བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་ས་མ་ཡ་ཨ་ལངྐཱ་ར་བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་བྲྀཏྟི་པྲཛྙཱ་པྲ་དཱི་པ་ཨ་བ་ལི་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๘ · หน้า 31b
ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་བྱ་བའོ། །བླ་ན་མེད་པའི་བྱང་ཆུབ་ལ་སོགས་པ་ཡུལ་ཁྱད་པར་ཐེག་པ་གསུམ་གྱི་ལམ་སྟོན་པའི་རྒྱུར་གྱུར་པ་ཉིད་ཀྱིས་བྱེད་པ་མཆོག་ཏུ་གྱུར་པ་དང་། དེར་བསྔོ་བ་རབ་ཏུ་དབྱེ་བ་ནི་བསྔོ་བར་
བྱ་བ་ཉིད་ཀྱིས་རྫས་ཡང་དག་པར་མི་དམིགས་པ། བསྔོ་བ་བྱེད་པ་ཉིད་སེམས་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དང་། བསྔོས་པའི་འབྲས་བུ་བསོད་ནམས་མངོན་པར་འདུ་བྱ་བ་དང་། བྱེད་པ་པོས་དབེན་པ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བའི་ཚོགས་ཀྱི་རང་
བཞིན་དག་སྐྱེ་བ་དང་འགག་པ་མེད་པ་དང་ཐ་མི་དད་པ་དྲན་པ་དང་། ཐབས་ལ་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བའི་རྩ་བར་མ་ཞེན་པ་དང་། བཀག་པ་ཉིད་ཀྱིས་མཚན་མར་འཛིན་པ་མེད་པ་དང་། ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་ངོ་བོས་ཡོངས་སུ་
བསྔོ་བས་སངས་རྒྱས་དགྱེས་པ་དང་། ཁམས་གསུམ་ལས་འདས་པར་བསྔོ་བས་ཁམས་གསུམ་པར་གཏོགས་པ་མ་ཡིན་པ་དང་། དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་ལ་གནས་པ་སྟེ་ཆུང་ངུ་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལ་གནས་པ་སྟེ་འབྲིང་དང་། བླ་ན་མེད་པའི་བྱང་
ཆུབ་ལ་གནས་པ་ཆེན་པོ་སྟེ། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུ་དང་། ཚད་མེད་པ་ལ་སོགས་པ་ལ་བཀོད་པ་བས་དོན་ཆེའོ་ཞེས་བྱ་བ་ལ་སོགས་པས་བསོད་ནམས་ཆེན་པོ་འབྱུང་བའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་དམིགས་པ་ལ་དམིགས་པའི་བདག་ཉིད་ཀྱི་དགེ་བའི་
རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་མཚན་ཉིད་ནི་རྣམ་པ་བཅུ་གཉིས་ཡིན་ནོ། །ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་གྱ་ནོམ་པ་ནི་མངོན་པར་ཡོངས་སུ་སྤེལ་བར་བྱ་བའི་ཕྱིར་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་གསུངས་པ། ཐབས་དང་མི་དམིགས་པ་དག་
གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་བྱ་བའོ། །རང་དང་གཞན་གྱིས་དུས་གསུམ་དུ་བྱས་པའི་དགེ་བའི་རྩ་བ་ཟད་པ་དང་བཅས་པ་དང་ཅིག་ཤོས་དག་ལ་རབ་ཏུ་དགའ་བའི་སེམས་ཀྱིས་ཀུན་རྫོབ་ཏུ་ཐབས་ལ་
เล่ม ๘๘ · หน้า 32a
མཁས་པས་དམིགས་པ་འགའ་ཡང་མེད་པས་ཀུན་ནས་རྗེས་སུ་ཡི་རང་བར་བྱེད་པ་ནི་བསྒོམ་པའི་ལམ་གྱི་སྐབས་འདིར་ཚེགས་ཆུང་ངུས་བསམ་གྱིས་མི་ཁྱབ་པའི་བསོད་ནམས་མངོན་པར་འཕེལ་བར་བྱེད་པ་ཡིན་ནོ། །དེ་ལ་མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང་བ་ཡིད་ལ་
བྱེད་པ་འདི་དག་གིས་ནི་གོ་རིམས་ལྟར་འབྱུང་ཁུངས་ནས་གསེར་གྱི་གར་བུ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་པ་ཉིད་དང་། གསེར་མཁན་གྱིས་རྒྱན་བཞིན་དུ་བླ་ན་མེད་པའི་ཡན་ལག་ཏུ་བསྒྱུར་བ་དང་། སྐྱེ་བོ་རབ་ཏུ་མང་པོ་ལ་མཛེས་པར་འགྱུར་བ་བཞིན་དུ་དཔག་ཏུ་མེད་པའི་དགེ་བའི་
རྩ་བ་ཤིན་ཏུ་འཕེལ་བར་བྱེད་དོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ནོ། །དེའི་འོག་ཏུ་ཟག་པ་མེད་པའི་བསྒོམ་པའི་ལམ་བསྟན་པར་བྱ་བ་ལས་དང་པོར་ཡོན་ཏན་མངོན་པར་སྒྲུབ་པའི་མཚན་ཉིད་ཀྱི་བསྒོམ་པའི་ལམ་གསུངས་པ། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་
བྱེད། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་བྱ་བའོ། །གཟུགས་ལ་སོགས་པ་ལ་རང་གི་ཆོས་ཉིད་ཇི་ལྟར་རྟོགས་པ་ངོ་བོ་ཉིད་དང་། དམིགས་པ་དང་བཅས་པའི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་གནོན་པས་མཆོག་ཉིད་དང་། ཆོས་
ཐམས་ཅད་ལ་སྐྱེ་བ་དང་འགག་པ་ལ་སོགས་པའི་མཚན་མར་མི་འཛིན་པས་མངོན་པར་འདུ་བྱ་བ་མེད་པ་ཉིད་དང་། དེ་ལྟ་བུའི་ལམ་གྱིས་འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་མཐའ་དག་མི་དམིགས་པ་ཉིད་དུ་རྣལ་འབྱོར་པའི་རྒྱུད་ལ་སྐྱེད་ཅིང་གཏོད་པ་དང་། མི་གནས་པའི་མྱ་ངན་
ལས་འདས་པ་ཉིད་ཀྱི་འབྲས་བུར་བྱེད་པས་དོན་ཆེན་པོ་ཉིད་དོ། །སྒྲུབ་པ་དང་ལྡན་པ་ལ་རྣམ་པར་དག་པའི་ལམ་བསྒོམ་པ་འབྱུང་བས་དེ་བཤད་པའི་ཕྱིར་གང་ཞིག་ཡོངས་སུ་གཟུང་བ་དང་དོར་བས་འདི་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་སྔོན་དུ་གསུངས་པ། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། །
ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་། །ཟབ་མོའི་ཆོས་ལ་མ་མོས་དང་། །ཕུང་པོ་ལ་སོགས་མངོན་ཞེན་དང་། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས་བྱ་བའོ། །སངས་རྒྱས་
เล่ม ๘๘ · หน้า 32b
བསྟེན་པ་ལ་སོགས་པ་ཡུན་རིང་པོར་བསྙེན་བཀུར་ཞིང་དྲི་བ་བྱས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང་ཐེག་པ་ཆེན་པོའི་ཚུལ་བསྲུང་བ་དང་། འདི་ལ་མཉམ་པར་འཇོག་པ་ཉིད་ཀྱི་ཐབས་ལ་མཁས་པ་གང་ཡིན་པ་དེ་ནི་རྣམ་པར་དག་པའི་ལམ་འདི་ལ་མོས་ཤིང་སྐྱེ་བར་འགྱུར་བའི་རྒྱུ་
ཡིན་ནོ། །སྔོན་དགེ་བའི་རྩ་བ་མ་བསགས་པས་བདུད་ཀྱི་བྱིན་གྱིས་བརླབས་པ་དང་། ཐེག་པ་ཆེན་པོའི་རིགས་མ་སྦྱངས་པས་ཆོས་ཟབ་མོ་ལ་མ་མོས་པ་དང་། བདག་མེད་པ་ཉིད་ཀྱི་དོན་ལ་ལེགས་པར་གོམས་པ་མེད་པས་ཕུང་པོ་ལ་སོགས་པར་མངོན་པར་ཞེན་པ་དང་། དགེ་བའི་
བཤེས་གཉེན་ལ་འདྲིས་པར་མ་བྱས་པས་སྡིག་པའི་གྲོགས་པོས་ཟིན་པ་དག་ནི་འདི་མི་སྐྱེ་ཞིང་ཆོས་ཀྱིས་ཕོངས་པར་འགྱུར་བའི་རྒྱུ་ཡིན་ནོ། །དེའི་རྗེས་ལ་སྐབས་སུ་བབ་པའི་རྣམ་པར་དག་པ་སྤྱིར་གསུངས་པ། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་
གཉིས་ཐ་དད་མ་ཡིན་ཞིང་། །གཅད་དུ་མེད་པས་དག་པར་བརྗོད། །ཅེས་བྱ་བའོ། །འདི་ལྟར་འཕགས་པའི་གང་ཟག་རྣམས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རྣམ་པར་དག་པ་ཡིན་ལ། དེ་ཉིད་གཟུགས་ལ་སོགས་པ་རྣམ་པར་དག་
པ་ཡིན་ཏེ། འབྲས་བུ་དང་གཟུགས་ལ་སོགས་པ་རྣམ་པར་དག་པ་ནི་དེ་ལ་བདག་ཏུ་མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བས་རབ་ཏུ་ཕྱེ་བ་ཉིད་ཀྱིས་གང་གི་ཕྱིར་དེ་དག་གི་རྣམ་པར་དག་པ་རང་དང་སྤྱིའི་མཚན་ཀྱིས་ཐ་མི་དད་ཅིང་གཅད་དུ་མེད་པ་ཉིད་དེ། དེའི་ཕྱིར་དེ་ལྟར་རྣམ་པར་
དག་པར་བརྗོད་དོ། །དེའི་རྗེས་ལ་རྣམ་པར་དག་པ་བྱེ་བྲག་ཏུ་གསུངས་པ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང་། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་བྱ་བའོ། །གང་ཟག་ཏུ་ལྟ་བ་དང་འབྲེལ་བའི་
འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་པ་ནི་ཉན་ཐོས་རྣམས་ཀྱི་དག་པ་དང་། གཟུང་བར་ལྟ་བ་དང་འབྲེལ་བ་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་སྤངས་པ་ནི་རང་སངས་རྒྱས་རྣམས་ཀྱི་དག་པ་དང་། གང་ཟག་དང་ཆོས་སུ་ལྟ་བ་དང་འབྲེལ་བ་ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་
เล่ม ๘๘ · หน้า 33a
སྤངས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དག་པ་ཡིན་ནོ། །ལྟ་བ་ཐམས་ཅད་དང་འབྲེལ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་པར་
བལྟའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་དག་པའི་སྒྲིབ་པ་རྣམ་པར་དག་པ་ཡིན་པར་བརྟག་ཅེ་ན། གཉེན་པོ་དགུས་སྤང་བར་བྱ་བར་རྣམ་པར་བསལ་བའི་ཚུལ་གསུངས་པ། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །
སོགས་པའི་ལམ་ནི་དག་པ་ཡིན། །ཞེས་བྱ་བའོ། །འདོད་པའི་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དག་སྟེ། ས་དགུ་ལ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་དགུ་ཉིད་ཀྱིས་གོ་རིམས་ལྟར་མི་མཐུན་པའི་ཕྱོགས་ཆེན་པོའི་ཆེན་པོ་ལ་སོགས་པ་
རྣམ་པ་དགུའི་དྲི་མ་སེལ་བར་བྱེད་པའི་ཕྱིར་ཏེ། གོས་ལ་དྲི་མ་ཕྲ་མོ་བསལ་བ་ལ་བཙོ་བླག་མཁན་ཆེ་ཐང་དུ་འབད་པ་ལ་སོགས་པ་བཞིན་ནོ། །ཅིའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པ་ཤིན་ཏུ་རབ་ཏུ་བརྗོད་ཅེ་ན། དེའི་ཕྱིར་མ་ལུས་པའི་གཉེན་པོ་ཕུལ་
དུ་གྱུར་པ་རྫོགས་པའི་མཚན་ཉིད་གསུངས་པ། དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །མཉམ་པ་ཉིད་ཀྱིས་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་བྱ་བའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ལ་སྤང་བར་བྱ་བ་དང་གཉེན་
པོ་མི་འཐད་དོ་ཞེས་པ་དང་། དེ་བཞིན་དུ་དོར་བ་དང་བླང་བར་བྱ་བ་དང་། ཐོབ་པ་དང་མངོན་པར་རྟོགས་པ་མི་རུང་ངོ་ཞེས་བྱ་བའི་ཀླན་ཀ་དག་བདེན་པ་གཉིས་ལ་བརྟེན་པའི་ལམ་གྱིས་རྣམ་པར་བསལ་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་ནི་མཉམ་པ་ཉིད་གང་ཡིན་པ་ཁམས་གསུམ་
པའི་རྣམ་པ་ཅན་གྱི་ཤེས་པ་དང་ཤེས་པར་བྱ་བ་དག་མི་དམིགས་པ་ཉིད་ཀྱིས་དྲི་མར་གྱུར་པ་མཐའ་དག་གི་གཉེན་པོ་ཡོངས་སུ་རྫོགས་པ་མཐར་ཕྱིན་པའི་རྣམ་པར་དག་པ་ཤིན་ཏུ་བ་ཡིན་པར་འདོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་
เล่ม ๘๘ · หน้า 33b
རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་གཉིས་པའི་འགྲེལ་པའོ།། །།ལམ་ཐམས་ཅད་ལེགས་པར་ཡོངས་སུ་ཤེས་པ་ཉིད་ཀྱང་གཞི་ཐམས་ཅད་ཤེས་པ་ལ་རག་ལས་པས་དང་པོར་ཡང་དག་པའི་མཚན་ཉིད་ཅན་གྱི་གཞི་ཐམས་ཅད་ཤེས་པ་
གསུངས་པ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པས། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་བྱ་བའོ། །དུས་གསུམ་པའི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པའི་བདག་ཉིད་དུ་མཉམ་པ་ཉིད་དུ་རྟོགས་
པས་ཤེས་རབ་དང་སྙིང་རྗེ་ཡང་དག་པ་ཉིད་ཀྱིས་ཚུ་རོལ་དང་ཕ་རོལ་གྱི་མཐའ་འཁོར་བ་དང་མྱ་ངན་ལས་འདས་པ་རྟག་པ་དང་ཆད་པའི་མཚན་ཉིད་དང་། དེ་དག་གི་བར་ན་ཡང་མི་གནས་པའི་ཕྱིར་ཡང་དག་པ་ཉིད་ཀྱི་གཞི་ཐམས་ཅད་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་དོ། །
འདིས་ནི་ཉན་ཐོས་ལ་སོགས་པ་ལ་དུས་རྣམ་པ་གསུམ་མཉམ་པ་ཉིད་ཤེས་པ་མེད་པའི་ཕྱིར་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཟད་པས་ཤེས་རབ་དང་སྙིང་རྗེ་དང་བྲལ་ཏེ། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་སྲིད་པ་དང་ཞི་བའི་མཐའ་ལ་
གནས་པར་བསྟན་ཏོ། །གང་གིས་མི་གནས་པའི་མཚན་ཉིད་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་རིང་བ་དང་ཉེ་བར་འགྱུར་ཞེ་ན། དེ་རང་གི་རྒྱུ་མཚན་གསུངས་པ། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །
ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་བྱ་བའོ། །སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་སྒྱུ་མའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཁོ་ན་ཉིད་མ་ཤེས་པས་ཡུལ་སོ་སོ་ལ་མངོན་པར་ཞེན་པར་འགྱུར་བ་བཞིན་དུ། ཉན་ཐོས་ལ་སོགས་པ་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་
ཐབས་ལ་མཁས་པ་དང་བྲལ་བས་དངོས་པོ་རྣམས་ལ་མིང་དང་དོན་གྱི་མཚན་མར་དམིགས་པའི་སྒོ་ནས་མཚན་མ་མེད་པའི་ཡུམ་འདི་ལས་རིང་བར་གྱུར་ལ། སྒྱུ་མའི་མཁན་པོ་རང་ཉིད་བརྫུན་པའི་དོན་ཅན་གྱིས་ཡིད་རྨོངས་པར་མ་གྱུར་པས་རབ་ཏུ་མ་ཞེན་པ་བཞིན་དུ། བྱང་ཆུབ་སེམས་
เล่ม ๘๘ · หน้า 34a
དཔའ་དུས་ཡུན་རིང་མོ་ཞིག་ནས་དེ་ཁོ་ན་ཉིད་ལ་མཁས་པའི་དགེ་བའི་བཤེས་གཉེན་ཡང་དག་པར་མགུ་བར་བྱས་པ་ལ་སོགས་པ་ཐབས་མཁས་པའི་མཚན་ཉིད་ཅན་ཐོས་པ་ལ་སོགས་པའི་བློ་གྲོས་ཟབ་མོས་དངོས་པོར་རྣམ་པར་འཁྲུལ་པའི་མཚན་མ་བསལ་
བ་རྣམས་ནི་དོན་ཇི་ལྟ་བར་ཉེ་བར་གནས་པ་དང་མཐུན་པ་ཉིད་ཀྱིས་རྒྱལ་བའི་ཡུམ་འདི་ལ་ཡང་དག་པར་ཉེ་བར་གྱུར་པ་བཤད་དོ། །གང་གིས་རིང་བར་གྱུར་པའི་མཚན་མར་དམིགས་པ་ཉིད་གང་ཞེ་ན། དེ་ལྟར་འདུ་ཤེས་པ་མི་མཐུན་པའི་ཕྱོགས་གསུངས་པ། གཟུགས་
སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་གཏོགས་པའི་ཆོས་རྣམས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་བྱ་བའོ། །གཟུགས་ལ་སོགས་པའི་ཕུང་པོ་གཞན་གྱིས་ཀུན་བརྟགས་པའི་བདག་ལ་སོགས་
པས་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། འདས་པ་ལ་སོགས་པ་དུས་གསུམ་དུ་གཏོགས་པའི་ཆོས་ལ་ཟག་པ་དང་བཅས་པ་དང་། ཅིག་ཤོས་ལ་དེར་འདུ་ཤེས་པ་དང་། སྦྱིན་པ་དང་། དྲན་པ་ཉེ་བར་གཞག་པ་དང་། བསམ་གཏན་དང་། ཚད་མེད་པ་ལ་སོགས་པ་ལ་སྤྱོད་
པར་འདུ་ཤེས་པ་ནི། གཉེན་པོ་ཡིན་ན་ཡང་ཡུལ་ལ་མཚན་མར་འཛིན་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཡིན་ནོ། །ཡང་གང་གིས་ཉེ་བར་གྱུར་པའི་མི་དམིགས་པ་ཉིད་གང་ཞེ་ན། དེ་ལྟར་འདུ་ཤེས་པའི་གཉེན་པོའི་ཕྱོགས་གསུངས་པ། སྦྱིན་ལ་སོགས་ལ་ངར་འཛིན་མེད། །
གཞན་དག་དེ་ལ་སྦྱོར་བྱེད་གང་། །དེ་ནི་ཆགས་པའི་མཐའ་འགོག་པ། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་བྱ་བའོ། །འཁོར་གསུམ་རྣམ་པར་དག་པ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་གསུམ་ལ་བདག་དང་བདག་གིར་བྱ་བ་མེད་པར་རྟོགས་པ་ལ་བདག་ཉིད་གནས་ཤིང་གཞན་
དག་ཀྱང་ཚུལ་དེ་འདྲ་བ་ཁོ་ན་ལ་ཡང་དག་པར་སྦྱོར་བ་ལ་མངོན་པར་ཆགས་པའི་ཚོགས་ཀྱི་མཐའ་ཐམས་ཅད་འགོག་པའི་ཕྱིར་རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ནོ། །སྦྱིན་པ་ལ་སོགས་པར་འདུ་ཤེས་པ་མཐའ་དག་སྤང་བར་བྱ་བ་བརྗོད་པ་ན། དེ་བཞིན་གཤེགས་པ་ལ་སོགས་པ་ཡིད་
เล่ม ๘๘ · หน้า 34b
ལ་བྱེད་པ་ཡང་བསོད་ནམས་ཀྱི་རྒྱུར་གྱུར་པ་ཉིད་ཀྱི་གཉེན་པོ་ཡིན་མོད་ཀྱི། དེར་འདུ་ཤེས་པ་ཉིད་ཀྱིས་ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཆགས་པ་ཕྲ་མོ་མི་མཐུན་པའི་ཕྱོགས་ཡིན་ཞེ་ན། ཡུལ་གྱི་ཆོས་ཉིད་ཕྲ་མོ་ལས་ཉེ་
བར་འདས་པའི་རྒྱུ་མཚན་གསུངས་པ། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་བྱ་བའོ། །གང་གི་ཆོས་ཐམས་ཅད་ཀྱི་རིགས་ནི་ནམ་མཁའ་ལྟར་ངོ་བོ་ཉིད་ཁོ་ནས་སྟོང་པ་ཟབ་པ་ཉིད་དེ། དེ་ལ་ནི་ཤིན་ཏུ་ཕྲ་བའི་ཆགས་པ་ཡང་ཉེ་བར་གནས་པ་མ་ཡིན་ནོ། །དེའི་
ཕྱིར་དེ་དག་སྤོང་བར་བྱེད་པའི་གཉེན་པོ་གསུངས་པ། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་བྱ་བའོ། །ངོ་བོ་ཉིད་མེད་པ་ཁོ་ནས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གཅིག་པ་ཉིད་དེ། འདི་ལྟར་རང་བཞིན་མེད་པའི་ཞེས་བྱ་བས་
མ་སྐྱེས་པ་ཉིད་དུ་མཉམ་པར་ཡོངས་སུ་ཤེས་པས་ནི་ཆགས་པ་སྤོང་བ་ཡིན་ནོ། །ཡང་དབེན་པས་ཟབ་པ་ཞེས་བྱ་བ་འདི་ཉིད་ཇི་ལྟར་ཡིན་ཞེ་ན། དེའི་རང་གི་མཚན་ཉིད་གསུངས་པ། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཅེས་བྱ་བའོ། །འདི་ལྟར་
གང་ཞིག་ཉེ་བར་དམིགས་པར་བྱར་ཡོད་པ་ནི་གཞན་དུ་འགྱུར་ན། ཆོས་ཐམས་ཅད་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དམིགས་པའི་དོན་གསལ་བས་དེའི་རང་བཞིན་གང་ཡིན་པ་དེ་ནི་རབ་ཏུ་རྟོགས་པར་དགའ་བར་བཤད་དེ། དེའི་ཕྱིར་ཟབ་ཅེས་བྱ་བའོ། །རྟོགས་པར་དཀའ་བ་ཉིད་ཅིའི་ཕྱིར་
ཞེ་ན། དེའི་ཡང་རྒྱུ་གསུངས་པ། གཟུགས་ལ་སོགས་པ་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་བྱ་བའོ། །གང་གི་ཕྱིར་གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་རང་བཞིན་ནི་གང་དུ་ཡང་ཡོངས་སུ་ཤེས་པར་མི་ནུས་པས་བསམ་པར་བྱ་
བ་ལས་འདས་པར་འདོད་དེ། དེའི་ཕྱིར་རྟོགས་པར་དཀའོ་ཞེས་བྱའོ། །དེ་ལྟར་ཕྱོགས་གཉིས་རྣམ་པར་ངེས་པའི་མཇུག་བསྡུ་བ་གསུངས་པ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི །རྣམ་པར་དབྱེ་བ་མ་ལུས་པ། ཇི་སྐད་བཤད་པ་འདི་
เล่ม ๘๘ · หน้า 35a
ཤེས་བྱ། །ཞེས་བྱ་བའོ། །ཇི་སྐད་བཤད་པ་ཐམས་ཅད་ཤེས་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལུགས་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་རྒྱུད་ཀྱི་བྱེ་བྲག་གིས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་རབ་ཏུ་དབྱེ་བའི་རིང་
བ་དང་ཉེ་བའི་མཚན་ཉིད་དང་བཅས་པ་འདི་དག་དེ་ལྟར་ཤེས་པར་བྱ་བ་ཡིན་ནོ། །མཚན་ཉིད་ཤེས་པས་དོན་རྣམ་པར་བསྒོམ་དགོས་པ་དེའི་འོག་ཏུ་བསྒོམ་པའི་མཚན་ཉིད་ཀྱི་སྦྱོར་བ་གསུངས་པ། གཟུགས་སོགས་དེ་མི་རྟག་སོགས་དང་། །དེ་མ་རྫོགས་དང་རབ་རྫོགས་དང་། །དེ་ལ་
ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པའི་སྦྱོར་བ་དང་། །མི་འགྱུར་བྱེད་པོ་མིན་པ་དང་། །བྱ་དཀའ་རྣམ་གསུམ་སྦྱོར་བ་དང་། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །གཞན་ལ་རག་ལས་མེད་གང་དང་། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་
བྱ་བའོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་བདེན་པར་སྤྱོད་པ་བཀག་པ་དང་། དེ་དག་གི་ཁྱད་པར་མི་རྟག་པ་དང་། སྟོང་པ་ཉིད་ལ་སོགས་པ་ལ་སྤྱོད་པ་བཀག་པ་དང་། དེ་དག་གི་མ་རྫོགས་པ་དང་རྫོགས་པ་ཀུན་བརྟགས་པ་དང་། ཡོངས་སུ་གྲུབ་པ་ལ་སྤྱོད་པ་
དང་། དེ་དག་ལ་མངོན་པར་ཆགས་པ་མེད་པ་ཉིད་ལ་སྤྱོད་པ་དང་། འཕེལ་བ་དང་འགྲིབ་པ་མེད་པས་གཞན་དུ་མི་འགྱུར་བ་དང་། གང་གི་རྗེས་སུ་ཆགས་པ་ལ་སོགས་པའི་བྱེད་པ་པོ་མེད་པ་ཉིད་ལ་སྤྱོད་པ་དང་། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཆེད་དུ་བྱ་བ་དང་སྦྱོར་བ་
དང་རྟོགས་པར་བྱ་བ་རྣམ་པ་གསུམ་དེ་ཁོ་ནར་བྱ་དཀའ་བ་ཉིད་ལ་སྤྱོད་པ་དང་། འདི་ཉིད་ཐེག་པ་རྣམ་པ་གསུམ་གྱི་རིགས་ཅན་གྱིས་བསྒོམས་ནས་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་འབྲས་བུ་ཐོབ་པས་དེའི་འབྲས་བུ་ལ་ཉེ་བར་འདོད་པའི་སྤྱོད་པ་དང་། རྣམ་པ་ཐམས་ཅད་དུ་ལམ་
སྒྲུབ་པ་དང་བསྲུང་བར་བྱ་བ་གཞན་ལ་མ་ལྟོས་པ་ཉིད་དང་། བརྫུན་པའི་སྣང་བ་རྣམ་པ་བདུན་ཤེས་པར་བྱེད་པ་སྟེ། འདི་ལྟར་བག་ཆགས་ཀྱིས་ཡིད་ཡོངས་སུ་འགྱུར་བ་རྨི་ལམ་དང་། སྔགས་ལ་སོགས་པ་མཉམ་དུ་ཚོགས་པས་སྣང་བར་སྒྱུ་མ་དང་། རྒྱུ་མེད་པར་སྣང་བ་ཉིད་
เล่ม ๘๘ · หน้า 35b
དོན་དང་འགལ་བ་སྨིག་རྒྱུ་དང་། སྒྲ་དང་གནས་གྱི་རྐྱེན་ལ་བརྟེན་པ་བྲག་ཅ་དང་། རྣམ་པ་སྟོང་བར་བྱེད་པ་མ་འཕོས་པར་ཤར་བ་གཟུགས་བརྙན་དང་། གནས་པར་བྱ་བའི་རྟེན་མེད་དྲི་ཟའི་གྲོང་ཁྱེར་དང་། ལུས་དང་ངག་གི་བྱེད་པ་པོ་མེད་པ་སྤྲུལ་པ་ལྟ་བུ་རྣམས། སྣང་བ་ལ་
སྤྱོད་པ་བཀག་པའི་སྒོ་ནས་མི་དམིགས་པའི་ཚུལ་གྱིས་ཉེ་བར་སྦྱོར་བ་རྣམ་པ་བཅུའོ། །འདིས་ཀྱང་ཤུགས་ཀྱིས་ཉན་ཐོས་ལ་སོགས་པའི་སྦྱོར་བ་ཕྱོགས་གཅིག་གིས་བཟློག་པར་བསྒོམ་པ་འཕངས་པ་ཡིན་ནོ། །དེ་དག་ཀྱང་ཐམས་ཅད་དུ་མི་དམིགས་པར་མཚུངས་པ་རྣམ་པར་བསྒོམ་
དགོས་པས་མཉམ་པ་ཉིད་གསུངས་པ། གཟུགས་ལ་སོགས་པར་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་བྱ་བའོ། །གཟུགས་ལ་སོགས་པའི་ངོ་བོ་ལ་དངོས་པོར་རློམ་པ་ཉིད་དང་། སྔོན་པོ་ལ་སོགས་པའི་ཁྱད་པར་ལ་མཚན་མར་རློམ་པ་ཉིད་དང་། རྣམ་པ་རབ་
ཏུ་དབྱེ་བ་ལ་སོགས་པ་ལ་སྤྲོས་པར་རློམ་པ་ཉིད་དང་། བདག་གིས་འདི་ལྟ་བུར་རིག་གོ་ཞེས་རྟོགས་པ་པོར་རློམ་པ་ཉིད་རྣམ་པར་དམིགས་པར་བྱ་བ་ལ་སོགས་པ་ཉེ་བར་ཞི་བའི་ཕྱིར་རྣམ་པ་ཐམས་ཅད་དུ་མི་དམིགས་པའི་ཚུལ་གྱིས་མཉམ་པ་ཉིད་དུ་སྦྱོར་བ་ནི་མཉམ་པ་ཉིད་ཅེས་བྱའོ། །
མཉམ་པ་ཉིད་ཀྱི་སྦྱོར་བ་ཡོངས་སུ་རྫོགས་པར་བསྒོམས་པ་ལས་མཐོང་བའི་ལམ་སྐྱེ་བའི་ཕྱིར་དེའི་སྐད་ཅིག་མའི་རྣམ་པར་དབྱེ་བ་གསུངས་པ། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང་། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་
ལ་མཐོང་བའི་ལམ། །ཞེས་བྱ་བའོ། །སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་བདེན་པ་རྣམས་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་སྟེ། དེ་ལྟར་བཟོད་པ་དང་ཤེས་
པའི་སྐད་ཅིག་མ་རབ་ཏུ་དབྱེ་བ་བཅུ་དྲུག་གི་བདག་ཉིད་འདི་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ཚུལ་ལུགས་ལ་མཐོང་བའི་ལམ་ཡིན་ནོ། །ཇི་ལྟར་ན་སྐད་ཅིག་མ་རྣམ་པ་བཅུ་དྲུག་ཡིན་པར་བརྟག་ཅེ་ན། དེའི་ཕྱིར་བདེན་པའི་རྣམ་པ་རྣམས་གསུངས་པ། གཟུགས་རྟག་མ་
เล่ม ๘๘ · หน้า 36a
ཡིན་མི་རྟག་ཡིན། །མཐའ་ལས་འདས་དང་རྣམ་དག་དང་། །མ་སྐྱེས་མ་འགགས་ལ་སོགས་པ། །མཁའ་འདྲ་ཆགས་པ་སྤངས་པ་དང་། །ཡོངས་སུ་འཛིན་ལས་གྲོལ་བ་དང་། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང་། །གང་གིས་འདི་དོན་བརྗོད་པ་
ཡིས། །གཞན་ལ་སྦྱིན་དུ་མེད་པ་དང་། །དམིགས་པ་མེད་པར་བྱེད་པ་དང་། །ཤིན་ཏུ་རྣམ་དག་ནད་མི་འབྱུང་། །ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང་། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་
པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བྱ་བའོ། །འདི་ལྟ་བུའི་ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་ལ་སོགས་པ་ལ་རྟག་པ་དང་མི་རྟག་པ་དང་བྲལ་བས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། སྡུག་བསྔལ་དང་སྡུག་བསྔལ་བ་མ་ཡིན་པ་དང་བྲལ་བ་ཉིད་ཀྱིས་
རྟག་པ་དང་ཆད་པའི་མཐའ་དང་བྲལ་བ་དང་། སྟོང་པ་དང་མི་སྟོང་པ་དང་བྲལ་བ་ཉིད་ཀྱིས་རྣམ་པར་དག་པ་དང་། བདག་དང་བདག་མེད་པའི་ངོ་བོ་དང་བྲལ་བ་ཉིད་ཀྱིས་མ་སྐྱེས་ཤིང་མ་འགགས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མ་ཡིན་ནོ་ཞེས་བྱ་བ་
ལ་སོགས་པ་ནི་བདེན་པ་དང་པོའི་རྣམ་པ་དག་ཡིན་ནོ། །དེ་བཞིན་དུ་རྒྱུ་དང་རྒྱུ་མ་ཡིན་པ་ཉིད་ཀྱིས་དབེན་པའི་ཕྱིར་ནམ་མཁའ་དང་འདྲ་བ་དང་། ཀུན་འབྱུང་བ་དང་ཀུན་འབྱུང་བ་མེད་པ་དང་། མི་ལྡན་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་
དང་། རབ་ཏུ་སྐྱེ་བ་དང་མ་སྐྱེས་པ་དང་མ་འབྲེལ་བས་ཡོངས་སུ་འཛིན་པ་ལས་གྲོལ་བ་དང་། རྐྱེན་དང་རྐྱེན་མ་ཡིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་རང་གི་ངོ་བོ་བརྗོད་དུ་མེད་པ་ཞེས་བྱ་བ་ནི་བདེན་པ་གཉིས་པའི་རྣམ་པ་དག་ཡིན་ནོ། །དེ་བཞིན་དུ་འགོག་པ་དང་འགོག་
པ་མེད་པ་དང་བྲལ་བས་དེའི་དོན་ཚིག་ཏུ་བརྗོད་པས་རྒྱུད་དེ་གཞན་ལ་སྦྱིན་དུ་མེད་པ་དང་། ཞི་བ་དང་མ་ཞི་བ་མེད་པས་དམིགས་པ་མེད་པར་བྱེད་པ་དང་། གྱ་ནོམ་པ་དང་གྱ་ནོམ་པ་མ་ཡིན་པ་དང་བྲལ་བས་མཐའ་གཉིས་ལས་འདས་ཤིང་ཤིན་ཏུ་རྣམ་པར་དག་པ་
เล่ม ๘๘ · หน้า 36b
དང་། ངེས་པར་འབྱུང་བ་དང་ངེས་པར་འབྱུང་བ་མེད་པས་དབེན་པས་དྲི་མའི་ནད་ཐམས་ཅད་མི་འབྱུང་བ་ཞེས་བྱ་བ་ནི་བདེན་པ་གསུམ་པའི་རྣམ་པ་དག་ཡིན་ནོ། །ལམ་དང་ལམ་མ་ཡིན་པ་དང་བྲལ་བའི་ཕྱིར་ངན་སོང་ཆད་པ་དང་། རིགས་པ་དང་རིགས་པ་མ་ཡིན་པ་དང་མ་
འདྲེས་པས་འབྲས་བུ་མངོན་སུམ་དུ་བྱ་བའི་ཐབས་ལ་མི་རྟོག་པ་དང་། སྒྲུབ་པ་དང་སྒྲུབ་པ་མ་ཡིན་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་མཚན་མ་དག་དང་མ་འབྲེལ་བ་དང་། ངེས་པར་འབྱིན་པ་དང་ངེས་པར་འབྱིན་པ་མ་ཡིན་པ་མེད་པས་ན་བརྗོད་པར་བྱ་བའི་ངོ་
བོ་ཉིད་ཤེས་བྱ་དང་། སྒྲ་གཉིས་ལ་ཤེས་པ་སྐྱེ་བ་མེད་པ་ཞེས་བྱ་བ་བདེན་པ་བཞི་པའི་རྣམ་པ་དག་ཡིན་ཏེ། དེ་དག་ནི་ཀུན་ཤེས་པ་ཉིད་ཀྱི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་པ་སྟེ་རྣམ་པར་གཞག་པ་ཡིན་ནོ། །འདིས་ཀྱང་
ཉན་ཐོས་ལ་སོགས་པས་ནི་དེ་དག་ལས་ཕྱོགས་གཅིག་གིས་བཟློག་པའི་རྣམ་པ་ཅན་དུ་དོན་གྱིས་བསྟན་པ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་ལམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པར་བྱ་བ་ཡིན་གྱི་མངོན་དུ་བྱ་བ་ནི་མ་ཡིན་པས་འདིར་བསྒོམ་པའི་ལམ་ནི་ལོགས་ཤིག་ཏུ་མ་
བསྟན་ཏོ། །དེ་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཚན་ཉིད་སོ་སོར་གཏན་ལ་ཕབ་ནས། །སྐབས་གསུམ་གྱི་མཇུག་བསྡུ་བ་གསུངས་པ། དེ་ལྟར་འདི་དང་ཡང་འདི་དང་། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདིས་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་
སུ་བསྟན་པ་ཡིན། །ཞེས་བྱ་བའོ། །དེ་བས་ན་གང་ཞིག་རྟོགས་པར་བྱ་བ་ཉིད་ཀྱི་བདག་ཉིད་དག་བཀག་པ་གཞི་ཐམས་ཅད་ཤེས་པ་ཉིད་འདི་དང་། ཆོས་ཐམས་ཅད་ལ་ཉེ་བར་གནས་པ་མེད་པའི་མཚན་ཉིད་ཅན་ལམ་ཐམས་ཅད་ཤེས་པ་ཉིད་འདི་དང་། འགའ་ཡང་བྱེད་པ་མེད་པས་
དོན་ཐམས་ཅད་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་སྟེ། དེ་ལྟར་ན་དངོས་པོ་རྣམ་པ་གསུམ་བཤད་པས་གཞུང་ལེའུ་གསུམ་གྱི་སྐབས་གསུམ་རྫོགས་པར་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་
เล่ม ๘๘ · หน้า 37a
མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་གསུམ་པའི་འགྲེལ་པའོ།། །།ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་འབྲས་བུ་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པ་རིམ་པ་རྣམས་ཉམས་སུ་
བླངས་པ་ཁོ་ན་ལ་རག་ལས་པས་ད་ནི་དེ་དག་དབང་དུ་བྱ་བ་ཉིད་ཀྱི་ཕྱིར་གཞི་དང་ལམ་དང་རྣམ་པ་མ་ལུས་པ་བསྡུ་བའི་སྒོ་ནས་ཅིག་ཅར་རྣམ་པར་བསྒོམ་པ་གང་ཡིན་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བཤད་པར་བཞེད་ནས་ཐོག་མར་དེའི་རྣམ་པ་གསུངས་པ།
གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་བྱ་བའོ། །སྡུག་བསྔལ་ལ་སོགས་པའི་བདེན་པའི་ཁྱད་པར་གྱིས་མི་རྟག་པ་ལ་སོགས་པ་དང་དེ་ལ་དམིགས་པ་
ཉིད་ཀྱི་བྱེ་བྲག་རྣམ་པ་ཉིད་དུ་རྣམ་པར་གཞག་པའི་མཚན་ཉིད་དེ། དེ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་དུ་འདོད་དེ། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་གསུངས་པ། མེད་པའི་རྣམ་པ་ནས་བཟུང་སྟེ། །
མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང་། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་བྱ་བའོ། །ཐེར་ཟུག་ཏུ་མེད་པའི་མཚན་ཉིད་མི་རྟག་པ་དང་། དེ་ཁོ་ནར་མི་སྐྱེ་བའི་མཚན་ཉིད་སྡུག་བསྔལ་བ་དང་། དོན་གཞན་གྱིས་དབེན་པའི་མཚན་ཉིད་
སྟོང་པ་ཉིད་དང་། ཕུང་པོའི་སྐྱོན་གྱིས་མི་བརྫི་བའི་མཚན་ཉིད་བདག་མེད་པ་སྟེ། སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་དང་། གཞིའི་གནས་མེད་པའི་མཚན་ཉིད་རྒྱུའི་རྣམ་པ་དང་། བྱེད་པས་དབེན་པ་ནམ་མཁའི་མཚན་ཉིད་ཀུན་འབྱུང་བ་དང་། རྟག་པ་ལ་སོགས་
པས་བརྗོད་དུ་མེད་པའི་མཚན་ཉིད་རབ་ཏུ་སྐྱེ་བ་དང་། ཚོར་བ་ལ་སོགས་པའི་མིང་མེད་པའི་མཚན་ཉིད་རྐྱེན་གྱི་རྣམ་པ་སྟེ། ཀུན་འབྱུང་བའི་རྣམ་པ་བཞི་དང་། ངོ་བོ་ཉིད་མ་གྲུབ་པས་འགྲོ་བ་མེད་པའི་མཚན་ཉིད་འགོག་པ་དང་། སྡུག་བསྔལ་བ་སྤངས་པ་ལས་མི་འཕྲོགས་
เล่ม ๘๘ · หน้า 37b
པའི་བདག་ཉིད་ཞི་བ་དང་། དམན་པའི་ཉེས་པ་དང་བྲལ་བས་མི་ཟད་པའི་མཚན་ཉིད་གྱ་ནོམ་པ་དང་། ཕན་པའི་གནས་སུ་ཕྱིན་པས་སྐྱེ་བ་མེད་པའི་མཚན་ཉིད་ངེས་པར་འབྱུང་བ་སྟེ་འགོག་པའི་རྣམ་པ་བཞིའོ། །དེ་ལྟར་ན་བདེན་པ་རྣམ་པ་གསུམ་སོ་སོ་ལ་རབ་ཏུ་དབྱེ་
བས་བཅུ་གཉིས་སོ། །ལམ་གྱི་བདེན་པ་ལ་ནི་ཁྱད་པར་གྱི་རབ་ཏུ་དབྱེ་བ་བཅོ་ལྔ་སྟེ། བདག་གིས་བྱེད་པ་པོ་མེད་པའི་མཚན་ཉིད་ལམ་དང་། ཉོན་མོངས་པ་ཅན་གྱི་ཤེས་པ་པོ་མེད་པའི་མཚན་ཉིད་རིགས་པ་དང་། ཕྱིན་ཅི་མ་ལོག་པས་འཕོ་བ་མེད་པའི་མཚན་ཉིད་བསྒྲུབ་
པ་དང་། རྟག་པའི་གོ་འཕང་འདུ་འབྲལ་མེད་པའི་མཚན་ཉིད་ངེས་པར་འབྱིན་པ་སྟེ་རྣམ་པ་བཞི་དང་། རྨི་ལམ་ལྟར་རང་གི་ངོ་བོ་ཉིད་མེད་པ་དང་། སྒྲ་བརྙན་ལྟར་རྒྱུ་ལས་མ་སྐྱེས་པ་དང་། མིག་ཡོར་ལྟར་རྐྱེན་གྱིས་མ་འགགས་པ་དང་། སྨིག་རྒྱུ་ལྟར་དུས་གཟོད་མ་ནས་
ཞི་བ་དང་། སྒྱུ་མ་ལྟར་བདག་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པར་རྟོགས་པའི་རྣམ་པ་ལྔ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་དོར་བ་དང་བླང་བར་བྱ་བའི་གཉེན་པོ་དེ་དག་མེད་པ་གཉིས་དང་། ཉོན་མོངས་པའི་བག་ཆགས་དང་
གཟུགས་ལ་སོགས་པའི་དབྱེ་བ་བདག་དང་ཆོས་སུ་འཛིན་པའི་གཉེན་པོ་གོས་པ་མེད་པ་དང་། སྤྲོས་པ་མེད་པ་གཉིས་དང་། རང་གི་རྟོགས་པ་ཐོབ་པ་ལ་རོ་མྱང་བ་དང་། གཞན་ལས་ཉམས་པར་རྟོགས་པའི་གཉེན་པོ་འབྲས་བུའི་སྒོ་ཅན་གྱི་ཡོངས་སུ་འཛིན་པའི་གཉེན་པོའི་
རློམ་པ་མེད་པ་དང་། མི་གཡོ་བའི་རྣམ་པ་གཉིས་ཏེ་རྟོགས་པའི་ཁྱད་པར་དྲུག་གོ། །དེ་ལ་དང་པོ་བཞི་ནི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཡིན་ནོ། །དེའི་འོག་ཏུ་བཅུ་གཅིག་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོ་སྟེ། གྲངས་བཞིན་དུ་བསྒོམ་པ་དང་མཐོང་བའི་ལམ་གྱི་བདག་
ཉིད་ཟག་པ་དང་བཅས་པ་དང་ཅིག་ཤོས་ཀྱི་མཚན་ཉིད་ལྔ་དང་དྲུག་ཡིན་ཏེ། སྤྱིར་ན་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ནོ། །དེའི་འོག་ཏུ་ལམ་ཤེས་པ་ཉིད་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་གསུངས་པ། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །འགོག་པ་
เล่ม ๘๘ · หน้า 38a
ལ་ནི་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་བྱ་བའོ། །སྤྱིར་སྡུག་བསྔལ་བསྐྱེད་པའི་རྒྱུ་གང་ཡིན་པ་སྟེ། ཡུལ་ལ་འདུན་པ་དང་། འདོད་ཆགས་དང་། ཡུལ་ལ་དགའ་བས་མངོན་
པར་སྲེད་པའི་གཉེན་པོ་འདོད་ཆགས་དང་བྲལ་བ་དང་མི་གནས་པ་དང་། ཞི་བའི་རྣམ་པ་གསུམ་དང་། སྡུག་བསྔལ་མ་ལུས་པ་ཀུན་འབྱུང་བ་གང་ཡིན་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གཉེན་པོ་དེ་དག་མེད་པ་གསུམ་དང་། སྡུག་བསྔལ་དྲག་པོ་རབ་ཏུ་
སྐྱེ་བ་གང་ཡིན་པ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་གཉེན་པོ་ཉོན་མོངས་པ་མེད་པ་ཉིད་གཅིག་དང་། སྡུག་བསྔལ་བརྒྱུད་མར་འབྱུང་བའི་རྐྱེན་གང་ཡིན་པ་སྟེ། སེམས་ཅན་དུ་མངོན་པར་ཞེན་པའི་གཉེན་པོ་སེམས་ཅན་མེད་པའི་རྣམ་པ་ཉིད་
གཅིག་སྟེ། དེ་ལྟར་རྣམ་པ་བརྒྱད་ནི་རྒྱུར་གྱུར་པའི་བདེན་པ་ཀུན་འབྱུང་བའི་རྣམ་པར་བསྒྲགས་སོ། །སེམས་ཅན་ཐམས་ཅད་གོ་སྐབས་འབྱེད་པའི་ལམ་ཚད་མེད་པ་དང་། ཇི་ལྟར་གོ་སྐབས་འབྱེད་པའི་ལམ་མཐའ་གཉིས་དང་མ་འབྲེལ་བ་དང་། རིགས་པ་གང་
ཡིན་པ་ཐ་མི་དད་པ་དང་། ཇི་ལྟར་རིགས་པ་མཆོག་ཏུ་འཛིན་པ་མེད་པ་དང་། སྒྲུབ་པ་གང་ཡིན་པ་མཚན་མར་མི་རྟོག་པ་དང་། ཇི་ལྟར་སྒྲུབ་པ་ཚད་མས་གཞལ་དུ་མེད་པར་འཛིན་པ་གང་ཡིན་པ་ཆགས་པ་མེད་པའི་རྣམ་པ་སྟེ། དེ་ལྟར་རྣམ་པ་བདུན་ནི་ལམ་གྱི་
བདེན་པའི་རྣམ་པར་བསྒྲགས་སོ། །རབ་ཏུ་འཇིག་པ་ཉིད་ཀྱིས་མི་རྟག་པ་དང་། ཉེ་བར་གནོད་པ་ཉིད་ཀྱིས་སྡུག་བསྔལ་བ་དང་། གཞན་དུ་གྱུར་པའི་བྱེད་པ་པོ་མེད་པ་ཉིད་ཀྱིས་སྟོང་པ་དང་། རང་ཉིད་དེའི་ངོ་བོ་མ་ཡིན་པ་ཉིད་ཀྱིས་བདག་མེད་པ་དང་། སྤྱིར་
འགའ་ཡང་ཡོངས་སུ་གནས་པ་མེད་པ་ཉིད་ཀྱིས་མཚན་ཉིད་མེད་པའི་ངོ་བོ་སྟེ། དེ་ལྟར་རྣམ་པ་ལྔ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པར་བསྒྲགས་སོ། །འགོག་པ་གང་ཡིན་པ་སྟེ། དེ་ནི་རང་བཞིན་དང་གློ་བུར་བའི་དྲི་མ་ལས་གྲོལ་བ་ཉིད་ཀྱིས་རང་གི་ངོ་བོ་ནང་དང་ཕྱི་དང་
เล่ม ๘๘ · หน้า 38b
གཉིས་ཀའི་དངོས་པོ་དང་བྲལ་བས་ནང་དང་ཕྱི་དང་གཉིས་ཀ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་དང་། ཞི་བ་གང་ཡིན་པ་སྟེ། དེ་ནི་རྟག་པའི་བདག་ཏུ་ལྟ་བ་ཉེ་བར་སྤངས་པ་ཉིད་ཀྱིས་བདག་གིས་སྟོང་པ་དང་། སྣོད་ཀྱི་འཇིག་རྟེན་དང་། མྱ་ངན་ལས་འདས་པའི་ལམ་དང་། རྒྱུ་
དང་རྐྱེན་ལས་བྱུང་བ་དང་། རྒྱུ་དང་རྐྱེན་ལས་བྱུང་བ་མ་ཡིན་པ་དང་། རྟག་པ་དང་ཆད་པ་དང་། འཁོར་བའི་སྔོན་དང་ཕྱི་མ་དང་། རྟོག་པའི་ཆོས་མ་སྤངས་པ་ལ་མངོན་པར་ཞེན་པ་དགག་པས་ངོ་བོ་ཉིད་སྟོང་པ་ཉིད་དང་། ཆེན་པོ་དང་། དོན་དམ་པ་དང་། འདུས་བྱས་དང་།
འདུས་མ་བྱས་དང་། མཐའ་ལས་འདས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་བརྒྱད་དང་། གྱ་ནོམ་པ་གང་ཡིན་པ་སྟེ། དེ་ནི་རྟོགས་པ་གཞན་ལས་ཕུལ་དུ་གྱུར་པ་ཉིད་ཀྱིས་ཀུན་ཏུ་བརྟགས་པའི་བྱེད་པ་པོ་དགག་པས་རང་གི་རང་བཞིན་
སྟོང་པ་ཉིད་ཀྱི་རྣམ་པ་གཅིག་ཉིད་དང་། ངེས་པར་འབྱུང་བ་གང་ཡིན་པ་སྟེ། དེ་ནི་ཐམས་ཅད་དུ་མི་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་བརྟགས་པ་ཙམ་གྱི་ཡུལ་དང་མཚན་ཉིད་དང་དུས་སུ་འཁྲུལ་པའི་རྣམ་པ་རྣམས་དགག་པས་ཆོས་ཐམས་ཅད་དང་། གཟུགས་སུ་རུང་བ་ལ་སོགས་
པའི་རང་གི་མཚན་ཉིད་དང་། འདས་པ་ལ་སོགས་པ་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། ཇི་ལྟར་ངེས་པར་འབྱུང་བའི་རྣམ་པ་གསུམ་དང་། གང་དུ་ངེས་པར་འབྱུང་བའི་ངོ་བོ་ཉིད་དགག་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ། དེ་ལྟར་རྣམ་པ་བཅུ་དྲུག་ནི་
འགོག་པའི་བདེན་པའི་རྣམ་པར་བསྒྲགས་པའོ། །དེའི་ཕྱིར་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་གོ། །དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་གསུངས་པ། དྲན་པ་ཉེར་གཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་
རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་བྱ་བའོ། །རྣམ་
เล่ม ๘๘ · หน้า 39a
པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པ་རྣམས་ནི་དེ་ཉིད་མངོན་པར་སྒྲུབ་པའི་ལམ་ཡིན་པའི་སྒོ་ནས་དེའི་དབང་དུ་བྱས་ཏེ་ཐམས་
ཅད་མཁྱེན་པ་ཉིད་རྣམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཉན་ཐོས་ལ་སོགས་པ་ལ་རྣམ་པ་སུམ་ཅུ་རྩ་བདུན་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སུམ་ཅུ་རྩ་བཞི་དང་། སངས་རྒྱས་རྣམས་ལ་སུམ་ཅུ་རྩ་དགུར་བཞེད་དོ། །དེ་ལ་གཞི་ཐམས་ཅད་ཤེས་པའི་རྣམ་པ་རྣམས་གང་ཞེ་ན།
དང་པོར་དངོས་པོ་ཡོངས་སུ་རྟོགས་པའི་ལམ་ལ་ལུས་ཀྱི་རང་བཞིན་ཤེས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་པ་ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དང་སེམས་དང་ཆོས་ཀྱི་རང་བཞིན་ཤེས་པས་ཀུན་འབྱུང་བ་དང་། འགོག་པ་དང་ལམ་གྱི་བདེན་པ་ལ་འཇུག་པར་
འགྱུར་བ་མཉམ་པར་གཞག་པ་དང་། ཅིག་ཤོས་ཀྱིས་སྤྱི་དང་རང་གི་མཚན་ཉིད་ཡོངས་སུ་བརྟགས་པས་དྲན་པ་ཉེ་བར་གཞག་པའི་རྣམ་པ་བཞིའོ། །དེ་ལྟར་ཞུགས་པ་ལས་བརྩོན་འགྲུས་འབྱུང་བས་རྩོལ་བའི་ལམ་ལ་མི་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་ཡང་དག་པར་
སེལ་ཅིང་སླར་མི་བསྐྱེད་པ་དང་། དགེ་བའི་ཆོས་མ་སྐྱེས་པ་དང་སྐྱེས་པ་དག་བསྐྱེད་པ་དང་། མངོན་པར་འཕེལ་བར་བྱེད་པའི་བརྩོན་འགྲུས་ཏེ། ཡང་དག་པར་སྤོང་བ་རྣམ་པ་བཞིའོ། །བརྩོན་འགྲུས་དང་ལྡན་པས་སེམས་ལས་སུ་རུང་བ་ཉིད་དུ་བྱེད་པས་ཏིང་ངེ་
འཛིན་ཡོངས་སུ་སྦྱོང་བའི་ལམ་ལ་གུས་པར་སྦྱོར་བ་ཉིད་ཀྱི་རྒྱུར་གྱུར་པ་ཅན་འདུན་པ་དང་རྟག་པར་སྦྱོར་བ་ཉིད་ཀྱི་རྒྱུར་གྱུར་པ་ཅན་བརྩོན་འགྲུས་དང་། སྔོན་གྱི་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པ་ཅན་སེམས་དང་། དེ་ཁོ་ན་ཉིད་རབ་ཏུ་འབྱེད་པའི་རྒྱུར་གྱུར་པ་ཅན་དཔྱོད་པའི་
ཏིང་ངེ་འཛིན་ཏེ། གནས་ལ་སོགས་པ་བརྒྱད་ཀྱིས་ལེ་ལོ་ལ་སོགས་པའི་ཉེས་པ་རྣམ་པ་ལྔ་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་རྣམ་པ་བཞིའོ། །ཡོངས་སུ་སྦྱངས་པ་ལ་དྲོ་བ་ལ་སོགས་པ་བཞི་འབྱུང་བས་མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ལ་བདེན་
เล่ม ๘๘ · หน้า 39b
པའི་ཆོས་ཉིད་རྣམས་ལ་ཡིད་ཆེས་པ་དད་པ་དང་། དེ་ཉིད་མངོན་པར་རྟོགས་པར་རབ་ཏུ་སྤྲོ་བ་བརྩོན་འགྲུས་དང་། རྣམ་པ་དེ་ཡིད་ཡོངས་སུ་མི་བརྗེད་པ་དྲན་པ་དང་། ཤིན་ཏུ་རྩེ་གཅིག་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། བདེན་པའི་དེ་ཁོ་ན་ཉིད་རྣམ་པར་འབྱེད་པ་ཤེས་རབ་ཀྱི་
དབང་པོ་སྟེ། ཀུན་ནས་ཉོན་མོངས་པ་དང་ཅིག་ཤོས་ཀྱི་གཟུང་བ་མེད་པ་ཉིད་ཤེས་པས་དེ་ཁོ་ན་ཉིད་མཐོང་བ་ལ་ཉེ་བར་གྱུར་པ་དྲོ་བ་དང་རྩེ་མོར་གྱུར་པའི་ངོ་བོ་ཉིད་དབང་པོའི་རྣམ་པ་ལྔའོ། །དྲོ་བ་ལ་སོགས་པ་ཐོབ་པ་ལ་བཟོད་པ་ལ་སོགས་པ་འབྱུང་བས་མངོན་པར་རྟོགས་པ་དང་
འབྲེལ་བའི་ལམ་ལ་དད་པ་ལ་སོགས་པ་དེ་དག་ཉིད་ཆེར་མཐུ་དང་ལྡན་པར་གྱུར་པས་རྫས་དང་བཏགས་པའི་འཛིན་པ་མེད་པ་ཉིད་ཤེས་པས་ཟབ་མོའི་སྤྱོད་ཡུལ་དུ་གྱུར་པ་བཟོད་པ་དང་། ཆོས་ཀྱི་མཆོག་ཏུ་གྱུར་པའི་ངོ་བོ་ཉིད་སྟོབས་ཀྱི་རྣམ་པ་ལྔའོ། །ངེས་པར་འབྱེད་པ་ལ་
སྦྱོར་བ་རྣམ་པ་བཞི་རྟོགས་པས་ནི་བདེན་པའི་དེ་ཁོ་ན་ཉིད་མཐོང་བར་འགྱུར་བས་མངོན་པར་རྟོགས་པའི་ལམ་ལ་མངོན་པར་རྟོགས་པ་སྔ་མ་མ་བརྗེད་པར་དྲན་པ་དང་། དེ་ཁོ་ན་མངོན་དུ་གྱུར་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། གོང་མར་གྱུར་པའི་ཆོས་ལ་མངོན་པར་
སྤྲོ་བ་བརྩོན་འགྲུས་དང་། ཆོས་དང་སེམས་ཅན་ལ་དམིགས་ནས་ཟག་པ་མེད་པའི་བདེན་པས་ཚིམ་པ་དགའ་བ་དང་། ལུས་དང་སེམས་ལས་སུ་རུང་བ་ཉིད་ཤིན་ཏུ་སྦྱངས་པ་དང་། རྩེ་གཅིག་པས་མཉམ་པར་གནས་པའི་ཏིང་ངེ་འཛིན་དང་། དགོས་པ་བྱས་པའི་ཕྱིར་རྩོལ་བ་
དང་བྲལ་བ་བཏང་སྙོམས་ཡང་དག་པ་སྟེ། གྲངས་བཞིན་དུ་གནས་པ་དང་། རང་བཞིན་དང་། ངེས་པར་འབྱུང་བ་དང་། ཕན་ཡོན་དང་། གཞི་དང་། ཉོན་མོངས་པ་མེད་པའི་གནས་དང་། ངོ་བོ་ཉིད་ཀྱི་ཡན་ལག་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་གི་
རྣམ་པ་བདུན་ནོ། །བདེན་པ་མཐོང་བ་ལས་བསྒོམ་པའི་ལམ་འབྱུང་བས་རྣམ་པར་དག་པར་ངེས་པར་འཛིན་པའི་ལམ་ལ་མཐོང་བའི་ལམ་གྱི་རྟོགས་པ་ལ་ཡང་དག་པར་གཅོད་པ་ཡང་དག་པའི་ལྟ་བ་དང་། ལོག་པར་རྟོག་པ་བརྒྱད་སྤངས་པའི་མཚན་ཉིད་རྟོག་པ་དང་། དམ་
เล่ม ๘๘ · หน้า 40a
པའི་ཆོས་བསྙད་པ་དང་འབྲེལ་པའི་གཏམ་གྱིས་བདེན་ཞིང་སྙན་པར་སྨྲ་བ་དག་དང་། ལུས་དང་ངག་དང་ཡིད་ཀྱིས་འཕགས་པའི་བྱ་བ་མ་ཡིན་པ་མི་བྱེད་པ་ལས་ཀྱི་མཐའ་དང་། ཚུལ་འཆོས་ལ་སོགས་པ་ལོག་པར་འཚོ་བ་ལྔ་སྤངས་པ་འཚོ་བ་དང་།
གཉེན་པོར་གྱུར་པ་ཉིད་ཀྱི་ཆོས་ལ་མངོན་པར་བརྩོན་པ་དང་། གཉེན་པོ་དམིགས་པ་མ་བརྗེད་པ་དྲན་པ་དང་། དམིགས་པ་ལ་རྩེ་གཅིག་པར་ཉེ་བར་གནས་པའི་ཏིང་ངེ་འཛིན་ཏེ། གོ་རིམས་ལྟར་ཡོངས་སུ་གཅོད་པར་བྱེད་པའི་ཡན་ལག་དང་། གཞན་ལ་གོ་བར་བྱེད་
པ་དང་། ལྟ་བ་ལ་ཡིད་ཆེས་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་ཡིད་ཆེས་པ་དང་། ཡོ་བྱད་བསྙུངས་པ་ལ་ཡིད་ཆེས་པའི་ཡན་ལག་དང་། ཉོན་མོངས་པ་སྤང་བ་དང་། ཉེ་བའི་ཉོན་མོངས་པ་སྤང་བ་དང་། ཏིང་ངེ་འཛིན་ལ་དབང་དུ་མ་གྱུར་པའི་གཉེན་
པོའི་ཡན་ལག་ཡིན་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྣམ་པ་བརྒྱད་དེ། དེའི་ཕྱིར་སློབ་མ་རྣམས་ཀྱི་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་རྣམ་པ་སུམ་ཅུ་རྩ་བདུན་དུ་བཞེད་དོ། །ལམ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་རྣམས་གང་ཞེ་ན། རེ་ཞིག་
གཉེན་པོའི་ལམ་ལ་བདག་ཉིད་དང་བདག་གིར་ལྟ་བའི་གཉེན་པོ་གཞན་དང་ངོ་བོར་གྱུར་པས་སྟོང་པ་དང་བདག་མེད་པའི་ངོ་བོ་ཉིད་རྣམ་པར་ཐར་པའི་སྒོ་དང་པོའི་རྣམ་པ་དང་། དེའི་རྒྱུ་མཚན་མཚན་མར་དམིགས་པ་ཉིད་ཀྱི་གཉེན་པོ་འགོག་པ་དང་། ལམ་གྱི་བདེན་པའི་
ངོ་བོ་ཉིད་རྣམ་པར་ཐར་པའི་སྒོ་གཉིས་པའི་རྣམ་པ་དང་། ཁམས་གསུམ་མམ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་དོར་བ་དང་བླང་བར་བྱ་བར་སྨོན་པའི་གཉེན་པོར་མི་རྟག་པ་དང་། སྡུག་བསྔལ་བ་གཉིས་དང་། རྒྱུ་དང་རྐྱེན་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་།
རྐྱེན་གྱི་རྣམ་པ་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་བའི་ངོ་བོ་ཉིད་རྣམ་པར་ཐར་པའི་སྒོ་གསུམ་པའི་རྣམ་པའོ། །སྤྲུལ་པའི་ལམ་ལ་ནང་རང་གི་ལུས་སྐྲ་དང་ཁ་སྤུ་ལ་སོགས་པའི་བར་དུ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པས་འདུ་ཤེས་ནས་ཕྱི་རོལ་གྱི་གཟུགས་ལ་རྣམ་
เล่ม ๘๘ · หน้า 40b
པར་ལྟ་བ་སྟེ། ཆེན་པོ་དང་ཆུང་ངུ་ལ་སོགས་པ་ལ་དེ་བས་ཆེས་ཆེན་པོ་དང་ཆུང་ངུ་ལ་སོགས་པར་མོས་ཤིང་སྒོམ་པར་བྱེད་པ་དང་། ནང་གཟུགས་ཀྱི་འདུ་ཤེས་པ་རྣམ་པར་བཤིག་པས་ནམ་མཁའི་འདུ་ཤེས་སུ་བྱས་ནས་བསམ་གཏན་གྱི་སེམས་མངོན་དུ་བྱས་པ་ཉིད་ཀྱིས་ཕྱི་རོལ་གྱི་
གཟུགས་ལ་སྔ་མ་ལྟར་བསྒོམ་པ་སྟེ། སྤྲུལ་པ་ལ་རང་དབང་བར་བསྒྱུར་མི་ནུས་པའི་གཉེན་པོར་རྣམ་པར་ཐར་པ་གཉིས་དང་། གཟུགས་སྡུག་པ་དང་མི་སྡུག་པ་ལ་སྤྲུལ་པ་མངོན་པར་བརྩོན་པར་འདོད་པ་དང་མི་འདོད་པ་འབད་པ་དང་མི་འབད་པ་ཀུན་ནས་ཉོན་མོངས་པའི་གཉེན་པོར་
སྡུག་པའི་རྣམ་པར་ཐར་པའི་སྒོ་ལུས་ཀྱི་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་སྟེ། ཕན་ཚུན་ལྟོས་པ་དང་། རྗེས་སུ་ཞུགས་པ་དང་། རོ་གཅིག་པའི་འདུ་ཤེས་བསྒོམ་པ་སྟེ། སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པའི་གཉེན་པོར་རྣམ་པར་ཐར་པ་
གཅིག་གོ། །མཐོང་བའི་ཆོས་ཅན་ལ་བདེ་བར་གནས་པའི་ལམ་ལ་འདི་ལྟར་ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ནམ་མཁའ་མཐའ་ཡས་པ་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞི་དང་། ཞི་བར་གནས་པའི་ལམ་གྱི་རང་བཞིན་
འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པ་གཅིག་གོ། །དེ་ལྟར་རྣམ་པར་ཐར་པ་བརྒྱད་ཀྱི་རྣམ་པ་ནི་སྤྲུལ་པ་དང་བདེ་བར་གནས་པའི་ལམ་གཉིས་ཀྱིས་བསྡུས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ལ་མཐོང་བ་དང་། བསྒོམ་པའི་ལམ་གྱི་རྟེན་གྱི་ངོ་བོ་ཉིད་ཀྱིས་བསམ་
གཏན་དང་པོ་ལ་སོགས་པ་བཞི་དང་། བསྒོམ་པའི་ལམ་གྱི་རྟེན་ཉིད་ཀྱིས་ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འདས་པའི་སེམས་ཉིད་ཀྱིས་འཇུག་ཅིང་ལངས་ནས་མངོན་དུ་བྱེད་པ་ཉིད་ཀྱིས་མངོན་པར་བསྒྲུབས་པའི་
འབྲས་བུ་འགོག་པའི་སྙོམས་པར་འཇུག་པ་དག་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམ་པ་དགུའོ། །སྤོང་བའི་ལམ་ལ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཡོངས་སུ་སྒྲིབ་པ་བཞི་རྣམ་པར་སེལ་བ་ཉིད་ཀྱིས་བར་ཆད་མེད་པའི་ལམ་གྱི་རྣམ་པར་
เล่ม ๘๘ · หน้า 41a
འགྱུར་བ་བདེན་པ་བཞིའི་ཆོས་ཤེས་པ་ཉིད་ཀྱི་བཟོད་པས་རབ་ཏུ་བསྡུས་པ་རྣམ་པ་བཞིའོ། །སངས་རྒྱས་ཉིད་ཀྱི་ལམ་ལ་གཞན་ལ་མ་འདྲེས་པ་ཉིད་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་བཅུ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་
ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་སུམ་ཅུ་རྩ་བཞིར་བཞེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་རྣམས་གང་ཞེ་ན། ཕན་པ་དང་བདེ་བ་ཉིད་ཀྱི་གནས་དང་གནས་མ་ཡིན་པ་མཁྱེན་པ་དང་། ཉེས་པ་དང་ལེགས་པར་སྤྱད་པའི་འབྲས་བུ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་
པ་དང་། ལམ་དང་འབྲས་བུ་སོ་སོ་ལ་མོས་པ་སྣ་ཚོགས་པ་མཁྱེན་པ་དང་། ཞིང་ཡོངས་སུ་དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པ་དང་། ཐེག་པ་ཆེན་པོ་དང་ཆེན་པོ་མ་ཡིན་པ་ལ་ཡིད་ཆེས་པའི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པ་དང་།
ངེས་པར་འབྱུང་བ་མ་ཡིན་པ་དང་ཡིན་པའི་འབྲས་བུ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང་། སྲེད་པ་དང་ལྡན་པ་ལ་སོགས་པ་ཤས་ཆེ་བས་བསམ་གཏན་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་གནས་པ་དང་ཁྱད་པར་གྱི་བསམ་གཏན་ལ་སོགས་པ་རྣམ་པར་བྱང་བ་མཁྱེན་པ་
དང་། སེམས་ཅན་རྣམས་ཀྱི་གནས་ལ་སོགས་པ་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དང་། ལུས་ཅན་རྣམས་ཀྱི་ད་ལྟར་དང་མ་འོངས་པའི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་དང་། ཉན་ཐོས་ནས་རང་སངས་རྒྱས་ཀྱི་བར་དུ་ཕྱོགས་གཅིག་ནས་མཐའ་དག་གི་ཟག་པ་ཟད་པ་
མཁྱེན་པའི་སྟོབས་ཏེ། སེམས་ཅན་རྣམས་ལ་བསླུ་བའི་བདུད་འཇོམས་པར་བྱེད་པའི་ཕྱིར་སྟོབས་ཀྱི་རྣམ་པ་བཅུའོ། །ད་ནི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་ཡེ་ཤེས་ཞལ་གྱིས་འཆེས་པ་དང་། འདོད་ཆགས་ལ་སོགས་པ་ཟག་པ་ཇི་སྙེད་པ་ཐམས་
ཅད་རབ་ཏུ་ཟད་དོ་ཞེས་སྤངས་པ་ཉིད་དང་། གཞན་ལ་འདོད་ཆགས་ལ་སོགས་པ་འདི་དག་གིས་ཐེག་པ་གསུམ་གྱི་བར་དུ་གཅོད་པའོ་ཞེས་གེགས་ལུང་འབོགས་པ་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ལམ་འཁོར་བ་དང་ཐེག་པ་དམན་པ་ལས་ངེས་པར་འབྱུང་བ་རྗེས་སུ་
เล่ม ๘๘ · หน้า 41b
སྟོན་པར་མཛད་པ་ལ་ལྷ་དང་བདུད་ལ་སོགས་པའི་རྒོལ་བ་པོས་བག་ཚ་བ་མེད་པ་སྟེ། གཞན་མུ་སྟེགས་ལ་སོགས་པས་བརྫི་བར་མི་ནུས་པའི་ཕྱིར་མི་འཇིགས་པའི་རྣམ་པ་བཞིའོ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་རྣམས་ལ་རྣམ་གྲངས་སོ་སོ་ཡང་
དག་པར་རིག་པ་དང་། དེ་དག་གི་སྤྱི་དང་རང་གི་མཚན་ཉིད་ལ་དོན་སོ་སོ་ཡང་དག་པར་རིག་པ་དང་། ལྷ་དང་ཀླུ་ལ་སོགས་པའི་སྐད་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། ཆོས་རྣམས་ཀྱི་རབ་ཏུ་དབྱེ་བའི་ཡུལ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དམ་
པའི་ཆོས་ལེགས་པར་སྟོན་པ་ཉིད་ཀྱི་ཕྱིར་སོ་སོ་ཡང་དག་པར་རིག་པའི་རྣམ་པ་བཞིའོ། །སྐུ་རྣམ་པར་འཁྲུལ་པ་མི་མངའ་བ་དང་། གསུང་ཅ་ཅོ་དང་། ཐུགས་དྲན་པ་ཉམས་པ་དང་། གནས་སྐབས་མཉམ་པར་མ་བཞག་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཐ་དད་
པ་ཉིད་ཀྱི་འདུ་ཤེས་དང་། གདུལ་བར་བྱ་བ་སྣོད་དུ་རུང་བ་དང་། མི་རུང་བ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་བྲལ་བའི་རྣམ་པ་དྲུག་དང་། དབང་པོ་ཉིད་དུ་བརྗོད་པའི་བདག་ཉིད་འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་
རབ་དང་། ཤེས་བྱའི་སྒྲིབ་པ་ལས་དབེན་པར་གྱུར་པས་རྣམ་པར་གྲོལ་བ་ལས་ཡོངས་སུ་ཉམས་པ་མི་མངའ་བ་སྟེ། མི་ཉམས་པའི་རྣམ་པ་དྲུག་དང་། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པ་དང་། མ་འོངས་
པ་དང་། ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱིས་གཟིགས་པ་འཇུག་པ་སྟེ། གྲངས་ཇི་ལྟ་བར་དྲུག་ཚན་རེ་རེས་སྤྱོད་པ་དང་ཐོབ་པ་དང་། ཕྲིན་ལས་ཤིན་ཏུ་ཕུལ་དུ་གྱུར་པ་གཞན་ལས་ཐུན་མོང་མ་ཡིན་པ་བརྙེས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
རྣམ་པ་བཅོ་བརྒྱད་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཤད་ཅིང་འགྱུར་བ་མེད་པའི་དེ་བཞིན་ཉིད་དང་། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་རང་འབྱུང་བ་དང་། རྣམ་པ་ཐམས་ཅད་མངོན་པར་རྫོགས་པའི་བྱང་ཆུབ་པའི་མཚན་ཉིད་སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ།
เล่ม ๘๘ · หน้า 42a
རྣམ་པ་ཐམས་ཅད་བླ་ན་མེད་པའི་རྣམ་པ་གསུམ་མོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་དགུར་བཞེད་དེ། མདོར་བསྡུ་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡིན་ནོ། །དེ་ལ་ཐམས་ཅད་
མཁྱེན་པ་ཉིད་གསུམ་གྱི་རྣམ་པ་རྣམས་ནི་གོ་རིམས་ལྟར་ཉན་ཐོས་ལ་སོགས་པ་ཉོན་མོངས་པ་མེད་པས་ཞི་བ་ཁོ་ནའི་དོན་དུ་ཞུགས་པ་དང་། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཤིན་ཏུ་སྤངས་པ་མ་ཡིན་པས་སེམས་ཅན་གྱི་དོན་ཚོལ་བ་དང་། ཡང་དག་པར་རྫོགས་པའི་སངས་
རྒྱས་དྲི་མ་མ་ལུས་པ་སྤངས་པས་མཛད་པ་ལྷུན་གྱིས་གྲུབ་པར་སྤྱོད་པའི་ཕྱིར་ཟག་པ་མེད་པ་དང་། ཡོད་པ་དང་མེད་པ་གཉིས་ཀ་དང་། ཤིན་ཏུ་ཟག་པ་མེད་པ་ཡིན་པར་ཤེས་པར་བྱའོ། །དེའི་རྗེས་ལ་རྣམ་པ་དེ་དག་སྒོམ་པར་བྱེད་པའི་སྦྱོར་བ་བསྟན་པའི་ཕྱིར་སྔོན་དུ་སྦྱོར་བ་པོའི་སྣོད་
གསུངས་པ། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བསྟེན་དང་ཀུན་འདྲི་དང་། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་
སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་བྱ་བའོ། །སྔོན་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་པ་དང་། དེ་དག་ལ་སེམས་བསྐྱེད་པ་ལ་སོགས་པས་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ་དང་། གནས་སྐབས་ཐམས་ཅད་དུ་དགེ་བའི་བཤེས་
གཉེན་དག་གིས་རྗེས་སུ་བཟུང་བ་རྣམས་ནི་རྣམ་པའི་མཚན་ཉིད་ཅན་གྱི་ཡུམ་འདིའི་གཞུང་མཉན་པའི་སྣོད་དུ་རུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ལ་ལུས་ལ་སོགས་པའི་ཞབས་འབྲིང་གིས་མཉེས་པར་བྱས་པ་དང་། ཐེ་ཚོམ་གྱི་གནས་ཐམས་ཅད་ལེགས་པར་དྲིས་པ་དང་། སྦྱིན་
པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་རབ་ཏུ་སྒྲུབ་པ་དག་གོ་རིམས་ལྟར་འདིའི་ཚིག་འཛིན་པ་དང་། དོན་མི་བརྗེད་པ་དང་། མཚན་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སྣོད་དུ་རུང་བ་ཉིད་ཡིན་པར་སངས་རྒྱས་ལ་སོགས་པ་བཞེད་དོ། །དེའི་འོག་ཏུ་སྦྱོར་བ་དངོས་གསུངས་
เล่ม ๘๘ · หน้า 42b
པ། གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་སྤྱོད་པ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང་། །ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང་། །ངེས་འབྱུང་
བར་ཆད་མེད་བཅས་དང་། །བྱང་ཆུབ་ཉེ་དང་མྱུར་བ་དང་། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང་། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང་། །གཟུགས་སོགས་དེ་ཡི་མཚན་མ་དང་། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་
བུ་རིན་ཆེན་སྦྱིན་བྱེད་དང་། །དེ་ནི་དག་པ་མཚམས་དང་བཅས། །ཞེས་བྱ་བའོ། །གཟུགས་ལ་སོགས་པ་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱི་མི་གནས་པ་དང་། དེ་དག་ལ་མི་སྦྱོར་བ་ཉིད་ཀྱང་མི་དམིགས་པ་དང་། གཟུགས་ལ་སོགས་པ་དེ་དག་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་
ཟབ་པ་དང་། རྟོགས་པར་དཀའ་བ་ཉིད་ཀྱིས་གཏིང་དཔག་དཀའ་བ་དང་། དེ་དག་གི་མཐའ་མི་རྙེད་པ་ཉིད་ཀྱིས་ཚད་མེད་པ་ཞེས་བྱ་བར་རང་བཞིན་གྱི་དབྱེ་བ་རྣམ་པ་ལྔ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྲག་པའི་ཕྱིར་རབ་ཏུ་ཚེགས་ཆེན་པོས་ཡུན་རིང་མོ་ཞིག་ན་
འཚང་རྒྱ་བ་དང་། མི་སྐྲག་པའི་ཕྱིར་ཕྱིར་མི་ལྡོག་པར་ལུང་བསྟན་པར་ཉེ་བ་དང་། ཕ་རོལ་ཏུ་ཕྱིན་པ་དེའི་ཆོས་སྤྱོད་པ་ཡང་དག་པར་འཛིན་པའི་ཕྱིར་ཕྱིར་མི་ལྡོག་པ་དང་། ཐེག་པ་དམན་པ་ཡིད་ལ་བྱེད་པའི་བར་ཆད་ཀྱི་ཆོས་སྤོང་བའི་ཕྱིར་ངེས་པར་འབྱུང་བ་དང་། རྟག་ཏུ་དེ་ཁོ་ན་ཉིད་
ཀྱི་ཆོས་བསྒོམ་པའི་ཕྱིར་བར་ཆད་མེད་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་གསར་གྱི་རྟེན་དུ་གྱུར་པའི་ཕྱིར་བྱང་ཆུབ་དང་ཉེ་བ་དང་། འབྲས་བུ་ཆོས་ཀྱི་སྐུ་མངོན་པར་འགྲུབ་པའི་ཕྱིར་བྱང་ཆུབ་མྱུར་བ་དང་། ཆོས་ཀྱི་འཁོར་ལོ་རྣམ་པ་དུ་མར་རབ་ཏུ་སྐོར་བར་བྱེད་པའི་ཕྱིར་
གཞན་གྱི་དོན་དང་། ཆོས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོས་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་འཕེལ་བ་དང་འགྲིབ་པ་མེད་པ་དང་། འདོད་པའི་ཁམས་སུ་ཉེ་བར་མི་དམིགས་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་མཐོང་བ་དང་། ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱིས་གཟུགས་ལ་
เล่ม ๘๘ · หน้า 43a
སོགས་པ་བསམ་གྱིས་མི་ཁྱབ་པའི་དོན་དམ་པར་དེ་ལྟར་རློམ་པ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་རྣམ་པ་འགོག་པ་དང་། གཟུགས་ལ་སོགས་པ་དང་དེའི་མཚན་མ་དང་དེའི་ངོ་བོ་ཉིད་གསུམ་དུ་རྣམ་པར་མི་རྟོག་པའི་ཕྱིར་དེའི་ངོ་བོར་རྣམ་པར་མི་རྟོག་
པ་དང་། འབྲས་བུ་དང་པོ་ལ་སོགས་པ་མངོན་པར་མཐོང་བ་ཉིད་དུ་བྱེད་པའི་ཕྱིར་འབྲས་བུ་རིན་པོ་ཆེ་སྦྱིན་པ་དང་། གཟུགས་ལ་སོགས་པའི་ཆོས་ཉིད་དག་པ་རྣམ་པ་གཉིས་བསྒོམ་པའི་ཕྱིར་རྣམ་པར་དག་པ་དང་། ལོ་དང་ཟླ་བ་ལ་སོགས་པ་ཁྱད་པར་གྱི་དུས་བཟུང་བས་མངོན་
པར་བརྩོན་པའི་ཕྱིར་ས་མཚམས་དང་བཅས་ཏེ། སྦྱོར་བ་ཞེས་པ་གནས་སྐབས་ཀྱི་དབྱེ་བ་བཅོ་ལྔ་སྟེ་སྦྱོར་བ་ནི་རྣམ་པ་ཉི་ཤུའོ། །དེ་ནས་སྦྱོར་བ་དེ་དག་རྣམ་པར་སྒོམ་པའི་ཕན་ཡོན་གསུངས་པ། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་བྱ་བའོ། །
དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པས་བདུད་ཀྱི་མཐུ་བཅོམ་པ་དང་། སངས་རྒྱས་ཐམས་ཅད་ཡོངས་སུ་མཉེས་པས་དགོངས་ཤིང་མཁྱེན་པ་དང་། གཅེས་སྤྲས་སུ་བྱེད་པས་མངོན་སུམ་དུ་མཛད་པ་དང་། རྒྱུ་ཡོངས་སུ་འཛིན་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་
དང་ཉེ་བར་གྱུར་པ་དང་། ནམ་ཡང་ངན་སོང་དུ་མི་ལྟུང་ཞིང་སངས་རྒྱས་དང་མི་འབྲལ་བས་དོན་ཆེན་པོ་ཉིད་ལ་སོགས་པ་དང་། ལྷོ་ཕྱོགས་བརྟ་ནི་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་བ་ལ་སོགས་པས་བྱ་བ་བྱེད་པ་དང་། སངས་རྒྱས་མང་པོ་ལ་རབ་ཏུ་ཞུས་པས་ཟག་པ་མེད་པའི་ཡོན་ཏན་
རྫོགས་པ་དང་། བདག་ལ་སྟོན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་མཛད་པས་སྨྲ་བའི་སྐྱེས་བུར་འགྱུར་བ་དང་། བདུད་ཀྱིས་བྱང་ཆུབ་ལས་ཟློག་པར་མི་ནུས་པས་མི་བྱེད་པ་དང་། བདག་ཉིད་ཐེག་པ་ཆེན་པོའི་སྦྱོར་བ་རྣམས་ལ་དགའ་བ་ཆེར་འཕེལ་ཞིང་གཞན་དེ་ཉིད་ལ་
འགོད་པར་འགྱུར་བས་དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྦྱིན་པ་དང་། སངས་རྒྱས་རྣམས་ཀྱི་རྗེས་སུ་ཡི་རང་བ་མཛད་པས་དམ་བཅའ་བ་ཇི་ལྟ་བ་བཞིན་བསྒྲུབ་པ་དང་། ཆོས་རྒྱ་ཆེན་པོ་ལ་མོས་ཤིང་སྤྱོད་པ་རླབས་པོ་ཆེ་ཡང་དག་པར་སྤྱད་པས་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་
เล่ม ๘๘ · หน้า 43b
འཛིན་པ་དང་། དེ་ནས་རླབས་ཆེན་པོའི་སྤྱོད་པས་གཞན་གྱི་དགོས་པ་རྗེས་སུ་སྒྲུབ་པས་སེམས་ཅན་གྱི་དོན་སྒྲུབ་པ་དང་། བདག་དང་གཞན་གྱི་དོན་དུ་བརྩོན་པ་མི་གཏོང་བས་འདི་ཚོལ་བ་ན་འདི་དང་གཞན་པའི་མདོ་སྡེ་འདི་ལྟ་བུ་ཡང་རྙེད་པར་འགྱུར་བ་སྟེ། ཕྱིན་ཅི་མ་ལོག་པའི་
སྦྱོར་བ་ལ་མངོན་པར་དགའ་བས་འཐོབ་པ་ཡོན་ཏན་རྣམ་པ་བཅུ་བཞིའོ། །དེ་ནས་སྦྱོར་བ་དེ་དག་ཕུན་སུམ་ཚོགས་པར་བསྒྲུབ་པར་བྱ་བའི་ཕྱིར་སྐྱོན་ཤེས་དགོས་པས་བར་ཆད་དུ་འགྱུར་བའི་གནས་རྣམས་གསུངས་པ། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་
རྟོགས་པར་བྱ། །ཞེས་བྱ་བའོ། །སྐྱོ་ཞིང་བར་ཆད་དུ་འགྱུར་བའི་རྒྱུ་སྤོབས་པ་ཧ་ཅང་ཐོགས་པ་དང་། ཡང་དག་པ་མ་ཡིན་པའི་རྟོགས་པ་མྱུར་དུ་སྐྱེ་བས་རློམ་པའི་རྒྱུ་ཧ་ཅང་མྱུར་བ་སྟེ་སྤོབས་པ་དང་འབྲེལ་པ་གཉིས་དང་། གླལ་བ་དང་སྟེག་པ་ལ་སོགས་པ་ལུས་ཀྱི་གནས་ངན་
ལེན་དང་། གཡེང་བ་དང་འདོད་ཆགས་ལ་སོགས་པ་སེམས་ཀྱི་གནས་ངན་ལེན་དང་། གླལ་བ་ལ་སོགས་པ་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་བྱེད་པ་ལ་སོགས་པ་ངག་གི་གནས་ངན་ལེན་ཏེ་གནས་ངན་ལེན་དང་འབྲེལ་པ་གསུམ་དང་། ལུང་མ་བསྟན་པ་དང་
འདིའི་གཏིང་མི་རྙེད་པས་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་དང་། ཉན་ཐོས་ཀྱི་སྡེ་སྣོད་ཚོལ་བས་རྒྱུ་ལ་མངོན་པར་ཞེན་པས་ཉམས་པ་དང་། དམན་པའི་རོ་ལ་ཆགས་པ་གྱ་ནོམ་པའི་རོ་མྱང་བས་ཉམས་པ་དང་། ཉན་ཐོས་ལ་སོགས་པའི་སྡེ་སྣོད་ལ་མཆོག་ཏུ་འཛིན་པས་
ཐེག་པའི་མཆོག་ཀུན་ཏུ་འཛིན་པ་ལས་ཉམས་པ་དང་། ཆེད་དུ་བྱ་བ་རིན་པོ་ཆེའི་འབྱུང་གནས་མ་ཡིན་པ་ལ་ཡིན་པར་འཛིན་པས་རྟག་ཏུ་ཆེད་དུ་བྱ་བ་ཉམས་པ་ཞེས་བྱ་བ་དག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་ཐེག་པ་དམན་པ་ལ་སློབ་པ་
རྒྱུ་དང་འབྲས་བུ་འབྲེལ་པ་ཉམས་པ་དང་། དམན་པའི་ཡོན་ཏན་གྱི་གཞིར་གྱུར་པའི་སྡེ་སྣོད་ལན་པ་གོང་ན་མེད་པ་ལས་ཉམས་པ་སྟེ། ཐེག་པ་ཆེན་པོ་ལས་ཉམས་པའི་རྒྱུ་དང་འབྲེལ་བ་དང་། མདོ་སྡེ་གཞན་ལ་སྤྱོད་པའི་ཡིད་ལ་བྱེད་པ་འབྱུང་བས་ཡུལ་མང་པོ་ལ་རྣམ་
เล่ม ๘๘ · หน้า 44a
པར་རྟོག་པའི་སྤོབས་པ་འགྱུར་བ་དང་། ཡི་གེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་པས་ཡི་གེ་འདྲི་བ་ལ་མངོན་པར་ཞེན་པ་དང་། མེད་པའི་མཚན་མར་དམིགས་པ་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང་། ཡི་གེར་འདྲི་བའི་གཞུང་ཡུམ་དུ་འདུ་ཤེས་པ་
ཡི་གེ་ལ་མངོན་པར་ཞེན་པ་དང་། ཡི་གེ་མ་ཡིན་པ་ཡུམ་དུ་འདུ་ཤེས་པ་ཡི་གེ་མེད་པས་མངོན་པར་ཞེན་པ་དང་། སྣ་ཚོགས་པའི་འདུ་ཤེས་ཀྱིས་གཡེང་བ་དང་ཡུལ་དང་གྲོང་ཁྱེར་ལ་སོགས་པ་ཡིད་ལ་བྱེད་པ་དང་། འཇིག་རྟེན་གྱི་དགའ་བ་ཉམས་སུ་ལེན་པ་རྙེད་པ་དང་བཀུར་སྟི་
དང་ཚིགས་སུ་བཅད་པའི་རོ་མྱང་བ་དང་། བདུད་ཀྱི་བསྟན་པའི་སྡེ་སྣོད་ལས་ཐབས་ལ་མཁས་པ་ཚོལ་བ་ལམ་མ་ཡིན་པས་ལམ་ཚོལ་བ་ཞེས་བྱ་བ་དག་སྟེ་རྣམ་པར་གཡེང་བའི་རྒྱུ་དང་འབྲེལ་པ་བརྒྱད་དོ། །དེའི་སྦྱོར་བ་ལ་མངོན་པར་བརྩོན་པ་དང་མི་བརྩོན་པ་དང་འདུན་པ་དང་སྙོམ་ལས་ཀྱིས་
ཉམས་པ་དང་། འདིར་གནས་པ་དང་གཞན་དུ་འགྲོ་བར་འདོད་པས་འདུན་པའི་ཡུལ་ཐ་དད་པས་ཉམས་པ་དང་། ཆོས་དང་ཟང་ཟིང་ལྷུར་ལེན་པ་དང་འདོད་ཆེན་ཆུང་བ་དང་ཆུང་བ་མ་ཡིན་པ་དང་། དགོན་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་དང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཉམས་པ་ལ་དད་པ་དང་། དེ་མ་ཡིན་པ་ལ་སོགས་པ་དགེ་བ་དང་མི་དགེ་བ་མ་ཡིན་པའི་ཆོས་ཉིད་དང་། རང་གི་ངང་གི་བྱེད་པས་གཏོང་བ་དང་སེར་སྣ་ཅན་དུ་འགྱུར་བ་དང་། རང་གི་གནས་སྐབས་ཀྱི་བྱེད་པས་སྦྱིན་པ་དང་མི་ལེན་པ་དང་། དབང་པོའི་ཁྱད་པར་གྱིས་མགོ་
སྨོས་པ་དང་རྣམ་པར་སྤྲོས་པས་གོ་བ་དང་། རྒྱ་ཆེན་པོ་དང་ཅིག་ཤོས་ཀྱི་དབང་གིས་མདོ་ལ་སོགས་པའི་ཆོས་མངོན་པར་ཤེས་པ་དང་མི་ཤེས་པ་དང་། སྤྱོད་པ་དང་ངང་ཚུལ་གྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་དག་གོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ཐབས་དང་ཐབས་མ་ཡིན་པ་ལ་མཁས་པ་དང་། ཚིག་ལ་སོགས་པའི་གཟུངས་ཐོབ་པ་དང་མ་ཐོབ་པ་དང་། གླེགས་བམ་དུ་བྱ་བའི་ཕྱིར་ཡི་གེ་འདྲི་བར་འདོད་པ་དང་མི་འདོད་པ་དང་། འདོད་པའི་འདུན་པ་ལ་སོགས་པ་དང་བྲལ་བ་དང་མ་བྲལ་བ་ཉིད་ཅེས་བྱ་བ་ཉན་
เล่ม ๘๘ · หน้า 44b
པ་པོ་དང་འཆད་པ་པོ་གང་ཡང་རུང་བ་དང་འབྲེལ་བ་བཅུ་བཞི་དང་། ངན་འགྲོའི་བསྔགས་པ་མ་ཡིན་པ་བརྗོད་པས་ངན་སོང་གི་དོན་ལས་ཕྱིར་ཕྱོགས་པ་དང་། མཐོ་རིས་ཀྱི་ཡོན་ཏན་བརྗོད་པས་ངེས་པར་འབྱུང་བ་མ་ཡིན་པ་བདེ་འགྲོར་འགྲོ་བས་ཡིད་བདེ་བ་ཞེས་བྱ་བ་རང་དང་
འབྲེལ་བ་གཉིས་དང་། ངང་ཚུལ་དང་གནས་སྐབས་ཀྱིས་གཅིག་པུ་དང་འཁོར་དང་མངོན་པར་དགའ་བ་དང་། འཆད་པར་ཁས་མི་ལེན་པའམ། བླངས་ཀྱང་གོ་སྐབས་མི་འབྱེད་ཅིང་ཉན་པ་པོ་ལ་སོགས་པར་རྗེས་སུ་འབྲེལ་པར་འདོད་པ་དང་། མངོན་པར་ཆགས་པའི་སྒོ་ནས་
ཟང་ཟིང་ཅུང་ཟད་སྦྱིན་པར་འདོད་པ་དང་མི་འདོད་པ་དང་། རྐྱེན་གྱི་བྱེ་བྲག་གིས་སྲོག་གི་བར་ཆད་དུ་འགྱུར་བ་དང་མི་འགྱུར་བའི་ཕྱོགས་སུ་འགྲོ་བ་ཞེས་བྱ་བ་དག་གོ། །དེ་བཞིན་དུ་མུ་གེ་བྱུང་བའི་ཕྱོགས་དང་ཆོམ་རྐུན་ལ་སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་
ཞེས་བྱ་བ་གཉིས་ཏེ། གཉིས་ཀ་དང་འབྲེལ་པ་དྲུག་སྟེ། སློབ་དཔོན་ཉིད་དང་འབྲེལ་པ་རྙེད་པ་ལ་ཆགས་པ་ལ་སོགས་པའི་རྒྱུ་མཚན་གྱིས་བྱམས་པར་བྱེད་པའི་ཁྱིམ་བལྟ་བས་ཡིད་མི་བདེ་བ་ཞེས་བྱ་བ་གཅིག་དང་། བདུད་ཀྱིས་འདི་ཡིན་གྱི་དེ་ནི་མ་ཡིན་ནོ་ཞེས་བརྗོད་
པས་བཟློག་པ་ཉིད་ཀྱིས་འབྱེད་པའི་སྦྱོར་བ་དང་། སྦྱིན་པ་ལ་སོགས་པའི་གཟུགས་བརྙན་བསྟན་པས་བྲལ་བར་བྱེད་པ་བཅོས་མ་ཉེ་བར་སྒྲུབ་པ་དང་། བཅོས་མའི་འཚང་རྒྱ་བ་དང་བྱང་ཆུབ་སེམས་དཔའ་སྤྲུལ་ཏེ། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་དགའ་བ་བསྐྱེད་པ་ཞེས་བྱ་བ་
ལོག་པར་འཁྲིད་པ་ཉིད་ཀྱི་རྣམ་པ་གསུམ་སྟེ། དེ་ལྟར་བཞི་བཅུ་རྩ་དྲུག་གོ། །དེ་ལྟར་ཡོན་ཏན་དང་སྐྱོན་བླང་བ་དང་དོར་བས་སྦྱོར་བ་རྣམས་བསྒོམ་པར་བྱ་བ་ཡང་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེའི་འོག་ཏུ་མཚོན་པའི་མཚན་ཉིད་གསུངས་པ། གང་
གིས་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱད་པར་བྱེད་པ་སྟེ། །ངོ་བོ་ཉིད་གང་མཚོན་བྱ་ཡང་། །ཞེས་བྱ་བའོ། །འདིས་སྦྱོར་བ་རྣམས་དེ་བཞིན་གཤེགས་པ་ཉིད་སྐྱེད་པར་མཚོན་པར་བྱེད་པས་ཤེས་པ་དང་། ཁྱད་པར་དང་། བྱེད་པའི་
เล่ม ๘๘ · หน้า 45a
མཚན་ཉིད་དེ་བྱེད་པ་སྒྲུབ་པ་རྣམ་པ་གསུམ་དང་། འདི་དག་མཚོན་པར་བྱ་བ་ཡིན་པས་ངོ་བོ་ཉིད་ཀྱི་མཚན་ཉིད་ལས་སུ་སྒྲུབ་པའི་རྣམ་པ་གཅིག་སྟེ་མཚན་ཉིད་ནི་གཞིར་ཤེས་པར་བྱའོ། །དེ་ལ་ཤེས་པའི་མཚན་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་
བས་ཐ་དད་པ་ལས་རེ་ཞིག་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ནས་དེའི་མཚན་ཉིད་གསུངས་པ། དེ་བཞིན་གཤེགས་པ་འབྱུང་བ་དང་། །འཇིག་རྟེན་འཇིག་མེད་བདག་ཉིད་དང་། །སེམས་ཅན་སེམས་ཀྱི་སྤྱོད་པ་དང་། །དེ་བསྡུས་པ་དང་ཕྱིར་བལྟས་དང་། །མི་ཟད་པ་ཡི་རྣམ་པ་
དང་། །ཆགས་བཅས་སོགས་དང་རྒྱ་ཆེན་དང་། །ཆེན་པོར་གྱུར་དང་ཚད་མེད་དང་། །རྣམ་ཤེས་བསྟན་དུ་མེད་པ་དང་། །སེམས་བལྟར་མེད་དང་ཤེས་པ་དེ། །གཡོ་བ་ལ་སོགས་ཤེས་བྱ་དང་། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་
པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་བྱ་བའོ། །མ་འདྲེས་པའི་ཆོས་ལ་སོགས་པས་སྤྱིར་དེ་བཞིན་གཤེགས་པ་སྐྱེད་པ་ཉིད་དང་། འཇིག་རྟེན་དེ་
ཁོ་ནར་འཇིག་པ་མེད་པར་མཁྱེན་པ་དང་། ཀུན་རྫོབ་ཏུ་སེམས་ཅན་གྲངས་མེད་པའི་སེམས་ཅན་གྱི་སྤྱོད་པ་དང་། དེ་བཞིན་ཉིད་ལ་མཉམ་པར་བཞག་པ་སེམས་བསྡུས་པ་དང་། མཉམ་པར་མ་བཞག་པས་སེམས་རྣམ་པར་གཡེངས་པ་ཕྱིར་བལྟས་པ་དང་། ཡང་དག་
པའི་མཚན་ཉིད་ཀྱི་སེམས་མི་ཟད་པའི་རྣམ་པ་དང་། སྐྱེ་བོ་རྣམས་ཀྱི་སེམས་ཀུན་ནས་ཉོན་མོངས་པ་འདོད་ཆགས་དང་བཅས་པ་དང་། སོགས་པ་ཞེས་བྱ་བས་བསྡུས་པ་འཕགས་པ་རྣམས་ཀྱི་རྣམ་པར་བྱང་བའི་སེམས་འདོད་ཆགས་དང་བྲལ་བ་དང་། སྐྱེ་བ་དང་གནས་པ་དང་འཇིག་
པ་མེད་པའི་སེམས་རྒྱ་ཆེན་པོ་དང་། བདག་མེད་པ་ཉིད་དང་། ཡོན་ཏན་ཐོབ་པ་མཉམ་པ་ཉིད་སེམས་ཆེན་པོར་གྱུར་པ་དང་། སོ་སོ་ངེས་པར་མི་ནུས་པས་སེམས་ཚད་མེད་པ་དང་། འགགས་པ་ལ་སོགས་པས་དུས་གསུམ་གྱི་སེམས་བསྟན་དུ་མེད་པ་དང་། ངོ་
เล่ม ๘๘ · หน้า 45b
བོ་ཉིད་ཐམས་ཅད་དང་བྲལ་བས་སེམས་བལྟར་མེད་པ་དང་། རྣམ་པར་འཕྲོ་བས་སེམས་གཡོ་བ་ལ་སོགས་པ་དང་། དེ་ལས་གཞན་ཡང་གཡོ་བ་ལ་སོགས་པ་དེ་བཞིན་ཉིད་དང་མ་ནོར་བ་དང་། ཐུབ་པ་མཆོག་གིས་དེ་བཞིན་ཉིད་ཇི་ལྟ་བར་རྟོགས་ནས་དེའི་དོན་གཞན་ལ་
བསྟན་པ་ཞེས་བྱ་བ་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟར་དེའི་བདག་ཉིད་ཀྱིས་མཁྱེན་པ་སྐྱེད་པར་མཚོན་པས་ཤེས་པའི་མཚན་ཉིད་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ནས་ལམ་ཤེས་པ་ཉིད་ཀྱི་སྒོ་
ནས་ཤེས་པའི་མཚན་ཉིད་གསུངས་པ། སྟོང་ཉིད་མཚན་མ་མེད་བཅས་དང་། །སྨོན་པ་རྣམ་པར་སྤངས་པ་དང་། །སྐྱེ་མེད་འགག་པ་མེད་སོགས་དང་། །ཆོས་ཉིད་རྣམ་པར་འཁྲུག་མེད་དང་། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་
ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས་བྱ་བའོ། །རང་གི་ངོ་བོ་སྟོང་པ་ཉིད་དང་། རྒྱུའི་བྱེད་པ་མཚན་མ་མེད་པ་དང་། འབྲས་བུའི་བདག་ཉིད་སྨོན་པ་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བའི་སྐྱེ་བ་མེད་པ་དང་།
ལུགས་ལས་བཟློག་པའི་འགག་པ་མེད་པ་དང་། སོགས་པ་ཞེས་བྱ་བས་བསྡུས་པ་དྲི་མའི་བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། དྲི་མ་དང་བྲལ་བ་རྣམ་པར་བྱང་བ་མེད་པ་དང་། སྤང་བ་དང་། བླང་བའི་དངོས་པོ་མེད་པ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ངོ་
བོ་ཉིད་མེད་པ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྟེན་མེད་པ་དང་། སྒྲིབ་གཡོགས་ཀྱི་དབང་གིས་ཡོངས་སུ་འགྱུར་བ་མེད་པས་ནམ་མཁའི་མཚན་ཉིད་དྲུག་དང་། སུས་ཀྱང་གཞན་དུ་བྱ་བར་མི་ནུས་པས་ཆོས་ཉིད་རྣམ་པར་འཁྲུག་པ་མེད་པ་དང་། རྒྱུ་དང་རྐྱེན་ལས་མ་སྐྱེས་པས་
མངོན་པར་འདུ་བྱ་བ་མེད་པ་དང་། མཚན་ཉིད་འགར་ཡང་གདགས་པར་བྱ་བ་མ་ཡིན་པས་རྣམ་པར་མི་རྟོག་པ་ཉིད་དང་། ཀུན་རྫོབ་རྣམ་པར་བཞག་པས་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་དང་། དོན་དམ་པར་ཤིན་ཏུ་དབེན་པས་མཚན་ཉིད་མེད་པར་ཤེས་པ་དང་ཞེས་བྱ་བ་ཤེས་པའི་
เล่ม ๘๘ · หน้า 46a
རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟ་བར་དེའི་བདག་ཉིད་ཀྱི་མཁྱེན་པ་བསྐྱེད་པར་མཚོན་པས་ཤེས་པའི་མཚན་ཉིད་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
སྒོ་ནས་ཤེས་པའི་མཚན་ཉིད་གསུངས་པ། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །གནས་དང་གུས་པར་བྱ་བ་དང་། །བླ་མ་ཉིད་དང་མཉེས་པ་དང་། །དེ་ལ་མཆོད་དང་བྱེད་མེད་དང་། །ཀུན་ཏུ་འཇུག་མཁྱེན་གང་ཡིན་དང་། །མ་མཐོང་སྟོན་པར་མཛད་པ་དང་། །
འཇིག་རྟེན་སྟོང་ཉིད་རྣམ་པ་དང་། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་བྱ་བའོ། །ཐུབ་པ་
དེ་ནི་ཉིད་ཀྱི་ཆོས་རྣམ་པ་ཐམས་ཅད་ཇི་ལྟ་བར་མཁྱེན་པའི་ཡུམ་འདི་ལ་བརྟེན་ནས་བདེ་བར་གནས་པ་མཆོག་གིས་གནས་པ་མཁྱེན་པ་དང་། འདིའི་དོན་སྟོན་པར་མཛད་པ་ནས་ཉིད་ཀྱི་ཁྲི་བཤམ་པ་ལ་སོགས་པ་མཛད་པ་གུས་པར་བྱ་བ་དང་། བཀའ་བསྒྲུབ་པར་བྱ་བ་ཉིད་དུ་
བཀུར་བས་བླ་མར་བྱ་བ་དང་། ཡོན་ཏན་བརྗོད་པ་ལ་སོགས་པས་མཉེས་པར་བྱེད་པ་དང་། རིན་པོ་ཆེའི་མེ་ཏོག་གཏོར་བ་ལ་སོགས་པས་མཆོད་པ་དང་། དེ་ཁོ་ནར་སྐྱེ་བ་དང་འཇིག་པ་དང་རང་གི་ངོ་བོས་སྟོང་པས་དེ་ལྟར་བྱེད་པ་ཉིད་མེད་པ་དང་། ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་
ཡེ་ཤེས་ཀུན་ཏུ་འཇུག་པ་མཁྱེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་སངས་རྒྱས་ལ་ཆོས་འགའ་ཡང་མཐོང་བར་བྱར་མེད་པའི་དོན་སྟོན་པ་དང་། ཕུང་པོ་ལྔའི་འཇིག་རྟེན་སྟོང་པ་ཉིད་དུ་མཁྱེན་པ་དང་། ཐོས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱ་བ་ཉིད་ཀྱིས་འཇིག་རྟེན་སྟོང་པ་
ཉིད་དུ་བརྗོད་པར་མཛད་པ་དང་། བསམས་པ་ལས་བྱུང་བ་བསྐྱེད་པར་བྱ་བ་ཉིད་ཀྱིས་འཇིག་རྟེན་སྟོང་པ་ཉིད་དུ་ཤེས་པར་བྱ་བ་དང་། བསྒོམས་པ་ལས་བྱུང་བ་བསྐྱེད་པར་བྱ་བ་ཉིད་ཀྱིས་འཇིག་རྟེན་སྟོང་པ་ཉིད་དུ་མངོན་སུམ་དུ་མཐོང་བར་མཛད་པ་དང་། ཕུང་པོ་རྣམ་པ་ལྔའི་
เล่ม ๘๘ · หน้า 46b
དེ་ཁོ་ན་ཉིད་སྤྱོད་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་དང་། དེའི་ཆོས་ཉིད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཉིད་དུ་སྟོན་པ་དང་། ཕུང་པོ་ལ་མངོན་པར་ཞེན་པའི་འཇིག་རྟེན་འགོག་པ་དང་། དེ་ལ་བློས་མཚན་མར་འཛིན་པ་ཉིད་ཀྱི་འདུ་ཤེས་འགོག་པ་ཞེས་བྱ་བ་ཤེས་པའི་
རྣམ་པའི་བྱེ་བྲག་བཅུ་དྲུག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟ་བར་དེའི་བདག་ཉིད་ཀྱི་མཁྱེན་པ་བསྐྱེད་པར་མཚོན་པས་ཤེས་པའི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ལྟར་ཤེས་པའི་མཚན་ཉིད་སྤྱིའི་མཚན་ཉིད་དུ་བརྗོད་
ནས། ཤེས་པའི་རྣམ་པས་ཡོངས་སུ་བཅད་པ་ཁྱད་པར་གྱི་མཚན་ཉིད་གསུངས་པ། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་བྱ་བའོ། །གང་
གི་ཕྱིར་ཁྱད་པར་གྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་ལ་སོགས་པས་ཁྱད་པར་དུ་གྱུར་པ་སྡུག་བསྔལ་ལ་སོགས་པ་བདེན་པའི་ཡུལ་ཅན་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་མཚན་ཉིད་སྐད་ཅིག་མ་བཅུ་དྲུག་གིས་ལམ་ཤེས་པ་ཉིད་ལ་སོགས་པའི་
སྦྱོར་བ་དག་མཚོན་པར་བྱེད་པའི་ཕྱིར་ཁྱད་པར་གྱི་མཚན་ཉིད་དུ་བཤད་པ་ཡིན་ནོ། །དེ་ལ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་དེ་དག་གསུངས་པ། བསམ་མི་ཁྱབ་དང་མི་མཉམ་དང་། །གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་
བསྡུས་མཁས་པ་ཡིས། །རིག་བྱ་ཐུན་མོང་མེད་ཤེས་དང་། །ཤེས་མྱུར་བྲི་དང་གང་མེད་དང་། །སྒྲུབ་དང་ཡང་དག་འགྲུབ་པ་དང་། །དམིགས་པ་རྟེན་དང་བཅས་པ་དང་། །མཐའ་དག་པ་དང་ཡོངས་འཛིན་དང་། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་
ཉིད་ཤེས་བྱ་སྟེ། །གང་གིས་ལམ་འདི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་བྱ་བའོ། །རྟོག་གེའི་སྤྱོད་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་ཉིད་དང་། དཔེ་ཟླར་རུང་བས་མཚུངས་པ་མེད་པས་མི་མཉམ་པ་དང་། ཚད་མ་རྣམས་
เล่ม ๘๘ · หน้า 47a
ཀྱིས་རྟོགས་པར་བྱ་བ་མ་ཡིན་པས་གཞལ་བ་ལས་ཡང་དག་པར་འདས་པ་དང་། སྒྲས་བརྗོད་པ་ལ་སོགས་པས་ཚད་གཟུང་བར་མི་རུང་བས་བགྲང་བ་ལས་ཡང་དག་པར་འདས་པ་དག་ནི། སྡུག་བསྔལ་གྱི་བདེན་པའི་སྐད་ཅིག་མའི་ཁྱད་པར་ཡིན་ནོ། །ཉན་ཐོས་
ནས་རང་སངས་རྒྱས་ཀྱི་བར་དུ་འཕགས་པའི་གང་ཟག་ཐམས་ཅད་སྡུད་པ་དང་། ཕྲ་བ་ལ་སོགས་པའི་དོན་སྐྱེས་བུ་མཁས་པས་རིག་པར་བྱ་བ་ཉིད་དང་། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་དངོས་པོ་ཡོངས་སུ་ཤེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་མྱུར་བར་
རྟོགས་པ་དག་ནི་ཀུན་འབྱུང་བའི་བདེན་པའི་སྐད་ཅིག་མའི་ཁྱད་པར་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཁོ་ནས་ཆོས་ཐམས་ཅད་བྲི་བ་དང་གང་བ་མེད་པ་དང་། ཆོས་སྨྲ་བ་བསྟེན་ཅིང་འཁོར་གསུམ་རྣམ་པར་དག་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲག་ཏུ་རབ་ཏུ་སྒྲུབ་པ་དང་། དུས་
རིང་མོ་ཉིད་ནས་སངས་རྒྱས་ལ་བསྙེན་བཀུར་བ་ལ་སོགས་པའི་རྒྱུས་བསོད་ནམས་དང་ཡེ་ཤེས་ཡང་དག་པར་འགྲུབ་པ་དང་། ཤེས་རབ་དང་ཐབས་ཀྱིས་ཡང་དག་པར་ཟིན་པས་ཆོས་ཐམས་ཅད་མ་ཚང་བ་མེད་པ་ལ་དམིགས་པ་དག་ནི་འགོག་པའི་བདེན་པའི་སྐད་ཅིག་མའི་ཁྱད་པར་
ཡིན་ནོ། །ཐབས་མཁས་པ་ཉིད་ཀྱིས་ལེགས་པར་བསྒྲུབས་པའི་རིགས་ཀྱི་རྟེན་དང་བཅས་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུ་མཐའ་དག་འཚོགས་པ་དང་། དགེ་བའི་བཤེས་གཉེན་གྱིས་བསྟན་པའི་ཐབས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཡོངས་སུ་འཛིན་པ་དང་། དངོས་པོ་དང་མྱ་ངན་ལས་འདས་པ་ལ་ཆགས་པའི་རོ་མྱང་བ་མེད་པ་དག་ནི་ལམ་གྱི་བདེན་པའི་སྐད་ཅིག་མའི་ཁྱད་པར་ཡིན་ཏེ། གང་གི་བྱང་ཆུབ་སེམས་དཔའི་ལམ་ཉན་ཐོས་ལ་སོགས་པའི་ལམ་རྣམས་ལས་ཁྱད་པར་དུ་འཕགས་པའི་
ཆོས་བཤད་མ་ཐག་པའི་ཁྱད་པར་སྐད་ཅིག་མ་བཅུ་དྲུག་དང་ལྡན་པ་འདི་དག་ནི་ཁྱད་པར་གྱི་ལམ་ཡིན་པར་ཤེས་པར་བྱའོ། །དེའི་རྗེས་ལ་དེ་དག་གི་བྱེད་པའི་མཚན་ཉིད་གསུངས་པ། ཕན་དང་བདེ་དང་སྐྱོབ་པ་དང་། །མི་རྣམས་ཀྱི་ནི་སྐྱབས་དག་དང་། །གནས་དང་དཔུང་
เล่ม ๘๘ · หน้า 47b
གཉེན་གླིང་དང་ནི། །ཡོངས་འདྲེན་པ་ཞེས་བྱ་བ་དང་། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་སུམ་མི་བྱེད་དག །ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་བྱ་བའོ། །ངེས་པར་ལེགས་པ་ཉིད་ཀྱི་ཕན་པ་ཐར་པ་དང་། །
སེམས་ཅན་ལ་མངོན་པར་མཐོ་བ་ཉིད་ཀྱི་བདེ་བ་ལུས་དང་སེམས་མངོན་པར་ཚིམ་པ་དང་། བླ་ན་མེད་པ་ཉིད་ཀྱི་སྐྱོབ་པ་ལམ་ལེགས་པར་སྟོན་པ་སྟེ། སྤྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱེད་པ་གསུམ་དང་། ཡིད་ཀྱི་རང་བཞིན་གྱི་ལུས་ལ་སོགས་པས་རིམ་གྱིས་མི་གནས་པའི་
མྱ་ངན་ལས་འདས་པ་ལ་སྦྱོར་བ་སྐྱབས་དང་། ཆོས་ཐམས་ཅད་འདྲེ་བ་མེད་པ་ལ་སོགས་པར་བསྟན་པས་མ་རིག་པ་དང་བག་ཆགས་ཀྱི་ས་ལ་སོགས་པ་སྤོང་བའི་གནས་དང་། སྲེད་པ་དང་ཞི་བ་མཉམ་པ་ཉིད་དུ་རྟོགས་པས་དེ་ལས་གཞན་པ་རྣམས་ཀྱི་དཔུང་གཉེན་དང་། བླང་
བ་དང་དོར་བའི་སྲེད་པ་ཡོངས་སུ་ཆད་ཅིང་རང་དང་གཞན་གྱི་དོན་རྟོགས་པའི་རྟེན་དུ་གྱུར་པའི་གླིང་དང་། སྐྱེ་བ་མེད་པ་ལ་སོགས་པའི་ཆོས་བསྟན་ཏེ་གཞན་གྱི་དོན་བསྒྲུབ་པས་ཡོངས་སུ་འདྲེན་པ་དང་། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་སྟོན་ཅིང་རྩོལ་བ་མེད་པར་འཇུག་པས་སེམས་
ཅན་གྱི་དོན་ལྷུན་གྱིས་གྲུབ་པ་དང་། རློམ་སེམས་དང་བྲལ་བའི་ཆོས་སྟོན་ཅིང་མངོན་དུ་བྱ་བ་དང་བྲལ་བར་རྟོགས་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་འབྲས་བུ་མངོན་དུ་མི་བྱེད་པ་སྟེ། བྱེ་བྲག་ཏུ་ལམ་ཤེས་པ་ཉིད་ཀྱི་བདེན་པ་བདུན་དང་། ཆོས་ཐམས་ཅད་མངོན་པར་རྫོགས་པ་ཉིད་
ཀྱིས་ཆོས་བསྟན་ཏེ་དེའི་རྟེན་སངས་རྒྱས་ལ་འགོད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་རྟེན་གྱི་མཛད་པ་ནི་གཅིག་གོ། །འདིར་ཐུན་མོང་མ་ཡིན་པའི་སྦྱོར་བ་གཙོར་བསྟན་པ་ཉིད་ཀྱི་བྱེད་པ་རྣམ་པར་བསྟན་པ་ཡིན་པས་ཐམས་ཅད་ཤེས་པ་ཉིད་ལ་བརྟེན་པའི་བྱེད་པ་ནི་ལོགས་
ཤིག་ཏུ་བརྩི་བར་མི་བྱའོ། །དེ་ལྟར་བྱེད་པའི་རྣམ་པ་བཅུ་གཅིག་གིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་ཇི་ལྟ་བར་མཚོན་པར་བྱེད་པས་བྱེད་པའི་མཚན་ཉིད་ཡིན་ནོ། །མཚན་ཉིད་དེ་དག་གིས་ཤེས་པར་བྱས་པའི་ངོ་བོ་ཉིད་གང་ཞེ་ན། ངོ་བོ་ཉིད་ཀྱི་མཚན་ཉིད་གསུངས་
เล่ม ๘๘ · หน้า 48a
པ། །ཉོན་མོངས་རྟགས་དང་མཚན་མ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་དཀའ་དང་ངེས་པ་དང་། །ཆེད་དུ་བྱ་དང་མི་དམིགས་དང་། །མངོན་པར་ཞེན་པ་བཀག་པ་དང་། །དམིགས་པ་ཞེས་བྱ་གང་ཡིན་དང་། །མི་མཐུན་
ཐོགས་པ་མེད་དང་དེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང་། །དེ་བཞིན་ཉིད་ནི་མི་དམིགས་དང་། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་
དབེན་པའི་ངོ་བོ་ཉིད་དང་། དེས་ཀུན་ནས་བསླང་བས་དེའི་རྟགས་ལུས་དང་ངག་གི་གནས་ངན་ལེན་གྱིས་དབེན་པ་དང་། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་དེའི་མཚན་མས་དབེན་པ་དང་། སྟོང་པ་ཉིད་ཀྱིས་འདོད་ཆགས་དང་འདོད་ཆགས་མེད་པ་ལ་
སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་གིས་དབེན་པ་ཞེས་བྱ་བ་ཐམས་ཅད་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་བཞིའོ། །དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་འདའ་བར་དཀའ་བས་དེའི་གོ་ཆ་ཆོས་ཐམས་ཅད་དང་མ་འབྲེལ་བ་དང་། ཐེག་པ་གཞན་དུ་མི་ལྟུང་བའི་མཚན་
ཉིད་མཐའ་གཅིག་ཏུ་ངེས་པ་དང་། ཡུན་རིང་པོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱི་ཆེད་དུ་བྱ་བ་དང་། རང་བཞིན་གྱིས་བསྒོམ་པར་བྱ་བ་ལ་སོགས་པ་འཁོར་གསུམ་དུ་མི་དམིགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ལམ་ཐམས་ཅད་ལ་མངོན་པར་ཞེན་པ་མཐའ་དག་བཀག་པ་ཞེས་བྱ་བ་ལམ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ལྔའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་བའི་ཚུལ་གྱིས་མ་བྱས་ཤིང་རྟོགས་པར་བྱ་བ་མ་ཡིན་པའི་དེ་བཞིན་ཉིད་ལ་དམིགས་པ་
དང་། འཇིག་རྟེན་པ་ལ་སོགས་པ་གཟུང་བ་དང་འཛིན་པའི་མཚན་མར་སྤྱོད་པ་ལས་ཟློག་སྟེ་བལྟས་པས་མི་མཐུན་པ་དང་། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཐོགས་པ་མེད་པར་ཤེས་པ་དང་། ཤེས་པར་བྱ་བ་དང་ཤེས་པར་བྱེད་པ་མི་དམིགས་པ་གཞི་མེད་པ་
เล่ม ๘๘ · หน้า 48b
དང་། དེ་བཞིན་ཉིད་ཀྱིས་འགྲོ་བ་དང་འོང་བ་མེད་པ་དང་། གཟུགས་ལ་སོགས་པ་དང་དེ་བཞིན་ཉིད་དང་དེ་ལས་གཞན་པའི་རྗེས་སུ་མ་ཡིན་པས་སྐྱེ་བ་མེད་པ་དང་། དེ་བཞིན་ཉིད་ཟབ་པས་གཟུགས་དང་དེ་བཞིན་ཉིད་ལ་སོགས་པ་གསུམ་གྱི་ངོ་བོ་ཉིད་མི་དམིགས་པ་ཞེས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་བདུན་ནོ། །དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གིས་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་གྱི་སྦྱོར་བ་རྣམས་ཇི་ལྟ་བའི་མཚན་ཉིད་དག་གིས་མཚོན་པར་བྱ་བ་ཡིན་པས་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་འདོད་དོ། །དེ་ལྟར་
བར་སྐབས་ཀྱི་ཚིགས་སུ་བཅད་པ་བཅོ་བརྒྱད་ཀྱིས་བྱེད་པ་དང་བྱ་བའི་བདག་ཉིད་ཅན་གྱི་མཚན་ཉིད་དགུ་བཅུ་རྩ་གཅིག་བསྟན་པར་མཛད་པ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ལ་ཇི་སྐད་བཤད་པའི་སྦྱོར་བ་ཡོངས་སུ་བསྒོམ་པ་འབྱུང་བ་དང་། སྦྱོར་བའི་
དབང་གིས་འཐོབ་པར་འགྱུར་བ་ཉིད་ཀྱང་ཡིན་པས་དེའི་འོག་ཏུ་ཐར་པའི་ཆ་དང་མཐུན་པ་གསུངས་པ། །མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་
པར་འདོད། །ཅེས་བྱ་བའོ། །རང་བཞིན་གྱིས་རྣམ་པ་ཐམས་ཅད་དུ་ཐམས་ཅད་ལ་མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་རྣམས་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཀྱིས་རྒྱུད་
ལ་ཡང་དག་པར་བསྐྱེད་པ་ལ་མཁས་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་འདི་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བར་འདོད་དོ། །དེ་ལ་ཐབས་མཁས་པ་དེ་དག་གང་ཡིན་པ་ཞེ་ན་གསུངས་པ། སངས་རྒྱས་སོགས་དམིགས་
དད་པ་དང་། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་། །བསམ་པ་ཕུན་ཚོགས་དྲན་པ་དང་། །རྣམ་པར་མི་རྟོག་ཏིང་འཛིན་དང་། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོ་
เล่ม ๘๘ · หน้า 49a
རྟོགས་དཀར་བཞེད། །ཅེས་བྱ་བའོ། །སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་དམིགས་ནས་དད་པ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྤྱོད་ཡུལ་ལ་རབ་ཏུ་སྤྲོ་བའི་བརྩོན་འགྲུས་དང་། བསྒྲུབ་པར་བྱ་བ་དང་
བསྒྲུབ་པར་བྱ་བ་མ་ཡིན་པ་བླང་བ་དང་དོར་བའི་དམིགས་པ་མ་བརྗེད་པ་དྲན་པ་དང་། ཐམས་ཅད་དུ་འཁོར་གསུམ་གྱི་མཚན་མར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། ཐོས་པ་དང་བསམས་པ་ལས་བྱུང་བ་ཉིད་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་
པའི་ཤེས་རབ་ཁྱད་པར་ཅན་དབང་པོའི་ངོ་བོ་ཉིད་མ་ཡིན་པ་རྣམ་པ་ལྔ་ལ་མཁས་པ་ཡིན་ཏེ། འདི་ལྟར་དེ་དག་དབང་པོ་རྣོན་པོས་ཆེར་སྦྱངས་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་བ་དང་། དབང་པོ་རྟུལ་པོ་ཆེར་སྦྱངས་པ་མ་ཡིན་པས་ནི་རྟོགས་པར་དཀའ་བ་ཡིན་ནོ་ཞེས་
བྱ་བར་བཞེད་དོ། །ཐར་པའི་ཆ་དང་མཐུན་པ་གོང་དུ་གོམས་པར་གྱུར་པ་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་དེའི་འོག་ཏུ་དྲོ་བ་ལ་སོགས་པ་རྣམ་པ་བཞིའི་མཚན་ཉིད་གསུངས་པ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་
ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང་། །སྦྱིན་ལ་སོགས་པ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར་དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་
བདེན་ཤེས་པ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་བྱ་བའོ། །ཆོས་ཀྱི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་འདི་ལ་ཆུང་ངུ་ནི་སེམས་མཉམ་པ་དང་། བྱམས་པ་དང་། འབྲིང་དུ་ན་ཕན་པ་དང་། ཁོང་ཁྲོ་བ་མེད་པ་དང་། རྣམ་
པར་འཚེ་བ་མེད་པའི་སེམས་ཏེ། སྤྱིར་ལེགས་པར་སེམས་པ་རྣམ་པ་ལྔ་དང་། །ཆེན་པོར་ཕ་དང་མའི་སེམས་དང་། སྤུན་དང་སྲིང་མོའི་སེམས་དང་། བུ་དང་བུ་མོའི་སེམས་དང་། བཤེས་དང་གྲོགས་ཀྱི་སེམས་དང་། གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་ཏེ། བྱེ་བྲག་
เล่ม ๘๘ · หน้า 49b
ཏུ་ཉེ་བར་སེམས་པའི་རྣམ་པ་ལྔས་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་རྣམ་པ་བཅུ་ནི་དྲོ་བར་གྱུར་པ་ཡིན་པར་བསྔགས་སོ། །ཆུང་ངུ་ན་བདག་ཉིད་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ལས་ལྡོག་ཅིང་། གཞན་ཡང་དེ་ལ་ཡང་དག་པར་འགོད་པ་
དང་། བསྟན་པའི་ཕྱིར་ཞུགས་པ་ལ་བསྔགས་པ་བརྗོད་པ་དང་། འཕེལ་བར་བྱ་བའི་ཕྱིར་མཐུན་པས་དགའ་བར་བྱེད་པ་ཞེས་པ་དང་། འབྲིང་དུ་ན་བདག་ཉིད་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། གཞན་ཡང་སྔ་མ་ལྟར་རྗེས་སུ་སྒྲུབ་པ་ཉིད་དང་། ཆེན་པོ་ནི་སོགས་
པ་ཞེས་བྱ་བས་བསྡུས་ཏེ་བདག་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པའི་སྙོམས་པར་འཇུག་པ་དང་། གཞན་དག་ཀྱང་སྔ་མ་བཞིན་དུ་ཉེ་བར་སྤྱོད་པ་ལ་སོགས་པའི་རྣམ་པས་སེམས་ཅན་ཐམས་ཅད་ལ་དམིགས་པའི་རྩེ་མོར་གྱུར་པ་ཡིན་ནོ། །
དེ་བཞིན་དུ་ཆུང་ངུ་ན་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པ་སྔ་མ་ལྟ་བུའི་རྣམ་པས་ལམ་ལ་སྦྱོར་བ་ཉིད་དང་། འབྲིང་དུ་ན་རང་བྱང་ཆུབ་ཀྱི་འབྲས་བུ་ལ་གཞན་དག་སྦྱོར་བ་དང་། ཆེན་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཉིད་གནས་
ཤིང་གཞན་དག་ཉེ་བར་སྦྱོར་བ་ལ་སོགས་པའི་རྣམ་པས་སྡུག་བསྔལ་ལ་སོགས་པའི་བདེན་པ་སེམས་ཅན་ཐམས་ཅད་ལ་དམིགས་པ་ནི་བཟོད་པ་ཡིན་ནོ། །སྔ་མ་བཞིན་དུ་ཆུང་ངུ་ན་ཐེག་པ་གསུམ་གྱིས་སྨིན་པར་བྱེད་པ་དང་། སོགས་ཞེས་བྱ་བས་བསྡུས་པ་འབྲིང་དུ་ན་བྱང་ཆུབ་
སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པ་དང་། ཆེན་པོ་ནི་བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་པ་ལ་སོགས་པ་ལ་བདག་ཉིད་གནས་ཤིང་གཞན་དག་འགོད་པ་ལ་སོགས་པའི་རྣམ་པས་སེམས་ཅན་ཐམས་ཅད་ལ་དམིགས་པ་ནི་ཆོས་ཀྱི་མཆོག་ཏུ་གྱུར་པ་
ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་བས་སློབ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་གསུངས་པ། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་བསྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་
เล่ม ๘๘ · หน้า 50a
གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བྱ་བའོ། །འདི་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང་མཐོང་བའི་ལམ་དང་བསྒོམ་པའི་ལམ་དག་ལ་ཡང་དག་པར་རྟོགས་པ་ཐོབ་པས་གནས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་ནི་རྣམ་
པ་ཀུན་མངོན་པར་རྫོགས་པ་རྟོགས་པའི་སྐབས་འདིར་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་དགེ་འདུན་ཡིན་ནོ། །དེ་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པར་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་གསུངས་པ། གཟུགས་
ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །ཞེས་བྱ་བའོ། །གཟུགས་ལ་སོགས་པ་ལས་ལྡོག་པ་དང་། ཐེ་ཚོམ་མེད་པ་ལ་སོགས་པའི་རྣམ་པ་ཉི་ཤུར་བརྗོད་པ་འདི་
དག་གིས་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཤེས་པར་བྱ་བ་ཡིན་ནོ། །རྣམ་པ་ཉི་ཤུ་པོ་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་དྲུག་གིས་གསུངས་པ། གཟུགས་ལ་སོགས་ལས་ལྡོག་པ་དང་། །ཐེ་ཚོམ་མི་དལ་ཟད་པ་དང་། །
བདག་ཉིད་དགེ་བ་ལ་གནས་ཤིང་། །གཞན་དག་དེ་ལ་འགོད་པ་དང་། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང་། །ཟབ་མོའི་དོན་ལ་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང་། །བག་ལ་ཉལ་ཀུན་འཇོམས་པ་དང་། །དྲན་
པ་དང་ནི་ཤེས་བཞིན་དང་། །གོས་ལ་སོགས་པ་གཙང་བ་དང་། །ལུས་ལ་སྲིན་བུ་རྣམས་མི་འབྱུང་། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང་། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང་། །སེམས་ཅན་དོན་དུ་དམྱལ་ཚོལ་དང་། །གཞན་གྱིས་བཀྲི་
བར་མི་བཏུབ་དང་། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང་། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང་། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་
เล่ม ๘๘ · หน้า 50b
ལས་མི་ལྡོག །ཅེས་བྱ་བའོ། །ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ལས་མངོན་པར་ཞེན་པ་ཆེར་ལྡོག་པ་དང་། སངས་རྒྱས་ལ་སོགས་པའི་ཡོན་ཏན་ཤེས་ནས་སྐྱབས་སུ་དད་པ་ཐེ་ཚོམ་མི་ཟ་བ་དང་། སྤྱོད་ལམ་གྲུབ་པས་དམྱལ་བ་དང་། ཡི་དགས་དང་།
དུད་འགྲོ་དང་། སངས་རྒྱས་ཀྱིས་སྟོང་པ་དང་། ཡུལ་མཐའ་འཁོབ་དང་། ལྷ་ཚེ་རིང་པོ་དང་། ལོག་པར་ལྟ་བ་ཅན་དང་། ལྐུགས་པ་ཞེས་བྱ་བ་མི་ཁོམ་པ་བརྒྱད་དུ་སྐྱེ་བ་ཟད་པ་དང་། ལྟ་བ་དང་སྙིང་རྗེ་བསྒོམས་པ་ཉིད་ཀྱིས་བདག་ཉིད་དགེ་བ་བཅུ་ལ་གནས་ཤིང་
གཞན་དག་ཀྱང་དེ་ལ་སྦྱོར་བ་དང་། བདག་དང་གཞན་དུ་བརྗེ་བ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་ཐམས་ཅད་སེམས་ཅན་གཞན་གྱི་ཡུལ་ལ་ཡོངས་སུ་བསྔོ་བ་དང་། ཆོས་ཡང་དག་པར་རྟོགས་པས་ཟབ་མོའི་དོན་ལ་ཡང་སོམ་ཉི་མེད་པ་དང་། གཞན་ལ་ཕན་པ་ཉིད་དུ་
ཞུགས་པས་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་། སྦྱོར་བ་ཕུན་སུམ་ཚོགས་པས་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་དང་རྨུགས་པ་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་སྟེ་སྒྲིབ་པ་ལྔ་པོ་དག་དང་མི་འགྲོགས་པ་དང་།
གཉེན་པོ་རྣམ་པར་བསྒོམས་པ་ཉིད་ཀྱིས་མ་རིག་པ་དང་། ལྟ་བས་བསྡུས་པའི་བག་ལ་ཉལ་ཐམས་ཅད་འཇོམས་པ་དང་། རྟག་ཏུ་མཉམ་པར་གཞག་པ་ཉིད་ཀྱིས་དྲན་པ་དང་། ཤེས་བཞིན་དང་ལྡན་པ་དང་། གཙང་སྦྲ་ཀུན་ཏུ་སྤྱོད་པ་ཉིད་ཀྱིས་གོས་ལ་སོགས་པ་
ཡོངས་སུ་གཙང་བ་ཞེས་བྱ་བའི་རྣམ་པ་བཅུ་གཅིག་ནི་དྲོ་བར་གྱུར་པ་ལ་གནས་པ་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །དགེ་བའི་རྩ་བ་འཇིག་རྟེན་དང་རབ་ཏུ་མ་འདྲེས་པ་ཉིད་ཀྱིས་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་དང་། ཡིད་ལ་བྱེད་པ་རྣམ་པར་དག་པས་གྱ་གྱུའི་སེམས་
མེད་པ་དང་། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་མི་ལྟ་བ་ཉིད་ཀྱིས་ཕྱག་དར་ཁྲོད་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་པ་པ་དང་། བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཕྱིས་མི་ལེན་པ་དང་། དགོན་པ་པ་དང་། ཅོག་པུ་པ་དང་། གཞི་ཇི་བཞིན་པ་དང་། དུར་
เล่ม ๘๘ · หน้า 51a
ཁྲོད་པ་དང་། ཤིང་དྲུང་བ་དང་། བླ་གབ་མེད་པ་པ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་ལེན་པ་དང་། སྦྱིན་པ་ལ་སོགས་པའི་ཁྱད་པར་སྒྲུབ་པས་དེ་དག་དང་འགལ་བ་སེར་སྣ་ལ་སོགས་པ་མེད་པ་དང་། ཆོས་ཐམས་ཅད་ཡང་དག་པར་
སྡུད་པ་ཉིད་ཀྱིས་ཆོས་ཉིད་དང་མི་འགལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྲོ་བ་དང་། འགྲོ་བ་བདག་གིར་བྱ་བ་ཉིད་ཀྱིས་གཞན་གྱི་དོན་དུ་དམྱལ་བར་ཡང་འཇུག་པ་ཞེས་བྱ་བ་རྣམ་པ་དྲུག་ནི་རྩེ་མོར་གྱུར་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །རྟོགས་པ་ལ་
ཡིད་ཆེས་པའི་ཆོས་ཉིད་གཞན་གྱིས་གཞན་དུ་བཀྲིར་མི་བཏུབ་པ་དང་། སངས་རྒྱས་ཉིད་ཀྱི་ཐབས་ཤེས་པ་ལ་མཁས་པ་ཉིད་ཀྱིས་ལམ་ལྟར་བཅོས་པ་ཉེ་བར་སྟོན་པའི་བདུད་ལ་བདུད་ཉིད་དུ་རྟོགས་པ་ཞེས་བྱ་བ་རྣམ་པ་གཉིས་ནི་བཟོད་པར་གྱུར་པ་ལ་གནས་པའི་ཕྱིར་མི་ལྡོག་
པའི་རྟགས་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བས་སྤྱོད་པ་ལས་སངས་རྒྱས་མངོན་པར་དགྱེས་པ་ཞེས་བྱ་བ་རྣམ་པ་གཅིག་ནི་ཆོས་ཀྱི་མཆོག་ཏུ་གྱུར་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དྲོ་བ་ལ་
སོགས་པ་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ནི་རྣམ་པ་ཉི་ཤུ་པོ་འདི་དག་ཏུ་ཤེས་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཕྱིར་མི་ལྡོག་པ་ཐོབ་པ་ལས་མཐོང་བའི་ལམ་གྱི་ཕྱིར་མི་ལྡོག་པར་འབྱུང་བས་དེའི་རྟགས་
བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་གསུངས་པ། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའོ། །སྡུག་བསྔལ་ལ་སོགས་པའི་
བདེན་པ་བཞི་ལ་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་ནི་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་ནོ། །སྐད་ཅིག་མའི་རྣམ་པ་བཅུ་དྲུག་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་
เล่ม ๘๘ · หน้า 51b
པ་ལྔས་གསུངས་པ། གཟུགས་སོགས་འདུ་ཤེས་ལྡོག་པ་དང་། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང་། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་པ་སྤྱོད་ལ་མཁས་པ་དང་། །རྟག་
ཏུ་ཚངས་པར་སྤྱོད་ཉིད་དང་། །འཚོ་བ་རྣམ་པར་དག་ཉིད་དང་། །ཕུང་སོགས་བར་ཆད་བྱེད་རྣམས་དང་། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང་། །ཆོས་ནི་རྡུལ་
ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང་། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་བྱ་བའོ། །རང་གི་མཚན་
ཉིད་སྟོང་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མཚན་མར་ཡོངས་སུ་འཛིན་པ་ཕྲ་མོ་ཡང་ལྡོག་པ་དང་། སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བརྟན་པ་ཉིད་དང་། ཐེག་པ་ཆེན་པོའི་ཆོས་ཁྱད་པར་ཅན་བསྒྲུབས་པས་
ཉན་ཐོས་ལ་སོགས་པའི་ཐེག་པ་དམན་པ་ལས་སེམས་རྣམ་པར་ལྡོག་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཐུས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པར་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པ་ཞེས་བྱ་བ་བཞི་ནི་སྡུག་བསྔལ་གྱི་བདེན་པའི་
རྣམ་པ་ཡིན་ནོ། །མི་དགེ་བ་དང་བྲལ་བ་ཉིད་ཀྱིས་ལུས་དང་སེམས་ཡང་བ་དང་། སེམས་ཅན་གདུལ་བའི་ཐབས་ལ་མཁས་པའི་མཐུས་མངོན་པར་ཞེན་པ་མེད་པར་འདོད་པ་ལ་ཉེ་བར་སྤྱོད་པ་དང་། ཡུལ་གྱི་ཉེས་དམིགས་མཐོང་བས་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང་། སྐྱེས་
བུ་དམ་པའི་ཆོས་ཉིད་ཀྱིས་དམན་པའི་དངོས་པོ་ལུང་སྟོན་པ་ལ་སོགས་པ་མི་བྱེད་པས་འཚོ་བའི་ཡོ་བྱད་རྣམ་པར་དག་པ་ཉིད་ཅེས་བྱ་བ་བཞི་ནི་ཀུན་འབྱུང་བའི་རྣམ་པ་ཡིན་ནོ། །སྟོང་པ་ཉིད་ལ་གནས་པ་ཉིད་ཀྱིས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་
เล่ม ๘๘ · หน้า 52a
གནས་པ་སོ་སོར་བཀག་པ་དང་། མི་མཐུན་པའི་ཕྱོགས་བསལ་བ་ཉིད་ཀྱིས་རྟོགས་པའི་བར་ཆད་བྱེད་པའི་ཆོས་རྣམས་ལ་སྔ་མ་ལྟར་སྦྱོར་བ་ལ་སོགས་པ་སོ་སོར་བཀག་པ་དང་། རྣམ་པར་རྟོག་པའི་སྐྱོན་ཡོངས་སུ་ཤེས་པ་ཉིད་ཀྱིས་བྱང་ཆུབ་
ཀྱི་ཚོགས་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ལ་སོགས་པའི་གཏམ་ལ་གནས་པ་སོ་སོར་བཀག་པ་དང་། གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་དབང་པོ་དང་རྟེན་དང་ཡུལ་དང་བདག་གིར་སྦྱོར་བ་ལ་སོགས་པའི་གནས་པ་སོ་སོར་བཀག་པ་ཞེས་བྱ་བ་བཞི་ནི། འགོག་
པའི་རྣམ་པ་ཡིན་ནོ། །སྦྱིན་པ་ལ་སོགས་པའི་ཁྱད་པར་རྟོགས་པས་སེར་སྣ་ལ་སོགས་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་། ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པས་རྟོགས་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་པ་
དང་། མངོན་པར་ཡིད་ཆེས་པ་ཐོབ་པས་མཁྱེན་པ་ཉིད་གསུམ་གྱི་རང་ཉིད་ཀྱི་བར་ཆད་མེད་པ་ལ་སོགས་པ་གསུམ་ལ་ངེས་པ་ཉིད་ཀྱིས་གནས་པ་དང་། གཅིག་ཏུ་གཞོལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཀྱི་དོན་དུ་ལུས་དང་སྲོག་གཏོང་བ་ཞེས་བྱ་བ་བཞི་ནི་ལམ་
གྱི་རྣམ་པ་ཡིན་ནོ། །དེ་ལྟར་ན་བཟོད་པ་དང་ཤེས་པ་རྣམས་ཀྱི་སྐད་ཅིག་མ་རྣམ་པ་བཅུ་དྲུག་གིས་རབ་ཏུ་དབྱེ་བས་མཉམ་པར་གཞག་པ་རང་དང་མཐུན་པའི་འབྲས་བུ་དག་པ་འཇིག་རྟེན་པའི་ཡུལ་ཅན་གཟུགས་ལ་སོགས་པའི་འདུ་ཤེས་ལས་ལྡོག་པ་ལ་སོགས་པ་
བསྐྱེད་པའི་མངོན་པར་མ་ཞེན་པའི་རྣམ་པ་ཅན་རྗེས་ཀྱི་སེམས་ཀྱིས་བསྡུས་པ་གང་ཡིན་པ་འདི་དག་ནི་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །མཐོང་བའི་ལམ་གྱི་ཕྱིར་མི་ལྡོག་པ་ཐོབ་པ་ལས་བསྒོམ་པའི་ལམ་གྱི་ཕྱིར་མི་ལྡོག་
པ་འབྱུང་བས་དེའི་མཚན་ཉིད་བཤད་པར་བཞེད་ནས། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེ་བའི་ཕྱིར་རེ་ཞིག་བསྒོམ་པའི་ལམ་གྱི་ཁྱད་པར་གསུངས་པ། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་
เล่ม ๘๘ · หน้า 52b
པའི་མཐའ་ལས་གྲོལ་བ་ཉིད། །ཅེས་བྱ་བའོ། །གང་གི་ཕྱིར་སྟོང་པ་ཉིད་ལ་ཡང་གཟུགས་ལ་སོགས་པ་མེད་ལ་སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་ལ་སོགས་པ་མེད་པས་གོ་རིམས་བཞིན་དུ་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་ལ་སྒྲོ་འདོགས་པ་དང་སྐུར་པའི་
མཐའ་ལས་གྲོལ་བ་ཉིད་གང་ཡིན་པ་དེ་ནི་ཟབ་མོ་སྟེ། དེ་ཉིད་ནི་སྟོང་པ་ཉིད་ལ་སོགས་པས་དེའི་ཕྱིར་ཟབ་མོ་ཉིད་དང་ལྡན་པའི་ཕྱིར་བསྒོམ་པའི་ལམ་ཟབ་པ་ཡིན་ནོ། །དེའི་འོག་ཏུ་ཁྱད་པར་གྱི་གཞི་བསྒོམ་པའི་ལམ་དངོས་གསུངས་པ། ངེས་འབྱེད་ཡན་ལག་དང་མཐོང་བའི། །
ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་བྱ་བའོ། །ཏིང་ངེ་འཛིན་གྱི་སྦྱོར་བ་དང་། དངོས་དང་། རྗེས་ལས་བྱུང་བའི་ཤེས་རབ་ཀྱིས་གོ་རིམས་བཞིན་དུ་ངེས་པར་འབྱེད་པའི་ཡན་ལག་དང་།
མཐོང་བའི་ལམ་དང་། བསྒོམ་པའི་ལམ་ཉིད་ཀྱི་དོན་ལ་ཡང་དང་ཡང་དུ་སེམས་པ་དང་། ཚུལ་ཇི་ལྟ་བ་བཞིན་དུ་འཇལ་བ་དང་། ཡང་དག་པར་ངེས་པར་རྟོག་པ་ནི་བསྒོམ་པའི་ལམ་རྒྱུན་ཆགས་པ་ཡིན་ནོ། །དེ་ལ་རྣམ་པ་དུ་ཞིག་ཡིན་ཞེ་ན། དེའི་རབ་དུ་དབྱེ་བ་གསུངས་པ།
དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་བྱ་བའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་འབྱུང་བས་རྣམ་པར་རྟོག་པའི་
གཉེན་པོ་བསྒོམ་པའི་ལམ་དེ་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་ཏེ། འདི་ལྟར་འདོད་པའི་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ་ས་དགུ་དག་ཏུ་གོ་རིམས་ལྟར་རྣམ་པར་རྟོག་པ་
ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམ་པ་རེ་རེ་ཞིང་ཆེན་པོ་དང་འབྲིང་དང་ཆུང་ངུའི་བྱེ་བྲག་གིས་ཐ་དད་པ་རྣམ་པ་དགུ་ཡིན་པའི་ཕྱིར་དེ་དག་གི་གཉེན་པོ་ནི་མུན་པ་ཤིན་ཏུ་ཆེན་པོ་སྣང་བ་ཆུང་ངུས་སེལ་བ་དང་། ཆུང་ངུ་ནི་ཆེན་པོས་སེལ་ཏོ་ཞེས་བྱ་བའི་བྱེ་བྲག་ཆུང་ངུ་དང་། འབྲིང་དང་ཆེན་པོ་རྣམས་ཀྱང་རེ་རེ་ཞིང་
เล่ม ๘๘ · หน้า 53a
ཆུང་ངུ་དང་། འབྲིང་དང་ཆེན་པོའི་བྱེ་བྲག་གིས་ཐ་དད་པ་དགུ་ཡིན་པ་དེའི་ཕྱིར་བསྒོམ་པའི་ལམ་རབ་ཏུ་དབྱེ་བས་རྣམ་པ་དགུ་ཡིན་པར་བཞེད་དོ། །གལ་ཏེ་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཅན་ལ་བསོད་ནམས་ལ་སོགས་པའི་ཁྱད་པར་ཇི་ལྟར་རུང་ཞེས་དོགས་པ་བསུ་
བ་གསུངས་པ། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཞེས་བྱ་བའོ། །རྒྱལ་བའི་ཡུམ་དེ་དང་དེ་ལས་བསྒོམ་པའི་ལམ་རྣམ་པ་རེ་རེའི་དབང་དུ་མཛད་དེ། བསོད་ནམས་གྲངས་མེད་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་སྐྱེ་བར་
གསུངས་པ་དོན་དམ་པའི་མཚན་ཉིད་དོན་དང་ཡི་གེ་དང་ཐ་སྙད་དུ་བྱ་བ་མེད་པ་ལ་ཇི་ལྟར་དེ་དག་རྣམ་པར་གཞག་པ་བཟོད་པ་ཡིན་ཞེ་ན། དེའི་ལན་གསུངས་པ། ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་བསྟན་པར་ཐུབ་པ་བཞེད། །ཅེས་བྱ་བའོ། །བདེན་ཏེ། ཇི་སྐད་
བསྟན་པ་དེ་དག་ནི་དོན་དམ་པ་ཉིད་ཀྱི་དབང་དུ་བྱས་པ་མ་ཡིན་གྱི། ཀུན་རྫོབ་ཏུ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པའི་དབང་གིས་བྱིས་པའི་སྐྱེ་བོ་རྣམས་ལ་འབྲས་བུ་ཆེན་པོ་རབ་ཏུ་སྐྱེ་བར་བསྟན་པར་དེ་བཞིན་གཤེགས་པ་
བཞེད་པ་ཡིན་ནོ། །ཡང་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གོམས་པ་ཕུལ་དུ་བྱར་ཅི་ཡོད་ཅེས་དོགས་པ་བསུ་བ་གསུངས་པ། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང་། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །
ཅེས་བྱ་བའོ། །གང་གི་ཕྱིར་ཆོས་ཉིད་ཀྱི་ལམ་གྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡང་དག་པར་ན་དེ་ཉིད་དང་གཞན་ཉིད་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པ་ལ་ནི་མི་མཐུན་པ་དང་གཉེན་པོའི་ཕྱོགས་དང་བྲལ་བ་དང་སྐྱེ་བར་མི་རུང་ངོ་། །དེའི་ཕྱིར་བརྗོད་དུ་མེད་
པའི་མཚན་ཉིད་ཅན་བསྒོམ་པ་ཞེས་བྱ་བའི་ལམ་གྱིས་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ནི་ཅི་ཞིག་འདོར་ལ་རྣམ་པར་བྱང་བའི་ངོ་བོ་ཅི་ཞིག་འཐོབ་སྟེ། ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནས་བསྒོམ་པ་ཕུལ་དུ་ཕྱིན་པ་བྱར་མེད་དོ་ཞེ་ན། དེའི་ལན་གསུངས་པ། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །
เล่ม ๘๘ · หน้า 53b
འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་བྱ་བའོ། །ཇི་ལྟར་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་བླ་ན་མེད་པའི་བྱང་ཆུབ་གང་གིས་ཀྱང་ཁྱད་པར་དུ་བྱར་མེད་པ་ནི་སྔོན་དོན་ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་
པའི་སྒོ་ནས་ཆོས་ཀྱི་སྐུ་ལ་སོགས་པའི་བདག་པོ་ཙམ་གྱིས་གདུལ་བར་བྱ་བ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་རྗེས་སུ་མཐུན་པར་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་ལམ་འདི་ཡང་བསྒོམས་པས་གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་ཀུན་རྫོབ་
ཏུ་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཉམས་པ་དང་འཕེལ་བའི་དོན་དུ་སྒྲུབ་པར་བྱེད་དེ། དོན་དམ་པར་ནི་ཉམས་པ་དང་འཕེལ་བ་དགག་པ་ཉིད་དུ་བཞེད་དོ། །བྱང་ཆུབ་ཉིད་ལ་རྒྱུའི་དོན་སྒྲུབ་པ་མི་འཐད་པར་དོགས་པ་བསུ་བ། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་
ཀྱང་མ་ཡིན། །ཞེས་བྱ་བའོ། །ཅི་སེམས་ཁྱད་པར་ཅན་བསྐྱེད་པའི་སྒོ་ནས་མངོན་པར་བྱང་ཆུབ་པར་འགྱུར་རོ་ཞེས་བྱ་བ་སེམས་བསྐྱེད་པ་སྔ་མས་ནི་རིགས་པ་མ་ཡིན་ཏེ། དེ་འདྲའི་འབྲས་བུར་བྱེད་པ་ཡོངས་སུ་རྫོགས་པ་མི་འཐད་པའི་ཕྱིར་རོ། །ཕྱི་མས་ཀྱང་མ་ཡིན་ཏེ། དེའི་མཐུ་
ཐམས་ཅད་ནི་སྔ་མའི་མཐར་ཐུག་པས་དེ་མེད་ན་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་སྔ་ཕྱིར་གྱུར་པ་མང་པོ་ཉིད་ཀྱང་དེ་བྱུང་མ་ཐག་ཏུ་འཇིག་པ་རྗེས་སུ་འགྲོ་བ་མེད་པ་ཉིད་ཀྱིས་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་མ་ཡིན་ནོ་ཞེ་ན། དེའི་ལན་གསུངས་པ། མར་མེའི་དཔེ་ཡི་ཚུལ་གྱིས་
ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་བྱ་བའོ། །ཇི་ལྟར་མར་མེའི་མེ་ལྕེ་འབར་བ་ནི་སྐད་ཅིག་མ་གཉིས་པ་ལ་མ་ལྟོས་པ་དང་པོས་སྙིང་པོ་སྲེག་པར་མི་ནུས་ལ། དང་པོ་ཉིད་ལ་མ་ལྟོས་པར་གཉིས་པས་ཀྱང་མ་ཡིན་ནོ། །དེ་བཞིན་དུ་འབྲེལ་པ་མེད་པའི་སྔ་མ་དང་ཕྱི་མ་མང་པོ་
ཉིད་ཀྱིས་ཀྱང་བསྲེག་པར་བྱ་བ་སྲེག་པར་བྱེད་པ་ཡོད་པ་མ་ཡིན་མོད། འོན་ཀྱང་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་སྐད་ཅིག་མ་དང་པོ་ལ་སོགས་པས་གཉིས་པ་ལ་སོགས་པ་སྲེག་པར་བྱེད་པ་ལ་སོགས་པའི་རྒྱུའི་ངོ་བོས་ཁྱད་པར་ཡོངས་སུ་སྐྱེད་པའི་སྒོ་ནས་
เล่ม ๘๘ · หน้า 54a
སྙིང་པོ་ཚིག་པར་བྱེད་པ་བཞིན་དུ་དོན་ཁྱད་པར་ཅན་དུ་སྣང་བའི་མཚན་ཉིད་ཀྱིས་སེམས་བསྐྱེད་པ་ཡང་སྔ་མ་དང་ཕྱི་མའི་སྐད་ཅིག་སོ་སོ་བ་དང་། དུ་མ་མངོན་པར་འབྲེལ་པ་ལས་ནི་མ་ཡིན་མོད། འོན་ཀྱང་རྒྱུན་འབྲེལ་པ་ཉིད་ཀྱི་བདག་ཉིད་མཐུ་ཕུལ་དུ་ཕྱིན་པར་
འགྱུར་བས་སྤང་བར་བྱ་བ་དང་ཅིག་ཤོས་ཀྱི་ཆོས་གསལ་བ་དང་ཡོངས་སུ་རྫོགས་པའི་སྒོ་ནས་བྱང་ཆུབ་པར་འཐད་པ་ཡིན་ནོ། །དོན་བསྡུ་བ་ནི་དེའི་ཕྱིར་རྣམ་པར་བརྟགས་ན་སྐྱེད་པར་བྱེད་པ་ལ་སོགས་པ་མི་དམིགས་ན་ཡང་མ་དཔྱད་པར་ཉམས་དགའ་བ་ཉིད་ཀྱི་ངོར་སྐྱེ་བ་ལ་སོགས་པ་རུང་
བ་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཡིན་ནོ། །ཟབ་མོ་རྣམ་པ་བརྒྱད་གང་དག་ཡིན་ཞེ་ན། སྐྱེ་བ་ལ་སོགས་པ་ཡུལ་བརྒྱད་ལ་ཟབ་པ་གསུངས་པ། སྐྱེ་བ་དང་ནི་འགག་པ་དང་། །དེ་བཞིན་ཉིད་དང་ཤེས་བྱ་དང་། །ཤེས་དང་སྤྱོད་དང་གཉིས་མེད་དང་། །ཐབས་མཁས་པ་
ལ་ཟབ་པ་ཉིད། །ཅེས་བྱ་བའོ། །བཤད་མ་ཐག་པའི་ཚུལ་གྱིས་སྐད་ཅིག་མ་སྔ་མ་དང་ཕྱི་མ་དག་གིས་ཀྱང་མ་ཡིན་ཞིང་། །ངོ་བོ་ཉིད་མེད་པས་ཀྱང་མ་ཡིན་ལ། འོན་ཀྱང་བསྒོམས་པས་རྟོགས་པའི་དོན་ཁྱད་པར་དུ་འཕགས་པ་སྐྱེད་དོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བའི་
སྐྱེ་བ་ཟབ་པ་དང་། དངོས་པོ་ཐམས་ཅད་བྱུང་བ་ཉིད་ནས་རང་བཞིན་གྱིས་ངོ་བོ་ཉིད་མེད་ལ་འགག་གོ་ཞེས་བྱ་བ་འགག་པ་ཟབ་པ་དང་། གནས་སྐབས་ཐམས་ཅད་དུ་གོམས་ཀྱང་མངོན་དུ་མི་བྱེད་དོ་ཞེས་བྱ་བ་དེ་བཞིན་ཉིད་ཟབ་པ་དང་། དེ་ཁོ་ནའི་རང་བཞིན་ཤེས་པར་བྱ་བའི་
ཆོས་ཐམས་ཅད་སྦྱིན་པ་ལ་སོགས་པ་རྣམ་པ་དུ་མ་རྗེས་སུ་སྒྲུབ་པོ་ཞེས་བྱ་བ་ཤེས་བྱ་ཟབ་པ་དང་། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མཐོང་བ་མེད་པ་ཉིད་མཐོང་བ་ཡིན་ནོ། །ཞེས་བྱ་བ་ཤེས་པ་ཟབ་པ་དང་། དོན་དམ་པར་སྤྱོད་པ་མེད་པ་ཉིད་སྤྱོད་པ་ཡིན་ནོ་ཞེས་བྱ་བ་སྤྱོད་པ་
ཟབ་པ་དང་། ཆོས་ཐམས་ཅད་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་སྒྲུབ་པོ་ཞེས་བྱ་བ་གཉིས་སུ་མེད་པ་ཟབ་པ་དང་། རྣམ་པར་ཐར་པ་ལ་སོགས་པའི་ཏིང་ངེ་འཛིན་མི་སྤོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པ་དེའི་འབྲས་བུ་སངས་
เล่ม ๘๘ · หน้า 54b
རྒྱས་ཉིད་འཐོབ་པར་བྱར་མེད་པ་ཞེས་བྱ་བ་ཐབས་ལ་མཁས་པ་ཟབ་པ་སྟེ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཐོབ་པའི་སྒོ་ནས་ཕན་ཚུན་འགལ་བའི་དོན་བསྒྲུབ་པ་ལྟ་བུར་རྟོགས་པར་དཀའ་བའི་ཕྱིར་ཟབ་པ་རྣམ་པ་བརྒྱད་ཡིན་ནོ། །སློབ་པ་ཕྱིར་མི་ལྡོག་པའི་ཆོས་ཐོབ་
པས་འབྲས་བུ་སངས་རྒྱས་ཉིད་ཐོབ་པར་བྱ་དགོས་པས་དེའི་རྒྱུ་ཐུན་མོང་མ་ཡིན་པ་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་གསུངས་པ། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་
པར་ཟད། །ཅེས་བྱ་བའོ། །མི་མཐུན་པ་དང་གཉེན་པོའི་ཆོས་ཐམས་ཅད་སྣང་བརྙན་ཙམ་དུ་བསྒོམས་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་ནི་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་ཏེ། དེའི་ཕྱིར་དེ་གཉིས་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པས་མཉམ་པ་ཉིད་དོ། །གལ་
ཏེ་རྨི་ལམ་དང་འདྲ་བ་ཉིད་ཡིན་ན་གཉིད་མ་ལོག་པའི་གནས་སྐབས་ན་ཡང་མི་དགེ་བ་དང་སྦྱིན་པ་ལ་སོགས་པའི་ལས་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཀླན་ཀ་རྣམས་ཀྱི་ལན་ནི་ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ལ་དོན་དམ་པར་གང་གིས་གང་བསད་པ་ལ་སོགས་པ་མེད་
ཀྱང་སྲོག་གི་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལ་གསོད་པ་ལ་སོགས་པར་རྟོགས་པའི་སྒོ་ནས་སྲོག་གཅོད་པ་ལ་སོགས་པར་རྣམ་པར་འཇོག་པ་དེ་བཞིན་དུ། དངོས་པོ་རྨི་ལམ་དང་འདྲ་བ་ལ་ཡང་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་རྣམས་ལ་དེ་དང་མཐུན་པའི་དོན་
གྱི་དངོས་པོ་ལ་སོགས་པར་རྟོག་པའི་མངོན་པར་ཞེན་པར་འགྱུར་བའི་ཕྱིར་དང་། གཞན་ཡང་རྨི་ལམ་ན་དགེ་བ་དང་མི་དགེ་བའི་རྣམ་པ་སྤྱད་པ་ཉིད་ཀྱང་རྗེས་སུ་གནས་སྐབས་ཀྱི་སེམས་ཀྱིས་མངོན་པར་ཞེན་པའི་གསོས་བཏབ་ན་དོན་ཅི་འདྲ་བ་ཉིད་ཀྱི་འབྲས་བུར་ཡང་འགྱུར་བས་དཔེ་མ་གྲུབ་
པ་ཡིན་ནོ་ཞེས་མདོ་སྡེ་དང་དེའི་ཕྱོགས་ལས་ཇི་སྐད་བཤད་པར་ཟད་དོ། །དེ་ལྟར་མཉམ་པ་ཉིད་རྣམ་པར་བསྒོམས་པ་ནི་རང་གི་ཞིང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གསུངས་པ། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་
เล่ม ๘๘ · หน้า 55a
ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབས་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བྱ་བའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་སངས་རྒྱས་ཀྱི་ཞིང་རྟེན་པ་དང་རྟེན་རྣམ་པ་གཉིས་ལ་གོ་རིམས་བཞིན་དུ་བཀྲེས་པ་
དང་སྐོམ་པ་ལ་སོགས་པ་ཉིད་ཀྱིས་མ་དག་པའི་གཉེན་པོར་བཟའ་བ་དང་བཏུང་བ་ལ་སོགས་པ་གྱ་ནོམ་པ་བྱིན་ཏེ་ལྷའི་ཉེ་བར་སྤྱད་པ་ལ་སོགས་པ་སྨོན་ལམ་གྱིས་རྗེས་སུ་སྒྲུབ་པ་དང་། ངམ་གྲོག་དང་གཡང་ས་ལ་སོགས་པས་མ་དག་པའི་གཉེན་པོར་ཁང་བཟངས་ལ་སོགས་པ་
བྱིན་པས་གསེར་གྱི་ས་ཕྱོགས་ལ་སོགས་པར་མངོན་པར་སྒྲུབ་པར་སྨོན་ལམ་གྱིས་རྗེས་སུ་མཐུན་པར་བྱེད་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡོངས་སུ་སྦྱོང་བའོ། །རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ནི་སྐལ་བ་ཇི་ལྟ་བ་བཞིན་སངས་རྒྱས་ཀྱི་ཕྲིན་
ལས་རྗེས་སུ་བསྒྲུབ་པར་བྱ་དགོས་པས་དེའི་རྒྱུར་ཐབས་ལ་མཁས་པ་གསུངས་པ། ཡུལ་དང་སྦྱོར་བ་ཅན་འདི་ནི། །དགྲ་རྣམས་ལས་ནི་འདས་པ་དང་། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང་། །མ་ཆགས་པ་དང་མི་དམིགས་དང་། །
མཚན་མ་སྨོན་ལམ་ཟད་པ་དང་། །དེ་ཡི་རྟགས་དང་མཚན་མེད་དང་། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་བྱ་བའོ། །བར་ཆད་ཀྱི་ཆོས་ལས་ཡང་དག་པར་འདའ་བའི་རྒྱུ་ལ་ལེགས་པར་སྦྱངས་པས་ལྷ་ལ་སོགས་པའི་བདུད་ལས་འདས་པ་དང་། ཆོས་ཐམས་ཅད་
མཉམ་པ་ཉིད་རྣམ་པར་བསྒོམས་པས་སྟོང་པ་ཉིད་རྟོགས་ཀྱང་མངོན་སུམ་དུ་མི་བྱེད་པས་མི་གནས་པ་དང་། སྨོན་ལམ་གྲུབ་པ་ཉིད་ཀྱིས་གཞན་གྱི་དོན་ཐམས་ཅད་སྔོན་གྱི་ཤུགས་ཀྱིས་འཕངས་པ་བྱེད་པ་དང་། དཀའ་བ་སྤྱད་པ་ཐམས་ཅད་ཤིན་ཏུ་གོམས་པ་ཉིད་ཀྱིས་རྣམ་པར་ཐར་
པ་ལ་སོགས་པ་སྒོམ་པ་ཐུན་མོང་མ་ཡིན་པ་དང་། ཆོས་དཀར་པོ་རྣམ་པར་དག་པས་རྣམ་པར་ཐར་པ་ལ་སོགས་པ་ལ་འཇུག་ཀྱང་མྱ་ངན་ལས་འདས་པ་ལ་མ་ཆགས་པ་དང་། སེམས་ཅན་རྣམས་ཀྱི་དམིགས་པའི་འདུ་ཤེས་སྤང་བའི་དོན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་མི་
เล่ม ๘๘ · หน้า 55b
དམིགས་པ་དང་། སེམས་ཅན་རྣམས་ཀྱི་མཚན་མའི་འདུ་ཤེས་སྤང་བའི་དོན་དུ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཉིད་ཀྱིས་མཚན་མ་མེད་པ་དང་། སེམས་ཅན་རྣམས་ཀྱི་སྨོན་པའི་འདུ་ཤེས་སྤང་བའི་དོན་དུ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཉིད་ཀྱིས་སྨོན་པ་མེད་པ་དང་། དྲི་བ་སྔོན་དུ་
བཏང་བས་ཕྱིར་མི་ལྡོག་པའི་ཆོས་ཡང་དག་པར་བརྗོད་པ་ཉིད་ཀྱིས་ཕྱིར་མི་ལྡོག་པའི་རྟགས་དང་། ཡུལ་ཚད་མེད་པ་ཐམས་ཅད་ཤེས་པ་ཉིད་ཀྱིས་ཚད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་བཅུ་མངོན་སུམ་དུ་བྱ་བ་ལ་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ནི་ཐབས་ལ་
མཁས་པ་རྣམ་པ་བཅུ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་བཞི་པའི་འགྲེལ་པའོ།། །།ད་ནི་རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་དེ་ཉིད་རབ་ཏུ་
མཐར་ཕྱིན་པའི་རྩེ་མོའི་མངོན་པར་རྟོགས་པ་བཤད་པར་བཞེད་དེ། དང་པོར་རེ་ཞིག་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དྲོ་བར་གྱུར་པའི་རྩེ་མོ་གསུངས་པ། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །
རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་བྱ་བའོ། །ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ལ་སོགས་པར་ལྟ་བ་དང་། སྲིད་པ་ཉིད་དང་ཉན་ཐོས་ལ་སོགས་པ་ལ་མངོན་པར་དགའ་བའི་སེམས་མི་བསྐྱེད་པ་དང་། བདག་ཉིད་
དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དམིགས་པ་དང་། དེ་བཞིན་དུ་སངས་རྒྱས་ལ་སོགས་པ་ཆོས་སྟོན་པ་ཉེ་བར་མཐོང་བ་དང་། ཡ་ང་བ་ལ་སོགས་པ་རྣམ་པ་མང་པོ་འབྱུང་བས་མི་སྐྲག་ཅིང་སད་ནས་ཆོས་ཐམས་ཅད་རྨི་ལམ་ལྟར་མོས་པ་དང་། དམྱལ་བ་ལ་སོགས་པའི་
སེམས་ཅན་མཐོང་བ་སྔོན་དུ་འགྲོ་བས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པ་དང་། རྨི་ལམ་མམ་རྨི་ལམ་མ་ཡིན་པར་གྲོང་ཁྱེར་ལ་སོགས་པ་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱི་རླབས་འགྲུབ་པ་དང་། འབྱུང་པོ་ལ་སོགས་པ་མི་མ་ཡིན་པས་ཟིན་པ་ལ་
เล่ม ๘๘ · หน้า 56a
མེད་པར་བྱེད་པའི་བདེན་པའི་ཚིག་རབ་ཏུ་འགྲུབ་པ་དང་། རྨི་ལམ་ལས་གཞན་དུ་རང་གི་མངོན་པར་ཤེས་པས་ཕ་རོལ་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་པས་རྣམ་པ་ཐམས་ཅད་དུ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་། ཤེས་རབ་ཆགས་པ་མེད་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་བདེན་པར་ལྟ་བ་དང་། གཟུགས་ལ་སོགས་པ་ལ་མི་སྤྱོད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སངས་
རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་སྟེ། རྣམ་པ་བཅུ་གཉིས་ནི་དྲོ་བར་གྱུར་པ་ཉིད་ཀྱི་རྩེ་མོ་མངོན་པར་རྟོགས་པ་ཐོབ་པའི་མཚན་ཉིད་རྟགས་ཀྱི་ཁྱད་པར་ཡིན་ནོ། །རྟགས་དེ་དག་ཐོབ་པ་ལས་རྣམ་པར་འཕེལ་བ་བྱུང་བས་རྩེ་མོར་གྱུར་པའི་མཚན་ཉིད་རྣམ་པར་འཕེལ་བ་གསུངས་པ།
འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་བྱ་བའོ། །རྒྱལ་བའི་ཡུམ་དག་ལས་འཛམ་བུའི་གླིང་ལ་སོགས་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་
ཀྱི་སེམས་ཅན་ཇི་སྙེད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བས་ཆེས་ལྷག་པ་དང་། དེ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིད་ལ་བྱེད་པས་བརྩོན་པ་དང་། ཆོས་ཐམས་ཅད་འཕེལ་བ་དང་འགྲིབ་པ་མེད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། མངོན་པར་
རྫོགས་པར་འཚང་རྒྱ་བར་བྱ་བ་དང་། བྱེད་པའི་ཆོས་མི་དམིགས་པ་དང་། དེ་ཉིད་དང་ལྡན་པས་དགེ་བ་བཅུ་ལ་སོགས་པ་སྤྱོད་པ་དང་། དེ་ལྟར་སྤྱོད་པ་ལ་ལྷའི་རིས་ཐམས་ཅད་འཁོར་དུ་འོང་ཞིང་ཉེ་བར་བསྲུང་བ་དང་། བདུད་ཐམས་ཅད་མྱ་ངན་གྱི་ཟུག་རྔུས་ནོན་པར་བྱེད་པ་དང་། སྐྱེ་
བོ་རྣམས་ལ་སྟོན་པ་དང་མཚུངས་པར་གནས་པ་ཞེས་བྱ་བ་རྣམ་པར་འཕེལ་བ་བརྒྱད་དང་། ཡང་རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པས་བསླབ་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཁོ་ནའི་རིགས་ཅན་དུ་ངེས་པར་འགྱུར་བ་ཉིད་དང་། འབྲས་བུ་སངས་རྒྱས་ཉིད་ཡང་དག་པར་འཐོབ་
เล่ม ๘๘ · หน้า 56b
པའི་རྒྱུ་མཚན་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་གིས་མི་མཐུན་པའི་ཕྱོགས་ཀྱི་སེམས་མི་སྐྱེ་བ་དང་། གཟུགས་ལ་སོགས་པ་དང་ལྡན་པར་རྟོགས་པའི་སེམས་མི་སྐྱེ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཀུན་བསྡུས་པ་རབ་ཏུ་ཤེས་པ་དང་། ཐེག་པ་ཐམས་ཅད་ཕུན་སུམ་ཚོགས་པ་ཐོབ་པ་དང་། ཕུན་
སུམ་ཚོགས་པ་ཉིད་དང་ཡུལ་དང་བྱེད་པ་ལ་སོགས་པ་མི་དམིགས་པར་སྤྱོད་པ་ཞེས་བྱ་བ་རྣམ་པར་འཕེལ་བ་གཞན་རྣམ་པ་བརྒྱད་དེ། ཐོག་མར་སེམས་ཅན་དཔག་ཏུ་མེད་པས་མེ་ཏོག་ལ་སོགས་པས་སངས་རྒྱས་རྣམས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་རབ་ཏུ་མང་པོ་དཔེར་མཛད་ནས་
གོང་ནས་གོང་དུ་བསོད་ནམས་ཁྱད་པར་དུ་འཕགས་པ་གནས་སྐབས་བཅུ་དྲུག་གིས་མཚོན་པའི་ངོ་བོ་ཉིད་ནི་རྩེ་མོར་གྱུར་པ་ཉིད་ཀྱི་རྩེ་མོ་མངོན་པར་རྟོགས་པས་ཐོབ་པའི་མཚན་ཉིད་རྣམ་པར་འཕེལ་བའི་ཁྱད་པར་ཡིན་ནོ། །རྣམ་པར་འཕེལ་བ་ཐོབ་པ་ལས་ངེས་པར་བརྟན་པ་འབྱུང་བས་བཟོད་པར་
གྱུར་པའི་མཚན་ཉིད་ངེས་པར་བརྟན་པ་གསུངས་པ། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་བྱ་བའོ། །ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་
ཀྱིས་ཇི་སྐད་བཤད་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་སྤྱིའི་མཚན་ཉིད་གསུམ་གྱིས་ཡོངས་སུ་རྫོགས་པའི་མོས་པ་བླ་ན་མེད་པ་ཉིད་དང་། དེ་ལྟར་རྣམ་པར་མི་རྟོག་པའི་རྟོགས་པའི་གནས་སྐབས་ན་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོས་ཅི་ནས་ཀྱང་སེམས་ཅན་གྱི་དོན་ཡོངས་
སུ་མི་གཏོང་བར་སྒྲུབ་པ་ནི་བཟོད་པར་གྱུར་པ་ཉིད་ཀྱི་རྩེ་མོ་མངོན་པར་རྟོགས་པ་ཐོབ་པའི་མཚན་ཉིད་ངེས་པར་བརྟན་པའི་ཁྱད་པར་ཡིན་ནོ། །ངེས་པར་བརྟན་པ་ལས་སེམས་ཀུན་ཏུ་གནས་པར་འགྱུར་བས་ཆོས་ཀྱི་མཆོག་ཏུ་གྱུར་པའི་མཚན་ཉིད་སེམས་ཀུན་ཏུ་གནས་པ་གསུངས་པ།
གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་བྱ་བའོ། །གླིང་བཞི་པ་དང་། སྟོང་དང་། སྟོང་གཉིས་པ་དང་། སྟོང་གསུམ་གྱི་འཇིག་རྟེན་
เล่ม ๘๘ · หน้า 57a
གྱི་ཁམས་རྣམས་ཀྱི་རི་རབ་དང་རྒྱ་མཚོ་ལ་སོགས་པ་ནི་སྲང་ལ་གཞལ་བ་དང་། སྐྲའི་རྩེ་མོའི་ཐིགས་པ་ལ་སོགས་པས་ཚད་གཟུང་དུ་རུང་གི་ཞེས་སོ་སོར་དཔེར་མཛད་ནས་དེ་ལས་ཁྱད་པར་དུ་འཕགས་ཤིང་ཚད་ལས་འདས་པའི་བསོད་ནམས་མང་པོ་ཉིད་ཀྱིས་
ཏིང་ངེ་འཛིན་གྱི་མཚན་ཉིད་བརྗོད་པ་ནི་ཆོས་ཀྱི་མཆོག་ཏུ་གྱུར་པ་ཉིད་ཀྱི་རྩེ་མོ་མངོན་པར་རྟོགས་པ་ཐོབ་པའི་མཚན་ཉིད་སེམས་ཀུན་ཏུ་གནས་པའི་ཁྱད་པར་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རྩེ་མོ་ཐོབ་པས་མཐོང་བའི་ལམ་གྱི་རྩེ་མོ་འབྱུང་བས་དེ་ལ་མི་མཐུན་པའི་ཕྱོགས་དངོས་སུ་
བསྟན་པས་གཉེན་པོ་དང་བཅས་པ་རྣམ་པ་བཞི་འཆད་པར་མཛད་པ་ན། རེ་ཞིག་མི་མཐུན་པའི་ཕྱོགས་གཟུང་བར་རྣམ་པར་རྟོག་པ་གཉིས་པོ་མདོར་གསུངས་པ། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་
པའི་བདག་ཉིད་དག་ཤེས་བྱ། །ཞེས་བྱ་བའོ། །འཇུག་པའི་རྟེན་ཅན་མི་དམིགས་པའི་བདག་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་བླང་བ་དང་། ལྡོག་པའི་རྟེན་ཅན་དམིགས་པའི་བདག་ཉིད་ཉན་ཐོས་ལ་སོགས་པའི་ཆོས་འདོར་བའི་སྒོ་ནས་གཟུང་བའོ་ཞེས་རྣམ་པར་རྟོག་པ་ངོ་བོ་ཉིད་
དང་དམན་པ་ལ་སོགས་པ་ཡུལ་གྱི་དབྱེ་བས་སོ་སོར་རྣམ་པ་དགུའི་བདག་ཉིད་དེ། དོན་ཇི་ལྟ་བ་བཞིན་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་ཡིན་པར་ཤེས་པར་བྱའོ། །དེའི་འོག་ཏུ་འཛིན་པའི་རྣམ་པར་རྟོག་པ་གཉིས་མདོར་
གསུངས་པ། སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གིས་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །
ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བའོ། །སོ་སོ་སྐྱེ་བོའི་དབང་དུ་བྱས་ནས་གང་ཟག་རྫས་སུ་ཡོད་པ་དང་། འཕགས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་སྒོ་ནས་འཛིན་པའོ་ཞེས་རྣམ་པར་རྟོག་པ་འཛིན་ཅིང་འདོར་བ་དང་ངེས་པར་འབྱུང་
เล่ม ๘๘ · หน้า 57b
བ་མཆོག་མ་ཡིན་པ་ལ་སོགས་པའི་ཡུལ་གྱི་དབྱེ་བས་སོ་སོར་རྣམ་པ་དགུའི་བདག་ཉིད་དེ། དེ་དག་ཀྱང་དོན་ཇི་ལྟ་བ་བཞིན་འཇུག་པ་མ་ཡིན་པའི་ཕྱིར་གང་གི་ཚེ་དེ་དག་གི་ཡུལ་གྱི་དངོས་པོ་དག་དེ་བཞིན་དུ་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་པས་དེའི་ཚེ་བློ་དེ་དག་གིས་འཛིན་པར་འདོད་པར་བྱེད།
དེ་བས་ན་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་དེ་དག་འཛིན་པའི་ངོ་བོས་དབེན་པའི་མཚན་ཉིད་ཡིན་ཏེ། འདི་ནི་སྔ་མའི་སྐབས་སུ་ཡང་ཉེ་བར་སྦྱར་བར་བྱའོ། །དེའི་འོག་ཏུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་གཟུང་བ་དང་འཛིན་པའི་
རྣམ་པར་རྟོག་པ་དེ་དག་ཉིད་རྒྱས་པར་སྟོན་པ་ལས་རེ་ཞིག་གཟུང་བའི་རྣམ་པར་རྟོག་པ་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་དགུ་གང་ཞེ་ན། ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡང་དག་འགྲུབ་པ་དང་། །ཤེས་པའི་དམིགས་པ་མ་འཁྲུལ་དང་། །གཉེན་པོའི་མི་མཐུན་
ཕྱོགས་དག་དང་། །རང་གིས་རྟོགས་དང་བྱེད་པ་དང་། །དེའི་ལས་བྱེད་པའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་བྱ་བའོ། །ལམ་དང་འབྲས་བུས་དབེན་པས་དབེན་པར་མི་རྟོག་པས་ངོ་བོ་ཉིད་དང་། འབྲས་བུ་མཆོག་དང་
དམན་པ་ལ་རིང་བ་དང་། ཉེ་བའི་རྒྱུ་ཉིད་ཀྱིས་ཐེག་པ་ཆེན་པོའི་རིགས་དང་། དེ་ལ་བརྟེན་ནས་སྒྱུ་མ་ལྟ་བུར་རྟོགས་པས་མཐོང་བ་ལ་སོགས་པ་ལམ་ཡང་དག་པར་འགྲུབ་པ་དང་། སྣང་བརྙན་ཙམ་དུ་ཟད་པས་ཤེས་པའི་དམིགས་པ་མ་འཁྲུལ་བ་དང་། ཡོན་ཏན་དང་སྐྱོན་མཐོང་བ་
སྔོན་དུ་འགྲོ་བས་བླང་བ་དང་དོར་བར་བྱ་བ་ཉིད་ཀྱིས་གཉེན་པོ་དང་། མི་མཐུན་པའི་ཕྱོགས་དང་། དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རང་གིས་རྟོགས་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པ་ཉིད་ཀྱིས་གཟུགས་ཀྱི་སྐུ་དག་གིས། གཞན་གྱི་དོན་བྱེད་པ་དང་། ཕྲིན་ལས་ལྷུན་གྱིས་
གྲུབ་པ་ཉིད་ཀྱིས་ཆོ་འཕྲུལ་གསུམ་ལ་བདག་གིར་བྱ་བའི་ལས་དང་། ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་ཐེག་པ་གསུམ་གྱི་བྱང་ཆུབ་ལ་འགོད་པར་བྱ་བའི་འབྲས་བུར་སྐྱོན་མེད་པ་ཉིད་ཀྱིས་གཟུང་བར་བྱ་བ་ཉིད་དུ་འཇུག་པར་བྱའོ་ཞེས་རྣམ་པར་རྟོག་པ་འཇུག་པའི་ཕྱོགས་ཀྱི་རྟེན་
เล่ม ๘๘ · หน้า 58a
ཅན་རྣམ་པ་དགུར་བཞེད་དེ། དེ་དག་ནི་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དགུ་པོ་གང་ཞེ་ན། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་
པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང་། །ལམ་གྱི་རྣམ་པ་མ་ཚང་དང་། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། །ཆེད་དུ་བྱ་བ་ལོག་པ་དང་། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང་། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་
དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལ་བྱུང་། །ཞེས་བྱ་བའོ། །ཤེས་རབ་དང་སྙིང་རྗེ་དང་བྲལ་བས་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྟུང་བ་ཉིད་ཀྱིས་རྟོགས་པ་དམན་པ་དང་། དགེ་བའི་བཤེས་
གཉེན་ལ་སོགས་པ་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པ་དང་། ཤེས་བྱའི་སྒྲིབ་པ་མཐའ་དག་གི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་ལམ་གྱི་རྣམ་པ་མ་ཚང་བ་དང་། སངས་རྒྱས་ལ་སོགས་པའི་གདམས་ངག་ལ་ལྟོས་པ་ཉིད་ཀྱིས་གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། ཇི་སྐད་
བཤད་པའི་སེམས་ཆེན་པོ་ཉིད་ལ་སོགས་པ་ལ་མི་འཇུག་པ་ཉིད་ཀྱིས་ཆེད་དུ་བྱ་བ་ལོག་པ་དང་། ཉོན་མོངས་པའི་སྒྲིབ་པ་ཁོ་ནའི་གཉེན་པོར་ཟད་པ་ཉིད་ཀྱིས་ཉི་ཚེ་བ་དང་། ཆོས་ཐམས་ཅད་རོ་གཅིག་པར་མ་རྟོགས་པ་ཉིད་ཀྱིས་འབྲས་བུ་བཞི་ལ་སོགས་པ་རྟོགས་པ་ཐ་དད་
པ་དུ་མ་དང་། འཁོར་གསུམ་ཀུན་ནས་མི་རྟོག་པ་ཉིད་ལ་རྨོངས་པ་འམ་མ་རིག་པའི་བག་ལ་ཉལ་ཐམས་ཅད་མ་སྤངས་པ་ཉིད་ཀྱིས་གནས་པ་དང་འགྲོ་བ་མི་ཤེས་པ་དང་། ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱ་
ངན་ལས་འདས་པ་ཐམས་ཅད་ཀྱི་མཇུག་ཏུ་འགྲོ་བ་རྣམས་ཉེས་པ་དང་བཅས་པ་ཉིད་ཀྱིས་ལྡོག་པར་བྱ་བ་རྣམས་ལ་དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་འབྱུང་བ་རྣམ་པ་དགུ་སྟེ། དེ་དག་ནི་མཐོང་བའི་ལམ་གྱི་སེམས་
เล่ม ๘๘ · หน้า 58b
དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དགུ་པོ་གང་ཞེ་ན། འཛིན་པ་དང་ནི་འདོར་བ་དང་། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་པོ་དག་དང་ཉེ་འབྲེལ་
དང་། །གནས་དང་མངོན་པར་ཞེན་པ་དང་། །ཆོས་ཀྱི་དངོས་པོ་བཏགས་པ་དང་། །ཆགས་པ་དང་ནི་གཉེན་པོ་དང་། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་བྱ་བའོ། །དོན་རྣམས་ལ་བླང་བ་དང་དོར་བའི་བདག་ཉིད་ཀྱིས་བྱེད་པ་པོར་
དམིགས་པས་འཛིན་པ་དང་འདོར་བ་དང་། དངོས་པོ་རྣམས་ལ་བདེན་པར་འཛིན་པ་ཉིད་ཀྱིས་ཡིད་ལ་བྱེད་པ་དང་། རྒྱུར་མངོན་པར་ཞེན་པ་དང་བཅས་པའི་འབྲས་བུ་ཁམས་གསུམ་དང་འབྲེལ་བ་དང་། གཟུགས་ལ་སོགས་པ་མ་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་པས་དེ་དག་ལ་གནས་
པ་དང་། དོན་གྱི་རྣམ་པ་ཕྱི་རོལ་དུ་ཡོངས་སུ་འཛིན་པ་ཉིད་ཀྱིས་མངོན་པར་ཞེན་པ་དང་། དེའི་དོན་ལ་ཐ་སྙད་ཀྱི་བརྡར་ཉེ་བར་སྦྱོར་བ་ཉིད་ཀྱིས་ཆོས་ཀྱི་དངོས་པོ་བཏགས་པ་དང་། མི་མཐུན་པའི་ཕྱོགས་ཀྱི་ཡུལ་རྣམས་ལ་མཚན་མར་བྱེད་པས་ཡོངས་སུ་ཆགས་པ་དང་། མི་རྟག་པ་དང་སྡུག་
བསྔལ་ལ་སོགས་པ་ལ་ལམ་དུ་ལྟ་བ་ཉིད་ཀྱིས་གཉེན་པོར་ཞེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མ་ཤེས་པས་ཇི་ལྟར་འདོད་པ་ལྟར་བྱང་ཆུབ་མཆོག་ཏུ་འགྲོ་བར་མི་ནུས་པ་རྣམས་ལ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་འཛིན་པར་རྣམ་པར་རྟོག་པ་གང་ཟག་
རྫས་སུ་འཛིན་པའི་རྣམ་པ་དགུ་སྟེ། དེ་དག་ནི་མཐོང་བའི་ལམ་གྱི་སྦྱོར་བ་གནས་སྐབས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་དགུ་གང་ཞེ་ན། ཆེད་བཞིན་ངེས་པར་མི་འབྱུང་དང་། །ལམ་ལ་ལམ་མིན་ངེས་
འཛིན་དང་། །འགོག་དང་བཅས་པའི་སྐྱེ་བ་དང་། །དངོས་པོ་ལྡན་དང་མི་ལྡན་དང་། །གནས་དང་རིགས་ནི་འཇིག་པ་དང་། །དོན་དུ་གཉེར་དང་རྒྱུ་མེད་དང་། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་བྱ་བའོ། །ཉན་ཐོས་ལ་སོགས་
เล่ม ๘๘ · หน้า 59a
པའི་འབྲས་བུ་ངེས་པར་འབྱུང་བ་ཉིད་ཀྱིས་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་ངེས་པར་མི་འབྱུང་བ་དང་། རང་གི་དོན་མངོན་པར་འདོད་པའི་ལམ་མེད་པས་ལམ་གཞན་ལ་ལམ་མ་ཡིན་པར་ངེས་པར་འཛིན་པ་དང་། དངོས་པོ་ཐམས་ཅད་ཡང་དག་པར་བཀག་པ་ཉིད་ཀྱིས་
སྐྱེ་བ་དང་བཅས་པར་འཛིན་པ་དང་། བར་ཆད་མེད་པ་དང་ཅིག་ཤོས་སུ་སྣང་བ་ཉིད་ཀྱིས་དངོས་པོ་མཐའ་དག་ལྡན་པ་དང་། མི་ལྡན་པ་དང་། ནམ་མཁར་གནས་པའི་བྱ་ལ་སོགས་པ་དང་འདྲ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་གནས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་
དག་པར་སྤྱད་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི་རིགས་འཇིག་པ་དང་། དེ་བཞིན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པའི་ཕྱིར་སྙིང་པོ་བྱང་ཆུབ་ལ་སོགས་པ་དོན་དུ་གཉེར་བ་མེད་པ་དང་། དོན་དམ་པའི་མཚན་ཉིད་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འགྲུབ་པར་བྱེད་པའི་རྒྱུ་མེད་
པ་དང་། ཤེས་རབ་ཡོངས་སུ་ཉམ་ཆུང་བ་ཉིད་ཀྱིས་བདུད་ལ་སོགས་པའི་ཕྱིར་རྒོལ་བ་དང་དམིགས་པ་རྣམས་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་འཛིན་པར་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་རྣམ་པ་དགུ་སྟེ། དེ་དག་ནི་མཐོང་བའི་ལམ་གྱི་
སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །དེ་ལྟར་ན་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ནི་དགུ་ཕྲག་རྣམ་པ་བཞི་ཡིན་པས་དེ་དག་ཉིད་ཀྱི་གཉེན་པོ་ཡང་དགུ་ཕྲག་རྣམ་པ་བཞིར་རབ་ཏུ་དབྱེ་བ་ཁོང་དུ་ཆུད་པར་བྱའོ། །དེའི་འོག་ཏུ་མཐོང་
བའི་ལམ་དེ་ཉིད་རྒྱུ་གང་དང་བཅས་པས་བྱང་ཆུབ་ཆེན་པོར་སྒྲུབ་པར་བྱེད་པ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། བྱང་ཆུབ་ལ་གཞན་སྟོན་པ་དང་། །དེ་ཡི་རྒྱུ་ནི་ཡོངས་གཏོད་ཉིད། །དེ་འཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་
བྱ་བའོ། །བདག་ཉིད་མཐོང་བའི་ལམ་ལ་གནས་ནས་གཞན་དག་ལ་དེ་དག་ལ་སོགས་པ་བསྟན་པས་རྫོགས་པའི་བྱང་ཆུབ་ལ་འགོད་པ་དང་། བྱང་ཆུབ་ཀྱི་རྒྱུ་ཁོ་ནར་གདུལ་བྱ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་སོ་སོར་གཏོད་པ་དང་།
เล่ม ๘๘ · หน้า 59b
བྱང་ཆུབ་འཐོབ་པ་ལ་བར་ཆད་མེད་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་གི་བསྒོམ་པ་ལ་སོགས་པ་བསོད་ནམས་ཆེན་པོའི་མཚན་ཉིད་དེ། དེའི་རྒྱུ་ཚོགས་ནི་རྣམ་པ་གསུམ་ཡིན་ནོ། །རྒྱུ་དེ་ལྟ་བུ་ལས་ཐོབ་པའི་བྱང་ཆུབ་དེ་ཉིད་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་
འབྲས་བུའི་བདག་ཉིད་བྱང་ཆུབ་ཆེན་པོ་གསུངས་པ། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་བྱ་བའོ། །གང་གི་ཕྱིར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པ་
གང་ཡང་མེད་པས་ནམ་མཁའ་ལྟར་འགག་པ་དང་སྐྱེ་བ་མེད་པའི་ཕྱིར་དང་། དྲི་མ་གང་ཡིན་པ་རྣམས་ནི་གཅིག་དང་དུ་མའི་ངོ་བོ་ཉིད་དང་། རང་དང་གཞན་ལ་སོགས་པའི་རྒྱུ་དང་། ཡོད་པ་དང་མེད་པ་ལས་སྐྱེ་བའི་འབྲས་བུས་སྟོང་པ་ལ་སོགས་པའི་འཐད་པ་ཉིད་ཀྱིས་ནམ་
མཁའི་པད་མ་བཞིན་དུ་འགག་པ་དང་སྐྱེ་བ་མེད་དེ། དེའི་ཕྱིར་སྔར་ཡོད་པ་རྣམས་ཟད་པ་དང་གསར་དུ་མི་སྐྱེ་བར་བྱས་པ་མ་གྲུབ་པས་གོ་རིམས་ལྟར་གདོད་མ་ནས་ཟད་པ་དང་མི་སྐྱེ་བ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པའི་ཡེ་ཤེས་ཆོས་ཀྱི་སྐུའི་བདག་ཉིད་ནི་བྱང་ཆུབ་ཆེན་
པོར་ཤེས་པར་བྱའོ། །དེ་ལས་གཞན་དུ་ཟད་པ་དང་མི་སྐྱེ་བ་ཤེས་པ་མི་རུང་བར་གསུངས་པ། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་བྱ་བའོ། །གང་དང་དངོས་པོ་
འཇིག་པ་དང་ཕྱིས་མི་སྐྱེ་བ་ལ་ཟད་པ་དང་མི་སྐྱེ་བའོ་ཞེས་འདུ་ཤེས་ལ་དེ་ལྟར་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་བྱང་ཆུབ་ཡིན་ནོ་ཞེས་རྟོག་པ་ནི་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་འགོག་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་གདོད་མ་ནས་མེད་པའི་རང་བཞིན་ཡིན་ནོ། །སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམས་བཞིན་
དུ་ཟད་པ་དང་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཅན་ལ་ཁྱེད་ཀྱི་མཐོང་བའི་ལམ་གྱི་སྟོབས་ཀྱིས་སྤང་བར་བྱ་བ་རྣམ་པར་རྟོག་པའི་རིགས་སྔར་སྐྱེས་པ་ནི་ཅི་ཞིག་ཟད་ལ། བསྒྲུབ་པར་བྱ་བ་མི་སྐྱེ་བའི་ཆོས་ཅན་མ་སྐྱེས་པ་ནི་ཅི་ཞིག་སྐྱེས་ཏེ་ཅུང་ཟད་ཀྱང་མེད་པ་ཁོ་ནའོ། །ཡང་མཐོང་བའི་ལམ་ནི་
เล่ม ๘๘ · หน้า 60a
དེའི་སྟོབས་ཀྱིས་ཟད་པ་དང་མི་སྐྱེ་བར་བྱེད་པ་མ་ཡིན་ཏེ། མེད་པའི་བདག་ཉིད་ཅན་གྱི་འགོག་པ་ལ་དམིགས་པའི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ། །གང་ཡང་དེའི་ལུགས་ལ་རྣམ་པར་གཞག་པ་འགལ་བར་གསུངས་པ། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །
ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་བྱ་བའོ། །འདི་ལྟར་ཤེས་པ་དང་ཤེས་བྱའི་མཚན་ཉིད་སྐད་ཅིག་མ་ཆོས་ཅན་གྱི་ངོ་བོ་དོན་དམ་པ་ཉིད་དུ་ཡོད་པར་གྱུར་ན་སྤང་བ་དང་བསྐྱེད་དུ་མེད་པའི་རང་གི་ངོ་བོ་འཛིན་པ་ཉིད་
ཀྱིས་ནམ་མཁའ་བཞིན་དུ་གཉེན་པོ་བསྒོམ་པས་དེ་དག་ལ་ཅུང་ཟད་ཀྱང་མི་བྱེད་དོ། །དེ་བས་ན་དངོས་པོར་མངོན་པར་ཞེན་པ་དེ་དག་གིས་ཆོས་རྣམས་ནི་ཡང་དག་པ་ཉིད་དུ་ཡོད་པར་ཁས་འཆེ་ལ། དེ་བཞིན་གཤེགས་པས་ནི་ཤེས་པར་བྱ་བ་དེ་དག་ལ་སྒྲིབ་པའི་རྣམ་པ་ཐམས་ཅད་
ཟད་པར་འདོད་པ་གང་ཡིན་པ་དེ་ནི་ཕན་ཚུན་ཆེར་འགལ་བ་སྨྲ་བ་ཡིན་པས་དེ་ལ་ཁོ་བོས་ཡ་མཚན་དུ་མཐོང་ངོ་ཞེས་བྱ་བའོ། །འོ་ན་དོན་འདི་ཇི་ལྟར་རྣམ་པར་བརྟག་པར་བྱ་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་ངོ་བོ་ཉིད་མེད་པའི་ཚུལ་ལུགས་བསྟན་པ་གསུངས་པ། འདི་
ལས་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བའོ། །མཐོང་བའི་ལམ་ལ་སོགས་པས་བསྡུས་པའི་བདག་ཉིད་ཀྱི་ཆོས་འདི་དག་ལ་གདོད་མ་ནས་དེ་ཁོ་ན་ཉིད་ཀྱི་ངོ་བོས་སྔར་ཡོད་པ་
བསལ་བར་བྱ་བའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཅི་ཡང་མེད་ལ། གསར་དུ་གཞག་པར་བྱ་བའི་གཉེན་པོའི་ཕྱོགས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འོན་ཀྱང་མཐོང་བའི་ལམ་ལ་སོགས་པ་དེ་བཞིན་དུ་རོ་གཅིག་པའི་མཚན་ཉིད་ཡང་དག་པའི་མཐའ་དགག་པ་དང་སྒྲུབ་པ་འགའ་ཡང་མ་གྲུབ་
པའི་དོན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཅན་གྱི་བློ་གྲོས་དོན་ཇི་ལྟ་བ་ཡང་དག་པ་ཉིད་དུ་ལྟ་བ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་སྒྱུ་མའི་རྒྱལ་པོ་སྒྱུ་མའི་རྒྱལ་པོ་གཞན་གྱིས་ཕམ་པར་བྱས་པ་ལྟར་ཕྱིན་ཅི་ལོག་རྣམ་པར་ལྡོག་པས་མཐར་ཡང་དག་པའི་མཐའ་འགའ་ཡང་མ་མཐོང་བའི་ཚུལ་གྱིས་མཐོང་བ་ན་ཡོངས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด