འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཨཥྚ་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏཱ་མརྨ་ཀཽ་མི་ཏ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๐ · หน้า 1b

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏཱ་མརྨ་ཀཽ་མི་ཏ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་

ཀྱི་ཟླ་བའི་འོད་ཅེས་བྱ་བ། བཅོམ་ལྡན་འདས་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་འོད་ཟེར་སྙིང་གི་མུན་ལས་རྒྱལ་ནས་སྤྲོས་མེད་ལྔ་པོ་ཕུང་པོར་གྱུར་པ་སྟེ། །གང་ལ་ཤར་ན་སེམས་ཀྱི་

རྟོག་པའི་རྙོག་པ་བསལ་བར་གྱུར་ནས་ས་ལ་ལོངས་སྤྱོད་པ། །དེ་ཡིས་རྫོགས་པའི་བྱང་ཆུབ་བདེ་བ་འགྲོ་ལ་བསྐྱེད་ཕྱིར་བསམ་མི་ཁྱབ་པའི་སྐུ་སྤྲུལ་པའི། །ཤེས་རབ་ཕ་རོལ་ཕྱིན་པ་སྲིད་པར་འཁྱམས་

པ་འཇིག་བྱེད་དེ་ལ་གུས་པར་ཕྱག་འཚལ་ནས། །ཡིད་ཀྱི་དྲི་མ་བཤིག་ཅིང་ལྟ་བ་ངན་པ་འཇོམས་བྱེད་ལ། །སྐྱེ་བའི་རྙོག་པའི་ཡལ་ག་མ་ལུས་ངེས་པར་དྲུང་འབྱིན་ལ། །ཆེ་མཆོག་རྟོག་མེད་རྫོགས་

སངས་ས་ན་གཉིས་མེད་ལམ་གཉེན་གྱི། །འོད་ཟེར་བརྩེ་བས་བརླན་ཆར་ཇི་ལྟ་བུར་ན་སྟོན་པ་ཡི། །གང་ཡང་འཕགས་པ་མི་ཕམ་བསྟན་བཅོས་དེ་ཉིད་བྲལ་བའི་གཞུང་གིས་ཀུན་ཏུ་ཚིམ་མིན་པས། །

เล่ม ๙๐ · หน้า 2a

ཡུམ་གྱི་གནད་ལས་ཕྱིར་ཕྱོགས་ལོག་པའི་ལམ་གྱིས་སྐྱེ་བོ་ཕལ་ཆེ་ཡུན་རིངས་འཁྱམས་གྱུར་པས། །དེ་ཕྱིར་ནང་གི་མུན་པས་ཁྱབ་པའི་རྒྱུན་གྱིས་འཕྲོག་བྱེད་བསྟན་བཅོས་སྙིང་པོ་ལ་རེག་པའི། །ལེགས་གསུངས་སྦྱངས་

པའི་བདུད་རྩིའི་གཏེར་ལྡན་བདག་གིས་དེ་གནད་ཡང་དག་གསལ་བྱེད་ཟླ་འོད་སྤྲོ། །འདིར་ངེས་པར་བཅོམ་ལྡན་འདས་ཀྱིས་བསྐལ་པ་རབ་འབྱམ་མང་པོ་དཔག་ཏུ་མེད་ཅིང་རྣམ་པ་སྣ་ཚོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕན་ཚུན་དུ་སྤྱོད་པ་

རྣམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་དག་གིས་ཀུན་ཏུ་རྟོག་པའི་དྲ་བ་མཐའ་དག་སྐྱེ་བའི་རྒྱུན་དྲུངས་ཕྱུང་ནས་མུ་མེད་པའི་ཕྱོགས་ཐམས་ཅད་ཀྱི་ཁམས་གསུམ་པ་རྣམས་ཀྱི་སྲོག་ཆགས་དཔག་ཏུ་མེད་པ་རྣམས་ཀྱི་སོ་སོའི་སེམས་

སྐད་ཅིག་ལ་གཟིགས་ནས་མཆོག་ཏུ་བརྩེ་བ་ཆེན་པོའི་གཞན་གྱི་དབང་གི་ཇི་ལྟ་བ་བཞིན་རྟོགས་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱིས་རྟོགས་པར་བཞེད་ནས་བསྟན་པ་ཇི་ལྟ་བ་དེ་ལྟ་བུར་སྡུད་པ་པོས་བསྡུས་པ་ནི། འདི་སྐད་བདག་གིས་

ཐོས་ཞེས་བྱ་བ་ལ་སོགས་པ་དང་། མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་ཏེ་འདི་ཉིད་དུ་ཞེས་པ་ལ་སོགས་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་ནི་སྡུད་པ་པོའི་རང་བཟོ་མ་ཡིན་པས་བཅོམ་ལྡན་འདས་ཀྱི་

เล่ม ๙๐ · หน้า 2b

བཀའ་ཉིད་དུ་བཤེད་དེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ། འདི་སྐད་བདག་གིས་ཐོས་ཞེས་བྱས་ནས་ཆོས་བསྡུ་བར་བྱའོ། །དེ་བཞིན་དུ་འབྲལ་བ་དང་གོ་རིམས་ཀྱིས་བཤད་དོ་ཞེས་པ་ལ་སོགས་པ་སྟེ། །འདི་སྡུད་པ་པོ་ནི་ལྕང་ལོ་ཅན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་

པོ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་སྟེ། དེ་ཡང་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་སྲུང་བར་དབང་བསྐུར་ནས་རྟིང་ལ་རྗེས་སུ་གཤེགས་ཞེས་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་མདོ་ལས་བཤད་པ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་མདོ་ལས་

བསྟན་པ་སོ་སོར་གཏད་པས་སོ། །གང་ཡང་འཕགས་པ་ཀུན་དགའ་བོ་ལ་ཡོངས་སུ་གཏད་པ་དེ་ནི་ཉན་ཐོས་རྣམས་ཀྱིས་ཀྱང་འཇིག་རྟེན་པ་ལ་སྤྱོད་པར་བྱེད་པའི་དོན་དུ་ཡིན་གྱི། །ཆོས་སྡུད་པའི་དོན་དུ་ནི་མ་ཡིན་ནོ། །འདིར་བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་པ་དང་།

འཕགས་པ་ཕྱག་ན་རྡོ་རྗེས་འཇིག་རྟེན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུ་བར་འདོད་ནས། འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་རྣམས་ལ་འདི་སྐད་ཅེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་སྟོན་

པ་པོ་ལས་ཐོས་པ་ཅིག་ཀྱང་རྗེས་སུ་བརྗོད་ཅིང་དེ་བཞིན་དུ་ཡང་ལས་གཞན་ཡང་ཉན་པར་བྱེད་དོ་ཞེས་པ་ནི་སྡུད་པ་པོར་བརྗོད་དོ། །བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན། མཆོག་ཏུ་ཟབ་ཅིང་རྗེས་སུ་རྟོགས་པར་དཀའ་ལ་རྟོགས་པར་མི་ནུས་ཞེས་པས་ཐུགས་རྗེས་དེ་རྟོགས་པའི་དོན་དུ་

འཕགས་པ་བྱམས་པས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་བྱས་ནས་དུས་ཕྱིས་བྱས་ཞེས་པ་ནི་སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱི་འཁྲུལ་པ་སྟེ། སྔོན་དུ་བྱས་པ་ལ་མ་བཤད་ཅེས་པ་ནི་གཞན་དག་

གིའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅོམ་ལྡན་འདས་ཀྱིས་རྣམ་པར་འབྱེད་པར་འདོད་ནས། མཆོག་ཏུ་བླ་མ་རྣམས་ཀྱི་ཡང་བླ་ན་མེད་པ་ནི་བླ་མ་ཡིན་པའི་ཕྱིར་དང་། རབ་ཏུ་དང་བས་ཕྱག་འཚལ་བ་ཤིན་ཏུ་དོན་ཆེ་བའི་ཕྱིར་དང་། རྣམ་པར་བཤད་པར་བྱ་བའི་མདོ་སྡེ་རིན་པོ་ཆེ་བརྗོད་

เล่ม ๙๐ · หน้า 3a

པར་བྱ་བའི་ཕྱིར་ན་དེ་ཉིད་ལ་དང་པོ་ཕྱག་འཚལ་བ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་

རྣམས་སྣ་ཚོགས་རྣམ་པ་འདི་དག་ཀུན་གསུང་བའི། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཅི་སྟེ་ཉེ་བར་ཞི་བ་ནི་མྱ་ངན་ལས་འདས་པ་སྟེ། ཐར་པར་འཚལ་བའི་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱང་བསྡུ་སྟེ། དེ་དག་

གི་ཐེག་པ་ལས་ཁྱད་པར་ཆུང་བའི་ཕྱིར་ན་རིམ་པ་གཅིག་ཏུ་བསྟན་པའི་ཕྱིར་རོ། །འགྲོ་ལ་ཕན་པར་བྱེད་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །རྣམ་པ་འདི་དག་སྣ་ཚོགས་ཞེས་པ་ནི་ཐུབ་པའི་རྣམ་པ་ཐམས་ཅད་ཀྱི་ཆོས་སོ། །གང་དང་ལྡན་པས་རྣམ་པ་འདི་དག་ཀུན་གསུང་

ཞེས་པ་འདིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསལ་བར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་རྣམ་པ་གསུམ་སྟེ། གང་ཕུང་པོ་ལྔ་རྣམས་མི་རྟག་པར་རྣམ་པར་ཤེས་པའི་སློབ་མ་དང་བསེ་རུ་དག་དང་། གང་ཡང་སློབ་མ་དང་བསེ་

རུ་དེ་རྣམས་ཀྱི་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པ་རྣམས་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གང་ཡང་དེ་རྣམས་ཀྱིས་རྟོགས་པའི་རྣམ་པ་དེ་རྣམས་མཁྱེན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་རྣམས་ཏེ། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །

སངས་རྒྱས་ཀྱི་ཞེས་པ་ནི་བསྐྱེད་པ་ཉིད་ལ་གཅིག་པའི་ཚིག་གོ། །ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་སངས་རྒྱས་རྣམས་ཀྱི་ཡུམ་སྟེ། ཇི་སྐད་དུ་བཤད་པའི་དོན་ཆེན་པོ་ཐོབ་པར་བྱེད་པས་སོ། །དེ་ཐོབ་ནས་ཀྱང་ཟག་པ་མེད་པའི་ཕུང་པོ་ལྔའི་བདག་ཉིད་ཅན་དུ་བདག་

གིས་དངོས་པོ་བསྐྱེད་པ་དང་རྒྱས་པར་བྱེད་དོ། །དེ་བས་ན་ཡུལ་འཛིན་པ་པོར་རྟོགས་པར་བྱའོ། །དེ་ལྟར་ཀུན་མཁྱེན་པ་གསུམ་གྱིས་མངོན་པར་རྟོགས་པ་གཞན་ལྔ་པོ་རྣམས་བསྡུས་པའི་བརྒྱད་ཅར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཞེས་བྱ་སྟེ། དེ་ཉིད་ཆུང་ངུ་དང་འབྲིང་དང་ཆེན་

เล่ม ๙๐ · หน้า 3b

པོའི་རྟོགས་པ་པའི་དབྱེ་བ་ལ་དགོངས་ནས། ཀུན་མཁྱེན་པ་གསུམ་གྱི་སྒོ་ནས་ཕྱག་འཚལ་ནས། གཞན་གདུལ་བྱ་འཇུག་པའི་ཡན་ལག་བརྗོད་པར་བྱ་བ་ལ་སོགས་པ་བརྗོད་པར་འདོད་པས་གསུངས་པ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདིར་ནི་བཤད་པ་གང་། །བློ་

དང་ལྡན་པས་མཐོང་འགྱུར་གྱི། །གཞན་གྱིས་མྱོང་བ་མ་ཡིན་ཞེས། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཅན། །མདོ་དོན་དྲན་པ་ལ་བཞག་ནས། །བདེ་བླག་ཏུ་ནི་རྟོགས་འགྱུར་བ། །ཞེས་བྱ་རྩོམ་པའི་དགོས་པའོ། །ཞེས་ཏེ། བགྲོད་པར་བྱ་བས་ལམ་ཞེས་པ་སྟེ། གཙོ་བོ་ནི་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ། ཇི་སྐད་དུ་མདོ་སྡེ་རྒྱན་ལས། སྒྲིབ་པ་ཐམས་ཅད་སྤངས་པ་ཡི། །རྣམ་པ་ཐམས་ཅད་མཁྱེན་ཐོབ་པའི། །རིན་ཆེན་སྒྲོམ་ཕྱེ་ལྟ་བུ་ལ། །སངས་རྒྱས་ཉིད་དུ་ཡང་དག་བརྗོད། །ཅེས་སོ། །འདིས་བགྲོད་པར་བྱེད་ཅེས་

པས་ན་ལམ་རྣམས་སངས་རྒྱས་ཉིད་ཀྱི་རྒྱུ་ཕལ་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཁོངས་སུ་ཇི་ལྟར་རིགས་པར་མངོན་པར་རྟོགས་པ་དྲུག་འདུས་པའོ། །དེ་ལྟར་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་མངོན་པར་རྟོགས་པ་བརྒྱད་ཀྱི་ངོ་བོའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་

རྗོད་པར་བྱེད་པའི་བརྗོད་པར་བྱ་བ་དེ་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱིས་ཁོང་དུ་མི་ཆུད་པས་ན་བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །མངོན་སུམ་དུ་བྱེད་པར་འགྱུར་ཞེས་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ཡང་མདོའི་དོན་ཇི་སྐད་དུ་བཤད་པའི་བརྗོད་པར་བྱ་བ་ཐོས་པ་

ཉིད་བསམ་པས་དྲན་པ་ལ་བཞག་ཅིང་། ཆོས་ནི་སེམས་བསྐྱེད་པ་དང་གདམས་ངག་ལ་སོགས་པ་རྣམ་པ་བཅུའི་ཁོངས་སུ་གཏོགས་པའི་མངོན་པར་རྟོགས་པ་བརྒྱད་རབ་ཏུ་ཕྱེ་བ་དེའི་སྤྱོད་པ་སྤྱད་པ་རྣམས་ཀྱིས་བདེ་བླག་ཏུ་རྗེས་སུ་གནས་པར་འགྱུར་ཞེས་བརྗོད་པར་བྱ་བ་ཐོབ་པ་བྱེད་པའི་ཐབས་

ལ་རྗེས་སུ་གནས་པ་ནི་མདོ་བརྩམ་པའི་དགོས་པའོ། །འབྲེལ་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོའི་མཚན་ཉིད་དང་། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོའི་མཚན་ཉིད་དེ་གོ་སླ་བ་ཁོ་ནའོ། །འདི་སྐད་ཅེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བསྡུ་བར་བྱ་ཞེས་པ་སྟེ། གླེང་

เล่ม ๙๐ · หน้า 4a

གཞིའི་གོ་སྐབས་ཡིན་གྱི་ཉེ་བར་བསྡུ་བ་ནི་མ་ཡིན་ཏེ། མདོ་སྡེའི་ལུས་ཉིད་འདི་སྐད་དུའོ། །བདག་གིས་ནི་མངོན་སུམ་དུ་ཐོས་པ་སྟེ། བླ་མ་ལས་ཕན་ཚུན་བརྒྱུད་པས་མ་ཡིན་པའོ། །དེ་ལྟར་འདིར་གླེང་བསླང་བ་བསྟན་པའི་རྗེས་སུ་གླེང་གཞི་དང་དུས་གང་དང་

ཡུལ་དང་སྟོན་པ་པོ་དང་འཁོར་གྱིས་འདུས་པ་སྟེ། དེ་ལ་དུས་གཅིག་ན་ཞེས་པ་ནས་བརྩམས་ཏེ་ཇི་སྲིད་དུ་ཀུན་དགའ་བོ་ཞེས་པའི་བར་ནི་གོ་སྐབས་ལ། དེ་ནས་ཡང་ཞེས་པ་ལ་སོགས་པས་ཉེ་བར་བསྡུ་བ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ལ་སོགས་པའི་

ལྷག་མ་མ་ལུས་པ་ནི་མདོ་སྡེའི་ལུས་སོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ཉིད་གསུངས་ཞེས་མ་བསྟན་པ་ནི་བཅོམ་ལྡན་འདས་ལ་རྣམ་པར་རྟོག་པ་མེད་པས་དོན་དམ་པར་ནི་བསྟན་པ་མི་སྲིད་ཅེས་པ་ལ་དགོངས་ལ། བསྟན་པའི་སྣང་བ་ནི་གདུལ་བྱ་རྣམས་ཀྱི་བསོད་ནམས་དང་བཅོམ་

ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་གྱི་བདག་པོ་ཡིས་སོ། །གང་དུ་བྱས་པ་དང་ཐོས་པའི་ཁྱད་པར་བཤད་པར་བྱ་སྟེ། དུས་གཅིག་ནི་དུས་གཅིག་ལ་སྟེ་འདིས་ནི་གདུལ་བྱ་རྣམས་ཆོས་འདི་ལ་གུས་པ་བསྐྱེད་པའི་དོན་དང་། བཅོམ་ལྡན་འདས་ཀྱིས་ལན་ཅིག་གསུངས་པ་ལ་བདག་ཉིད་ཐོས་པ་

འཛིན་པ་ཉིད་དུ་གསལ་བར་བྱས་པའོ། །བདུད་བཞི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་ཏེ། ངེས་པར་བརྗོད་པ་ལན་ཕྱི་མའོ། །ཡང་ན་བདུད་བཞི་པོ་རྣམས་ཤེས་རབ་ཀྱིས་བཅོམ་པས་ན་བཅོམ་པ་སྟེ། བྱེད་པའི་ངེས་པའི་ཚིག་ལན་ཕྱི་མའོ། །འབྱེད་པར་བྱེད་ཅེས་པས་བཅོམ་པ་

སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་ལྡན་པས་ན་བཅོམ་ལྡན་འདས་སམ། མངོན་པར་བསྟན་ཞེས་པས་བཅོམ་ལྡན་འདས་སམ། བསྟན་པར་བྱེད་པ་ལ་ནི་རྒྱུ་རྣམས་ཁོ་ན་བྱེད་པ་ཉིད་རྣམ་པར་འདོད་པའི་ཕྱིར་རོ། །དེ་ཡང་ཚོགས་པ་དབང་ཕྱུག་དང་གཟུགས་བཟང་དང་གྲགས་པ་དང་

དཔལ་དང་ཡེ་ཤེས་དང་བརྩོན་འགྲུས་དང་དྲུག་གོ། །དེ་ལ་དབང་ཕྱུག་ནི་གཞན་དབང་མ་ཡིན་པ་སྟེ། བཅོམ་ལྡན་འདས་དེའི་ཚོགས་པས་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །གཟུགས་ཀྱི་ཚོགས་པ་ནི་བླ་ན་མེད་པའི་མཚན་དང་དཔེ་བྱད་ཀྱིས་ལྷམ་མེ་བའི་

เล่ม ๙๐ · หน้า 4b

སྐུའི་ཕྱིར་རོ། །གྲགས་པའི་ཚོགས་པ་ནི་ཕྱོགས་སུ་སྒྲ་ཆེན་པོའི་ཕྱིར་རོ། །གང་ཡང་ཕུན་སུམ་ཚོགས་པ་མང་པོ་གང་གི་རྟེན་དུ་གྱུར་པ་དེ་ནི་དཔལ་གྱི་ཚོགས་པ་སྟེ། འཇིག་རྟེན་པ་ཐམས་ཅད་ལ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་འདོད་པ་རྣམས་ཀྱི་དཔལ་དུ་བྱེད་པའི་

ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་པ་ནི་ཐམས་ཅད་ནས་རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་དག་ཅིང་མ་ཆགས་ཤིང་མ་ཐོགས་པའི་ཡེ་ཤེས་ཀྱི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཚོགས་པ་ནི་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་ལ་རྟག་པར་མི་དགའ་བ་དང་བྲལ་བའི་ཕྱིར་རོ། །བཞུགས་སོ་ཞེས་པ་ནི་

འདིར་སོ་སོར་སྡུད་པར་བྱེད་ཅིང་སེམས་ཅན་འདིས་འདྲེན་པར་བྱེད་ཅེས་པས་ཆོ་འཕྲུལ་ལ། ཆོ་འཕྲུལ་དེ་ཉིད་ནི་རྣམ་པ་གསུམ་སྟེ། རྫུ་འཕྲུལ་དང་། གཞན་གྱི་སེམས་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའོ། །དེ་ལ་རྣམ་པ་སྣ་ཚོགས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཇིག་རྟེན་ལས་འདས་

ཤིང་རྨད་དུ་བྱུང་བའི་ཆོས་སྟོན་པའི་ཕྱིར་དང་། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་ནི་སེམས་ཀྱི་བག་ལ་ཉལ་ཡོངས་སུ་མཁྱེན་ནས་དགེ་བའི་རྩ་བ་རྒྱས་པའི་ཚུལ་གྱིས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ནི་ཐེག་པ་གསུམ་གྱི་གདུལ་བྱའི་སེམས་ཅན་རྣམས་ཁྱད་

པར་དུ་དྲན་པ་ལ་སོགས་པ་བྱས་ནས་མངོན་པར་འདོད་པའི་དོན་བྱེད་པའི་སྤྱོད་ལམ་རྣམ་པ་བཞིས་གནས་ཤིང་བཞུགས་པའོ། །དེ་ལ་སངས་རྒྱས་རྣམས་ཀྱི་ཐམས་ཅད་དུ་སྐུའི་ཕྲིན་ལས་ནི་སྤྱོད་ལམ་གྱིས་བཞུགས་པའོ། །ཐམས་ཅད་ནི་གསུང་གི་ཕྲིན་ལས་ནི་ཆོས་སྟོན་པས་བཞུགས་པའོ། །གང་

རང་བཞིན་གྱིས་མཉམ་པར་བཞག་པ་དང་། གང་ཡང་ཏིང་ངེ་འཛིན་མངོན་དུ་བྱེད་པའི་དེ་གཉིས་ཆར་ཐུགས་ཀྱི་ཕྲིན་ལས་ཏེ། དེ་གཉིས་ཆར་སྙོམས་པར་ཞུགས་པས་བཞུགས་པའོ། །གང་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་ཀུན་ཏུ་གཟིགས་པ་ཉིད་དང་དེར་ཉེ་བར་འགྲོ་བའི་སེམས་

ཅན་ལ་དམིགས་པའི་ཐུགས་ཀྱི་ཕྲིན་ལས་དེ་གཉིས་ཆར་ནང་དུ་ཡང་དག་པར་འཇོག་པ་ལ་གནས་པར་རྣམ་པར་གཞག་པར་བྱ་སྟེ། འཇིག་རྟེན་ལ་དམིགས་པའི་ཕྱིར་རོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི་རྒྱལ་པོ་ཆེན་པོ་མང་པོས་བཀུར་བའི་རྒྱལ་པོའི་ཕོ་བྲང་གི་འཁོར་གྱི་གྲོང་ཁྱེར་ཆེན་པོ་སྟེ། དེའི་

เล่ม ๙๐ · หน้า 5a

ས་ཕྱོགས་སུ་བྱ་རྒོད་ཕུང་པོ་སྟེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་རང་བཞིན་ལ། རི་ནི་ལྷ་ལ་སོགས་པ་རྣམས་ཀྱིས་དུས་ཚིགས་ལྟད་མོ་གསལ་བར་བྱེད་པའི་ཕྱིར་ཏེ། མཆོད་རྟེན་དུ་གྱུར་པས་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཉེ་བར་སོགས་པའི་དོན་དུ་

གནས་བསྟན་པའོ། །ཅིའི་ཕྱིར་རྒྱལ་པོའི་ཁབ་ཏུ་བསྟན་ཅེ་ན། མང་པོས་བཀུར་བ་ཆེན་པོའི་གྲོང་ཁྱེར་ཆེན་པོའི་གནས་ཉིད་བཞིན་དུ། མདོ་སྡེ་འདི་ཆོས་ཀྱི་རྒྱལ་པོ་ཆེན་པོར་སེམས་ཅན་ལ་གསལ་བའི་དོན་དུ། འདིར་ཡང་མདོ་སྡེ་བསྟན་པ་གང་བཅོམ་ལྡན་འདས་མ་ལ་རབ་ཏུ་

བཞུགས་པའོ། །ཅིའི་ཕྱིར་བྱ་རྒོད་ཕུང་པོ་ཞེ་ན། ཉན་པ་པོ་རྣམས་ཀྱི་བསྟན་པ་ལ་རིང་ནས་མངོན་པར་འཕགས་པ་ཉིད་ཀྱི་གསལ་བའི་དོན་དུའོ། །ཆེན་པོ་ཞེས་བྱ་བ་ནི་ཡོན་ཏན་དང་གྲངས་ཀྱིས་ཆེ་བའི་དག་གིས་སོ། །ཉོན་མོངས་པ་བཅོམ་པ་ཉིད་ཀྱིས་དགེ་སློང་ནི་དགྲ་བཅོམ་པ་སྟེ། དེ་

འདིར་མ་བཟུང་བས་རྒྱུན་དུ་ཞུགས་པའི་འཕགས་པ་ཀུན་དགའ་བོ་མ་བཟུང་བས་ན་ཐལ་བར་འགྱུར་བས། ཅུང་ཞིག་གང་བསྙེན་པར་རྫོགས་པ་དེ་འདིར་གཟུང་བར་བྱའོ། །དགེ་སློང་རྣམས་ཀྱི་དགེ་འདུན་གྱི་ཚོགས་ཏེ། དེ་ཅི་ལྟར་དགེ་འདུན་ཞེ་ན། དཀོན་མཆོག་གསུམ་ལ་བདུད་ལ་སོགས་

པ་རྣམས་ཀྱིས་མི་ཕྱེད་པ་ཉིད་ཀྱི་སྟེ། ཀུན་ཏུ་བཅོམ་པའི་ཕྱིར་རོ། །དེ་ལ་གྲངས་ཀྱི་ཆེ་བ་ཉིད་ནི་ཕྱེད་ཅེས་ཏེ། བརྒྱ་ཕྲག་ཕྱེད་མ་ཚང་བའི་བརྒྱ་ཕྲག་བཅུ་གསུམ་མོ། །འདིར་ཐམས་ཅད་ཅེས་པ་ལ་སོགས་པའི་ཚིག་བཅོ་ལྔས་ནི་ཡོན་ཏན་གྱི་ཆེ་བ་ཉིད་བརྗོད་དོ། །དགྲ་ནི་ཉོན་མོངས་པ་སྟེ་དེ་

བཅོམ་པས་དགྲ་བཅོམ་པའམ། བསྒྲུབ་པའི་མཆོད་པ་ཡང་དག་པས་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་ཅིང་མཆོད་པར་བྱེད་པས་མཆོད་བྱེད་དམ། ཡང་ན་ལྷ་དང་མི་རྣམས་ཀྱིས་མཆོད་པ་དང་ཡོན་ཏན་གྱི་འོས་སུ་གྱུར་པས་ན་མཆོད་འོས་སོ། །དེ་བཞིན་དུ་དགྲ་བཅོམ་པ་ཉིད་

ཀྱི་ཡོན་ཏན་ཐབས་ཅིག་པ་ཉིད་བརྗོད་པ་ནི་སྲིད་པའི་རྩེ་མོ་དང་མནར་མེད་པའི་བར་དུ་ཀུན་ཏུ་ཟག་པ་བྱེད་ཅིང་སྐྱེད་པར་བྱེད་པའི་ཇི་སྲིད་དུ་སེམས་ཅན་རྣམས་ཀྱིས་དགེ་བ་གཡོ་བའི་ཟག་པ་གསུམ་སྟེ། དེ་ལ་མ་རིག་པ་མ་རྟོགས་པ་འདོད་པ་ན་ཀུན་ཏུ་སྤྱོད་པའི་ཉོན་མོངས་པ་རྣམས་ནི་འདོད་པའི་

เล่ม ๙๐ · หน้า 5b

ཟག་པའོ། །གཟུགས་དང་གཟུགས་མེད་ན་ཀུན་ཏུ་སྤྱོད་པ་ནི་སྲིད་པའི་ཟག་པའོ། །ཁམས་གསུམ་པ་ཅན་གྱི་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་དང་ལྟ་བ་དྲུག་ཅུ་རྩ་གཉིས་གང་ཡིན་པ་དེ་ནི་མ་རིག་པའི་ཟག་པའོ། །འདི་རྣམས་ཟད་པས་ན་ཟག་པ་ཟད་པའོ། །ཟག་

པ་ཟད་པ་ཉིད་ཀྱི་རྣམ་པར་དག་པའི་ཡོན་ཏན་གསུངས་པ་ནི། ཉོན་མོངས་པ་མེད་ཅེས་པ་སྟེ་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟེ་གོ་རིམས་ཇི་ལྟ་བ་བཞིན་དུ་གང་གིས་ཉོན་མོངས་པར་གྱུར་པ་དང་། གང་ཉོན་མོངས་པར་བྱེད་ཅིང་

སྡུག་བསྔལ་བར་གྱུར་པ་དང་། གང་དུ་ཉོན་མོངས་པ་དེ་རྣམས་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་རྣམས་ཉོན་མོངས་པ་མེད་པ་ཉིད་ལ་སྡུག་བསྔལ་མེད་པས་དེའི་ཡོན་ཏན་གསུངས་པ་ནི་དབང་དུ་གྱུར་པ་ཞེས་པ་སྟེ། ཇི་ལྟར་རྫུ་འཕྲུལ་ལ་དབང་བས་སེམས་ཅན་དང་སྣོད་

དག་ལ་དབང་སྒྱུར་བའི་ཕྱིར་རོ། །དབང་པོ་ལ་དབང་བས་སྤྱོད་ལམ་ཉེ་བར་ཞི་ནས་དེ་རྣམས་ཀྱིས་འཇིག་རྟེན་ལ་དབང་བའི་ཕྱིར་རོ། །ཏིང་ངེ་འཛིན་ལ་དབང་བས་ནི་སེམས་དེ་རྣམས་དབང་དུ་བྱེད་པ་ལ་འཇོག་པའི་ཕྱིར་རོ། །ཤེས་རབ་ལ་དབང་བས་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པ་ཐམས་

ཅད་ཀུན་ཏུ་བཅད་ནས་འཆིང་བ་ལས་རྣམ་པར་གྲོལ་བ་རྣམས་བཞིན་དུ་རང་ཉིད་ལ་དབང་བྱེད་པའི་ཕྱིར་རོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བས་ན་སེམས་ཤིན་ཏུ་རྣམ་པར་གྲོལ་བ་སྟེ། སྲིད་པའི་ཕྱོགས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤོང་ཞིང་ཐོབ་པར་བྱ་བའི་ཏིང་ངེ་འཛིན་རྣམས་ལ་སྙོམས་

པར་འཇུག་པ་ནི་སེམས་རྣམ་པར་གྲོལ་བའོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཤེས་རབ་རྣམ་པར་གྲོལ་བས་མ་རིག་པའི་ཕྱོགས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ཞིང་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཐོབ་པ་ནི་ཤེས་རབ་རྣམ་པར་གྲོལ་བའོ། །ཅང་ཤེས་པ་ནི་

འཇིགས་པ་རྣམས་མེད་པ་སྟེ། འཇིགས་པའི་དོགས་པ་རྣམ་པ་བཞི་མེད་པས་གོ་རིམས་ཇི་ལྟ་བ་བཞིན་དུ་བདེ་བ་རྙེད་པ་འཇིགས་པ་མེད་པ་རྙེད་པ་བག་ཚ་བ་མེད་པ་རྙེད་པ་དབུགས་འབྱིན་པ་ཐོབ་པ་ཞེས་བརྗོད་དེ། དེ་ལ་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་རྣམས་མེད་

เล่ม ๙๐ · หน้า 6a

པ་ནི་སྡུག་བསྔལ་གྱི་དོགས་པ་མེད་པའོ། །བདག་ཉིད་ཀྱིས་གནོད་པ་དང་གཞན་གྱིས་སྐུར་པ་འདེབས་པ་དང་ངན་འགྲོ་དང་འཚོ་བ་ཆད་པ་དང་མྱ་ངན་དང་འཆི་བའི་འཇིགས་པ་རྣམས་མེད་པས་འཇིགས་པའི་དོགས་པ་མེད་པའོ། །རྙེད་པ་དང་མ་རྙེད་པ་དང་གྲགས་པ་དང་མ་གྲགས་པ་དང་

བསྟོད་པ་དང་སྨད་པ་དང་བདེ་བ་དང་སྡུག་བསྔལ་བ་རྣམས་ཀྱིས་རྗེས་སུ་མ་གོས་པས་ན་འཇིག་རྟེན་པའི་ཆོས་ཀྱིས་དོགས་པ་མེད་པའོ། །ཡེ་ཤེས་ཀྱི་ཡོངས་སུ་སྦྱངས་པ་རྣམས་ལ་མི་ཤེས་པ་དང་ཐེ་ཚོམ་དང་ལོག་པའི་ཤེས་པ་རྣམས་མེད་པས་ན་མི་ཤེས་པའི་དོགས་པ་མེད་པའོ། །དེ་ལྟར་དོགས་པ་དང་

བྲལ་བའི་ཕྱིར་ན་ཅང་ཤེས་པའོ། །གླང་པོ་ཆེན་པོ་ནི་གཙོ་བོ་ཆེན་པོ་སྟེ། རིག་པ་གསུམ་ལ་སོགས་པ་ཉིད་ཀྱིས་ཁྱད་པར་དུ་གྱུར་པའི་རྟོགས་པའི་ཆོས་ཐོས་པས་སོ། །རྫུ་འཕྲུལ་དང་གཞན་གྱི་སེམས་ཤེས་པ་དང་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པ་གསུམ་རིག་པ་ལ་ནི་གཞན་དག་ཏུ་

དེ་ལ་རིག་པ་གསུམ་ཞེས་བརྗོད་དོ། །བྱ་བ་བྱས་པ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་རྣམས་ཡོངས་སུ་རྫོགས་པས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བའི་བྱ་བ་ངེས་པར་བྱས་པས་སོ། །བྱ་བ་བྱེད་པ་ནི་འདོད་པ་ཆུང་བ་དང་ཞུགས་པ་དང་ཆོག་ཤེས་པ་ལ་འཇུག་པ་དང་སྦྱངས་པར་

གྲགས་པ་ལ་འཇུག་པ་དང་། ཀུན་ཏུ་མཉེས་པར་བྱེད་པ་ལ་འཇུག་པ་ཞེས་པ་ལ་སོགས་པ་བྱེད་པ་ལ་རང་གི་མོས་པས་འཇུག་པའི་ཕྱིར་རོ། །ཁུར་བོར་བ་ནི་ཁུར་རྣམ་པ་བཞི་སྟེ་དེ་རྣམས་བོར་བ་སྟེ། དེ་ལ་ཕུང་པོའི་ཁུར་བཏང་སྟེ་སྡུག་བསྔལ་ཡོངས་སུ་ཤེས་པས་ཕུང་པོའི་ལྷག་མ་མེད་པའི་

བདེ་བ་ཐོབ་པ་ལ་སྦྱོར་ནུས་པ་ཉིད་དོ། །ཉོན་མོངས་པའི་ཁུར་སྤངས་པས་ནི་ཀུན་འབྱུང་སྤངས་པས་རྣམ་པར་གྲོལ་བའི་བདེ་བ་ཐོབ་པའོ། །དམ་བཅས་པའི་ཁུར་བོར་བས་ནི་འགོག་པ་མངོན་སུམ་དུ་བྱས་པས་རྫོགས་པའི་བྱང་ཆུབ་བདེ་བ་ཐོབ་པའོ། །སྦྱོར་བ་རྩོམ་པའི་ཁུར་གྱིས་ཡོངས་སུ་

རྫོགས་པ་ནི་ལམ་བསྒོམས་པས་ཉེ་བར་ཞི་བའི་བདེ་བ་ཐོབ་པའོ། །ཁུར་བོར་བ་ཉིད་ཀྱིས་ཁུར་བོར་ནས་བདེ་བ་ཐོབ་པའི་ཡོན་ཏན་གསུངས་པ་ནི། རང་གི་དོན་རྗེས་སུ་ཐོབ་པ་ཞེས་པ་ལ། རང་གི་དོན་རྗེས་སུ་ཐོབ་པ་ནི་རྣམ་པ་གཉིས་ཏེ། དེ་ལ་དོན་མིན་པ་སྤོང་བ་ནི་རང་གི་ཉོན་མོངས་པའི་

เล่ม ๙๐ · หน้า 6b

མ་རིག་པ་སྤངས་པས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པ་དང་དོན་རྟོགས་པས་གང་ཞིག་གི་རིག་པ་བསྐྱེད་ནས་མྱ་ངན་ལས་འདས་པ་རྟོགས་པའོ། །ཡོངས་སུ་ཟད་པ་ཤེས་པའི་སྲིད་པར་ཀུན་ཏུ་སྦྱོར་བ་ནི་དགུ་སྟེ། སྐྱེས་བུ་སྲིད་པར་ཀུན་ཏུ་སྦྱོར་བའི་ཕྱིར་སྟེ། འདོད་ཆགས་དང་ཁོང་ཁྲོ་བ་དང་

ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་། ཕྲག་དོག་དང་སེར་སྣ་དེ་རྣམས་གཞན་དུ་སྤངས་པས་སོ། །དེ་ལ་ཟག་པ་མེད་པའི་ཡང་དག་པའི་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པ་དང་ཐེ་ཚོམ་རྣམས་སྤོང་ངོ་། །འདིར་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། ལོག་པར་

ལྟ་བ་སྟེ་ལྟ་བ་རྣམ་པ་གསུམ་མོ། །ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པའི་མཆོག་ཏུ་འཛིན་པ་རྣམ་པ་གཉིས་སོ། །ཟག་པ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ཕྲག་དོག་དང་སེར་སྣ་དང་ཁོང་ཁྲོ་བ་རྣམས་དང་འདོད་པའི་ཁམས་ཀྱི་འདོད་ཆགས་རྣམས་སྤངས་

ཤིང་། ང་རྒྱལ་དང་མ་རིག་པ་དང་སྲིད་པའི་འདོད་ཆགས་རྣམས་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱི་ཟད་པས་སོ། །ཡང་དག་པར་ཞེས་པ་ནི་ཡང་དག་པར་ཀུན་ཏུ་ཤེས་ཤིང་ཡང་དག་པར་ཀུན་ཏུ་རྟོགས་པས་དཀོན་མཆོག་གསུམ་དང་ཡོན་ཏན་རྣམས་དང་ཐེག་པ་གསུམ་པོ་རྣམས་སྟོན་ཅིང་།

འཕགས་པའི་བདེན་པ་བཞི་པོ་རྣམས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་དག་པར་མོས་པ་དེའི་མི་མཐུན་པའི་ཕྱོགས་དང་བྲལ་བས་སེམས་ཤིན་ཏུ་རྣམ་པར་གྲོལ་བའོ། །སེམས་ཀྱི་དབང་ཐམས་ཅད་ཅེས་པ་ནི་སེམས་གང་གིས་ཏིང་ངེ་འཛིན་དབང་དུ་བྱས་ནས་དབང་སྒྱུར་བར་འགྱུར་ཏེ། དེའི་

སེམས་ལ་དབང་བ་དེ་ཐམས་ཅད་ལ་ཡང་ངོ་། །དེ་རྣམས་ལ་དམ་པའི་ཕ་རོལ་ནི་ཕ་རོལ་སྟེ། མཐར་ཐུག་པ་འདིར་འགྲོ་བ་དང་འདིར་ཕྱིན་པའི་དོན་གྱིས་སོ། །ཕ་རོལ་ནི་མཐར་ཐུག་པར་འགྲོ་བ་ལ་དམ་པར་ཕ་རོལ་ཏུ་སོན་པ་ནི་དེས་ཐོབ་པའོ། །དབང་ནི་གང་དུ་ཇི་ལྟར་འདོད་པར་ལུགས་ལས་

འབྱུང་བ་དང་ལུགས་ལས་བཟློག་པ་ཉིད་ལ་དང་པོའི་རིམ་པ་ནས་སྙོམས་པར་འཇུག་པ་རྣམ་པ་དགུ་པོ་རྣམས་ཀུན་ཏུ་བསྒྲུབ་པ་ལ་སྙོམས་པར་ཞུགས་པ་དང་། གནས་པ་དང་ལྟ་བ་རྣམས་ལ་སོ་སོར་རྟོགས་པ་ལ་དབང་ཐོབ་པའི་ཕྱིར་རོ། །ཐམས་ཅད་ཅེས་སྨོས་པ་ནས་དེ་ཅི་འཕགས་པ་ཀུན་དགའ་

เล่ม ๙๐ · หน้า 7a

བོ་ཡང་ཡོན་ཏན་དེ་རྣམས་དང་ལྡན་ནོ་ཞེ་ན་མིན་པར་གསུངས་པ་ནི་གཅིག་ཅེས་པ་ལ་སོགས་པ་སྟེ། གང་ཟག་གི་ཚིག་ནི་དོན་མཐུན་པའི་འཕགས་པའི་གང་ཟག་བརྒྱད་པོ་རྣམས་ལས་གཞན་ཡིན་པའི་ཕྱིར་རོ། །མ་རྟོགས་པ་ནི་ཡོངས་སུ་སྤངས་པའོ། །འདི་ལྟ་སྟེ་ཞེས་པ་

ནི་གཞན་ལ་ཉེ་བར་སྟོན་པའོ། །ཚེ་དང་ལྡན་པ་ཞེས་པ་ནི་ཁྱད་པར་དུ་མཉེས་པར་བྱེད་པའི་དོན་ཏེ། འཇིག་རྟེན་དུ་ཚེ་འདོད་པས་དེས་དེ་བཞིན་དུ་དེ་མཉེས་པའོ། །འདིར་ཉན་ཐོས་ཀྱི་དགེ་འདུན་བཤད་པ་ནི། རྗེས་ལ་ཐེག་པ་ཆེན་པོ་ལ་འཇུག་པ་ལ་དགོངས་པ་དང་། རབ་ཏུ་གྲགས་པའི་

འཁོར་གྱི་ཕྱིར་དང་། ངེས་པའི་འཁོར་གྱི་ཕྱིར་ཏེ། དེ་ཡང་རབ་ཏུ་གྲགས་པ་ནི་རབ་ཏུ་བྱུང་བའི་འཁོར་ཉིད་ལ་ངེས་པ་ནི་རང་གི་རྫོགས་སངས་རྒྱས་ཀྱི་དྲུང་དུ་རྟག་པར་ཀུན་ཏུ་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། ཕལ་ཆེར་ཁྱིམ་པ་ཡིན་པའི་ཕྱིར་དང་འདི་

ནས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་བའི་ཕྱིར་དང་། དེ་རྣམས་ནས་ཀྱང་འདི་རུ་འོང་བས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་འདིར་མ་བཤད་དེ། དེའི་ཐེག་པ་གསུངས་པ་དེ་ཉིད་པས་ན་བྱང་ཆུབ་སེམས་དཔའི་འཁོར་ནི་དཔག་ཏུ་མེད་པ་ཡིན་པར་གསལ་བའི་

ཕྱིར་དང་ཡུམ་འདིར་བསྡུས་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལ་སྒྲུབ་པ་པོ་རྣམ་པ་གསུམ་སྟེ་གཅིག་ནི་གསུངས་ནས་གོ་བས་ཚིག་ལྷུར་ལེན་པ་སྟེ་དེ་ནི་རྒྱས་པ་ལ་དགའ་བའོ། །གཉིས་པ་ནི་མང་དུ་བཤད་པས་ལྷག་མ་ཡང་གོ་བས་རྣམ་པར་སྤྲོས་ནས་གོ་བ་སྟེ། འདི་ནི་འབྲིང་ལ་དགའ་བའོ། །གསུམ་

པ་ནི་ཉུང་ངུ་བཤད་པས་མང་དུ་རྟོགས་པའི་མགོ་སྨོས་པས་གོ་ལ། དེ་ནི་བསྡུས་པ་ལ་དགའ་བ་སྟེ། དེ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱད་པ་དང་། སྟོང་ཕྲག་ཉི་ཤུ་ལྔ་པ་དང་། བརྒྱད་སྟོང་པ་གསུངས་ཏེ། དེ་ལ་གཞུང་ནི་བསྡུས་པར་འདོད་པས་ན་གཞུང་

འདིའི་གླེང་གཞི་ཡང་བསྡུས་པ་སྟེ། དགེ་སློང་དང་དགེ་སློང་མ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པའི་འཁོར་ཡང་འདིར་ཤེས་པར་བྱའོ། །དེ་རྣམས་བཤད་པས་ནི་གང་དུ་བཅོམ་ལྡན་འདས་བྱ་རྒོད་ཕུང་པོ་ལ་ཇི་སྐད་བཤད་པའི་འཁོར་དང་བཞུགས་པར་འགྱུར་བ་དེར་བདག་གིས་

เล่ม ๙๐ · หน้า 7b

བཅོམ་ལྡན་འདས་ལས་ཐོས་སོ་ཞེས་བྱ་སྟེ་གླེང་གཞིའོ། །བསྟན་པ་གོ་བའི་སྐབས་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། ཡང་ཞེས་བྱ་བ་ཚིག་གི་རྒྱན་ལ་དེར་བཞུགས་པར་གྱུར་པས་སམ་དེར་གནས་པའི་དགེ་འདུན་གྱི་ནང་ན་འབྱོར་པས་རབ་འབྱོར་ལ། གནས་བརྟན་ཞེས་སྨོས་པས་ནི་

མཆོད་པའི་དོན་ཏེ། དགྲ་བཅོམ་པར་འགྱུར་བའི་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་ཀྱང་མཆོག་གི་ཕྱིར་རོ། །བཀའ་སྩལ་པ་ནི་རབ་ཏུ་འབྱོར་པ་ཞེས་པ་སྟེ། གསུང་གིས་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པའི་དོན་དུ་རྣམ་པ་གསུམ་གྱིས་བྱིན་གྱིས་རློབ་སྟེ།

ཁ་ཅིག་ཏུ་ཕྱག་གིས། ཁ་ཅིག་ཏུ་གསུང་གིས། ཁ་ཅིག་ཏུ་ཐུགས་ཀྱིས་སོ། །ཅིའི་ཕྱིར་ཞེ་ན་དེའི་རིགས་ཅན་རྣམས་ཀྱི་སྤྲོ་བ་བསྐྱེད་པའི་དོན་དུའོ། །སྤོབས་པར་གྱིས་ཤིག་ཅེས་པ་ནི། ཁྱོད་ཀྱིས་རྫོགས་སངས་རྒྱས་ཀྱི་མངོན་སུམ་དུ་གྱིས་ཞེས་པའོ། །གང་དུ་རབ་འབྱོར་ལ་བོས་ནས་བསྟན་པའི་

སྐད་ཅིག་ལ་གཞན་གདུལ་བར་བྱ་བ་མང་པོ་རྣམས་ཀྱིས་སོ་སོར་བཅོམ་ལྡན་འདས་ནི་ཞལ་འཛུམ་པས་བདག་ལ་གཟིགས་ནས་ཆོས་སྟོན་ཏོ་སྙམ་དུ་སེམས་པར་གྱུར་ཏེ། དེ་ལྟར་ན་ཡང་རབ་འབྱོར་ནས་བཀའ་སྩལ་པས་ན་དེ་གཉིས་བསྡུས་པའོ། །འོ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་རྣམས་སྟོན་པ་

ལ་དེ་རྣམས་ཀྱང་ལན་ཅིག་ཅིའི་ཕྱིར་མ་བོས་ཤེ་ན། བྱང་ཆུབ་སེམས་དཔའ་རྣམས་བོས་ནས་བསྟན་པ་ནས་མདོ་འདི་ནི་ཟབ་པས་བདག་ཅག་རྣམས་སྦྱོར་བར་མི་ནུས་ཞེས་ཁ་ཅིག་ལུང་ལ་འཛིན་པར་མི་འགྱུར་ལ། རབ་འབྱོར་ལ་བརྩམས་ནས་བསྟན་ན་ནི་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བ་སྟེ། ཤིན་ཏུ་ཟབ་པ་མ་

ཡིན་ནོ་སྙམ་དུ་སེམས་ནས་རབ་ཏུ་འཇུག་པར་འགྱུར་ལ། ཐུན་མོང་པར་ཡང་སྟེ་ཀུན་མཁྱེན་པ་གསུམ་གྱི་སྐབས་ཀྱི་ཕྱིར་ནི་དེས་བཤད་པས་ཀྱང་དགེ་སློང་རྣམས་དང་འཁོར་གཞན་གྱི་ཆོས་མངོན་པར་རྟོགས་པ་ཐོབ་པས་སོ། །གང་ཡང་བླ་མས་གསོལ་བ་བཏབ་པའི་སློབ་མ་མེད་ཀྱང་དེ་ལྟ་ན་ཡང་འདི་

གསོལ་བ་བཏབ་པ་ནི་ཆོས་ལ་གུས་པ་ཉིད་ཀྱིས་སོ། །དེ་ལྟ་ན་ཡང་བཤད་པ། གནས་བརྟན་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆུང་ངུ་ན་ལྷག་པར་མོས་ཞེས་པས་སོ། །གང་གི་དབང་དུ་བྱས་ཤེ་ན་གསུངས་པ་ནི། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

เล่ม ๙๐ · หน้า 8a

གཙོ་བོ་ཆོས་ཀྱི་སྐུ་རྟོགས་པ་སྟེ། དགོས་པའི་དགོས་པའོ། །དོན་དེ་ལ་སྦྱོར་བས་གཞུང་དང་ལམ་དག་ལ་ཡང་དེའི་སྒྲས་སོ། །དེ་ལས་བརྩམས་ནས་ཞེས་པ་ནི་སྐྱེས་བུ་དམ་པས་དོན་དུ་གཉེར་བར་བྱ་བའི་ཕྱིར་དང་། ཐབས་ལས་བྱུང་བ་ཉིད་ཀྱི་ཆེད་དུའོ་ཞེས་བྱ་བའི་དོན་ཏོ། །ཅི་

ནས་ཞེས་པ་ནི་ཇི་སྲིད་དུ་ཐོས་པ་དང་བསམ་པ་དང་བསྒོམ་པའི་བྱེ་བྲག་གིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་ཀུན་མཁྱེན་པ་རྣམ་པ་གསུམ་ལ་སྟེ། དེ་ལམ་ལ་བརྟེན་ནས་བགྲོད་པས་ངེས་པར་འབྱུང་བར་འགྱུར་བ་སྟེ་མ་ལུས་པར་འགྲོ་བའོ། །ཇི་ལྟར་དེ་ཡིས་བགྲོད་ཅེ་ན། སྦྱོར་

དང་སྦྱོར་བའི་རབ་ཏུ་ཕྱིན་པ་དང་། སྦྱོར་བའི་གོ་རིམས་དང་། སྦྱོར་བའི་མཐར་ཐུག་པ་སྟེ། དགོས་པའི་ཚུལ་དེས་མ་ལུས་པར་གྱིས་ཞེས་པའི་དོན་ཏོ། །དེ་ལ་ངག་གཉིས་པོ་འདིས་ནི་འཕགས་པ་རབ་འབྱོར་ལ་ཡང་བརྗོད་པར་བྱ་བའི་མངོན་པར་རྟོགས་པ་བརྒྱད་ཀྱིས་སོ་སོར་སྟོན་པ་སྟེ། དེ་ལྟར་

ཡང་བསྟན་བཅོས་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་པ་སྟེ་སྟོང་པ་ཉིད་ལ་དམིགས་པའི་ཕྱིར་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོའི་ཕྱིར་ན་རབ་ཀྱི་ཤེས་པ་ནི་ཤེས་རབ་ལ་ཤེས་རབ་འདིའི་ཕ་རོལ་པས་ན་ཕ་རོལ་ཏུ་ཕྱིན་པ་སྟེ། འདིས་ཀྱི་

ཨ་ཕྱིས་པའོ། །གང་གི་ཕ་རོལ་ཞེ་ན་རྣམ་པར་རྟོག་པའི་སྟེ། ཅི་རིགས་པར་འཕགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་དང་དག་པའི་དེ་བཞིན་གཤེགས་པ་རྣམས་ཕ་རོལ་ཏུ་ཕྱིན་ཞིང་སོ་སོར་རྟོགས་པས་ཕ་རོལ་ཏུ་ཕྱིན་པའོ། །སྦྱོར་བའི་ལམ་ལ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ནི་

དོན་གྱི་བྱ་བ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེ་ན། དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་དག་བཤད་ཅེས་པ་ནི་མངོན་པར་རྟོགས་པ་བརྒྱད་ཀྱིས་བསྡུས་ནས་བསྟན་པའོ། །བརྒྱད་གང་ཞེ་ན། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་

ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཉིད་སྐུ་དང་དེ་རྣམས་བརྒྱད། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་རྣམ་པ་རྣམས་ཐམས་ཅད་ཀྱིས་རྟོགས་པར་བྱ་བ་ལ་མངོན་དུ་ཕྱོགས་ཤིང་ཡང་དག་པར་

เล่ม ๙๐ · หน้า 8b

རྟོགས་པ་ཉིད་ཀྱིས་ན་མངོན་པར་རྟོགས་པ་སྟེ། དོན་རྟོགས་པའི་ཕྱིར་རོ། །རྩེ་མོ་ནི་རབ་ཐོབ་པའོ། །མཐར་གྱིས་པ་ནི་རིམ་གྱིས་ན་མཐར་གྱིས་པ་སྟེ་མཐར་གྱིས་པ་དེར་སྦྱོར་བར་མངོན་པར་བྱང་ཆུབ་ཅེས་པར་འཇུག་པ་སྟེ། རྩེ་མོའི་མངོན་པར་རྟོགས་པ་དང་མཐར་གྱིས་པའི་མངོན་པར་རྟོགས་པ་

དག་གིས་ཞེས་པའི་དོན་ཏོ། །འདིར་མངོན་པར་རྟོགས་པར་བྱ་བའི་མངོན་པར་རྟོགས་པ་དང་རྣམ་པ་བརྒྱད་ལ་མངོན་པར་ཉེ་བར་ཐོབ་པར་བྱེད་པའི་མངོན་པར་རྟོགས་པ་ནི་རྣམ་པ་བདུན་ཏེ། བདུན་པོ་དེ་རྣམས་ཀྱིས་མངོན་པར་རྟོགས་པར་བྱེད་ཅིང་ཐོབ་པར་བྱེད་ཅེས་པའི་མངོན་པར་རྟོགས་པའི་ཆོས་ཀྱི་

སྐུ་དང་རྣམ་པ་བརྒྱད་དེ། འདི་རྣམས་ནི་དངོས་པོ་བརྒྱད་རྣམས་སོ། །གང་དུ་འདིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་རྣམས་ཀྱི་གོ་རིམས་ཇི་ལྟ་བུ་བཅོམ་ལྡན་འདས་མ་ཉིད་ལས་བསྟན་ཏེ་ཇི་ལྟར་ན་མངོན་པར་རྟོགས་པ་བརྒྱད་པོ་རྣམས་ཏེ། གང་ཟག་གི་དབྱེ་བས་ཇི་ལྟ་བུའི་རིགས་ཐ་དད་

ནས་ཉན་ཐོས་ལ་སོགས་པའི་ཐེག་པ་རྣམ་གསུམ་ནི་དེ་ཡང་རྗེས་སུ་འགྲོ་བའི་སྒོ་ནས་རིགས་ལ་གནས་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའི་གང་ཟག་གཅིག་པུ་ཁོ་ནའི་དབང་དུ་བྱས་ནས་བཅོམ་ལྡན་འདས་མ་བསྟན་ན། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་རྒྱུ་དང་འབྲས་བུའི་གནས་སྐབས་

སུ་བསྒྲུབ་པས་ཇི་ལྟ་ན་གཞན་རྣམས་དགོས། གང་ཡང་ཉན་པ་པོའི་འདོད་པའི་ངོར་རྣམ་པ་གཉིས་སུ་བསྟན་ཏེ། གཅིག་ནི་རྒྱུ་དང་འབྲས་བུར་རྟོགས་པའི་གོ་རིམས་ཀྱིས་ཏེ། དཔེར་ན་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་རྣམས་བཞིན་ནོ། །གཉིས་པ་ནི་འབྲས་བུ་དང་རྒྱུས་བསྒྲུབས་པའི་

གོ་རིམས་ཏེ་དཔེར་ན་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པ་དག་དང་། འགོག་པ་དང་། ལམ་གྱི་བདེན་པ་དག་བཞིན་ནོ། །མངོན་པར་རྟོགས་པ་འདི་རྣམས་ཀྱི་དང་པོ་ནི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་ནས་ལམ་ཤེས་པ་དང་། དེ་ནས་ཐམས་ཅད་ཤེས་པ་དང་། དེ་ནས་རྣམ་

པ་ཀུན་མངོན་པར་རྫོགས་པར་རྟོགས་པར་འདོད་ཅེས་པ་ནི་རིགས་པས་མི་འཐད་དེ། དང་པོ་མངོན་པར་རྟོགས་པའི་ཐ་མའི་གནས་སྐབས་ཀྱི་མཐར་ཐུག་པ་ཅན་གྱི་འབྲས་བུ་ལ་ཡང་གཉིས་པ་མེད་ལ། སེམས་བསྐྱེད་པ་ནས་ཀྱི་སྔོན་གྱི་གནས་སྐབས་སུ་ལམ་ཤེས་པ་ལ་སོགས་པའི་སྲིད་པ་མེད་པས་གང་

เล่ม ๙๐ · หน้า 9a

བརྒྱད་པོ་འདི་རྣམས་རྒྱུ་དང་འབྲས་བུའི་རིམ་པ་བསྒྲུབ་པར་འགྱུར་བ་ནི་མིན་པ་ཉིད་དོ། །ཇི་ལྟ་ཞེ་ན། བརྗོད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་གཉིས་ཏེ། གཙོ་བོ་ནི་འབྲས་བུའི་གནས་སྐབས་ཀྱི་སངས་རྒྱས་ཀྱི་རྟོགས་པ་ཁོ་ནའོ། །གཙོ་བོ་མ་ཡིན་པ་ནི་རྒྱུའི་གནས་སྐབས་སུ་

དེ་ཉིད་ལམ་ཤེས་པས་གང་ཟག་དང་ཆོས་བདག་མེད་པར་སོ་སོར་རྟོགས་པ་སྟེ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཀྱང་སྔོན་གྱི་གནས་སྐབས་སུ་ཐམས་ཅད་ཤེས་པ་ཉིད་ཀྱི་གང་ཟག་གི་སྟོང་པ་ཉིད་ཙམ་དུ་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད་ཤེས་པ་དང་ལམ་ཤེས་པ་གཉིས་པ་མེད་ལ། དེ་ལྡོག་པའི་སྒོ་ནས་

ནི་ཉན་ཐོས་རྣམས་ཀྱི་སྟེ། དེ་ལྟར་གསུམ་པོ་རྣམས་འབྲས་བུ་དང་རྒྱུའི་གོ་རིམས་བསྒྲུབ་པར་བྱ་ཞེས་པའོ། །འདི་རྣམས་ཀྱི་ཡང་དང་པོའི་མངོན་པར་རྟོགས་པ་གསུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་མཚོན་པར་ཤེས་ཞེས་པས་མཚན་ཉིད་དང་། ཡུལ་ཞེས་པས་ཡུལ་ཅན་གྱི་མངོན་པར་

རྟོགས་པའི་རྒྱུ་ཐ་མའི་སྦྱོར་བ་དང་བཅས་པ་བཞི་སྟེ། དེ་ལ་དང་པོའི་ཀུན་མཁྱེན་པ་གསུམ་པོ་རྣམས་ལ་ཐོས་པ་དང་བསམ་པའི་རང་བཞིན་གྱི་ཤེས་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྤྲོས་པ་ཐམས་ཅད་རྣམ་པར་ལོག་པ་དེས་ཅིག་ཅར་དུ་མངོན་པར་མི་མཚོན་ལ། སོ་སོར་རང་གི་

རྣམ་པ་རྣམས་སྤྲོས་པའི་བསམ་པའི་རང་བཞིན་གྱི་འདུན་པའི་སེམས་བསྐྱེད་པ་ལ་སོགས་པའི་བསྒོམ་པའི་རང་བཞིན་གྱིས་སྦྱོར་བ་བརྩམས་ཏེ། གང་དུ་འཕགས་པ་རྣམ་པར་གྲོལ་བའི་སྡེས་ཀུན་མཁྱེན་པ་རྣམ་པ་གསུམ་གྱི་ཡུལ་གྱི་རྣམ་པ་སོ་སོར་ངེས་པ་རྣམས་སམ། མ་ལུས་པའི་རྣམ་པའི་ཡུལ་

ཅན་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། མཚན་ཉིད་ཅན་གྱི་ཀུན་མཁྱེན་རྣམ་པ་གསུམ་དུ་རྣམ་པར་གཞག་པའོ། །སྦྱོར་བ་ལ་ནི་རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་ཞེས་གསུངས་སོ། །དེ་ཉིད་ཀྱིས་ན་སྡུད་འགྲེལ་དུ་རྣམ་པ་ཐམས་ཅད་དུ་ཀུན་མཁྱེན་གསུམ་ཐོབ་པ་ལ་

དབང་དུ་བྱེད་པའི་དོན་ཀུན་མཁྱེན་པ་རྣམ་པ་གསུམ་གྱི་རྣམ་པ་རྣམས་ནི་ཁྱད་པར་གྱི་ལམ་ལ་བསྒོམ་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་འགྲོ་བར་འགྱུར་ཞེས་པའི་སེང་གེ་བཟང་པོས་བཤད་པ་ནི་རིག་པ་མ་ཡིན་པར་འཐད་པས་བཤད་ཅིང་འཆད་པར་ཡང་འགྱུར། དེའི་རབ་ཏུ་སོན་

เล่ม ๙๐ · หน้า 9b

པའི་མཐར་གྱིས་པ་རྣམས་མཐར་ཕྱིན་པའི་ཐ་མ་ལ་འབྲས་བུ་འབྱུང་ངོ་ཞེས་པ་འདི་ཉིད་ནི་རྒྱུ་དང་འབྲས་བུའི་མཐར་གྱིས་པ་སྟེ། དེ་ལྟར་ཡང་བསྟན་བཅོས་ཀྱི་མཐར། མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམས་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །གཞན་དུ་དོན་བསྡུས་རྣམ་

པ་དྲུག །ཡུལ་གྱི་རྒྱུ་ནི་རྣམ་པ་གསུམ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །གཞན་དུ་དོན་བསྡུས་རྣམ་པ་གསུམ། །ཞེས་སོ། །དེའི་མཚན་ཉིད་ལ་རབ་ཏུ་སྦྱོར་བས་དེའི་སྦྱོར་བ་སྟེ། འདིར་ཕལ་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ལ་ཕལ་པའི་

རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བའོ། །གཙོ་བོ་ནི་འབྲས་བུའི་བདག་ཉིད་ཅན་པས་གཙོ་བོ་སྟེ། དེ་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་ཞེས་ཇི་ལྟར་བརྗོད་ཅེ་ན། སྦྱོར་བའི་འབྲས་བུ་ཡིན་པའི་ཕྱིར་ན་ཉེ་བར་བཏགས་པ་སྟེ། འབྲས་བུ་ནི་སྔོན་དུ་སྦྱོར་བ་མེད་

ན་མི་སྐྱེ་བ་ཞེས་པ་སོ་སོར་བསྒྲུབ་པར་འདོད་ནས་འཆད་པར་འགྱུར་བའི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་རྣམས་སུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དེ་རྣམས་ཀྱི་ཐ་མའི་དངོས་གཞིའི་རྗེས་གཉིས་ཀྱི་ངོ་བོ་ནི་འབྲས་བུ་ལ་ཐབས་ནི་ཇི་སྲིད་དུ་ཉི་ཤུ་པོའི་ཤེས་པ་ནི་

ཕལ་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཕལ་པའི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། དེ་ལ་དང་པོ་ལྔ་པོ་ནི་ཐམས་ཅད་ཤེས་པ་ཉིད་དོ། །བཅོ་ལྔ་པ་དང་བཅུ་དྲུག་པ་དང་བཅུ་བདུན་པའི་དབྱེ་བའི་དང་པོ་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པའོ། །དེའི་དབྱེ་བ་གཉིས་སྤངས་པའི་

བཅུ་བདུན་པ་དང་བཅོ་བརྒྱད་པ་དང་བཅུ་དགུ་པ་ནི་མཐར་གྱིས་པའི་གནས་པའི་མངོན་པར་རྟོགས་པའོ། །ཉི་ཤུ་པ་ནི་སྐད་ཅིག་མ་གཅིག་གི་མངོན་པར་རྟོགས་པའོ་ཞེས་རྣམ་པར་བཞག་ནས་འདི་རྣམས་ཀྱི་རིགས་པ་བཤད་པ་རྒྱ་ཆེན་པོ་ལ་དགོས་པ་མེད་དོ། །གང་ངེས་པར་འབྱུང་ཞེས་པ་གསུངས་པ་ནི། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བའི་དོན་ཏེ། དེ་ལྟར་ཡང་བསྟན་བཅོས་སུ། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་

เล่ม ๙๐ · หน้า 10a

པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་དང་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་པ་ནི་ཐུབ་པ་དེ་བཞིན་གཤེགས་པ་དེ་ཉིད་ཀྱིས་དེ་རྣམས་མཐའ་དག་མངོན་སུམ་དུ་བྱས་པའི་ཕྱིར་ལ། དེ་ཉིད་ལེའུ་འདིས་རྗོད་པར་བྱེད་པ་

སྟེ། དེ་ཡང་སེམས་བསྐྱེད་པ་ལ་སོགས་པའི་ཆོས་སྤྱོད་བཅུ་སྟེ་སྒྲུབ་པའི་སྤྱོད་པ་ཞེས་པའི་རྣམ་གྲངས་སོ། །འདིར་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་རབ་ཏུ་གནས་ནས་འདུན་པ་ལ་སོགས་པ་ཅན་བསྐྱེད་ནས། དགུ་པོ་འབྱུང་བའི་ཕྱིར་དམིགས་པ་དང་ཆེད་དུ་བྱ་བ་དང་གོ་ཆ་བགོ་བའོ། །དེའི་རྗེས་ལ་ངེས་པར་

འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ཅན་བསྐྱེད་ནས་རབ་ཏུ་གནས་པས་དེ་ཡང་དག་པར་འབྱེད་ཅིང་ངེས་པར་འབྱུང་ཞེས་པ་ལ་སོགས་པ་ནི་འདིར་ཡང་སེམས་བསྐྱེད་པ་ལ་སོགས་པ་གསུམ་ནི་རྟོགས་པའི་གོ་རིམས་ཏེ། དེའི་རྒྱུ་ཆོས་ཀྱི་དབྱིངས་ལ་དམིགས་པ་དང་ཆེད་དུ་བྱ་བ་ཡིད་ལ་བྱེད་པ་ནི་སེམས་

བསྐྱེད་པའི་ཡུལ་ཞེས་པ་ནི་འབྲས་བུ་དང་རྒྱུའི་སྒྲུབ་པའི་གོ་རིམས་སུ་བསྒྲུབས་པའོ། །གཉིས་དོན་གྱི་གོ་རིམས་སོམོ། །ཚིག་ལེའུར་བྱས་པ་ནི་བཅོམ་ལྡན་འདས་མའི་བརྗོད་པའི་རིམ་པས་སོ། །ཡང་ཉན་པ་པོའི་འདོད་པའི་ཁྱད་པར་གྱིས་སོ། །དེ་བཞིན་དུ་ཕྱི་མ་ལ་ཡང་ཇི་ལྟར་རིགས་པར་བསྒྲུབ་

པར་བྱའོ། །འདི་རྣམས་ཀྱི་རྟིང་ལ་བརྗོད་པའི་མོག་མོག་པོར་བྱེད་ཅེས་པ་ལ་སོགས་པའི་ཚིག་ལེའུར་བྱས་པ་བཅུ་གཅིག་ནི་ཇི་ལྟར་མངོན་པར་རྟོགས་པ་རྣམ་པར་བཤད་པར་འགྱུར་ཏེ། འདིར་བཅོམ་ལྡན་འདས་མའི་དང་པོའི་ཚིག་གཉིས་པའི་ཚིག་འདི་གཉིས་ཀྱིས་ནི་སེམས་བསྐྱེད་པར་བཤད་དོ། །

བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཀྱི་མཐར་སོན་པ་ལ་དེ་ལ་སེམས་པ་ནི་མངོན་པར་སེམས་ཤིང་འདོད་པ་རྣམས་ཏེ་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེད་པ་འདོད་པ་ལ་གང་མངོན་པར་སེམས་པ་དེ་ནི་ཆེན་པོས་ན་དེས་ན་འདི་རྣམས་ཆེན་པོ་ཉིད་དོ་ཞེས་

པ་ནི་སེམས་དཔའ་ཆེན་པོ་སྟེ། དེ་ལྟར་ཡང་བཤད་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་པ་སྟེ། སེམས་བསྐྱེད་པ་ནི་མཚོན་ཆ་ལ་ལྷག་མ་ནི་མཚན་ཉིད་དེ། སེམས་ནི་

เล่ม ๙๐ · หน้า 10b

འདིར་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེས་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་འབྱུང་བ་སྟེ། འདིར་སེམས་དང་ཡིད་ལ་འདོད་པ་དང་འདུན་པ་དང་མོས་པ་དང་དོན་དུ་གཉེར་བ་ཞེས་པ་རྣམས་ནི་རྣམ་གྲངས་སོ། །དེ་ལྟར་ཡང་འགྲོ་བར་འདོད་ནས་བརྗོད་པ་བདག་གི་སེམས་འགྲོ་བར་འདོད། བདག་

གི་ཡིད་འགྲོ་བར་འདོད་ཅེས་པ་སྟེ། དེ་བསྐྱེད་པ་ནི་སེམས་བསྐྱེད་པ་སྟེ། གཞན་སེམས་ཅན་དེ་དག་ཐམས་ཅད་ཀྱི་དོན་དང་ཕན་པ་ནས་ཇི་སྲིད་དུ་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པའི་བླ་ན་མེད་པའི་བྱང་ཆུབ་ཅེས་པའི་བར་དུ་སྟེ། དེས་དེའི་དོན་དུ་ཆེད་དུ་གཉེར་བ་ནི་ཡང་དག་པར་རྫོགས་པའི་

བྱང་ཆུབ་འདོད་ཅིང་མོས་པ་གང་གིས་དེ་ལྟར་དེའི་ངོ་བོ་ཉིད་དེ་རྣམས་འདོད་ཅེས་པའི་དོན་ཏོ། །སེམས་བསྐྱེད་པ་ནི་མ་འཁྲུལ་པ་སྟེ། བསྐྱེད་ཅེས་སྨོས་པ་ནི་མ་སྐྱེས་པ་ཤེས་པར་བྱེད་པ་སྟེ། སེམས་ཀྱིས་རྟོགས་པའི་ཆོས་ཀྱི་སོ་སོར་དང་པོའི་མཚམས་སུ་གྱུར་པ་ཤེས་པའི་དོན་དང་ཁྱད་པར་ཡོངས་

སུ་འཛིན་པའི་དོན་ཏེ། གཞན་གྱི་དོན་གྱི་ཆེད་དུ་བྱ་བ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སེམས་བསྐྱེད་པའི་སེམས་ཀྱི་ཁྱད་པར་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཏེ་འདིར་འདི་ནི་མཚན་ཉིད་དོ། །འོ་ན་དོན་དུ་གཉེར་བའི་རྣམ་པར་རྟོག་པ་དང་ལྷན་ཅིག་རྒྱུ་བའི་

སེམས་ནི་བཅོམ་ལྡན་འདས་ལ་ཇི་ལྟར་འགྱུར་ཞེ་ན། བདེན་ཏེ་དོན་དུ་གཉེར་བར་བྱ་བ་དང་། དོན་དུ་གཉེར་བར་བྱེད་པ་ཅན་ཉིད་ནི་བྱེད་པ་པོའི་ཆོས་གང་སྔོན་དུ་སོ་སོར་སེམས་ཀྱིས་ཇི་ལྟར་རིག་པར་དོན་དུ་གཉེར་བ་ཉིད་དང་འདོད་པ་ཉིད་ཀྱི་ལས་དང་ཆོས་ནི་མཆོག་གི་སྲས་ལ་འདིར་བཅོམ་ལྡན་འདས་ལ་ནི་དོན་དུ་གཉེར་

བའི་སེམས་ཀྱི་རྣམ་པར་རྟོག་པ་མེད་པ་ཉིད་དེ། དེ་ཡང་ཇི་ལྟར་སྡུག་བསྔལ་དང་བྲལ་བར་འདོད་པའི་ཐུགས་རྗེ་ཆེན་པོ་ནི་རྣམ་པར་མི་རྟོག་པའི་བདག་ཉིད་ཅན་ཏེ། སྔ་ནས་དེ་བཞིན་གཤེགས་པ་ལ་རྣམ་པར་རྟོག་པ་མེད་པས་དེ་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ཅེས་པ་ནི་ཁ་ན་མ་ཐོ་བ་མེད་པའོ། །

ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདི་ལ་ཡང་སེམས་བསྐྱེད་པའི་མཚན་ཉིད་འབའ་ཞིག་ལས་མ་གསུངས་པ་མ་ཡིན་ཏེ། ཇི་ལྟར་ན་རང་དང་གཞན་གྱི་དོན་དག་གིས་ཐབས་ཀྱང་ངོ་། །དེ་ལ་རང་གི་དོན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞན་

เล่ม ๙๐ · หน้า 11a

གྱི་དོན་ནི་སེམས་ཅན་གྱི་དོན་ཏེ། དེ་དག་གི་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཏེ། དེ་མེད་ན་དེ་དག་མི་འགྲུབ་ལ་དེའི་དེ་ཉིད་བསྡུས་པ་དང་རྒྱས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལྟར་བཤད་ལ། གཞན་གྱི་དོན་ནི་བསྡུས་པ་དང་རྒྱས་པས་སོ། །དེ་ལ་སེམས་

བསྐྱེད་པ་འདིའི་ངོ་བོ་བཅོམ་ལྡན་འདས་མ་ལས་གསུངས་པ་དེ་སྲིད་ཀྱི་གནས་སྐབས་ཐོབ་པས་ན་རབ་ཏུ་དབྱེ་བ་ནི་མ་གསུངས་ཏེ། གནས་སྐབས་ཐ་དད་པ་ནི་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ཡང་སྟོང་ཕྲག་ཉི་ཤུ་ལྔ་པ་དང་སྟོང་ཕྲག་བརྒྱད་པའི་བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་ནི་གསུངས་སོ། །དེ་ཡང་

བསྟན་བཅོས་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །

ཞེས་ཏེ་ཆུ་བོ་ཞེས་བྱ་བ་ནི་ཆུ་ཀླུང་གི་རྒྱུན་ཏེ། དེ་ལ་སེམས་བསྐྱེད་པ་གསུམ་པའི་མཐའ་ལ་མཉམ་ཞེས་པས་ནང་དུ་བསྡུ་བར་བྱའོ། །དང་པོའི་འདུན་པ་དང་ལྷན་ཅིག་པའི་ཆེད་དུ་བྱ་བའི་བྱང་ཆུབ་དོན་དུ་གཉེར་བའི་མཚན་ཉིད་ནི་ས་དང་འདྲ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚོགས་སྐྱེད་པའི་རྟེན་དུ་

གྱུར་པའི་ཕྱིར་རོ། །བསམ་པ་དང་ལྷན་ཅིག་པར་གྱུར་པ་ནི་གསེར་བཟང་པོ་ལྟ་བུ་སྟེ། དེ་ཕྱིས་གང་དུ་ཡང་འགྱུར་བ་མེད་པའི་ཕྱིར་རོ། །བསམ་པ་ལས་ཁྱད་པར་རྟོགས་པའི་ལྷག་པའི་བསམ་པ་དེ་དང་ལྷན་ཅིག་པར་གྱུར་པ་དང་། སྦྱོར་བ་དང་ལྷན་ཅིག་ཏུ་སོན་པ་ནི་དཀར་པོའི་ཕྱོགས་ཀྱི་ཟླ་བ་ཚེས་

པ་ལྟ་བུ་སྟེ། དེས་དགེ་བ་རྣམས་བསྐྱེད་ཅིང་འཕེལ་བ་ཐོབ་པའི་ཕྱིར་རོ། །སྦྱོར་བ་དང་ལྷན་ཅིག་པར་གྱུར་པའི་ལྷག་པའི་བསམ་པ་དང་། ལྷན་ཅིག་པར་གྱུར་པ་ནི་མེ་དང་འདྲ་སྟེ། དེས་དེའི་ཁྱད་པར་དུ་འགྲོ་བ་སྟེ། བུད་ཤིང་གི་ཁྱད་པར་ལས་མེ་བཞིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་

གྱུར་པ་ནི་གཏེར་ཆེན་པོ་ལྟ་བུ་སྟེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་རྣམས་ཀྱིས་ཚད་མེད་པའི་སེམས་ཅན་རྣམས་ཚིམ་པས་མི་ཟད་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལྷན་ཅིག་ཏུ་གྱུར་པ་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་རིན་པོ་ཆེ་རྣམས་ཐམས་ཅད་དེས་འཕེལ་

เล่ม ๙๐ · หน้า 11b

བར་བྱེད་ཅིང་རིན་པོ་ཆེའི་འབྱུང་གནས་སུ་སྐྱེས་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་གྱུར་པ་ནི་རྒྱ་མཚོ་དང་འདྲ་སྟེ། མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་ཀྱང་མི་འཁྲུག་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་གྱུར་པ་ནི་རྡོ་རྗེ་ལྟ་བུ་སྟེ། བསྟན་

པའི་ཕྱིར་དང་འཇིགས་པ་མེད་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་གྱུར་པ་ནི་རི་ལྟ་བུ་སྟེ། མི་བསྐྱོད་པ་དང་མི་གཡེང་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་གྱུར་པ་ནི་སྨན་གྱི་རྒྱལ་པོ་ལྟ་བུ་སྟེ། སྒྲིབ་པའི་ནད་ཐམས་ཅད་ཞི་བར་

བྱེད་པའི་ཕྱིར་རོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་ཚད་མེད་པ་དང་ལྷན་ཅིག་ཏུ་གྱུར་པ་ནི་བཤེས་གཉེན་ཆེན་པོ་ལྟ་བུ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་མི་གཏོང་བའི་ཕྱིར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པ་དང་མངོན་པར་

ཤེས་པ་དང་ལྷན་ཅིག་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། མོས་པ་ཇི་ལྟ་བ་དེའི་འབྲས་བུ་སྤེལ་བའི་ཕྱིར་རོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་གྱུར་པ་དང་སྦྱིན་པ་དང་། ངག་སྙན་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པའི་མཚན་ཉིད་ཀྱིས་བསྡུ་བའི་དངོས་པོ་དང་ལྷན་ཅིག་པར་

གྱུར་པ་ནི་ཉི་མ་དང་འདྲ་སྟེ། གདུལ་བར་བྱ་བའི་ལོ་ཏོག་སྨིན་པར་བྱེད་པའི་ཕྱིར་རོ། །དེ་ལ་སྦྱིན་པ་ནི་ནང་ཕྱི་རོལ་གྱི་ཡོ་བྱད་སྦྱིན་པའོ། །སྙན་པར་སྨྲ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པའོ། །དོན་སྤྱོད་པ་ནི་ཆོས་ལས་ཡང་དག་པར་ལེན་དུ་འཇུག་པར་བྱེད་པའོ། །དོན་

མཐུན་པ་ནི་གང་གཞན་ལ་ཡང་དག་པར་ལེན་དུ་བཅུག་པ་དེ་ལ་བདག་ཉིད་རྗེས་སུ་འཇུག་པར་བྱེད་ཅེས་པ་ནི་སེམས་ཅན་གྱི་བསྡུ་བའི་དངོས་པོའི་ཐབས་རྣམས་སོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པ་ནི་དྲི་ཟའི་དབྱངས་འཇམ་ཞིང་སྙན་པ་དང་འདྲ་སྟེ། གདུལ་བྱ་འདུན་པའི་ཆོས་སྟོན་པའི་ཕྱིར་རོ། །

མངོན་པར་ཤེས་པ་དང་ལྷན་ཅིག་པར་གྱུར་པ་ནི་རྒྱལ་པོ་ལྟ་བུ་སྟེ། བར་མ་ཆད་པར་མཐུས་གཞན་གྱི་དོན་ལ་རྗེས་སུ་གནས་པ་ལ་རྣམ་པར་འཇུག་པའི་རྒྱུའི་ཕྱིར་རོ། །རྒྱལ་པོའི་ལྕགས་ཀྱུས་ནི་སྐྱེ་དགུ་ལམ་ལོག་པ་ནས་མི་ལྟུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སོ་སོར་རྟོན་པའི་ལྕགས་ཀྱུའི་

เล่ม ๙๐ · หน้า 12a

སྟེ། དེ་ལ་དོན་ལ་རྟོན་གྱི་ཡི་གེ་ལ་མ་ཡིན་ཏེ། ལེགས་པར་སྦྱར་བ་ལ་སོགས་པ་ཅན་ལ་མ་ཡིན་ནོ། །ཆོས་ཀྱི་རིགས་པ་ལས་སོ་སོར་རྟོན་གྱི་གང་གིས་གང་དེ་ལྟར་བརྗོད་པའི་ཆོས་ཐམས་ཅད་སྟོང་པ་མ་ཡིན་ཞེས་པ་ལ་མ་ཡིན། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡེ་ཤེས་ལ་རྟོན་གྱི་

རྣམ་པར་ཤེས་པས་ཐོས་པ་དང་བསམས་པའི་ཤེས་རབ་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་གྱི་མདོ་སྡེ་ལ་མ་ཡིན་ཞེས་པ་ནི་རྟོན་པ་རྣམ་པ་བཞིའོ། །ངེས་པའི་དོན་ནི་གང་དུ་བཅོམ་ལྡན་འདས་རྣམས་ཀྱིས་གཏན་ལ་ཕབ་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་

མཚན་ཉིད་དོན་གང་དེ་ཉིད་དེ་ལྟར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་པ་ནི་བང་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་གནས་ཀྱི་མཛོད་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ལྷན་ཅིག་པ་ནི་རྒྱལ་པོའི་ལམ་པོ་ཆེ་

ལྟ་བུ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་རོ། །ཞི་གནས་སུ་གྱུར་པ་དང་སྙིང་རྗེ་དང་ལྷག་མཐོང་དང་ལྷན་ཅིག་པ་ནི་བཞོན་པ་དང་འདྲ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཞན་དུ་མི་ལྟུང་བས་བདེ་བར་འགྲོ་བའི་ཕྱིར་རོ། །གཟུངས་དང་

སྤོབས་པ་དང་ལྷན་ཅིག་པར་གྱུར་པ་ནི་བཀོད་མ་ལྟ་བུ་སྟེ། ཆུ་འཛིན་པ་དང་མི་ཟད་པ་དང་འབྱུང་བ་དང་ཆོས་མཐུན་པ་སྟེ། ཐོས་པ་དང་མ་ཐོས་པའི་ཆོས་ཀྱི་དོན་འཛིན་པ་དང་མི་ཟད་པ་བསྟན་པ་འབྱུང་བའི་ཕྱིར་རོ། །འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་

སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བ་ཞེས་བྱ་བའི་ཆོས་ཆེད་དུ་བྱེད་པ་དེ་དང་། ལྷན་ཅིག་པ་ནི་སྒྲ་སྙན་པ་ལྟ་བུ་སྟེ། ཐར་པ་འདོད་པ་རྣམས་ཀྱིས་སྙན་པ་ཐོས་པའི་ཕྱིར་རོ། །ཆོས་ལ་སྐྱེ་བ་མེད་པ་ཅན་གྱི་བཟོད་པ་ཐོབ་པ་ཅན་གྱི་བདེ་བས་བྱང་ཆུབ་སེམས་

དཔའ་རྣམས་ཀྱི་འབྲས་བུའི་བྱ་བ་ཐ་མི་དད་པའི་ཕྱིར་བགྲོད་པ་གཅིག་པའི་ལམ་དེ་དང་ལྷན་ཅིག་གྱུར་པ་ནི། ཆུ་ཀླུང་གི་རྒྱུན་ལྟ་བུ་སྟེ། ངང་གིས་འབབ་པའི་ཕྱིར་རོ། །དགའ་ལྡན་གྱི་གནས་ལ་སོགས་པ་ནི་གནས་པ་ཀུན་ཏུ་བསྟན་པའི་ཐབས་ལ་མཁས་པ་དེ་དང་ལྷན་ཅིག་ཏུ་གྱུར་པའི་ཆོས་ཀྱི་སྐུ་དང་ལྷན་ཅིག་

เล่ม ๙๐ · หน้า 12b

ཏུ་གྱུར་པ་ནི་སྤྲིན་ལྟ་བུ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་རྣམས་ལ་དེས་འཇུག་སྟེ་སྤྲིན་བཞིན་དུ་སྣོད་ཀྱི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའོ། །སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་འདི་ནི་བློ་གྲོས་མི་ཟད་པའི་མདོར་ཏེ། ཚད་མེད་པ་དང་དངོས་པོ་དང་ཡང་དག་པར་རིག་པ་དང་མི་རྟོན་པ་

དང་ཆེད་དུ་བརྗོད་པ་ལྔ་ལ་བཞི་བཞི་སྟེ་གཉིས་པ་ཚོགས་དང་ཞི་གནས་དང་གཟུངས་ཀྱིས་ཟིལ་གྱིས་གནོན་པ་གསུམ་ལ་གཉིས་གཉིས་དང་མངོན་པར་ཤེས་པ་ལྔ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་དང་། དང་པོའི་སེམས་བསྐྱེད་པ་བཅུ་དང་བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་ཏུ་གྱུར་པའི་

ཐབས་ལ་མཁས་པ་ལས་བྱུང་བ་ཞེས་པའི་བརྒྱད་ཅུ་མི་ཟད་པར་བཤད་དོ། །འདིར་སྦྱོར་བ་དང་ལྷན་ཅིག་པའི་བསམ་པ་དག་བཟློག་ནས་བསྟན་པ་ནི་གཉི་ག་ལ་གཉིས་ཆར་དུ་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱིས་འཕགས་པ་ཐོགས་མེད་ཀྱིས་སྨོན་པ་ཕན་ཚུན་གྱི་བརྒྱུད་པ་ལ་སྦྱོར་བ་བཤད་པས་སེམས་

བསྐྱེད་པ་བཅོ་ལྔ་པ་ལ་འབྲིང་གི་བཅོམ་ལྡན་འདས་མར་མངོན་པར་ཤེས་པར་བསྒྲུབ་པ་ནི་གང་དུ་ཡང་འགལ་བ་མེད་དོ། །དེ་ལ་དང་པོའི་སེམས་བསྐྱེད་པ་གསུམ་ནི་ཐོས་པ་དང་བསམ་པའི་རང་བཞིན་གྱི་ཤེས་རབ་དག་མཐར་ཕྱིན་པའི་གནས་སྐབས་ཀྱི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྟེ། ལས་དང་

པོ་པའི་སའི་ཚོགས་ཀྱི་ལམ་གྱི་ཚོགས་ཀྱིས་ཏེ། ཆོས་ཀྱི་རྒྱུན་ལས་སངས་རྒྱས་ལས་གདམས་ངག་ཐོབ་པར་འགྱུར་ཞེས་པས་གོ་རིམས་ཇི་ལྟ་བ་བཞིན་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་། ཆེན་པོ་ལ་ཆེན་པོ་དང་འབྲིང་དང་ཆུང་ངུའི་གང་ཟག་གི་ཡུལ་རྣམས་ཏེ་དྲན་པ་ཉེ་བར་གཞག་པ་དང་ཡང་དག་པར་སྤང་བ་

དང་། རྫུ་འཕྲུལ་གྱི་རྐང་པ་དང་ལྷན་ཅིག་པའི་གོ་ཆའི་བསྒྲུབ་པ་ནི་སྨོན་པའི་སེམས་ལ་དེའི་གོང་གི་བཅུ་དགུ་ནི་འཇུག་པའི་སེམས་སོ། །སེམས་བསྐྱེད་པ་བཞི་པ་ནི་མོས་པས་སྤྱོད་པའི་ས་སྟེ་རབ་ཏུ་དགའ་བའི་ས་ལ་སྦྱོར་བའི་ལམ་འཇིག་རྟེན་པའི་བསྒོམ་པའི་རང་བཞིན་ཟག་པ་དང་བཅས་པའི་བསྒོམ་པའི་

ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་དབང་པོ་དང་སྟོབས་དང་ལྷན་ཅིག་པ་ནི། འཇུག་པའི་བསྒྲུབ་པའོ། །མདོ་དཀོན་མཆོག་སྤྲིན་དུ་ས་འདི་རྣམས་སུ་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་ཡིན་ཡང་བྱིས་པའི་ཕུན་སུམ་ཚོགས་པ་དང་བྲལ་བ་ཐམས་ཅད་ལས་འདས་ཤིང་། གྲངས་

เล่ม ๙๐ · หน้า 13a

མེད་པའི་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་དང་ལྡན་ཞེས་གསུངས་སོ། །ལྔ་པ་ནི་འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པ་དང་པོ་སྟེ། དེ་ལ་ལྔ་པ་རབ་ཏུ་དགའ་བའི་ས་མཐོང་བའི་ལམ་གྱི་བྱང་ཆུབ་ཀྱི་ལམ་གྱི་ཡན་ལག་དང་ལྷན་ཅིག་

པའོ། །དྲུག་པ་ནི་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་གྱི་སེམས་བསྐྱེད་པ་བཅོ་ལྔ་པའི་དང་པོ་སྟེ་འཕགས་པའི་ལམ་གྱི་ཡན་ལག་དང་ལྷན་ཅིག་པའོ། །འདིའི་དང་པོའི་དགུ་ནི་དྲི་མ་མེད་པ་ལ་སོགས་པའི་ས་དགུ་པའོ། །གཞན་དྲུག་ནི་ཆོས་ཀྱི་སྤྲིན་གྱི་སའི་གནས་སྐབས་ཀྱི་ཁྱད་པར་གྱི་

ལམ་ལའོ། །འདིའི་ཐ་མ་བར་ཆད་མེད་ལམ་སངས་རྒྱས་ཀྱི་ས་ལ་གཅིག་གོ། །རྒྱུ་འདིས་ན་སངས་རྒྱས་ཀྱི་སས་བསྡུས་ཞེས་པའི་སེང་གེ་བཟང་པོའི་འདོད་པས་ཉེ་བར་བརྟགས་པ་དགོས་པ་མེད་པས་མི་རིགས་སོ། །སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་དང་རྩ་གཉིས་པ་ནི་དངོས་གཞི་དང་རྗེས་

ཀྱིས་སངས་རྒྱས་ཀྱི་ས་ཞེས་པ་སྟེ་དེ་ནི་སེམས་བསྐྱེད་པ་རབ་ཏུ་དབྱེ་བའོ། །ཤཱ་རིའི་བུ་ནི་མའི་མིང་ལ་ཤཱ་རི་ནི་རིགས་ཡིན་པས་ཤ་ར་དྭ་ཏི་སྟེ། དེའི་བུ་ནི་ཤཱ་རིའི་བུ་སྟེ། ཤ་ར་དྭ་ཏིའི་བུ་ཞེས་པ་ནི་མིང་ངོ་། །འདིས་འཆད་པར་འགྱུར་བ་འདི་རྣམས་ལ་རྣམ་པར་རྟོག་པའོ། །བདག་ཉིད་ཅེས་པ་ནི་རང་

གི་རྒྱུད་དུ་གྱུར་པའོ། །རང་གི་ཞེས་པ་ནི་རང་དབང་གིས་སོ། །ཤེས་རབ་དང་སྤོབས་པ་དེ་དག་གི་སྟོབས་སྐྱེད་པ་པོ་ནི་ནུས་པའི་བག་ཆགས་སོ། །དེའི་བསྐྱེད་པ་ནི་མངོན་དུ་སྐྱེས་པས་སོ། །དེའི་བྱིན་གྱིས་བརླབས་པ་ནི་ཕྱིས་སད་པས་སོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་ནི་མཐུ་དང་

ནུས་པས་སོ། །འོན་ཏེ་སངས་རྒྱས་ཀྱི་མཐུ་ཞེས་པ་ནི་ཉན་ཐོས་རྣམས་ནི་མཉམ་པར་མ་བཞག་ན་གཞན་གྱི་སེམས་ཤེས་པ་ལ་མི་འཇུག་པས་སོ། །སེམས་པ་དང་སེམས་ནི་རྣམ་གྲངས་ཏེ་མངོན་པར་ཤེས་པའི་ཚིག་གོ། །སེམས་ཀྱི་ཡོངས་སུ་རྟོག་པ་ནི་དེ་ཉིད་ན་གནས་པས་ན་མི་གསལ་བ་སྟེ།

ཡོངས་སུ་ཚོལ་བ་པོའི་ཡིད་ཀྱི་བརྗོད་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་འཁོར་ལ་མདོ་སྡེ་ལ་སོགས་པ་རྣམས་སོ། །སྟོན་པ་ནི་དེ་ཉིད་གཞན་ལའོ། །འཆད་པ་ནི་དྲི་བ་ལ་སོགས་པ་ལའོ། །ཉེ་བར་བསྟན་པ་ནི་ཕྱོགས་ནས་ཉེ་བར་སོང་ཞིང་གདུལ་བྱ་རྣམས་ལ་གསུངས་པའོ། །དེ་བཞིན་

เล่ม ๙๐ · หน้า 13b

དུ་གང་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་དངོས་པོ་སྟོན་པ་དང་བཤད་པ་དང་འཁོར་ལ་རབ་ཏུ་སྟོན་པར་བྱེད་པ་དེ་ཉིད་གཞན་རྣམས་ཀྱིས་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་སྟེ། ཁོར་ཡུག་ཏུ་སོན་ནས་རང་གིས་རབ་ཏུ་སྟོན་པར་བྱེད་པའི་གསུངས་པ་ལ་སོགས་པ་དེ་ཐམས་ཅད་སྐྱེས་བུའི་བྱེད་པ་སྟེ།

དེའི་བྱིན་གྱི་རླབས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་ན་ཉན་ཐོས་ལ་སོགས་པ་རྣམས་ཀྱི་རང་དབང་གིས་ནི་མ་ཡིན་ནོ། །འདིར་རྒྱུ་དེས་ན་ཞེས་པ་ཀུན་ཏུ་བཤད་པར་འདོད་ནས་རང་གིས་དྲིས་པ་ནི་དེ་ཅིའི་ཕྱིར་ཞེས་པ་སྟེ། གང་གི་ཕྱིར་དེའི་རྒྱུ་གསུངས་པ་ནི་ཆོས་གང་ཞེས་ཏེ། ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་

པོ་ལ་སློབ་པར་བྱེད་པས་ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ཀྱིས་ཏེ་དེ་ལ་ཇི་ལྟར་ཐོས་པ་རྣམས་མངོན་སུམ་དུ་བྱེད་པ་ནི་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་སོ། །འཛིན་པར་བྱེད་པ་ནི་ཐེག་པ་ཆེན་པོ་པ་སྟེ། ཆོས་དེས་ཇི་ལྟར་ཐོས་པའི་ཐོས་པ་དང་བསམ་པ་དག་གིས་བརྟན་པར་གྱུར་པས་དྲན་པའི་ས་བོན་

འཇོག་པའི་ཕྱིར་རོ། །རྒྱུ་མཐུན་པ་ནི་འདྲ་བ་སྟེ་མཐུན་པའོ། །འདིས་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་སྐྱེས་བུའི་བྱེད་པ་གསུངས་པའོ། །དེ་ལྟར་ཐོས་པ་ཉིད་ཀྱི་ཆོས་དེས་རང་གི་སྟོན་པ་དེས་ནའོ། །འགལ་བར་མི་བྱེད་ཅེས་པ་ནི་ཉན་ཐོས་རྣམས་བདག་ཉིད་ཆེན་པོར་གསུངས་སོ། །འདི་ལྟར་

ཤཱ་རིའི་བུས་རྣམ་པར་རྟོག་པ་ཉིད་ནི་རབ་འབྱོར་གྱིས་འདིར་བསྟན་པས་སྟོན་པ་མ་ཡིན་ཞེས་ཁ་ཅིག་དག་གི་དོགས་པ་དེ་བཟློག་པ་སྟེ། འདིར་གང་བཅོམ་ལྡན་འདས་ནི་ཐམས་ཅད་ནས་ཐམས་ཅད་དུ་ཆོས་ཐམས་ཅད་དོན་དམ་པར་མཐོང་བའི་མཆོག་ཏུ་ཚད་མར་གྱུར་པས་རང་གིས་སམ་ཉན་ཐོས་ལ་སོགས་

པའི་ཞལ་ནས་སྟོན་པ་ཐམས་ཅད་དེ་ཉིད་ལས་གཞན་དུ་མེད་ཅེས་གསུངས་སོ། །གདམས་ངག་བསྟན་པ་འདོད་ནས་ཉེ་བར་འཇུག་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནི་ཕྱོགས་བསྟན་པའོ། །ཚིག་བླ་དགས་ནི་མིང་སྟེ། ཆོས་ཀྱི་དངོས་པོ་ནི་གང་དུ་ཇི་ལྟར་མེད་ལ། བདག་གི་དངོས་པོ་

ནི་ཀུན་རྫོབ་ཏུ་ཡང་མེད་ཅེས་བྱ་བར་དགོངས་སོ། །ཆོས་ནི་ཕུང་པོ་ལྔ་ལ་སོགས་པ་ཅན་ལ། ཡང་དག་པར་རྗེས་སུ་མ་མཐོང་བ་ནི་དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་མ་དམིགས་པ་ནི་གང་ཟག་ལ་བདག་མེད་པའི་ཤེས་པ་ལ་ཕུང་པོ་ལ་སོགས་པ་མི་དམིགས་པ་ནི་ཆོས་

เล่ม ๙๐ · หน้า 14a

ལ་བདག་མེད་པའི་ཤེས་པ་སྟེ། དེ་གཉི་ག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ཡང་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་ཞེས་པ་ནི་མི་དམིགས་པའོ། །འདི་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁ་ཅིག་ཏུ་གཅིག་པུ་ཞིག་ཏུ་དབེན་པར་སོང་ནས་ལུང་གི་དོན་ལ་ངེས་པར་རྟོགས་

པ་ལས་སྐྱེ་བར་འགྱུར་བ་དེ་ནི་ཐོས་པ་ལས་བྱུང་བའོ། །དེ་ལྟར་ཡང་ཐེ་ཚོམ་གང་དུ་ཡང་མེད་པས་རྗེས་སུ་དཔག་པ་ལ་སོགས་པ་སྟོབས་ཀྱིས་སྐྱེ་བར་འགྱུར་བའི་རིགས་པ་དེ་ནི་བསམས་པ་ལས་བྱུང་བའོ། །དེ་དག་གིས་ཐེ་ཚོམ་དྲུངས་ཕྱུང་ནས་དང་དུ་ལེན་པར་བྱེད་པའི་ཏིང་ངེ་འཛིན་ཐོབ་ནས་སྒོམ་པ་ནི་

བསྒོམས་པ་ལས་བྱུང་བའོ། །དེ་ལ་དང་པོ་གཉིས་བསྟན་པར་འདོད་ནས་གསུངས་པ་ནི་བདག་གི་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའི་ཆོས་ནི་ནང་གི་བདག་ཉིད་ཅན་གྱི་ཕུང་པོ་ལྔ་ལ་སོགས་པའོ། །མ་འཚལ་བ་ནི་ཐོབ་པ་མེད་པ་སྟེ་ཚད་མས་གནོད་པའི་ཕྱིར་རོ། །དེ་ཉིད་ལ་གནོད་

པ་བསྟན་པར་འདོད་ནས་གསུངས་པ་ནི་མ་དམིགས་ཞེས་པ་སྟེ། ལུང་ལས་སྐྱེས་པའི་མི་དམིགས་པས་གནོད་པར་བྱེད་པ་ཡང་དག་པར་རྗེས་སུ་མ་མཐོང་བའོ། །རྗེས་སུ་དཔག་པ་ལ་སོགས་པས་གནོད་པར་བྱེད་པ་འདིས་རྗེས་སུ་མ་དམིགས་ཞེས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་གསུངས་པའོ། །

ཡང་དག་པར་རྗེས་སུ་མ་མཐོང་ཞེས་པའི་རིགས་པ་ནི་བསམ་པའི་རང་བཞིན་ཅན་ནོ། །རིགས་པ་བརྗོད་དེ་གང་ཞིག་ནི་ཅི་ཡང་མེད་པའོ། །གང་འདིར་ཞེས་པ་ནི་དོན་དམ་པར་གང་དུ་ཡང་མེད་པའོ། །ཀུན་རྫོབ་ཏུ་ནི་རྟོག་པར་བྱེད་པ་ལ་འདོམས་པས་གདམས་ངག་ལ་རྗེས་སུ་འཇུག་པར་བསྟན་པ་ནི་

རྗེས་སུ་བསྟན་པའོ་ཞེས་བྱ་བར་དགོངས་པའོ། །རྫོགས་པའི་ཞི་གནས་ལ་རབ་ཏུ་འཇུག་པར་བྱེད་པ་གང་དེ་དང་ལྷན་ཅིག་ཏུ་དཔྱོད་པ་ཅན་གྱི་ཤེས་རབ་དེ་ནི་ལྟ་བ་དང་རིག་པ་དང་བློ་དང་སྣང་བ་དང་ལྷག་མཐོང་ལ། དེ་གཉི་ག་ཟུང་དུ་འབྲེལ་བ་ཅན་ནི་བསྒོམ་པའི་རང་བཞིན་ཅན་གྱི་ཤེས་རབ་སྟེ། དེ་བསྟན་

པར་འདོད་ནས་གསུངས་པ་ནི་འོན་ཀྱང་ཞེས་པ་དང་གལ་ཏེ་ཞེས་པ་ནི་དོན་དམ་པར་འཇུག་པ་ན་གལ་ཏེའོ། །འདི་ལྟར་ཞེས་པ་དང་། དེ་བདག་གིས་ཞེས་པ་ལ་སོགས་པས་ཏེ་སྨྲ་བར་བྱེད་པ་ལ་ཞེས་པ་ལ་སོགས་པ་ནི་ད་ལྟ་བ་ལ་ཉེ་བའི་ཕྱིར་ནི་གསུང་བར་བྱེད་པ་དོན་གསུངས་ཞེས་པ་ལ་སོགས་པར་

เล่ม ๙๐ · หน้า 14b

ཤེས་པར་བྱའོ། །འདིའི་རྒྱས་པར་བཤད་པ་ནི་བསྟན་པར་བྱེད་པ་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱི་མཚན་ཉིད་ཀྱིས་སོ། །ཉེ་བར་བསྟན་པར་བྱེད་ཅེས་པ་ནི་བསམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་མཚན་ཉིད་ཀྱིས་མངོན་སུམ་དུ་དཔྱོད་པར་འགྱུར་རོ་ཞེས་པ་ལྷག་མའོ། །འདིར་ཐར་པ་འདོད་པ་

རྣམས་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ལ་དད་པ་དེ་ལས་འདོད་པ་སྐྱེ་བར་འགྱུར་ལ། དེའི་སྟོབས་ལས་བརྩོན་འགྲུས་དེའི་སྟོབས་ལས་ལུས་དང་སེམས་སྦྱངས་པ་ཉིད་དོ། །དེས་ལེ་ལོ་རྣམ་པར་མི་འཇུག་ནས་དྲན་པས་ཡང་དག་པར་དམིགས་པ་ལ་ཉེ་བར་གནས་

པར་འགྱུར་རོ། །དེས་ཤེས་བཞིན་ལ་དེས་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱས་ནས་དེས་དེ་ཉིད་ཇི་ལྟར་ཐོས་པ་དང་བསམ་པའི་དོན་དེ་ཉིད་ལ་ཏིང་ངེ་འཛིན་ལ་དམིགས་པའི་སེམས་ལ་བརྙས་པ་མེད་ནས་ཞུགས་པར་མི་འགྱུར་ཏེ། དེ་ཉིད་ཀྱིས་ངེས་པར་བཅིངས་

པའི་ཕྱིར་རོ། །ཀུན་ཏུ་མི་ཞུམ་པ་མི་འགྱུར་བ་ནི་རྒྱུན་ཏུ་འཇུག་པས་ཀྱང་ཞུམ་པར་འོང་བར་མི་འགྱུར་ཏེ། གཞན་དུ་འགྲོ་བ་བཀག་པའི་ཕྱིར་རོ། །རང་བཞིན་གྱིས་གཡོ་བའི་ཕྱིར་རྒོད་ནས་གཞན་དུ་འགྲོ་བ་ཡང་མྱུར་དུ་ཤེས་པར་བྱས་ལ་ཡང་བསྡུས་ན་ཡང་མི་རྒོད་པའོ། །ཀུན་ཏུ་མི་ཞུམ་པ་

ནི་བསྟན་པར་འགྱུར་བའི་སེམས་ཀྱི་རང་བཞིན་རིགས་པའི་ཕྱིར་ན། གཞན་དུ་རྣམ་པར་འཕྲོ་བའི་གོང་ནས་གོང་དུ་ཞིབ་མོར་བྱེད་པ་ལ་དུབ་པ་མེད་པའི་ཕྱིར་རོ། །ཕྱིར་ཕྱོགས་པར་མི་འགྱུར་ཏེ། ཏིང་ངེ་འཛིན་བྱེད་པ་ལ་ཡང་བཏང་སྙོམས་སུ་གནས་པའི་ཕྱིར་རོ། །ཇི་ལྟར་ན་དེ་ཉིད་ལ་སེམས་

དགའ་བར་བྱེད་ཅེ་ན། ཏིང་ངེ་འཛིན་རྣམས་ཀྱི་ཡོན་ཏན་མཐོང་བའི་ཕྱིར་རོ། །བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར་བ་ནི་དེ་ལ་དགའ་བ་དང་བདེ་བས་རྣམ་པར་གཡེང་བར་བྱེད་པ་ཅན་དུ་མི་བྱེད་པ་སྟེ། རྣམ་པར་གཡེང་བའི་སྐྱོན་མཐོང་བའི་ཕྱིར་ཏེ། སྐྱོན་ནི་འཁོར་བའི་སྡུག་བསྔལ་རྣམས་སོ། །

མི་དངང་བ་ནི་བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་ལྡང་བས་མི་སྐྲག་སྟེ། ཇི་ལྟ་ཞེ་ན། དེ་ཉིད་བཅོམ་སྟེ། རྣམ་པར་གཡེང་བའི་སྐྱོན་མཐོང་བའི་ཕྱིར་རོ། །ཀུན་ཏུ་མི་སྐྲག་སྟེ། སེམས་རང་བཞིན་གྱིས་སྐྱོན་མེད་པར་རང་གི་ངང་གིས་འཇུག་པའི་དོན་དུ་འདུ་བྱེད་ལ་འབད་པ་དེས་སྐྲག་

เล่ม ๙๐ · หน้า 15a

པར་མི་བྱེད་ཅེས་པའི་དོན་ཏོ། །ཀུན་ཏུ་སྐྲག་པར་མི་འགྱུར་བ་ནི་ལྷུན་གྱིས་གྲུབ་པར་ངང་གིས་འཇུག་པ་ཉིད་ཀྱིས་སེམས་ལ་སྐྲག་པ་ཀུན་ཏུ་འབྱུང་བར་མི་འགྱུར་ཏེ། ལྷུན་གྱིས་གྲུབ་པ་དེ་ཉིད་ངང་གིས་འཇུག་པ་འཛིན་པར་འགྱུར་ཞེས་པའི་དོན་ཏོ། །གཞན་ཡང་ལྷུན་

གྱིས་མ་གྲུབ་པ་ནི་སེམས་རྣམ་པར་གཡེང་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། དམིགས་པས་སེམས་ནི་ངེས་བཅིངས་ལ། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེངས་མྱུར་དུ་རྟོགས་བྱས་ལ། །དེ་ཡིས་སོ་སོར་ཡང་བསྡུ་བྱ། །སོ་སོར་དག་ལ་ཀུན་བསྡུས་

སེམས། །གོང་ནས་གོང་དུ་བློ་ལྡན་གྱིས། །ཏིང་འཛིན་ཡོན་ཏན་མཐོང་གྱུར་པ། །དེ་ཡིས་སེམས་ནི་དགའ་བྱས་ལ། །རྣམ་གཡེངས་སྐྱོན་ནི་མཐོང་འགྱུར་བ། །དེ་ཡིས་དགའ་ཡིན་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ཡིས་མངོན་

པར་འདུ་བྱས་པའི། །སེམས་ཀྱི་ངང་དུ་གྱུར་པ་ཉིད། །དེ་ལ་གོམས་པའི་རྣལ་འབྱོར་པས། །དེས་ནི་མངོན་འདུས་མ་བྱས་ཐོབ། །ཅེས་ཏེ། དེ་བཞིན་དུ་ཞི་གནས་རྫོགས་པར་གྱུར་པའོ། །འདི་ཉིད་ཞེས་པ་ནི་ཇི་སྐད་དུ་བཤད་པའི་ཏིང་ངེ་འཛིན་མཐར་ཐུག་པའི་ཀུན་རྫོབ་དང་དོན་དམ་

པའི་རྣམ་པར་དབྱེ་བ་ཤེས་པའོ། །འདི་ཉིད་ཅེས་པ་ནི་དེའི་ཏིང་ངེ་འཛིན་དང་ཡང་དག་པར་རབ་ཏུ་ལྡན་པའི་ཤེས་རབ་བོ། །འདི་ཉིད་གདམས་པ་སྟེ། གང་དག་ཞི་གནས་དང་ཤེས་རབ་དག་ཕན་ཚུན་ཡང་དག་པར་སྦྱོར་བའི་ཡོན་ཏན་གྱིས་སོ། །སེམས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དེ་ཁོ་ན་ཉིད་

ལ་དེ་ལས་ཕྱིར་ཕྱོགས་པ་ཐམས་ཅད་ནི་རྣམ་པར་གཡེངས་པའི་ཞེས་བརྗོད་ལ། དེ་ཁོ་ན་ཉིད་གཅིག་ཏུ་མཐར་ཐུག་པ་ནི་ཀུན་རྫོབ་ཏུ་སྐད་ཅིག་གིས་འཇིག་པ་ཅན་ཡིན་ཡང་མཉམ་པར་གཞག་པའོ། །དེ་ཉིད་ཀྱིས་ན་ཞི་གནས་དང་ལྷག་མཐོང་དག་ནི་འགལ་བ་མེད་དོ། །དེ་ཁོ་ན་ཉིད་མ་

ཡིན་པ་ལ་དམིགས་པ་ལས་ལྡོག་པའི་བདག་ཉིད་ཅན་གྱིས་སེམས་རྩེ་གཅིག་པ་ཉིད་དང་ཡང་དག་པའི་ཤེས་པ་དག་ཕན་ཚུན་རྗེས་སུ་སྦྱར་ནས་བསྐྱེད་པས་རབ་ཀྱི་མཐར་ཐུག་པ་ན་རོ་གཅིག་པར་འགྱུར་རོ། །དེ་ལྟར་འདིར་ཞི་གནས་དང་ཤེས་རབ་ཀྱི་རང་བཞིན་གྱི་ཀུན་རྫོབ་དང་དོན་དམ་པ་རོ་གཅིག་

เล่ม ๙๐ · หน้า 15b

པའི་ཏིང་ངེ་འཛིན་ལ་གནས་པ་ནི་འདིར་མཉམ་པར་མི་འགྱུར་ཏེ། འདི་ཉིད་འདིའི་གདམས་པ་དང་རྗེས་སུ་བསྟན་པའོ། །གདམས་པའི་རྒྱུན་ནི་རྗེས་སུ་བསྟན་པའོ། །དེ་ལྟར་དང་པོའི་བྱང་ཆུབ་ཀྱི་སེམས་དང་དེས་བསྡུས་པའི་ཆོས་ཀྱི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཀུན་རྫོབ་དང་དོན་དམ་

པའི་བདེན་པ་ལས་མི་འདའ་ཞིང་དམིགས་པ་མེད་པའི་སྤྱོད་པས་སོ་སོར་སྒྲུབ་པའི་གདམས་ངག་ནི་སྒྲུབ་པ་ལ་གདམས་པ་སྟེ། འདིར་ནི་བསྡུས་པའི་དོན་ནོ། །སྒྲུབ་པ་ལ་སྙིང་པོར་བྱེད་པ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་མི་དཀའ་ལ། སྒྲུབ་པ་དེ་ཡང་མདོར་བསྡུ་ན་

བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་སྦྱིན་པ་ལ་སོགས་པའི་ཐབས་ལ་རྗེས་སུ་གནས་པའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ནི་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་ཏེ། དེ་ལ་ཕུང་པོ་ལྔ་པོ་རྣམས་ལ་ཇི་སྲིད་དུ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དེ་ཐམས་ཅད་ནི་ཕྱིན་ཅི་ལོག་གི་སྤྲོས་པ་ལ། སྤྲོས་པ་

མེད་པ་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དོ། །སྟོང་པ་ཉིད་དུ་བརྗོད་པ་ནི་སྒྲོ་བཏགས་པ་ཐམས་ཅད་ལས་ལྡོག་པ་རབ་ཏུ་བསྒྲུབས་པས་གདུལ་བྱའི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ངོ་བོ་མངོན་པར་གསལ་བར་བྱེད་པར་འགྱུར་ཞེས་པས་ན་འདིར་བརྗོད་པར་བྱ་བ་ལ་ཉེ་བར་བཏགས་ནས་སྟོང་པ་ཉིད་ལ་སོགས་པའི་སྒྲ་བརྗོད་

དེ། སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བའི་ངོ་བོ་དེ་ཁོ་ན་ཉིད་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་མ་བདུན་བརྒྱ་པ་ལས་གསུངས་པ། བཅོམ་ལྡན་འདས་གང་དུ་ཡང་རབ་ཏུ་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་སྟེ། ཆོས་གང་ལ་ཡང་གནས་པ་ཉེ་བར་

དམིགས་པ་དང་མི་གནས་པ་ཡང་མ་ཡིན་ནོ། །ཆོས་གང་ལ་ཡང་མི་སེམས་ཞིང་མི་ཤེས་གང་ཁོ་ནར་སེམས་པ་མེད་པ་དེ་ཉིད་མྱ་ངན་ལས་འདས་པ་མ་སྐྱེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཀུན་ཏུ་སྤྱོད་པ་མེད་པའི་དབྱིངས་ཞེས་པ་དང་གཉིས་སུ་བྱར་མེད་པ་གང་ཁོ་ནའི་ཡེ་ཤེས་དེས་

སངས་རྒྱས་ཀྱི་ཡེ་ཤེས་ཏེ། དམིགས་པ་མེད་པའི་རྣལ་འབྱོར་གྱིས་སོ་ཞེས་པ་དང་ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ནི། ཆོས་གང་ཡང་ཉེ་བར་དམིགས་པས་སོ་སོར་གནས་པ་མེད་དོ། །ཆོས་གང་འཇིག་པའམ་སྐྱེ་བ་མེད་དོ། །བཅོམ་ལྡན་འདས་

เล่ม ๙๐ · หน้า 16a

མ་སྐྱེས་པ་ལ་ཉམས་པའམ་འཕེལ་བ་མེད་ཅེས་གསུངས་ལ། ཆོས་ཐམས་ཅད་རྗེས་སུ་མི་དམིགས་པའི་མདོ་ལས་ཀྱང་། གང་ལས་སོ་སོར་རྟོགས་ནས་ཆོས་གང་ཡང་གཅིག་པ་ཉིད་དང་དུ་མ་ཉིད་དུ་བྱེད་པ་མེད་དེ་རྣམ་པར་འགྱུར་བ་མེད་ཅིང་བཅོམ་ལྡན་འདས་

རྣམ་པར་རྟོག་པ་མེད་པའི་ཡང་དག་པ་སོ་སོར་རིག་ཅེས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། ཆོས་ཀུན་གནས་མེད་ཞི་བ་ཡི། །དོན་འདི་རྟག་ཏུ་བསྒོམ་པར་བྱ། །གནས་མེད་པ་དང་སྒྱུ་འདྲ་སྟེ། །སྟོང་ཉིད་སྲིད་པ་འཇིག་བྱེད་པ། །སྐྱེ་མེད་ཅེས་དང་སྟོང་པ་ཞེས། །དམིགས་མེད་

ཅེས་དང་སྟོང་ཉིད་ལ། །བདག་ཉིད་དམན་པས་གང་བསྒོམས་པ། །དེས་ནི་འདི་ལ་བསྒོམ་པ་མིན། །དགེ་དང་མི་དགེ་རྣམ་རྟོག་རྣམས། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་དུ་སྟོང་ཉིད་འདོད་པ་མིན། །དམིགས་པ་མེད་པར་འགྱུར་

བའི་སེམས། །ནམ་མཁའི་མཚན་ཉིད་ཅན་དུ་གནས། །གང་དག་སྟོང་པ་ཉིད་བསྒོམ་པ། །དེ་ནི་ནམ་མཁའ་བསྒོམ་པར་འདོད། །ཅེས་གསུངས་པ་སྟེ། སྙིང་རྗེ་ཆེན་པོ་དང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དམིགས་པ་མེད་པས་སྐྱེད་པར་བྱེད་པའི་ཕྱིར་དམིགས་པ་མེད་པའི་ཞེས་པའི་སྟོང་

པ་ཉིད་སྙིང་རྗེ་དག་དེའི་བདག་ཉིད་ཁོ་ནས་བསྒོམ་པའོ། །སྟོང་པ་ཉིད་དང་སྙིང་རྗེའི་ཐ་སྙད་ཀྱི་དབྱེ་བ་ནི་ལྡོག་པས་བྱས་པ་སྟེ། དེ་ལ་རིམ་པ་ནི་འདིའོ། །ཕུང་པོ་ལྔ་པོ་རྣམས་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཡིད་ལ་བྱེད་པ་མཐའ་དག་བཟློག་ནས་ཐམས་ཅད་ལ་ཡིད་བསྡུས་ནས་

ཅུང་ཟད་ཀྱང་། སེམས་པར་མི་བྱ་སྟེ། དེ་ཉིད་ཀྱིས་གང་ཞིག་རྣམ་པར་མི་རྟོག་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པར་གྱུར་ནས། དེའི་མཐོང་བ་མེད་པའི་སྦྱོར་བས་མངོན་སུམ་དུ་སོ་སོར་རྟོགས་ནས་དེའི་སེམས་ཅན་གྱིས་ཀྱང་རྟོགས་པར་བྱ་ཞེས་རྣམ་པར་སེམས་

ཤིང་དེའི་བདག་ཉིད་ཅན་དུ་དེ་ལྟར་འགྲོ་བ་མཐའ་དག་དམིགས་པར་བྱས་ནས་དམིགས་པ་མེད་པའི་ངོ་བོའི་སྙིང་རྗེ་ཆེན་པོ་སྐྱེ་བར་གྱུར་ནས་དེས་ཤེས་རབ་དང་སྙིང་རྗེ་དག་དབྱེར་མེད་པའི་ངོ་བོ་གཉིས་སུ་མེད་ཅིང་གཅིག་ཏུ་འདྲེས་པར་གྱུར་པར་མཐོང་ངོ་། །དེའི་གནས་དང་ཤེས་རབ་དག་གིས་བདག་ཉིད་

เล่ม ๙๐ · หน้า 16b

ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་རྟོགས་པའི་མཚན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པ་གཉིས་གཅིག་པ་ཉིད་ཀྱིས་ཟུང་དུ་འབྲེལ་པའི་ལམ་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ངོ་བོ་མཆོག་ཏུ་རྣམ་པར་མི་རྟོག་པའི་

རྣལ་འབྱོར་བསོད་ནམས་དང་ཡེ་ཤེས་ཐམས་ཅད་ཀྱི་རང་བཞིན་གྱི་མངོན་པར་རྟོགས་པ་བརྒྱད་པོ་རྣམས་ཀྱིས་ཇི་ལྟར་རིགས་པར་མི་མཐུན་པའི་ཕྱོགས་ལྡོག་པ་ནི་འཆད་པར་འགྱུར་བའི་རྣམ་པ་ཀུན་ཇི་ལྟར་རིགས་པར་མཉམ་པར་གཞག་པའི་གནས་སྐབས་སུ་རོ་གཅིག་པ་ཉིད་ནི་སེམས་བསྐྱེད་པ་ཉི་

ཤུ་རྩ་གཉིས་ཀྱི་སྐབས་སུ་མགོན་པོས་རྣམ་པར་གཞག་པར་བྱས་སོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་གནས་སྐབས་སུ་སྦྱིན་པ་ལ་སོགས་པའི་ཐབས་བསྟེན་པའི་དུས་སུ་ཡང་མོས་པ་དེ་ཉིད་བསྒོམ་པར་བྱ་ཞེས་པ་ཉིད་ནི་ཟུང་དུ་འབྲེལ་པས་བགྲོད་པའི་ལམ་ལ་འདི་ཉིད་སྒྲུབ་པ་ལ་

གདམས་པས་ཏེ། བཅོམ་ལྡན་འདས་མ་འདིར་ཚོགས་ཤིང་བསྡུས་ནས་གསུངས་ལ་འདི་ལས་གཞན་པའི་གདམས་ངག་རྣམས་ནི་ཞད་ཙམ་དུ་གསུངས་པ་ཡིན་ལ། ཡུམ་ཆེན་མོ་ལ་ནི་བཅུ་ཆར་ཡང་རྒྱས་པར་གསུངས་ཏེ། འདིར་བསྟན་བཅོས་ལས། སྒྲུབ་དང་བདེན་པ་རྣམས་དང་ནི། །

སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་སོ། །དེ་ལ་གཟུགས་

ལ་སོགས་པ་རྣམས་དང་དེ་སྟོང་པ་ཉིད་ནི་གང་དུ་ཅུང་ཟད་ལྡན་པའམ་མི་ལྡན་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་རྣམས་ཀྱང་དེའི་ངོ་བོ་ཉིད་ཀྱིས་ན་ཐ་དད་པ་དང་ཐ་མི་དད་པ་དག་ཏུ་མི་སྦྱོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་རིག་པར་བྱ་ཞེས་པ་ནི་སྡུག་བསྔལ་གྱི་བདེན་པ་ལ་གདམས་པའོ། །

གཟུགས་ལ་སོགས་པ་ཅན་ལ་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ལ་གཟུགས་ནས་ཇི་སྲིད་དུ་རྣམ་པར་ཤེས་པའི་བར་ཉིད་སྟོང་པ་ལ་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ་ཞེས་དབྱེར་མེད་པའི་སྒྲོ་འདོགས་དང་སྐུར་པའི་མཐའ་

เล่ม ๙๐ · หน้า 17a

ཡོངས་སུ་སྤངས་པ་ནི་ཀུན་འབྱུང་གི་བདེན་པའོ། །སྟོང་པ་ཉིད་ནི་སྐྱེ་བར་མི་འགྱུར་འགག་པར་མི་འགྱུར་ཞེས་པ་ནས་ཇི་སྲིད་དུ་འཕེལ་བར་མི་འགྱུར་ལ་དེ་ལ་གཟུགས་ལ་སོགས་པ་མེད་ཅིང་ཀུན་འབྱུང་བ་དང་འགོག་པ་དང་ལམ་མེད་པ་ནས་ཇི་སྲིད་དུ་སངས་རྒྱས་མེད་

བྱང་ཆུབ་མེད་ཅེས་པ་ནི་འགོག་པའི་བདེན་པ་ལའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དང་བདག་ཉིད་ལྡན་པའམ་མི་ལྡན་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་པ་ལ་སོགས་པ་རྣམས་སུ་སྦྱོར་བར་མི་

བྱེད་དེ། དུས་གསུམ་སྟོང་པ་ཉིད་ཉེ་བར་གཟུང་བའི་ཕྱིར་ཞེས་པ་ནི་ལམ་གྱི་བདེན་པའིའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལམ་དུ་བཤད་པ་རྣམས་ལ་སངས་རྒྱས་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ལ་ཕུང་པོ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་བྱེད་པ་གང་དེ་ཡང་དག་པར་རྗེས་

སུ་མི་མཐོང་ཞེས་པ་ནས་ཇི་སྲིད་དུ་སངས་རྒྱས་དང་སྦྱོར་བར་བྱེད་པ་གང་དེ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ལ་དེས་གང་དུ་དེ་མཐོང་བ་མེད་ལ་དེ་བཞིན་དུ་བྱང་ཆུབ་མེད་ཅིང་དེས་དེའི་བྱང་ཆུབ་པར་བྱ་བ་མེད་དོ། །དེ་ལྟར་ན་འདིས་སངས་རྒྱས་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ། དེ་ཉིད་

སངས་རྒྱས་དང་བྱང་ཆུབ་ཉིད་དེ། དེ་ཉིད་བྱང་ཆུབ་ཉིད་ཅེས་པས་དམིགས་པར་བྱ་བ་དང་། དམིགས་པ་པོ་མཉམ་པ་ཉིད་དུ་ཤེས་པ་ནི་སངས་རྒྱས་སོ་ཞེས་པ་ནི་སངས་རྒྱས་དཀོན་མཆོག་ལ་གདམས་པའོ། །ཆོས་ཀྱི་ནི་ལམ་གྱི་འབྲས་བུ་སྟེ། བྱང་ཆུབ་དང་སངས་རྒྱས་དཀོན་མཆོག་ཅེས་བཤད་ལ། འདིར་

ཆོས་ནི་ལམ་གྱི་བདེན་པའི་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཆོས་དཀོན་མཆོག་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་དེ་ལ་ཅུང་ཟད་ཀྱང་ཇི་ལྟར་ཡང་སྤྱོད་པ་མེད་པ་ལ་གང་དུ་ཡང་ཅུང་ཟད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་མེད་ཅེས་

པས་རྒྱས་པར་སྟེ། དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣལ་འབྱོར་དམ་པ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་ཞེས་གཞན་མིན་པར་ཐམས་ཅད་སྦྱོར་ཞིང་ཟིལ་གྱིས་མནན་ནས་ཀུན་ཏུ་གནས་སོ་ཞེས་པ་ནི་ཆོས་དཀོན་མཆོག་ལ་གདམས་པའོ། །དེ་ལ་དགེ་འདུན་དཀོན་མཆོག་

เล่ม ๙๐ · หน้า 17b

ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་སོ་ཞེས་འཕགས་པ་རྣམ་པར་གྲོལ་སྡེས་བཤད་ལ་དེ་ནི་གང་ཟག་ཉི་ཤུ་སྟེ། དེ་དག་རྣམས་ཉན་ཐོས་ཀྱི་གང་ཟག་རྣམས་དང་མི་འདྲ་བ་ནི་དགེ་འདུན་ཉིད་དུ་ཡིད་ཆེས་པའི་དོན་དུའོ། །འགྲོ་བ་དང་འོང་བའི་དབྱེ་བ་ནི་དེ་རྣམས་ལས་བྱང་ཆུབ་

སེམས་དཔའ་རྣམས་ཀྱི་ཁྱད་པར་བརྗོད་པའི་དོན་ཏེ། དེ་ནི་བར་མ་ཇི་ལྟ་བཞིན་ནོ། །འདིར་བསྟན་བཅོས་ཀྱིས་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ནི་གོ་སླ་བ་ཉིད་ལས་མ་བསྡུས་སོ། །དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་

རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང་། །བྱེད་དང་བྱེད་མིན་འོག་མིན་འགྲོ །འཕར་གསུམ་སྲིད་རྩེ་མཐར་ཐུག་འགྲོ །གཟུགས་ཀྱི་འདོད་ཆགས་བཅོམ་པ་དང་། །མཐོང་ཆོས་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་ཏེ་འཆད་པར་འགྱུར་བ་མཐོང་བའི་ལམ་གྱི་སྐད་

ཅིག་མ་བཅོ་ལྔ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་པོ་བརྒྱད་པ་ལ་རྣམ་པ་གཉིས་ལ་དད་པའི་རྗེས་སུ་འབྲང་བ་ནི་དབང་པོ་རྟུལ་པོ་ཉིད་དེ་དད་པས་དེའི་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་ཆོས་མཐོང་བའི་ཤེས་རབ་དེས་དེ་ལམ་གྱི་རྗེས་སུ་འབྲང་བས་དབང་པོ་རྣོན་པོ་དེ་ཉིད་

དེ་ཕྱིར་མི་ལྡོག་པའི་ཕྱིར་རོ། །དེ་ལྟར་ཡང་ཡུམ་བར་མར། དད་པའི་རྗེས་སུ་འབྲང་བ་ནི་གང་ཞིག་མི་དག་ལས་ཤི་འཕོས་ནས་མི་རྣམས་སུ་སྐྱེས་ནས་དེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་གནས་པར་འགྱུར་བ་ཉིད་ནི་དབང་པོ་སོམ་ཉི་ཅན་དུ་འགྱུར་ཞེས་པ་ལ་སོགས་པ་དང་། ཆོས་ཀྱི་རྗེས་

སུ་འབྲང་བ་ནི་དགའ་ལྡན་གྱི་ལྷ་རྣམས་ནས་ཤི་འཕོས་ནས་འདིར་སྐྱེས་ནས་དེའི་དབང་པོ་རྣམས་ཀྱང་རྣོན་པོར་འགྱུར་རོ་ཞེས་པ་ལ་སོགས་པའོ། །སྐད་ཅིག་མ་བཅུ་དྲུག་པ་ནི་རྒྱུན་ཏུ་ཞུགས་པ་སྟེ། དེ་ཉིད་ཀྱིས་བསྒོམ་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བྱེ་བྲག་རྣམ་པ་བཞི་པོ་སྤངས་ཤིང་

རྟོགས་པའི་བྱེ་བྲག་རྣམ་པ་བཞི་དང་ལྡན་པའི་སྦྱང་དཀའ་བའི་ས་ལ་རྣམ་པ་གཉིས་ཏེ། མིའི་རིགས་ནས་རིགས་དང་ལྷའི་རིགས་ནས་རིགས་སོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྱེ་བྲག་རྣམ་པ་ལྔ་པ་སྤངས་ནས་རྣམ་པ་ལྔས་མངོན་དུ་གྱུར་པའི་ས་པ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་

เล่ม ๙๐ · หน้า 18a

ཞུགས་པ་ཅན་གྱི་དབང་པོ་རྟུལ་པོ་དད་པ་དང་མཐོང་བས་ཐོབ་པ་ཉིད་ནི་གཅིག་གོ། །འདོད་པ་ན་ཀུན་དུ་སྤྱོད་པའི་ཉོན་མོངས་པ་རྣམ་པ་དྲུག་སྤངས་ཤིང་རྣམ་པ་དྲུག་གིས་རིང་དུ་སོང་བ་ལ་ལན་ཅིག་ཕྱིར་འོང་བ་སྟེ། འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་གཞན་དུ་མྱ་ངན་ལས་

འདས་པའི་ཕྱིར་རོ། །དེ་ཉིད་ལ་སྐྱེ་བ་གཅིག་གིས་ལྷག་མ་དང་བཅས་པའི་ཕྱིར་འདིར་སྐྱེ་བ་གཅིག་གིས་བར་ཆོད་ཅེས་པས་ན་བར་ཆད་གཅིག་པ་ཅན་ཏེ། བར་ཆོད་པའི་མཐར་སངས་རྒྱས་ཉིད་དུའོ། །འདོད་པ་ན་ཀུན་ཏུ་སྤྱོད་པའི་ཉོན་མོངས་པ་རྣམ་པ་བདུན་པ་ནས་བྱེ་བྲག་བདུན་གྱི་ལ། འདོད་

པ་ན་སྤྱོད་པའི་ཉོན་མོངས་པའི་བྱེ་བྲག་མེད་པ་སྤངས་པ་ནི་མི་གཡོ་བ་དང་ལེགས་པའི་བློ་གྲོས་སུ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཅན་ཏེ། སྔ་མ་བཞིན་དུ་དད་པ་དང་མཐོང་བས་ཐོབ་པའོ། །འདོད་པ་ན་སྤྱོད་པའི་བྱེ་བྲག་དགུ་པ་སྤངས་པས་དེ་ཆོས་ཀྱི་སྤྲིན་ལ་ཕྱིར་མི་འོང་བ་སྟེ། དེ་ལྟར་

ཡང་ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བཤད་པ། བསྒོམ་པའི་ལམ་ལ་འདོད་པ་ན་ཀུན་ཏུ་སྤྱོད་པའི་ཉོན་མོངས་པ་རྣམ་པ་དགུ་པ་རྣམ་པར་སྤངས་པས་ཕྱིར་མི་འོང་བར་འགྱུར་རོ་ཞེས་པ་དང་། འཕགས་པ་རྣམ་པར་གྲོལ་སྡེས་ཀྱང་། སེམས་ཅན་གྱི་དོན་གྱི་ངེས་པར་འབྱུང་

བའི་འགྲེལ་པར་ས་བཅུ་པ་ལ་ནི་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུའི་གཉེན་པོར་ལམ་ཆེན་པོའི་ཆེན་པོས་རྣམ་པར་བྲལ་བ་ཙམ་དུ་བཤད་ཅེས་པའི་ཕྱིར་རོ། །ཇི་ལྟར་ཕྱིར་མི་འོང་བ་ཞེ་ན། ཇི་ལྟར་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྐྱེས་པ་གཉིས་པར་མི་འཇུག་པའོ། །དེ་ཡང་རྣམ་པ་ལྔ་སྟེ།

བར་མ་དོར་མྱ་ངན་ལས་འདའ་བ་ནི་ཚངས་རིས་ནས་འོག་མིན་གྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདིར་མངོན་པར་རྫོགས་པར་སངས་རྒྱས་པ་ལ་སོགས་པ་སྟོན་པར་བྱེད་པའོ། །སྐྱེས་ནས་མྱ་ངན་ལས་འདའ་བ་ན་འོག་མིན་ནས་དགའ་ལྡན་དང་དེ་ནས་འཛམ་བུའི་གླིང་དུ་འོངས་ནས་ཁྱིམ་

ན་གནས་པ་ལས་ངེས་པར་བྱུང་ནས་དེ་མ་ཐག་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ནས་གང་དང་པོའི་སེམས་བསྐྱེད་པ་དེས་བསྐྱེད་པ་ཉིད་ཀྱིས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་བའོ། །མངོན་པར་འདུས་བྱས་ནས་མྱ་ངན་ལས་འདའ་བ་

เล่ม ๙๐ · หน้า 18b

ནི་འདིར་སེམས་ཅན་གྱི་དོན་རྣམས་བཅོམ་པ་ཉིད་དུ་མངོན་པར་འདུ་བྱེད་པའོ། །མངོན་པར་འདུ་བྱེད་པ་མེད་པར་མྱ་ངན་ལས་འདའ་བ་ནི་འདི་ནི་རིགས་ཀྱི་ཁྱད་པར་གྱིས་མྱུར་བར་འགྱུར་ཏེ་འབད་པ་ཆུང་ངུ་ཉིད་ཀྱིས་མངོན་པར་བྱང་ཆུབ་པའོ། །ལྔ་པ་གང་དུ་འཕོ་བ་ནི་དེ་ནས་འོག་མིན་དང་སྲིད་པའི་རྩེ་མོའི་

མཐར་ཐུག་པ་སྟེ། དང་པོ་ནི་ཚངས་རིས་ནས་འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་ལས་འཕོ་བས་འོག་མིན་དུ་འཇུག་པ་སྟེ་རྣམ་པ་གསུམ་མོ། །སྲིད་པའི་རྩེ་མོའི་མཐར་ཐུག་པ་ནི་རྣམ་པ་གཉིས་ཏེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་དང་མཐོང་བའི་ཆོས་ལ་ཞི་བ་མྱ་ངན་ལས་

འདའ་བ་སྟེ། སྐྱེ་བ་རྣམ་པ་ཐམས་ཅད་དུ་རྒྱུན་མི་འཆད་པར་མཐོང་བ་ལ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཆོས་ཀྱིས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་དང་། ལུས་ཀྱིས་མངོན་སུམ་བྱེད་པ་ནི་མྱ་ངན་ལས་འདའ་བ་དང་

འདྲ་བའི་ཆོས་ལ་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར་ན་ཇི་ལྟར་འགོག་པའི་སྙོམས་པར་འཇུག་པས་ལུས་ཀྱིས་མངོན་སུམ་དུ་བྱེད་ན་སེམས་དེ་མེད་དེ་ལུས་ལ་བརྟེན་ནས་དེ་སྐྱེ་བ་སྟེ། གང་ཡང་ཡུམ་བར་མ་ལས། དེ་བས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཤིང་དེ་ལས་ལངས་ནས་

འགོག་པ་ལ་སྙོམས་པར་འཇུག་པའོ། །དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་ལ་ཞེས་པ་ནས་ཇི་སྲིད་དུ་ཐབས་མཁས་པའི་ཐོད་རྒལ་གྱི་སྙོམས་པར་འཇུག་པས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་

པར་སངས་རྒྱས་པར་འགྱུར་རོ་ཞེས་གསུངས་སོ། །གང་ཞིག་ཕྱིར་མི་འོང་བ་ལྔ་པོ་རྣམས་ཀྱིས་ཁྱད་པར་གྱི་ལམ་དུ་ཉོན་མོངས་པའི་བྱེ་བྲག་བདུན་ཅུ་རྩ་གཉིས་པོ་རྣམས་སྤངས་ནས་གཉེན་པོའི་བྱེ་བྲག་བདུན་ཅུ་རྩ་གཅིག་པོ་རྟོགས་པ་རྣམས་ནི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཅན་ཏེ། དད་

པ་དང་མཐོང་བས་ཐོབ་པ་སྦལ་པ་མཆོང་བའི་ཚུལ་གྱིས་དད་པ་དང་མཐོང་བ་ཐོབ་པའི་སྒྲའི་རྗེས་སུ་འཇུག་པའི་ཞུགས་པ་པོ་གསུམ་ནི་ཚིག་ལེའུར་བྱས་པས་སོ་སོར་བསྒྲུབ་ལ། དེ་ཉིད་ཁོ་ན་འཕགས་པ་རྣམ་པར་གྲོལ་སྡེའི་སྔ་མ་དང་ཕྱི་མའི་ངག་རྣམས་ཀྱིས་གསུངས་སོ། །གང་དེ་ནི་ད་ལྟར་འདོད་

เล่ม ๙๐ · หน้า 19a

པ་ན་སྤྱོད་པའི་ཉོན་མོངས་པའི་བྱེ་བྲག་དགུ་པ་སྤངས་པའི་ཕྱིར་ཕྱིར་མི་ལྡོག་པ་རྣམ་པ་ལྔའོ། །དེ་ནས་འདིར་སྲིད་པའི་རྩེ་མོའི་ཉོན་མོངས་པའི་བྱེ་བྲག་བརྒྱད་པ་སྤངས་པས་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ་ཞེས་པ་སྟེ། དགྲ་བཅོམ་པ་ནི་མི་སློབ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་པས་ན་དགེ་འདུན་གྱི་ནང་དུ་མི་འདུའོ། །སོ་སོའི་སྐྱེ་བོ་ནི་སློབ་པ་དང་མི་སློབ་ཀྱང་རུང་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ཏེ། སྨོན་ལམ་བཏབ་པའི་ཕྱིར་རོ། །རང་སངས་རྒྱས་དང་ཉི་ཤུ་སྟེ། གང་དུ་གསུངས་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་

གང་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་རྣམས་སུ་སོང་ཞིང་ཉན་ཐོས་རྣམས་སམ་རང་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར་ནས་དེའི་ཐབས་ལ་མཁས་པས། སྲོག་ཆགས་བརྒྱ་སྟོང་མང་པོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་སྨིན་པར་

བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་ཡང་ཡོད་ཅེས་པའོ། །དེ་ནི་རྣམ་པ་གཉིས་ཀྱིས་རང་སངས་རྒྱས་དང་ཆོས་མཐུན་ཏེ། གཅིག་པའི་རང་ཉིད་ཀྱིས་དང་གཞན་རྣམས་ལ་ཐོས་པ་མེད་པར་སངས་རྒྱས་ཀྱི་ཆོས་ཀུན་དུ་

གསལ་བར་བྱེད་པའི་ཕྱིར་དང་གཞན་དུ་རང་སངས་རྒྱས་ཀྱི་ཆ་བྱད་ཀྱིས་ཀྱང་བྱེད་པའི་ཕྱིར་རོ། །གང་ཟག་ཉི་ཤུ་པོ་འདི་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་བསྒྲུབ་པ་ལ་གདམས་པ་ལས་ཞད་ཙམ་དུ་བཤད་དེ། དེ་ལྟར་ཕྱིར་མི་ལྡོག་པའི་ཕྱིར་བྱང་ཆུབ་སེམས་དཔའི་

དགེ་འདུན་ཉི་ཤུ་པོ་ལ་སློབ་པ་རྣམས་ཀྱིས་སྐྱེ་བ་མེད་པར་རབ་ཏུ་འཇུག་ཅེས་པ་ནི་དཀོན་མཆོག་གསུམ་ལ་གདམས་པའོ། །བྱང་ཆུབ་སེམས་དཔའ་ལུས་དང་ངག་དང་སེམས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་སྤྱོད་པ་ན་དེ་ཉེ་བར་དམིགས་པར་ཡང་མི་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་

ཡང་མེད་ལ་ལུས་ལ་སོགས་པས་བདེ་བ་མྱོང་བ་ཡང་མེད་དེ། ལུས་ལ་སོགས་པ་རྣམས་ནི་དོན་དམ་པར་ན་ངོ་བོ་ཉིད་ཀྱིས་མེད་ཅེས་པ་ནི་མ་ཞན་པ་ལ་གདམས་པའོ། །དུས་ཡུན་རིང་པོར་སྦྱངས་པས་ཀྱང་མཉམ་པར་བཞག་པའི་དོན་མ་གྲུབ་ན་ཡོངས་སུ་ངལ་བ་མེད་དེ་གཟུགས་ལ་སོགས་པ་

เล่ม ๙๐ · หน้า 19b

ནས་ཇི་སྲིད་དུ་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རློམ་པ་མེད་ཅེས་པ་ནི་མི་ངལ་བ་ལ་གདམས་པའོ། །དེས་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་བལྟ་བ་དང་དེ་རྣམས་ཀྱིས་ཆོས་བསྟན་པ་རྣམས་ཉན་པ་དང་དགེ་འདུན་ལ་བསྙེན་

བཀུར་བྱེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་བལྟ་བ་དང་། དེས་བདག་ཉིད་དང་གཞན་ཐམས་ཅད་ཀྱིས་མི་ཤེས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་དང་ཞེས་པ་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ། དེ་ཡང་ཐམས་ཅད་ངོ་བོ་ཉིད་མེད་པའི་

ཕྱིར་རློམ་པ་མེད་པའི་སྤྱོད་པ་རྣམས་ཀྱིས་ཀུན་ནས་ཡང་དག་པར་ཡོངས་སུ་ཟིན་པས་སོ་ཞེས་པ་ནི་ཡོངས་སུ་འཛིན་པ་ལ་གདམས་པའོ། །དེས་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་སོ་སོར་ཐོབ་ཀྱང་དེ་དང་དེ་ཐམས་ཅད་ཀྱང་ཀུན་ཏུ་ཤེས་པ་མེད་ཅིང་ཉེ་བར་དམིགས་པར་མི་འགྱུར་རོ། །དེ་ལ་ཤའི་སྤྱན་

གང་གིས་ནི་དཔག་ཚད་བརྒྱ་ནས་ཇི་སྲིད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་མཐོང་ངོ་། །ལྷའི་སྤྱན་ནི་གཟུགས་དང་། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བའོ། །ཤེས་རབ་ཀྱི་སྤྱན་གྱིས་དོན་དམ་པར་ཆོས་ཐམས་ཅད་རྗེས་སུ་མི་དམིགས་པ་དང་།

ཀུན་རྫོབ་ཏུ་ནི་ཐམས་ཅད་རྗེས་སུ་དམིགས་པའོ། །ཆོས་ཀྱི་སྤྱན་གྱིས་ནི་འཕགས་པའི་གང་ཟག་གིས་གང་རྟོགས་པ་ཡང་དག་པར་རྗེས་སུ་མཐོང་བའོ། །སངས་རྒྱས་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཞེས་པ་ནི་སྤྱན་ལྔ་ལ་གདམས་པའོ། །རྫུ་འཕྲུལ་གྱི་རྣམ་པ་དང་ལྷའི་

མིག་དང་ལྷའི་རྣ་བ་དང་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་ཟག་པ་ཟད་པར་ཤེས་པ་ཞེས་པ་ནི་མངོན་པར་ཤེས་པ་དྲུག་སྟེ། ལྷའི་མིག་གིས་མངོན་པར་ཤེས་པས་ནི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ཤེས་པ་སྟེ། འདི་ནི་མངོན་

པར་འདུ་བྱས་པའི་སྔོན་གྱི་ལྷའི་མིག་གི་རྣམ་པར་སྨིན་པ་ལས་བྱུང་བ་ཅན་ལ་སངས་རྒྱས་ཀྱི་སྤྱན་དང་ཟག་པ་ཟད་པའི་ཡེ་ཤེས་ནི་ས་བརྒྱད་པ་ནས་བརྩམས་ཏེ་སྐྱེ་བར་འགྱུར་ཞིང་། བཅོམ་ལྡན་འདས་ཀྱིས་ནི། ཡིད་ཀྱི་བློ་བཞིན་དུ་དབང་པོས་རྟོགས་པར་བྱ་བ་ལ་སོགས་པ་རྣམས་ཀྱི་ཡུལ་

เล่ม ๙๐ · หน้า 20a

ཡོངས་སུ་གཅོད་པས་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་དུ་ཐམས་ཅད་འདོད་དོ། །ཇི་སྐད་དུ་དད་པའི་སྟོབས་བསྐྱེད་པའི་མདོ་ལས། དེ་བཞིན་དུ་འཇམ་དཔལ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །དེ་བཞིན་དུ་མཛོད་སྤུ་དང་མཚན་རེ་རེས་

ཀྱང་གཟིགས་སོ། །དེ་བཞིན་དུ་དུས་གཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་རྣམ་པ་ཐམས་ཅད་མཐོང་ཞེས་གསུངས་པ་དེ་ལྟར་ན་ཡང་དབང་པོའི་བློ་ནི་སྔོན་གྱི་རྗེས་སུ་འབྲང་ནས་རྣམ་པར་གཞག་པར་བྱ་ཞེས་པ་ནི་མངོན་པར་ཤེས་པ་དྲུག་ལ་གདམས་པའོ། །དེ་ཉིད་ཀྱིས་སྒྲུབ་པའི་

ཏིང་ངེ་འཛིན་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཡོངས་སུ་བརྟགས་པའི་ལྷག་མཐོང་དག་མངོན་དུ་བྱས་ནས། དེ་ཡོངས་སུ་སྨིན་ནས་ལྷུན་གྱིས་གྲུབ་པའི་སྤྲོས་པ་མེད་པའི་དབྱིངས་སུ་སེམས་པ་ཡང་དག་པར་འཇོག་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་དེ་ལྟར་གང་ཡང་མ་མཐོང་བའི་

དོན་དེས་མཐོང་ངོ་ཞེས་པ་ནི་མཐོང་བའི་ལམ་ལ་གདམས་པའོ། །གང་དུ་མཐོང་བའི་ཁོ་ནའི་རྒྱུན་གྱི་ཡེ་ཤེས་དེས་བསྒོམ་པར་བྱ་བ་ཞེས་པ་ནི་བསྒོམ་པའི་ལམ་ལ་གདམས་པ་སྟེ། དེ་ཉིད་མི་དམིགས་པའི་རྣམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྒྲུབ་པ་ལ་དམིགས་པ་དང་། བདེན་

པ་ཤེས་པ་དང་། རྟེན་སྐྱབས་རིགས་པ་དང་། ཞེན་པ་མེད་པ་དང་། ཡོངས་སུ་མི་ངལ་བ་དང་། ཕྱོགས་བཅུར་ལྟ་དགོངས་ཀྱང་དེས་འདིར་ཐེག་པ་གཞན་དུ་མི་འགྲོ་བའི་རྒྱུར་ལམ་ཡོངས་སུ་འཛིན་པའི་ཕྱིར་དང་། སྤྱན་ལྔ་དང་། གཞན་མངོན་པར་ཤེས་པ་དྲུག་དང་། མཐོང་བ་དང་།

བསྒོམ་པའི་ལམ་གྱི་འཕགས་པའི་ས་རྣམས་ལ་ཀུན་ཏུ་སྤྱོད་དོ། །ཞེས་པ་ནི་འདིར་གདམས་ངག་རིམ་པའོ། །འདིར་ཚོགས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ནས་སྟན་གཅིག་ལ་འདུག་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་

ཆོས་ཉན་ཅིང་གཞུང་དང་དོན་དག་འཛིན་པ་རྣམས་ལ་བསམ་གཏན་དང་། མངོན་པར་ཤེས་པ་མངོན་པར་བསྒྲུབས་ནས་འཇིག་རྟེན་གྱི་ཁམས་རྣམས་སུ་དེ་འགྲོ་བར་འགྱུར་ཏེ། སངས་རྒྱས་དཔག་ཏུ་མེད་པ་རྣམས། །མཆོད་པའི་དོན་དང་གཞན་དོན་དུ། །ཞེས་གསུངས་པ་དང་། དེའི་

เล่ม ๙๐ · หน้า 20b

རྗེས་ལ། གདམས་ངག་གིས་བསྟན་མངོན་ཤེས་ཀྱིས། །སྤྱོད་པའི་ས་ལ་རབ་ཏུ་འཇུག །ཅེས་པ་སྟེ། སེམས་བསྐྱེད་པ་བཞི་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བས་རྣམ་པར་མི་རྟོག་པའི་མཐོང་བའི་ལམ་འབྱེད་ཅིང་སོ་སོར་ཕྱེ་ནས་མངོན་སུམ་དུ་བྱེད་པའི་ངེས་པར་འབྱེད་པའི་ཆ་

ཤས་དེས་རྟེན་ཅིང་ཐོབ་པ་དེས་ན་ངེས་པར་འབྱེད་པའི་ཡན་ལག་སྟེ། ངེས་པར་འབྱེད་པའི་ཡན་ལག་ནི་རྒྱུའོ། །ཡང་ན་ངེས་པར་འབྱེད་པ་ནི་ངེས་པ་ལ་དེའི་ཡན་ལག་ནི་ཆ་ཤས་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་ཆེན་པོ་ཉིད་ཀྱིས་རྣམ་པ་བཞིའོ། །དེ་ལ་དྲོད་ནི་ཤིང་གཙུབས་པའི་མེ་བཞིན་

དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་སྔ་རྟགས་སོ། །རྩེ་མོ་ནི་དགེ་བའི་རྩ་བ་མི་གཡོ་བའི་ཕྱིར་རྩེ་མོའོ། །བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་མོས་པ་བརྟན་པོས་བཟོད་པའི་ཕྱིར་རོ། །ཆོས་ཀྱི་མཆོག་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཡང་དྲོད་ལ་སོགས་པ་

ནི་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ན་རབ་ཏུ་དབྱེ་བ་བཅུ་གཉིས་ཏེ། གང་དུ་སྐད་ཅིག་མ་གཅིག་པ་ཉིད་དུ་ཆོས་མཆོག་ཅེས་བཤད་པ་ནི་དེ་རང་དོན་གྱི་སྐབས་པས་ཉན་ཐོས་རྣམས་ཀྱི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མིན་ཏེ། དེ་དག་གི་ནི་གཞན་གྱི་དོན་ནི་དེ་སྲིད་

དུ་དེ་གནས་པར་བྱེད་པ་སྲིད་ཅེས་པ་ནི་དེས་ན་དེ་དང་འདི་ལ་འགལ་བ་མེད་དོ། །དེ་ཡང་དྲོད་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་ཡོད་དོ། །བདེན་པ་བཞི་ལ་དམིགས་པའི་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ནི་བདག་ཏུ་ལྟ་བའི་གཉེན་པོའི་

ཕྱིར་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དེ་རྣམས་ལ་ཁྱད་པར་དུ་འཕགས་པ་སྟེ། །ཆོས་སུ་ལྟ་བའི་གཉེན་པོའི་ཕྱིར་རོ། །དེ་ལྟར་བསྟན་བཅོས་ལས། དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་ཕྱིར་ཡོངས་སུ་འཛིན་པ་ཡི། །རྣམ་རྟོག་བཞི་པོ་དང་ལྡན་པས། །ཇི་ལྟར་

རང་གི་རྟེན་བཞིན་དུ། །ཉན་ཐོས་བསེ་རུ་བཅས་པ་ལས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །ཆུང་ངུ་འབྲིང་དང་མཆོག་རྣམས་ཀྱི། །དྲོད་སོགས་རྣམས་ནི་ཁྱད་པར་འཕགས། །ཞེས་སོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་བསམ་པ་ཅན་གྱི་ཕྱིར་སྐྱོབ་པ་ནི་བྱང་ཆུབ་སེམས་

เล่ม ๙๐ · หน้า 21a

དཔའ་སྟེ། དེ་རྣམས་ཀྱི་དྲོད་ལ་སོགས་པ་རྣམས་ནི་ཉན་ཐོས་ལ་སོགས་པ་རྣམས་ལས་ཁྱད་པར་དུ་འཕགས་པ་ཉིད་དེ། དམིགས་པ་དང་། རྣམ་པ་དང་། རྒྱུའི་ཕྱིར་དང་། ཡོངས་སུ་འཛིན་པ་དང་། རྣམ་པར་རྟོག་པ་བཞི་པོ་དང་ལྡན་པས་ཇི་ལྟར་རང་གི་ཞེས་པའི་

ཁྱད་པར་རྣམ་པ་ལྔ་རྣམས་ཀྱིས་སོ། །རྣམ་པར་རྟོག་པ་བཞི་ཡོད་ཀྱང་ཉན་ཐོས་ལ་སོགས་པ་ལ་ནི་རང་གི་བྱང་ཆུབ་ཀྱི་ལམ་དང་མི་མཐུན་པ་མེད་པས་རྣམ་པར་གཞག་པ་མ་བྱས་སོ། །དེ་ལ་དྲོད་ཆུང་ངུ་ནི། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་བྱེད་པའི། །རྣམ་

པ་མངོན་ཞེན་ལ་སོགས་འགོག །ཅེས་བསྟན་བཅོས་ལས་ཏེ། བདེན་པ་བཞིའི་ཡུལ་གྱི་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ལ་དམིགས་པ་དེས་དམིགས་པ་རྣམ་པ་སོ་སོར་མངོན་པར་ཞེན་པ་མེད་པས་མི་གནས་པ་དང་འདུ་ཤེས་པ་མེད་པའོ། །འདིར་ཆེན་པོ་ནི་དངོས་པོར་

འཛིན་པ་ཉིད་ལ། འབྲིང་ནི་མངོན་པར་ཞེན་པས་གནས་པ་ཆུང་ངུ་ནི་འདུ་ཤེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེན་པ་ནི་བདེན་པ་དང་འབྲེལ་པ་ཅན་གྱི་མི་རྟག་པ་ཉིད་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཞེན་པ་མེད་པ་ལ་སོགས་པ་ཉེ་བར་དམིགས་པ་བྱས་ལ་མཉམ་པར་མ་བཞག་

པའི་ཡེ་ཤེས་སྤྱོད་པས་སོ། །མཉམ་པར་བཞག་པས་ནི་སྒོམ་ཞེས་ཏེ། དེས་ཉེ་བར་དམིགས་པ་མེད་པ་ལ་དེ་ལྟར་དམིགས་པའི་རྣམ་པ་ནི་རློམ་པ་མེད་པའོ། །དེ་ལྟར་ཞེས་པ་ནི་འཆད་པར་འགྱུར་བའི་རིམ་པས་སོ། །དེས་ཀྱང་ཞེས་པ་ནི་ངོ་བོ་ཉིད་མེད་པ་འབའ་ཞིག་གིས་མིན་ཏེ་དེས་ཉེ་

བར་དམིགས་ནས་རློམ་སེམས་མེད་པ་སྟེ། ཉན་ཐོས་ལ་སོགས་པ་རྣམས་དང་ཐུན་མོང་མ་ཡིན་པས་རྒྱུན་ཆད་པ་མེད་པས་སེམས་ཅན་གྱི་དོན་གྱི་བྱ་བ་མངོན་པར་ཞེན་པ་མེད་པའི་བདག་ཉིད་ཅན་གྱི་ཆོས་སུ་འཛིན་པའི་གཉེན་པོའི་ཤེས་པས་ཀྱང་རློམ་སེམས་མེད་པ་སྟེ། མངོན་པར་ཞེན་པར་

མི་བྱེད་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་རྟོག་པས་ཀུན་ནས་བསླང་བའི་ཡོད་པ་དང་མེད་པར་འཛིན་པའི་མི་མཐུན་པའི་ཕྱོགས་དག་དེ་ཉིད་དུ་མེད་ཅེས་པའི་ཤེས་པ་ནི་གཉེན་པོའོ། །དེ་ཞེས་པ་ནི་རློམ་པ་མེད་པའོ། །དེ་ཅི་ཞེས་པ་ནི་ཅིའི་ཕྱིར་ཏེ། གཏན་ཚིགས་དེ་ཚད་མའི་ཕྱིར་

เล่ม ๙๐ · หน้า 21b

རོ། །འདི་ལྟར་ཞེས་པ་ནི་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང་། གནོད་པར་བྱེད་པ་སྲིད་པའི་ཕྱིར་རོ། །སེམས་དེ་ནི་སེམས་མ་མཆིས་ཞེས་པ་ནི་སེམས་དེ་དོན་དམ་པར་ཡོད་པ་མིན་ཞེས་པའི་དོན་ཏོ། །འོ་ན་སྔོན་པོ་ལ་སོགས་པའི་རྣམ་པའི་ངོ་བོ་ཉིད་ཁོ་ན་སེམས་ཏེ། དེ་ཡང་

སྔོན་པོ་ལ་སོགས་པ་ལ་གསལ་བར་བྱེད་པས་དོན་དམ་པར་སོ་སོར་རང་རིག་པས་མངོན་སུམ་གྱིས་གྲུབ་ཅེས་པ་ནི་ཇི་ལྟ་བའི་དེ་ཁོ་ན་ཉིད་མིན་པའི་རང་རིག་པའི་མངོན་སུམ་གྱིས་རིག་པ་ལ་ཇི་ལྟ་བ་བཞིན་རིག་པར་འདོད་པའི་ཕྱིར་རོ། །དེའི་ཕྱིར་ཁྱོད་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པ་མེད་པའི་

གཉིས་སུ་མེད་པར་འདོད་པ་དེ་ནི་མིན་ཏེ། གཉིས་སུ་རིག་པའི་ཕྱིར་ཏེ། རྣམ་པར་ཆད་པའི་སྔོན་པོ་ལ་སོགས་པ་ཕྱི་རོལ་དུ་དེས་ངེས་པར་བྱེད་པའི་རྣམ་པར་རྟོག་པ་མེད་པ་ནི་སེམས་པ་མ་སྦྱངས་པའི་ཐ་སྙད་རྣམས་ཀྱི་བྱིས་པ་རྣམས་ཀྱིས་ཀྱང་གསལ་བར་གཉིས་སུ་མེད་པ་ན་གཉིས་སུ་མེད་པའི་

འཁྲུལ་པ་འདི་ནི་གཉིས་སུ་མེད་པས་བསྐྱེད་པ་སྟེ་རིག་པར་འགྱུར་ལ། རྣམ་པར་ཤེས་པ་གཅིག་གཉིས་ཀྱི་ངོ་བོ་ཡང་མིན་ཏེ། གཉིས་དང་གཉིས་མེད་པ་དག་ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ནས་གཟུང་བ་དང་འཛིན་པ་མི་འཐད་ཅིང་གཉིས་སུ་མེད་པ་ནི་གཉིས་སུ་མེད་པའི་འཁྲུལ་པ་

འདི་ནི་གཉིས་སུ་མེད་པས་བསྐྱེད་པ་སྟེ། དེ་བསྐྱེད་པས་གཉིས་སུ་མེད་པ་ཡང་འཁྲུལ་ལ། དེ་ཉིད་ཀྱིས་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་སེམས་དང་སེམས་ལས་བྱུང་བ་ནི་ཁམས་གསུམ་པ་ཅན་གྱིའོ་ཞེས་གསུངས་སོ། །ཕྱི་རོལ་གྱི་སྔོན་པོའོ་ཞེས་པའི་རྣམ་པར་རྟོག་པའི་རང་རིག་པའི་བྱ་བ་

ཡིད་ལ་ཐོག་མ་མེད་པ་ནས་འཇུག་པ་དབང་པོའི་ཤེས་པའི་བྱ་བའི་རྗེས་སུ་འཇུག་ཅིང་གཅིག་ཏུ་ངང་གིས་འབྱུང་བའི་ཕྱིར་ཞེས་བྱ་ཞེ་ན་མིན་ཏེ། འཁྲུལ་པ་ཡང་རང་རིག་པའི་མཐར་ཐུག་པ་སྟེ། གཉིས་སུ་མེད་པས་ཕྱི་རོལ་དུ་དམིགས་པར་འགྱུར་བས་དེའི་འདོད་པའི་རྣམ་པར་རྟོག་པས་གསལ་

བའི་ཆ་ནི་རང་གི་སྣང་བའི་ཆ་ལ་དམིགས་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་གསལ་བ་ཐམས་ཅད་ནི་རྣམ་པར་རྟོག་པའི་ཕྱིར་ན་གཞན་གྱི་ཕྱི་རོལ་དེས་ངེས་པ་མ་ཡིན་ཏེ། ཕྱི་རོལ་གྱི་གསལ་བའི་མངོན་སུམ་མེད་དེ་དེ་ལྟར་རྟོགས་པར་མི་འགྱུར་ཞིང་སྒྲ་དོན་ནི་གསལ་བར་མངོན་སུམ་དུ་

เล่ม ๙๐ · หน้า 22a

དམིགས་པ་ཡང་མ་ཡིན་ནོ། །བདག་མེད་པས་གསལ་བར་སྦྱོར་བ་མེད་པའི་ཕྱིར་ཏེ། བདག་ཉིད་གསལ་བ་ཉིད་ན་བདག་མེད་པ་གསལ་བ་ཡང་ཡིན་ཏེ། སྨིག་རྒྱུར་གསལ་བ་ཉིད་ལ་ཆུར་གསལ་བ་མེད་དོ། །དེ་ཉིད་ཀྱིས་ན་མདོ་སྡེ་པའི་འདོད་པས་འཇིག་

རྟེན་པའི་ཕྱི་རོལ་གྱི་དོན་མེད་དེ། སྔོན་པོ་ལ་སོགས་པ་རིག་པ་ཉིད་ཀྱིས་རིག་པར་མི་འཐད་དོ། །དེས་ན་འཇིག་རྟེན་པའི་སྔོན་པོ་ལ་སོགས་པ་ལས་རྟོག་པར་ལྐོག་ཏུ་གྱུར་པ་ལ་ནི་རྗེས་སུ་འགྲོ་བའམ་ལྡོག་པ་ཡང་མེད་ལ་མེད་པས་ན་རྨི་ལམ་ལ་སོགས་པ་རྣམས་ལ། དེའི་རིགས་མཐུན་པའི་

གཏན་ཚིགས་སྲིད་པའི་ཕྱིར་ན། རང་གིས་རིག་པ་ནི་དོན་རིག་པའི་འབྲས་བུས་བལྟ་བར་བྱ་ཞེས་པ་ནི་ཤིན་ཏུ་ཡང་མི་འཐད་དེ། སྔོན་པོ་ལ་སོགས་པའི་རྣམ་པའི་འཁོར་ལོ་ལ་རང་རིག་པའི་མངོན་སུམ་གྱི་ངོ་བོ་ཉིད་མི་འགྲུབ་ལ། འབྲས་བུ་མི་དམིགས་པས་དམིགས་པ་ཉིད་སྐྱེད་པར་ཞེས་པའི་

དམ་པ་མ་ཡིན་པ་འདི་ནི་མདོ་སྡེ་པའི་འདོད་པའོ། །དེ་ནས་སྣ་ཚོགས་པ་ནི་རྣམ་པར་རིག་པ་ཙམ་ཉིད་ལ་མ་རིག་པའི་བདག་ཉིད་ཅན་གྱིས་རྣམ་པར་བརྟགས་པས་ཕྱི་རོལ་མ་ཡིན་པ་ལ་ཕྱི་རོལ་དུ་སོང་ནས་སྐྱེ་བར་འགྱུར་ཞེ་ན། མིན་ཏེ། རང་རིག་པ་ཙམ་ལ་ནི་རྣམ་པར་རྟོག་པ་གཞན་ལ་བརྟེན་པའི་

མ་རིག་པ་ཉིད་ཀྱང་མེད་དོ། །དེ་ནས་མི་འཛིན་ཀྱང་གཞན་དུ་འཇུག་པའི་སྐྱེད་པ་པོར་དམིགས་ན། དེ་ལྟ་ན་ཡང་རྣམ་པར་རྟོག་པ་རྣམ་པ་གང་གིས་ཉེ་བར་སྐྱེད་པར་བྱེད་པ་མེད་པ་ཉིད་ཀྱིས་ཕྱི་རོལ་འདི་ཉིད་ཞེས་པ་ལ་སོགས་པ་དམིགས་པའི་ངོ་བོའི་དོན་གྱི་བྱ་བས་དྲན་པ་དང་འདོད་པ་ལ་སོགས་པའི་

རྒྱུན་གྱིས་བྱེད་ལ། དེ་ལས་དོན་གྱི་བྱ་བ་དོན་དུ་གཉེར་བས་ཕྱི་རོལ་གྱི་དོན་དང་རྗེས་སུ་མཐུན་པ་ལ་ཞུགས་པས་མངོན་པར་འདོད་པའི་དོན་གྱི་བྱ་བ་ཐོབ་པ་ནི་གཞན་དུ་ན་དཔྱད་མི་དགོས་ཏེ། འདི་ལྟར་ཡང་གཞན་གྱི་ཕྱི་རོལ་གྱི་རིག་པ་མེད་པ་ལ་དེས་ཁྱད་པར་ཅན་དུ་རབ་ཏུ་འཇུག་པའི་ངེས་པ་སྐྱེད་པ་པོ་

ཉིད་ཀྱི་རང་རིག་པའི་མཐར་ཐུག་པའི་རྣམ་པར་རྟོག་པ་ནི་མི་སྲིད་དོ། །དམིགས་པ་ལ་སོགས་པ་ལ་ཡང་རང་རིག་མཐར་ཐུག་པ་འདིའོ་ཞེས་འཇུག་པའི་ངོ་བོ་མེད་ལ་དམིགས་པ་མེད་པས་ཕྱི་རོལ་གྱི་འཁྲུལ་པའི་རྣམ་པར་རྟོག་པའི་སྒྲོ་བཏགས་ཀྱི་མངོན་པར་རློམ་པས་འཛིན་པ་ལ་འཛིན་པ་ཉེ་བར་བཏགས་

เล่ม ๙๐ · หน้า 22b

པའི་ཐེ་ཚོམ་དང་ངེས་པ་དག་ཏུ་མངོན་པར་ཞེན་པ་ནི་རྣམ་པར་བཏགས་ན་ཁ་ཕྱིར་ཕྱོགས་པ་ཉིད་དེ། གཞན་གྱི་ངོ་བོ་རང་གི་ངོ་བོ་ལ་རབ་ཏུ་བསྒྲིབས་ནས་ཕྱི་རོལ་དང་གཅིག་ཏུ་བྱེད་པ་ལ་སོགས་པའི་སྒྲ་ལ་འཇུག་པའི་རྒྱུ་མཚན་གྱི་དབྱེ་བ་ནི་དམིགས་པའི་རབ་ཏུ་དབྱེ་བ་ལ་རང་རིག་པ་ཙམ་དུ་ཆུད་པ་

ཉིད་ཅེ་ན་ནི། གཟུང་བ་དང་འཛིན་པའི་འཁྲུལ་པའི་མ་རིག་པའི་འཁོར་བའི་གང་དེ་མེད་པས་གཉིས་སུ་མེད་པས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ལ་འབད་མི་དགོས་པར་མངོན་སུམ་དུ་བྱས་ཞེས་པས་སེམས་ཅན་རྣམས་ཐམས་ཅད་རྟག་ཏུ་དེ་ལྟར་གྲོལ་བའི་སངས་རྒྱས་སུ་འགྱུར་རོ། །གང་

ཡང་གཞན་ལ་ལྟོས་ཏེ་བློ་མི་གསལ་བའི་འཁྲུལ་པའི་རྣམ་པར་རྟོག་པ་དུ་མ་ནི་རང་གི་ངོ་བོར་ནི་ཐམས་ཅད་མི་འཁྲུལ་པར་གཞན་གྱི་ངོ་བོར་ནི་ཕྱིན་ཅི་ལོག་ཏུ་འགྱུར་ཅེས་ཁྱོད་ཀྱིས་འདོད་ན། གཞན་གྱི་དང་སོ་སོར་སྣང་བ་ལ་དམིགས་པ་དག་ནི་མི་སྦྱོར་ཏེ། མི་གསལ་བར་ངེས་པའི་ཕྱིན་ཅི་ལོག་

གི་ཐེ་ཚོམ་ངེས་པ་ཕྱི་རོལ་དུ་མངོན་པར་འདོད་པའི་མི་མཐུན་པའི་ཕྱོགས་ལ་ཞུགས་པས་སྒྲ་དོན་གྱི་རྣམ་པ་ཡོད་པ་བཀག་པ་ལ་རབ་ཏུ་འཇུག་པ་དང་ལྡོག་པ་ལ་སོགས་པའི་ཐ་སྙད་རྒྱུན་ཆད་པར་འགྱུར་རོ། །འོན་ཏེ་འཁྲུལ་པ་དང་ནི་མ་འཁྲུལ་པ། །བརྟགས་དང་མ་བརྟགས་པ་དག་ནི། །

དཀར་པོ་ནག་པོ་ལ་སོགས་པའི། །དབང་པོ་ལས་སྐྱེས་མཐའ་དག་ནི། །ཤེས་པ་ལས་གཞན་ཐ་དད་དེ། །ལྷན་ཅིག་དམིགས་ཀྱི་སྔ་མ་དང་། །ཕྱི་མ་ཉིད་ནི་རིག་པ་མེད། །ཅེས་པ་སྣ་ཚོགས་གཉིས་སུ་མེད་པའི་རྣམ་པར་ཤེས་པའི་ཕྱོགས་ལ་འདི་ཤིན་ཏུ་ཡང་ཐལ་བར་འགྱུར་རོ། །

དེས་ན་འདི་མི་འདོད་པ་མེད་ན་འདི་ཇི་ལྟར་རིགས་པས་སྐྱེད་པ་ཉིད་དེ་ལྟར་མི་འགྱུར་ཞེ་ན། ཇི་ལྟར་ནི་མི་འདོད་པ་མ་ཡིན་ཏེ། དེ་ཉིད་ཀྱིས་ན་གཉིས་སུ་མེད་པའི་རིའི་རྩེ་མོ་ལ་ཞོན་པ་ལ་འཇུག་པ་དང་ལྡོག་པ་མེད་དེ་དེས་འདི་ལྟར་འཁོར་བ་ཞེས་པ་དང་དེའི་རྒྱུ་ཇི་ལྟར་དུ་འདོད་ཅེས་བརྗོད་

དེ། སེམས་ཀྱི་འཇུག་པས་འཕངས་པའི་ཀུན་ཏུ་བརྟགས་པ་ལས་བྱུང་བའི་སྟོབས་ཀྱིས་བདག་ཉིད་ཅན་གྱི་བག་ཆགས་ཀྱང་འབྱུང་བར་མི་འགྱུར་བས་དགེ་བའི་ལས་ཕ་རོལ་ཏུ་ཕྱིན་པ་དག་གི་ལམ་ལ་གོམས་པར་བྱེད་པ་ཡང་དོན་མེད་པར་འགྱུར་བས་གང་ཡང་གོམས་པར་མི་བྱེད་ལ།

เล่ม ๙๐ · หน้า 23a

མི་དགེ་བའི་ལས་སྲོག་ཆགས་གསོད་པ་ལ་སོགས་པ་ལ་ལྡོག་པ་ཡང་མི་སྲིད་པ་ཉིད་དོ། །རང་རིག་པ་ཉིད་ནི་གཅིག་པུ་གཉིས་སུ་མེད་པ་ལས་གཞན་མེད་པའི་ཕྱིར་ན་གང་ཇི་ལྟར་སྣང་བ་དེ་ཤེས་པའི་ངོ་བོ་ལ་དེའི་དེ་ཉིད་གལ་ཏེ་ཡང་འཁོར་བར་འཇུག་ན་ནི་དེ་ལྟར་ན་ནི་ཐར་པར་

ནམ་ཡང་མི་འགྱུར་ལ། གྲོལ་བའི་གནས་སྐབས་སུ་གྱུར་ཀྱང་གཉིས་མེད་ལ་གཉིས་མེད་གཞན་སྐྱེ་བར་འགྱུར་བས་དེ་ཉིད་དུ་འཇུག་པ་སྟེ། ཁྱོད་ཀྱི་འདོད་པས་ནི་འཁོར་བར་འདོད་པའི་གནས་སྐབས་ཀྱིས་འདི་འདྲའོ་ཞེས་པའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ཀྱི་འཁོར་བར་ཐམས་ཅད་དུ་

འགྱུར་གྱི་རྣམ་པར་བྱང་བར་གང་དུ་ཡང་མིན་ནོ། །འདིར་མ་བརྟགས་ན་ཉམས་དགའ་བའི་བྱིས་པ་ལ་ཀུན་ཏུ་མ་གྲགས་པའི་ཐ་སྙད་དུ་ཉེ་བར་གཟུང་བའི་སྒྲོ་བཏགས་པའི་ཐ་སྙད་ཀྱི་བདག་ཉིད་མི་འཁྲུལ་པའི་ཀུན་རྫོབ་ལ་ཐམས་ཅད་དུ་གཞན་དུ་སྒྲོ་འདོགས་པ་ཉིད་ནི་འཁྲུལ་པ་ལ་གནས་སོ་ཞེ་ན། རྣམ་

པར་བརྟགས་པ་ནི་རྗེས་སུ་དཔག་པས་སམ་མ་ཡིན་པ་དགག་པའི་མངོན་སུམ་གྱི་ཤེས་པ་གཞན་གྱིས་ཏེ། དེ་ལ་རང་རིག་པའི་མངོན་སུམ་གྱིས་ངེས་པ་ནི་རྟོགས་པ་མེད་ལ་ཡུལ་ལ་ལྟོས་ན་ནི་རྟོག་པ་ནི་ཤེས་ན་གཞན་ནི་རྟོག་པ་ཉིད་དེ། དེ་ལ་རྣམ་པར་རྟོག་པས་རྣམ་པར་རྟོག་པ་རང་དགར་ཏེ་

བདག་ཉིད་ཀྱི་བདག་ཉིད་ངེས་པར་རྟོགས་པ་ཡིན་ཞེས་བརྗོད་པ་སྟེ། རྣམ་པར་རྟོག་པ་གཞན་གྱིས་རྟོགས་པ་ལ་སྦྱོར་བ་མ་ཡིན་པའི་ཕྱིར་ལ་དེ་ཡང་རང་རིག་པའི་མངོན་སུམ་ཉིད་ནི་རྣམ་པར་རྟོག་པར་མི་རིགས་སོ། །དེའི་ཕྱིར་གཟུང་བ་དང་འཛིན་པའི་རྣམ་པ་མེད་པའི་སྟོང་པ་ཚུ་རོལ་མཐོང་བ་རྣམས་ཀྱིས་རིག་

པར་འགྱུར་བའི་ཤེས་པའི་དེ་ཁོ་ན་ཉིད་ཀྱི་འདིར་དོན་དམ་པར་རང་རིག་པར་ཡོད་པ་མ་ཡིན་པར་ནི་མངོན་སུམ་གྱིས་མ་གྲུབ་ལ། རྗེས་སུ་དཔགས་པས་ཀྱང་མི་འགྲུབ་སྟེ། རང་བཞིན་ལས་སྐྱེས་པའི་རྟགས་མེད་དེ། རང་བཞིན་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །འབྲས་བུའི་རྟགས་

ལས་སྐྱེས་པ་ཡང་མིན་ཏེ། གཉིས་སུ་མེད་པ་དེ་དང་ལྷན་ཅིག་གང་དུ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་མ་གྲུབ་སྟེ། དེ་དབང་པོ་ལས་ཤིན་ཏུ་འདས་པའི་ཕྱིར་དང་དེ་ལས་གཞན་པའི་འབྲས་བུ་ཡང་ཡོད་པ་མ་ཡིན་ཞིང་། གཉིས་སུ་མེད་པས་ནི་རྒྱུ་དང་འབྲས་བུའི་དངོས་པོར་འཛིན་པ་ཡང་

เล่ม ๙๐ · หน้า 23b

མིན་ནོ། །མི་དམིགས་པ་ནི་མེད་པས་བསྒྲུབ་པའི་གོ་སྐབས་མེད་དོ། །དེ་ནས་གང་གསལ་བར་བྱེད་པ་དེ་ཤེས་པ་སྟེ། དཔེར་ན་རྨི་ལམ་དུ་མཐོང་བའི་གསལ་བ་བཞིན་ཏེ། སྔོན་པོ་ལ་སོགས་པ་ཡང་ངོ་ཞེས་སྔོན་པོ་ལ་སོགས་པར་གསལ་བར་བྱེད་པ་ཉིད་ཀྱང་རང་བཞིན་གྱི་གཏན་

ཚིགས་ཀྱིས་རྣམ་པར་ཤེས་པའི་ཐ་སྙད་ཙམ་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་ནི་ཕྱི་རོལ་དུ་རྣམ་པར་ཆད་པའི་ཡུལ་དུ་གསལ་བར་བྱ་བ་ཉིད་དུ་ངེས་པར་འབྱེད་པས་གསལ་བར་བྱེད་པ་ཞེས་མ་གྲུབ་པ་ལ་གསལ་བར་བྱེད་པའི་སྔོན་པོ་ལ་སོགས་པ་ཞེས་པའི་ཚིག་ནི་གསལ་བར་བྱེད་

པའི་བྱེད་པ་པོའི་ཆོས་ཀྱི་གཏན་ཚིགས་ཏེ། རང་རིག་པའི་མངོན་སུམ་མ་གྲུབ་པས་དེའི་འཐད་པ་མ་གྲུབ་པའི་ཕྱིར་ཇི་ལྟར་ན་གསལ་བར་བྱེད་པའི་གཏན་ཚིགས་ལ་བདེན་པར་རང་གསལ་བར་ཡོད་པ་ཐ་སྙད་ཀྱི་བྱ་བ་མ་གྲུབ་པའི་གསལ་བས་གསལ་བ་གྲུབ་ཅེས་པ་ནི་མེད་དེ། ཕན་ཚུན་

རྟེན་པའི་སྐྱོན་གྱིས་ན་གཅིག་ཀྱང་མ་གྲུབ་པ་མིན་ནོ། །ཐ་སྙད་དུ་ཡང་སོ་སོ་སྐྱེ་བོས་རྣམ་པར་མ་བརྟགས་པས་གཟུང་བ་དང་འཛིན་པ་ལ་ཐེ་ཚོམ་མེད་པར་ཐ་སྙད་བྱེད་ཀྱི་གང་དུ་རང་རིག་པའི་མངོན་སུམ་གྲུབ་པའི་ཐོས་ཟློས་ཙམ་ཡང་མེད་པ་གང་དེ་ནི་བསྒྲུབ་པར་བྱ་བ་མ་ཡིན་པར་བརྗོད་དོ། །

རྨི་ལམ་དང་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་ལ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་བྱེད་དག་ཏུ་ཁྱབ་པ་ངེས་པ་མེད་པས་གཏན་ཚིགས་མ་ངེས་པ་ཉིད་དོ། །དེ་ནས་གཞན་གྱི་དབྱིབས་ཀྱི་གསལ་བའི་ལས་དང་ཆོས་ཐ་དད་པའི་དབྱིབས་ནི་བྱེད་པ་པོའི་ཆོས་དང་སྟེ་གཉི་ག་ཁས་མ་བླངས་ན་སྔོན་

པོ་ལ་སོགས་པའི་གསལ་བ་ཙམ་པོའི་བསྒྲུབ་པར་བྱ་བ་ཅན་གྱི་དབང་པོའི་མངོན་སུམ་ན་ནི་གྲུབ་པ་ལ་སྒྲུབ་པ་སྟེ། འདི་ནི་གདོད་ནས་གཉིས་མེད་རིགས་པར་བཤད་པ་ནི་གསལ་བའི་བདག་ཉིད་མི་ཟློགས་སྟེ། འདི་ཉིད་གང་གིས་བཟློག་ཀྱང་ནི། །མི་ཟློགས་མངོན་སུམ་ཉིད་མཐོང་ངོ་། །ཞེས་

ཏེ། དེ་ལྟར་ན་ནི་དབང་པོའི་མངོན་སུམ་གྱིས་རྟོགས་བཞིན་པའི་སྔོན་པོ་ལ་སོགས་པའི་གསལ་བའི་ལས་ལ་ཆོས་སུ་བཤད་པར་འགྱུར་ལ། འོན་ཏེ་གཉི་ག་མ་ཡིན་པའི་ཆོས་ཉིད་ཀྱིས་གསལ་བ་ཙམ་གྲུབ་ཀྱང་། རང་རིག་པའི་བསྒྲུབ་པར་བྱ་བའི་དཔེ་སྔོན་དུ་བཤད་པའི་རིགས་

เล่ม ๙๐ · หน้า 24a

པས་ཁྱབ་པ་མ་ངེས་པས་མ་ངེས་པ་ཁོ་ན་བས་འདིར་རྗེས་སུ་དཔག་པས་ཀྱང་བདག་ཉིད་ཀྱིས་རིག་པ་མ་གྲུབ་པའོ། །འདི་ཉིད་ཀྱིས་ན་སྒྲ་དོན་རྣམ་པར་རིག་པར་སྨྲ་བའི་སློབ་དཔོན་ཞི་བའི་འཚོ་དང་དེའི་འདོད་པའི་རྗེས་སུ་འབྲང་བའི་སེང་གེ་བཟང་པོ་ལ་སོགས་པས་ཀུན་རྫོབ་ཏུ་ཡང་

ཕྱི་རོལ་མེད་པས་གཉིས་སུ་མེད་དེ། ཀུན་རྫོབ་ཏུ་སྔོན་པོ་ལ་སོགས་པ་ནི་རང་རིག་པའི་མངོན་སུམ་གྱི་བདག་ཉིད་ཅན་གྱི་སྒྲ་དོན་ལ་དོན་དམ་པར་ནི་ངོ་བོ་ཉིད་མེད་ཅེས་པའི་འདོད་པ་ནི་མི་འཐད་དེ། སྔོན་པོ་ལ་སོགས་པ་ནི་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་མ་གྲུབ་པས་འདིར་སྔོན་པོ་ལ་སོགས་

པའི་རྣམ་པའི་འཁོར་ལོ་རིག་པའི་ངོ་བོ་ཉིད་ཅེས་པར་འདོད་པ་ནི་མི་རིགས་པ་ཉིད་དེ། རྣམ་པ་མེད་པའི་རྣམ་པར་ཤེས་པ་ནི་རང་ཉིད་གསལ་བར་བྱེད་པས་སྔོན་པོ་ལ་སོགས་པའི་སྒྲ་དོན་གསལ་བར་བྱེད་པ་དེ་ཉིད་ཀྱང་མ་ཡིན་ཏེ། སྔོན་པོ་ལས་གཞན་པའི་རྣམ་པ་མེད་པ་མངོན་སུམ་གྱིས་གསལ་བ་ཡང་མ་

ཡིན་ཏེ། རྨི་ལམ་དུ་ཡང་ཉམས་སུ་མྱོང་བ་དེ་ཇི་སྲིད་པའི་གནས་སྐབས་སུ་ཡང་སྟེ། དེ་ཉིད་ཀྱིས་ན་རྟག་པར་ལྐོག་ཏུ་གྱུར་པའི་གསལ་བ་ལ་རྗེས་སུ་འགྲོ་བ་དང་ལྡོག་པས་རྗེས་སུ་རྟོགས་པའི་རྟགས་ཅུང་ཟད་ཀྱང་ཡོད་པ་མིན་ཞེས་པས་ན་རྗེས་སུ་དཔག་པ་དེ་ངེས་པ་ཡང་མ་ཡིན་ལ། གང་

ཡང་རང་གི་རྒྱུད་ཀྱི་གསལ་བའི་བདག་ཉིད་རྗེས་སུ་དཔག་པས་ངེས་ཞེས་པ་འདི་ནི་གསལ་བར་བྲམ་ཟེའི་ལྟ་བ་སྟེ། དེ་ལ་འདིར་གང་སྣང་དུ་རུང་བའི་བདག་ཉིད་མི་དམིགས་པར་བྱེད་པ་ནི་མེད་པའི་ཐ་སྙད་དུ་བྱ་སྟེ། འདིར་སྔོན་པོ་རྟོགས་པར་བྱེད་པས་རྟོགས་པ་གྲུབ་ན་དེ་ཡང་རྣམ་པ་མེད་པས་སྔོན་

པོ་ལ་སོགས་པ་ལ་གནོད་པའི་ཕྱིར་རོ། །དེ་ལ་བ་ལང་ཁྲ་བོ་གང་ཞིག་མཐོང་བར་བྱེད་པ་དང་ཁྲ་བོའི་ཕྲུ་གུ་དག་ལ་བ་ལང་དག་ཉིད་དུ་སོ་སོར་རྟོགས་པ་ཡོད་པ་ལ་བ་ལང་ཉིད་དུ་ཡང་མངོན་སུམ་གྱིས་གྲུབ་བོ་ཞེས་པ་ན་ནི། ཇི་ལྟར་གོང་བུ་ཙམ་དུ་རྟོགས་པ་ཐ་དད་པས་ནི་ཐ་དད་པའི་ལམ་དུ་མིན་ཏེ།

དེ་ལྟར་དཀར་པོ་ཙམ་དུ་རྟོགས་པར་བྱེད་པ་དང་ཐ་དད་དུ་གསལ་བ་མ་ཡིན་ཀྱང་མ་རིག་པའི་དབང་གིས་གསལ་བ་དང་། སྔོན་པོ་དག་ཐ་མི་དད་པར་གསལ་ཞེ་ན། སྤྱི་དང་རྫས་དག་ལ་ཡང་དེ་བཞིན་དུ་འགྱུར་ལ་ཅི་མ་རིག་པའི་དབང་གིས་སོ་སོར་མྱོང་བའི་དོན་མེད་པ་ཉིད་དུ་ནུས་ཞེས་པ་ནི་གཉི་ག་ལ་

เล่ม ๙๐ · หน้า 24b

ཡང་ཐེ་ཚོམ་མོ། །གལ་ཏེ་སྔོན་པོར་མཐོང་བ་ཁོ་ན་གསལ་བའི་སྣང་བ་ན། དེ་ལྟ་ན་ནི་གོང་བུ་མཐོང་བ་ཁོ་ན་སྤྱི་ལ་སོགས་པ་ཡང་མཐོང་ཞེས་པ་ནི་ནུས་པའོ། །གནོད་བྱེད་སྐྱེ་བོ་ལ་སོགས་པས་མི་གནོད་དེ། རྟོགས་པའི་ཐ་དད་པ་ཡིན་ཞེ་ན། གནོད་པ་མེད་པར་མ་གྲུབ་སྟེ།

སྔོན་པོ་ཐ་དད་དུ་གསལ་བ་མེད་པའི་ཕྱིར་གཞན་གྱི་བདག་ཉིད་ཀྱིས་གསལ་བ་གང་དེས་སྔོན་པོ་ཅུང་ཟད་གསལ་བ་མེད་དོ། །མར་མེས་བུམ་པ་གསལ་བས་གསལ་བ་བཞིན་ནོ་ཞེ་ན། དེ་ལ་ཡང་གལ་ཏེ་ཐ་དད་ན་དེ་བཞིན་ཁོ་ནར་འགྱུར་ལ་དེས་གཞན་བདེན་པ་མ་ཡིན་པ་ལ་བདེན་པ་

ཡང་གསལ་བ་མེད་དོ། །སྔོན་པོ་ནི་གཞན་ཉིད་དུ་མེད་པའི་ཕྱིར་སྒྲ་དོན་ནོ་ཞེ་ན། གཞན་ཉིད་དུ་མེད་ན་གསལ་བའི་རང་བཞིན་ཡང་ཡོད་པར་མི་འགྱུར་ཞེས་པ་ཉིད་དེས་ན་འདིའི་རིགས་པ་མེད་པར་འགྱུར་རོ། །མ་རིག་པའི་དབང་གིས་རྗེས་སུ་མེད་ཀྱང་སྔོན་པོའི་སྒྲ་དོན་དུ་གསལ་བར་

བྱེད་ལ་སྔོན་པོ་དང་གསལ་བ་བདག་ཏུ་བཏགས་པ་ཡང་དེའི་བདག་ཉིད་ལ་སོགས་པའོ་ཞེས་པའི་འདོད་པ་ནི་ཅི་ཡང་མིན་ཏེ། ཤེས་པ་རྣམ་པ་ཐམས་ཅད་རང་རིག་པ་ཙམ་པོ་ཉིད་དུ་བརྟགས་པའི་དམིགས་པ་ལ་སོགས་པ་བཀག་པའི་ཕྱིར་རོ་མ་རིག་པའི་དབང་གིས་དེ་ལྟར་གྲགས་ཞེས་པའི་མ་

རིག་པས་སྔོན་པོ་ལ་གསལ་བར་བྱེད་པ་ཉིད་ན་མ་རིག་པའི་སྐྱེད་པ་པོར་གྱུར་པས་གསལ་བར་མི་འགྱུར་ཞེས་པ་ནི་སྔོན་པོ་སྒྲ་དོན་དུ་རྟོགས་པར་ཡང་མི་འགྱུར་རོ། །སྒྲ་དོན་གྱི་སྔོན་པོ་ལ་སོགས་པ་ནི་འབྲས་བུ་ཉིད་དུ་མེད་ཅེ་ན་མིན་ཏེ། རང་ཉིད་གྲུབ་པ་ལ་གཞན་གྱི་བྱ་བ་ལ་ལྟོས་པ་དང་བཅས་

པ་ལ་ནི་འབྲས་བུར་བརྗོད་ལ། སྔོན་པོ་ནི་ཡུལ་དུས་ངེས་པས་སྐྱེས་པས་འབྲས་བུ་གཞན་བཞིན་དུ་ཇི་ལྟར་གཞན་ལས་འབྱུང་བར་མི་འདོད། སྔོན་པོ་ནི་གཞན་ལས་སྔོན་པོ་སྐྱེ་བ་མཐོང་བ་དེའི་ཕྱིར་མེད་པས་ཤེས་པ་ནི་སྣང་བ་མེད་པའི་ཞེས་པ་ལ་སོགས་པ་ནི་འདོད་པས་རྟོགས་པར་བྱས་ཏེ། མ་

མཐོང་བ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་མི་རྟོག་པས་མི་འགྲུབ་བོ། འདིར་བདེ་བ་ལ་སོགས་པ་ཅན་གྱི་རྗེས་སུ་གཟུང་བ་ལ་སོགས་པའི་བདག་ཉིད་ཅན་ནི་རང་གི་ནང་དུ་གསལ་བར་བྱེད་ལ། བདེ་བ་ལ་སོགས་པའི་རྣམ་པ་ཉིད་ལ་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་གནས་པར་རྣམ་

เล่ม ๙๐ · หน้า 25a

པར་མེད་པའི་ཤེས་པས་རློམ་པར་བྱེད་པའི་གནས་པ་ནི་དོན་དེ་ལ་མ་རིག་པའི་དབང་གིས་རྣམ་པར་ཆད་པའི་ཡུལ་དུ་སྔོན་པོ་ལ་སོགས་པའི་སྒྲ་དོན་གྱིས་གསལ་བ་ཅན་དུ་ཉམས་སུ་མྱོང་བར་འགྱུར་ལ། སྒྲ་དོན་དོན་དམ་པར་མེད་པའི་ཕྱིར་ན་དེ་ལ་ལྟོས་པས་འདིར་འཛིན་

པ་ཡང་མ་ཡིན་ཞེས་པས་ན་གཉིས་སུ་མེད་ཅེས་བྱ་ཞེ་ན། རང་རིག་པ་ཙམ་ལ་ནི་བདེ་བ་ལ་སོགས་པ་མེད་ལ། གཞན་རིག་པ་ན་མ་རིག་པ་མི་སྲིད་པའམ་འཛིན་པ་མེད་པའི་ཕྱིར་ཇི་ལྟར་གཞན་རིག་སྟེ། དེ་ཡང་ཐམས་ཅད་དུ་ཁྱད་པར་མེད་པས་དེ་སྲིད་དུ་དུས་གཅིག་ཡིན་པའི་ཕྱིར་གཞན་

གྱི་རྒྱུད་ལ་ཡོད་པའི་སྔོན་པོ་ལ་སོགས་པའི་རིག་པ་ཐ་དད་པའི་བདག་ཉིད་ཅན་གྱི་དུས་ཅན་རྣམས་འདིར་རིག་པར་ཐལ་བར་འགྱུར་ཏེ། ཚོགས་པ་གཅིག་ལ་ཡང་རག་མི་ལས་པའི་ཕྱིར་རོ། །ཁྱོད་ཀྱི་འདོད་པས་ནི་སྒྲ་དོན་གྱི་སྔོན་པོ་ལ་སོགས་པར་འབྲས་བུར་མི་འགྱུར་ཏེ། རག་མི་ལས་པ་ཉིད་

ཅེས་པ་སྟེ། རྒྱུ་གཅིག་ལས་བྱུང་བ་རྣམས་ཀྱང་ལྷན་ཅིག་ཏུ་ཡོད་པར་དེས་རིག་པ་ཡང་མིན་ཏེ། དུས་གཅིག་པར་རང་རང་གི་ངོ་བོ་ངེས་པ་ཉིད་ཀྱིས་རང་དང་གཞན་གྱི་ངོ་བོ་ཡོངས་སུ་སྤངས་པའི་ཕྱིར་རོ། །གང་ཡང་ཉེ་བར་ལེན་པ་མེད་པ་རྣམས་ནི་ཀུན་རྫོབ་ཏུ་ཡང་མེད་པས་ཚུ་རོལ་མཐོང་བའི་སྤྱོད་ཡུལ་

མིན་པའི་རྣམ་པ་མེད་པའི་ཤེས་པར་གཅིག་ཏུ་བདེན་པར་འདོད་དེ་ཇི་ལྟར་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་འདོད་ལ། དེ་ལ་བདེན་པའི་རང་རིག་པའི་རང་གི་རྒྱུད་ལ་ལྐོག་ཏུ་གྱུར་པ་རྗེས་སུ་དཔག་པས་སྒྲུབ་ཅེས་པའི་རྟགས་ནི་སྒྲ་དོན་གྱིས་སྔོན་པོ་ལ་སོགས་

པ་ཅན་ནོ་ཞེས་པ་ཉེ་བར་དགོས་པ་ནི་མི་རིགས་སོ། །ཉེ་བར་ལེན་པའི་ཀུན་རྫོབ་དེ་ཀུན་རྫོབ་ཏུ་གང་ཞིག་དེའི་རྗེས་སུ་འགྲོ་བ་དང་ལྡོག་པས་རྗེས་སུ་བརྟགས་ན་མ་དམིགས་པ་ལས་ས་བོན་དང་མྱུ་གུ་ལྟ་བུ་ནི་མི་མཁས་པ་ལ་མཁས་པར་མངོན་པར་རློམ་པའི་ཤེས་པ་ལ། དངོས་པོ་མེད་པའི་ངོ་བོའི་

ཀུན་རྫོབ་ཀྱིས་རང་གི་ངོ་བོས་དངོས་པོ་མེད་པར་གྱུར་པ་ཉིད་ལ་ས་བོན་དུ་རིགས་པའི་དངོས་པོར་མེད་དེ། དེའི་དེ་འགལ་བའི་ཕྱིར་རོ། །དོན་དམ་པའི་ས་བོན་ནི་གང་དུ་ཡང་མེད་པས་རྗེས་སུ་འགྲོ་བ་ལ་སོགས་པ་མ་གྲུབ་པ་སྒྲ་དོན་གྱི་སྔོན་པོར་སྣང་བ་ཉིད་ཅེས་པ་ལ་ནི་གང་དུ་འཇུག་སྟེ། ཤེས་པ་ལ་

เล่ม ๙๐ · หน้า 25b

སོགས་པ་ལ་མཉམ་པར་བརྟེན་པས་བདག་སྨྲ་བ་དང་འདྲ་བ་ཉིད་དོ། །ཁྱད་པར་གྱི་གཞལ་བྱ་བདག་ཉིད་ཀྱིས་མི་གསལ་ཡང་དེ་གནས་པ་མི་འགལ་ཞེས་པའི་གསལ་བ་བདག་ཉིད་ཀྱིས་བརྗོད་པར་མི་ནུས་པ་ལ་ནི་སུན་འབྱིན་པ་གཞལ་བྱ་ལ་ལྟོས་པ་མེད་དོ། །འདི་རྣམས་ཀྱིས་ནི་གང་ཞིག་

རྟོགས་པ་ཙམ་གྱི་རྗེས་སུ་འཇུག་པའི་ངོ་བོ་ཀུན་གཞིའི་རྣམ་པར་ཤེས་པ་ནི་དངོས་པོ་སྔོན་པོ་ཞེས་པ་ལ་སོགས་པའི་ངོ་བོས་རྗེས་སུ་འཇུག་སྟེ། དེའི་ཕྱིར་བག་ཆགས་ལ་བརྟེན་པས་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེ་བར་འགྱུར་ལ་རང་གི་སྐད་ཅིག་ལ་ནི་དེ་རྣམས་ཀྱང་ཡང་ཀུན་གཞིའི་རྣམ་པར་

ཤེས་པ་ལས་སྔོན་པོ་ལ་སོགས་པའི་ཤེས་པ་དེ་རྣམས་ནི་མེད་དེ། བག་ཆགས་ལ་གནོད་པ་བྱེད་ན་ནི་སྔོན་པོ་ལ་སོགས་པའི་དངོས་པོ་མེད་པ་བསྒོམས་པར་འགྱུར་བས། དེས་སྟོང་པའི་རྣམ་པར་ཤེས་པ་ཙམ་སྐྱེས་ནས་གཉིས་སུ་མེད་པའི་རྣམ་པར་ཤེས་པ་མངོན་སུམ་དུ་བྱེད་ཅེས་

བཤད་དེ་དེ་ལ་རྣམ་པ་མེད་པའི་ཀུན་གཞིའི་རྣམ་པར་ཤེས་པ་དང་སྔོན་པོ་ལ་སོགས་པའི་ཤེས་པའི་རྣམ་པ་དང་བཅས་པ་དེ་ཉིད་དཔྱད་དེ་རྣམ་པར་ཤེས་པ་གཅིག་ལ་ནི་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་ཞེས་པ་ནི་ཕན་ཚུན་འགལ་བ་དེ་ཇི་ལྟར་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པ་

རྣམས་ཀྱི་རྣམ་པ་དང་བཅས་པ་ཉིད་ལ་རྣམ་པ་མེད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཡང་དེའི་ངོ་བོས་རྗེས་སུ་འཇུག་པ་ཡང་དཔྱད་པར་བྱ་སྟེ། གཅིག་ལ་གཉིས་ཀྱི་བདག་ཉིད་ཅེས་པ་འདི་ནི་སྐྱེས་བུ་ང་རྒྱལ་ཅན་གྱི་འཁྲུགས་པའི་བཤད་པ་སྟེ། དེ་བརྟག་པ་ལ་དགོས་པ་མེད་དོ། །གང་

འདིའི་འདོད་པས་དབེན་པའི་སྔོན་པོ་ལ་སོགས་པའི་རྣམ་པའི་ཤེས་པ་ནམ་མཁའ་བཞིན་དུ་བསྒོམ་པར་བྱས་ན་བསྒོམ་པའི་སྟོབས་རྫོགས་པ་ན། དེ་ལྟར་རྣམ་པ་མེད་དེ་གང་ཡང་གཞན་དུ་དེ་ཉིད་ནམ་མཁའ་བཞིན་དུ་ཀུན་སོན་པ་ཉིད་ཀྱིས་ཁྱབ་བོ་ཞེས་འདོད་པ་ནི་དེ་གཉི་ག་ཡང་ཤིན་ཏུ་འཁྲུལ་

ཏེ། སྔོན་པོའི་རྣམ་པ་ཤེས་པ་མི་འགྲུབ་ལ། གྲུབ་ན་དེའི་འདོད་པས་དེ་ཉིད་དོན་དམ་པའི་ངོ་བོ་ཉིད་ལ་དེའི་རྣམ་པ་བཟློག་ནས་བསྒོམས་པས་ཡང་དག་པ་མ་ཡིན་པར་འགྱུར་བས་དེས་བསྐྱེད་པའི་ཤེས་པ་ཡང་ཁོ་ན་ཉིད་མིན་ཏེ། ཟད་པར་ས་དང་། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་

เล่ม ๙๐ · หน้า 26a

མཆེད་ལ་སོགས་པ་བཞིན་ནོ། །གང་དུ་སོ་སོའི་སྐྱེ་བོའི་གནས་སྐབས་རྣམས་ལ་ཚད་མས་འཐད་པའི་རྣམ་པ་མེད་པའི་རྣམ་པར་ཤེས་པ་སྒྲ་དོན་གྱི་རྣམ་པ་ཉེ་བར་བསྡུས་ནས་བསྒོམས་པས་གསལ་བར་འགྱུར་བ་ན་རྣམ་པར་རྟོག་པ་མེད་པ་སྟེ། ཐོག་མ་མེད་

པའི་འཁྲུལ་པ་ལོག་པས་རྣམ་པའི་འཁོར་ལོ་མི་སྣང་ནས་རྣམ་པ་མེད་པའི་ཤེས་པ་འབའ་ཞིག་གསལ་བ་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་སྐུ་དེའི་ནང་ན་རྗེས་ཀྱིས་སྣང་བའོ་ཞེས་འདོད་པ་དེ་ཡང་བཅོམ་ནས་སྣང་བ་མེད་པ་ལ་མྱོང་བ་ནི་གང་དུ་ཡང་མ་གྲུབ་ལ། དེའི་རྗེས་ཀྱི་སེམས་དག་པ་འཇིག་

རྟེན་པའི་རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་བདག་ཉིད་མེད་པས་མྱོང་བ་པོ་མེད་ཅེས་པ་སྟེ། སྔར་བརྩད་ཟིན་ཏོ། །འོན་ཏེ་ཡང་དག་པའི་བདེན་པའི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་ནས་འཇིག་རྟེན་པ་བཞིན་དུ་རྣམ་པར་རྟོག་པའི་སྒྲ་དོན་སྔོན་པོ་ལ་སོགས་པ་ལ་དམིགས་པའི་ཕྱིར་

དམིགས་པ་དེ་ཡང་རྣམ་པར་དཔྱད་ཟིན་ཏོ། །དེ་ནས་རྒྱུད་ལམ་ན་གཟུགས་ཀྱི་སྐུ་བཅོམ་ལྡན་འདས་ལ་སོ་སོར་སྣང་ན། སོ་སོའི་རྣམ་པ་ཉིད་ཀྱི་སྒྲ་དོན་གྱི་གཟུགས་ཀྱི་སྐུ་གཉིས་སུ་སྒྲ་དོན་གྱི་བརྟགས་པའི་ངོ་བོའི་སྐྱེད་པ་སོ་སོར་རྩ་བའི་ཤེས་པའི་ཡོངས་སུ་སྒྲུབ་པའི་ངོ་བོ་ཡང་འཁྲུལ་པར་

འགྱུར་ལ། དེས་དེ་བཞིན་གཤེགས་པ་ཡང་འཁྲུལ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་དེ་མི་སྣང་ན་ནི་བཅོམ་ལྡན་འདས་ཀྱི་སྨོན་ལམ་དང་གདུལ་བྱའི་བསོད་ནམས་ཀྱིས་གདུལ་བྱ་རྣམས་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་སོ་སོར་སྣང་བས་རྣམ་པ་མེད་པའི་རྟོགས་

པ་ཇི་ལྟར་གྲུབ་སྟེ། གང་གི་ནི་སྨོན་པ་གང་ནི་བཅོམ་ལྡན་འདས་གང་ནི་གདུལ་བྱ་གང་གི་གང་ནི་སྲས་རུང་བའི་བསོད་ནམས་ལ་ཇི་ལྟར་གཟུགས་ཀྱི་སྐུ་དག་སོ་སོར་སྣང་བས་དེ་ལྟར་ཐམས་ཅད་དུ་ཡང་གཟུགས་ཀྱི་སྐུ་གཉིས་སུ་སྣང་བའི་མཚན་ཉིད་ཅན་ལ་སོགས་པ་གསུངས་པའི་དོན་མེད་པར་

འགྱུར་ཞེས་པའི་ལུང་གིས་འགལ་བ་ཡང་སྤང་བ་དཀའ་ལ་གང་ཡང་སྣང་བ་མེད་པའི་གསལ་བར་སྨྲ་བའི་སྔོན་གྱི་སློབ་དཔོན་རྣམས་ཀྱི་འདོད་པ་དང་ཕྱིས་ཀྱི་རྣམས་ཀྱི་འཁྲུལ་པ་བརྗོད་པར་བྱས། དེ་ནི་རབ་ཏུ་འཇུག་པར་བྱ་སྟེ། དེ་ཉིད་ནི་དོན་དམ་པར་ཡོད་པ་མ་ཡིན་ཏེ། རང་རིག་པའི་མངོན་སུམ་

เล่ม ๙๐ · หน้า 26b

སྔོན་པོ་ལ་སོགས་པའི་འཛིན་པ་དག་ཐ་དད་ཀྱང་མིན་ལ་མེད་པ་ཡང་ཡིན་ཞེས་པའི་འདོད་པ་ནི་གཉིས་ཀྱི་བདག་ཉིད་ཅན་ཡང་མེད་པ་ཉིད་དེ། དེ་ཉིད་མི་རྩོད་པ་དང་། སུན་བྱུང་བ་ཡང་ནི་གྲངས་ཅན་གྱི་གྲུབ་མཐར་འགྱུར་རོ། །གཅེར་བུ་པས་ཀྱང་རྣམ་པར་ཤེས་པ་དེ་རྣམ་པར་བྱུང་བ་དང་། རྣམ་

པར་མེད་པར་འགྱུར་བའོ་ཞེས་ཕྱི་རོལ་དང་རྣམ་པར་ཤེས་པ་དག་གང་དུ་ཡང་ཐ་དད་པ་དང་ཐ་མི་དད་པ་མེད་པས་དངོས་པོ་རྣམས་མཐའ་གཅིག་པ་ཉིད་ཀྱི་ཕྱི་རོལ་དང་ནང་ཉིད་མེད་པར་འདོད་དོ། །ཐ་དད་པའི་གསལ་བ་དག་ལས་ཐ་མི་དད་པའི་སྤྱི་ཞེས་ནི་བྱ་བ་སྟེ། ཐ་དད་པ་དང་ཐ་མི་དད་པའི་དངོས་པོ་

ཁོ་ནས་འགྲོ་བ་ཞེས་བརྗོད་དོ། །དེ་ལ་གལ་ཏེ་དཀར་པོ་དང་ནག་པོ་དག་གིས་གཉིས་ཀྱི་བདག་ཉིད་ཅན་ཉིད་ན། དེ་ལ་ཁྲ་བོ་དང་སྐྱ་བོ་དག་མཐོང་བར་བྱེད་པ་དག་ལ་ཡང་བ་ལང་ཉིད་དུ་ངེས་པ་ཡོད་པ་མངོན་སུམ་གྱིས་གྲུབ་པ་དེ་ཡང་ཞོག །ཇི་ལྟར་ཡང་གོང་བུ་ཙམ་དུ་ངེས་ཀྱི་ཐ་དད་པ་

མིན་ཏེ། གསལ་བ་ཉིད་དང་། སྔོན་པོ་ཙམ་དང་། བདེ་བ་ཙམ་དུ་གསལ་བ་ནི་ཐ་དད་པ་མིན་པས་དེ་དག་གཅིག་ཏུ་གསལ་བའོ། །གལ་ཏེ་རང་རིག་པའི་མངོན་སུམ་གྱིས་དཀར་པོ་དང་ནག་པོ་དག་ཐ་མི་དད་པར་རྟོགས་ཀྱང་མ་རིག་པའི་དབང་གིས་ཐ་དད་པར་དམིགས་པ་དེས་ན་

གཉིས་སུ་མེད་པར་ཡིད་མི་ཆེས་ན། དེ་ལྟར་ན་ནི་ཁྲ་བོ་དང་། མང་པོ་དག་གི་བ་ལང་ཉིད་ལ་ཡང་དེ་བཞིན་དུ་འགྱུར་རོ། །ཅི་མ་རིག་པའི་དབང་གིས་གཉིས་སུ་མེད་པར་དེས་མ་མྱོང་སྟེ། འདིར་མེད་པ་ཉིད་ཀྱིས་ཞེས་པ་ནི་གཉི་ག་ལ་ཡང་ཐེ་ཚོམ་དུ་འགྱུར་ལ། གལ་ཏེ་སྔོན་པོ་

དང་བདེ་བ་མཐོང་བ་ཁོ་ན་གཉིས་སུ་མེད་པར་དེས་མཐོང་བ་ན། དེ་ལྟ་ན་ནི་གོང་བུར་གང་ཞིག་མཐོང་བ་ཉིད་སྤྱི་ལ་སོགས་པར་མཐོང་བའོ་ཞེས་ནུས་པའོ། །གལ་ཏེ་ཡང་གསལ་བ་དེ་ཉིད་བདེ་བའི་ངོ་བོ་དང་། སྔོན་པོའི་ངོ་བོ་ནི་དེའི་སྔོན་པོ་འདི་ཉིད་བདེ་བར་འགྱུར་བའམ། བདེ་བ་སྔོན་

པོ་ཉིད་དུ་འགྱུར་ན། དེ་ལྟར་ཡང་མིན་ཏེ། བདེ་བ་དང་སྔོན་པོ་དག་ནི་རྣམ་པར་ཆད་པའི་ཡུལ་ཉིད་པས་སྦྱོར་བ་མེད་པར་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རོ། །འོན་ཏེ་སྔོན་པོ་དང་བདེ་བ་དག་ཀྱང་ཐ་མི་དད་པ་ཡང་མ་ཡིན་པས་རང་རིག་པའོ་ཞེས་ཏེ། གང་སྔོན་པོ་དེ་ཉིད་བདེ་བ་ཞེས་

เล่ม ๙๐ · หน้า 27a

པ་དང་། བདེ་བ་ཡང་གཞན་ལ་སྔོན་པོ་ཡང་གཞན་ཞེས་པ་ནི་ཕན་ཚུན་འགལ་ཏེ། དེས་གང་ལས་ཐ་དད་པའི་གོ་སྐབས་ཉིད་ཀྱི་མཚམས་སུ་རྟོགས་པར་བྱེད་པ་མེད་པའི་ཕྱིར་རོ། །རྣམ་པར་རིག་པ་ཙམ་གྱི་ཚུལ་གང་ཞིག་ནི་གསལ་བ་གཅིག་པུའི་ངོ་

བོ་ཡོད་དེ། མི་གསལ་བ་མེད་པའི་ཕྱིར་འདི་ཉིད་ཐ་མི་དད་པར་གནས་ལ། ཕྱི་རོལ་དག་པ་ནི་དེ་ཁོ་ན་ཉིད་དུ་མི་གསལ་བ་ཉིད་ཀྱིས་དེ་ནི་མི་དམིགས་པ་ལས་གཞན་པའི་མེད་པ་ནི་མེད་པས། དེའི་ཕྱིར་གཞན་དུ་མངོན་པར་འདོད་པའི་ཞད་ཙམ་ཡང་རྟོགས་པ་མེད་པ་ཉིད་ལ་གང་ལས་

ཐ་དད་དེ། འདས་པ་ལ་སོགས་པ་ལ་ནི་རིག་པ་མེད་དེ་མེད་པའི་ཕྱིར་དང་། དེ་ལྟར་སྔ་མ་དང་ཕྱི་མ་ཉིད་ལ་གསལ་བ་མེད་ལ། གསལ་བར་བྱ་བ་ཡང་སྔ་མ་དང་ཕྱི་མ་ཉིད་དུ་མི་སྦྱོར་བའི་ཕྱིར་ཏེ། དེ་བརྗོད་པ་ནི། འཁྲུལ་དང་མ་འཁྲུལ་བརྟགས་དང་མ་བརྟགས་པ། །དཀར་པོ་ནག་པོ་

ལ་སོགས་དབང་སྐྱེས་མ་ལུས་རྣམས། །ཤེས་ལས་གཞན་དུ་ཐ་མི་དད་པར་ལྷན་ཅིག་དམིགས། །སྔོན་དང་ཕྱི་མ་ཉིད་ལ་རིག་པ་མེད་པ་ཉིད་ཅེས་བྱ། །ཞེ་ན། ཅི་གྲུབ་པའི་མཐའ་གཡང་ས་ནི་ལྟུང་བར་བྱེད་པ་རྩོམ་པ་འདིས་ནི་གཞན་གྱི་རྒྱུད་མེད་པར་བྱེད་པར་འགྱུར་བ་སྟེ། རྒྱུད་གཞན་

སྲིད་པ་ན་ནི་ངེས་པར་རང་གི་སེམས་དེ་ལས་ཐ་དད་པ་ཅན་ལ་ཐ་མི་དད་པ་ནི་རང་གི་རྒྱུད་ལས་གཞན་གྱི་རྒྱུད་དུ་འདིར་མི་འགྱུར་རོ། །དེ་ལྟར་འདོད་པའི་ཕྱིར་མི་འགྱུར་ཏེ། གང་དུ་བརྗོད་པ། མངོན་སུམ་རང་རིག་པ་ཙམ་དང་། །གང་དུ་ཀུན་ཏུ་གནས་གྱུར་པས། །འདོད་པས་དག་ཡོད་

ཅེས་བརྗོད་པ། །འདི་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་བྱ་བ་ན། ཚུལ་ཆེན་པོའི་དེ་ཁོ་ན་ཉིད་ལས་ཕྱིན་ཅི་ལོག་པའི་སངས་རྒྱས་པས་རིག་བྱེད་ཀྱི་གྲུབ་པའི་མཐའ་ཁས་བླངས་པ་སྟེ། སྣ་ཚོགས་ཚངས་པར་སྨྲ་བ་རྣམས་ཀྱི་ནི་གཟུང་བ་དང་འཛིན་པའི་སྐྱོན་གྱིས་མ་གོས་པའི་བདག་གི་ངོ་

བོར་ཡོངས་སུ་གསལ་བའི་ཆུ་དང་། མེ་ལ་སོགས་པའི་རྣམ་པའི་རྒྱུན་ཆད་པ་མེད་པའི་རྟག་པའི་རང་རིག་པ་ཙམ་གྱི་གཉིས་སུ་མེད་པ་ནི་ཚངས་པ་ཤེས་པ་སྟེ། དོན་དམ་པའོ་ཞེས་པའི་གྲུབ་པའི་མཐའ་སྟེ། གང་དུ་སེམས་ཀྱི་འཁོར་ལོ་མེད་པའི་གཅིག་མེད་པའོ། །བདག་ཉིད་

เล่ม ๙๐ · หน้า 27b

འདིས་ནི་ནམ་མཁའ་ཁྱབ་བདག་དེ་ལྟ་ནའང་། །དེ་བཞིན་གཤེགས་པའི་དེ་ལྟར་ཐུགས་ཀྱིས་གསལ་བ་ཡི། །བསྒྲུབ་པར་བྱས་པ་དེ་ནི་ཤིན་ཏུ་དེ་ཉིད་མིན། །ཞེ་ན། དེ་ཉིད་ནི་ཅུང་ཟད་མིན་ཅིང་དེ་ཡང་ངེས་པར་དམ་པ་མ་ཡིན་ཏེ། མ་རིག་པ་དང་བཅས་པའི་ཤེས་པ་ལ་ནམ་

མཁའ་བཞིན་གྱི་ཡུལ་དང་དུས་ལ་ཁྱབ་པ་པོ་ཉིད་ཀྱི་དེ་ཁོ་ན་ཉིད་སོ་སོར་སྣང་བ་ཁྱོད་ཀྱི་ལྟར་ན། མ་རིག་པ་མེད་པའི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསལ་བ་དེ་ཡང་དེ་ཁོ་ན་ཉིད་མིན་པ་མིན། སྣ་ཚོགས་གསལ་བ་ཙམ་གྱིས་གཉིས་སུ་མེད་པ་ཞེས་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ།

ཅུང་ཞིག་དེ་ཁོ་ན་ཉིད་མིན་ཞེས་འདིར་བཅོམ་ལྡན་འདས་འཁྲུལ་པ་ཉིད་ཅེས་སྨད་པ་བརྗོད་པའི་ཕྱིན་ཅི་ལོག་གི་ལམ་འཛིན་པ་སྟེ། དེའི་ཕྱིར་ན་འདིར་ཁྱད་པར་མེད་པའི་སྣ་ཚོགས་པ་དང་འདིར་ནི་གཉིས་མེད་དང་གསལ་བའི་སྒྲ་དོན་གྱི་རྣམ་པ་དང་བཅས་པས་གཉིས་སུ་གསལ་ཞེས་པའི་

གསུམ་གོ་ཁྱད་པར་མེད་དོ། །ཐ་མའི་འདོད་པ་ཡང་ནི་སྔ་མ་བཞིན་དུ་མི་དམིགས་པས་རྒྱུད་གཞན་མེད་པར་འགྱུར་ཏེ། རྣམ་པ་མེད་པའི་ཤེས་པ་ནི་རང་གསལ་བ་ཙམ་མོ། །གཉིས་སུ་མེད་པའི་སྔ་མ་དང་ཕྱི་མ་མྱོང་བ་མེད་པའི་ངོ་བོའི་རྣམ་པ་མེད་པར་སྨྲ་བའི་སངས་རྒྱས་པས་གཞན་

གྱི་རྒྱུད་མེད་ཅེས་པ་ཁས་མི་ལེན་ཅིང་བདག་ཉིད་མེད་པའི་སྒྲ་དོན་གྱི་སྔོན་པོ་ལ་སོགས་པ་བཞིན་དུ། གཞན་གྱི་རྒྱུད་ཀྱི་གསལ་བ་མེད་པས་མེད་ཅེས་ཉིད་ནི་སྣང་བ་མེད་པའི་ཚངས་པ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་ཏེ། རྣམ་པར་འཕྲོ་བའི་ཡུལ་གྱི་རྣམ་པར་ནི་རྟོག་པའི་

བདག་ཉིད་ལ་གསལ་བ་ཙམ་པོའི་ཚངས་པ་གཉིས་སུ་མེད་པ་ནི་དོན་དམ་པ་སྟེ། ཚུ་རོལ་གྱི་གནས་སྐབས་སུ་ནི་མ་རིག་པས་ཀུན་དུ་བསྒྲིབས་པ་སྟེ། དེ་ལ་རྟག་པ་དང་ཁྱབ་བདག་ཉིད་ལ་སོགས་པའི་ཁྱད་པར་ལ་གོམས་པས་མ་ལུས་པའི་མ་རིག་པ་ཟད་ནས་དེའི་ཁྱད་པར་ལས་བྱུང་བ་

འདིར་གསལ་བར་འགྱུར་ཞེས་པ་ནི་རིག་བྱེད་ཀྱི་གྲུབ་པའི་མཐའ་སྟེ། གཞན་གྱི་རྒྱུད་མི་སྲིད་ན་ཐུགས་རྗེ་ཆེན་པོ་སྦྱིན་པ་ལ་སོགས་པའི་དགེ་བའི་ཚོགས་ལ་སོགས་པ་མེད་པས་གང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པར་བྱ་བས་སྐྱེས་བུའི་དོན་མཆོག་ཏུ་འགྱུར། ཇི་ལྟར་

เล่ม ๙๐ · หน้า 28a

ན་དེ་བཞིན་གཤེགས་པ་རྣམས་ཀྱིས་དཔག་ཏུ་མེད་པའི་གཞན་གྱི་སེམས་ཤེས་པ་ལ་སོགས་པ་ཅན་ལ་ཡང་སྨོད་པར་འགྱུར་བས་དེའི་ཕྱིར་ཐ་དད་པར་འཛིན་པ་བཞིན་ཐ་མི་དད་པར་འཛིན་པ་ཡང་ཐོང་ཤིག །དེ་འདི་ལྟར། གང་ལས་ཐ་དད་མཐོང་བ་དང་། །མ་

འདྲེས་ཐ་མི་དད་པར་ཤེས། །ཐ་དད་ཐ་མི་དད་དག་ལས། །གཞན་པའི་དངོས་དང་དངོས་འཛིན་མེད། །ཅེས་ཏེ། གང་དུ་ཡང་མེད་དོ། །དོན་དམ་པར་ནི་དངོས་པོ་གཟུང་བ་དང་འཛིན་པ་ཐ་དད་པའམ་ཐ་མི་དད་རྣམས་མེད་དེ་ངོ་བོ་ཉིད་མེད་པའི་ཕྱིར་ན་ཆོས་རྣམས་ཐམས་ཅད་ཀྱི་གཉི་ག་

མེད་པའོ། །དེ་ཉིད་སྤྲོས་པ་དེས་རིག་པའི་ཕྱིར་རོ། །བདེན་པ་ཉིད་ལ་ནི་གཟུང་བ་ལ་སོགས་པ་དང་གཞན་པའི་བྱེ་བྲག་གི་བདེན་པ་དང་མི་བདེན་པ་ལ་སོགས་པའི་སྤྲོས་པ་དང་བྲལ་ཞིང་མེད་པས་དེ་ལ་མི་སྲིད་དོ། །དེ་ཉིད་ཀྱིས་ན་རང་དང་གཞན་གསལ་བའི་ལྡོག་པའི་མ་བརྟགས་ན་ཉམས་

དགའ་བས་མྱོང་བའི་བདག་ཉིད་ཀྱི་བྱེ་བྲག་གཞན་གསལ་བ་ནི་རིགས་པ་ཁོ་ནའོ། །བེམས་པོ་ལས་ལྡོག་པ་ཙམ་གྱིས་ཀུན་རྫོབ་ཏུ་རང་གི་རིག་པའི་ངོ་བོར་ཡང་ཐ་སྙད་བྱེད་དེ་ཀུན་རྫོབ་ཏུ་ཡང་རྣམ་པར་ཆད་པའི་སྔོན་པོ་ལ་སོགས་པ་ཅན་གྱི་ཕྱི་རོལ་ཉིད་ཀྱི་དངོས་པོར་མ་བརྟགས་ན་ཉམས་དགའ་བ་དེ་

ནི་རྣམ་པར་རྟོག་པ་མེད་པའི་ཤེས་པ་དེས་ངེས་པར་འགྱུར་ལ། རྣམ་པར་རྟོག་པས་ནི་བདེན་པ་ལ་སོགས་པ་ཉིད་དུ་སྒྲོ་འདོགས། སྒྲོ་བཏགས་ནས་ཡང་ཐ་སྙད་རབ་ཏུ་འཇུག་པ་པོའི་བྱེད་པ་སྟེ། རྗོད་བྱེད་དང་ལྡན་པའི་རྗོད་བྱེད་སྦྱོར་བའི་སྦྱོར་བྱའི་དོན་གསལ་བར་མ་ངེས་པ་ནི་རྣམ་པར་རྟོག་

པའི་རྣམ་པར་འཇོག་ལ། རྣམ་པར་རྟོག་པ་ཉིད་ལ་དམིགས་པ་དང་མངོན་པར་རློམ་པ་ལ་སོགས་པ་ནི་རྣམ་གྲངས་ཏེ། དེ་ཉིད་ཀྱིས་ཁོ་ན་ཉིད་མིན་པར་སྒྲོ་བཏགས་ནས་ཕྱིན་ཅི་ལོག་པས་དེ་ཁོ་ན་ཉིད་དང་དེ་ཁོ་ན་ཉིད་མིན་པ་གཏན་ལ་མ་ཕེབས་ནས། ཐེ་ཚོམ་དང་དེ་ཁོ་ན་ཉིད་མཐའ་གཅིག་པའི་

ཡུལ་གྱི་ཕྱིར་ངེས་པ་ཞེས་པ་ལ་སོགས་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ཉིད་ལ་ཀུན་རྫོབ་ཏུ་ཕྱི་རོལ་གྱི་དངོས་པོས་གནས་པ་འདི་ཐམས་ཅད་དང་གཞན་གྱི་སེམས་ཡོད་པ་ཉིད་ནི་ཁ་ན་མ་ཐོ་བ་མེད་པའོ། །ཐོག་མ་མེད་པའི་སྲིད་པ་ནས་གོམས་པའི་ཐ་སྙད་ཀྱི་བག་ཆགས་ཀྱི་དབང་གིས་ན་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด