · หน้า 159b

གང་གིས་ཐབས་མཁས་པ་ཆུང་ངུ་ལ་སོགས་པའི་རིམ་པའི་དབྱེ་བས་བསྒོམས་པས་དེ་རྣལ་འབྱོར་ཐོབ་པར་འགྱུར་བས་འདི་ནི་ཕྱེ་སྟེ་བརྗོད་པར་བྱ་བ་ཡིན་ནོ། །འདིས་ནི་ཐབས་ལ་མཁས་པ་གསུངས་པ་ཡིན་ནོ། །ཇི་སྐད་དུ་བརྗོད་པའི་རྟེན་པ་ལ་སོགས་པ་གསུམ་ནི་སྐྱེད་པའི་རྒྱུ་ཡིན་ནོ། །དེ་

སྐད་དུ་ཡང་། སངས་རྒྱས་བསྟན་དང་སྦྱིན་སོགས་དང་། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཞེས་གསུངས་པ་ཡིན་ནོ། །མི་སྐྱེ་བའི་རྒྱུ་བསྟན་པར་བྱ་བའི་ཕྱིར། རབ་འབྱོར་ཡང་རྣམ་གྲངས་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་མོས་

པའི་རྒྱུ་ཅི་ཞིག་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། སྔོན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁོར་དེ་ནས་འབྱོལ་ཏེ་ཞེས་བྱ་བ་ལ་སྤོང་བའི་སེམས་ཀྱིས་ཞེས་བྱ་བ་ནི་ལྷག་མའོ། །བསགས་ལ་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་ལ་སོགས་པའི་གནས་

སྐབས་གསུམ་དུ་གོ་རིམས་བཞིན་དུ་སྦྱར་རོ། །ལུས་ཀྱིས་མཐུན་པར་མི་བྱེད་པ་ནི་ལུས་ཉེ་བར་མི་བྱེད་པས་སོ། །སེམས་ཀྱིས་མཐུན་པར་མི་བྱེད་པ་ནི་སེམས་རྣམ་པར་གཡེངས་པས་སོ། །མི་ཤེས་མི་རིག་ཁོང་དུ་མི་ཆུད་ཅེས་བྱེ་བ་ནི་གོ་རིམས་བཞིན་དུ་མངོན་སུམ་དང་རྗེས་སུ་དཔག་པ་དང་

ལུང་གི་ཚད་མས་སོ། །དེ་ཉིད་ཀྱིས་ན་རིག་པར་མི་བྱེད་དེ་གཞན་དག་ཅེས་བྱ་བ་ནི་ལྷག་མའོ། །སྤོང་བ་ནི་རང་གི་ངོ་བོ་འདོར་བའོ། །སྐུར་བར་འགྱུར་བ་ནི་མཐུ་ལ་སྙོན་པའི་ཕྱིར་རོ། །མི་སྙན་པར་བརྗོད་པ་ནི་ཡིད་དུ་མི་འོང་བའི་ཚིག་སྨྲ་བའོ། །བཅོམ་ཞིང་ཞེས་བྱ་བ་ནི་དགེ་བའི་རྩ་བ་མ་བསྐྱེད་པའི་

ཕྱིར་རོ། །བསྲེགས་པ་ནི་མི་དགེ་བའི་བག་ཆགས་བསྐྱེད་པས་སོ། །བསོད་ནམས་ཆུང་བ་ནི་སྦྱིན་པ་ལ་སོགས་པ་གསུམ་ཆུང་ངུ་དང་ལྡན་པས་སོ། །དགེ་བའི་རྩ་བ་ཆུང་བ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་ཆུང་ངུ་ཡོད་པས་སོ། །ཕྱིར་ལྡོག་ཅིང་ཞེས་བྱ་བ་ནི་བྱེད་འདོད་པ་ཉིད་མེད་

པར་བྱེད་པས་སོ། །འབྲལ་བར་བྱེད་ཅེས་བྱ་བ་ནི་རང་གི་ངོ་བོ་འདོར་བར་བྱེད་པའི་ཕྱིར་རོ། །ལྡོག་པར་བྱེད་དེ་ཞེས་བྱ་བ་ནི་ཡང་འཇུག་པ་ལས་ལྡོག་པས་སོ། །དེ་རྣམ་པ་ཐམས་ཅད་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ནས་ནི་སངས་རྒྱས་དཀོན་མཆོག་ལ་སོགས་པའི་རང་

เล่ม ๘๕ · หน้า 160a

བཞིན་གྱིས་སོ། །ཐམས་ཅད་ནས་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་རང་བཞིན་ནོ། །རྣམ་པ་ཐམས་ཅད་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་སོ། །ཐམས་ཅད་དུ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་རྣམ་པས་སོ། །ཉེ་བར་

གཞག་པ་ནི་བསྐྱེད་པ་ཡིན་པའི་ཕྱིར་རོ། །ཀུན་ནས་བསླང་བ་ནི་འཇིག་པ་མེད་པས་སོ། །དམྱལ་བ་ཆེན་པོ་རྣམས་སུ་ཞེས་བྱ་བ་ནི་འཛམ་བུའི་གླིང་གི་འོག་གི་སྟོང་ཕྲག་ཉི་ཤུ་ན་དེའི་ཚད་ཙམ་གྱི་དམྱལ་བ་ཆེན་པོ་མནར་མེད་པའོ། །དེའི་སྟེང་ན་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་

དང་། ངུ་འབོད་དང་། བསྡུས་འཇོམས་པ་དང་། ཐིག་ནག་དང་། ཡང་སོས་ཏེ། དམྱལ་བ་ཆེན་པོ་བརྒྱད་དོ། །མེས་འཇིག་པའི་བསྐལ་པ་ཞེས་བྱ་བ་ནི་དམྱལ་བའི་འགྲོ་བ་ནས་བཟུང་སྟེ་ཚངས་པའི་འཇིག་རྟེན་གྱི་བར་གྱི་འཇིག་རྟེན་ན་སེམས་ཅན་འགའ་ཡང་ལུས་པར་མ་གྱུར་པ་དེའི་

ཚེ་སྣོད་ཀྱི་འཇིག་རྟེན་སྟོང་པར་ཉི་མ་བདུན་བྱུང་ནས་རིམ་གྱིས་ཆུའི་དཀྱིལ་འཁོར་ནས་བརྩམས་ཏེ་བསམ་གཏན་དང་པོའི་བར་དུ་སྲེག་པའོ། །འཇིག་རྟེན་གྱི་ཁམས་གཞན་ན་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་གཞན་དུའོ། །སྡུག་བསྔལ་མང་པོ་ཉམས་སུ་མྱོང་བའི་རྒྱུ་ཅི་ཞིག་

ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དེ་དག་དེ་ལྟ་བུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །མཚམས་མ་མཆིས་པ་ལྔའི་ལས་ནི་མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་

པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་སྟེ། ལས་ལྔ་པོ་འདི་དག་བྱས་པའི་རྗེས་ཐོགས་ཉིད་ལ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་མཚམས་མེད་པའོ། །འབྲས་བུ་དང་རྒྱུ་དང་རང་བཞིན་གསུམ་གྱི་འདྲ་བ་མེད་པས་ན། གོ་རིམས་བཞིན་དུ་གཟུགས་བརྙན་

དུའམ། རྗེས་སུ་མཐུན་པའམ། ཚུལ་མཐུན་པ་ཙམ་དུ་ཡང་འདྲ་བ་མ་ལགས་སོ་ཞེས་བྱ་བར་སྦྱར་རོ། །སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་འཇུག་པ་ཡིན་ནམ། དེ་དག་དང་འགྲོགས་པ་ལ་སོགས་པ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤཱ་རིའི་བུ་དེ་ལྟ་བུའི་གང་ཟག་དེ་དག་ནི་ཞེས་བྱ་བ་

เล่ม ๘๕ · หน้า 160b

ལ་སོགས་པ་གསུངས་སོ། །གཞན་དག་ལ་ཡང་རང་གི་ཉེས་པ་དགོད་པས་ན་ལོ་འདབ་རུལ་བ་ལྟ་བུའོ། །འབྲུ་མ་རུངས་པར་བྱེད་པའི་རྩྭའི་རིགས་དང་འདྲ་བའི་བྱང་ཆུབ་སེམས་དཔའི་འབྲུ་མ་རུངས་པར་བྱེད་པའི་ཕྱིར་ནག་པོའི་རང་བཞིན་ཅན་ནོ། །སྦྲུལ་ནག་པོ་དང་འདྲ་བར་ཞེ་སྡང་མང་

བའི་ཕྱིར་ནག་པོ་ཉེ་བར་བསྐྱེད་པའོ། །ཚུལ་མ་ཡིན་པས་བརླག་པར་འགྱུར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟ་བུའི་སྡིག་པ་བྱེད་པ་དང་ལྷན་ཅིག་སྙིང་རྗེའི་ཡུལ་ཡིན་པ་ཉིད་ཀྱིས་འགྲོགས་པ་དང་ཡུལ་གྱི་བགོ་བཤའ་ལ་སོགས་པ་ཡོངས་སུ་སྤོངས་པར་བྱ་སྟེ། ཚུལ་མ་ཡིན་པ་ཉེ་བར་སྤྱོད་པ་འདི་དང་པོ་པ་

འགྲོགས་པ་ལ་སོགས་པས་འཕོངས་ཤིང་བརླག་པར་འགྱུར་བ་དེ་བས་ན་དམ་པའི་ཆོས་སུན་འབྱིན་པ་ནི་རིང་དུ་སྤང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་ལ་སུན་འབྱིན་པ་གང་ཞིག་ལ་བྱ་ཞེ་ན། ཤཱ་རིའི་བུ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཚད་ཡོད་བཞིན་དུ་ཅིའི་ཕྱིར་

མི་གསུང་སྙམ་པའི་དོགས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། གང་ཟག་དེ་ལྟ་བུའི་ལུས་ཀྱི་ཚད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དམྱལ་བ་ཆེན་པོའི་ལུས་ཀྱི་ཚད་ཐོས་ན་སྡུག་བསྔལ་ཆེ་བ་ཉིད་དུ་གོ་བས་འཇིགས་པ་ཆེན་པོས་གཉེན་པོ་ཀུན་ཏུ་སྤྱོད་པ་ལ་སོགས་པ་དང་

དེ་འགལ་བར་དེ་འཕྲལ་དུ་ཁྲག་དྲོན་པོ་ཁ་ནས་སྐྱུག་པ་ལ་སོགས་པར་འགྱུར་བས་དེ་བས་ན་ཚད་མ་བསྟན་ཏོ་ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ནོ། །འཆི་བ་ཙམ་ཡང་སྡུག་བསྔལ་མི་བཟད་པ་དང་ནད་ཀྱིས་རེག་ཅིང་ཞེས་བྱ་བ་ནི་ཆུང་ངུ་འབྲིང་དང་ཆེན་པོའི་དབྱེ་བས་ཚིག་གསུམ་གསུངས་པ་ཡིན་ནོ། །ཕྱི་

མའི་སྐྱེ་བོ་མང་པོ་ལ་གདགས་པ་སྣང་བར་བགྱིས་པར་འགྱུར་གྱི་ཞེས་བྱ་བ་ནི་མི་དགེ་བའི་ལས་བྱེད་པ་རྣམས་སྐྱོ་བ་བསྐྱེད་པས་ཆོས་ཀྱི་སྣང་བ་ཡིན་ནོ། །སྐྱོ་བར་འགྱུར་རོ་ཞེས་བྱ་བ་ནི་དེའི་རྒྱུ་ཡིན་པས་དེ་སྐད་ཅེས་བྱའོ། །ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཤིན་ཏུ་བསྡམ་པར་

བགྱིའོ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་དྲན་པ་དང་ཤེས་བཞིན་ལ་བརྟེན་ནས་ལུས་དང་ངག་དང་ཡིད་ཀྱི་དགེ་བའི་ལས་ཉམས་སུ་བླང་བར་གསུངས་པ་ཡིན་ནོ། །གོ་ཟློག་པར་བྱེད་པ་ལ་ཉེས་པ་ཅི་ཞིག་ཡོད་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་དེ་

เล่ม ๘๕ · หน้า 161a

ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བུས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱིས་སོ། །འདི་ནི་གཙོར་ཉེ་བར་མཚོན་པ་ཙམ་དུ་ཟད་དེ་ལུས་དང་ཡིད་ཀྱི་ཕྱིན་ཅི་ལོག་གིས་ཀྱང་ཞེས་ཤེས་པར་བྱའོ། །འདས་མ་ཐག་པའི་

ངག་གིས་ཉེས་པར་སྨྲས་པའི་སྐབས་ཉེ་བར་བསྡུ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དུ་ན་དེ་མ་ཐག་ཏུ་གསུངས་ཟིན་པ་ལ་ཞུ་བ་ཇི་ལྟར་འགྱུར། སུན་དབྱུང་བར་སེམས་པར་འགྱུར་ཞེས་བྱ་བ་ནི་ཕན་ཚུན་འགལ་བར་བརྗོད་པས་སོ། །སྐུར་

པར་སེམས་པར་འགྱུར་ཞེས་བྱ་བ་སྔ་མ་དང་འདྲའོ། །ཕྱིར་གཞིལ་བར་སེམས་པར་འགྱུར་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པའི་ཚད་མ་དང་འགལ་བས་སོ། །སྐྱེས་བུ་གཏི་མུག་ཅན་ཞེས་བྱ་བ་ནི། རང་གི་ཉིད་ལ་འཇུག་པ་དང་། །རང་གི་འདུལ་ལ་སྣང་ཕྱིར་དང་། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །

ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་གསུངས་པས་སངས་རྒྱས་ཀྱིས་གསུངས་པའི་མཚན་ཉིད་གང་མདོ་སྡེ་ལ་འཇུག་པ་དང་། འདུལ་བ་ལ་སྣང་བ་དང་། ཆོས་ཉིད་དང་མི་འགལ་བ་ཡིན་ནོ་ཞེས་མ་རྟོགས་པས། མདོ་སྡེ་ལ་སོགས་པས་ཡང་དག་པར་བསྡུས་པར་རྒྱལ་བའི་ཡུམ་གྱི་རང་བཞིན་

ངེས་པར་མི་འཛིན་པས་རྨོངས་པའོ། །འདི་སྙམ་དུ་སྡེ་པའི་གཞུང་གི་མདོ་སྡེ་ཚད་ཉུང་ཟད་ལ་མི་འཇུག་པའི་ཕྱིར་དང་། དེ་བཞིན་དུ་ཚད་ཡོངས་སུ་ཆད་པའི་འདུལ་བའི་སྡེ་སྣོད་ལ་མཐོང་བའི་ཕྱིར་དང་། དེ་བཞིན་དུ་གང་ཟག་ལ་བདག་མེད་པ་ལ་སོགས་པའི་ཆོས་ཉིད་དུ་གཞག་པ་དང་།

མི་མཐུན་པའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ནི་སྤངས་པས་རྨོངས་པར་མི་འགྱུར་རོ་བྱ་བར་སེམས་ན། དེ་ལྟ་ཡིན་ན་ནི་མདོ་སྡེ་ལྷུག་པ་རྣམས་ཀྱང་མདོ་སྡེའི་སྡེ་སྣོད་རྣམས་སུ་མ་གསུངས་པས་སངས་རྒྱས་ཀྱི་བཀའ་མ་ཡིན་པར་ཁས་བླང་བར་བྱ་བར་འགྱུར་རོ། །དེ་བཞིན་

དུ་མདོ་སྡེའི་སྡེ་སྣོད་རེ་རེར་མདོ་སྡེའི་སྡེ་སྣོད་གཞན་རྣམས་རྣམ་པ་ཐམས་ཅད་འཇུག་པ་མ་ཡིན་ནོ། །དེ་བཞིན་དུ་འདུལ་བ་རེ་རེ་ལ་འདུལ་བ་གཞན་རྣམས་ཀྱི་རྣམ་པ་ཐམས་ཅད་སྣང་བ་མ་ཡིན་ནོ། །དེ་བཞིན་དུ་སྡེ་པ་རེ་རེའི་ཆོས་ཉིད་དུ་གཞག་པ་གང་ཡིན་པ་དེ་སྡེ་པ་གཞན་རྣམས་ཀྱི་ཆོས་

เล่ม ๘๕ · หน้า 161b

ཉིད་དང་མཐུན་པ་མ་ཡིན་ནོ། །དེ་ལྟར་ན་སྡེ་པ་བཅོ་བརྒྱད་ཀྱིས་ཕྱེ་བའི་མདོ་སྡེ་དང་འདུལ་བ་དང་མངོན་པའི་སྡེ་སྣོད་ཕན་ཚུན་གཅིག་ལ་གཅིག་གཞུང་དང་དོན་ཐ་དད་པ་རྣམས་སངས་རྒྱས་ཀྱི་བཀའ་ཡིན་པར་ཇི་ལྟར་འགྲུབ། དེས་ན་འདིས་ནི་ཁྱབ་པ་མ་ཡིན་པ་ལ་སངས་རྒྱས་ཀྱི་བཀའི་མཚན་ཉིད་ཡིན་ནོ་

ཞེས་ཁས་འཆེ་བས་ན་རྨོངས་པ་ཉིད་ཡིན་ནོ། །ཡང་ན་ཡིད་ཀྱི་ཉེས་པ་རང་བཞིན་སྟུག་པ་སྟེ། །མི་རིག་པ་ཡི་གཟུགས་ལའང་མི་རིག་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེའི་ཕྱིར་བཏང་སྙོམས་གཞག་ལེགས་ཉེས་པ་མེད། །ཅེས་བྱ་བའི་དོན་འདི་མ་ཤེས་པས་ན་སྐྱེས་བུ་གཏི་མུག་

ཅེས་བྱའོ། །སུན་དབྱུང་བར་སེམས་པ་ཞེས་བྱ་བ་ནི་ཕན་ཚུན་འགལ་བར་བརྗོད་པས་སོ། །སྤོང་བར་སེམས་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །ཕྱིར་གཞིལ་བར་ཞེས་བྱ་བ་ལ་སོགས་པ་ནི་མངོན་སུམ་ལ་སོགས་པའི་ཚད་མ་དང་འགལ་བས་སོ། །དམ་པའི་ཆོས་སྤོང་བར་བྱེད་པ་འདིའི་རྒྱུ་རྣམ་པ་

བཞི་བསྟན་པའི་ཕྱིར། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་བཞི་པོ་དེ་དག་ཅེས་བྱ་བ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་དང་། ཟབ་པའི་ཆོས་ལ་མ་མོས་པ་དང་ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་

ཡོངས་སུ་ཟིན་པ་སྟེ། སྤོང་བའི་རྒྱུ་བཞིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་ཡང་། ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་། །ཟབ་མོའི་ཆོས་ལ་མ་མོས་དང་། ཕུང་པོ་ལ་སོགས་མངོན་ཞེན་དང་། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས་བྱ་བ་

གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པ་རྒྱན་གྱི་སྣང་བ་ལས། སེམས་ཅན་དམྱལ་བའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །།དེ་ལྟར་རྟོགས་པ་དང་མ་རྟོགས་པའི་རྒྱུ་ཐོབ་པ་དང་ཡོངས་སུ་སྤང་བའི་ཡུལ་གསུངས་ནས། སྐབས་སུ་བབ་པ་ཤིན་

ཏུ་རྣམ་པར་དག་པའི་མཚན་ཉིད་ཀྱི་བསྒོམ་པའི་ལམ་གྱི་རྣམ་པར་དག་པ་སྤྱིར་བསྟན་པའི་དོན་དུ་ཟབ་པ་ཉིད་སྟོན་པར་བྱེད་པས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མི་བརྩོན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཀའ་ཞིང་སྡུག་བསྔལ་བས་ལྷག་པར་མོས་པ་ཡིན་པས་ན་མོས་

เล่ม ๘๕ · หน้า 162a

པར་དཀའ་བ་སྟེ། ལྷག་པར་མོས་པར་དཀའ་བ་ཞེས་བྱ་བའི་དོན་ཏོ། །སོ་སོའི་སྐྱེ་བོ་དང་འཕགས་པའི་དབྱེ་བས་ནི་འཆིང་བ་དང་གྲོལ་བ་ཉིད་ཡོད་པ་མ་ཡིན་ནམ། ཇི་ལྟར་ན་གཟུགས་མ་བཅིངས་མ་གྲོལ་བ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། གཟུགས་

ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། དུས་གསུམ་གྱི་གཟུགས་ནི་རིག་པས་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །སྤྱིར་བསྟན་ནས་འདས་པ་ལ་སོགས་པའི་དབྱེ་བས་རབ་འབྱོར་གཟུགས་ཀྱི་སྔོན་གྱི་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་

ནས། སྔོན་གྱི་མཐའ་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། རྒྱུ་དེ་ཁོ་ནས་མ་སྐྱེས་པ་ཉིད་ཀྱིས་སྔོན་གྱི་མཐའི་ངོ་བོ་ཉིད་ད་ལྟར་བྱུང་བའི་གཟུགས་གང་ལ་མེད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། ཕྱི་མའི་མཐའ་ངོ་བོ་ཉིད་མེད་པའི་ཕྱིར་

རོ་ཞེས་བྱ་བ་གསུངས་ཏེ། རྒྱུ་དེ་ཁོ་ནས་མ་སྐྱེས་པ་ཉིད་ཀྱི་མཐའ་འབྲས་བུ་ངོ་བོ་ཉིད་འདི་ལ་མེད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། ད་ལྟར་བྱུང་བ་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པ་རང་གི་ངོ་བོ་སྟོང་པ་ཉིད་

ཀྱིས་ད་ལྟར་བྱུང་བ་མཚན་ཉིད་དང་བྲལ་བ་ཡིན་ནོ། །མོས་པར་དཀའ་བ་ནི་སོ་སོའི་སྐྱེ་བོའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཤིན་ཏུ་མོས་པར་དཀའ་བ་ནི་འཛིན་པའི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་

དག་ནི་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་ཐ་དད་པར་རྟོགས་པའི་ཕྱིར་ཇི་ལྟར་ན་ཤིན་ཏུ་མོས་པར་དཀའ་བ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་གཟུགས་ཀྱི་རྣམ་པར་དག་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྣ་ཚོགས་པ་ཉིད་ཀྱི་དབྱེ་བ་མེད་པས་ཐ་དད་

པའོ། །རབ་ཏུ་དབྱེ་བའི་མཚན་ཉིད་ཀྱིས་ཆོད་པ་མེད་པས་ན་མ་ཆད་པའོ། །ཡང་ན་རང་དང་སྤྱིའི་མཚན་ཉིད་ཀྱི་སྣ་ཚོགས་པ་དང་བྲལ་བས་གོ་རིམས་བཞིན་དུ་གསུངས་སོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ལ། ཀུན་རྫོབ་དེ་བཞིན་ཉིད་གང་ཡིན། །དེ་ཉིད་དམ་པའི་དོན་ཕྱིར་བཞེད། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด