བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་ས་མ་ཡ་ཨ་ལངྐཱ་ར་བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་བྲྀཏྟི་པྲཛྙཱ་པྲ་དཱི་པ་ཨ་བ་ལི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๘ · หน้า 60b

སུ་འཛིན་པ་མཐའ་དག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་སྐྱེ་བ་དང་འཇིག་པས་སྟོང་པ་ཉིད་ཀྱིས་བདག་མེད་པ་དང་། ཕྱི་རོལ་གྱི་དོན་མངོན་པར་མ་གྲུབ་པ་ཉིད་ཀྱིས་སེམས་ཙམ་དུ་རྣམ་པར་རིག་པ་དང་། གཟུང་བ་མེད་ན་འཛིན་པ་མེད་པ་ཉིད་ཀྱིས་གཉིས་སུ་མེད་པའི་ངོ་བོ་ཉིད་

དང་། དེ་ཁོ་ནར་འགའ་ཡང་དམིགས་པ་མེད་པ་ཉིད་ཀྱིས་མཚན་མ་མེད་པ་ལ་རྣལ་འབྱོར་དུ་བྱེད་པར་འགྱུར་ཏེ། དེའི་སྟོབས་ཀྱིས་ནམ་མཁའ་ལྟ་བུར་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའི་མཚན་ཉིད་སོ་སོ་རང་གིས་རིག་པར་བྱ་བ་ཇི་ཞིག་ལྟར་མངོན་དུ་བྱས་པས་གདོད་མ་ནས་སྐྱེས་པ་དང་མ་

སྐྱེས་པ་མེད་པ་ཟད་པ་དང་མི་སྐྱེ་བའི་བདག་ཉིད་རྟོགས་པའི་འབྲས་བུ་འཐོབ་པར་འགྱུར་རོ་ཞེས་བྱ་བ་འདི་རིག་པར་བྱའོ། །དེའི་འོག་ཏུ་མཐོང་བའི་ལམ་གྱི་ངོ་བོ་དངོས་གསུངས་པ། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན་བསྡུས་པ་གང་། །སྐད་ཅིག་གཅིག་པའི་

བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་བྱ་བའོ། །གང་ཞིག་མཐོང་བའི་བྱེད་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་དབྱེ་བས་རྣམ་པ་སུམ་ཅུ་རྩ་དྲུག་ཅན་སྐྱེད་པར་བྱེད་པ་ནི་སོ་སོར་སྦྱིན་པ་ལ་སོགས་པའི་ངོ་བོ་རེ་རེར་ཕན་ཚུན་བསྡུས་པ་

སྒྲུབ་པར་བྱེད་པ་གང་ཡིན་པ་འདི་ལྟ་སྟེ། སྐད་ཅིག་མ་གཅིག་པའི་ཡེ་ཤེས་ཀྱི་བདག་ཉིད་སྡུག་བསྔལ་ལ་སོགས་པ་ཆོས་ཤེས་པའི་བཟོད་པས་བསྡུས་པ་ནི་རྩེ་མོའི་མངོན་པར་རྟོགས་པའི་སྐབས་འདིར་མཐོང་བའི་ལམ་ཡིན་ནོ། །དེ་སྐྱེས་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་

པ་བཞི་པོ་སོ་སོར་དགུའི་བདག་ཉིད་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དབྱེ་བས་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་དེ་དག་གིས་བསྡུས་པའི་ས་བོན་གྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་པོ་དེའི་

འོག་ཏུ་དེ་ལ་དབང་དུ་བྱེད་པའི་ཏིང་ངེ་འཛིན་གསུངས་པ། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོགས་པར་བྱེད། །ཅེས་བྱ་བའོ། །མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་

เล่ม ๘๘ · หน้า 61a

བཟོད་པས་ཉེ་བར་བསལ་བའི་དེ་མ་ཐག་རྣམ་པར་རྟོག་པ་རྣམས་ཀྱིས་བག་ཚ་བ་མེད་པས་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དུས་ཕྱིས་བསྒོམ་པའི་ལམ་དུ་གཏོགས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མ་རིག་པའི་རྐྱེན་གྱིས་

འདུ་བྱེད་དོ་ཞེས་པ་ལ་སོགས་པ་ལུགས་དང་མཐུན་པ་དང་། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་པ་ལ་སོགས་པ་ལུགས་དང་མི་མཐུན་པར་ཡང་དག་པར་རྟོག་པར་བྱེད་དོ། །དེ་ལྟར་མཐོང་བའི་ལམ་གྱི་རྩེ་མོ་ཐོབ་པ་ལས་བསྒོམ་པའི་ལམ་འབྱུང་བས་བསྒོམ་པའོ་ལམ་གྱི་རྩེ་མོ་གསུངས་པ། འགོག་

དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་

ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཏིང་ངེ་འཛིན་གྱི་རྩལ་སྦྱངས་པས་སྙོམས་པར་འཇུག་པ་ལ་དབང་བ་ཉིད་ཀྱིས་བསྒོམ་པའི་ལམ་ཕུལ་དུ་ཕྱིན་པར་བྱ་བའི་ཕྱིར་རྟོག་པ་དང་དཔྱོད་པ་ལ་སོགས་པའི་ཡན་ལག་ལྔ་དང་ལྡན་པ་བསམ་

གཏན་དང་པོ་དང་། ནང་ཡོངས་སུ་དང་བ་ལ་སོགས་པ་ཡན་ལག་བཞི་དང་ལྡན་པ་བསམ་གཏན་གཉིས་པ་དང་། བཏང་སྙོམས་ལ་སོགས་པ་ཡན་ལག་ལྔ་དང་ལྡན་པ་བསམ་གཏན་གསུམ་པ་དང་། དྲན་པ་དང་ཤེས་བཞིན་ལ་སོགས་པ་ཡན་ལག་བཞི་དང་ལྡན་པ་བསམ་གཏན་

བཞི་པ་རྣམས་དང་། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སོ་ཞེས་པ་མོས་པ་སྔོན་དུ་གཏོང་བ་ཅན་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པ་ཉིད་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྔོན་དུ་གཏོང་བ་ཅན་ཅི་ཡང་

མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་དང་། ཚོར་བ་དང་མཚན་མར་འདུ་ཤེས་པ་འགོག་པའི་མཚན་ཉིད་འགོག་པའི་སྙོམས་པར་འཇུག་པ་སྟེ། དེ་ལྟར་ཡུལ་རྣམ་པ་དགུ་ལ་བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་ཡར་སོང་བ་དང་།

เล่ม ๘๘ · หน้า 61b

འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་འོང་བ་སྟེ། དེ་ལྟར་ལུགས་དང་མཐུན་པ་དང་མི་མཐུན་པ་འགྲོ་བ་དང་འོང་བ་སེང་གེ་རྣམ་པར་བསྒྱིངས་པ་བསྟན་པ་གཉིས་དང་། ཡང་བསམ་གཏན་དང་པོ་ལ་སོགས་པ་རིམ་གྱིས་འགོག་པའི་བར་དུ་སྙོམས་པར་འཇུག་པ་

ཁྱད་པར་ཅན་གྱིས་འགྲོ་བ་དང་། དེའི་འོག་ཏུ་བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་འགོག་པ་ལ་སྙོམས་པར་འཇུག་པ་རེ་རེ་སྤེལ་བར་འགྲོ་བ་དང་། ཡང་འགོག་པ་ལ་སྙོམས་པར་ཞུགས་ནས་དེ་ལས་ལངས་ཏེ་འགོག་པ་གཅིག་པུ་དོར་ནས་དེ་མ་ཐག་པའི་ཡོད་མིན་མེད་མིན་

གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་ནས་འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་མཚམས་སུ་གཞག་སྟེ། ཐབས་མཁས་པས་དེ་ནས་འགོག་པ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་གཉིས་དོར་ནས་ཅི་ཡང་མེད་

པའི་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ལ་མར་བབས་པའི་ཚུལ་གྱིས་མཉམ་པར་མ་བཞག་པ་རབ་ཏུ་སྤེལ་ཏེ། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དོར་ནས་

བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལ་གནས་པ་སྟེ། དེ་ལྟར་མི་འདྲ་བར་འགྲོ་བས་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ཡིན་ནོ། །བསྒོམ་པའི་ལམ་དེས་སྤང་བར་བྱ་བའི་རྣམ་པར་རྟོག་པ་གང་ཞིག་ཡིན་ཞེ་ན། དེའི་མི་མཐུན་པའི་

ཕྱོགས་ཀྱི་རྣམ་པར་རྟོག་པ་རྣམ་པ་བཞི་ལས་རེ་ཞིག་གཟུང་བའི་རྣམ་པར་རྟོག་པ་དང་པོ་གསུངས་པ། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས། །བསྟང་བས་ཡོངས་སུ་མ་བཟུང་དང་། །དུས་གསུམ་ཡོན་ཏན་མེད་པ་དང་། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་

རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བའོ། །གསུང་རབ་ཀྱི་དོན་གང་ཡིན་པ་དེ་བཞིན་ཉིད་ལ་སོགས་པ་མི་ཤེས་པས་ཆོས་མདོར་བསྡུས་པ་དང་། རང་གི་མཚན་ཉིད་མི་ཤེས་པས་ཆོས་རྒྱས་པ་དང་། ཇི་སྐད་བཤད་པའི་དོན་ལ་ནན་ཏན་མི་བྱེད་པས་སངས་

เล่ม ๘๘ · หน้า 62a

རྒྱས་ཀྱིས་བསྟང་སྟེ་ཡོངས་སུ་མ་བཟུང་བ་དང་། །ཕྱིར་མི་ལྡོག་པ་ལ་སོགས་པ་སྦྱོར་བའི་ལམ་གྱི་ཡོན་ཏན་མེད་པས་འདས་པའི་ཡོན་ཏན་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་མཚན་ཉིད་མཐོང་བའི་ལམ་གྱི་ཡོན་ཏན་མེད་པས་ད་ལྟར་བའི་ཡོན་ཏན་མེད་པ་དང་། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཡང་དག་པར་བསྒོམ་པ་ཉིད་ཀྱི་མཚན་ཉིད་བསྒོམ་པའི་ལམ་གྱི་ཡོན་ཏན་མེད་པས་མ་འོངས་པའི་ཡོན་ཏན་མེད་པ་དང་། ཕྱིན་ཅི་ལོག་ཞི་བ་ཉིད་ལ་སོགས་པས་མྱ་ངན་ལས་འདས་པ་ལ་སྦྱོར་བ་ལེགས་པའི་ལམ་དང་། སྟོང་པ་ཉིད་མངོན་པར་སྒྲུབ་པ་ཉིད་ཀྱིས་དེ་ཁོ་ན་ཉིད་མཐོང་བ་ལེགས་

པའི་ལམ་དང་། རང་བཞིན་མེད་པ་གོམས་པར་བྱེད་པ་ཉིད་ཀྱིས་ཡང་དག་པར་བསྒོམ་པ་ལེགས་པའི་ལམ་མི་ཤེས་པ་སྟེ། དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་དང་པོ་བསྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུའོ། །དེའི་རྗེས་ལ་གཟུང་བའི་རྣམ་པར་རྟོག་པ་

གཉིས་གསུངས་པ། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང་། །ཐེག་པ་དམན་པ་ཡིད་བྱེད་དང་། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་བསྒོམ་པ་མེད་པ་དང་། །

དེ་དག་ལས་ནི་བཟློག་ཉིད་དང་། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་བྱ་བའོ། །དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་བྱང་ཆུབ་ཏུ་སེམས་མི་སྐྱེད་པ་དང་། སངས་རྒྱས་ཀྱི་རྗེས་སུ་མཐུན་པ་ཉིད་ཀྱི་བསོད་ནམས་ཁྱད་པར་དུ་འཕགས་

པ་མེད་པས་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་དང་། འཁོར་བས་འཇིགས་པ་ཉིད་དང་གཞན་དོན་ལ་མི་ལྟོས་པ་ཉིད་ཀྱིས་ཐེག་པ་དམན་པ་ཡིད་ལ་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་མེད་པས་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་

པས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་བསྒོམ་པ་དང་། དེ་ཉིད་མ་བསྒོམས་པས་ཐོབ་པར་འདོད་པས་བསྒོམ་པ་མེད་པ་དང་། བསྒོམས་པ་དང་མ་བསྒོམས་པ་གཉིས་ཀས་ཐོབ་པར་འདོད་པས་གཉིས་ཀ་དང་། བསྒོམས་པས་ཀྱང་མ་ཡིན་མ་བསྒོམས་པས་ཀྱང་མ་ཡིན་པས་འཐོབ་པར་

เล่ม ๘๘ · หน้า 62b

འདོད་པས་གཉིས་ཀ་མ་ཡིན་པ་དང་། ཕྱིན་ཅི་ལོག་ཏུ་ཞུགས་པ་ཉིད་ཀྱིས་དོན་ཇི་ལྟ་བ་བཞིན་མ་ཡིན་པ་འཛིན་པ་སྟེ། དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་བསྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུའོ། །དེའི་འོག་ཏུ་འཛིན་པའི་རྣམ་

པར་རྟོག་པ་དང་པོ་གསུངས་པ། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་། །ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་དབྱེ་བདག་ཉིད་དང་། །དངོས་པོར་བྱེད་དང་ཐེག་གསུམ་དང་། །ཡོན་ནི་དག་པ་མ་ཡིན་དང་། །སྤྱོད་པ་རྣམ་པར་འཁྲུགས་པ་དང་། །འཛིན་པར་

བྱེད་པ་དང་པོར་ཏེ། །ཤེས་པར་བྱ་བར་བསྒྲགས་པ་ཡིན། །ཞེས་བྱ་བའོ། །རྫས་སུ་ཡོད་པར་མི་སྐྱེ་བས་སེམས་ཅན་དུ་བཏགས་པ་དང་། སྣང་བ་ཙམ་དུ་ཟད་པའི་ཕྱིར་གཟུགས་ལ་སོགས་པའི་ཆོས་སུ་བཏགས་པ་དང་། གང་ཟག་དང་ཆོས་དོན་གཞན་གྱིས་སྟོང་ཡང་རང་གི་ངོ་བོར་

གནས་པས་སྟོང་པ་མ་ཡིན་པ་དང་། དེ་དག་ལ་དམིགས་པ་དང་མི་དམིགས་པ་ཉིད་ཀྱི་སྒོ་ནས་ལམ་ལ་ཆགས་པ་དང་། གཟུགས་ལ་སོགས་པ་རང་དང་སྤྱིའི་མཚན་ཉིད་སོ་སོ་བ་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་པ་དང་། ཇི་སྐད་བཤད་པའི་ཆེད་དུ་བྱ་བ་མི་བྱེད་པས་དམན་པའི་ཆེད་དུ་

བྱ་བ་བྱེད་པ་དང་། གཟུགས་ལ་སོགས་པ་མི་དམིགས་པའི་ཕྱིར་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་དང་། ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱིས་ཡོན་དག་པ་མ་ཡིན་པ་དང་། སྦྱིན་པ་ལ་སོགས་པ་འཁོར་གསུམ་དུ་དམིགས་པས་སྤྱོད་པ་རྣམ་པར་འཁྲུགས་པའི་གང་ཟག་

ཡོད་པར་འཛིན་པ་སྟེ། དེ་ལྟར་འཛིན་པའི་རྣམ་པར་རྟོག་པ་དང་པོ་བསྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུར་ཤེས་པར་བྱའོ། །དེའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་མདོར་གསུངས་པ། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་དེ་

ཡིས་རྣམ་འཇོམས་པས། །བསྒོམ་པའི་ལམ་དང་འབྲེལ་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས་བྱ་བའོ། །སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་ཏུ་བཏགས་པ་དང་། དེར་རྣམ་པར་གཞག་པའི་རྒྱུ་མ་རིག་པ་དང་ཡེ་ཤེས་ཀྱིས་བསྡུས་པའི་ཕུང་པོའི་རྒྱུན་ལ་མངོན་པར་

เล่ม ๘๘ · หน้า 63a

ཞེན་པའི་ཡུལ་ཅན་བསྒོམ་པའི་ལམ་གྱིས་ཡང་དག་པར་གཞོམ་པར་བྱ་བ་གང་ཡིན་པ་སྟེ། ལམ་དེ་དང་འབྲེལ་པ་མི་མཐུན་པའི་ཕྱོགས་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་ཡིན་ནོ། །ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་སུ་

བཅད་པ་གསུངས་པ། ཐམས་ཅད་མཁྱེན་ཉིད་གསུམ་དག་གི །བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང་། །མཚུངས་པར་ལྡན་དང་མི་ལྡན་དང་། །མི་མཉམ་སྡུག་བསྔལ་ལ་སོགས་དང་། །ཉོན་མོངས་རྣམས་ཀྱི་རང་བཞིན་དང་། །གཉིས་སུ་

མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་བྱ་བའོ། །རྣམ་པ་ཐམས་ཅད་མ་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་དང་། ལམ་ཐམས་ཅད་རྣམ་པར་མ་ཤེས་པས་ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་དང་། གཞི་

ཐམས་ཅད་རྣམ་པར་མ་ཤེས་པས་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་ཤེས་པས་ཐམས་ཅད་ཞི་བའི་ལམ་དང་། གཟུགས་ལ་སོགས་པ་དང་དེ་བཞིན་ཉིད་ཡོངས་སུ་མ་ཤེས་པས་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་

པར་ལྡན་པ་དང་མི་ལྡན་པ་དང་། བདུད་ལ་སོགས་པའི་རང་གི་ངོ་བོ་ཡོངས་སུ་མ་ཤེས་པས་མི་མཉམ་པ་ཉིད་དང་། དོན་ལ་སྒྲ་ཇི་བཞིན་པར་འཛིན་པ་ཉིད་ཀྱིས་སྡུག་བསྔལ་བའི་བདེན་པ་ལ་སོགས་པ་དང་། འདོད་ཆགས་ལ་སོགས་པའི་ངོ་བོ་གློ་བུར་བ་ཉིད་ཡོངས་སུ་མ་ཤེས་

པས་ཉོན་མོངས་པའི་རང་བཞིན་དང་། གཟུང་བ་དང་འཛིན་པའི་མཚན་ཉིད་ཡོངས་སུ་མ་ཤེས་པས་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པ་སྟེ། དེ་ལྟར་ན་འཛིན་པའི་རྣམ་པར་རྟོག་པ་ཐ་མ་བསྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཀྱི་ཡུལ་ཅན་

རྣམ་པ་དགུར་བཞེད་པ་ཡིན་ནོ། །དེའི་ཕྱིར་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པ་བཞི་པོ་དེ་དག་གི་དབྱེ་བ་ཁོ་ནས་གཉེན་པོ་རྣམ་པ་བཞི་ཐ་དད་པའི་དབྱེ་བ་ཡང་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་སོ་སོར་དགུ་ཉིད་

เล่ม ๘๘ · หน้า 63b

འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དབྱེ་བས་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་ན་དེ་དག་གིས་བསྡུས་པའི་ཉོན་མོངས་པའི་བག་ཆགས་བརྒྱ་རྩ་བརྒྱད་དང་བྲལ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་པོ། །དེ་བས་ན་བསྒོམ་པའི་ལམ་དེའི་བྱེད་པ་

གང་ཡིན་པ་སྤང་བར་བྱས་པས་རྣམ་པར་དག་པ་མཐར་ཐུག་པའི་སྒོ་ནས་གསུངས་པ། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་

བུ་མཆོག་གིས་རབ་མཛེས་པའི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་སྟེན་པར་བྱེད། །ཅེས་བྱ་བའོ། །རྒྱུན་རིང་དུ་ལེགས་པར་གོམས་པའི་སྟོབས་ཀྱིས་རྣམ་པར་རྟོག་པའི་རིམས་འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ཀྱི་ནད་དུ་གྱུར་པ་འདི་རྣམས་ཟད་ནས་གནོད་པར་བྱེད་པ་

མེད་པ་ཉིད་ཀྱིས་དཔེར་ན་ནད་ལས་ཐར་པའི་སྐྱེས་བུ་རིང་ཞིག་ལོན་ནས་བདེ་བར་གནས་པ་ཐོབ་སྟེ་དབུགས་ཕྱིན་པ་ལྟར། སྙིང་རྗེ་དང་ཐབས་མཁས་པའི་དབང་གིས་རྣམ་པ་ཐམས་ཅད་དུ་རྩེ་གཅིག་པས་འགྲོ་བའི་བདེ་བ་མངོན་པར་བསྒྲུབ་པ་ལ་རབ་ཏུ་མཁས་པ་ཐེག་པ་གསུམ་གྱིས་

བསྡུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལྗོན་ཤིང་ལྟར་རྒྱས་པ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་ཐ་དད་པའི་རྒྱུན་འབབ་པ་བཞིན་དུ། བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་རབ་ཀྱི་མཐར་སོན་པའི་འབྲས་བུས་ཡང་དག་པར་མཛེས་པར་གྱུར་པའི་བདག་ཉིད་ཆེན་པོ་དེ་ལ་རྣམ་པ་

ཐམས་ཅད་ནས་རྣམ་པ་ཐམས་ཅད་དུ་མངོན་པར་འོང་བའི་རྣམ་པས་སྟེན་པར་བྱེད་དོ། །བསྒོམ་པའི་ལམ་གྱི་རྩེ་མོ་ཐོབ་པ་ལས་བར་ཆད་མེད་པའི་ལམ་འབྱུང་བས་བར་ཆད་མེད་པའི་རྩེ་མོ་གསུངས་པ། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །བསེ་རུའི་རྟོགས་པ་ཕུན་ཚོགས་དང་། །

བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཐོབ་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བྱ་བའོ། །སྐྱེས་བུ་གང་གིས་སྟོང་

เล่ม ๘๘ · หน้า 64a

གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱ་བ་གང་ཡིན་པ་དེ་དཔེར་མཛད་ནས་དེ་བས་ཆེས་ཁྱད་པར་དུ་འཕགས་པའི་བསོད་ནམས་མང་པོ་

ཉིད་ཀྱིས་སངས་རྒྱས་ཉིད་འཐོབ་པ་ལ་གཞན་གྱིས་བར་དུ་ཆོད་པ་མེད་པའི་ཏིང་ངེ་འཛིན་ཏེ། དེ་ནི་དུས་གཉིས་པར་ནི་རྣམ་པ་ཀུན་མཁྱེན་པ་ཉིད་ཡིན་ནོ། །དེའི་དམིགས་པ་ལ་སོགས་པ་མཚན་ཉིད་ཇི་ལྟ་བུར་བརྟག་ཅེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་མཚན་ཉིད་གསུངས་པ། འདི་ཡི་

དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་བྱ་བའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པའི་ཡུལ་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་ཡིན་ནོ། །བདག་པོའི་རྐྱེན་ནི་སེམས་དང་

པོ་བསྐྱེད་པ་ནས་བཟུང་སྟེ་ཡིད་ལ་བྱེད་པ་ཕུན་སུམ་ཚོགས་པ་དྲན་པ་ཡིན་ནོ། །རྣམ་པ་ནི་རང་བཞིན་གྱི་སྤྲོས་པ་ཉེ་བར་ཞི་བ་ཉིད་གང་ཡིན་པའོ། །གནས་འདི་ལ་ནི་གཏིང་དཔག་དཀའ་བའི་ཕྱིར་རྟོག་གེ་རབ་ཏུ་སྨྲ་བ་རྣམས་ཀྱི་ལོག་པར་རྟོག་པའི་ཀླན་ཀའི་རྒོལ་བ་བརྒྱུད་མར་འབྱུང་བས་ཐབས་ལ་

མཁས་པས་དེ་དག་བསལ་བར་བྱ་སྟེ། འདིས་ནི་འདི་ཟབ་པ་ཉིད་བསྙད་དོ་ཞེས་བྱ་བ་དགོངས་པ་ཡིན་ནོ། །ལོག་པར་རྟོག་པ་དེ་དག་གང་གིས་བསལ་བར་བྱ་བ་ཡིན་ཞེ་ན། དམིགས་པ་འཐད་པ་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང་། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། །

དམ་པའི་དོན་དང་ཀུན་རྫོབ་དང་། །སྦྱོར་དང་དཀོན་མཆོག་གསུམ་པོ་དང་། །ཐབས་བཅས་ཐུབ་པའི་རྟོགས་པ་དང་། །ཕྱིན་ཅི་ལོག་ནི་ལམ་བཅས་དང་། །གཉེན་པོ་མི་མཐུན་ཕྱོགས་དག་དང་། །མཚན་ཉིད་དང་ནི་བསྒོམ་པ་ལ། །སྨྲ་བ་རྣམས་ཀྱིས་ལོག་རྟོག་པ། །རྣམ་པ་

ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་བྱ་བའོ། །འདུས་བྱས་དང་འདུས་མ་བྱས་དག་དངོས་པོ་མེད་པ་ཉིད་ཀྱིས་དམིགས་པ་འཐད་པ་དང་། རྣམ་པ་ཐམས་ཅད་དུ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་དམིགས་པའི་ངོ་བོ་ཉིད་ངེས་པར་བཟུང་བ་དང་། ཐ་སྙད་དུ་

เล่ม ๘๘ · หน้า 64b

དངོས་པོ་མེད་པ་དམིགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དང་། སྦྱིན་པ་ལ་སོགས་པ་མི་དམིགས་པ་ཉིད་ཀྱིས་སྦྱོར་བ་དང་། རྟོགས་པར་བྱ་བ་མེད་པ་ཉིད་ཀྱི་ཚུལ་ཉིད་ཀྱི་རྟོག་པས་སངས་

རྒྱས་དཀོན་མཆོག་དང་། ནམ་མཁའི་མཚན་ཉིད་ཅན་གྱི་ཚུལ་ཉིད་ཀྱིས་དྲི་མ་དང་བྲལ་བས་ཆོས་དཀོན་མཆོག་དང་། གཟུགས་ལ་སོགས་པ་ལ་སྤྱོད་པ་བཀག་པའི་ཚུལ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་དགེ་འདུན་དཀོན་མཆོག་དང་། འཁོར་གསུམ་མི་དམིགས་པ་

ཉིད་ཀྱིས་ཐབས་མཁས་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀའི་ངོ་བོར་རྟོགས་པ་བཀག་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་དང་། མི་རྟག་པ་ལ་སོགས་པའི་སྤྲོས་པ་རྣམ་པར་གཞག་པ་ཉིད་ཀྱིས་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་དང་། ལམ་

རྣམ་པར་བསྒོམ་པའི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ཉིད་ཀྱིས་ལམ་དང་། ལམ་གྱི་རྣམ་པར་གཞག་པ་ཙམ་གྱི་དོར་བ་དང་བླང་བའི་མཚན་ཉིད་ཀྱིས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་། ཡང་དག་པར་ཆོས་ཅན་མེད་པ་ཉིད་ཀྱིས་ཆོས་ཀྱི་མཚན་ཉིད་དང་། རང་དང་སྤྱིའི་མཚན་ཉིད་

མེད་པ་ཉིད་ཀྱིས་མཚན་ཉིད་མེད་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ནོ་ཞེས་བྱ་བའོ། །ཐབས་ལ་མཁས་པའི་མཚན་ཉིད་རབ་ཏུ་མི་ཤེས་པའི་རབ་ཏུ་སྨྲ་བ་ཉིད་ཐམས་ཅད་ཀྱི་ལོག་པར་རྟོག་པས་ཕན་ཚུན་འགལ་བ་ལྟ་བུར་སྒྲུབ་པ་གང་ཡིན་པ་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ཀྱི་རྟེན་ཅན་ལོག་པར་བསྒྲུབ་པ་བཅུ་དྲུག་པོ་དེ་དག་བྱང་ཆུབ་སེམས་དཔའ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བདེན་པ་གཉིས་ལ་བརྟེན་པའི་ཐབས་ལ་མཁས་པས་རྣམ་པར་བསལ་བར་བྱ་བར་བཞེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་

འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་ལྔ་པའི་འགྲེལ་པའོ།། །།རྩེ་མོའི་མངོན་པར་རྟོགས་པ་ཐོབ་པས་ཆོས་དཀར་པོ་ཐམས་ཅད་མཐར་གྱིས་འབྲེལ་པར་བསྒོམ་དགོས་པའི་ཕྱིར་མཐར་གྱིས་པའི་མངོན་པར་རྟོགས་པ་གསུངས་པ། སྦྱིན་པ་ཤེས་རབ་བར་དག་

เล่ม ๘๘ · หน้า 65a

དང་། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་བྱ་བའོ། །འཁོར་གསུམ་རྣམ་པར་དག་པའི་བདག་ཉིད་ཀྱི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་ཡོངས་སུ་སྤྱད་པ་བསླབ་

པ་ཐམས་ཅད་ཡང་དག་པར་སྒྲུབ་པར་བྱེད་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་དོན་དམ་པར་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཚུལ་གྱིས་སངས་རྒྱས་རྗེས་སུ་དྲན་པ་དང་། དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྗེས་སུ་དྲན་པ་དང་། ཚུལ་དེ་ཉིད་ཀྱིས་

འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྗེས་སུ་དྲན་པ་དང་། དེ་བཞིན་དུ་མ་ཉམས་པ་ལ་སོགས་པའི་ཚུལ་ཁྲིམས་དང་། ཟང་ཟིང་ལ་སོགས་པའི་གཏོང་བ་དང་། འདོད་པ་ལ་སོགས་པའི་ལྷ་རྗེས་སུ་དྲན་པ་དང་། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཡིད་ལ་བྱེད་པའི་སེམས་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་སློབ་པ་གང་ཡིན་པ་སྟེ། དེ་ལྟར་ན་རྣམ་པ་བཅུ་གསུམ་གྱིས་དཀར་པོའི་ཆོས་ཐམས་ཅད་རིམ་གྱིས་འབྲེལ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་ནི་འདིར་མཐར་གྱིས་སྒྲུབ་པའི་བྱ་བར་བཞེད་པ་

ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་དྲུག་པའི་འགྲེལ་པའོ།། །།མཐར་གྱིས་སྒྲུབ་པའི་མངོན་པར་རྟོགས་པ་ལས་ཤིན་ཏུ་གོམས་པའི་བདག་ཉིད་

ཀྱི་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་བྱང་ཆུབ་པ་འབྱུང་བའི་ཕྱིར་དེ་ལ་མཚན་ཉིད་ཀྱི་རབ་ཏུ་དབྱེ་བས་རྣམ་པ་བཞི་ལས་དང་པོ་རྣམ་པར་སྨིན་པ་མ་ཡིན་པའི་མཚན་ཉིད་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་གསུངས་པ། སྦྱིན་པ་

ལ་སོགས་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡིས། །རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་བྱ་བའོ། །དུས་རིང་མོ་ཞིག་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ལྔ་ཤིན་ཏུ་ཕུལ་དུ་གྱུར་པའི་མཐུས་དེ་དག་གང་ཡང་རུང་བ་

เล่ม ๘๘ · หน้า 65b

སྐད་ཅིག་མ་གཅིག་པོ་དངོས་པོ་སོ་སོར་ངེས་པར་ཕྱིན་ཅི་ལོག་དང་བྲལ་བའི་ངོ་བོས་ས་བདུན་པར་ཡོངས་སུ་སོན་པར་གྱུར་པའི་བར་གྱི། སྦྱིན་པ་ལ་སོགས་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཟག་པ་མེད་པའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་ཐུབ་པ་བྱང་ཆུབ་སེམས་དཔའི་སྐད་

ཅིག་མ་གཅིག་པའི་རྟོགས་པས་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་ཤེས་པར་བྱའོ། །ཇི་ལྟར་ན་ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་ན་ཟག་པ་མེད་པའི་ཆོས་ཐམས་ཅད་མངོན་དུ་འགྱུར་བ་ཡིན་ཞེ་ན། འཇིག་རྟེན་པའི་དཔེས་གྲུབ་པ་གཅིག་གསུངས་པ། ཇི་ལྟར་

སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་བྱ་བའོ། །དཔེར་ན་བཟོ་བོ་མཁས་པ་སྔོན་བཟོ་ལེགས་པར་བྱས་པའི་ཟོ་ཆུན་གྱི་རྒྱུད་སྐྱེས་བུས་རྡོག་པའི་ཐབས་

གཅིག་གིས་བསྐྱོད་ན་ཐམས་ཅད་དུས་གཅིག་ཏུ་འགུལ་བར་འགྱུར་རོ། །དཔེ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་མཐུ་ལས་མངོན་དུ་ལེགས་པར་བསྒོམས་པ་མཐར་ཕྱིན་པའི་དབང་གིས་སྐད་ཅིག་མ་གཅིག་ཁོ་ན་ལ་ཟག་པ་མེད་པའི་ཡེ་ཤེས་གཅིག་མངོན་དུ་གྱུར་ན་དེའི་བདག་ཉིད་ཀྱི་

རིགས་ཅན་མཐའ་དག་མངོན་དུ་བྱེད་པ་ཡིན་ནོ། །གཉིས་པ་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་མཚན་ཉིད་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་གསུངས་པ། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་

ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་བྱ་བའོ། །གང་གི་ཚེ་ཆོས་རབ་ཏུ་དཀར་བ་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དུ་དེ་ཡིད་ལ་བྱེད་པ་དང་མ་བྲལ་བ་དབང་དུ་གྱུར་

པའི་མཐུས་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་དྲི་མ་རྣམས་དང་བྲལ་བའི་ངོ་བོ་ཉིད་སྐྱེས་པ་དེའི་ཚེ་སྐད་ཅིག་མ་གཅིག་ཁོ་ན་ལ་ས་བརྒྱད་པ་ལ་སོགས་པ་རྣམ་པར་སྨིན་པའི་བདག་ཉིད་ཟག་པ་མེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་བའི་ཕྱིར་སྐད་ཅིག་མ་གཅིག་

เล่ม ๘๘ · หน้า 66a

པའི་རྟོགས་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །གསུམ་པ་ཆོས་ཐམས་ཅད་མཚན་ཉིད་མེད་པའི་མཚན་ཉིད་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་གསུངས་པ། སྦྱིན་པ་སོགས་པའི་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་

མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་བྱ་བའོ། །སྔོན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོམས་པའི་སྒོ་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་སྤྱད་པས་འདིར་ཆོས་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་རྟོགས་པ་ལ་གནས་ཏེ་སྐད་ཅིག་མ་གཅིག་

ཁོ་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ནི་རང་དང་སྤྱིའི་མཚན་ཉིད་མེད་པའོ་ཞེས་མངོན་སུམ་དུ་བྱེད་པའི་ཕྱིར་སྐད་ཅིག་མ་གཅིག་པའི་རྟོགས་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཡིན་ནོ། །བཞི་པ་ཆོས་ཐམས་ཅད་གཉིས་སུ་མེད་པའི་མཚན་ཉིད་སྐད་

ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་གསུངས་པ། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །ཞེས་བྱ་བའོ། །ཇི་ལྟར་རྨི་ལམ་ནི་བརྫུན་པ་ཉིད་ཀྱིས་རྨི་ལམ་ལ་བཟུང་བ་

དང་རྨི་ལམ་མཐོང་བ་ལ་འཛིན་པ་མི་མཐོང་བ་བཞིན་དུ་རྣམ་པ་ཐམས་ཅད་བར་ཆད་མེད་པར་གཉིས་སུ་སྣང་བ་སྤང་བ་གོམས་པ་ངང་དུ་གྱུར་པའི་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱང་དེ་ལྟ་བུའི་ཆོས་ཉིད་ཡིན་ནོ་ཞེས་སྐད་ཅིག་མ་གཅིག་ཁོ་ནས་ཆོས་རྣམས་ཀྱི་དེ་ཁོ་ན་གཟུང་བ་དང་། འཛིན་པ་

གཉིས་སུ་མེད་པ་མངོན་དུ་བྱེད་པའི་ཕྱིར་སྐད་ཅིག་མ་གཅིག་པའི་རྟོགས་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་བདུན་

པའི་འགྲེལ་པའོ།། །།ད་ནི་མངོན་པར་རྟོགས་པ་རྣམས་ཀྱི་འབྲས་བུ་ཡོངས་སུ་སྨིན་པ་གང་ཡིན་པ་ཆོས་ཀྱི་སྐུ་འཆད་པར་མཛད་པས་དེ་ཡང་སྐུ་རྣམ་པ་བཞི་ཕྲིན་ལས་དང་བཅས་པས་རབ་ཏུ་དབྱེ་བ་ལས་རེ་ཞིག་རང་བཞིན་གྱིས་ལྷུན་གྱིས་གྲུབ་ཅིང་རྣམ་པར་དག་པ་ཡོན་ཏན་

เล่ม ๘๘ · หน้า 66b

ཐམས་ཅད་རྫོགས་པའི་བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་གསུངས་པ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བའོ། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་སྐུ་ནི་ཤིན་ཏུ་

ཕུལ་དུ་གྱུར་པའི་ཡེ་ཤེས་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཟག་པ་མེད་པའི་ཆོས་ཐམས་ཅད་ཐོབ་པར་གྱུར་པ་དྲི་མ་རྣམས་གློ་བུར་བ་ཡིན་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་ཅིང་བཅོས་མ་མ་ཡིན་པའི་དོན་གྱིས་རང་བཞིན་གྱིས་དབེན་པར་གྱུར་

པ་གང་ཡིན་པ་ངོ་བོ་ཉིད་ཀྱིས་གནས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལས་ཐ་དད་པ་མ་ཡིན་པ་ཟག་པ་མེད་པ་ཉིད་ཀྱི་བདག་ཉིད་ཆོས་ཀྱི་སྐུ་གསུངས་པ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །

ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་

འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་གཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་

གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བྱ་བའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གང་ཞེ་ན། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་དྲན་པ་ཉེ་བར་གཞག་པ་བཞི་

དང་། མི་དགེ་བ་དང་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམས་བཞིན་དུ་སྤོང་བ་དང་། མི་སྐྱེད་པ་ཉིད་དང་། ཅིག་ཤོས་ཀྱི་ངོ་བོས་ཡང་དག་པར་སྤོང་བ་རྣམ་པ་བཞི་དང་། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་ཏེ་རྫུ་འཕྲུལ་གྱི་རྐང་པ་བཞི་

เล่ม ๘๘ · หน้า 67a

དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྟེ་དབང་པོ་རྣམ་པ་ལྔ་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ཏེ་སྟོབས་རྣམ་པ་ལྔ་དང་།

དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཆོས་ཉིད་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་རྩེ་གཅིག་ཏུ་གནས་པས་ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་ཡན་

ལག་གི་རྣམ་པ་བདུན་དང་། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་རྣམ་པ་བརྒྱད་དོ། །ཚད་མེད་པ་བཞི་གང་ཞེ་ན། བྱམས་པ་དང་། སྙིང་རྗེ་

དང་། དགའ་བ་དང་། བཏང་སྙོམས་རྣམས་སོ། །རྣམ་པར་ཐར་པ་བརྒྱད་གང་ཞེ་ན། ནང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་རྣམ་པར་ལྟ་བ་ཞེས་བྱ་བ་གཉིས་དང་། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་

རྫོགས་པར་བྱས་ཏེ་གནས་པ་ཞེས་བྱ་བ་གཅིག་དང་། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་བཞི་དང་། འདུ་ཤེས་དང་། ཚོར་བ་འགོག་པ་ཞེས་བྱ་བ་གཅིག་གོ། །མཐར་

གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་སྟེ་གཟུགས་ཁམས་ཀྱི་བསམ་གཏན་རྣམ་པ་བཞི་དང་། ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་

བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ཉིད་དོ། །ཟད་པར་བསྒོམ་པ་བཅུ་གང་ཞེ་ན། མཐའ་དག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་

เล่ม ๘๘ · หน้า 67b

ཞེས་བྱ་བ་ཟད་པར་བསྒོམ་པ་རྣམ་པ་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། ནང་གི་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང་། ཆེན་པོ་དང་དམན་པ་དང་གྱ་ནོམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་ཞིང་དེ་དག་ཟིལ་

གྱིས་མནན་ནས་ཤེས་ཤིང་མཐོང་བ་ཞེས་བྱ་བ་བཞི་དང་། ནང་གི་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་ཕྱི་རོལ་གྱི་གཟུགས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་ཞེས་བྱ་བ་རྣམ་པ་བཞིའོ། །ཉོན་

མོངས་པ་མེད་པ་གང་ཞེ་ན། བདག་ཉིད་ཉེ་བར་ཞི་བས་ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུངས་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པའོ། །སྨོན་གནས་མཁྱེན་པ་གང་ཞེ་ན། ཇི་ལྟར་བཞེད་པ་ཉིད་ཚུལ་ཇི་ལྟ་བར་ཡང་དག་པར་མཁྱེན་པ་ཉིད་ཀྱིས་

ལྷུན་གྱིས་གྲུབ་པ་ལ་སོགས་པ་འཁོར་བ་ཇི་སྲིད་པའི་སྐབས་སུ་འཇུག་པ་ཞེས་བྱ་བ་གང་ཡིན་པའོ། །མངོན་པར་ཤེས་པ་དྲུག་གང་ཞེ་ན། རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། སྔོན་གྱི་གནས་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། གཞན་གྱི་སེམས་དང་། ཟག་པ་ཟད་པ་

ཤེས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །རྣམ་པ་ཐམས་ཅད་ཡོངས་སུ་དག་པ་གང་ཞེ་ན། རྟེན་དང་། དམིགས་པ་དང་། ཐུགས་དང་། ཡེ་ཤེས་

ཡོངས་སུ་དག་པ་རྣམས་སོ། །དབང་རྣམ་པ་བཅུ་གང་ཞེ་ན། ཚེ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་རྣམས་སོ། །སྟོབས་བཅུ་གང་ཞེ་ན། གནས་དང་གནས་

མ་ཡིན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། ཁམས་སྣ་ཚོགས་པ་དང་། མོས་པ་སྣ་ཚོགས་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། ཀུན་ཏུ་འགྲོ་བའི་ལམ་དང་། བསམ་གཏན་ལ་སོགས་པ་སྙོམས་པར་འཇུག་པ་ལྟ་བ་དང་། སྔོན་གྱི་གནས་དང་། འཆི་འཕོ་བ་

เล่ม ๘๘ · หน้า 68a

དང་སྐྱེ་བ་དང་ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ། །མི་འཇིགས་པ་རྣམ་པ་བཞི་གང་ཞེ་ན། བདག་གི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་དང་། ཟག་པ་ཟད་དོ་ཞེས་བྱ་བ་དང་། གཞན་ལ་ངེས་པར་འབྱུང་བའི་

ལམ་བསྟན་པ་དང་། ལམ་གྱི་བར་ཆད་དམ་བཅས་པ་ལ་ལྷ་འམ་བདུད་དམ་ཚངས་པ་ལ་སོགས་པས་རྒོལ་བ་མེད་པས་མི་འཇིགས་པ་རྣམས་སོ། །བསྲུང་བ་མེད་པ་གསུམ་གང་ཞེ་ན། སྐུ་དང་། གསུང་དང་། ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ཉིད་ཀྱིས། འདི་ལ་ཕྱིན་ཅི་

ལོག་གི་ཀུན་ཏུ་སྤྱོད་པ་གཞན་གྱི་ཡོངས་སུ་ཤེས་པའི་བསྙེངས་པ་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བའོ། །དྲན་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། ཆོས་སྟོན་པ་ན་ཉན་པར་འདོད་པ་དང་། ཉན་པར་མི་འདོད་པ་དང་། གཉིས་ཀ་ལ་གོ་རིམས་བཞིན་དུ་རྗེས་

སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་སོ་ཞེས་བྱ་བའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་གང་ཞེ་ན། ཐུགས་རྗེ་དང་ཐབས་མཁས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་

བའི་མཚན་ཉིད་གང་ཡིན་པའོ། །བག་ཆགས་ཡང་དག་པར་བཅོམ་པ་གང་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ས་བོན་སྤངས་ཏེ་རྣམ་པ་ཐམས་ཅད་དུ་དྲུངས་ཕྱུང་བས་ནམ་མཁའ་དྲི་མ་མེད་པ་ལྟར་ཤིན་ཏུ་ཡོངས་སུ་དག་པའོ། །སྐྱེ་བོ་ལ་ཐུགས་རྗེ་ཆེན་

པོ་གང་ཞེ་ན། སྐྱེ་བོ་མཐོ་རིས་དང་ངན་འགྲོར་གྱུར་པ་མ་ལུས་པ་ལ་སྒྲིབ་པ་མེད་པའི་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་ཉིན་དང་མཚན་མོ་དུས་དྲུག་ཏུ་གཟིགས་ཤིང་སྐྱོབ་པར་བཞེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། འཁྲུལ་པ་དང་། ཅ་ཅོ་མི་མངའ་བ་

དང་། དགོངས་པ་ཉམས་པ་དང་། མཉམ་པར་མ་བཞག་པ་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང་། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་རྣམ་པ་དྲུག་དང་། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་

เล่ม ๘๘ · หน้า 68b

གྲོལ་བའི་ཡེ་ཤེས་གཟིགས་པ་ལས་ཉམས་པ་མི་མངའ་བ་རྣམ་པ་དྲུག་དང་། སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྣམ་པ་གསུམ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བའི་དུས་ལ་མ་

ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་ཞེས་བྱ་བ་རྣམ་པ་གསུམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡིན་པའོ། །དང་ཞེས་བྱ་བའི་སྒྲས་བསྡུས་པ་ཆོས་ཐམས་ཅད་ལ་

མངའ་སྒྱུར་བའི་རང་བྱུང་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་དེ་ཁོ་ན་ཉིད་ཇི་ལྟ་བའི་མཚན་ཉིད་དེ་བཞིན་ཉིད་རྣམས་ཏེ། ཆོས་འདི་གང་གི་ངོ་བོ་ཉིད་ཟག་པ་མེད་པ་མངོན་སུམ་དུ་གྱུར་པའི་སྐུ་ཡིན་པས་ཆོས་ཀྱི་སྐུ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །དེ་ལ་ཉོན་མོངས་པ་མེད་པའི་

ཁྱད་པར་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །རྒྱལ་བའི་གྲོང་སོགས་དེ་དག་གི །ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །ཅེས་བྱ་བའོ། །ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་

ཏིང་ངེ་འཛིན་ནི་བདག་ཉིད་ལ་མིའི་ཉོན་མོངས་པ་སྤོང་བའམ། བདག་མཐོང་བ་ལས་འགའ་ཞིག་ལ་ཉོན་མོངས་པ་སྐྱེ་བར་གྱུར་ན་མི་རུང་ངོ་ཞེས་ཆེད་དུ་བྱ་བས་ཉོན་མོངས་པ་སྤོང་བ་ཡིན་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་གྲོང་ཁྱེར་ལ་སོགས་

པར་གཤེགས་ནས་སྐྱེ་བོ་མཐའ་དག་གི་ཉོན་མོངས་པའི་རྒྱུན་དྲུངས་འབྱིན་པར་མཛད་པ་ཡིན་ནོ། །ཡང་སྨོན་གནས་མཁྱེན་པའི་ཁྱད་པར་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང་། །ཐོགས་

པ་མེད་དང་རྟག་གནས་དང་། །འདྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་བྱ་བའོ། །ཉན་ཐོས་ལ་སོགས་པའི་སྨོན་གནས་མཁྱེན་པ་ནི་འབད་པ་ལ་རག་ལས་པ་ཉིད་དང་། མཉམ་པར་གཞག་པ་ལ་ཆགས་པ་དང་། ཉི་ཚེ་བ་ཉིད་དང་། རེས་འགའ་བ་ཉིད་དང་།

เล่ม ๘๘ · หน้า 69a

འདྲི་བ་རྣམས་ཀྱི་ལན་ཐེབས་པ་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྨོན་གནས་མཁྱེན་པ་ནི་མཚན་མ་མེད་པ་ཉིད་དུ་རང་གི་ངང་གིས་འཇུག་པ་དང་། མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པའི། བྱེ་བྲག་མེད་པས་ལྟོས་པ་དང་བཅས་པའི་

ཆགས་པ་སྤངས་པ་དང་། སྒྲིབ་པའི་ཚོགས་བག་ཆགས་དང་བཅས་པ་ཡང་དག་པར་བཅོམ་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། འཁོར་བ་ཇི་སྲིད་པར་འབྱུང་བའི་ཕྱིར་རྟག་ཏུ་གནས་པ་དང་། སོ་སོ་ཡང་དག་པར་རིག་པ་ཕུན་སུམ་ཚོགས་པ་བརྙེས་པས་འདྲི་བའི་

ལན་འདེབས་པར་མཛད་པ་ཡིན་ནོ། །འདི་སྙམ་དུ་འདི་ལྟ་བུའི་དེ་བཞིན་གཤེགས་པ་ཅིའི་ཕྱིར་རྟག་ཏུ་སེམས་ཅན་གྱི་དོན་མི་མཛད་ཅེས་དོགས་པའི་ལན་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དུ་ནི། །གང་ཚེ་

བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་བྱ་བའོ། །སྔོན་བསྐྱེད་པའི་དགེ་བའི་རྩ་བ་ས་བོན་སངས་རྒྱས་ལ་སོགས་པ་ལ་དམིགས་པའི་རྒྱུ་ཡོངས་སུ་བརྟས་པར་གྱུར་ནས་སེམས་ཅན་གང་དང་གང་ལ་གང་གིས་དུས་སུ་ཆོས་གང་བསྟན་པ་ལ་སོགས་པ་མཛད་ན་དོན་དུ་

འགྱུར་བ་དེའི་ཚེ་བཻ་ཌཱུརྱའི་ས་གཞི་ལ་ལྷའི་དབང་པོ་ལ་སོགས་པ་བཞིན་དུ། སྔོན་གྱི་སྨོན་ལམ་ལ་སོགས་པའི་དབང་གིས་དེ་བཞིན་གཤེགས་པ་དེ་དང་དེ་ལ་སོགས་པ་སྣང་བར་འགྱུར་ཏེ། དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་ཉེ་བར་མཁོ་བའི་དོན་ཐམས་ཅད་སྦྱིན་པར་

མཛད་དོ། །རྐྱེན་ཡོད་ཀྱང་རང་གི་རྒྱུ་མ་ཚང་ན་མི་འབྱུང་བ་དཔེས་གསུངས་པ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་སོ། །དཔེར་ན་ལྷའི་རྒྱལ་པོ་ལ་སོགས་པས་

ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་དཀྲིགས་ཏེ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་གྱི་ཆ་ཕབ་ཏུ་ཟིན་ཀྱང་ཏིལ་ལ་སོགས་པའི་ས་བོན་རུལ་བས་མི་རུང་བར་གྱུར་པ་དག་ལས་འབྲས་བུ་བཟང་པོ་མི་འཁྲུངས་པ་བཞིན་དུ། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་སྐྱེ་བོ་མཐའ་དག་གི་དོན་

เล่ม ๘๘ · หน้า 69b

བྱ་བ་ལ་རབ་ཏུ་མཁས་པ་རྣམས་བྱུང་ཡང་སྐལ་བ་དང་མི་ལྡན་པས་སྣོད་དུ་མ་གྱུར་པ་རྣམས་ཀྱིས་དེ་ལས་དམ་པའི་ཆོས་མཉན་པ་ལ་སོགས་པའི་གོ་འཕང་བཟང་པོ་རྗེས་སུ་ཉམས་སུ་མྱོང་བར་མི་འགྱུར་བ་ཉིད་དོ། །གལ་ཏེ་སྐལ་བ་དང་ལྡན་པ་འགའ་ཞིག་ལ་དོན་སོ་སོར་ངེས་པའི་རྟེན་ཅན་དུས་རེས་

འགའ་འབྱུང་བས་ཇི་ལྟར་ཁྱབ་པ་དང་རྟག་པ་ཡིན་ཞེས་བྱ་བའི་ལན་དུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཉིད་ཀྱང་བརྗོད་པ་ཡིན། །ཞེས་བྱ་བའོ། །ཇི་

སྐད་བཤད་པའི་ཚུལ་གྱིས་རང་གི་ངོ་བོ་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་མཛད་པ་རྒྱ་ཆེ་བའི་ཕྱིར་དང་། རྒྱུན་ཆགས་སུ་འཁོར་བ་ཇི་སྲིད་པར་བཞུགས་ཀྱང་ཉིད་ཀྱིས་སྒྲུབ་པའི་དོན་གྱི་བདག་ཉིད་ལ་ནམ་དུ་ཡང་ཟད་པ་མི་མངའ་བའི་ཕྱིར་གོ་རིམས་བཞིན་དུ་སངས་རྒྱས་ཁྱབ་པ་དང་

རྟག་པ་ཞེས་མངོན་པར་བརྗོད་པར་བྱའོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱི་མཐུས་གདུལ་བྱ་མཆོག་ཏུ་གྱུར་པ་རྣམས་ལ་རྗེས་སུ་མཐུན་པའི་ཆོས་སྟོན་པར་མཛད་པ་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་པ། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །

ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་བྱ་བའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་འབར་བ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་ལ་ཞུགས་

པ་རྣམས་དང་ཐབས་ཅིག་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་དང་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པར་ཉེ་བར་ལོངས་སྤྱོད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །དེ་ལ་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། བར་

སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་

เล่ม ๘๘ · หน้า 70a

རྟིང་ཡངས་སྐུ་ཆེ་དྲང་། །ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་

འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་སྐུ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་

འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །འདི་ལ་མཚན་ནི་གང་གང་གིས། །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །

དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླངས་ལ་བརྟན་པ་དང་། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་དག །ཐར་པར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་

སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་བྱ་བའོ། །དེ་ལ་ཚིག་ལེའུར་བྱས་པ་དང་པོ་ལྔས་ནི་མཚན་རྣམས་ཀྱི་རང་གི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ཚིག་ལེའུར་བྱས་པ་གཅིག་གིས་དེ་དག་འགྲུབ་པར་བྱེད་པའི་

རྒྱུ་སྤྱིར་བསྟན་ཏོ། །དེ་ནས་ཚིག་ལེའུར་བྱས་པ་གཉིས་ཀྱིས་རྒྱུ་སོ་སོ་ཡང་དག་པར་བཤད་པ་ཡིན་ནོ། །འདི་ལྟར་བླ་མ་སྐྱེལ་བ་དང་བསུ་བ་ལ་སོགས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། སྡོམ་པ་ཡང་དག་པར་བླངས་པ་བརྟན་པ་ཉིད་ཀྱིས་རུས་

སྦལ་བཞིན་དུ་ཞབས་ཤིན་ཏུ་གནས་པ་ཉིད་དང་། བསྡུ་བའི་དངོས་པོ་བཞི་བསྟེན་པས་ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟ་བུར་དྲ་བས་འབྲེལ་བ་ཉིད་དང་། བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་

เล่ม ๘๘ · หน้า 70b

པ་ཉིད་དང་། བལྡག་པ་ལ་སོགས་པ་ཤིན་ཏུ་གྱ་ནོམ་པ་བྱིན་པས་ཕྱག་དང་ཞབས་དང་ཐལ་གོང་དང་ལྟག་པའི་ཕྱོགས་མཐོ་བའི་ཕྱིར་བདུན་མཐོ་བ་ཉིད་དང་། གསད་པར་བྱ་བ་ལས་ཐར་བར་བྱས་པས་སོར་མོ་རིང་བ་ཉིད་དང་། འཚོ་བ་ལ་ཕན་བཏགས་པ་ཉིད་ཀྱིས་རྟིང་

པ་ཡངས་པ་ཉིད་དང་། སྲོག་གཅོད་པ་སྤངས་པ་ཉིད་ཀྱིས་སྐུ་ཆེ་ཞིང་དྲང་བ་ཉིད་དང་། དགེ་བའི་ཆོས་ཡང་དག་པར་བླངས་པས་ཞབས་ལོང་བུ་མི་མངོན་པ་ཉིད་དང་། དགེ་བའི་ཆོས་ཡང་དག་པར་བླངས་པ་སྤེལ་བས་སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དང་། རིག་པ་དང་

བཟོ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པས་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང་། ནོར་བདོག་པ་སློང་བ་པོའི་སྐྱེ་བོ་ཕྱིར་མ་སྤངས་པས་ཕྱག་རིང་ཞིང་མཛེས་པ་ཉིད་དང་། སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་དུ་འཇུག་པ་དང་། གསང་བའི་ཚིག་

བསྲུངས་པས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང་། གདིང་བ་གྱ་ནོམ་པ་བྱིན་པས་མདོག་གསེར་དང་འདྲ་བ་ཉིད་དང་། ཁང་བཟངས་ལ་སོགས་པའི་གནས་དམ་པ་བྱིན་པས་པགས་པ་འཇམ་པ་ཉིད་དང་། འདུ་འཛི་ལ་སོགས་པ་ཡོངས་སུ་སྤངས་པས་སྤུ་རེ་རེ་ནས་

གཡས་སུ་འཁྱིལ་བ་ཉིད་དང་། སྐྱེ་བོ་བླ་མ་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བཀོད་པས་ཞལ་མཛོད་སྤུས་བརྒྱན་པ་ཉིད་དང་། རྣམ་པ་ཐམས་ཅད་དུ་ཁ་དྲག་གི་ཚིག་གིས་ཁྱད་དུ་མ་བསད་པས་སྐུ་སྟོད་སེང་གེའི་འདྲ་བ་ཉིད་དང་། སྙན་པར་སྨྲ་བ་དང་། ལེགས་པར་

སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། སྨན་ལ་སོགས་པ་བྱིན་པས་ཕྲག་པ་རྒྱས་པ་ཉིད་དང་། སྐྱེ་བོ་ནད་པའི་གཡོག་བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། ནགས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་

དུ་བཅུག་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། གཙུག་ལག་ཁང་ལ་སོགས་པ་ལྷག་པར་སྦྱིན་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། ཚིག་རབ་ཏུ་འཇམ་པོ་ལ་སོགས་པ་གསུངས་པས་ལྗགས་རིང་བ་ཉིད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་

เล่ม ๘๘ · หน้า 71a

དམ་པའི་ཆོས་གོ་བར་བྱས་པས་ཚངས་པའི་དབྱངས་ཉིད་དང་། ཚིག་འཁྱལ་པ་སྤངས་པས་འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། སྐྱེ་བོ་ཐམས་ཅད་བཀུར་བ་ལ་སོགས་པས་ཚེམས་དཀར་བ་ཉིད་དང་། འཚོ་བ་རྣམ་པར་དག་པས་ཚེམས་མཉམ་པ་ཉིད་དང་།

བདེན་པའི་ཚིག་ཀུན་ཏུ་སྤྱད་པས་ཚེམས་ཐགས་བཟང་བ་ཉིད་དང་། །ཕྲ་མའི་ཚིག་སྤངས་པས་ཚེམས་བཞི་བཅུ་མངའ་བ་ཉིད་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པས་སྤྱན་མཐོན་མཐིང་ཉིད་དང་། ཁོང་ཁྲོ་བ་ལ་སོགས་པ་མེད་པར་བལྟས་པས།

རྫི་མ་བའི་ལྟ་བུ་ཉིད་དོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་

བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་

དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །

དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་

རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །

เล่ม ๘๘ · หน้า 71b

མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་

པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་

རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་བྱ་བའོ། །འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་ལྷག་པར་བསམས་པ་ཉིད་ཀྱིས་སེན་མོ་མདོག་སྣུམ་པ་ཉིད་དང་། རིགས་ཀྱི་མཆོག་ལས་

སྐྱེས་པས་སེན་མོ་མཐོ་བ་ཉིད་དང་། ཚུལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་སོར་མོ་རྣམས་ཟླུམ་པ་ཉིད་དང་། དགེ་བའི་རྩ་བ་བསགས་པ་ཉིད་ཀྱིས་སོར་མོ་རྣམས་རྒྱས་པ་ཉིད་དང་། ཡང་དག་པར་མཐར་གྱིས་ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང་། ལུས་

ལ་སོགས་པའི་ལས་དང་འཚོ་བ་རབ་ཏུ་བསྲུངས་པ་ཉིད་ཀྱིས་རྩ་མི་མངོན་པ་ཉིད་དང་། ཉོན་མོངས་པའི་མདུད་པ་འགྲོལ་བ་ཉིད་ཀྱིས་རྩ་མདུད་པ་མེད་པ་ཉིད་དང་། ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱིས་ལོང་བུ་མི་མངོན་པ་ཉིད་དང་། བགྲོད་པར་དཀའ་བའི་གནས་ཐམས་

ཅད་ལས་སྐྱེ་བོ་སྒྲོལ་བར་མཛད་པ་ཉིད་ཀྱིས་ཞབས་མཉམ་པ་ཉིད་དང་། མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ནམ་མཁའ་ལ་

གཤེགས་པར་མཁས་པ་ཉིད་ཀྱིས་ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། སྐྱེས་བུ་ཁྱུ་མཆོག་ཏུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། བསྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་།

เล่ม ๘๘ · หน้า 72a

མཛེས་པར་སྤྱོད་པ་མཁས་པ་ཉིད་ཀྱིས་མཛེས་པར་གཤེགས་པ་ཉིད་དང་། རྟག་ཏུ་སེམས་གྱ་གྱུ་མི་མངའ་བ་ཉིད་ཀྱིས་མི་ཡོ་བར་གཤེགས་པ་ཉིད་དང་། ཡོན་ཏན་རྣམ་པར་དག་པར་བརྗོད་པར་མཛད་པ་ཉིད་ཀྱིས་སྐུ་འཁྲིལ་བག་ཆགས་པ་ཉིད་དང་། སྡིག་པའི་

ཆོས་དང་མ་འབགས་པ་ཉིད་ཀྱིས་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། གདུལ་བྱ་དང་འཚམ་པར་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སྐུ་རིམ་པར་འཚམ་པ་ཉིད་དང་། སྐུ་ལ་སོགས་པའི་ཀུན་ཏུ་སྤྱོད་པ་ཀུན་ཏུ་གཙང་བའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང་། ཐུགས་ཤིན་ཏུ་ཐུགས་རྗེ་ཅན་

ཉིད་ཀྱི་ཕྱིར་སྐུ་འཇམ་པ་ཉིད་དང་། ཐུགས་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང་། ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར་མཚན་རྫོགས་པ་ཉིད་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་བརྗོད་པའི་ཕྱིར་སྐུའི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང་། ཐམས་

ཅད་ལ་ཐུགས་སྙོམས་པའི་ཕྱིར་གོམ་པ་སྙོམས་པ་ཉིད་དང་། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར་སྤྱན་རྣམ་པར་དག་པ་ཉིད་དང་། ཆོས་གོ་སླ་བར་སྟོན་པའི་ཕྱིར་སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། ཐུགས་རྟག་ཏུ་མ་ཞུམ་པའི་ཕྱིར་སྐུ་ཞུམ་པ་མེད་པ་ཉིད་དང་། དགེ་བའི་རྩ་

བ་ཡང་དག་པར་འཕགས་པའི་ཕྱིར་སྐུ་རྒྱས་པ་ཉིད་དང་། ཡང་སྲིད་པ་ཟད་པ་ཉིད་ཀྱིས་སྐུ་ཤིན་ཏུ་གྲིམས་པ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་རྣམ་པར་ཕྱེ་བ་སྟེན་པར་མཛད་པ་ཉིད་ཀྱིས་ཡན་ལག་དང་ཉིང་ལག་རྣམ་པར་འབྱེས་པ་ཉིད་དང་། ཚིག་གི་དོན་ཤིན་ཏུ་

རྣམ་པར་དག་པ་སྟོན་པས་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་ཉིད་ཀྱིས་དཀུ་ཟླུམ་པ་ཉིད་དང་། འཁོར་བའི་སྐྱོན་གྱིས་མ་སྦགས་པ་ཉིད་ཀྱིས་དཀུ་སྐབས་ཕྱིན་པ་ཉིད་དང་། ང་རྒྱལ་གྱི་འགྱིང་བག་བཅོམ་པ་ཉིད་ཀྱིས་

དཀུ་མ་རྙོངས་པ་ཉིད་དང་། ཆོས་ཟད་པ་རྣམ་པར་བཟློག་པ་ཉིད་ཀྱིས་ཕྱལ་ཕྱལ་ལེ་བ་ཉིད་དང་། ཆོས་རབ་ཏུ་ཟབ་མོ་རྟོགས་པ་ཉིད་ཀྱིས་ལྟེ་བ་ཟབ་པ་ཉིད་དང་། སློབ་མ་མཐུན་པར་འཛིན་པར་གྱུར་པ་ཉིད་ཀྱིས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། འཁོར་ཀུན་ནས་མཛེས་པར་གྱུར་པ་

เล่ม ๘๘ · หน้า 72b

ཉིད་ཀྱིས་ཀུན་ནས་མཛེས་པ་ཉིད་དང་། ཐུགས་གཙང་བ་ཉིད་ཀྱིས་ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང་། དུས་མ་ཡིན་པའི་ཆོས་འདུལ་བ་དང་བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དང་། ལུས་ལ་སོགས་པ་ཟོ་མདོག་བདེ་བ་ཐོབ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་

ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་། མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་བརྙེས་པ་ཉིད་ཀྱིས་ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང་། ཆོས་ཟབ་མོ་ལ་གནས་པ་ཉིད་ཀྱིས་ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཕྱི་རྗེས་སུ་ཡང་དག་པར་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་

ཕྱག་གི་རི་མོ་རིང་བ་ཉིད་དང་། བསླབ་པ་རབ་ཏུ་མང་པོ་ཀུན་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བ་ཉིད་དང་། འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་པ་ཉིད་ཀྱིས་མཆུ་བིམ་པ་ལྟར་དམར་བ་ཉིད་དང་། ཚིག་འཇམ་པོས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པ་

ཉིད་དང་། ཡོན་ཏན་མཐའ་དག་མངའ་བ་ཉིད་ཀྱིས་ལྗགས་སྲབ་པ་ཉིད་དང་། ཆོས་འདུལ་བ་བྱིས་པའི་སྐྱེ་བོ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་ལ་སྤྱད་པ་ཉིད་ཀྱིས་ལྗགས་དམར་བ་ཉིད་དང་། བསྙེངས་པ་ཐམས་ཅད་མི་མངའ་བ་ཉིད་ཀྱིས་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། སྙན་པ་ལ་

སོགས་པར་གསུང་བ་ཉིད་ཀྱིས་གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང་། སྲིད་པར་ཀུན་ཏུ་སྦྱོར་བ་བསྡམས་པ་ཉིད་ཀྱིས་མཆེ་བ་ཟླུམ་པ་ཉིད་དང་། སྐྱེ་བོ་གདུལ་དཀའ་བ་འདུལ་བར་མཛད་པ་ཉིད་ཀྱིས་མཆེ་བ་རྣོ་བ་ཉིད་དང་། ཆོས་འདུལ་བ་ཤིན་ཏུ་རྣམ་པར་དཀར་བ་ཉིད་ཀྱིས་མཆེ་བ་དཀར་

བ་ཉིད་དང་། མཉམ་པའི་ས་ལ་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང་། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། ཤེས་རབ་མཆོག་ལ་གནས་པ་ཉིད་ཀྱིས་ཤངས་མཐོ་བ་ཉིད་དང་། སྐྱེ་བོ་གཙང་མ་

ཕུན་སུམ་ཚོགས་པ་ཉིད་ཀྱིས་ཤངས་གཙང་བ་ཉིད་དང་། ཆོས་ཤིན་ཏུ་རྒྱ་ཆེ་བ་ཉིད་ཀྱིས་སྤྱན་ཡངས་པ་ཉིད་དང་། སེམས་ཅན་གྱི་ཚོགས་ལེགས་པར་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང་། འགྲོ་བ་གཞོན་ནུ་མ་ཐམས་ཅད་མངོན་པར་མགུ་བ་ཉིད་ཀྱིས་སྤྱན་དཀར་ནག་འབྱེས་ཤིང་

เล่ม ๘๘ · หน้า 73a

པདྨའི་འདབ་མ་རངས་པ་ལྟ་བུ་ཉིད་དང་། རྟག་ཏུ་ཕྱི་རྗེས་སུ་གཟིགས་པ་ཉིད་ཀྱིས་སྨིན་ཚུགས་རིང་བ་ཉིད་དང་། ཆོས་འདུལ་བ་འཇམ་པོ་ལ་མཁས་པ་ཉིད་ཀྱིས་སྨིན་མ་འཇམ་པ་ཉིད་དང་། ཐུགས་ཀྱི་རྒྱུད་དགེ་བས་བརླན་པ་ཉིད་ཀྱིས་སྨིན་མ་སྣུམ་པ་ཉིད་དང་། ཀུན་

ཏུ་སྐྱོན་གཟིགས་པ་ཉིད་ཀྱིས་སྨིན་མའི་སྤུ་མཉམ་པ་ཉིད་དང་། མཆོག་ཏུ་གནོད་པ་བཟློག་པར་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་ཉིད་དང་། འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་

མ་ཉམས་པར་མཛད་པ་ཉིད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་། ལྟ་བས་བྱས་པ་ཐམས་ཅད་ཀྱིས་གཞན་དུ་མི་འགྱུར་བ་ཉིད་ཀྱིས་དཔྲལ་བ་ལེགས་པར་འབྱེས་པ་ཉིད་དང་། སྨྲ་བ་ཐམས་ཅད་འཇོམས་པར་མཛད་པ་ཉིད་ཀྱིས་དཔྲལ་བའི་དབྱེས་ཆེ་བ་ཉིད་དང་། སྨོན་ལམ་གྱི་

མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས་དབུ་ཤིན་ཏུ་རྒྱས་པ་ཉིད་དང་། ཡུལ་གྱི་དགའ་བ་རྣམ་པར་ཟློག་པར་མཛད་པ་ཉིད་ཀྱིས་དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པ་ཉིད་ཀྱིས་དབུ་སྐྲ་སྟུག་པ་ཉིད་དང་། བསྟན་པ་བློ་འཇམ་

པོས་ཡོངས་སུ་ཤེས་པ་ཉིད་ཀྱིས་དབུ་སྐྲ་འཇམ་པ་ཉིད་དང་། ཐུགས་འདོད་ཆགས་ལ་སོགས་པས་མ་དཀྲུགས་པ་ཉིད་ཀྱིས་དབུ་སྐྲ་མ་འཛིངས་པ་ཉིད་དང་། རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་དབུ་སྐྲ་མི་བཤོར་བ་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བཀྲམ་པ་ཉིད་ཀྱིས་དབུ་

སྐྲ་དྲི་ཞིམ་པ་ཉིད་དང་། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བས་བརྒྱན་པ་ཉིད་ཡིན་ནོ། །དེའི་རྗེས་ལ་བྱིས་པའི་སྐྱེ་བོ་ལ་སོགས་པ་གདུལ་བར་བྱ་བ་མ་ལུས་པ་ཐམས་ཅད་ལ་ཇི་ལྟར་འཚམ་པའི་དོན་

མཐའ་དག་སྒྲུབ་པར་མཛད་པས་སྤྲུལ་པའི་སྐུ་གསུངས་པ། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་བྱ་བའོ། །བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་སོགས་པའི་གཟུགས་གང་

เล่ม ๘๘ · หน้า 73b

གིས་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་འདོད་པའི་དོན་མཉམ་དུ་མཛད་པའི་སྐུ་གང་ཡིན་པ་དེ་ནི་རྒྱུན་ཆགས་པ་ཉིད་ཀྱིས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པ་ཡིན་ནོ། །དེ་ལྟར་དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་ཅན་གྱི་སྐུ་གང་

ཡིན་པ་ངོ་བོ་ཉིད་ཀྱི་སྐུ་དང་། གཞན་རྣམ་པ་གསུམ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་གཞག་པས་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་རྣམ་པ་གསུམ་མོ། །ཆོས་ཉིད་དང་གཟུགས་ཀྱི་སྐུ་རྣམ་

པར་བྱེ་བ་རྣམ་པ་གཉིས་ཉིད་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ནི་རྣམ་པ་གསུམ་དུ་ཡང་དག་པར་བརྗོད་དོ། །དེའི་འོག་ཏུ་སྐུ་རྣམས་ཀྱི་དངོས་དང་བརྒྱུད་པའི་མཚན་ཉིད་ཀྱི་བྱ་བ་འབྲས་བུ་ཕྲིན་ལས་མཛད་པ་གསུངས་པ། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་

རྒྱུན་མི་འཆད་པར་འདོད། །འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང་། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང་། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང་། །སངས་རྒྱས་ལམ་དང་རང་

བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང་། །བརྡ་དང་དམིགས་པ་མེད་པ་དང་། །ལུས་ཅན་རྣམས་ནི་ཡོངས་སྨིན་དང་། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་ཟློག་པ་དང་། །བྱང་ཆུབ་འཐོབ་དང་སངས་རྒྱས་ཞིང་། །རྣམ་པར་དག་དང་ངེས་

པ་དང་། །སེམས་ཅན་དོན་ནི་ཚད་མེད་དང་། །སངས་རྒྱས་རྟེན་སོགས་ཡོན་ཏན་དང་། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང་། །ཕྱིན་ཅི་ལོག་ནི་སྤངས་པ་དང་། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །

འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང་། །མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་བྱ་བའོ། །སྤྲུལ་པའི་སྐུ་ཇི་ལྟ་བ་བཞིན་དུ་གདུལ་བྱའི་སྐྱེ་བོ་སོ་སོའི་སྣང་བ་ལ་བརྟེན་པ་ལས་ཆོས་ཀྱི་སྐུའི་

เล่ม ๘๘ · หน้า 74a

བདག་ཉིད་ཀྱི་ཡེ་ཤེས་བདག་པོར་གྱུར་པ་འདི་ལས་བྱུང་བའི་ཕྲིན་ལས་ནི་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པར་འབྱུང་བར་བཞེད་དེ། འདི་ལྟར་དང་པོ་འཇིག་རྟེན་པའི་བསམ་པ་ཡོངས་སུ་དག་པ་འགྲོ་བ་བཟང་པོ་དང་། ཅིག་ཤོས་ལ་མངོན་པར་ཞེན་པ་མེད་པར་གནས་པའི་

མཚན་ཉིད་དང་། འགྲོ་བ་རབ་ཏུ་ཞི་བའི་ཕྲིན་ལས་ལ་འགོད་དོ། །དེ་ནས་སྦྱོར་བ་ཡོངས་སུ་དག་པ་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་རྣམ་པ་བཞི་དང་། ལྟ་བ་ཡོངས་སུ་དག་པ་ཐོས་པ་ལ་སོགས་པའི་ཤེས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དོར་བ་དང་བླང་བར་བྱ་

བའི་སྒོ་ནས་རྟོགས་པ་དང་། དེ་ནས་ལམ་ཡང་དག་པ་དང་པོར་འཇུག་པའི་མཚན་ཉིད་ཀྱིས་ལམ་རྣམ་པར་དག་པ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་གཞན་གྱི་དོན་བྱམས་པ་ལ་སོགས་པའི་མཚན་ཉིད་དང་། རང་གི་དོན་གྱི་སྤྱོད་པ་རྣམ་པར་དག་པ་འཁོར་གསུམ་རྣམ་པར་

དག་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པ་དང་། རང་དང་གཞན་གྱི་དོན་གྱི་སྦྱོར་བ་རྣམ་པར་དག་པ་སངས་རྒྱས་ཀྱི་ལམ་དང་། ལྟ་བ་རྣམ་པར་དག་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་གོམས་པར་བྱ་བ་དང་། དེའི་འོག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་

ནས་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་གཉིས་སུ་མེད་པའི་དོན་ཀུན་ཏུ་སྟོན་པ་དང་། ཚུལ་ཁྲིམས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་གཉིས་པ་དང་གསུམ་པར་ཆོས་ཐམས་ཅད་བརྡར་བཏགས་པར་ཤེས་པ་དང་། བརྩོན་འགྲུས་དང་།

བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བཞི་པ་དང་ལྔ་པ་དང་དྲུག་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། བདེན་པ་བཞི་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པར་ཤེས་པས་ཆོས་ཐམས་ཅད་མཚན་མར་དམིགས་པ་མེད་པ་དང་། ཐབས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་བརྟེན་ནས་ས་བདུན་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བརྒྱད་པར་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའི་ལམ་དང་། དེ་བཞིན་དུ་དེ་བཞིན་ཉིད་ལ་ཉོན་མོངས་པ་ཟད་པ་ལ་སོགས་པས་ཆོས་

เล่ม ๘๘ · หน้า 74b

ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་དང་རྟོག་པ་སྤངས་པ་ལ་སོགས་པས་ཉེ་བའི་བྱང་ཆུབ་ཐོབ་པ་དང་རྗེས་སུ་མཐུན་པའི་ཐབས་ལ་མཁས་པས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པ་དང་། དེའི་འོག་ཏུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དགུ་པར་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕུང་པོར་ངེས་པ་དང་། དེ་བཞིན་དུ་ཆོས་སྨྲ་བའི་སྐྱེས་བུར་གྱུར་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱེད་པ་དང་། དེའི་རྗེས་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བཅུ་པར་མངོན་པར་ཤེས་པ་ལ་གནས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་

དུ་སངས་རྒྱས་ཀྱི་དྲུང་དུ་སོང་ཞིང་བསྙེན་བཀུར་བ་ལ་སོགས་པའི་ཡོན་ཏན་དང་། དེ་བཞིན་དུ་ཁྱད་པར་གྱི་ལམ་གྱི་ངོ་བོ་དགེ་བའི་ཆོས་བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་དང་། ཐ་སྙད་ཉེ་བར་བཟུང་སྟེ་ལས་དང་འབྲས་བུར་འབྲེལ་པ་

ཆུད་མི་ཟ་བ་དང་། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ངོ་བོས་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམ་པ་བཞི་ཡང་དག་པར་རྟོགས་པ་དང་། གཟུགས་ལ་སོགས་པའི་ཕུང་པོ་མཚན་ཉིད་མེད་པ་ཉིད་ཀྱིས་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ཐམས་ཅད་རབ་ཏུ་སྤངས་པ་དང་། ཚུལ་དེ་

ཉིད་ཀྱིས་ཕྱིན་ཅི་ལོག་ཐམས་ཅད་ཉེ་བར་འཇུག་པའི་གཞིའི་དངོས་པོ་འགའ་ཡང་མེད་པ་དང་། རང་བཞིན་གྱིས་དག་པའི་མཚན་ཉིད་ཀྱིས་རྣམ་པར་བྱང་བ་དང་། དྲི་མ་ཐམས་ཅད་དང་བྲལ་བའི་རྒྱུས་དེ་བཞིན་གཤེགས་པའི་ཚོགས་ཡོངས་སུ་རྫོགས་པ་དང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཁོ་ནས་འདུས་

བྱས་དང་འདུས་མ་བྱས་མཐའ་དག་ཐ་དད་པ་མེད་པར་ཡོངས་སུ་ཤེས་པ་དང་། དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུས་ཆོས་ཐམས་ཅད་ཡང་དག་པར་རྫོགས་པའི་མྱ་ངན་ལས་འདས་པ་ཆེན་པོ་ལ་འགོད་པར་བྱེད་པ་སྟེ། ཟག་པ་མེད་པའི་ཆོས་ཀྱི་སྐུའི་མཐུ་ལས་བྱུང་བ་གདུལ་བྱ་

ཡོངས་སུ་འཛིན་པར་བྱེད་པའི་ཕྲིན་ལས་ནི་རྣམ་པ་ཉི་ཤུ་རྩ་བདུན་པོ་འདི་དག་ཡིན་པར་བཞེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་བརྒྱད་པའི་འགྲེལ་པའོ།། །།

เล่ม ๘๘ · หน้า 75a

རབ་ཏུ་རྒྱས་པ་ལ་དད་པའི་སེམས་ཅན་ལ་ཕན་གདགས་པའི་ཕྱིར་དེ་ལྟར་དོན་བརྒྱད་ཀྱི་སྒོ་ནས་རྣམ་པར་བཤད་ནས། བར་མ་ལ་དད་པ་རྣམས་ཀྱི་དབང་དུ་བྱས་ཏེ་རྣམ་པ་གཞན་གྱིས་བཤད་པ་གསུངས་པ། མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམས་དང་། །དེའི་

མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཅེས་བྱ་བའོ། །དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དེ་ཁོ་ན་ཉིད་ཡིན་པས་མངོན་པར་རྟོགས་པར་བྱ་བའི་མཚན་ཉིད་དོ། །དེ་ནས་

རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་དེ་དག་དབང་དུ་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པ་ཉིད་ཀྱི་ཉེ་བར་སྦྱོར་བ་པོ་ཡིན་པས་དེའི་སྦྱོར་བའི་གནས་སྐབས་ཡིན་ནོ། །དེ་ནས་རྩེ་མོའི་མངོན་པར་རྟོགས་པ་ནི་སྔ་མ་ཕུལ་དུ་བྱུང་བར་སོན་པས་ངེས་པར་དབང་དུ་གྱུར་

པའི་ཕྱིར་མངོན་པར་རྟོགས་པར་རབ་ཏུ་གྱུར་པའི་གནས་སྐབས་ཡིན་ནོ། །དེ་ནས་མཐར་གྱིས་པའི་མངོན་པར་རྟོགས་པ་ནི་དབང་དུ་གྱུར་པའི་དངོས་པོ་རབ་ཏུ་བརྟན་པར་བྱ་བའི་ཕྱིར་སོ་སོ་བ་དང་མཐའ་དག་ཏུ་རྣམ་པ་དུ་མར་བསྒོམས་པས་གཞུང་སྲོང་བར་བྱེད་པའི་དོན་གྱིས་མངོན་པར་རྟོགས་པའི་

གོ་རིམས་ཀྱི་གནས་སྐབས་ཡིན་ནོ། །དེ་ནས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཤིན་ཏུ་གོམས་པས་བརྟན་པ་མཐར་ཕྱིན་པའི་དོན་གྱིས་མངོན་པར་རྟོགས་པ་མཐར་ཐུག་པའི་གནས་སྐབས་ཡིན་ནོ། །དེའི་འོག་ཏུ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་སྦྱོར་བས་

མངོན་པར་ཐོབ་པའི་འབྲས་བུ་ཡིན་པའི་རྒྱུ་མཚན་གྱིས་མངོན་པར་རྟོགས་པ་རྣམས་རྣམ་པར་སྨིན་པ་ཉིད་ཡིན་ནོ། །དེ་ལྟར་ན་རྒྱལ་བའི་ཡུམ་ཐམས་ཅད་ཀྱི་དོན་བསྡུས་པ་གཞན་རྣམ་པ་དྲུག་སྟེ། སྔར་བསྟན་པ་ཁོ་ནས་རྣམ་པར་བཤད་པ་གྲུབ་པ་ཉིད་དོ། །དངོས་པོ་རྣམ་པ་དྲུག་བསྟན་པའི་

འགྲེལ་པའོ།། །།བར་མ་ལ་དད་པའི་གདུལ་བྱ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་དེ་ལྟར་དོན་དྲུག་གི་སྒོ་ནས་ཉེ་བར་བཤད་ནས། མདོར་བསྡུས་པ་ལ་དད་པ་རྣམས་ཀྱི་དབང་དུ་བྱས་ཏེ་ཡང་རྣམ་པ་གཞན་གྱིས་བཤད་པ་གསུངས་པ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །

เล่ม ๘๘ · หน้า 75b

སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་བྱ་བའོ། །དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་

ངོ་བོ་ཉིད་དུ་འཇུག་པའི་ཡུལ་གྱི་རྒྱུ་ཡིན་ནོ། །དེའི་རྗེས་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་རྣམ་པ་བཞི་ནི་མངོན་པར་རྟོགས་པ་རང་གི་མཚན་ཉིད་སྦྱོར་བའི་རྣམ་པ་ཡིན་ནོ། །དེའི་འོག་ཏུ་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་ནི་མངོན་པར་རྟོགས་པ་རྣམས་ཀྱི་འབྲས་

བུ་ཡིན་ནོ། །དེ་ལྟ་ན་ཡང་རྒྱལ་བའི་ཡུམ་མཐའ་དག་གི་དོན་བསྡུས་པ་གཞན་རྣམ་པ་གསུམ་སྟེ། འདི་ཡང་སྔར་བསྟན་པ་ཁོ་ནས་ཉེ་བར་བཤད་པ་གྲུབ་པ་ཉིད་དོ། །དངོས་པོ་རྣམ་པ་གསུམ་བསྟན་པའི་འགྲེལ་པའོ།། །།ཤེས་རབ་ཕ་རོལ་ཕྱིན་ལུས་གང་ཡིན་མངོན་རྟོགས་དྲི་མེད་རིན་ཆེན་

རྒྱན་གྱིས་རྣམ་བརྒྱན་ནི། །ལ་ལས་མ་བཤད་ལ་ལས་ལོག་བཤད་གཞན་གྱིས་གཞན་བཤད་དེ་བཞིན་གཞན་གྱིས་ཀུན་མ་བཤད། །རྒྱལ་ཡུམ་གཞུང་སྲོག་ལྐོག་མར་ཕྱིན་གྱུར་སླད་དུས་གང་ཚེ་གནས་བརྟན་ཐོས་མང་བློ་གསལ་བ། །སངས་རྒྱས་ཡེ་ཤེས་དཔལ་ཞེས་བྱ་བས་བསྟན་

ལ་མཆོད་ཕྱིར་རྒྱན་འགྲེལ་ངོ་མཚར་རྨད་འདི་བྱས། །གང་གིས་གང་ཐོབ་རྣམ་གྲོལ་ལ་སོགས་མཁས་མང་རྗེས་འབྲངས་རྒྱལ་སྲས་མི་ཕམ་མགོན་མཉེས་བྱེད། །དཔལ་ལྡན་གྲགས་ཆེན་བླ་མའི་དྲིན་ཐོབ་རིང་ནས་རྗེས་བསྒོམས་རབ་ཏུ་དགའ་བའི་ཡིད་ཀྱིས་འདིར། །དངོས་བརྒྱུད་ལུས་ལ་རྒྱན་

དོན་གསལ་བྱེད་ཤེས་རབ་སྒྲོན་མའི་ཕྲེང་བ་འབར་བ་འདི་བྱས་པས། །འགྲོ་འདི་མྱུར་དུ་མ་རིག་མུན་བསལ་ཡང་དག་ཡེ་ཤེས་སྣང་བ་གསལ་པོས་མཛེས་གྱུར་ཅིག །བདག་གི་ལྷག་བསམ་འབད་པའི་མཐུ་དང་རྒྱལ་ཡུམ་ཆེ་བས་ཤེས་རབ་ཕ་རོལ་ཕྱིན་ཚོལ་རྣམས། །སེམས་བསྐྱེད་གདམས་

པས་དེ་ཉིད་ལམ་བསྟེན་ཆོས་དབྱིངས་དམིགས་བཅས་ཆེད་དུ་བྱ་བ་སྒྲུབ་རྣམ་བཞིས། །རྣམ་ཀུན་མཁྱེན་གྱུར་རྟེན་ཚོགས་བཟང་ལྡན་ཐེག་གསུམ་མཐོང་དང་བྱེད་བཅས་བསྒོམ་པའི་ལམ་ཀུན་མཁྱེན། །མཐའ་གཉིས་མི་གནས་ཚུལ་གཉིས་མཚན་ཉིད་རྒྱུ་ལམ་དངོས་མཐོང་ཀུན་མཁྱེན་ཕ་

เล่ม ๘๘ · หน้า 76a

རོལ་ཕྱིན་པར་ཤོག །གང་དོན་གང་གིས་རྣམ་བསྒོམས་དབང་བྱས་ཆོས་གཟུགས་འབྲས་བསྐྱེད་རྣམ་པ་ཀུན་མངོན་རྟོགས་པ་དང་། །རྟོགས་འཕེལ་བརྟན་གནས་མཐོང་དང་ལེགས་གོམས་བར་ཆད་མེད་ལམ་ཀླན་ཀ་ཀུན་གྲོལ་རྩེ་མོར་སོན། །རྣམ་གསུམ་རྣམ་

བཅུ་རིམ་གཉིས་མཐར་བསླབ་མཚན་ཉིད་རྣམ་བཞིས་སྐད་ཅིག་གཅིག་མངོན་བྱང་ཆུབ་ནས། །ངོ་བོ་ཉིད་ཆོས་ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་ཕྲིན་ལས་འབྲས་བུ་མྱུར་དུ་སྨིན་པར་ཤོག །ཇི་ལྟར་སྨག་རུམ་ལྗན་ལྗིན་ནས། །ཡིད་བཞིན་ནོར་རྙེད་ཇི་ལྟ་བར། །ཇི་ཞིག་ལྟར་སྟེས་

བདག་གིས་ཀྱང་། །ཤེས་རབ་ཕ་རོལ་ཕྱིན་དོན་རྙེད། །རྙེད་དཀའ་རྙེད་པ་དོན་ཆེ་བ། །རྒྱན་གཞུང་ཇི་བཞིན་ཇི་སྙེད་འགྲེལ། །ཨེ་མ་ཨུ་དུམ་ཝཱར་འདྲ་བ། །མཁས་རྣམས་དགའ་བ་སྐྱེད་པར་བྱེད། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་བཅོམ་

ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མེའི་ཕྲེང་བ་ཞེས་བྱ་བ། དཔལ་ཆོས་ཀྱི་རྗེ་བྱང་ཆུབ་སེམས་དཔའ་དམ་པ་མཁས་པ་ཐམས་ཅད་ཀྱི་བླ་མར་གྱུར་པ་ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་

ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང་། གནུབས་ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར་བའོ།།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด