འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཨཥྚ་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏཱ་མརྨ་ཀཽ་མི་ཏ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๐ · หน้า 28b

བྱིས་པ་དང་བུད་མེད་ལ་སོགས་པ་དང་། ཡང་འཇིག་རྟེན་པས་སྐྱེས་བུ་ལ་སོགས་པ་ཅན་དུ་མངོན་སུམ་ཉིད་ཀྱི་སེམས་པ་དང་སེམས་པ་མེད་པ་དང་བདེན་པ་དང་མི་བདེན་པ་ལ་སོགས་པ་ཉིད་དུ་ཡོངས་སུ་གཅོད་ཅིང་། མྱུར་དུ་འཁྱུད་པ་དང་བརྡེག་པ་ལ་སོགས་པའི་དོན་ལ་ཉེ་བར་འཇུག་ལ། ཐོས་

པ་ལ་སོགས་པས་ཐེ་ཚོམ་མི་སྐྱེ་བ་ཉིད་དུ་གཞན་གྱི་སེམས་རྗེས་སུ་དཔག་སྟེ། དེ་ལྟར་ཡང་འདོད་པའི་སེམས་ཀྱི་དེ་མ་ཐག་ཏུ་ཚིག་གི་བརྗོད་པའི་བྱ་བ་སྟོན་ལ་དེ་མེད་པ་ན་མི་སྟོན་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་བདག་ཉིད་ཅན་དུ་འདོད་པའི་སེམས་དང་ལྷན་ཅིག་པས་ཚིག་ཏུ་བརྗོད་པ་ལ་སོགས་པས་

རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་པའི་བདག་ཉིད་ཀྱིས་དེའི་འདོད་པའི་སེམས་ཀྱིས་མྱོང་བའི་དུས་སུ་རྣམ་པར་ཆད་པའི་ཚིག་གིས་བརྗོད་པ་ལ་སོགས་པ་མཐོང་ནས་དེའི་རྒྱུར་གྱུར་པའི་འདོད་པའི་རྗེས་སུ་དཔོག་པར་བྱེད་པས། རྒྱུད་གཞན་ལ་གནས་པ་སྟེ། ཚད་མ་དང་གཞལ་བྱའི་དངོས་པོ་

ཐམས་ཅད་ནི་ཀུན་རྫོབ་པས་ན་ཡང་དག་པའི་ཀུན་རྫོབ་ལ་བརྟེན་པ་ཉིད་དུ་བྱ་སྟེ། གཞན་དུ་ན་ནི་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་རྨི་ལམ་ལ་སོགས་པ་བཞིན་དུ་ཇི་ལྟར་འདོད་པའི་དོན་ཀུན་ཏུ་ཐོབ་པ་ཙམ་གྱི་དོན་དམ་པར་ནི་མ་ཡིན་པ་ཅན་གྱི་དངོས་པོའི་ཡུལ་ཉིད་ནི་ཐ་སྙད་

པའི་ཚད་མར་རྣམ་པར་གཞག་པ་ལས་གཞན་དུ་ནི་མིན་ནོ། །དེ་ལྟར་ཡང་བཤད་པ། འདི་ལྟར་ཀུན་དུ་ཐ་སྙད་ནི། །ཚད་མ་ཡི་ནི་མཚན་ཉིད་དོ། །ཞེས་སོ། །འདིར་ཀུན་རྫོབ་ཏུ་ཡང་ཇི་སྲིད་དུ་བསྒྲུབ་བྱ་དང་སྒྲུབ་བྱེད་དུ་གནས་པ་དེ་སྲིད་དུ་ཚུལ་གསུམ་པའི་རྟགས་ཉིད་ཀྱིས་བསྒྲུབ་པར་

བྱ་བ་ཡོད་པའམ། དགག་པ་འགྲུབ་སྟེ་ཕྱོགས་ཆོས་དང་འབྲེལ་པས་ཚུ་རོལ་མཐོང་བ་རྣམས་ཀྱིས་ཀྱང་མངོན་སུམ་གྱི་རྟགས་འཛིན་པར་བྱེད་ན་ཀུན་རྫོབ་པའི་ངོ་བོ་ཉིད་མེད་པ་གཟུང་བར་འགྱུར་ལ། ཚུ་རོལ་མཐོང་བ་རྣམས་ཀྱིས་དངོས་པོའི་ངོ་བོ་ལ་གོམས་པའི་མངོན་སུམ་དུ་ནི་མི་མྱོང་བའི་ཕྱིར་

རོ། །འོ་ན་འཆད་པར་འགྱུར་བའི་རྗེས་སུ་དཔག་པས་སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ལ་གནོད་པའི་ཕྱིར་ཇི་ལྟར་ན་དེ་རྣམས་ལ་མངོན་སུམ་གྱི་ཚད་མ་ཞེ་ན། ཀུན་རྫོབ་པའི་དངོས་པོའི་ངོ་བོ་རྣམས་ལ་དེས་མི་གནོད་དེ། ཅུང་ཞིག་བསྒྲུབ་བྱ་ཁོ་ན་ལ་དེ་ལྟར་སྒྲོ་བཏགས་པའམ་བདེན་

เล่ม ๙๐ · หน้า 29a

པའི་རྣམ་པ་ཁོ་ན་བཟློག་བྱའི་ཕྱིར་རོ། །ཐ་སྙད་པའི་མངོན་སུམ་གྱི་སྤྱོད་ཡུལ་གྱི་དོན་ནི་རྨི་ལམ་ལ་སོགས་པ་བཞིན་ཀུན་རྫོབ་ཏུ་ངེས་པར་བྱེད་པ་ལ། བྱིས་པ་རྣམས་ཀྱིས་དོན་དམ་པའི་ངོ་བོ་ཉིད་ལ་སོགས་པ་སྒྲོ་འདོགས་པ་ལ་རྗེས་སུ་དཔག་པས་གནོད་པར་འགྱུར་གྱི། མཐོང་

བ་ལ་སོགས་པའི་དོན་གྱི་ཐ་སྙད་ལ་ནི་མ་ཡིན་ནོ། །གང་མ་འཁྲུལ་པ་དེ་ནི་མངོན་སུམ་དེ་ལ་རྗེས་སུ་དཔག་པས་མི་གནོད་ལ་གནོད་པ་ནི་བདེན་པར་སྒྲོ་བཏགས་པ་ཉིད་ལ་སོགས་པ་ལ་སྟེ། དེ་ལ་མ་འཁྲུལ་པ་དེ་མེད་ཅེས་པས་ན་མངོན་སུམ་ལ་སྐུར་པ་འདེབས་པར་ཐལ་བར་མི་འགྱུར་རོ། །དེ་ཡང་

ཆོས་ཐམས་ཅད་བདག་མེད་པར་སྒྲུབ་པ་ནི་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སྐྱེས་པ་དེ་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། དཔེར་ན་སྒྱུ་མ་ལྟ་བུའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སྐྱེས་པའི་རྩོད་པའི་གནས་སུ་གྱུར་པའི་དངོས་པོ་རྣམས་ཀྱང་ངོ་ཞེས་པ་ནི་རང་བཞིན་གྱི་གཏན་ཚིགས་ཏེ།

དེ་ཡང་བ་ལང་རྫི་ལ་སོགས་པ་རྣམས་ལ་གྲགས་པས་ཆོས་ཅན་མ་གྲུབ་པ་མེད་ལ། དམིགས་པར་རུང་བ་མ་དམིགས་པ་ལས། གང་གང་དུ་དེ་བདེན་པར་དམིགས་པ་དེ་དེའི་འབྲས་བུ་ཞེས་རྗེས་སུ་འགྲོ་བའི་སྒོ་ནས་སམ། གཞན་རྣམས་ཡོད་པའི་མཐུ་དང་ལྡན་པའི་རྒྱུ་རྣམས་གང་མེད་ན་གང་མི་

འབྱུང་བས་དེ་དེའི་འབྲས་བུའོ་ཞེས་ལྡོག་པའི་སྒོ་ནས་ཀུན་རྫོབ་པའི་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ནི་ཀུན་རྫོབ་པའི་དེ་ཉིད་འཐད་ལ། སྔ་ནས་ཡོད་པའི་ཆོས་ལ་བྱེད་པ་པོ་ཉིད་དང་། བྱ་བ་དག་གི་བྱེད་པ་པོ་གཅིག་པ་ཉིད་ནི་བརྟགས་པ་སྟེ། རྒྱུ་དང་རྐྱེན་ཚོགས་པའི་རྟེན་ཅིང་འབྲེལ་པ་

ལས་སྐྱེ་བར་འགྱུར་བ་ལ་ནི་ཆོས་ཞེས་བརྗོད་དེ། སྐྱེ་བའི་ཆོས་ནི་ཆོས་གཞན་ལ་བརྟེན་ནས་བདག་ཉིད་ཐོབ་ལ། དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ཡོད་པ་ལས་འདི་འབྱུང་བ་དང་འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཞེས་པས་ནི་འགལ་བ་མེད་དེ་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མ་

ངེས་པ་ཡང་མ་ཡིན་ཏེ་དོན་དམ་པའི་རང་བཞིན་གྱི་སྐྱེ་བ་མི་འཐད་པའི་ཕྱིར་དང་། མི་སྦྱོར་བ་ནི་འཐད་པའི་ཕྱིར་རོ། །དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་མེད་པའི་ཕྱིར་རོ། །མ་གྲུབ་པ་ནི་དོན་དམ་པར་ཤེས་པའི་བདག་ཉིད་ཀྱིས་བདག་ཉིད་ལ་འཛིན་པ་ལ་སྦྱོར་བར་མི་འཐད་པའི་

เล่ม ๙๐ · หน้า 29b

ཕྱིར་རོ། །རང་རིག་པའི་ཤེས་པ་རྣམས་ཀྱང་རང་རིག་པ་ཙམ་དུ་བྱ་བས་སྔ་མ་དང་ཕྱི་མའི་དངོས་པོ་གང་དུ་ཡང་མི་འཛིན་པའི་ཕྱིར་རྒྱུད་གཅིག་ཉིད་དུ་བཏགས་པས་དངོས་པོར་མེད་པའི་ཕྱིར་དང་། རྒྱུ་ཐ་དད་པ་ཅན་རྣམས་ཀྱང་ཕན་ཚུན་མི་རིག་པའི་ཕྱིར་དང་། དམིགས་པའི་དུས་སུ་ཡང་རྒྱུ་དང་

འབྲས་བུར་མངོན་པར་འདོད་པ་དག་འགེགས་པའི་ཕྱིར་རོ། །རིམ་གྱིས་འབྱུང་བའི་བློས་སྔ་མ་དང་ཕྱི་མའི་དངོས་པོ་ཉམས་སུ་མྱོང་ནས་དེའི་རྗེས་ལ་དེ་ལ་སེམས་རྣམ་པ་ཅན་གྱི་བློས་རྗེས་སུ་མཚམས་སྦྱོར་བས་སྔ་མ་ཁྱད་པར་ཅན་དུ་འདུས་བྱས་པའི་སྒོ་ནས་སྔ་མ་དང་ཕྱི་མའི་དངོས་པོ་རྟོགས་པ་ཉིད་དང་

རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་ཉིད་དེ་ཞེས་བྱ་ཞེ་ན། །དེ་ནི་ཀུན་རྫོབ་ཀྱི་བདག་ཉིད་དུ་འགྱུར་ཏེ་ཀུན་ཏུ་མྱོང་བའི་དུས་ཀྱི་རང་གི་ངོ་བོ་ཙམ་རིག་པ་སྟེ། གང་དུ་འདི་ཉིད་རྣམ་པར་གཞག་པ་མེད་པས་དེ་ཉིད་ལ་མངོན་སུམ་གྱིས་ནི་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་མེད་དོ། །དེ་ཉིད་ཀྱིས་

ནི་རྗེས་སུ་དཔག་པ་ཡང་མེད་པ་སྟེ། གང་ཡང་ཇི་ལྟར་འབྲས་བུ་སྐད་ཅིག་ལ་རང་གི་རྒྱུའི་སྐད་ཅིག་གི་དངོས་པོ་མཐོང་ལ་དེ་མེད་ན་དེ་དེའི་རྒྱུའི་སྐད་ཅིག་དང་དུས་མཉམ་པའི་དངོས་པོ་མ་ལུས་པ་སྣ་ཚོགས་པར་གྱུར་པའི་སྐད་ཅིག་མའི་དངོས་པོ་ཡང་མཐོང་ལ་དེ་མེད་ན་མི་མཐོང་ཞེས་པ་ནི་དེའི་རྒྱུ་

ཉིད་དུ་འགྱུར་བའི་ཕྱིར་ན། རྒྱུད་གང་ཞིག་གི་རྒྱུ་དང་འབྲས་བུའི་དངོས་པོ་ནི་རིགས་པ་མ་ཡིན་ཏེ། འདིར་ནི་དོན་དམ་པ་པའི་རྒྱུ་དང་འབྲས་བུའི་དངོས་པོའི་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་ལས་གཞན་པ་ཡང་དོན་དམ་པ་པའི་རྒྱུ་ནི་མ་གྲུབ་ལ། རྟག་པའི་དོན་ནི་རྒྱུ་དང་འབྲས་

བུའི་དངོས་པོར་མེད་པས་མངོན་སུམ་གྱིས་ལྷན་ཅིག་གཟུང་བར་མི་ནུས་པ་ཉིད་པས་བདག་དང་དབང་ཕྱུག་ལ་སོགས་པའི་འབྲས་བུའི་བདེ་བ་ལ་སོགས་པར་ནི་རྗེས་སུ་འགྲོ་བ་གྲུབ་པ་མེད་ལ། བདེན་པ་དེ་དང་མ་བྲལ་བར་གང་དུ་ཡང་བདེ་བ་མི་སྐྱེའོ། །དེ་ལ་ལྡོག་པ་ཡང་མེད་དེ། རྟག་པ་ཉིད་ཀྱིས་ལྡོག་པ་ཅན་མིན་པའི་

ཕྱིར་རོ། །དེའི་ཕྱིར་ན་དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་ཡང་དོན་དམ་པ་པའི་འབྲས་བུའི་སྐྱེད་པ་པོ་རང་ལས་སམ་གཞན་ལས་སམ་གཉི་ག་ལས་སམ་གཉི་ག་མ་ཡིན་པ་ལས་སམ་རྒྱུ་མེད་པ་ལས་གྱུར་ཏེ། དེ་ལ་ཐོག་མ་མེད་

เล่ม ๙๐ · หน้า 30a

པ་ནས་ཡོད་པ་དང་མེད་པའི་དངོས་པོའི་བདག་ཉིད་ལ་ནི་རྒྱུ་ཉིད་མི་འཐད་ལ། མེད་པ་ནི་མོ་གཤམ་གྱི་བུའི་རྗེས་སུ་འགྲོ་བ་བཞིན་དུ་མེད་ཅིང་རང་ཉིད་མ་སྐྱེས་པ་ལ་རང་ལས་སྐྱེ་བ་ནི་མེད་ལ། རྫོགས་ཀྱང་ཆ་ནས་མེད་པར་སྐྱེས་པས་ན་སེམས་པ་བཞིན་རང་ལས་ཇི་ལྟར་སྐྱེ་

བར་འགྱུར། གང་ཞིག་རྫོགས་པ་མིན་པས་གང་ཞིག་རྫོགས་པར་འགྱུར་བ་ནི་དེ་དེའི་ངོ་བོ་ཉིད་དུ་སྦྱོར་བ་ནི་ཆེས་ཐལ་བར་འགྱུར་བའི་ཕྱིར་རོ། །ཐམས་ཅད་དུ་ཡང་དངོས་པོ་རྣམས་ནི་གྲངས་ཅན་གྱི་འདོད་པས་རྟག་ཏུ་ངོ་བོ་ཉིད་ཀྱིས་གནས་པའི་མངོན་པར་གསལ་ཏེ། མངོན་པར་གསལ་བར་བྱེད་

པ་རྣམས་ཀྱིས་མངོན་པར་གསལ་བར་རྟག་ཏུ་གནས་པའི་ཕྱིར་མངོན་པར་མི་གསལ་བ་ལ་སོགས་པའི་རྣམ་པ་གཞན་མི་རིགས་པས། གསལ་བ་བྱེད་པ་རྣམས་ཀྱིས་ཅུང་ཟད་མ་བྱས་པའི་ཕྱིར་ན། རྟག་ཏུ་ཡང་དངོས་པོ་རྣམས་ཐམས་ཅད་རྟག་ཏུ་མངོན་པར་གསལ་བ་ལ་སོགས་པར་ཐལ་བ་ནི་བཟློག་པར་

དཀའོ། །གཞན་ཡང་གང་དུ་གང་རང་ལས་སྐྱེ་བ་ལ་ནི་ཡུལ་ལ་སོགས་པ་ངེས་པར་མི་འགྱུར་ཏེ། གཞན་ལ་ལྟོས་པའི་འདི་གཞན་ལས་སྐྱེ་བར་གྱུར་པའི་ཉེ་བར་མཁོ་བ་མེད་པ་ལ་ལྟོས་པ་ནི་རིགས་པ་མ་ཡིན་ཞིང་ལྟོས་པར་བྱ་བ་ནི་རྟག་ཏུ་ཉེ་བའི་ཕྱིར་རྟག་ཏུ་འདི་ཉིད་སྐྱེ་བར་འགྱུར་རོ། །དེ་ཉིད་ཀྱིས་

ན་ཐ་སྙད་དུ་ཡང་རང་ལས་སྐྱེ་བ་མི་སྲིད་ལ། གཞན་ལས་ནི་དུས་སྔ་མ་དང་ཕྱི་མའི་དུས་དག་ངོ་བོ་གཅིག་པར་མངོན་པར་འདོད་པས་རྟག་པ་ལ་སྐྱེ་བའི་ཐ་སྙད་ཀྱང་མི་རིགས་ཏེ། རྟག་པ་ལ་རིམ་དང་ཅིག་ཅར་གྱི་བྱ་བ་བྱེད་པ་ཉིད་མེད་པའི་ཕྱིར་ན། དེ་ལ་ཚད་མས་གཞན་དུ་ཉེ་བར་བརྗོད་པས་ཅི་

ཞིག་བཏགས་པ་འཐད་དེ། དེའི་རྟག་པ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་རི་བོང་གི་རྭ་དང་ཁྱད་པར་མེད་དེ། དངོས་པོ་ཐམས་ཅད་དང་བྲལ་བ་ཉིད་ནི་དངོས་པོ་མེད་པའི་མཚན་ཉིད་དོ། །མི་རྟག་པ་སྐད་ཅིག་མའི་དངོས་པོ་ལ་སྐྱེ་བར་ཡང་མི་རིགས་ཏེ། མི་རྟག་པའི་དངོས་པོ་ནི་

སྐད་ཅིག་མས་གནས་པའི་ཆོས་ཉིད་གཞན་དུ་འཐད་པས་བྱས་སོ། །དེ་འདས་པ་ལས་མི་སྐྱེ་སྟེ། འདས་པ་མེད་པ་ཉིད་ཀྱིས་ན་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བས་སོ། །མ་འོངས་པ་ལས་ཀྱང་མིན་ཏེ། མེད་པ་ཉིད་ཀྱིས་འབྲས་བུ་བསྐྱེད་པ་ནི་ནམ་མཁའི་མེ་ཏོག་ལ་སོགས་པ་

เล่ม ๙๐ · หน้า 30b

བཞིན་ནོ། །ད་ལྟར་བྱུང་བས་ཀྱང་མིན་ཏེ། དེའི་ཡང་སྐྱེད་པར་བྱེད་པའི་འབྲས་བུ་དང་དུས་མཉམ་པའམ་དུས་ཐ་དད་པ་སྟེ། དང་པོ་ནི་མིན་ཏེ། འབྲས་བུ་བསྐྱེད་པའི་སྔོན་དུ་རྒྱུ་མེད་པ་ཉིད་ཀྱིས་རི་བོང་གི་རྭ་བཞིན་དུ་ནུས་པ་ལ་སྦྱོར་བ་མེད་པའི་ཕྱིར་རོ། །གང་ཡང་རྒྱུའི་བདག་

ཉིད་ཐོབ་པའི་དངོས་པོ་དེས་འབྲས་བུ་ཡང་དེ་དང་དུས་མཉམ་དུ་དེས་རྫོགས་ཤེ་ན་ནི། གང་གང་གི་རྒྱུ་ལ་དུས་ཐ་དད་པས་ཀྱང་ལམ་མངོན་པ་མིན་དེ་འདས་པས་མ་འོངས་པ་སྐྱེད་པ་ལ་སྦྱོར་བ་མེད་པའི་ཕྱིར་རོ། །དེ་ནས་རྒྱུ་ཡོད་པའི་སྐད་ཅིག་མ་གཉིས་པ་ལ་སྐད་ཅིག་མས་བར་ཆོད་

པར་འབྲས་བུ་ཡོད་པ་ཉིད་དུ་སྐྱེད་ན་དེ་ལ་ཡང་རྒྱུ་མེད་དེ་སྐད་ཅིག་མ་ཡིན་པའི་ཕྱིར་ན། དེ་ལྟར་ནི་རྒྱུ་སྐད་ཅིག་ཏུ་ཡོད་པས་འབྲས་བུ་དུས་གཞན་གྱིས་བར་མ་ཆོད་པར་འབྲས་བུའི་ནང་དུ་ཕྲ་མོར་གྱུར་པའི་དུས་གཞན་ནི་མེད་པས། དུས་གཅིག་ཏུ་འགྱུར་རོ། །ཆ་ཤས་མེད་པའི་སྔ་མ་

དང་། ཕྱི་མའི་སྐད་ཅིག་མ་དག་ནི་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཀུན་ཏུ་རེག་པས་དེའི་ཡང་སྐད་ཅིག་མ་གཅིག་གི་ནང་དུ་སྐད་ཅིག་མ་ཐམས་ཅད་འདུས་པས་བསྐལ་པ་ཡང་སྐད་ཅིག་ཙམ་དུ་འགྱུར་ཏེ། རྡུལ་ཕྲ་རབ་རྣམས་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཀུན་ཏུ་སྦྱོར་ན་གོང་བུ་ཡང་རྡུལ་ཕྲན་ཙམ་དུ་འགྱུར་

བ་བཞིན་ནོ། །དེའི་ཡང་ཇི་ལྟར་དངོས་པོ་རྣམས་ཀྱི་ཡུལ་རིམ་གྱིས་སྣང་བའི་ཀུན་རྫོབ་པའི་ཚད་མས་གནོད་པའི་ཕྱིར་ལ་དེ་ལྟར་དུས་ཀྱི་རིམ་པ་ལ་ཡང་འགྱུར་ཏེ། རྨི་ལམ་ལ་སོགས་པ་རྣམས་སུ་བསྐལ་པ་ལ་སོགས་པའི་སྣང་བ་བཞིན་ནོ། །ཡུལ་གཅིག་པའི་སྐད་ཅིག་མས་བར་མ་ཆོད་པ་ལ་ཆ་

ཤས་དང་བཅས་པའི་ཕྱིར་དུས་ཀྱི་མཐའི་བར་ཉིད་དུ་དེའི་མཚན་ཉིད་ཉམས་པར་འགྱུར་ཏེ། དངོས་པོ་རབ་ཏུ་བཅོམ་པ་དངོས་མེད་དང་ལྷན་ཅིག་བར་མ་ཆོད་ཀྱང་དུས་གཅིག་པ་ཉིད་དུ་མི་འགྱུར་བས། དེ་ལྟར་རྒྱུ་དང་འབྲས་བུ་དག་རྒྱུན་མ་ཆད་ཀྱང་དུས་མཉམ་མིན་ཞེས་པ་ནི་མི་འཐད་དེ། དངོས་པོ་མེད་པ་ནི་

གང་དུ་ཐ་སྙད་དུ་ཡང་ཡོད་པ་མིན་ཏེ། ཇི་ལྟར་སྔོན་པོ་ནི་ཡུལ་གཞན་དུ་ཡང་སྔོན་པོ་མིན་པ་ལས་ལོག་པ་རང་གི་རྒྱུ་ལས་སྐྱེས་ལ། དེ་ལྟར་དུས་གཞན་ལ་ཡང་ངོ་། །དངོས་པོའི་ངོ་བོ་ཉིད་འཇིག་པར་འགྱུར་བའི་འཇིག་པ་ནི་འདིར་ཡུལ་དང་དུས་དག་གི་ངོ་བོ་ལྡོག་པ་ཙམ་འབའ་ཞིག་ལ་ཐ་སྙད་དུ་བྱེད་པ་

เล่ม ๙๐ · หน้า 31a

ལས་ཅི་ཡང་མིན་ནོ། །འཇིག་པས་ན་འཇིག་ཅེས་པའི་མེད་པའི་བདག་ཉིད་ནི་དོན་དམ་པར་དངོས་པོ་མེད་པ་ཉིད་ཀྱིས་དེ་ཉིད་དང་གཞན་ཉིད་སྤངས་པ་ཁོ་ན་སྟེ། དངོས་པོ་ལ་དངོས་པོ་མེད་དོ་ཞེས་པ་དངོས་པོ་དགག་པའི་ཐ་སྙད་ཙམ་ཡིན་ནོ། །དེའི་ཕྱིར་འདིར་བར་མ་ཆོད་པ་ལ་

སོགས་པ་ཅན་གྱིས་མ་ཡིན་ནོ། །རྒྱུ་དང་འབྲས་བུ་དག་ནི་དངོས་པོ་ཉིད་དུ་ཁས་ལེན་པས་བར་ཆད་པ་ལ་སོགས་པར་སེམས་པར་བྱ་སྟེ། དེ་ཉིད་ནི་དོན་དམ་པར་གཞན་ལས་སྐྱེ་བར་ཡང་རིགས་པ་མ་ཡིན་ལ། གཙོ་བོ་དང་དབང་ཕྱུག་དང་རང་དང་གཞན་ལས་སྐྱེ་བ་ཡང་མ་ཡིན་ཏེ། སོ་སོར་བརྗོད་

པའི་སྐྱོན་མ་རུངས་པའི་ཕྱིར་རོ། །ཁ་ཅིག་དག་ཚེར་མ་ལ་སོགས་པ་རྣམས་ཀྱི་རྣོ་བ་ལ་སོགས་པའི་རྒྱུ་མ་མཐོང་བས་མེད་པ་ཉིད་བཞིན་དུ་དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བར་བརྗོད་དེ། དེ་ལ་མ་མཐོང་བ་ཉིད་དུ་མ་གྲུབ་སྟེ། དོན་དམ་པར་ནི་ཆོས་རྣམས་ཐམས་ཅད་མ་སྐྱེས་པའི་ཕྱིར་ལ།

ཀུན་རྫོབ་ཏུ་ནི་སྐྱེ་བའི་རྒྱུ་མེད་པ་ཅན་དུ་བསྒྲུབ་པ་མི་འགྲུབ་བོ། །གང་དུ་ཡང་ས་བོན་ལ་སོགས་པ་དག་ལས་ཚེར་མ་ལ་སོགས་པ་དག་སྐྱེ་བར་འགྱུར་བ་དེ་རྣམས་ཀྱི་རྣོ་བ་ལ་སོགས་པ་གང་དུ་རྒྱུ་མེད་པ་ཅན་ལས་མི་སྐྱེ་སྟེ། རྒྱུ་མེད་པ་ཅན་ཉིད་ལ་རྣོ་བ་ལ་སོགས་པའི་ཚེར་མ་ལ་སོགས་པ་ངེས་པར་འགྱུར་

ན་ཁྱད་པར་མེད་པས་དེ་ལྟ་ན་ནི་ཐམས་ཅད་ལ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་འགྱུར་ན། ས་བོན་ལ་སོགས་པ་རྣམས་ནི་འཇིག་རྟེན་པ་ལ་མངོན་སུམ་ཉིད་དུ་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པའི་ཕྱིར་དམ་བཅའ་བ་མངོན་སུམ་དང་འགལ་བའོ། །གཏན་ཚིགས་ནི་གཞན་དག་ལ་བསྒྲུབ་པར་བྱ་

བ་ལ་ངེས་པ་བསྐྱེད་པར་ཁས་བླངས་པའི་ཕྱིར་རང་གི་ཚིག་དང་འགལ་བ་དང་གཞན་ལ་རྒྱུའི་རྐྱེན་གྱི་སྦྱོར་བ་དོན་མེད་པར་འགྱུར་རོ། །དེ་ལ་འདིར་རྒྱུ་མེད་པར་སྨྲ་བ་དག་ལ་ཐ་སྙད་དུ་ཡང་མངོན་སུམ་ལ་སོགས་པ་རྣམས་ཀྱིས་གནོད་ལ། གང་ཡང་ཡོད་པ་ལ་འབྲས་བུ་སྐྱེ་བ་ནི་དེའི་ཆ་ཤས་མེད་པས་

གཞན་རྣམས་ཀྱིས་སྔར་མེད་པའི་ཁྱད་པར་མ་བསྐྱེད་པའི་ཕྱིར་རོ། །མེད་པ་ལས་ཀྱང་མི་སྐྱེ་སྟེ། ཡོད་པ་དང་མེད་པ་དག་ཕན་ཚུན་འགལ་བའི་ཕྱིར་རོ། །འོ་ན་མེད་ཅེས་པ་ཅི་ཞིག་ཡོད། ཅུང་ཞིག་གང་སྐྱེ་བར་འགྱུར་བ་དེ་སྔ་ན་མེད་ཅེས་པ་དེ་རྒྱུ་འདི་ལས་མེད་པར་སྐྱེ་བར་འགྱུར་ཞེས་པའི་

เล่ม ๙๐ · หน้า 31b

བྱ་བ་ནི་ཁྱད་པར་གཞན་གྱི་ཐ་སྙད་ལོ། །དེ་ལྟ་ན་ནི་དེ་ལྟ་བུའི་ལྟ་བ་ནི་བདག་ཅག་གིས་དགག་པར་མི་བྱེད་དོ། །སྒྲ་དོན་གྱི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་ཡང་མི་འབྱུང་བ་འབྱུང་ལ། བྱུང་བ་ཡང་མ་བྱུང་བར་མཐོང་བའི་ཕྱིར་ན། གང་དུ་ཡང་ཀུན་རྫོབ་པའི་དངོས་པོ་རྣམས་སྒྱུ་མ་ལ་སོགས་

པ་བཞིན་དུ་སྐྱེས་ནས་གནས་པ་དེ་རྣམས་ལ་བདག་ཅག་གིས་སྒྲོ་བཏགས་པའི་རྣམ་པ་དགག་པ་ལ་འགལ་བ་ལས་བྱུང་བ་མེད་པས་སྒྲ་དོན་ཉིད་དུ་ཐམས་ཅད་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཡོད་པ་དང་མེད་པ་ཉིད་ངོ་བོ་གཅིག་པ་ཉིད་དུ་མེད་དོ། །དངོས་པོ་དང་དངོས་པོ་མེད་པ་དག་འགལ་

བའི་ཕྱིར་རོ། །འགག་པ་དང་སྐྱེ་བ་ནི་རྗེས་སུ་འགྲོ་བ་དང་བཅས་པའོ་ཞེས་པའི་འདོད་པ་ནི་ཅི་ཡང་མིན་ཏེ། གང་ཡང་རྒྱུ་ལས་འཕོ་བའི་ཆ་དེ་ལ་རྒྱུ་གཞན་གྱི་བྱ་བ་མེད་ལ། གང་དུ་ཡང་བྱ་བ་སྔོན་དུ་འགྲོ་བ་དང་བཅས་པ་ནི་མེད་པ་ཉིད་དེ། ཡོད་པ་དང་མེད་པའི་བྱེ་བྲག་དང་བྲལ་བའི་རྣམ་

པ་གཞན་ལ་སྐྱེ་བ་ཡང་ཡོད་པ་མ་ཡིན་ཏེ། ཕན་ཚུན་སྤངས་ནས་གནས་པའི་མཚན་ཉིད་ཅན་འདི་དག་ལ་ནི་རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་མེད་པ་ལ་ནི་དངོས་པོའམ་དངོས་པོ་མེད་པར་དེའི་ངོ་བོ་མེད་པའི་ཕྱིར་དང་རྣམ་པ་གཞན་ཏེ་ཡང་ཡོད་པ་དང་མེད་པ་འདུས་པའི་ཕྱིར་རོ། །

དེ་ཉིད་ཀྱིས་ན་བསྟན་བཅོས་སུ་དེ་ཡོངས་སུ་བཅད་ཅིང་དེ་ལས་གཞན་པ་རྣམ་པར་བཅད་ནས་རྣམ་པ་དེ་ལས་གཞན་ནི་མེད་པ་གསལ་བར་བྱས་ཞེས་སོ། །དེ་ཉིད་དོན་དམ་པའི་ངོ་བོ་ལས་ལོག་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དངོས་པོ་ལ་ངོ་བོ་ཉིད་ཀྱི་མེད་པ་ལ་སོགས་པ་དེས་ཁྱབ་པའོ་ཞེས་པས་

ཁྱབ་པ་གྲུབ་ལ། མ་ངེས་པ་ཡང་མ་ཡིན་ཏེ། ཐ་སྙད་དུ་ནི་སྔགས་ལ་སོགས་པའི་རྐྱེན་གྱིས་སྒྱུ་མ་ལ་སོགས་པ་ཇི་ལྟར་སྐྱེ་བར་མཐོང་བ་ནི་གཉི་ག་ལ་གྲུབ་པའོ། །འོ་ན་ཁྱོད་ཀྱི་འདོད་པས་དངོས་པོ་ཐམས་ཅད་ལ་དངོས་པོ་ཉིད་ཙམ་བཀག་ན་དོན་གྱི་བྱ་བའི་ནུས་པའི་མཚན་ཉིད་ཁོ་ནའི་དངོས་པོའི་

མཚན་ཉིད་མེད་པས་འོན་ཀྱང་གསལ་བ་ཡང་ཡོད་པ་ཡིན་ནོ་ཞེ་ན། དེ་ལ་ཐོག་མ་དགག་པ་ནི་རྣམ་པར་ཤེས་པ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་དོན་དམ་པར་ནུས་པ་ཐམས་ཅད་ཀྱིས་སྟོང་པའོ། །ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་དངོས་པོ་མེད་པར་རང་རིག་པའི་མངོན་སུམ་

เล่ม ๙๐ · หน้า 32a

གྱིས་འགྲུབ་པས། དེས་གསལ་བའི་མཚན་ཉིད་ཅན་གྱིས་སེམས་ཅན་མེད་པའི་ཕྱིར་རོ། །དེའི་གསལ་བར་བྱེད་པ་ཡང་གསལ་བ་ཉིད་དུ་བདེན་པར་འགྱུར་ཞེས་པའི་གསལ་བའི་མཚན་ཉིད་ཀྱིས་དངོས་པོའི་ངོ་བོ་ཉིད་སྟོང་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་སྒྲུབ་བྱེད་

དང་བྲལ་བ་སྟེ། དཔེ་དང་ཕྱོགས་ལ་མངོན་སུམ་གྱིས་གནོད་པས་གཏན་ཚིགས་མ་ངེས་པར་འགྱུར་ཞེས་བྱ་ཞེ་ན། དེ་ལྟར་མིན་ཏེ། དོན་དམ་པའི་མངོན་སུམ་ནི་ཇི་ལྟར་ཡང་གྲུབ་པ་མེད་ལ། གང་དུ་གསལ་བ་བདེན་པར་ཡོད་ཅེས་པ་ནི་གང་དུ་བསྒྲུབ་པར་བྱ་བ་བཏགས་པ་ལ་སོགས་

པ་ཅན་དུ་འགྱུར་ལ། རང་གསལ་བའི་སྔོན་པོ་ལ་སོགས་པའི་རྣམ་པ་ལ་ལྐོག་ཏུ་གྱུར་པས་ཐེ་ཚོམ་ཞེས་པ་ནི་བྱིས་པས་ཀྱང་བརྗོད་པར་མི་ནུས་སོ། །སྐྱེ་བ་ཉིད་དུ་ཤེས་ཤིང་མཐོང་ཡང་དེ་གང་དུ་གསལ་བ་མེད་པས་གནས་ཞེས་པ་ནི། རྣམ་པར་རིག་པར་སྨྲ་བ་རྣམས་ཀྱི་གྲུབ་མཐའ་སྟེ།

དེ་གང་དུ་གཏན་ཚིགས་ལ་ཐེ་ཚོམ་ཟ་ན་ལྡོག་པའི་དོགས་པ་ཡང་མེད་དོ། །དེ་ནས་རིགས་པས་གང་གིས་དངོས་པོ་རྣམས་ཀྱི་དངོས་པོ་སྐྱེ་བ་ལ་གནོད་པར་འགྱུར་བ་དེ་ཀུན་རྫོབ་ཏུ་ཡང་གནོད་པར་འགྱུར་བས། དེའི་གཏན་ཚིགས་མ་གྲུབ་པོ་ཞེ་ན། མིན་ཏེ། གང་གི་ཕྱིའི་རྒྱུ་ལ་སོགས་པ་སྐྱེ་བ་

བཞིན་དུ་འདིར་སྐྱེ་བ་ཐམས་ཅད་ཡུལ་དང་དུས་དང་རྒྱུའི་ཁྱད་པར་ལ་ལྟོས་པ་ཡང་ཁྱོད་ཀྱིས་ཀུན་རྫོབ་ཉིད་དུ་རྣམ་པར་གཞག་པར་བྱ་སྟེ། ཐོག་མ་མེད་པ་ནས་རང་རང་གི་རྗེས་སུ་མཐུན་པའི་རྒྱུ་དང་རྐྱེན་གྱིས་ཕན་ཚུན་རྗེས་སུ་བསྐྱེད་ལ། དེ་ཡང་ཇི་ལྟར་ངེས་པར་རྣམ་པར་གཞག་པར་བྱེད་པ་ནི་དུས་

མཉམ་པའི་དུས་ཐ་དད་པ་གལ་ཏེ་རྣམ་པར་གཞག་པ་དེ་ལྟར་ནི་འགལ་བ་མེད་དོ། །སྐད་ཅིག་མ་མ་ཡིན་པ་ཉིད་ལ་སོགས་པའི་སྐྱོན་ཡང་དེ་ལ་འཇུག་པ་མེད་དེ། སྒྲ་དོན་ལ་འགལ་བ་འཇུག་པ་མེད་པའི་ཕྱིར་རོ། །སྒྱུ་མ་དང་རྨི་ལམ་ལྟ་བུའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་སྐད་ཅིག་མ་དང་སྐད་

ཅིག་མ་མ་ཡིན་པའི་ཆོས་སུ་མི་སྦྱོར་བའི་ཕྱིར་རོ། །གང་དུ་གཞན་དུ་འདུས་བྱས་པ་རྣམས་སྐད་ཅིག་མ་ཉིད་དུ་གསུངས་པ་དེ་ནི་བག་མེད་པ་རྣམས་འདུས་བྱས་དག་ལ་ཀུན་ཏུ་ཡིད་བྱུང་ནས་རིམ་གྱིས་བདག་མེད་པའི་དེ་ཁོ་ན་ཉིད་ལ་གཞུག་པའི་ཕྱིར་རོ། །གལ་ཏེ་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་དངོས་

เล่ม ๙๐ · หน้า 32b

པོ་ཡུལ་དང་དུས་ལ་སོགས་པ་ངེས་པས་སོ་སོར་སྣང་ན་དེས་རི་བོང་གི་རྭ་ལ་སོགས་པ་ཡང་ཅིའི་ཕྱིར་ངེས་པར་མི་འགྱུར་ཞེ་ན། ཁྱོད་ལ་ཡང་འདི་འདྲི་བར་བྱའོ། །རབ་རིབ་ཅན་ལ་སོགས་པ་ལ་ཡུལ་སྒྲ་དོན་ལ་སོགས་པ་དང་རི་བོང་གི་རྭ་ལ་སོགས་པ་དངོས་པོ་མེད་པ་ཉིད་མཉམ་ཡང་། ཇི་

ལྟར་ན་སྐྲ་ཤད་ལ་སོགས་པ་ཉིད་སྒྲ་དོན་དུ་སྣང་བར་འགྱུར་ལ། རི་བོང་གི་རྭ་ལ་སོགས་པ་མ་ཡིན། འདི་རབ་རིབ་ལ་སོགས་པ་ནི་རྒྱུའི་ནུས་པས་དེ་ལྟར་ངེས་ཤེ་ན། ཇི་ལྟར་དངོས་པོ་མེད་པ་ལ་ནུས་པ་ངེས་པས་མཐོང་བའི་ཕྱིར་ཞེ་ན། གཞན་དུ་ཡང་རྒྱུའི་ནུས་པ་ངེས་པས་དེ་ལྟར་རྣམ་པར་

གཞག་པར་ངེས་པར་ཅིའི་ཕྱིར་མི་འདོད། ཤེས་པའི་ངོ་བོ་ཉིད་ཀྱིས་ན་རབ་རིབ་ཅན་ལ་སྐྲ་ཤད་ལ་སོགས་པ་རྣམས་ལ་བདེན་པ་ཉིད་དུ་མི་རིགས་ཞེས་བརྗོད་པ་ཉིད་ན། ཤེས་པ་དང་ཤེས་བྱ་དག་ལས་གཞན་པའི་དངོས་པོའི་ངོ་བོ་ཉིད་དུ་ཡང་ཡོད་པ་མ་ཡིན་ནོ། །སྣང་བ་ཉིད་ཀྱི་སྐྲ་ཤད་ལ་

སོགས་པ་རྣམས་ནི་འཇིག་རྟེན་དུ་ཚད་མར་རབ་ཏུ་གྲགས་པ་ཉིད་ལ་དངོས་པོར་ནི་མེད་པ་ཉིད་དོ། །དེ་ཉིད་ཀྱིས་ན་གང་ཞིག་དོན་དམ་པར་མ་སྐྱེས་པ་དེ་ནི་ཀུན་རྫོབ་ཏུ་ཡང་མི་སྐྱེ་སྟེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་རྣམས་བཞིན་ལ་དོན་དམ་པར་དངོས་པོ་མ་སྐྱེས་ཞེས་པས་ཐལ་བར་

འགྱུར་བའི་གཏན་ཚིགས་ལ་སྒྱུ་མ་ལ་སོགས་པ་རྣམས་གཟུང་བ་ལ་སོགས་པ་རྣམས་ཀྱིས་གཏན་ཚིགས་མ་ངེས་པར་འགྱུར་བ་ལ་ནི་བཟློག་པ་ལ་ཡང་ཚད་མ་མེད་པས་ལྡོག་པ་ལ་ཐེ་ཚོམ་ཟ་ལ། དོན་དམ་པར་མེད་པས་ཀུན་རྫོབ་ཏུ་ཡང་མེད་ན། ཀུན་རྫོབ་ཀྱི་བདེན་པ་ནུབ་པར་འགྱུར་ལ། གང་

དུ་ཀུན་རྫོབ་ཏུ་ཡང་མོ་གཤམ་གྱི་བུ་ལ་སོགས་པ་མི་སྐྱེ་བ་ནི་དེ་ལ་སོགས་པའི་ཚོགས་པ་དང་བྲལ་བ་ལ་སྟེ། དོན་དམ་པའི་རང་བཞིན་དང་བྲལ་བས་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་གཏན་ཚིགས་མ་གྲུབ་པ་ལ་སོགས་པར་ཡོངས་སུ་སྤོང་བའི་ནུས་པ་མེད་དེ། དངོས་པོ་རྣམས་ཐམས་ཅད་རྟག་ཏུ་

ཡོད་པ་མིན་པ་ལ་དགག་པའི་སྦྱོར་བས་སྒྲོ་འདོགས་པ་ཉིད་ཀྱི་ངོ་བོ་དགག་པའི་སྦྱོར་བས་ཞེས་བརྟགས་པའི་ངོ་བོ་ཉིད་དགག་པ་ནི་བསྒྲུབ་པར་བྱ་བ་གྲུབ་པ་ལ་བསྒྲུབ་པར་འགྱུར་བའི་དོན་མེད་ཅེས་པ་ནི་སྤང་དཀའོ་ཞེས་པ་ལ་མིན་ཏེ། ཚད་མས་གནོད་པ་ནི་བརྟགས་པའི་ངོ་བོ་ཉིད་ལ་ཡིན་པའི་ཕྱིར་ཏེ། རང་

เล่ม ๙๐ · หน้า 33a

རིག་པའི་མངོན་སུམ་ནི་དོན་དམ་པར་ཡོད་པའི་ཡོངས་སུ་གྲུབ་པའི་ངོ་བོའི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་རྣམས་ལ་ཚད་མས་གནོད་ཅེས་པ་སྟེ། དེ་ཡང་བརྟགས་པའི་ངོ་བོ་ལ་གཞན་དུ་རིགས་པས་སྒྲོ་བཏགས་པ་དང་ལྡན་ནས་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དུ་རིག་

པ་མིན་པས་གྲུབ་ལ་བསྒྲུབ་པ་ནི་མ་ཡིན་ཏེ། འདིར་ཇི་ལྟར་སྒྱུ་མ་མཁན་གྱིས་ཤེས་པ་ལ་སྒྱུ་མའི་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཡུལ་ལ་དེ་ཉིད་ལ་དེའི་ངོ་བོ་ཉིད་མེད་པས། དེའི་གཟུགས་ལ་མངོན་པར་ཞེན་པར་འགྱུར་བ་དེ་ལ་མངོན་པར་ཞེན་པ་མེད་པས་དབེན་པ་ཉིད་དུ་དམིགས་པའི་

ངེས་པ་བསྐྱེད་པའི་རྒྱུར་དེའི་ཡུལ་དུ་རྣམ་གཞག་བྱེད་པ་དེ་བཞིན་དུ་གཞན་ལ་མངོན་སུམ་ལ་རྟོགས་པ་དང་ལྡན་པ་རྣམས་ཀྱི་མཉམ་དུ་བྱུང་བའི་འཁྲུལ་པའི་རྒྱུ་མཚན་སྐྱེ་བར་བྱེད་ལ། དེ་ཁོ་ན་ཉིད་དུ་དེའི་ངོ་བོ་མངོན་པར་ཞེན་པ་མེད་པར་ངེས་པའི་རྒྱུ་ཉིད་ཀྱིས་ན། དེས་དབེན་པའི་ཡུལ་རྣམ་

པར་གཞག་པའོ། །དེ་བཞིན་དུ་རྗེས་སུ་དཔག་པའི་ཤེས་པའི་ཡུལ་ནང་གི་སྒྲོ་བཏགས་པའི་དངོས་པོ་ཐུན་མོང་གི་ཡིན་ཡང་དངོས་པོ་ཇི་ལྟ་བ་བཞིན་ལ་དམིགས་པའི་ཚུལ་གྱིས་དེའི་ཡུལ་ཡང་ཚད་མར་འདོད་དོ། །དེའི་ངོ་བོ་ཉིད་མེད་ཀྱང་དེ་ཉིད་པས་ན་རང་གི་བདག་ཉིད་ལ་མི་འཇུག་པའི་

འགལ་བ་ཡང་མེད་དེ། སྤྱི་བོའི་ངོ་བོས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྣམ་པར་གཞག་པའི་ཕྱིར་ཏེ། དེ་ལ་སྤྱིའི་མཚན་ཉིད་ཉིད་ཀྱི་བློའི་ངོ་བོ་ནི་ནང་དུ་སོན་པའི་ཕྱིར་རོ། །ཡོད་པའི་གཏན་ཚིགས་སྐད་ཅིག་མས་འཇིག་པའི་བློ་བཞིན་དུ། འོ་ན་སྒྲོ་བཏགས་པས་རྣམ་པས་སྟོང་

པའི་གཟུགས་ལ་སོགས་པ་ཁོ་ན་ངོ་བོ་ཉིད་མེད་པའི་སྒྲས་བརྗོད་ལ། དེའི་ཡང་གཟུགས་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་གྱི་ཕྱིར་དེའི་ངོ་བོ་ཉིད་དུ་གྱུར་པ་ལ་ངོ་བོ་ཉིད་མེད་པ་ཡང་མངོན་སུམ་གྱི་བུམ་པས་དབེན་པའི་ས་ཕྱོགས་བཞིན་དུ་དམིགས་པས་དེའི་བདག་ཉིད་དུ་གྱུར་པའི་བུམ་པས་

དབེན་པས་བྱིས་པས་དེར་དམིགས་པར་མི་བྱེད་ལ། འདིར་ཡང་དེ་ལྟར་མངོན་སུམ་གྱིས་དེ་ལྟར་དམིགས་པར་རུང་བའི་མཚན་ཉིད་མ་དམིགས་པ་ནི་མེད་པའི་ཐ་སྙད་དུ་རུང་བའི་ཕྱིར་ན། མེད་པ་ཉིད་ཀྱི་ངོ་བོ་ཉིད་མེད་ཅེས་པ་ལ་རྗེས་སུ་དཔག་པས་གནོད་ཅེ་ན། མིན་ཏེ། དངོས་པོ་རྣམས་

เล่ม ๙๐ · หน้า 33b

ལ་སྒྲོ་བཏགས་པའི་རྣམ་པས་དབེན་པ་ཉིད་ལ་ངོ་བོ་ཉིད་མེད་པར་བརྗོད་དེ། དེ་ལ་དངོས་པོའི་ངོ་བོ་སྐད་ཅིག་མ་བཞིན་དུ་གཟུང་ནས་འཛིན་ཀྱང་འཁྲུལ་པས་སྒྲོ་བཏགས་པ་མ་ཡིན་པའི་དེ་ཁོ་ན་ཉིད་ཅན་གྱི་སྐྱེ་བ་ལ་སོགས་པའི་རྣམ་པ་ལོག་པའི་ངོ་བོའི་ཕྱིར་ན། ཚུ་རོལ་མཐོང་བ་རྣམས་ཀྱིས་

ངེས་པར་མི་འགྱུར་ལ། དེ་འདིར་ངེས་པར་མི་འཐད་པའི་མངོན་སུམ་ཉིད་མེད་ལ་མངོན་སུམ་གྱིས་གནོད་པ་མེད་ལ། ངེས་པ་སྐྱེད་པ་བྱེད་པ་ཅན་ནི་མངོན་སུམ་དུ་བྱས་པའི་ཐ་སྙད་དུ་བྱེད་པའི་མཐོང་བའི་ལམ་ལ་སོགས་པ་རྣམས་སུའོ། །དེ་ལྟར་གཟུང་བ་ཡང་ཐ་སྙད་དུ་མི་རུང་བའི་ཕྱིར་

གཟུང་བ་མེད་པས་བརྟགས་པ་སྟེ། འདིར་དམིགས་པའི་རིག་བྱར་མ་གྱུར་པ་ཉིད་ཡོད་པས་དེ་དེ་ལ་རྗེས་སུ་དཔག་པའི་གནོད་པ་མེད་དོ། །དོན་དམ་པར་ཞེས་པས་ཁྱད་པར་དུ་བྱས་པས་མ་བརྟགས་ན་ཉམས་དགའ་བའི་དངོས་པོའི་ངེས་པ་མ་བརྟགས་པས་ཡིད་ཆེས་པའི་གནོད་པ་

མེད་པ་ཉིད་དོ། །དེ་ཉིད་ཀྱིས་ན་འདི་ཐམས་ཅད་ལ་བཅོམ་ལྡན་འདས་ཀྱིས་དགོངས་ནས་གསུངས་པ་སྟེ། གང་ཞིག་རྐྱེན་རྣམས་ཀྱིས་བསྐྱེད་དེ་ལ་སྐྱེ་མེད་དེ། །དེ་ཡི་སྐྱེ་བ་ངོ་བོ་ཉིད་དུ་ཡོད་པ་མིན། །གང་ཞིག་རྐྱེན་ལ་རག་ལས་དེ་ནི་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་

པ་དེ་ནི་བག་ཡོད་ཡིན། །ཞེས་སོ། །དེ་བཞིན་དུ་དེ་ཁོ་ན་ཉིད་རྟོགས་པ་དང་རྗེས་སུ་མཐུན་པའི་རྗེས་སུ་དཔག་པ་བསམ་པའི་རང་བཞིན་ཅན་ནམ། སྒོམ་པའི་རང་བཞིན་ཅན་གྱིས་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་ཤེས་པས་ཆོས་རྣམས་ཐམས་ཅད་ཀྱི་བུད་ཤིང་སྲེག་པ་ཉིད་ཀྱི་

རྗེས་སུ་ཐོབ་པ་སྟེ། དེ་ཡང་ཐམས་ཅད་དུ་ནི་འདི་ལྟར་དེས་སྒྲོ་བཏགས་པའི་ཆོས་ཀྱི་བུད་ཤིང་བསྲེགས་པས་རབ་ཏུ་ཞི་བ་རྣམ་པར་འབྱེད་པ་འབར་བས་བརྟགས་པ་ཉེ་བར་ཞི་བའི་མཚན་ཉིད་ཀྱི་མཆོག་ཏུ་མྱ་ངན་ལས་འདས་པའི་འགྲོ་བར་འགྱུར་ཏེ། དེ་ལྟར་ཡང་དབུ་མ་རྩ་བ་ལས། དངོས་དང་དངོས་

མེད་མཆོག་འཛིན་པ། །ཟད་པ་མྱ་ངན་འདས་ཞེས་བརྗོད། །ཅེས་ཏེ། རྣམ་པར་རྟོག་པ་མེད་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུན་མུར་ཐུག་པ་མེད་པ་ནི་ནམ་མཁའ་ཇི་སྲིད་དུ་རྗེས་སུ་གནས་པ་ཁོ་ནའོ། །ཆོས་མཆོག་ལས་ཕྱིན་ཅི་ལོག་གི་བདག་ཉིད་ཀྱང་མོས་པ་ལ་སོགས་པས་རྗེས་སུ་

เล่ม ๙๐ · หน้า 34a

དཔག་པ་ལ་འཇུག་པས་མངོན་སུམ་དུ་བྱ་བ་ཐོབ་ནས་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་སོ་སོར་རྟོགས་པ་ཞེས་པའི་རྗེས་སུ་དཔག་པས་བཀག་ཀྱང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཉེ་བར་ཞི་བ་ནི་མ་ཡིན་ནོ། །བུད་ཤིང་མེས་ཟད་ལ་ཟད་པའི་གསེར་བཟང་པོ་བཞིན་དུ་སྟེ། དེ་ཉིད་ཀྱིས་

ན། དམིགས་པ་མེད་པས་རབ་ཏུ་ཞི། །ཞེས་པ་སྟེ། རྣམ་པར་རྟོག་པ་ཅན་གྱི་བློ་ཞེས་པའི་དོན་ནོ། །བརྟགས་པའི་རྣམ་པ་ལ་སོགས་པའི་ཁྱད་པར་ལས་གཞན་པ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཀྱང་ཡོད་པ་མ་ཡིན་པས། འདིར་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་ལ་སོགས་པའི་ཐ་སྙད་ཐམས་ཅད་

ཀུན་རྫོབ་ལ་ཀུན་རྫོབ་ཅི་ཞིག་ཅེ་ན། བརྗོད་པ་ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཅན་དུ་ཕྱིན་ཅི་ལོག་པའི་རྣམ་པས་སྒྲོ་བཏགས་པ་ཅན་གྱི་འཁྲུལ་པའི་བློ་སྟེ། ཀུན་རྫོབ་ནི་འདིས་འདིར་དེ་ཁོ་ན་ཉིད་ལ་ཀུན་ཏུ་སྒྲིབ་པར་བྱེད་ཅིང་གཡོགས་པས་སོ། །དེ་སྒྲོ་བཏགས་པའི་དངོས་པོ་ལ་ཀུན་

རྫོབ་པ་ཞེས་བརྗོད་པའམ། བརྟག་ཏུ་མེད་པས་ཀུན་རྫོབ་སྟེ། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ལ་དམིགས་པ་ལ་འཇུག་པའི་རྗེས་སུ་དཔག་པ་དེའི་སྟོབས་ལས་བྱུང་བ་ཅན་གྱི་བསམས་པ་ལས་བྱུང་བ་ཅན་གྱི་ཤེས་རབ་དང་བསྒོམས་པ་ལས་བྱུང་བ་ཅན་གྱི་མངོན་སུམ་གྱིས་དེ་ཁོ་ན་ཉིད་ནི་རྗེས་སུ་མ་

བརྟགས་པ་སྟེ། དེའི་རྒྱུ་མཐུན་པ་ནི་བརྟགས་པ་ཞེས་བརྗོད་ལ། དེ་ཁོ་ན་ཉིད་ཀྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ནས་འདི་ཐམས་ཅད་ལ་ཕྱིན་ཅི་ལོག་པའི་སྒྲ་དོན་གྱི་རྣམ་པས་འཛིན་པའི་ཤེས་པ་ནི་མ་བརྟགས་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་མ་ཡིན་ཞིང་རྣམ་པར་བརྟགས་ན་དངོས་པོ་མེད་པ་

ཙམ་ཡང་མ་ཡིན་ནོ། །དེ་གྲགས་པའི་ཕྱིར་འདི་ཐམས་ཅད་སྒྲ་དོན་གྱི་ངོ་བོ་ལས་མེད་པས་ཀུན་རྫོབ་པའོ། །ཡང་ན་འཇིག་རྟེན་ལས་འདས་པས་ཡིད་ཆེས་པས་ཀུན་རྫོབ་སྟེ། འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་འདི་ཐམས་ཅད་ཀུན་རྫོབ་ཉིད་དུ་མཐར་ཐུག་པའི་ཕྱིར་ལ། ཅུང་ཞིག་ཤིན་ཏུ་ལྐོག་

ཏུ་གྱུར་པའི་རྣམ་པ་ཐམས་ཅད་དུ་སོ་སོར་ངེས་པའི་ལས་དང་འབྲས་བུ་ལ་སོགས་པའི་རྣམ་པར་གཞག་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་ལས་གཞན་པས་ཀྱང་འདི་མི་ཤེས་པས་གང་དུ་དངོས་པོ་རྣམས་ལ་རྟག་པ་ལ་སོགས་པ་ཉིད་དུ་བརྟགས་པ་དེ་ནི་ལོག་པའི་ཀུན་རྫོབ་ཏུ་བརྗོད་དེ། ངེས་

เล่ม ๙๐ · หน้า 34b

པར་གཟུང་ཡང་དེ་མེད་པའི་ཕྱིར་རོ། །བདག་ལ་སོགས་པ་དང་བྲལ་བའི་ཆོས་འདི་རྣམས་ནི་རྒྱུ་དང་བཅས་པ་ཅན་ཞེས་པ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པར་བརྗོད་དོ། །ཡང་ནི་ཤེས་པ་དང་ཤེས་བྱའི་ངོ་བོའི་ཕུང་པོ་ལྔ་ཅན་ནི་ཀུན་རྫོབ་སྟེ། གང་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ།

རྒྱུ་དང་རྐྱེན་ལས་ཀུན་འབྱུང་བའི། །གཞན་གྱི་དབང་ནི་ཀུན་རྫོབ་པས། །གཞན་གྱི་དབང་ཞེས་གྲགས་པ་སྟེ། །དོན་དམ་ཉིད་ནི་བཅོས་མ་ཡིན། །ཞེས་སོ། །དེ་རྣམས་རྟེན་ཅིང་འབྲེལ་པ་ལས་འབྱུང་བ་དེས་ན་གཞན་གྱི་དབང་སྟེ་གང་ཕུང་པོ་ལྔའི་མཚན་ཉིད་ནི་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་

རང་བཞིན་ལ་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དོ། །གལ་ཏེ་དོན་དམ་པར་སྤྲོས་པ་ཐམས་ཅད་ལས་འདས་པ་ན། དེས་དོན་ཅི་ཞིག་གྲུབ་ནས་འདི་དག་དོན་དམ་པར་འགྱུར་བ་མེད་པས། ཇི་ལྟར་ན་དེ་ཤེས་པས་ཀུན་དུ་བརྟགས་པ་ན་ཅི་ཡང་མ་ཡིན་པའི་

ཕྱིར་རོ་ཞེ་ན། བརྗོད་པ། ཆོས་ཐམས་ཅད་ལ་བདག་མེད་པའི་མཚན་ཉིད་ཅན་དེ་ཁོ་ན་ཉིད་ཀྱི་རིགས་དང་ལྡན་པ་དེས་མཆོག་ཏུ་བསྒྲིབས་པ་མཐར་སོང་བ་དང་བཅས་པ་སྤང་བར་འདོད་ཅིང་དོན་དུ་གཉེར་བ་རྣམས་ཀྱི་དོན་དུ་འགྱུར་ཞེས་པའི་དོན་ནི་དོན་དམ་པ་ཞེས་བརྗོད་དོ། །དམ་པ་ནི་ཕྱིན་ཅི་

མ་ལོག་པའི་ཡེ་ཤེས་ཀྱི་ཡུལ་གྱི་དོན་ཏེ་དོན་དམ་པའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱང་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པ་ཉིད་ཀྱིས་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་འདི་ཡང་དོན་དམ་པའི་ཡུལ་ཞེས་པས་དོན་དམ་པའོ། །གང་ཡང་རྗེས་སུ་དཔག་པའི་བདག་ཉིད་ཀྱིས་ཐོས་

པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་དོན་དམ་པ་རྟོགས་པ་དང་རྗེས་སུ་མཐུན་པས་དེ་ཡང་ཉེ་བར་བཏགས་པ་སྟེ། ཕྱིན་ཅི་མ་ལོག་པའི་དོན་ཡུལ་ཡིན་པའི་ཕྱིར་ན་དོན་དམ་པའོ། །ཀུན་རྫོབ་དང་དོན་དམ་པའི་བྱེ་བྲག་འདི་རྣམས་ཀྱིས་འཆད་པར་འགྱུར་བའི་ངག་རྣམས་

ཀྱི་ནི་སོ་སོའི་སྐྱེ་བོའི་གནས་སྐབས་རྣམས་དང་། དེ་ཁོ་ན་ཉིད་རྟོགས་པའི་སྐབས་ལ་ཇི་ལྟར་རིགས་པར་ཤེས་པར་བྱའོ། །དེ་ལ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི་དོན་དམ་པ་སྒོམ་པ་རྣམས་ཀྱིས་གང་དུ་ཀུན་ནས་ཉོན་མོངས་པའི་ལྷག་མ་མ་ལུས་པར་སྤངས་པའི་རྣལ་འབྱོར་པ་རྣམས་ཀྱིས་གོང་

เล่ม ๙๐ · หน้า 35a

ནས་གོང་དུ་ཤེས་རབ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཡང་རྟོགས་པར་འགྱུར་བས། དེའི་དོན་ཆེན་པོའི་སྒྲུབ་པ་པོའི་ཕྱིར་དེ་ཉིད་ལ་དམ་པའི་སྒྲས་རྗོད་པར་བྱེད་པར་རིགས་པའོ། །ཤེས་པ་ཡང་དོན་དམ་པ་སྟེ། མ་ལུས་པའི་ཡོན་ཏན་ཕུན་སུམ་

ཚོགས་པ་ལ་གནས་པར་བྱེད་པས་དོན་ཆེན་པོའི་བསྒྲུབ་པའོ། །ཉིད་ཅེས་བྱ་བ་ནི་དོན་དམ་པར་ཅུང་ཟད་བྱེད་པ་ཉིད་ཀྱིས་ནི་མ་ཡིན་ནོ། །འདི་ཉིད་ནི་ཡང་དག་པའི་ཤེས་པའི་བདག་ཉིད་ཅན་ཏེ། དོན་དམ་པའི་དབང་དུ་བྱས་ན། དོན་དམ་པར་དངོས་པོ་མེད་ཅེས་པ་དང་། མི་

སྐྱེ་ཞེས་བྱ་བར་བརྗོད་པ་ནི་ཡང་དག་པའི་ཤེས་པས་གྲུབ་པ་ལས། འདི་རྣམས་སྐྱེ་བ་མེད་ཅེས་བྱ་བར་དགོངས་ཏེ། གང་ཡང་རུང་བ་དོན་དམ་པར་ནི། དེ་ཁོ་ན་ཉིད་ཀྱི་རྣམ་པས་བཏགས་པར་བྱས་ན་ཡོད་པ་མིན་ཞེས་བྱ་བ་དང་། སྐྱེ་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། །དེ་

ཁོ་ན་ཉིད་ཀྱི་མཚན་ཉིད་ཅན་གྱི་དོན་དམ་པ་དང་། འདུས་བྱས་པའི་མཚན་ཉིད་ཅན་གྱི་ཀུན་རྫོབ་དག་ལྷན་ཅིག་མིན་ཞེས་ཐ་དད་པ་ཉིད་མིན་ལ་གཉི་ག་ཉིད་དུ་ཡང་མི་འདོད་ཀྱི། ཅུང་ཞིག་དེ་ཁོ་ན་ཉིད་དང་གཞན་ཉིད་དག་ཏུ་བརྗོད་དུ་མེད་པ་ཉིད་དེ། འདུས་བྱས་པ་ཉིད་དང་དོན་དམ་པའི་མཚན་ཉིད་ཀྱི་

དངོས་པོ་ཉིད་ལ་ནི་དེ་ཉིད་དང་གཞན་པ་ཉིད་ཀྱི་རྣམ་པར་རྟོག་པ་སྲིད་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་དེ་ཉིད་དང་གཞན་ཉིད་དུ་འདི་གཉིས་སུ་བརྗོད་དུ་མེད་པ་ཉིད་ཁོ་ནའོ། །ཡོད་པའི་དངོས་པོ་ལ་དེ་ཉིད་དང་གཞན་པ་ཉིད་དུ་བརྟགས་ཀྱི་དངོས་པོ་རྣམས་ཀྱི་ངོ་བོ་

ཉིད་མེད་པ་ལ་ནི་དེ་མི་སྲིད་ཅེས་པས་ན་འགལ་བ་མེད་པ་ཁོ་ནའོ། །དམིགས་པའི་སྒྲོ་བཏགས་པའི་ཚུལ་གྱིས་རྗོད་པར་བྱེད་པས་དོན་དམ་དང་ཀུན་རྫོབ་ཉིད་དུ་འགྱུར་གྱི། དེ་ནི་སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེ་ཡང་མ་ལུས་པའི་རྟོག་པའི་དྲ་བ་དང་བྲལ་བའི་འཇིག་རྟེན་ལས་

འདས་པའི་ཡེ་ཤེས་ཀྱིས་སྒྲོ་བཏགས་པའི་ཆོས་ཐམས་ཅད་ཀྱི་སྣང་བ་མེད་པས་སོ་སོར་རང་གིས་དམིགས་པ་མེད་པར་རིག་པར་འགྱུར་གྱི། དེ་ཡང་དམིགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ་ལྷའི་བུ་ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་

เล่ม ๙๐ · หน้า 35b

ལས་འདས་པ་ནི་དོན་དམ་པའི་བདེན་པའོ་ཞེས་གསུངས་ཏེ། སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པའི་ཕྱིར་དང་། ཡེ་ཤེས་ཀྱི་བདག་ཉིད་དང་དོན་དམ་པར་ན་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་དེ་ཁོ་ན་ཉིད་རྟོགས་པ་དང་རྗེས་སུ་མཐུན་པའི་ཕྱིར་དང་ཡུལ་དེ་ཁོ་ན་ཉིད་ཀྱི་ཕྱིར་ན་དོན་དམ་པའི་

ངོ་བོའོ་ཞེས་པ་ལ་ལྟོས་པའི་དབྱེ་བས་གཅིག་གཉི་གའི་ངོ་བོ་ཉིད་ཀྱང་འགལ་བ་མ་ཡིན་པ་ཉིད་དོ། །གང་ཞིག་ས་བཅུ་པར་ཁམས་གསུམ་པོ་འདི་རྣམས་སེམས་ཙམ་ཞེས་པ་དང་། གང་ཡང་ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །བག་ཆགས་ཀྱིས་ནི་

དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་སྐྱེ། །ཞེས་གསུངས་ཏེ། དེ་རྒྱ་ཆེན་པོར་བཅོམ་ལྡན་འདས་མ་ལས་དང་མདོ་སྡེ་རྣམས་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པར་གསུངས་པར་རིགས་ཀྱི། དོན་དམ་པ་པ་ཉིད་ལ་མ་ཡིན་ཞིང་ཀུན་རྫོབ་ཏུ་ཕྱི་རོལ་གྱི་དོན་མེད་པ་ཉིད་ལ་ཡང་མ་ཡིན་

གྱི། ཅུང་ཞིག་རིམ་གྱིས་དོན་དམ་པ་ལ་བཞུགས་པར་བྱེད་པའི་ཕྱིར་སེམས་ཙམ་ཉིད་དུ་བསྟན་པ་ཉིད་ལ། ཁ་ཅིག་གིས་ལོག་པར་བསྒྲུབས་པ་སྟེ། དང་པོ་སེམས་ཙམ་ཉིད་ལ་བརྟེན་ནས་ཕྱི་རོལ་གྱི་དོན་གྱི་ངོ་བོ་ཉིད་མེད་པ་ཉིད་དུ་སོ་སོར་བསྒྲུབ་ཅིང་། དེའི་རྗེས་ལ་སེམས་ཙམ་དེ་ཡང་

དོན་དམ་པར་དོན་མེད་པ་ཉིད་ཀྱང་གཟུང་བ་དང་འཛིན་པའི་བག་ཆགས་ཀྱིས་དཀྲུགས་པའི་དབང་གིས་སེམས་ཕྱིན་ཅི་ལོག་ནས་རྣམ་པར་ཆད་པའི་སྔོན་པོ་ལ་སོགས་པ་ཅན་གྱི་དོན་དམ་པར་ཡོད་པ་སྣང་བར་བྱེད་ཅིང་སྒྲོ་འདོགས་པར་བྱེད་པའི་སྒྲོ་འདོགས་པའི་རྣམ་པར་རྟོག་པ་སྐྱེད་ཅེས་པའི་

དོན་དུ་སྣང་བ་ལ། ཀུན་རྫོབ་ཏུ་ནི་རྣམ་པར་ཤེས་པ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་ཡོད་དེ། གཞན་དུ་ན་ས་བཅུ་པ་ལས། ས་བརྒྱད་པའི་བྱང་ཆུབ་སེམས་དཔའི་ས་རྡུལ་ཕྲ་རབ་ཀྱི་ཚད་ཉིད་དང་། དབེན་པ་ཉིད་དུ་ཤེས་ཤིང་འཇིག་རྟེན་གྱི་ཁམས་ཇི་སྙེད་པའི་སའི་ཁམས་ཀྱི་རྡུལ་ཕྲ་

རབ་ཀྱི་དཀར་པོར་གྱུར་པ་ཤེས་ལ། དེ་བཞིན་དུ་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་སུ་ཡང་ཤེས་ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །ཡིད་ཆེས་པ་དང་འགལ་ཏེ། རྣམ་པར་ཤེས་པ་བཞིན་དུ་ཕྱི་རོལ་གྱི་དོན་ཀྱང་ངེས་པའི་ཕྱིར་ཏེ། ཐ་སྙད་དུ་དངོས་པོ་གཉིས་

เล่ม ๙๐ · หน้า 36a

སུ་བདེན་པ་ནི་བ་ལང་རྫི་ལ་ཡང་གྲགས་ལ། རིགས་པས་དཔྱད་པར་བྱ་ན་གཉི་ག་ཡང་དཔྱད་མི་བཟོད་པ་དེས་ན་དངོས་པོ་མེད་པའོ། །དེ་ལྟ་བས་ན་ཤེས་རབ་ཀྱིས་བསྒྲུབ་པའི་དབང་དུ་བྱས་ནས་བཅོམ་ལྡན་འདས་མ་ལ་ཕུང་པོ་ལྔ་པོ་རྣམས་ཀྱང་ཁྱད་པར་མེད་པར་

སྟོང་པ་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱིས་ན་ཤེས་པ་དང་ཤེས་བྱས་སྟོང་པའི་གཉིས་སུ་མེད་པའི་ཤེས་པ་ནི་ཅུང་ཟད་དངོས་པོ་མེད་དེ། དེ་ཉིད་ཀྱིས་ནི་འཕགས་པ་ལང་ཀར་གཤེགས་པར་ཡང་གསུངས་ཏེ། བློ་གྲོས་ཆེན་པོ་འདི་དག་ཀྱང་གཅིག་ལ་གཅིག་གིས་སྟོང་པ་ཉིད་པས་ཐམས་

ཅད་ཀྱང་སྨད་པར་བྱས་པ་སྟེ། དེ་ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ་ཞེས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། འདི་དག་ཐམས་ཅད་སེམས་ཙམ་ཞེས། །གང་ཞིག་ཐུབ་པས་བསྟན་པ་ནི། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤོང་བའི་དོན་ལ་དེ་ཉིད་མིན། །ཞེས་ཏེ། འོན་

ཀྱང་མདོ་དག་ལས་སེམས་ཙམ་དུ་བསྟན་པ་ནི་གཞན་བྱེད་པ་པོ་དང་སྤྱོད་པ་པོའི་འབྲས་བུར་ཀུན་ཏུ་བརྟགས་པས་དགག་པ་སྟེ། སེམས་ལས་མ་གཏོགས་པ་གཞན་བྱེད་པ་པོ་ལ་སོགས་པ་ནི་ཐ་སྙད་དུ་ཡང་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན། ཡང་ཕྱི་རོལ་མེད་པར་སྨྲ་བའི་སངས་

རྒྱས་པ་རྣམས་ཀྱིས་སེམས་ཅན་གྱི་འཇིག་རྟེན་དང་། འདི་ལྟར་སྣོད་ཀྱི་འཇིག་རྟེན་སེམས་ཁོ་ནར་བྱེད་པ་ནི་ཤིན་ཏུ་ངོ་མཚར་ཏེ། ལས་ལས་སྐྱེས་པའི་འགྲོ་བར་བརྗོད་པའི་ལུས་དང་ལས་དང་སེམས་པ་ལས་གང་ཡོད་པ་ནི་མིན་ཞེས་བརྗོད་པ་ནི་སེམས་ལ་ནི་ཆོས་ཐམས་ཅད་ལྟོས་པས་

གཙོ་བོ་ཉིད་དུ་བསྒྲུབ་པའི་ཕྱིར་ཏེ། ཆོས་རྣམས་ཐམས་ཅད་ཀྱི་སྔོན་དུ་སེམས་འགྲོ་བའི་ཕྱིར་རོ། །དེ་ཉིད་ལ་དེ་ཁོ་ན་ཉིད་ཅན་གྱི་དངོས་པོ་ཁས་མི་ལེན་ལ། གང་ཡང་དངོས་པོ་མེད་པ་ཡང་མིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ལས་ལོག་པའི་མཚན་ཉིད་ཅན་གྱི་ཕྱིར་རོ། །དེའི་དངོས་པོ་མ་གྲུབ་

པས་ཡུལ་མེད་པ་ལ་དགག་པའི་སྦྱོར་བ་མེད་དེ། མེད་པ་ལ་དགག་བྱ་དང་དགག་བྱེད་ཀྱི་འཇུག་པ་མེད་པས་དེ་སྔོན་དུ་འགྲོ་བ་ཅན་གྱི་དེ་ཡང་མི་གྲུབ་ལ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་གིས་ནི་རྣམ་པར་རྟོག་པ་རྣམས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཁྱབ་བྱེད་མེད་པ་ལ་ཁྱབ་

เล่ม ๙๐ · หน้า 36b

བྱ་མི་སྲིད་པས་དེ་ཁོ་ན་ཉིད་དུ་ན་དངོས་པོ་དང་དངོས་པོ་མེད་པར་མཆོག་ཏུ་འཛིན་པ་དང་བྲལ་བས། མ་བརྟགས་ན་ཉམས་དགའ་བའི་དངོས་པོ་འདི་རྣམས་ལ་ཤེས་རབ་ཀྱི་སྤྱན་གྱིས་བརྟགས་ན་ནང་དང་ཕྱི་རོལ་གྱི་སྙིང་པོ་དང་བྲལ་བས་གང་དུ་བསྒོམས་པའི་སྟོབས་རྫོགས་པས་སྐྱོན་ཐམས་ཅད་

བཀག་ནས་བདག་མེད་པ་མཐོང་བ་མངོན་སུམ་དུ་གྱུར་ནས་དེ་དང་འགལ་བའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར་ཏེ། འདིར་འཆིང་བ་མེད་པས་སྤྲིན་དང་བྲལ་བའི་ཉི་མའི་འོད་ཟེར་བཞིན་དུ་ནམ་མཁའི་མཐའ་ཀླས་པར་རྟེན་ཅིང་འབྲེལ་པ་ལས་ལས་འབྱུང་བའི་

དངོས་པོ་དོན་དམ་པར་སྐྱེ་བ་ལ་སོགས་པའི་བརྟགས་པ་དང་བྲལ་བའི་རྒྱུན་མི་འཆད་པ་རྣལ་འབྱོར་པའི་མངོན་སུམ་གྱི་སྙིང་རྗེ་དང་ཤེས་རབ་ཀྱི་རང་བཞིན་གྱི་ཀུན་རྫོབ་པའི་ཡེ་ཤེས་ཀྱི་སྣང་བ་ཡང་དག་པར་སྐྱེ་ལ། འདི་ཉིད་དེ་ཁོ་ན་ཉིད་མཐོང་བ་སྟེ། གང་དུ་ཤེས་རབ་ཀྱིས་བརྟགས་པ་

ན་ཆོས་ཐམས་ཅད་མི་མཐོང་གི །གང་དུ་ཡིད་ལ་བྱེད་པ་དང་། གཉིད་ལོག་པའམ་མིག་བཙུམས་པ་བཞིན་གྱིས་ནི་མ་ཡིན་ནོ། །དེ་ལྟ་བུའི་བག་ཆགས་མ་སྤངས་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པས་ལངས་པ་ཉིད་ན། གཟུགས་ལ་སོགས་པ་ལ་མངོན་

པར་ཞེན་པའི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་རྣམས་སྐྱེ་བར་འགྱུར་བས་རྣལ་འབྱོར་པ་གྲོལ་བར་མི་འགྱུར་རོ། །གཟུགས་ལ་སོགས་པའི་ཡུལ་གྱི་ཐེ་ཚོམ་སྤངས་པ་མེད་ན། དེའི་ཡིད་ལ་བྱེད་པ་སྤོང་བར་མི་ནུས་ཏེ། སྲེག་བྱེད་ཡོངས་སུ་མ་སྤངས་པར་སྲེག་པ་ཡོངས་སུ་མི་སྤོང་བ་

བཞིན་ནོ། །དེའི་ཕྱིར་ན་ཇི་སྐད་དུ་བཤད་པའི་མཐོང་བ་མེད་པའི་སྦྱོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་བསལ་བར་བྱའོ། །དེ་ལྟར་ཡང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་

ཚུལ་གྱིས་དཔྱད་པས་ཐེ་ཚོམ་དང་ལྡན་པ་དེ་དང་བྲལ་ནས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་བས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་ལ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སྔ་ནས་བཤད་དོ། །འདིར་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་ནི་སྒྲིབ་པ་ཐམས་ཅད་

เล่ม ๙๐ · หน้า 37a

སྤངས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པར་བྱེད་པ་ལམ་གྱི་མཆོག་སྟེ། དེ་ཉིད་ཀྱིས་ན་འདིས་མངོན་པར་འདོད་པ་ཐམས་ཅད་ཉེ་བར་བསྒྲུབས་པས་འཕགས་པ་རབ་འབྱོར་ལ་འཐད་པ་ཉེ་བར་བསྟན་པའོ། །སེམས་ཀྱི་རང་བཞིན་འོད་གསལ་

ཞེས་པ་ནི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ལ། འོད་གསལ་བ་ནི་དེའི་ངོ་བོ་ཉིད་ལ་གློ་བུར་བའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པའི་མུན་པ་མཐའ་དག་ནུབ་པ་སྟེ། འདིར་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་དང་ཐ་མི་དད་པའི་ཀུན་རྫོབ་ཀྱི་ངོ་བོ་

སེམས་ལ་དོན་དམ་པར་ངོ་བོ་ཉིད་མེད་པས་སེམས་མ་མཆིས་ཞེས་པའི་མ་ཡིན་པར་དགག་པ་དང་མེད་པར་དགག་པ་སྟེ། ཀུན་རྫོབ་ཏུ་ཡོད་པ་ལ་དོན་དམ་པར་དོན་ཡོད་པ་མིན་ཞེས་པ་ཉིད་ཙམ་ལ་ཡིད་རྗེས་སུ་གནས་པས་ཕྱིན་ཅི་ལོག་པར་མཐོང་ནས་སྨྲས་པ་ནི་ཡོད་དམ་ཞེས་པ་

སྟེ། རིགས་པས་དངོས་པོ་མེད་པའི་ཕྱིར་ཏེ། མ་ཡིན་པར་དགག་པའི་སྦྱོར་བ་མིན་གྱི་འོན་ཀྱང་མེད་པར་དགག་པ་ལ་སྟེ། དེ་ལ་ཡང་ཡོད་པ་དང་མེད་པ་ཙམ་དུ་བཏགས་པ་ཡང་ཡོད་པ་མིན་ཞེས་པ་ལ་དགོངས་ནས་གསུངས་པ་ནི་ཅི་ཡང་ཞེས་པ་ལ་སོགས་པ་སྟེ། སེམས་ནི་དངོས་པོ་

ཙམ་ལ་སེམས་མེད་པ་ནི་དེའི་དངོས་པོའི་སེམས་མེད་པ་ཉིད་དེ། དེ་ལ་བརྗོད་པ་ནི་མེད་ཅེས་པ་སྟེ། འདི་བརྗོད་མ་ཐག་པའི་གཉི་གའི་ཡོད་པ་ཉིད་དང་མེད་པ་ཉིད་དུ་མི་དམིགས་པ་སྟེ་སྒྲུབ་པ་པོ་མེད་པའི་ཕྱིར་རོ། །མེད་པ་ནི་གནོད་བྱེད་དམ་པ་ཡོད་པའི་ཕྱིར་ཏེ། དངོས་པོ་དང་དངོས་པོ་མེད་

པ་གཉི་ག་ལས་ཡང་དག་པར་འདས་པའི་ཕྱིར་ཞེས་པ་དེ་ལ་དགོངས་ནས་སླར་དྲི་ཞིང་རྒོལ་བ་ལ་སྦྱོར་བའོ། །སེམས་མེད་ཅེས་པ་ནི་སེམས་དངོས་པོ་མེད་པ་ཙམ་ཉིད་མངོན་པར་འདོད་པ་ལ་དགོངས་པའོ། །ཡོད་པ་དང་མེད་པའི་ངོ་བོས་ཡོད་པའི་སྒྲོ་བཏགས་པ་ནི་མི་རིགས་པ་ཉིད་ལ། སེམས་

ཆོས་ཅན་གྱི་ཡུལ་མེད་པ་ཉིད་ལ་དགག་པའི་སྦྱོར་བ་མེད་པས། སེམས་མེད་པ་ཉིད་ཀྱང་མེད་ཅེས་གསུངས་པ་ནི་ཅི་ལྟར་ཡང་འདི་ཞེས་པ་ལ། རྣལ་འབྱོར་པའི་ཀུན་རྫོབ་ཏུ་སོ་སོར་རིག་པར་འདོད་ནས་གསུངས་པ་ནི་འགྱུར་བ་མེད་ཅེས་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་།

เล่ม ๙๐ · หน้า 37b

སེམས་འགྱུར་བའི་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་མ་གོས་པའི་ཕྱིར་ན་འགྱུར་བ་མེད་པའོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ན་རྣམ་པར་རྟོག་པ་མེད་པའོ། །དེའི་ཕྱིར་སེམས་དེས་ཀྱང་རློམ་སེམས་སུ་མི་བྱེད་དེ། དེའི་

ཡང་ངོ་བོ་ཉིད་སྟོང་པ་ཉིད་དང་རོ་གཅིག་པའི་ཕྱིར་རོ། །དེ་ལྟ་ཡིན་ཡང་དེའི་སེམས་རང་བཞིན་གྱིས་འོད་གསལ་ཞེས་དམིགས་པ་དེའི་ཡང་རློམ་སེམས་མེད་པའི་རྣམ་པ་སྟེ། ཇི་ལྟར་སེམས་ནི་སེམས་མེད་པའི་དང་། དེ་ལྟར་གཟུགས་ལ་སོགས་པ་རྣམས་ལ་གཟུགས་ལ་སོགས་པ་

མེད་ཅེས་པ་དོན་གྱིས་རྟོགས་ཏེ་གང་དུ་ཕུང་པོ་ལྔ་རྣམས་སྟོང་པ་ཉིད་དུ་མཉམ་པར་གསུངས་ལ་འདིར་ནི་རང་བཞིན་གྱི་ཕྱིར་དང་མཆོག་ཏུ་སྐྱེས་བུའི་དོན་གྱི་རྒྱུ་ཉིད་ཀྱིས་ན་གཙོ་བོའི་ཕྱིར་ན། གཟུགས་ལ་སོགས་པ་རྣམས་ཀྱང་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་དུ་བསྒྲུབ་པར་མངོན་པར་འདོད་པ་ཉིད་དོ། །

དྲོད་ལ་སོགས་པ་དབྱེ་བ་རྣམས་ཀྱི་དམིགས་པ་དང་རྣམ་པ་སྟེ། དེ་དང་དེའི་མི་མཐུན་པའི་ཕྱོགས་ནི་ལྡོག་པའི་དབྱེ་བས་ཤེས་པར་བྱའོ། །འོན་ཀྱང་མི་ཞེས་པ་ནི་གསལ་བ་འདི་རྣམ་པ་ཞེས་པའི་དོན་ཏོ། །ཉོན་མོངས་པ་མེད་པ་ཞེས་པའི་སྙོམས་པར་འཇུག་པ་པ་ནི་རྣམ་པ་གཉིས་ཏེ། གཅིག་གིས་

ནི་ཕ་རོལ་གྱི་རྒྱུད་ཀྱི་ཉོན་མོངས་པ་ཡང་མི་འགོག་སྟེ། དེ་འདིར་གཟུང་བར་བྱ་བ་མ་ཡིན་ལ། གང་དུ་རྣམ་པར་རྟོག་པའི་ཉོན་མོངས་པ་འགེགས་པ་དེ་འདིར་གཟུང་བར་བྱའོ། །སྐབས་ཡིན་པའི་ཕྱིར་རོ། །འདིར་ཡང་ཞེས་པ་ནི་འདི་ལྟ་བུའི་དམིགས་པ་དང་རྣམ་པ་ཁྱད་པར་དུ་འཕགས་པ་ནི་

དྲོད་ཆུང་ངུ་ནས་ཕྱིར་མི་ལྡོག་པའོ་ཞེས་པ་སྟེ། གང་ཞིག་དབང་པོ་རྣོན་པོ་དང་འབྲིང་དང་ཤེས་རབ་རྟུལ་པོས་ནི་རབ་ཏུ་དགའ་བ་དང་། མི་གཡོ་བ་དག་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ཞེས་པ་ནི་དེས་གོང་ནས་གོང་དུ་ཡང་ངོ་། །དྲོད་ཆུང་ངུའི་རང་བཞིན་ནི་གོང་གི་རྣམས་ལ་

ཡང་རྗེས་སུ་སྦྱོར་བའི་ཕྱིར་བཅུ་གཉིས་པོ་རྣམས་ཀྱི་རྒྱུ་ཉིད་ཀྱི་ཁྱད་པར་གྱི་དབང་དུ་བྱས་ནས་བསྟན་བཅོས་སུ། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་ཞེས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲོད་ལ་སོགས་པ་ནི་བྱང་ཆུབ་རྣམ་པ་གསུམ་ཐོབ་པའི་རྒྱུ་སྟེ། ཁ་ཅིག་ཕྱིར་མི་ལྡོག་པ་ལ་རིགས་ཀྱི་

เล่ม ๙๐ · หน้า 38a

སྟོབས་ཀྱིས་དམན་པའི་བྱང་ཆུབ་ཀྱང་ཐོབ་པའི་ཕྱིར་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་དག་གི་དྲོད་ལ་སོགས་པ་ནི་བླ་ན་མེད་པའི་བྱང་ཆུབ་གང་དུ་ཡང་ཐོབ་པར་མི་བྱེད་དོ། །གང་དུ་གསུངས་པའི་ཉན་ཐོས་ཀྱི་ས་ཞེས་པ་ནི་འདིར་འབྱུང་བར་

འགྱུར་ཞེས་པས་ས་སྟེ། དེ་དེའི་རྒྱུ་མཚན་ནོ། །མཉན་པར་བྱ་བ་ནི་གཞུང་ངོ་། །གཟུང་བར་བྱ་བ་ནི་སེམས་ལ་གཞག་པར་བྱ་བའོ། །ཀླག་པར་བྱ་བ་ནི་རྗེད་པའི་ཕྱིར་ཁ་ཏོན་དུ་བྱ་བའོ། །ཀུན་ཆུབ་པར་བྱ་བ་ནི་དོན་ཏེ་རྣམ་པ་ཐམས་ཅད་དུ་ཤེས་པར་བྱ་བའོ། །རབ་ཏུ་གདོན་པར་བྱ་

བ་ནི་གཞན་རྣམས་ལ་ཡང་དོན་དང་གཞུང་དག་ཀུན་ཏུ་བསྒྲགས་པའི་ཕྱིར་རོ། །བསླབ་པར་བྱ་བ་ནི་སེམས་པས་སོ། །རྣལ་འབྱོར་དུ་བྱ་བ་ཞེས་པའི་རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་ལ་སྙོམས་པར་འཇུག་པའི་བྱ་བས་སོ། །བསྒོམ་པར་བྱ་བ་ནི་ངེས་པར་དུས་དང་དངོས་པོར་

གྱུར་པས་སོ། །རྟོགས་པར་བྱ་ཞེས་པ་ནི་རྣལ་འབྱོར་གྱི་ལས་ཉིད་ཀྱིས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རབ་ཏུ་དགའ་བ་ནས་ཇི་སྲིད་དུ་ཆོས་ཀྱི་སྤྲིན་གྱི་བར་དུའོ། །ཐབས་ལ་མཁས་པ་ནི་ཀུན་རྫོབ་དང་དོན་དམ་པར་རོ་གཅིག་པའི་སེམས་ཀྱི་ཁྱད་པར་ལ་ཡང་དག་པར་འདུ་བ་ནི་

རྫོགས་པའོ། །འབྲིང་ནི་བསྟན་བཅོས་ལས། གཟུགས་སོགས་སྐྱེ་འཇིག་ཅེས་ཏེ་མིང་གིས་ཞེས་པ་ནི་ལྷག་མའོ། །གནས་བྲལ་དང་གནས་དང་ཞེས་ཏེ། མིང་དེ་ཡང་མེད་ཅེས་པ་ནི་ལྷག་མའོ། །འདི་ཉིད་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། མ་འཚལ་བ་ནི་དོན་དམ་ལ་

སྟེ་མི་ཤེས་པའོ། །མ་འཚལ་ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི་མ་དམིགས་ཞེས་པ་སྟེ་མངོན་སུམ་གྱིས་སོ། །ཡང་དག་པར་རྗེས་སུ་མ་མཐོང་ཞེས་པ་ནི་རྗེས་སུ་དཔག་པས་སོ། །ངན་དུ་བྱེད་པའི་དངོས་པོ་ནི་ཡིད་ལ་གཅགས་པ་སྟེ། མི་རིགས་པར་བྱས་པ་ཉིད་དོ། །མིང་དུ་

བཏགས་པ་ཙམ་ཞེས་པ་ནི་དོན་དམ་སྟོང་པས་མིང་ངོ་། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་ཟེར་ཡང་ཉེ་བར་མཚོན་པ་མིན་པར་ཤེས་པར་བྱའོ། །ཡོད་པའི་སྐྱེ་བ་དང་འཇིག་པ་མི་དགག་སྟེ། དོན་དམ་པར་ནི་ཡོད་པ་དང་དགག་པ་ལས་ངེས་པར་གྲོལ་

เล่ม ๙๐ · หน้า 38b

བས་གཟུགས་ལ་སོགས་པ་ཅན་ལ་དམིགས་པའི་ཞེས་གསུངས་པ་ཡིན་ནོ། །མི་གནས་པའི་ཐེར་ཟུག་པའི་རྟག་པ་དང་། དེ་དང་འདྲ་བ་རབ་ཏུ་རྒྱུ་བའི་རྟག་པས་སོ། །དགག་བྱ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་དགག་པ་ཡོད་པ་མིན་ཞིང་ཡུལ་མེད་པ་ལ་བསྒྲུབ་པའི་སྦྱོར་བ་ཡོད་པ་

ཡང་མིན་ཏེ། དགག་པ་རྣམ་པར་རྟོག་པ་ལ་བརྟེན་པ་ཉིད་ཀྱང་ཀུན་རྫོབ་པར་འགྱུར་གྱི་དེ་ཁོ་ན་ཉིད་ནི་མ་ཡིན་ནོ་ཞེས་པའི་རིགས་པས་མི་གནས་པ་ཡང་མ་ཡིན་ནོ། །རྣམ་པར་མི་གནས་པ་ནི་རྒྱུན་མི་འདྲ་བ་ཉིད་ཀྱིས་དེ་ལྟ་བུ་ལ་རྣམ་པར་མི་གནས་པ་སྟེ། ཐེར་ཟུག་པ་དང་འདྲ་བ་དང་

མི་འདྲ་བའི་རྒྱུན་དང་བྲལ་བ་ཉིད་ཀྱི་རྣམ་པས་སོ་ཞེས་པའི་དོན་ཏོ། །མེད་པ་ཉིད་ཀྱིས་ཞེས་པ་སྟེ། དེ་ཁོ་ན་ཉིད་དུ་ཞེས་པ་ནི་ལྷག་མ་སྟེ། ཀུན་རྫོབ་ཏུ་ནི་སྐྱོན་མེད་ཅེས་པ་ལ་དགོངས་པའོ། །རབ་འབྱོར་བསྟན་བཅོས་ལས། བརྟགས་དང་བརྗོད་དུ་མེད་ཅེས་ཏེ་ཡུམ་བར་མ་ལས།

གང་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་པའི་ཆོས་ནི་བརྡར་བཏགས་པ་ཅན་ནོ་ཞེས་གསུངས་ཏེ། བཏགས་པ་ཙམ་གྱི་སྡུག་བསྔལ་ལ་སོགས་པ་ནི་དམིགས་པ་ལ། དེ་ནི་གང་དུ་ཡང་བརྗོད་པར་མི་ནུས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་མ་

འདྲེས་པའི་བར་གྱི་ཆོས་ཀྱིས་སོ་ཞེས་བརྗོད་དུ་མེད་པ་ཉིད་རྣམ་པ་སྟེ། འདི་ལ་གསུངས་པ་ནི་དེ་ལྟར་ཞེས་པ་ནི་མིང་ལ་དོན་མེད་པ་ཉིད་ཀྱིས་སོ། །མིང་དང་བཏགས་པ་གང་དེ་ཞེས་པ་ནི་མིང་དུ་བཏགས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལའོ། །མི་གནས་པ་ནི་དེ་ཁོ་ན་ཉིད་དུ་རྣམ་པར་

མི་གནས་ལ། མི་གནས་པ་ཡང་མ་ཡིན་པ་ནི་ཐ་སྙད་དུ་ངེས་པའི་ཕྱིར་ཏེ་དེ་ནི་བཏགས་པ་ཙམ་མོ་ཞེས་པ་ལ་དགོངས་པའོ། །རྣམ་པར་མི་གནས་པ་ནི་དེ་ཡང་བརྟགས་པའི་ངོ་བོ་ལས་རྣམ་པ་སྣ་ཚོགས་པའི་ཕུང་པོ་དང་ཁམས་ལ་སོགས་པའི་ངོ་བོ་མི་གནས་ལ། གང་གི་ཕྱིར་དེས་ན་བརྗོད་

དུ་མེད་ཅེས་པ་ལ་དགོངས་པའོ། །རྣམ་པར་མི་གནས་པ་ཡང་མ་ཡིན་པ་ནི་ཐ་སྙད་ཀྱིས་གང་དུ་ཡང་བརྗོད་པར་བྱ་བའི་ཕྱིར་ཞེས་པ་ནི་དམིགས་པ་དང་རྣམ་པའོ། །གལ་ཏེ་ཞེས་པ་ལ་སོགས་པ་སྟེ། འདི་ལྟར་ཞེས་པ་ནི་ཇི་སྐད་དུ་བཤད་པའི་དམིགས་པ་དང་རྣམ་པ་རྣམས་ཀྱིས་

เล่ม ๙๐ · หน้า 39a

སོ། །རྗོད་པར་བྱེད་པ་ནི་གཞུང་ལའོ། །བསྟན་པར་བྱེད་པ་ནི་དོན་ལའོ། །ཉེ་བར་བསྟན་པར་བྱེད་པ་ནི་དོན་ལ་སེམས་པའི་རང་བཞིན་གྱི་ཤེས་རབ་སྐྱེད་པར་བྱེད་པས་སོ། །སེམས་ཞུམ་པར་མི་འགྱུར་ཞེས་པ་ལ་སོགས་པ་ནི་ཞི་གནས་བསྐྱེད་པ་གསུངས་པ་སྟེ་

དོན་ནི་སྔ་མ་བཞིན་ནོ། །ལྷག་པར་མོས་པ་ནི་ཞི་གནས་དང་ལྷག་མཐོང་གི་སྟོབས་ཀྱིས་ངེས་པར་བྱེད་པའོ། །ལྷག་པའི་བསམ་པས་རྩེ་གཅིག་པས་སོ། །ཕྱིར་མི་ལྡོག་པའི་ཞེས་པ་ནི་ཕྱིར་མི་ལྡོག་པ་སྟེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ངེས་པའོ། །དེ་ནི་དེ་རྣམས་ལའོ། །

ལེགས་པར་གནས་པ་ནི་ཡང་དག་པར་གནས་པའོ། །གནས་པ་མེད་པའི་སྦྱོར་བ་ནི་འཁོར་གསུམ་མི་དམིགས་པའི་སྦྱོར་བས་སོ། །རྩེ་མོ་ཆུང་ངུ་ནི། གཟུགས་སོགས་མི་གནས་དེ་དག་གི། །དེ་ཡི་ངོ་བོ་རང་བཞིན་མེད། །དེ་དག་གཅིག་གིས་རང་བཞིན་གཅིག །ཅེས་པ་སྟེ།

གཟུགས་ལ་སོགས་པ་རྣམས་ལ་མི་གནས་པ་ནི་གང་གི་ཕྱིར་གཟུགས་ལ་སོགས་པའི་ངོ་བོས་སྟོང་པ་ཉིད་ཅེས་སེམས་པས་གནས་པ་མི་རིགས་པས་གཟུགས་ལ་སོགས་པ་ལ་དམིགས་པའོ། །གཟུགས་ལ་སོགས་པ་དང་ཆོས་ཐམས་ཅད་སྟོང་པ་ཉིད་དག་ཕན་ཚུན་ངོ་བོ་གཅིག་སྟེ་གཟུགས་

ལ་སོགས་པ་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་ཁོ་ན་གཟུགས་ལ་སོགས་པའོ་ཞེས་དབྱེ་བ་དང་བྲལ་བའི་རྣམ་པའོ། །དེ་ལྟར། དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང་། །ཞེས་པ་སྟེ། དེས་གཟུགས་ལ་སོགས་པ་ལ་མི་རྟག་པ་ཉིད་ལ་སོགས་པ་རྣམས་སུ་མི་གནས་ཏེ།

གང་ཡང་འདིར་དེ་རྣམས་ཀྱི་རྟག་པ་ལ་སོགས་པ་རྣམས་ནི་མི་རྟག་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ་ཞེས་པ་ནི་དམིགས་པའོ། །དེ་དག་གཅིག་གི་རང་བཞིན་གཅིག་ཅེས་ཏེ། མི་རྟག་པའོ་ཞེས་མི་རྟག་པ་དང་སྟོང་པ་ཉིད་དག་ཕན་ཚུན་ངོ་བོ་གཅིག་སྟེ། གཟུགས་ལ་སོགས་

པ་དང་སྟོང་པ་ཉིད་དག་བཞིན་ནོ་ཞེས་པ་ནི་རྣམ་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་དང་དེའི་མི་རྟག་པ་ལ་སོགས་པར་མི་གནས་ཞེས་པ་ནི་བཅོམ་ལྡན་འདས་ཡུམ་ཆེན་མོར་རྒྱ་ཆེར་གསུངས་ལ། དེ་ཉིད་འདི་བསྡུས་ནས་གསུངས་པ་ནི་གཞན་ཡང་ཞེས་པ་ལ་སོགས་པ་སྟེ།

เล่ม ๙๐ · หน้า 39b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི། རྩེ་མོ་ཆུང་ངུའི་མཚན་ཉིད་ལའོ། །སྤྱོད་པ་ནི་ཐོས་པ་དང་བསམ་པ་དག་གིས་སོ། །དེ་བསྒོམ་པར་བྱ་ཞེས་པ་ནི་ཞི་གནས་དང་ལྷག་མཐོང་དག་གིས་སོ། །དེ་ཅིའི་ཕྱིར་ཞེས་པ་སྟེ། གནས་པ་ནི་དངོས་པོར་དམིགས་པ་ལ་རབ་ཏུ་གནས་པ་

ནི་སེམས་པས་སོ། །དེ་ལྟར་གནས་པ་ནི་གང་དུ་གཟུགས་ལ་སོགས་པ་ལ་མངོན་པར་འདུ་བྱེད་པ་སྟེ། གཟུགས་ལ་སོགས་པའི་རྩོལ་བ་དང་བཅས་པ་རྣམ་པར་རྟོག་པ་ལ་སྤྱོད་པ་མ་ལགས་ཞེས་པ་ནི་རྣམ་པར་རྟོག་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྟེ། དེ་དེ་ལ་སྤྱོད་པ་གང་

ན་མ་ཡིན་པ་ནི་ཡོངས་སུ་འཛིན་པ་མ་ལགས་པ་ནི་དམིགས་པས་སོ། །རྣལ་འབྱོར་དུ་བྱེད་པ་མ་ལགས་པ་དང་། ཡོངས་སུ་རྫོགས་པར་བགྱིད་པ་མ་ལགས་པ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་དངོས་གཞི་དང་རྗེས་ཀྱི་གནས་སྐབས་རྣམས་ལའོ། །ཐམས་ཅད་མཁྱེན་པ་

ཉིད་ལ་ཞེས་པ་ནི་ཀུན་མཁྱེན་པ་གསུམ་པོ་རྣམས་ལའོ། །ཡོངས་སུ་མི་གཟུང་བ་ནི་མི་གཟུང་བར་རིགས་པའོ། །ཡོངས་སུ་མི་གཟུང་ཞེས་པ་ནི་གཟུགས་ལ་སོགས་པ་གང་དུ་མི་གནས་པ་སྟེ། དེ་ནི་མི་དམིགས་པའོ། །གང་ཡང་ངོ་བོ་ཉིད་མེད་པས་གཟུགས་ལ་སོགས་པས་ཡོངས་སུ་

གཟུང་བ་མ་མཆིས་པ་གང་ལགས་པ་དེ་གཟུགས་ལ་སོགས་པ་མ་ལགས་ཞེས་པ་ནི་རྣམ་པའོ། །ཐམས་ཅད་ཅེས་པ་ནི་གང་ཆོས་ཐམས་ཅད་ལ་ཡོངས་སུ་གཟུང་བ་མ་མཆིས་པ་དེའོ། །ཆོས་ཀྱི་དབྱིངས་ལ་དམིགས་པ་རྒྱ་ཆེ་བས་ཡངས་པའོ། །མངོན་དུ་བྱས་པ་ནི་ཇི་སྐད་དུ་བཤད་པའི་

དམིགས་པ་དང་རྣམ་པའི་ཁྱད་པར་དག་གི་སེམས་པས་མདུན་དུ་གནས་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའི་ཕྱིར་རོ། །ཚད་མེད་པ་ནི་སངས་རྒྱས་པའི་དོན་དུ་སྙིང་རྗེ་ཆེན་པོའམ་ཤེས་རབ་ཀྱི་སྦྱོར་བས་ཚད་མེད་པའི་སེམས་ཅན་གྱི་དོན་བྱེད་པར་ངེས་པའི་ཕྱིར་ཚད་མེད་

པར་ངེས་པའོ། །ཐུན་མོང་མ་ལགས་པ་ནི་དམིགས་པ་རྟོགས་པ་ལ་སོགས་པ་ལྔ་པོའི་ཁྱད་པར་རྣམས་ཀྱིས་སོ། །རྩེ་མོ་འབྲིང་གི་དབང་དུ་བྱས་ནས་བསྟན་བཅོས་སུ། ཆོས་རྣམས་མི་འཛིན་གང་ཉིད་དང་། །དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་ཏེ། གང་ཞིག་ཆོས་

เล่ม ๙๐ · หน้า 40a

རྣམས་ཐམས་ཅད་མི་འཛིན་པ་དེ་ནི་དེའི་དམིགས་པ་ལ་ཆོས་ཀྱི་མཚན་མ་མ་མཐོང་བ་ནི་རྣམ་པ་སྟེ་འདིར་དེ་གསུང་བ་ནི་དེ་ཡང་ཞེས་པ་ལ་སོགས་པ་སྟེ། མི་རྟག་པ་ལ་སོགས་པ་དང་སྟོང་པ་ཉིད་ཀྱང་སྟེ་མཚན་མ་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་མཚན་ཉིད་དེ། གཟུགས་

ཞེས་པ་དང་ཚོར་བ་ཞེས་པ་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་ཞེས་པའི་བར་རོ། །བསྟན་པར་བྱེད་པ་གསུངས་པ་ནི་གལ་ཏེ་ཞེས་པ་ལ་སོགས་པ་ནི་འདིར་སངས་རྒྱས་ཀྱིས་བསྟན་པའོ། །ན་ནི་གང་གི་ཕྱིར་རོ། །ཕྲེང་བ་ཅན་ནི་མི་ལ་ཀུན་ཏུ་རྒྱུའི་དཀའ་ཐུབ་ཅན་ནོ། །འདི་ལྟ་སྟེ།

བསྟན་པ་ལ་ཞུགས་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཞེས་པ་ནི་རྩེ་མོ་འབྲིང་ལའོ། །དེ་ལྟ་བུ་ནི་བྱེད་ཅེས་པས་སོ། །དད་པས་རྗེས་སུ་འབྲང་བར་གྱུར་པ་ནི་བསྟན་པའི་ཕྱོགས་གཅིག་ལ་རབ་ཏུ་འབྱུང་བའི་ཕྱིར་རོ། །ཕྱོགས་གཅིག་པའི་ཡེ་ཤེས་ཀྱིས་ཞེས་པ་ནི་རྩེ་མོ་འབྲིང་

གིས་སོ། །གཟུགས་ཡོངས་སུ་མི་འཛིན་ཞེས་པ་ནི་དེའི་མཚན་མར་ཡིད་ལ་མི་བྱེད་པའི་ཕྱིར་རོ། །དགའ་བ་དང་བདེ་བ་ནི་ཡིད་དང་ལུས་ཀྱིས་ཏེ་ཏིང་ངེ་འཛིན་གང་དང་ལྡན་པས་སོ། །རྣམ་པའི་ཁྱད་པར་གསུངས་པ་ནི། དེ་ནང་གི་གཟུགས་ཀྱི་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་

པ་ལ་སོགས་པ་སྟེ། དེ་ངོ་བོ་ཉིད་མེད་པས་དེའི་མཚན་མར་ཡིད་ལ་མི་བྱེད་པ་ཉིད་ཀྱིས་སོ། །གཞན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ནི་མཚན་མར་ཡིད་ལ་མི་བྱེད་ཀྱང་ཕུང་པོ་ལྔ་པོ་རྣམས་ཀུན་རྫོབ་ཏུ་སྣང་བའི་ཕྱིར་ཏེ། དེ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་

བྱེད་དང་། རྣམ་པར་ཤེས་པ་ཞེས་པའི་ཕུང་པོ་སྟེ་ལྔ་པོ་ལའོ། །དེ་ལ་ཚོགས་པར་བྱེད་ཅིང་འདུས་པར་བྱེད་པས་གཟུགས་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཞེས་པའི་ཡུལ་ལྔ་དང་བཅུ་ཞེས་པ་ནི་གཟུགས་

ཀྱི་ཕུང་པོའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཅན་གྱི་ངོ་བོའོ། །དེ་ལས་འབྱུང་བ་ནི་ས་དང་ཆུ་དང་མེ་དང་རླུང་ལ། རེག་བྱ་དང་མིག་ལ་སོགས་པ་བཅུ་པོ་ནི་འབྱུང་བ་ལས་གྱུར་པའོ། །ཚོར་བའི་གསུམ་ལ་སོགས་པ་ནི་སེམས་ཀྱི་བྱ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་གྱི་སེམས་

เล่ม ๙๐ · หน้า 40b

ལས་བྱུང་བ་སྟེ། དེ་ལ་ཚིམ་པ་པོ་དང་ཡོངས་སུ་གདུང་བ་པོ་དང་བཏང་སྙོམས་ཀྱི་ཡུལ་མངོན་སུམ་དུ་བྱེད་པའི་བྱ་བའི་ཡུལ་གྱི་རྗེས་སུ་མྱོང་བ་པོའི་རྣམ་པར་ཤེས་པའི་ཉམས་སུ་མྱོང་བ་ཚོར་བ་ཞེས་པས་ན་ཚོར་བ་ཞེས་བརྗོད་ལ་དེ་ཡང་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་

མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས་པ་ནི་ཚོར་བའི་ཕུང་པོའོ། །མཚན་མ་ནི་ཡངས་ཤིང་ཞབས་ཡངས་ཤིང་ལྡིར་བ་ལ་སོགས་པ་ཅན་དུ་སེམས་ལས་བྱུང་བ་གང་གིས་འཛིན་ཞིང་ཡོངས་སུ་གཅོད་པ་བྱེད་པ་དེ་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་གྱི་འདུ་ཤེས་ཞེས་བྱ་སྟེ་

འདུ་ཤེས་ཀྱི་ཕུང་པོའོ། །འདི་འདུ་བྱེད་ཀྱི་ཕུང་པོ་འདི་རྣམས་ལས་ལོགས་སུ་སྟོན་པ་ནི་རྩོད་པའི་རྩ་བར་གྱུར་པའི་ཕྱིར་དང་འཁོར་བའི་རྒྱུར་གྱུར་པའི་ཕྱིར་ཚོར་བ་དང་འདུ་ཤེས་ལོག་པ་ཤིག་ཏུ་ཕུང་པོར་བྱས་པའོ། །གཉི་ག་ཡང་རྩོད་པའི་རྩ་བ་སྟེ། འདོད་པ་ལ་དམིགས་པ་དང་ལྟ་བ་ལ་དམིགས་པས་ཚོར་

བ་དང་འདུ་ཤེས་དེ་དག་གོ་རིམས་བཞིན་དུ་འཁོར་བའི་རྒྱུའི་ཡང་གཙོ་བོའི་རྒྱུ་སྟེ། ཚོར་བ་ལ་ཆགས་ཤིང་འདུ་ཤེས་ཀྱིས་ཕྱིན་ཅི་ལོག་པས་དེ་འཁོར་བའོ། །བཅོམ་ལྡན་འདས་ཀྱིས་སྒྲིབ་པ་སྤངས་པའི་ཀུན་རྫོབ་པའི་ཕུང་པོ་ལྔའི་བདག་ཉིད་ཅན་ནི་རྣམ་པར་རྟོག་པ་མེད་པའི་མཆོག་ཏུ་བདེ་བ་

མྱོང་བ་གཅིག་ཏུ་མཐར་ཐུག་པ་ལ་ཚོར་བའི་ཕུང་པོ་གཙོ་བོ་ཡིན་པས་ལོགས་སུ་རྣམ་པར་གཞག་གོ། །འདུ་ཤེས་ཀྱི་ཕུང་པོ་ནི་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་གདུལ་བྱ་རྣམས་ཀྱི་བསམ་པའི་ངོར་ཇི་ལྟར་རིགས་པར་འདུ་བྱེད་ཀྱི་ཕུང་པོའི་ཁོངས་སུ་གཏོགས་པའི་དྲན་པ་ཉེ་བར་གཞག་

པ་ལ་སོགས་པ་རྣམས་ཀྱི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲང་བས་ལོགས་སུ་རྣམ་པར་གཞག་པའོ། །དོན་དམ་པར་ནི་ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པ་ཉིད་ལ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་འཁོར་བ་དང་ཅིག་ཤོས་ཀྱིས་གནས་སྐབས་

དག་ཏུ་བསྒྲུབས་ཤིང་སྒྲུབ་པར་ཡང་འགྱུར་རོ། །ཚོར་བ་དང་འདུ་ཤེས་དག་གིས་གཞན་དུ་སེམས་པའི་སྤང་བྱ་དང་བླང་བ་ནི་འདུ་ཤེས་ཀྱི་ཕུང་པོའོ། །དེ་ཡང་གོང་དུ་གོ་སྐབས་ཇི་ལྟ་བ་བཞིན་དུ་འཆད་པར་འགྱུར་བའོ། །གང་དུ་དོན་འཛིན་ཅིང་ཡོངས་སུ་གཅོད་པ་ནི་རྣམ་པར་ཤེས་པས་

เล่ม ๙๐ · หน้า 41a

རྟོགས་ལ་དེའི་ཤེས་པ་ནི་དྲུག་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། དེ་ལྟར་མཐའ་ཡས་མུ་མེད་པའི་ཕྱོགས་རྣམས་དང་དུས་རྣམས་ཀྱི་བགྲང་བ་ལས་ཤིན་ཏུ་འདས་པའི་ཁམས་ཀྱི་འགྲོ་བ་

ལ་སོགས་པའི་དབྱེ་བ་ཐ་དད་པ་རྣམས་ཀྱི་རང་གི་མཚན་ཉིད་འཛིན་པའི་ཆོས་རྣམས་ཐམས་ཅད་མདོར་བསྡུ་ན་ཕུང་པོ་ལྔའོ། །འདི་ཉིད་འདིར་ཤེས་པར་གསལ་བར་བྱེད་སྐྱེད་པར་བྱེད་ཅེས་པའི་སྐྱེ་མཆེད་ནི་བཅུ་གཉིས་ཏེ། དབང་པོའི་དང་ཡུལ་གྱི་བཅུ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་

དང་བཅུ་གཉིས་སོ། །དེ་ལ་ཡིད་ཀྱི་སྐྱེ་མཆེད་ནི་བདུན་གྱི་དངོས་པོ་ཅན་ཏེ། ཡུལ་དྲུག་གི་རྣམ་པར་ཤེས་པ་དང་ཡིད་ཀྱི་དབང་པོ་སྟེ། དེ་ནི་རྣམ་པར་ཤེས་པ་དྲུག་པོ་རྣམས་ཀྱི་ནང་ན་གང་ཞིག་རྣམ་པར་ཤེས་པའི་དེ་མ་ཐག་ཏུ་འདས་པའོ། །ཆོས་ཀྱི་སྐྱེ་མཆེད་ལ་རྣལ་འབྱོར་

སྤྱོད་པའི་ས་ལས་ནི་ཆོས་ཐམས་ཅད་ལ་དམིགས་ཤིང་གཅིག་པུ་མ་ཡིན་པའི་ཤེས་པ་གཞན་དང་ཐུན་མོང་མ་ཡིན་པ་སྟེ། ཚོར་བའི་ཕུང་པོ་དང་འདུ་ཤེས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་ལ་འདུས་མ་བྱས་དང་བསྟན་དུ་མེད་པ་དང་ཐོགས་པ་མེད་པའི་ངོ་བོ་དང་སྐྱེ་མཆེད་དྲུག་དང་ཀུན་རྫོབ་

ཀྱི་ས་བོན་ཞེས་བཤད་དོ། །ཡིད་ཀྱི་སྐྱེ་མཆེད་རྣམ་པ་བདུན་དུ་ཕྱེ་བས་ནི་ཁམས་བཅོ་བརྒྱད་ཅེས་བརྗོད་དོ། །མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་པ་ནས་ཇི་སྲིད་དུ་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་པའི་བར་

ལ་ཁམས་དྲུག་གི་སྐྱེས་བུ་ཞེས་པ་ནི་འདིར་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཁམས་ཏེ། དེ་ལ་ལུས་ཀྱི་ནང་གི་ཁོང་སྟོང་ནི་ནམ་མཁའི་ཁམས་སོ། །གང་ཞིག་ལང་ཀར་གཤེགས་པར་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་རྣམ་པར་གཞག་པ་ནི་དབང་

པོ་ལྔའི་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པའི་དྲུག་དང་། དེ་ཉིད་བདག་དང་བདག་གིར་སྒྲོ་བཏགས་པ་ལས་འཇུག་པའི་ཉོན་མོངས་པ་ཅན་གྱི་ཡིད་དང་བདུན་ལ། དྲུག་པོ་ཉིད་ཀྱི་བག་ཆགས་མ་ལུས་པའི་བདག་ཉིད་ཅན་གྱི་གནས་ངན་ལེན་ལ་སོགས་པའི་གནས་དེས་དགེ་བའི་རྩ་བའི་བར་

เล่ม ๙๐ · หน้า 41b

དུ་གཅོད་པའི་མཚམས་སྦྱོར་བས་ཁམས་ཀྱི་ས་ལ་འདོད་ཆགས་དང་བྲལ་བ་ཡོངས་སུ་བཅོམ་ཞིང་སྐྱེ་བ་དང་འཆི་ཞེས་པའི་ཆོས་དྲུག་པོའི་གནས་ཉིད་དེ། གནས་པར་འགྱུར་བའི་གནས་ངན་ལེན་ལ་སོགས་པ་འདིར་ཀུན་ཏུ་ཞུགས་པར་བྱེད་ཅེས་པ་ཀུན་གཞིའི་རྣམ་པར་ཤེས་པ་དང་བརྒྱད་དོ། །

དེ་ཉིད་ཡང་དེ་ལས་གཞན་པའི་རྣམ་པར་ཤེས་པ་དེ་རྣམས་དང་ལྷན་ཅིག་ཏུ་གྱུར་ནས་ཆོས་གཞན་རྣམས་ཀྱི་དགེ་བ་དང་མི་དགེ་བ་རྣམས་ལ་སེམས་པར་བྱས་པས་ཇི་ལྟར་རིགས་པའི་བག་ཆགས་ཀྱི་བདག་ཉིད་ཀྱི་ས་བོན་རྒྱས་པར་བྱས་པ་ལས། གང་ཞིག་རྒྱུད་ཡོངས་སུ་སྒྱུར་བའི་ཁྱད་

པར་བྱེད་པའི་སྟོབས་ཇི་ལྟ་བ་བཞིན་གྱིས་དངོས་པོ་ལས་མི་ལྡོག་པ་ཐོབ་ནས་བདེན་པར་དུས་ཕྱིས་དེའི་འབྲས་བུ་དགའ་བའམ་མི་དགའ་བར་མངོན་པར་འབྱུང་བར་འགྱུར་ཏེ། དཔེར་ན་རྒྱ་སྐྱེགས་ཀྱི་ཁུ་བས་སྦབས་པའི་རས་བལ་གྱི་ས་བོན་གྱི་མེ་ཏོག་དང་འབྲས་བུ་ཡང་དམར་པོར་སྐྱེ་བར་

འགྱུར་ཏེ། འབྲས་བུ་དེ་རུ་དེ་ཉིད་སྐྱེ། །དེ་ཉིད་ཀྱང་། མདོ་དགོངས་པ་ངེས་པར་འགྲེལ་པར་གདུལ་བྱའི་ཁྱད་པར་གྱི་ངོར་གསུངས་ཏེ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཤིན་ཏུ་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་འགྱུར་ན་མི་རུང་ཞེས། །

འདི་ནི་བྱིས་པའི་སྐྱེ་བོ་རྣམས་ལ་ངས་མ་བསྟན། །ཞེས་སོ། །དེ་ཡང་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་རྣམས་སུ་ལུས་སུ་ཉེ་བར་ལེན་པའི་ལེན་པ་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་དང་རྣམ་པར་ཤེས་པའི་ས་བོན་ཐམས་ཅད་ཀྱི་འདི་ནི་ཀུན་གྱི་གཞིའི་རྣམ་པར་ཤེས་པ་དང་ཞེས་པ་

ལའོ། །འདི་ནི་བྱིས་པ་རྣམས་ལ་ནི་བྱེ་བྲག་ཏུ་སྨྲ་བའི་ཁྱད་པར་རྣམས་ལ་སྟེ། སེམས་དེ་བདག་ཉིད་ཅེས་མངོན་པར་རློམ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པར་མ་བསྟན་ཏོ། །དེ་ཉིད་ཀྱིས་དེ་ཐོས་ནས་དེ་ལ་རྣམ་པར་ཤེས་པའི་བདག་ཅེས་ཤིན་ཏུ་བརྟན་པའི་མངོན་པའི་ང་རྒྱལ་ཅན་དུ་མ་

གྱུར་ཅིག་ཅེས་ཀྱི། གང་ཡང་འདི་ལྟར་ངར་རྣམ་པར་རིག་པར་སྨྲ་བ་རྣམས་ཀྱི་མཚན་ཉིད་དང་བྲལ་ཞིང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའི་མ་ལུས་པའི་བག་ཆགས་ཀྱི་གཞི་ལ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་པའི་བཏགས་པ་ནི་དེ་ལ་མི་འཐད་དེ། དམིགས་པ་དང་

เล่ม ๙๐ · หน้า 42a

རྣམ་པ་རྟེན་འབྲེལ་མ་ཡིན་པ་ནི་རྣམ་པ་ཐམས་ཅད་དུ་ཡུལ་མ་ངེས་པ་སྟེ། དེ་ནི་རྟའི་རྭ་བཞིན་ཏེ། དོན་དམ་པར་ཡོད་པའི་རང་རིག་པའི་མངོན་སུམ་དང་དེའི་མཚན་ཉིད་ནི་སྔ་ནས་དཔྱད་ཟིན་པས་འདིར་རྒྱ་ཆེན་པོས་ཅི་ཞིག་བྱ་སྟེ། འདི་ནི་བདུན་པ་དང་བརྒྱད་

པ་དག་ཏུ་ཕྱེ་བའི་འདོད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁོ་ནར་རྣམ་པར་བཞག་གོ་ཞེས་པའོ། །དབང་པོ་དྲུག་དང་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་དང་ཞེས་པ་བཅོ་བརྒྱད་ཀྱིས་རང་རང་གི་མཚན་ཉིད་འཛིན་པའི་ཁམས་ཞེས་པའོ། །འདིར་ཞེས་པ་ལ་སོགས་པ་སྟེ། ཚིག་

ནི་རྩེ་མོ་ལས་ཏེ། དེའི་རྣམ་གྲངས་ནི་རབ་ཏུ་ཕྱེ་བས་ཏེ་རྩེ་མོ་འབྲིང་ལ་ཞེས་པའི་དོན་ཏོ། །མོས་པ་ནི་མཐར་ཐུག་པའི་ངེས་པ་མ་སྐྱེས་པའོ། །འདི་ལ་ཐམས་ཅད་དུ་ཞེས་པ་ནི་མངོན་པར་བསྟན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པ་ནི་རྒྱས་པར་བཤད་པའོ། །ཆོས་

ཉིད་ནི་སྔོན་གྱི་བདེན་པའི་སྟོབས་ཀྱིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལའོ། །ཡོངས་སུ་གཟུང་བ་ནི་ནང་གི་སྒྲོ་བཏགས་པའོ། །མ་དམིགས་པ་ནི་དངོས་པོར་ཉེ་བར་མཐོང་བས་སོ། །མྱ་ངན་ལས་འདས་པ་ནི་ཐམས་ཅད་ཀྱི་མཆོག་གོ། །དེ་ལ་ཡང་རློམ་སེམས་སུ་མི་བྱེད་པ་ནི་དངོས་

པོ་ཉིད་ཀྱིས་སོ། །འདི་ནི་མུ་སྟེགས་ཀྱི་ཏིང་ངེ་འཛིན་ལས་ལངས་ནས། མོས་པའི་སྟོབས་ཀྱིས་དེ་ཉིད་ཀྱི་ཕྱིར་བཏང་བ་དབང་པོ་ཉིད་དུ་ཤེས་པའི་ཕྱིར་རོ། །འདི་ཡང་ནི་འཆད་པར་འགྱུར་བ་ལ་ཡང་ངོ་། །གང་གིས་ནི་གང་གི་ཕྱིར་གཟུགས་ལ་སོགས་པ་ཅན་དུ་སྒྲོ་འདོགས་པར་

མི་འགྱུར་བའོ། །དེའི་ནང་གི་སྒྲོ་འདོགས་པ་ཐམས་ཅད་འགགས་པས་རིམ་གྱིས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པར་མི་འགྱུར་ཞེ་ན་གསུངས་པ། བར་མ་དོ་མིན་ཞེས་པ་ལ་སོགས་པའོ། །རྩེ་མོའི་རབ་ནི་བསྟན་བཅོས་ལས། །ཡོངས་སུ་བརྟགས་པའི་ཤེས་རབ་ཀྱིས། །ཐམས་ཅད་རྗེས་

སུ་མི་དམིགས་ཉིད། །ཅེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་བརྟགས་པ་ནི་འདིར་དམིགས་པ་ལ་ཐམས་ཅད་རྗེས་སུ་མི་དམིགས་པ་ནི་རྣམ་པའོ། །དེ་ལ་གསུངས་པ་ནི་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདི་གང་འདི་གང་གི་ཞེས་ཚོལ་བ་ནི་སྤྱིའི་ཚོལ་བའོ། །ཅི་ཞེས་པ་ལ་སོགས་པ་ནི་ཁྱད་པར་

เล่ม ๙๐ · หน้า 42b

གྱིས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་དོན་གྱི་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའོ། །ཉེ་བར་བརྟགས་པ་ནི་མེད་པར་བྱེད་པ་ལ་མི་དམིགས་པར་བྱེད་པས་ཞེས་པ་ནི་རྣམ་པར་བརྟགས་ནའོ། །ཉེ་བར་དམིགས་པ་ནི་མཐའ་གཅིག་ཏུ་ངེས་པའོ། །མི་འགོང་

ཞེས་པ་ལ་སོགས་པ་ནི་སེམས་མེད་ཅེས་པ་དང་སྦྱར་བར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བཟོད་པ་ཆུང་ངུའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཡི་ངོ་བོ་ཉིད། །ཅེས་ཏེ། གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་

པའི་ངོ་བོ་ཉིད་དང་བྲལ་བའོ་ཞེས་པའི་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་ཅེས་པ་ནི་དམིགས་པ་སྟེ་ཀུན་རྫོབ་ཀྱི་སྒོ་ནས་སོ། །དེའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་གཟུགས་ལ་སོགས་པ་ཞེས་པ་ནི་རྣམ་པ་སྟེ་དོན་དམ་པའི་སྒོ་ནས་སོ། །དེ་ལ་གསུངས་པ་ནི། དེ་ནས་ཞེས་

པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་གཟུགས་ལ་སོགས་པའི་ངོ་བོ་དང་བྲལ་བས་ཞེས་པ་ནི་དམིགས་པ་ལ། ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱི་མཚན་ཉིད་དང་བྲལ་བ་ཞེས་པའི་ངོ་བོ་ཉིད་དང་བྲལ་བའི་ངོ་བོ་ནི་གཟུགས་ལ་སོགས་པའི་རང་བཞིན་ནོ་ཞེས་པ་ནི་རྣམ་པ་སྟེ། གང་དུ་ཡང་མཚན་

ཉིད་ཅུང་ཟད་མེད་ཅེས་པ་ལ་དགོངས་པའོ། །བཟོད་པ་འབྲིང་ནི་བསྟན་བཅོས་ལས། །དེ་ལ་སྐྱེ་མེད་ངེས་འབྱུང་མེད། །དག་དང་ཞེས་ཏེ། དེ་གསུངས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ལ་སྐྱེ་བ་མེད་པ་དང་ངེས་པ་འབྱུང་བ་མེད་པ་ནི་འདིའི་དམིགས་པ་

ལ། དེ་ཐོས་པར་བྱེད་པའི་བྱང་ཆུབ་སེམས་དཔའི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པ་ནི་རྣམ་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་བྲལ་བའོ། །གནས་ན་གནས་ཤིང་གསལ་ལ་རྫོགས་པ་ནི་མཚན་མ་ཡོངས་སུ་དག་པའོ། །སེམས་ཅན་དང་སྣོད་དག་པ་ནི་སངས་

རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །ཆེན་པོའི་བསྟན་བཅོས་ལས། དེ་ཡི་མཚན་ཉིད་མེད། དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་ཏེ། གཟུགས་ལ་སོགས་པའི་མཚན་མས་དབེན་པ་ཉིད་ནི་འདིའི་དམིགས་པ་ལ། གཟུགས་ལ་སོགས་

เล่ม ๙๐ · หน้า 43a

པའི་མཚན་མ་རྣམས་དང་གཟུགས་ལ་སོགས་པ། ཞེས་པ་གང་ལ་གནས་པ་དང་མོས་པའི་འདུ་ཤེས་དེ་རྣམས་ལས་ལྡོག་པ་ནི་རྣམ་པ་སྟེ། དེ་ལ་མོས་པ་བརྟན་པོར་གྱུར་པ་ནི་མི་གནས་པ་ལ་ངེས་པ་ནི་མོས་པ་ལའོ། །ཐ་སྙད་ནི་འདུ་ཤེས་ཏེ། དེ་ལ་

གསུངས་པ་ནི་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འགག་པ་ནི་སྐད་ཅིག་མས་འཇིག་པ་ལ་འཇིག་པ་ནི་རྒྱུན་གྱིས་སོ། །ཡོད་དང་སོ་སོར་འགག་པ་ཡི། །དངོས་པོ་ལྷན་ཅིག་གྱུར་པ་ཡང་། །སོ་སོར་བཀག་པ་དེ་དག་ཉིད། །རྣམ་པ་ཐམས་ཅད་ཤེས་པ་མིན། །ཞེས་

སོ། །མཚན་མའི་སྤྱོད་པ་དགག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོད་པ་སྟེ། མཚན་མའི་སྤྱོད་པ་ནི་གཟུགས་ལ་སོགས་པའི་མཚན་མ་དང་། གཟུགས་ལ་སོགས་པ་ལ་བརྟེན་པ་དང་། མོས་པ་དང་འདུ་ཤེས་པའི་མཚན་ཉིད་ཅན་ཏེ། དེའི་སྟོབས་ཀྱི་རྣམ་

པ་ཡང་གསུངས་པ་ཡིན་ཏེ། དེ་ཡང་སྤྱོད་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ནི་རློམ་སེམས་མེད་པ་རྣམ་པ་བརྒྱད་བསྟན་པ་སྟེ། མིན་ཞེས་པ་ནི་མི་འཛིན་ཞེས་པའི་དོན་ཏོ། །དེ་ལྟར་བཟོད་པ་ཐོབ་པས་ལས་ལ་དབང་དུ་གྱུར་པས་ངན་འགྲོར་

མི་འགྲོ་ཞིང་རྟག་པར་རྫུས་ཏེ་སྐྱེ་བ་ཡིན་ནོ། །ཆོས་ཀྱི་མཆོག་ཆུང་ངུའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། ཏིང་ངེ་འཛིན་དེའི་བྱེད་པ་ནི། །ཞེས་པ་སྟེ། ཆོས་ཐམས་ཅད་ལེན་པ་མེད་པ་ནི་འདིའི་དམིགས་པ་ལ། དེའི་བྱེད་པ་ནི་རྣམ་པ་སྟེ། དེའི་བྱེད་པ་ནི་འདིར་བྱེད་པ་

པོའོ། །དེ་ལས་གསུངས་པ་དེ་ནི་ཅིའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ཕྱིར་ནི་གཏན་ཚིགས་སོ། །ཉེ་བར་མ་གཏོགས་ཞེས་པ་ནི་བསྟན་པ་ལ་བཤད་པ་ནི། ཉེ་བར་མ་ཟིན་ཞེས་པ་སྟེ། ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་པ་ལ་དགོངས་པ་སྟེ། གང་དུ་

ཆོས་རྣམས་ཐམས་ཅད་ཡོད་པ་མིན་པ་ཉེ་བར་བཟུང་ནས་གང་དུ་དེ་ལྟར་གསུངས་པ་ནི། འདིའི་དམིགས་པ་ལ་འདི་ཞེས་པ་ལ་སོགས་པ་ནི་རྣམ་པའོ། །འབྲིང་ནི་བསྟན་བཅོས་ལས། ལུང་བསྟན་པ་དང་རློམ་པ་ཟད། །ཅེས་པ་སྟེ་གང་ཞིག་ཏིང་ངེ་འཛིན་འདིས་གནས་པ་ལ་

เล่ม ๙๐ · หน้า 43b

སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་དེ་ནི་དམིགས་པ་སྟེ། ལུང་སྟོན་པར་བྱེད་པ་དང་། ལུང་བསྟན་པའི་རྒྱུ་ཉིད་དམ། ཁྱད་པར་གྱི་གཟུགས་ལ་དམིགས་ཞེས་པའི་དོན་ཏོ། །གང་ཞིག་ནི་ཏིང་ངེ་འཛིན་དེའི་རློམ་པ་ཟད་པ་དེ་ནི་རྣམ་པ་སྟེ། དེ་ལ་གསུངས་པ་ནི་

སངས་རྒྱས་ཀྱི་མཐུས་ཞེས་པ་ལ་སོགས་པ་སྟེ། དེས་ཀྱང་ཞེས་པ་ལ་སོགས་པ་ནི་རྣམ་པའོ། །དེ་ལྟ་བུ་དེ་ལ་ཞེས་པ་ནི་ཇི་སྐད་བཤད་པའི་རློམ་པ་མེད་པའོ། །ཐམས་ཅད་ནས་ཞེས་པ་ནི་ཆོས་ཐམས་ཅད་ལེན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པའི་ཁྱད་

པར་གྱིས་སོ། །ཐམས་ཅད་ཅེས་པ་ནི་ཡོངས་སུ་རྫོགས་པའོ། །ཐམས་ཅད་ཀྱི་ཆུང་ངུའི་ཆུང་ངུའི་བྱེ་བྲག་གིས་ཀྱང་ངོ་། །ཐམས་ཅད་ནི་ཏིང་ངེ་འཛིན་ཐོབ་པ་ལས་བརྩམས་ནས་དུས་ཐམས་ཅད་དུའོ། །ཆེན་པོ་ནི་བསྟན་བཅོས་ལས། གསུམ་པོ་ཕན་ཚུན་ངོ་བོ་གཅིག །

ཏིང་འཛིན་རྣམ་པར་མི་རྟོག་པས། །ཞེས་པ་སྟེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་སེམས་དཔའ་ཞེས་པ་ནི་གསུམ་ལ་དེའི་ཕན་ཚུན་གྱི་ངོ་བོ་ནི་འདིའི་དམིགས་པ་སྟེ། ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ནི་རྣམ་པའོ། །དེ་ལ་གསུངས་པ་ནི་དེ་སྐད་ཅེས་

གསོལ་པ་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དམ་པར་རྟོགས་པ་སྟེ། དེ་ཉིད་ལ་སེམས་པ་ནི་འདིར་དེའི་བདག་ཉིད་ཀྱིས་སོ་ཞེས་པ་ནི་བྱང་ཆུབ་སེམས་དཔའོ། །རང་བཞིན་གྱིས་ཏིང་ངེ་འཛིན་ཆེ་བ་དེ་ཉིད་འདིས་སེམས་དཔའ་སེམས་དཔའ་

ཆེན་པོ་སྟེ། བྱང་ཆུབ་སེམས་དཔའ་འདི་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །འདིར་འདི་གསུམ་གྱི་ངོ་བོ་གཅིག་པ་ནི་དམིགས་པ་ལ་ནུས་སམ་ཞེས་པ་ལ་སོགས་པས་རྣམ་པ་གསུངས་ཏེ། བསྟན་པར་ཞེས་པ་ནི་ཚིག་གིས་གསལ་བར་ཞེས་པའོ། །མི་ཤེས་པར་ནི་དོན་དམ་པར་ངོ་བོ་

ཉིད་མེད་པས་མི་སྣང་ཞིང་རྣམ་པར་རྟོག་པ་མེད་པའོ། །ཡང་དག་པར་མི་ཤེས་པ་ནི་བརྗོད་དུ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ། འདིར་ཉེ་བར་བསྡུ་བ་ནི། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་ངུ་འབྲིང་དང་ཆེན་པོ་ཡིན། །ཞེས་པས་སོ། །བྱང་ཆུབ་སེམས་དཔའི་ཉོན་མོངས་

เล่ม ๙๐ · หน้า 44a

པ་ནི་རྣམ་པར་རྟོག་པའོ་ཞེས་པས་རྣམ་པར་རྟོག་པ་དང་ལྡན་པའི་དབང་དུ་བྱ་བ་ནི་བསྟན་བཅོས་ལས། གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །རྣམ་པ་དགུ་ཞེས་ཏེ། གཟུང་བྱར་རྣམ་པར་རྟོག་པས་ན་གཟུང་

བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་གཞིའི་རྣམ་པར་རྟོག་པ་སྟེ་མ་རིག་པའི་གཟུགས་ལ་སོགས་པའི་ཕུང་པོ་དང་། མཐའ་གཉིས་དང་། མིང་དང་གཟུགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཕགས་པའི་ལམ་ལ་མི་གནས་

པ་དང་། ལམ་དུ་ཉེ་བར་དམིགས་པ་དང་། བདག་ཏུ་ཉེ་བར་དམིགས་པ་དང་། རྣམ་པར་དག་པའི་རྟོག་པའི་བདག་ཉིད་ན་ནི་འཇིག་རྟེན་ལས་གྲགས་པས་ཡིན་ལ། གཉིས་པ་དེའི་གཉེན་པོའི་ཕྱོགས་ནི་ཕུང་པོ་དང་། སྒོ་གང་དང་། རིགས་དང་། སྐྱེ་བ་ལ་སོགས་པ་

དང་། སྟོང་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། མི་སློབ་པའི་ལམ་གྱིས་རྣམ་པར་རྟོག་པའི་ངོ་བོ་སྟེ། འདི་རྣམས་དེ་ནས་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པ་ནི་གོ་སྐབས་ཕྱེ་བ་དང་། བཅོམ་ལྡན་འདས་ལ་ཡང་ཤཱ་རིའི་བུས་དེ་ཉིད་

བསྟན་པའི་དོན་དུ་གསོལ་བ་ལ་ཤཱ་རིའི་བུ་ལ་གསལ་བར་འདོད་ནས་གསུངས་པ་སྟེ། ཆོས་འདི་གང་གི་ཡིན་ཞེས་པ་ནི་ཅི་རྫས་དང་ཡོན་ཏན་དང་། ལས་དང་གཙོ་བོ་དང་སྐྱེས་བུ་ལ་སོགས་པའི་འམ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་སྟེ། དེ་ལ་དམིགས་ནས་སློབ་

པའི་ཕྱིར། །ཞེས་པ་ལ་དགོངས་པའོ། །གང་དུའང་མིན་ཞེས་པ་ནི་ཆོས་ཐམས་ཅད་ལ་བདག་མེད་པ་ཉིད་ལ་སློབ་པས་སོ་ཞེས་པ་ལ་དགོངས་པའོ། །དེ་ཞེས་པ་ནི་ཆོས་ཐམས་ཅད་ལ་མི་སློབ་སྟེ་རྫས་ལ་སོགས་པ་དང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་ཡང་ངོ་། །དེ་ལྟར་ནི་དེའི་ངོ་བོ་

ཉིད་ཀྱིས་ཏེ། ཇི་ལྟར་ནི་གང་གི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པར་བདེན་པའོ། །སོ་སོའི་སྐྱེ་བོ་ནི་འཕགས་པ་མ་ཐོབ་པ་རྣམས་སོ། །དེ་ཡང་བྱིས་པར་གྱུར་པའི་གང་དུ་ཐོས་པ་དང་མི་ལྡན་པ་ནི་མང་དུ་ཐོས་པ་མེད་པའོ། །ཡོད་པ་མིན་པ་ནི་དོན་དམ་པར་ཡོད་པ་མིན་པ་

เล่ม ๙๐ · หน้า 44b

སྟེ། གནོད་པ་ཡོད་པས་ཞེས་པའི་དོན་ཏོ། །དེ་ལྟར་ཡོད་ཅེས་པ་ནི་ཀུན་རྫོབ་ཏུ་སྒྲ་དོན་གྱི་ངོ་བོས་ཡོད་ཅེས་པའི་དོན་ཏོ། །མི་རིགས་ཞེས་པ་ནི་ཡུལ་མེད་པའི་ཕྱིར་མི་རིགས་པའོ། །དེ་ནི་མི་རྟག་པ་ལ་སོགས་པ་དེའི་ཡུལ་དུ་རྣམ་པར་རྟོག་པ་བསྟན་པ་སྟེ། འདི་ནི་མ་

རིག་པའི་རྣམ་པར་རྟོག་པ་དང་པོའོ། །དེ་རྣམས་ཀྱི་ཞེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སོ། །ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །བརྟག་ཅེས་པ་ནི་དངོས་པོ་ཉིད་དོ། །གཟུང་བར་ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོར་རྣམ་པར་རྟོག་པས་སོ། །མཐའ་

གཉིས་ཞེས་པ་ནི་སྐྱེ་བ་དང་འགག་པ་དག་གོ། །མི་ཤེས་ཞེས་པ་ནི་སྦྱོར་བའི་ལམ་མ་ཐོབ་པས་དེ་ཁོ་ན་ཉིད་དུ་མི་ངེས་པའོ། །མ་ཐོབ་པ་ནི་འཇིག་རྟེན་ལས་འདས་པའི་ལམ་མ་རྟོགས་པས་སོ། །དེའི་ཕྱིར་ཞེས་པ་ལ་སོགས་པ་ནས། མངོན་པར་ཞེན་པར་མི་བྱེད་ཅེས་པའི་བར་གྱིས་

ནི་ཉེ་བར་བསྡུ་བ་སྟེ། དེ་དག་གིས་ནི་མཐའ་གཉིས་ལ་ཞེན་པའི་རྣམ་པར་རྟོག་པའོ། །མངོན་པར་ཞེན་ཞེས་པ་ནི་གཉིས་དང་ལྡན་པ་སྟེ་དེའི་ངེས་པ་དང་དེའི་རྩ་བའོ། །ཉེ་བར་དམིགས་པ་ནི་ལོག་པའི་ཤེས་པའོ། །མིང་ནི་གཟུགས་མེད་པའི་ཕུང་པོ་རྣམས་ལ་གཟུགས་ནི་

གཟུགས་ཀྱི་ཕུང་པོ་སྟེ། དེ་གཉིས་ནི་མིང་དང་གཟུགས་ཏེ་ཕུང་པོ་ལྔ་རྣམས་སོ། །འདི་ནི་མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་སྟེ། ལྔ་པོ་ནི་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །འདི་ནི་གཟུགས་ལ་སོགས་པ་སྟེ། ཀུན་ནས་ཉོན་མོངས་པ་ལ་འདི་ནི་རྣམ་

པར་བྱང་བ་ཉིད་ཅེས་པ་མི་ཤེས་ཤིང་མི་མཐོང་ནས་ཁམས་གསུམ་དང་ཐེག་པ་དམན་པ་ལས་ངེས་པར་མི་འབྱུང་བའོ་ཞེས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པའོ། །དེ་སྟོང་པ་ཉིད་ལ་དད་པ་མི་སྐྱེད་ཅིང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ལ་

གནས་པར་མི་འགྱུར་ཞེས་པ་ནི་འཕགས་པའི་ལམ་ལ་རབ་ཏུ་མི་གནས་པའི་རྣམ་པར་རྟོག་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དམིགས་པར་བྱེད་པས་ངེས་པར་འབྱུང་བར་མི་འགྱུར་ཞེས་པ་ནི་ལམ་ཉེ་བར་དམིགས་པའི་རྣམ་པར་རྟོག་པའོ། །དེ་བདག་དང་ཆོས་སུ་ཉེ་བར་

เล่ม ๙๐ · หน้า 45a

དམིགས་པ་ལ་ཞེས་པ་ནི་བདག་ལ་སོགས་པ་ཉེ་བར་དམིགས་པའི་རྣམ་པར་རྟོག་པའོ། །མ་སྐྱེས་པ་དང་མ་བྱུང་བ་དང་མངོན་པར་འདུ་བྱ་བ་མེད་པ་དང་རྣམ་པར་དག་པ་ཞེས་པ་ནི་རྣམ་པར་དག་པའི་རྣམ་པར་རྟོག་པ་སྟེ་དགུ་པའོ།། །།རྣམ་

པར་རྟོག་པ་དེ་རྣམས་དྲོད་ཀྱིས་བསྲབས་པར་བྱེད་ཅིང་རབ་ཏུ་སྤོང་བར་ནི་མི་བྱེད་དེ། དེའི་ཕྱིར་དེ་རྣམས་དང་ལྡན་པའོ། །དེའི་ཡང་རྣམ་པར་རྟོག་པའི་མུན་པ་བསྲབས་པའི་ཕྱིར་ན་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ལ་གནས་པ་ཞེས་གསུངས་པ་སྟེ། གཟུང་བའི་རྣམ་པར་རྟོག་པ་

དང་པོའི་དགུ་པའོ། །གཉིས་པའི་དབང་དུ་བྱས་ཏེ་གསུངས་པ་ནི། དེ་དག་གི་ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི། ཕུང་པོ་ལ་སོགས་པ་ལ་བརྟགས་པ་ནི། ཕུང་པོ་ལ་སོགས་པ་ལས་བྱེ་བྲག་གིས་

ཞེས་པ་སྟེ། ཕུང་པོ་ལ་སོགས་པར་བརྟགས་པའི་ཕུང་པོ་ལ་སོགས་པའི་རྣམ་པར་རྟོག་པ་རྣམ་པ་དགུ་སྟེ། དེ་ལ་གཟུགས་སུ་བརྟག་པ་བྱེད་པས་མངོན་པར་ཞེན་པ་དང་། འགྱུར་ཞིང་ཇི་སྲིད་དུ་རྣམ་པར་ཤེས་པའི་བར་ཞེས་པ་ནི་ཕུང་པོའི་དོན་གྱི་རྣམ་པར་རྟོག་པའོ། །

མིག་ཏུ་རྟོག་པར་བྱེད་ཅེས་པ་ནས། ཇི་སྲིད་དུ་ཆོས་ཞེས་པའི་བར་ནི་སྐྱེ་བའི་སྒོའི་དོན་གྱི་རྣམ་པར་རྟོག་པའོ། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་པ་ནས། ཇི་སྲིད་དུ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཆོས་ཀྱི་ཁམས་ཞེས་པའི་བར་ནི་རིགས་

ཀྱི་དོན་གྱི་རྣམ་པར་རྟོག་པའོ། །མ་རིག་པ་ནས་ཇི་སྲིད་དུ་རྒ་ཤི་ཞེས་པའི་བར་ནི་སྐྱེ་བའི་དོན་གྱི་རྣམ་པར་རྟོག་པའོ། །ནང་སྟོང་པ་ཉིད་ཅེས་པ་ནས། ཇི་སྲིད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་པའི་བར་ནི་སྟོང་པ་ཉིད་ཀྱི་དོན་གྱི་རྣམ་པར་རྟོག་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་པ་

ནི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་རྣམ་པར་རྟོག་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་པ་ནི་མཐོང་བའི་ལམ་གྱི་རྣམ་པར་རྟོག་པའོ། །བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅེས་པ་ནི་བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པའོ། །

เล่ม ๙๐ · หน้า 45b

དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་པ་ནས། ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པའི་བར་ནི་མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པའོ། །ལམ་ཞེས་པ་ནི་བདག་མེད་པའི་ཤེས་པ་ལ། ཡང་དག་པ་ནི་དེ་ཁོ་ན་ཉིད་ལ། དེ་དག་གི་མཐའ་ནི་རྩེ་མོ་དང་སྤྱི་བོ་སྟེ།

དེ་ཡང་ལྷག་པའི་དེ་ཁོ་ན་ཉིད་མེད་དེ། ཡང་དག་པའི་མཐའ་ནི་སྟོང་པ་ཉིད་ཅེས་པའི་དོན་ཏོ། །གྲངས་སུ་བགྲང་བའི་རྣམ་པར་རྟོག་པ་དགུ་པོ་འདི་རྣམས་ནི་རྩེ་མོས་བསྲབས་པར་བྱེད་ཅིང་རབ་ཏུ་སྤང་བར་ནི་མི་བྱེད་དོ། །འདི་རྣམས་དང་ལྡན་པས་སྔོན་དུ་འགྲོ་བ་ཅན་གྱི་རྣམ་པར་

རྟོག་པ་རྣམ་པ་དགུ་པོ་རབ་ཏུ་སྤོང་བ་ཉིད་དེ། སྤངས་ལ་ཡང་འདིར་ཕྱི་མའི་གཉིས་པོ་དང་ཕྲ་མོར་ཀུན་ཏུ་རྒྱུ་བས་སོ། །རྣམ་པར་རྟོག་པ་ནི་ཡོད་པ་མ་ཡིན་ལ་རྣམ་པར་རྟོག་པའི་ཕྱིར་ལ། རྣམ་པ་ཐམས་ཅད་དུ་སྤོང་བ་ནི་མཐོང་བའི་ལམ་ལ་རིག་པར་བྱའོ། །དེས་སྣང་བ་

འཕེལ་བའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་ཞེས་པ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་པའི་བཤད་པའོ། །རྫས་དང་བཏགས་པའི་རྟེན་ཅན་གྱིས། །འཛིན་པ་རྣམ་པ་གཉིས་སུ་འདོད། །ཅེས་པ་ནི་རྟེན་ལ་དམིགས་པ་སྟེ། རྫས་ལ་བརྟེན་པ་དང་

བཏགས་པ་ལ་བརྟེན་པའི་ཞེས་པའི་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། འཛིན་པས་རྣམ་པར་རྟོག་པའི་ཕྱིར་རོ། །དེ་ཡང་གོ་རིམས་ཇི་ལྟ་བ་བཞིན་དུ། རང་དབང་བདག་སོགས་ངོ་བོ་ཡིས། །ཕུང་སོགས་རྟེན་ལ་དེ་བཞིན་དུ། །དེ་ནི་སོ་སོར་རྣམ་པ་དགུ། །ཞེས་སྦྱར་ཏེ།

དེ་ལ་དང་པོའི་དབང་དུ་བྱས་ནས་གསུངས་པ་ནི་དེ་དག་བདེན་པ་ཞེས་པ་ལ་སོགས་པ་སྟེ། དམ་པ་ཡང་དག་པའི་དོན་བསྟན་པ་རྣམ་པར་མཐོང་བར་མ་གྱུར་ནས་བདག་ཉིད་ཀྱིས་འདི་ལྟ་བུའི་རྣམ་པ་དགུར་རྟོགས་པར་བྱེད་ནས་མངོན་པར་ཞེན་པར་བྱེད་ཅིང་བདག་ཉིད་ཉེ་བར་དམིགས་པར་བྱེད་དོ། །

འདིར་ཉེ་བར་མི་དམིགས་པའི་མི་མཐུན་པའི་ཕྱོགས་ཉིད་ཀྱི་རྣམ་པར་རྟོག་པ་དགུ་སྟེ། བདག་དང་སེམས་ཅན་དང་ཞེས་པ་ནས་ཇི་སྲིད་དུ་མཐོང་བ་པོར་ཉེ་བར་མི་དམིགས་ཏེ། དེ་ཤིན་ཏུ་མེད་པའི་ཕྱིར་ཞེས་པའི་བར་ནི་རང་དབང་གི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །གཟུགས་ཞེས་པ་ནས་

เล่ม ๙๐ · หน้า 46a

ཇི་སྲིད་དུ་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་དམིགས་སུ་མེད་ཅེས་པའི་བར་ནི་གཅིག་གི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །མིག་ནས་ཇི་སྲིད་དུ་ཡིད་ཀྱི་བར་དང་གཟུགས་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་ཀྱི་བདག་ཉིད་གཅིག་གིས་དམིགས་སུ་མེད་ཅེས་པའི་

བར་ནི་རྒྱུའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ཞེས་པ་ནས་ཇི་སྲིད་དུ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་གཞན་པའི་བདག་ཉིད་ཀྱིས་དམིགས་སུ་མེད་ཅེས་པའི་བར་ནི་ལྟ་བ་ལ་སོགས་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །

རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་ནས་ཇི་སྲིད་དུ་གཟུགས་མེད་པའི་ཁམས་ཀྱི་བདག་ཉིད་ཀྱི་རྟེན་དུ་དམིགས་སུ་མེད་ཅེས་པའི་བར་ནི་ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །བསམ་གཏན་དང་པོ་ནས་ཇི་སྲིད་དུ་གཟུགས་མེད་པའི་སྙོམས་པར་འཇུག་པའི་བདག་

ཉིད་ཀྱི་རྟེན་ཉིད་ཀྱིས་ཉེ་བར་མི་དམིགས་ཞེས་པའི་བར་ནི་འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །འཕགས་པའི་བདེན་པ་དང་གཞན་པའི་བདག་ཉིད་ཀྱི་རྟེན་གྱིས་ཉེ་བར་མི་དམིགས་པ་ཞེས་པ་ནི་མཐོང་བ་ལ་བརྟེན་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །རྣམ་

པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་བདག་ཉིད་ཀྱིས་ཉེ་བར་མི་དམིགས་པ་ཞེས་པ་ནི་བསྒོམ་པ་ལ་བརྟེན་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །སྟོབས་བཅུ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདག་ཉིད་ཀྱི་རྟེན་གྱིས་ཉེ་བར་དམིགས་

སུ་མེད་ཅེས་པའི་བར་ནི་དོན་བྱས་པ་ཉིད་ལ་བརྟེན་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། དགུ་པོ་འདི་རྣམས་ནི་བཟོད་པས་བསྲབས་པར་བྱེད་ཅིང་སྤོང་བ་ནི་མི་བྱེད་དོ། །འདིར་འདི་རྣམས་དང་ལྡན་པས་སྔོན་དུ་འགྲོ་བར་རབ་ཏུ་སྤོང་བ་ཁོ་ནའོ། །དེའི་རྗེས་ལ། གཟུང་བ་མེད་པར་ངེས་

པའི་རྩེ་གཅིག་པར་ངེས་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་གཅིག་ལ་རབ་ཏུ་ཞུགས་པའི་ཏིང་ངེ་འཛིན་ལ་གནས་པ་ཤཱ་རིའི་བུས་ཆེད་དུ་གཉེར་ནས་འདི་སྙམ་དུ་བསམས་ནས་གལ་ཏེ་ཐམས་ཅད་ཤེས་པ་ཉིད་ལ་སློབ་ན་དེ་རྣམས་ལ་ཇི་ལྟར་མི་དམིགས་པའོ། །སློབ་པར་མི་བྱེད་ཅེས་པ་

เล่ม ๙๐ · หน้า 46b

ནི་དམིགས་པའི་སྦྱོར་བ་ཞེས་པ་ལ་དགོངས་པའོ། །དེ་ལྟར་མི་དམིགས་པའི་སྦྱོར་བས་ཆོས་ཐམས་ཅད་དང་ས་ཐམས་ཅད་ཐོབ་པ་དང་། ཡོན་ཏན་རྣམས་ལ་ཉེ་བར་འགྱུར་བའི་འཇིག་རྟེན་ལས་འདས་པའི་ས་ཐོབ་པའི་ཕྱིར་དེ་ལྟར་བཤད་པ་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོའི་དགུ་

པའོ། །དེ་ནས་ཡང་ཞེས་པ་ལ་སོགས་པ་ནི་འདིར་འདྲི་བར་འདོད་པའོ། །འདིར་ཆོས་ཀྱི་མཆོག་ལ་བྱང་ཆུབ་སེམས་དཔས་སྒྱུ་མའི་སྐྱེས་བུ་བཞིན་དུ་དེ་ལྟར་བྱང་ཆུབ་ལ་སློབ་པར་འགྱུར་ན། དེ་ལྟར་ན་ནི་སྒྱུ་མའི་སྐྱེས་བུ་ཡང་སློབ་པར་འགྱུར་ཞེས་པའོ། །དེས་ན་ཞེས་པ་ནི་གང་གིས་

འདིར་སྒྱུ་མའི་སྐྱེས་བུ་ཉིད་དུ་མི་འདོད་པ་སྟེ་རྒྱུ་མཚན་དེས་ནའོ། །ཡང་ན་ཚིག་གི་རྒྱན་ཏེ། ལྟར་ཉན་པ་ནི་ཁས་བླངས་སོ། །འདི་ཞེས་པ་ནི་ངག་ཉེ་བར་དགོད་པའོ། །དེ་ཅི་ཕུང་པོ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞེས་པ་ནི་སླར་འདྲི་བའི་དོན་ནོ། །སྒྱུ་མ་ཉིད་ཕུང་པོ་ལ་ཞེས་པ་ནི་

རབ་འབྱོར་གྱི་ལན་གྱི་དོན་ཏོ། །གང་ཞིག་གི་དོན་སྒྱུ་མ་མཁན་གྱིས་སྤྲུལ་པ་བཞིན་མེད་པ་ཉིད་དུ་གྲགས་ཏེ། དེ་ཅིའི་འདིར་སྒྱུ་མའི་སྒྲའི་དོན་ཏོ། །དེའི་ཕྱིར་ན་སྒྱུ་མ་ཉིད་དུ་བཤད་དོ། །སྒྱུ་མའི་དོན་བཤད་ནས་སྐྱེས་བུའི་དོན་གསུངས་པ་ནི། འདི་དག་ཅེས་པ་སྟེ། ཁྱད་པར་

ཤེས་པ་ནི་མིང་སྟེ། ཤེས་པར་བྱེད་ཅེས་པ་ཤེས་པ་སྟེ་བློའོ། །བྱིས་པ་ཐམས་ཅད་དང་ཐུན་མོང་གི་བློ་ནི་ཀུན་ཤེས་པའོ། །བྱིས་པ་རྣམས་ཀྱི་རབ་ཏུ་འཇུག་པ་ཅན་དུ་ཤེས་པར་བྱེད་ཅིང་ཕྱིན་ཅི་ལོག་པ་ཉིད་དུ་ཡོངས་སུ་མི་ཤེས་པའི་ཕྱིར་བཏགས་པའོ། །འཕགས་པ་དང་འཕགས་པ་མ་ཡིན་

པ་ཐམས་ཅད་ཀྱིས་ཐ་སྙད་དུ་བྱེད་པ་འདི་ནི་ཐ་སྙད་དོ། །དེ་ལ་འཕགས་པ་རྣམས་ཀྱིས་ནི་བཏགས་པ་ལོག་པ་ཉིད་དུ་རྟོགས་ཤིང་གཞན་ཡང་རྟོགས་པར་བྱེད་ལ། འཕགས་པ་མ་ཡིན་པ་རྣམས་ནི་བདེན་པ་ཉིད་དུ་འདོད་ཅིང་བདག་ཉིད་ཀྱང་རབ་ཏུ་འཇུག་པར་བྱེད་དོ། །འདི་ལ་ཞེས་པའི་

བཤད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་ཞེས་པའོ། །མིང་ལ་སོགས་པའི་བཤད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་ཏེ། ངོ་བོ་ཉིད་མེད་ཅིང་བདག་མེད་པའི་ཕུང་པོ་ལྔ་རྣམས་ལ་བྱང་ཆུབ་སེམས་དཔའ་ཞེས་པ་ནི་བཏགས་པ་ལ། དེའི་ཕྱིར་འདི་ནི་སྒྱུ་མའི་སྐྱེས་བུ་ལྟ་བུའོ་ཞེས་པ་ནི་བསྡུས་

เล่ม ๙๐ · หน้า 47a

པའི་དོན་ཏོ། །འཕགས་པ་རྣམ་པར་གྲོལ་བའི་སྡེས་ནི་རིགས་ཀྱི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་ཞེས་པ་ནི། མིང་ཉིད་གཅིག་པུ་ལ་སེམས་བསྐྱེད་པའི་གནས་སྐབས་སུ་ནི། ཤེས་པར་བྱེད་ཅེས་པར་ཤེས་པ་སྟེ། གང་གི་ཀུན་

ཤེས་པ་སེམས་ལ་འཇུག་པའི་རྒྱུ་མཚན་གྱིས་བྱང་ཆུབ་སེམས་དཔའ་ཞེས་པ་ནི་རྣམ་པར་རིག་པ་ལ་སྟེ། རྒྱུ་མཚན་དེ་ཀུན་ཤེས་པ་ནི་ཀུན་ཤེས་པའོ། །སྦྱོར་བའི་ས་བདུན་རྣམས་ལ་ཆོས་ཐམས་ཅད་བཏགས་པ་ཙམ་ཉིད་དུ་རྟོགས་པ་ནི་བཏགས་པའོ། །བརྒྱད་པ་ལ་སོགས་པར་

མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པའི་ལམ་ཐོབ་པས་ཐ་སྙད་ཙམ་གྱི་ཆོས་ཐམས་ཅད་བརྗོད་པས་ཐ་སྙད་ཅེས་གསུངས་སོ། །དེ་དེ་བཞིན་ནོ་ཞེས་པ་གཉིས་ནི་ཡོངས་སུ་མགུ་བའོ། །དེས་ན་ཞེས་པ་ནི་བྱང་ཆུབ་སེམས་དཔའ་སྒྱུ་མའི་སྐྱེས་བུ་བཞིན་དུ་ཞེས་པ་ནི་ཀུན་རྫོབ་ཏུ་སྒྱུ་མའི་རང་བཞིན་དོན་

དམ་པར་ངོ་བོ་ཉིད་མེད་པ་དང་རོ་གཅིག་པའི་སྐྱེས་བུ་དེ་བཞིན་དུ་བདག་ཉིད་མཐོང་ཞེས་པའི་དོན་ཏོ། །སྒྱུ་མ་མཁན་གྱིས་སྔགས་ལ་སོགས་པའི་ཚོགས་པས་སྤྲུལ་པ་ཉིད་ཀྱི་སྒྱུ་མ་དེའི་ངོ་བོ་སྐྱེས་བུ་དེ་བཞིན་དུ་ཉོན་མོངས་པ་དང་ལས་ཀྱི་ཚོགས་པས་སྤྲུལ་པས་སྒྱུ་མ་ཉིད་བཞིན་དུ་སྐྱེས་བུར་ངེས་པར་

བྱས་ལ། འདིར་སྒྱུ་མའི་སྐྱེས་བུ་ཉིད་ཡིན་ཡང་ཇི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་སྐབས་མཐོང་བས་སོ། །འདི་ཞེས་པ་ནི་ཅི་འདྲ་བའོ། །དེ་ལ་ཞེས་པ་ནི་དེ་འདྲ་བ་རྣམས་སོ། །དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྒྱུ་མ་ལྟ་བུར་གསུངས་སོ། །སྔགས་ལ་

སོགས་པས་སྤྲུལ་པའི་སྒྱུ་མའི་སྐྱེས་བུ་ནི་སེམས་མེད་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཉིད་ལ། སྐྱེ་མཆེད་དྲུག་ནི་གང་དུ་སྐྱེས་བུས་བཏགས་ལ། ཡོད་ཅེས་པ་ནི་ཞར་ལ་འོངས་པ་སྟེ། དབང་པོ་དྲུག་གཟུང་ངོ་། །རང་བཞིན་དུ་ནི་ཕུང་པོ་རྣམས་ལ་སྐྱེས་བུ་ཞེས་པར་བཏགས་པ་སྟེ། ལྷག་

མ་ལ་ཡང་ཤེས་པར་བྱའོ། །དེ་ལྟར་ན་དགུ་པོ་ཉིད་ནི་ཕུང་པོ་ལ་སོགས་པ་ལ་སྐྱེས་བུར་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་གཟུགས་ལ་ཞེས་པ་ནས་ཇི་སྲིད་དུ་རྣམ་པར་ཤེས་པ་ཞེས་པའི་བར་ནི་ཕུང་པོར་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་མིག་ཅེས་པ་ནས་

เล่ม ๙๐ · หน้า 47b

ཇི་སྲིད་དུ་ཆོས་ལ་ཞེས་པའི་བར་གྱི་སྐྱེ་མཆེད་དུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་མིག་དང་གཟུགས་རྣམ་པར་ཤེས་པ་ཞེས་པ་ནས་ཇི་སྲིད་དུ་སྒྱུ་མ་ཉིད་ཡིད་དང་ཆོས་ཀྱི་དང་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པའི་བར་ནི་ཞེས་པ་ནས་ཇི་སྲིད་དུ་སྒྱུ་མ་ཉིད་ནམ་མཁའི་ཁམས་

ལ་སྒྱུ་མ་ཉིད་རྣམ་པར་ཤེས་པའི་ཁམས་ཞེས་པ་ནི་ཁམས་ཀྱི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྒྱུ་མ་ཉིད་མ་རིག་པ་ནས་ཇི་སྲིད་དུ་སྒྱུ་མ་ཉིད་རྒ་ཤི་ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་བྱང་ཆུབ་ཀྱི་

ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་པ་ནི་རྣམ་པར་བྱང་བར་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་པ་ནི་མཐོང་བའི་ལམ་དུ་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་

འཇུག་པ་ཞེས་པ་ནི་བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་ཐམས་ཅད་སྟོང་པ་ཞེས་པ་ནི་ཁྱད་པར་གྱི་ལམ་དུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་སྟོབས་བཅུ་ཞེས་པ་ནས་ཇི་སྲིད་དུ་བྱང་ཆུབ་ཅེས་པའི་བར་ནི་མི་སློབ་པའི་ལམ་དུ་བཏགས་པའི་རྣམ་པར་

རྟོག་པའོ། །དགུ་པོ་འདི་རྣམས་ནི་ཆོས་ཀྱི་མཆོག་གིས་བསྲབས་པར་བྱེད་ཅིང་སྤོང་བར་ནི་མི་བྱེད་དེ། འདིར་འདི་རྣམས་དང་ལྡན་པས་སྔོན་དུ་འགྲོ་བ་ཅན་གྱི་རྣམ་པར་རྟོག་པ་དགུ་པོ་སྤོང་བ་ཉིད་དོ། །དེའི་རྗེས་ལ་བར་ཆད་མེད་པ་ཏིང་ངེ་འཛིན་ལ་གནས་པར་བྱེད་དོ། །བར་ཆད་ཀྱིས་

བར་ཆད་བྱེད་པར་མི་ནུས་པས་བར་ཆད་མེད་པའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་དེའི་རྗེས་སུ་མཐོང་བའི་ལམ་དུ་འཐད་དེ། འདི་ནི་འཛིན་པའི་རྣམ་པར་རྟོག་པ་དགུ་པའི་གཉིས་པ་གསུངས་པའོ། །ཡོངས་སུ་འཛིན་པའི་ཁྱད་པར་གྱི་རྣམ་པར་རྟོག་པ་རྣམས་སྔོན་དུ་མདོར་བསྟན་

ནས། རིགས་ལས་དང་པོ་རྒྱས་པར་བཤད་པ་ནི་ཐེག་པ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་རྣམས་འདི་གང་ཞེས་སོ་སོར་སྒྲུབ་པ་ལ་དགོངས་ནས་འདིར་དེའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། སེམས་མི་འགོང་བ་ཉིད་སོགས་ཀྱིས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་

เล่ม ๙๐ · หน้า 48a

མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་ཏེ། གང་གིས་ཡང་དག་པར་འཛིན་པ་བྱེད་ཅིང་ནང་དུ་འཇོག་པ་དང་འདྲེན་པས་ཡང་དག་པར་ཡོངས་སུ་འཛིན་པ་ལ་རྣམ་པ་ཀུན་ནི་རྣམ་པ་བཞི་སྟེ། ཐབས་ལ་མཁས་པ་དང་། དགེ་

བའི་བཤེས་གཉེན་དང་། དེ་དག་གིས་སོ་སོའི་མི་མཐུན་པའི་ཕྱོགས་བོར་བའོ། །དགེ་བའི་བཤེས་གཉེན་གྱི་གནས་སྐབས་སུ་གསུངས་པ་ནི། སྐྲག་པར་མི་འགྱུར་རམ་ཞེས་པ་ལ་སོགས་པ་སྟེ། འདི་ལྟར་སྒྱུ་མའི་སྐྱེས་བུ་བསྟན་པ་ལ་དངང་བ་ནི་སྐྲག་ནས་བྲེད་པ་ལ། སྐྲག་པ་

ནི་སྐྲག་པ་དང་ལྡན་པའོ། །ཀུན་ཏུ་སྐྲག་པ་ནི་ཀུན་ཏུ་སྐྲག་པ་སྟེ། དེ་ཉིད་ཀྱི་རྒྱུན་ལ་ཀུན་ཏུ་སྐྲག་པ་དང་ལྡན་པའོ། །དེའི་གཉེན་པོའི་ཕྱོགས་ནི་མི་ཞུམ་པ་ཉིད་དེ། ཀུན་ཏུ་མི་ཞུམ་པ་ཉིད་དང་། སྒྱིད་མི་ལུག་པ་ཉིད་དེ། སེམས་མི་འགོང་བ་ཉིད་སོགས་ཞེས་པས་གང་དུ་དེ་བཤད་

དེ། ཐབས་ལ་མཁས་པ་ཞེས་པའི་དོན་ཏོ། །དེ་ལ་གང་ཞིག་ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ངེས་པར་བསྟན་པ་དག་གིས་མི་དམིགས་པའི་སྦྱོར་བས་དགེ་བའི་རྩ་བའི་ཆོས་རྣམས་ལ་སྤྱོད་པ་དེ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་དེའི་ཐབས་ལ་མཁས་

པ་ལ་བཟློག་པའི་ཐབས་ལ་མི་མཁས་པ་ལ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་འབྱུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་སོགས་པའི་བྱ་བའི་བདུད་ཀྱི་སྐྱོན་རྣམས་སོ། །འདི་ལྟར་ཞེས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་བར་ཆད་བྱེད་པ་ཉིད་དེ་དེ་རྟོགས་པར་བྱ་བའོ། །འདི་ཞེས་པ་ནི་

ངས་ཁྱོད་ལ་ཀུན་ཏུ་བཤད་པའོ། །བདུད་ཀྱི་ལས་ནི་བདུད་རང་ཉིད་ཀྱིས་སངས་རྒྱས་ལ་སོགས་པའི་ཆ་བྱད་བྱས་ནས་གང་ཞིག་གིས་ལོག་པའི་ལམ་སྟོན་པར་བྱེད་པ་རྣམས་སོ། །འདི་དག་ཅེས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་འབྱེད་པ་པོ་ཉིད་རྟོགས་པར་བྱ་བ་སྟེ། དོན་གྱིས་གང་ཕ་རོལ་ཏུ་

ཕྱིན་པ་འདི་རྣམས་དག་ལ་འབྱེད་པར་བྱེད་པ་དང་གང་འདི་བདུད་ཀྱི་ལས་མི་སྟོན་པ་དེ་ནི་སྡིག་པའི་གྲོགས་པོའོ་ཞེས་དོན་གྱིས་རྟོགས་པར་བྱ་བའོ། །འདི་དག་ཅེས་པ་ནི་ཉེ་བར་བསྡུ་བའོ། །གོ་ཆ་ཆེན་པོ་བགོས་པ་ཡི། །ཞེས་པ་འདིས་ནི་འདིར་ནི་གོ་ཆའི་སྒྲུབ་པ་ཡང་བསྡུས་ལ་དེ་བསྒྲུབ་པར་བྱ་

เล่ม ๙๐ · หน้า 48b

བའི་རྟེན་གྱི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། རྟོགས་པ་ཡིས་ནི་ཆོས་དྲུག་དང་། །གཉེན་པོ་དང་ནི་སྤོང་བ་དང་། །དེ་དག་ཡོངས་སུ་གཏུགས་པ་དང་། །ཤེས་རབ་སྙིང་བརྩེར་བཅས་པ་དང་། །སློབ་མ་ཐུན་མོང་མིན་ཉིད་དང་། །གཞན་གྱི་དོན་གྱི་གོ་རིམས་དང་། །

ཡེ་ཤེས་རྩོལ་བ་མི་མངའ་བ། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་ཏེ། སོ་སོར་ངེས་པ་འདིར་རྟེན་ཏེ་སྒྲུབ་པའི་རྟེན་ཞེས་པ་ལ་སོགས་པས་བདུན་པ་ལ་སོགས་པ་རྟོགས་པའི་གོ་ཆའི་སྒྲུབ་པའི་རྟེན་མདོར་བསྟན་ཅིང་། དེའི་ནང་དུ་ཡོད་པའི་འཇུག་པ་ལ་སོགས་པའི་སྒྲུབ་པ་

རྣམས་ཀྱི་རྟེན་ཡང་བསྟན་ནས། རྟོགས་པའི་ཆོས་དྲུག་ཅེས་པ་ལ་སོགས་པ་སྟེ་རྒྱས་པར་བཤད་དེ། ཤུགས་ཀྱིས་རྟོགས་པར་བྱ་བ་ནི་སེམས་དང་པོ་བསྐྱེད་པར་བྱ་བ་ནས་བརྩམས་པའི་དྲོད་དང་རྩེ་མོ་དང་བཟོད་པ་དང་། ཆོས་ཀྱི་མཆོག་དང་མཐོང་བ་དང་བསྒོམ་པའི་ལམ་དྲུག་པོ་

རྣམས་ལ་དྲོད་ལ་སོགས་པ་བཞི་པའི་རྟོག་པ་ནི་ཆོས་ཉིད་རྟོགས་པར་བྱེད་པ་འདི་དེ་ཁོ་ན་ཉིད་ལ་མོས་པ་བརྟན་པོས་གཉེན་པོའི་ཚོགས་ཡེ་ཤེས་ཀྱི་མི་མཐུན་པའི་ཕྱོགས་ཟད་པ་དང་དེ་དག་ཡོངས་སུ་གཏུགས་པ་ནི་མཐར་ཐུག་པར་འགྲོ་བ་སྟེ། གཉེན་པོའི་ཕྱོགས་རབ་ཏུ་སོན་

ནས་མཐར་ཐུག་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཟད་པའི་མཐར་ཐུག་པ་སྟེ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོས་ཚུལ་ཁྲིམས་འཆལ་པ་ལ་སོགས་པ་སྤངས་ཞེས་པའི་དོན་ཏེ། ཤེས་རབ་དང་སྙིང་རྗེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་

མོང་མ་ཡིན་པ་ནི་ཡེ་ཤེས་སོ། །གཞན་གྱི་དོན་གྱི་གོ་རིམས་ནི་རྒྱུན་མ་ཆད་པ་དང་ལྷུན་གྱིས་གྲུབ་པས་ཡེ་ཤེས་འཇུག་པའོ། །གང་ཞིག་རང་བཞིན་རྣམ་པར་དག་པ་གློ་བུར་གྱི་དྲི་མ་རྣམས་ཀྱི་ནང་དུ་ཆུད་པ་དེ་ཉིད་ནི་བྱང་ཆུབ་ཀྱི་རིགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་

གྱིས་གནས་པ་ཞེས་པའི་མིང་ཅན་ཉིད་ཀྱི་མ་རིག་པ་ལ་སོགས་པའི་མུན་པ་ནུབ་པ་ནི་རིམ་གྱིས་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་རྣམས་ཀྱི་རྟེན་ཏེ། དེ་ལྟར་ཡང་འཕགས་པ་རྣམ་པར་གྲོལ་བའི་སྡེས་སེམས་བསྐྱེད་པ་ནས་བརྩམས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་རྣམས་

เล่ม ๙๐ · หน้า 49a

ལ་ཞེས་པ་ལ་སོགས་པ་གསུངས་པའོ། །དེ་ཉིད་ཀྱིས་ན་སེང་གེ་བཟང་པོའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་རྟེན་ནོ་ཞེས་པ་ནི་མི་འཐད་དོ། །དེ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་མེད་པ་ཉིད་མཚན་ཉིད་ནི་འཕགས་པའི་

ཆོས་ཀྱི་རྒྱུ་ཡིན་པའི་ཕྱིར་ན་ཆོས་ཀྱི་དབྱིངས་ཉིད་དེ། འདིར་དེ་བསྟན་པ་ནི་བསྟན་བཅོས་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་ཏེ། འདི་ནི་སངས་རྒྱས་ཀྱི་རིགས་འདི་ནི་རང་སངས་རྒྱས་ཀྱི་རིགས་འདི་ནི་ཉན་ཐོས་ཀྱི་རིགས་ཞེས་པ་ཇི་ལྟར་

དབྱེ་ཞེ་ན། འདིར་ལན་བསྟན་བཅོས་ལས། རྟེན་པའི་ཆོས་ཀྱི་དབྱེ་བ་ཡིས། །དེ་ཡི་དབྱེ་བ་ཡོངས་སུ་བསྒྲགས། །ཞེས་པ་སྟེ། རྟེན་པའི་སངས་རྒྱས་ལ་སོགས་པའི་ཆོས་དང་ལྡན་པ་རྣམས་ཀྱིས་ཏེ། དེའི་ཆོས་ནི་དབྱེར་མེད་ལ། འདིར་ནི་དེའི་དབྱེ་བས་རིགས་ཀྱི་དབྱེ་བ་སྟེ།

དཔེར་ན་ནམ་མཁའ་ཐ་མི་དད་པ་ལ་ལམ་བགྲོད་པ་པོ་མཐའ་དག་སྟེ། ཉི་མའི་ལམ་དང་། བྱ་ཁྱུང་གི་ལམ་དང་། ཕྱེ་མ་ལེབ་ཀྱི་ལམ་བཞིན་ཞེས་པ་སྟེ། འདི་རྣམས་བསྡུས་ནས་བསྟན་པར་འདོད་ནས་རབ་འབྱོར་ལ་འདྲི་བ་ནི། དེ་སྐད་ཅེས་སྨྲས་པ་དང་ཞེས་པ་ལ་སོགས་པ་སྟེ།

གཞིའི་དོན་གང་ལགས་ཞེས་པ་ནི་རིགས་ཅི་འདྲ་བས་ཡོད་ཅེས་པའི་དོན་ཏོ། །གཞིའི་དོན་མེད་ཅེས་པ་ནི་དེའི་རིགས་དངོས་པོ་མེད་པ་སྟེ་ཆོས་ཀྱི་དབྱིངས་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའི་ཐ་སྙད་ཀྱི་ཡུལ་གྱི་ཕུང་པོ་ལ་སོགས་པ་གང་ངོ་བོ་ཉིད་མེད་པ་ཉིད་དང་། སྟོང་པ་ཉིད་དང་།

ཆོས་ཉིད་དེ་ནི་དེའི་ཆོས་ཀྱི་དབྱིངས་ལ་དེ་ཉིད་དག་པར་མཐར་སོན་པ་རྟོགས་པར་འགྱུར་ཞེས་པ་ནི་བྱང་ཆུབ་ཅེས་བརྗོད་དོ། །དེའི་ཕྱིར་ན་རིགས་སུ་གྱུར་པ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པའི་མཚན་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དོ། །ཡང་ན་བྱང་ཆུབ་ནི་རིགས་སུ་གྱུར་ལ་རྟེན་ནི་མེད་

དོ། །ཀུན་རྫོབ་དང་ཕན་ཚུན་དབྱེར་མེད་པས། རྟེན་དང་བརྟེན་པའི་དངོས་པོའི་དབྱེ་བ་མེད་དོ། །བཏགས་པས་བྱས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནི་ཆོས་ཀྱི་དབྱིངས་ཏེ། བྱང་ཆུབ་ཀྱི་རིགས་ཉིད་དུ་ཇི་ལྟར་རོ། །ཆོས་ཐམས་ཅད་རྟོགས་པས་ནི་ཆོས་དྲུག་དང་ཞེས་པ་ལ་

เล่ม ๙๐ · หน้า 49b

སོགས་པ་རྣམས་ཀྱིས་བསྟན་ཏོ། །ཆགས་པ་ནི་མི་མཐུན་པའི་ཕྱོགས་ཏེ། ཡང་དག་པ་མ་ཡིན་པའི་དངོས་པོ་ལ་ཉེ་བར་དམིགས་པའི་ཕྱིར་རོ། །དེ་དང་འགལ་བའི་ཕྱིར་མ་ཆགས་ཆོས་ཏེ། ཇི་ལྟར་རིགས་པར་དེའི་གཉེན་པོའི་ཕྱིར་རམ་དེ་འགོག་པའི་ཕྱིར་རོ། །དེ་རྣམས་

ལ་མ་ཆགས་པ་ཉིད་དུ་སློབ་པ་ནི་དགེ་བར་འགྱུར་རོ། །འདིར་དེ་རྣམས་ཀྱི་མ་ལུས་པའི་དྲི་མ་བསལ་ནས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལས་འབྱུང་བའི་བྱང་ཆུབ་ཡང་དག་པར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ན་འདི་ལྟར་བྱང་ཆུབ་ལ་རིགས་ལོགས་ན་མེད་དོ། །ཆོས་

རྣམས་འདིར་ཇི་ལྟར་རབ་ཏུ་བསྟེན་ཏེ། རིགས་དམན་པ་ལ་སོགས་པས་དེ་རྣམས་ལ་རབ་ཏུ་མི་བརྟེན་ཅེ་ན། འདིར་བགྲོད་བྱར་གནས་པས་ཡོད་པ་སྟེ། ཐམས་ཅད་དུ་སོན་པའི་ནམ་མཁའོ་ཞེས་པ་བཞིན་ནོ། །བགྲོད་པ་དང་གནས་ཞེས་པས་རིགས་ལས་མི་གཡོ་བའི་སྦྱོར་

བས་འཛིན་པའི་ཕྱིར་ན་རྟེན་ནོ། །དེ་ལྟར་ཡང་ཅི་ཡང་མེད་པའི་ཆོས་ཀྱི་དབྱིངས་མེད་པ་ཉིད་ལ་ཇི་ལྟར་དེ་རྣམས་བརྟེན་ཅེ་ན། དཔེར་ན་ནམ་མཁའ་ཅི་ཡང་མེད་པ་ལ་ཟླ་བ་དང་ཉི་མའི་འོད་ཟེར་གྱིས་མུན་པ་ཟད་པར་བྱེད་པ་བཞིན་ནོ། །དམིགས་པའི་དབང་དུ་བྱས་པ་ནི་བསྟན་

བཅོས་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོགས་པ་དང་། །གང་དག་འཇིག་རྟེན་འདས་འདོད་དང་། ཟག་བཅས་ཟག་པ་མེད་ཆོས་དང་། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་

རྣམས་དང་། །གང་དག་ཐུབ་པའི་ཐུན་མོང་མིན། །ཅེས་ཏེ་སོགས་པས་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་ལ་རྟོག་པར་བྱ་བས་ན་རྟོགས་པ་སྟེ། དགེ་བ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྟོགས་པ་ཞེས་པ་ནི་ཕུང་པོ་གཉིས་ཏེ། དེ་གསུངས་པ་ནི་ཆོས་རྣམས་

ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། མངོན་པར་རྟོགས་པ་བདུན་གྱི་དོན་རིམ་གྱིས་རྟོགས་པར་བྱ་བ་ལ་གང་ཆོས་རྣམས་ཐམས་ཅད་དེའི་དོན་གྱི་ཐབས་སུ་འདིར་དོན་དུ་གཉེར་བར་བྱེད་ཅིང་ཚོལ་བར་བྱེད་པས་སོ། །དེས་ན་དེ་རྣམས་ལ་མ་ཞེན་པས་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་

เล่ม ๙๐ · หน้า 50a

པའི་བདེན་པ་གཉིས་ལས་མི་འདའ་བས་དམིགས་པས་དག་པར་རྟོགས་པར་གྱུར་ནས་མངོན་པར་སངས་རྒྱས་པར་འགྱུར་ཏེ། དེའི་ཕྱིར་ན། དམིགས་པས་ཆོས་རྣམས་ཐམས་ཅད་དེ། །ཞེས་འདིས་རང་བཞིན་རྗེས་སུ་རྟོགས་པའི་རང་བཞིན་དང་བྲལ་བ་ལས་

དམིགས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་བསྒོམས་པའི་སྟོབས་ཀྱིས་ཆོས་འཕེན་པར་འགྱུར་ཏེ། དེ་ལྟ་ན་ཡང་རང་བཞིན་ལ་དམིགས་དགོས་ཏེ། དེ་ཁོ་ན་ཉིད་ཙམ་པོ་ལ་དམིགས་པ་དེ་དོན་དུ་གཉེར་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པ་

ལ་དམིགས་པའོ་ཞེས་གསུངས་ལ། བསྟན་བཅོས་སུ་ཡང་རྣམ་པ་བཞི་ཉིད་ཅེས་སོ། །འོ་ན་ཆོས་རྣམས་དངོས་པོ་མེད་པ་སྟེ། །ངོ་བོ་མེད་པས་ཅི་ཡང་མེད། །ཅེས་པས་ཇི་ལྟར་དམིགས་པར་འགྱུར་ཞེ་ན། དངོས་མེད་ཅེས་པ་ནི་དངོས་པོ་ལ་དམིགས་པ་མིན་ཞེས་པ་ལ་དགོངས་པས་སོ། །དངོས་

པོ་མེད་པ་ནི་གཉིས་སུ་མེད་པ་སྟེ། རབ་འབྱོར་གཉིས་མེད་པ་ནི་དངོས་པོ་མེད་པའོ་ཞེས་གསུངས་པ་སྟེ། དོན་དམ་པ་ལ་ནི་གང་དུ་ཡང་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་དང་། དམིགས་པའི་སྤྲོས་པ་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་

པའི་ཕྱིར་ཡོད་དང་མེད་པའི་མཐའ་དང་དབུས་སུ་ཡོངས་སུ་བརྟགས་པའི་ཁྱད་པར་གྱིས་དམིགས་པར་མི་ནུས་པའི་ཕྱིར་དང་། དམིགས་པ་མེད་པ་ལ་བྱིས་པ་རྣམས་ཀྱིས་སྐྲག་པར་བྱེད་པའི་ཕྱིར་དང་། དེ་ཉིད་གཏིང་དཔོགས་པར་མི་ནུས་པའི་ཕྱིར་ན་ཟབ་པ་སྟེ། དེ་ལྟར་ཡང་འཕགས་པ་ཀླུ་

སྒྲུབ་ཞབས་ཀྱིས་གསུངས་ཏེ། ཡོད་དང་མེད་ལས་རྣམ་འདས་པས། །གང་རྣམས་ལ་ནི་བློ་མི་གནས། །དེ་ཡིས་ཟབ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་པ་སྟེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་ལས་གྲོལ་བ་དེ་ནི་ཟབ་པ་ཉིད་དོ། །གང་

ལ་དངོས་མེད་དངོས་མེད་མིན། །བློ་ཡི་མདུན་ན་མི་གནས་པ། །དེ་ལ་རྟོགས་པ་གཞན་མེད་པས། །དམིགས་པ་མེད་ནས་རབ་ཏུ་ཞི། །རང་བཞིན་གྱིས་ཞི་བའི་རྣམ་པས་སོ། །དེ་ཉིད་མཉམ་པར་མ་བཞག་པའི་གནས་སྐབས་སུ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་བདག་ཉིད་

เล่ม ๙๐ · หน้า 50b

དུ་ཆོས་ཐམས་ཅད་ལ་དམིགས་ལ། མཉམ་པར་གཞག་པའི་གནས་སྐབས་སུ་རྣམ་པར་རྟོག་པའི་སྤྲོས་པ་མ་ལུས་པ་ལས་ལོག་པའི་ཅིར་ཡང་དམིགས་པ་མེད་པ་ལ་སོགས་པ་ལ་གནས་ཞེས་པའོ། །དམིགས་པ་ལ་བསྒྲུབ་པའི་དུས་སུ་ནི། མཐའ་རྩོམ་པ་བཞིན་ལ། འབྱུང་བར་འགྱུར་བའི་

དེའི་འབྲས་བུའི་གནས་སྐབས་ནི་རང་བཞིན་གྱི་ཆེད་དུ་བྱ་བ་ནི་མཚོན་བྱ་བཞིན་ནོ། །དེའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་འབྱུང་གིས། །ཆེད་དུ་བྱ་བ་འདི་ཞེས་

བྱ། །ཞེས་ཏེ། རང་ལས་འབྱུང་བར་འགྱུར་ཞེས་པས་རང་འབྱུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་དེ་རྣམས་ཀྱི་ཆེད་དུ་བྱ་བ་ནི་འདིར་གང་ཆེད་དུ་གཉེར་བར་བྱ་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་འགྱུར་བའོ། །སེམས་ཅན་ཀུན་གྱི་མཆོག་ཉིད་དུ་སྒྲུབ་

པར་བྱེད་པ་ལ་ཆེན་པོ་གསུམ་རྣམས་ཀྱིས་ཏེ། དེ་ལ་གསུམ་ནི་སེམས་དང་། སྤོང་བ་དང་། རྟོགས་པ་དང་གསུམ་སྟེ། དེ་ལ་སེམས་ཆེ་བ་ཉིད་ནི་རྡོ་རྗེ་ལྟ་བུ་ལ་སོགས་པའི་སེམས་སོ། །ལྟ་བ་རྣམས་ཐམས་ཅད་སྤང་བའི་དོན་དུ་བསྟན་པ་ནི་སྤོང་བ་ཆེན་པོ་ཉིད་ལ། བྱང་ཆུབ་ཀྱི་

སེམས་ལ་སོགས་པ་ཉིད་ལ་ཞེན་པ་མེད་པ་ཉིད་ནི། རྟོགས་པ་ཆེན་པོ་ཉིད་དོ། །སེམས་ཆེན་པོ་ཉིད་དང་། སྤོང་བ་ཆེན་པོ་ཉིད་དང་། རྟོགས་པ་ཆེན་པོ་ཉིད་ཀྱིས་ཆེད་དུ་གཉེར་བར་བྱེད་ཅེས་པ་ནི་ཆེད་དུ་བྱེད་པ་ཆེན་པོའོ། །འདིར་ཆེད་དུ་བྱ་བ་ཆེན་པོའི་ཡུལ་ཡིན་པའི་ཕྱིར་སེམས་ཅན་

ཆེན་པོ་ལ་དགོངས་པའོ་ཞེས་པ་ནི་སེམས་ཅན་ཆེན་པོའོ། །འདིར་དེ་ཉིད་སྐབས་སུ་བབ་ཅེས་པས་རྟོགས་པར་བྱ་བའི་དོན་དུ་ཞེས་པ་ལ་སོགས་པ་སྟེ། རྟོགས་པའི་དོན་ནི་དོན་མེད་པར་མི་དམིགས་པས་འདོད་པ་སྟེ་རྒྱུ་མཚན་དེས་ནའོ། །སེམས་ཅན་གྱི་ཕུང་པོ་ཞེས་པ་ནི་མདོར་བསྟན་པ་

ལ་སེམས་ཅན་གྱི་རིས་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །དེའི་མཆོག་ཉིད་ནི་ཐེག་པ་ཆེན་པོས་ཡང་དག་པར་བསྡུས་པའི་ཆེད་དུའོ། །མ་ལུས་པའི་འཁོར་བར་བཞུགས་པ་ལ་སོགས་པའི་སེམས་ཅན་གྱི་ཕུང་པོའི་མཆོག་ཉིད་ཆེན་པོ་ནི་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཉིད་ཀྱིས་བརྗོད་པ་

เล่ม ๙๐ · หน้า 51a

ཡིན་ནོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། དེའི་དུས་ལ་ཞེས་པ་ནི་གོ་སྐབས་ཏེ། འདིར་བདག་ལ་སོགས་པ་བཞི་ནི་ཡུམ་ཆེན་མོར་ནི་བཅུ་གསུམ་གསུངས་ཏེ། ཐམས་ཅད་ཀྱང་གྲུབ་མཐའ་ཐ་དད་པ་ལས་དོན་གཅིག་གོ། །སྒྲ་བཤད་པ་ཙམ་གྱིས་

ཐ་དད་དེ། དེ་ལ་ངར་འཛིན་པའི་རྒྱུ་ཉིད་ཀྱིས་ན་བདག་གོ། །འགྲོ་བ་རྣམས་སུ་ཆུད་པས་ན་སེམས་ཅན་ནོ། །སྲོག་གི་དབང་པོའི་དབང་གིས་རིས་མཐུན་པའི་ལུས་ཟད་པ་དང་མི་གནས་པའོ་ཞེས་པ་ནི་སྲོག་གོ། །ཉོན་མོངས་པ་དང་ལས་ཀྱི་དབང་གིས་སྐྱེ་བར་འགྱུར་བས་རྩོམ་པས་གྲོལ་བའོ། །

ཁམས་ལ་སོགས་པའི་ཟས་ཀྱིས་གསོ་བར་བྱེད་ཅེས་པས་གསོ་བའོ། །སྐྱེས་བུའི་ལུས་ལ་གནོད་པར་བྱེད་པས་ན་སྐྱེ་བུ་སྟེ། སྐྱེས་བུའི་དབང་པོ་དང་ལྡན་པས་ནི་མ་ཡིན་ཏེ། གཟུགས་ཀྱི་ཁམས་པའི་སྐྱེས་བུ་རྣམས་ཉིད་ལ་སྐྱེས་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ནས་

ཡང་དུ་འགྲོ་བ་རྣམས་སུ་འཇུག་པར་འགྱུར་བས་ན་གང་ཟག་གོ། །གཙོ་བོ་ཡིད་ཀྱི་ལས་རྣམས་ཀྱིས་འགྲོ་བ་རྣམས་སུ་སྐྱེ་བར་བྱེད་ཅེས་པས་ན་ཤེད་ཅན་ནོ། །ཤེད་ཀྱི་བདག་པོའོ་ཞེས་པས་ནི་ཤེད་བདག་གོ། །དགེ་བ་ལ་སོགས་པའི་ལས་ཀྱིས་རྟེན་དུ་གྱུར་པས་ན་བྱེད་པ་པོའོ། །ལས་

ཀྱི་རྣམ་པར་སྨིན་པར་མྱོང་བས་ན་ཚོར་བ་པོའོ། །ཡིད་ཀྱི་རྣམ་པར་ཤེས་པ་གནས་ཡིན་པའི་ཕྱིར་ཤེས་པ་པོའོ། །མིག་ལ་སོགས་པ་རྣམ་པར་ཤེས་པ་ལྔའི་གནས་ཡིན་པའི་ཕྱིར་མཐོང་བ་པོའོ། །དེ་རྣམས་ཀྱི་ལྟ་བ་ནི་དེ་དངོས་པོ་ཡོད་པར་མངོན་པར་ཞེན་པའོ། །འབྱུང་བ་ནི་འཁོར་

བའོ། །འཇིག་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་གཉིས་ལ་ལྟ་བ་མཆོག་ཏུ་ཉིད་དུ་ངེས་པའོ། །མྱ་ངན་ལས་འདས་པ་ཐོབ་ནས་འཆད་པར་འགྱུར་ཞེས་པས་ནི་ཆད་པར་ལྟ་བའོ། །རྟག་པར་འབྱུང་བར་འགྱུར་ཞེས་པ་ནི་རྟག་པར་ལྟ་བའོ། །འོན་ཀྱང་འདི་རྣམས་ནི་སྔོན་དུ་བྱུང་བ་

ལས་ཕྱིས་མེད་དོ་ཞེས་པ་ལ་ཆད་པ་ལ་གང་ཞིག་ངོ་བོ་ཉིད་ཀྱིས་ཡོད་ཅིང་མེད་པ་ལ་མེད་ཅེས་པ་ནི་རྟག་པའོ། །ཕུང་པོ་ལྔ་པོ་རྣམས་ཀྱི་ལུས་ངོ་བོ་ཉིད་མེད་པ་དེ་རྣམས་ལ་ངོ་བོ་ཞེས་པ་ནི་འཇིག་ཚོགས་ལ་ལྟ་བའོ། །དེ་བཞིན་དུ་དེ་ལ་སོགས་པའི་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་

เล่ม ๙๐ · หน้า 51b

འཛིན་པ་ལ་སོགས་པ་རྣམས་སོ། །ཆོས་ཞེས་པ་ནི་རིགས་པའི་ལམ་ཞེས་པ་སྟེ་སྤོང་བ་ཆེན་པོའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་ཀྱང་སེམས་འདི་ཉིད་ལ་ཐམས་ཅད་མཁྱེན་པ་ཡང་སེམས་འདི་ཉིད་དོ། །ཟག་པ་མེད་པ་ནི་བག་ཆགས་དང་བཅས་པའི་འཆི་

འཕོ་བའི་ཟག་པ་ཐམས་ཅད་མེད་པའོ། །མཉམ་པ་མེད་པ་ནི་སོ་སོའི་སྐྱེ་བོ་རྣམས་དང་ངོ་། །མི་མཉམ་པ་ནི་སངས་རྒྱས་དེ་རྣམས་དང་ངོ་། །མཉམ་པ་དང་མི་མཉམ་པ་སྟེ་མི་མཉམ་པ་མེད་པའོ། །མ་ཆགས་པ་ནི་བསྟན་པའོ། །ཡོངས་སུ་མ་ཟིན་ཞེས་པ་ནི་བཤད་པའོ། །

ལྷག་མ་རྣམས་ནི་རྣམ་པར་བཤད་ཟིན་ཏོ་ཞེས་པ་ནི་རྟོགས་པ་ཆེན་པོའོ། །སྒྲུབ་པ་ནི་རྣམ་པ་བཞི་སྟེ། དེ་ལ་གོ་ཆ་དང་འཇུག་པའི་སྒྲུབ་པ་ནི་སེམས་དཔའ་ཆེན་པོའི་སྒྲའི་འཇུག་པའི་རྒྱུ་མཚན་གསུངས་ལ། གང་པོས་དེ་བརྗོད་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། །གང་དུ་

འཇུག་པ་ཉིད་བགྲོད་པ་སྟེ། འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་སོ། །གོ་ཆ་བགོས་ཞེས་པ་དང་། ཐེག་པ་ཡང་དག་པར་གནས་ཞེས་པའི་བར་གྱི་ཚིག་ཕྱིས་པས་སེམས་དཔའ་ཆེན་པོའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་

རྣམས་ཀྱི་སོ་སོའི་གོ་ཆ་རེ་རེ་ལ་མ་ལུས་པ་ཉེ་བར་གནས་པ་ནི་གོ་ཆའི་སྒྲུབ་པ་སྟེ། དཔུང་གི་ཚོགས་ཀྱིས་གོ་གོན་པ་བཞིན་ཏེ། །རྒྱས་པ་ནི་བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལའོ། །བཅོམ་ལྡན་འདས་མ་འདིར་ནི་གོ་ཆ་སྟེ་བསྲུང་བ་དང་བསྲུང་བའི་སྒྲུབ་པ་ནི་བར་མར་རོ། །ཐམས་

ཅད་དུ་ནི་རྣམ་པ་ཐམས་ཅད་རྣམས་ཀྱིས་ཏེ། ཇི་ལྟར་ཆེད་དུ་བྱེད་པ་ལ་གཞན་གྱིས་མི་ཐུབ་པའོ། །འདིས་ནི་བར་དུ་གཅོད་པ་ཐམས་ཅད་ལ་མདའ་སོ་སོར་བསྣུན་པར་འགྱུར་ཏེ། འདིར་བསྟན་བཅོས་ལས། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། །

གོ་ཆའི་བསྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་ཏེ་གང་གིས་སྦྱིན་པ་བྱེད་པ་དེ་ནི་སྦྱིན་པ་སྟེ། རང་གི་རང་ཉིད་ཡོངས་སུ་གཏོང་ཞིང་གཞན་རང་གི་བྱེད་པའི་སེམས་ཀྱིས་ཏེ། ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་ཀྱི་དབྱེ་བ་རྣམ་པ་གསུམ་མོ། །དེ་ལ་

เล่ม ๙๐ · หน้า 52a

ཟང་ཟིང་གི་སྦྱིན་པ་ནི་འབྲས་བུ་དང་བཅས་པ་ཇི་སྲིད་དུ་བདག་ཉིད་ཀྱི་དངོས་པོ་ཡང་ཡོངས་སུ་གཏོང་བའོ། །མི་འཇིགས་པའི་སྦྱིན་པ་ནི་ཚུལ་ཁྲིམས་དང་བཟོད་པ་དང་སྐྱེད་པས་བྱས་པ་དང་མ་བྱས་པའི་གནོད་པས་གཞན་རྣམས་ལ་ཉེ་བར་མི་འབྱེད་པའི་

ཕྱིར་རོ། །ཆོས་ཀྱི་སྦྱིན་པ་ནི་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དུབ་པ་མེད་པར་བསམ་གཏན་གྱིས་གཞན་དུ་བསྐྱེད་པར་བྱས་པས་གཞན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་ཤེས་པར་བྱས་ནས་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བའི་དོན་ཉེ་བར་སྟོན་པའོ། །

རང་བཞིན་གྱིས་ཁ་ན་མ་ཐོ་བ་རྣམས་ཀྱིས་མི་དགེ་བ་བཅུ་རྣམས་དང་། བཏགས་པའི་ཁ་ན་མ་ཐོ་བ་རྣམས་ལས་ལྡོག་པར་བྱེད་པའི་ཚུལ་ཁྲིམས་སོ། །བཟོད་པ་དང་ལྷན་ཅིག་པ་ནི་རྣམ་པ་གསུམ་སྟེ། གཞན་གྱིས་གནོད་པར་བྱས་པ་ལ་བཟོད་པ་དང་། སྡུག་བསྔལ་ལ་ལྷག་པར་

གནས་པའི་བཟོད་པ་དང་། མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་མཚན་ཉིད་ཀྱི་ཆོས་ལ་དམིགས་པའོ། །དགེ་བའི་ལས་ལ་སྤྲོ་བའི་བརྩོན་འགྲུས་དང་། སེམས་རྩེ་གཅིག་པས་སེམས་པར་བྱེད་པའི་བསམ་གཏན་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བར་དུ་མི་གནས་པའི་བྱང་ཆུབ་

ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་ཀྱི་གཞི་ཡིན་པའི་ཕྱིར་རྟེན་དམ་པ་དང་དངོས་པོ་མཐའ་དག་ཀུན་ཏུ་སྤྱོད་པས་དངོས་པོ་དམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བ་ལ་དབང་བ་ཡིན་པའི་ཕྱིར་དབང་དམ་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་

ཀྱིས་གཟུང་བའི་ཕྱིར་ཐབས་ལ་མཁས་པ་དམ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་ཡོངས་སུ་བསྔོ་བ་དམ་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པར་བྱེད་པས་ཀུན་ནས་འདུ་བ་རྣམ་པར་དག་པ་དམ་པ་རྣམས་ནི་སོ་སོར་སྦྱིན་པ་ལ་སོགས་པའི་

ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཚན་ཉིད་དུ་བྱང་ཆུབ་སེམས་དཔའི་ས་ལས་བཤད་དོ། །འདིར་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསམ་གཏན་ནི་ལྷག་པའི་སེམས་ཀྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྷག་པར་ཤེས་རབ་ལ། བརྩོན་འགྲུས་ནི་

เล่ม ๙๐ · หน้า 52b

གསུམ་ཆར་གྱིས་ཡང་ལྷན་ཅིག་བྱེད་པ་ཅན་ནོ། །སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ནི་བསོད་ནམས་ཀྱི་ཚོགས་ལ། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ནི་ཚོགས་གཉི་གའི་གྲོགས་ཏེ་མདོར་བསྡུ་ན་ནི་སྙིང་རྗེའི་ལས་

ཀུན་སེམས་ཅན་གྱི་དོན་དུ་བྱེད་པའི་ཕྱིར་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱིས་དོན་རྟོགས་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་སོ། །སྦྱིན་པ་ལ་སོགས་པ་རྣམས་ནི་དོན་དམ་པར་དམིགས་སུ་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རྒྱུན་མ་ཆད་པ་མཉམ་པར་མ་བཞག་པའི་གནས་སྐབས་

རྣམས་ལ་རབ་ཏུ་འཇུག་ལ་ཏིང་ངེ་འཛིན་གྱི་གནས་སྐབས་སུ་སྦྱིན་པ་ལ་སོགས་པ་བཏང་སྙོམས་སུ་བྱས་ནས་བོར་བའི་ཕྱིར་རོ། །དེ་དག་གི་སྦྱིན་པ་ལ་སོགས་པ་རྣམས་ལ་སོ་སོར་རེ་རེས་མཐའ་དག་བསྡུས་པ་ལ་ཉེ་བར་གནས་པས་གང་ཞིག་གི་སྒྲུབ་པ་རྒྱས་པར་བཤད་པར་བྱེད་པ་ནི་ཐར་

པའི་ཆ་དང་མཐུན་པའི་མཚན་ཉིད་ཀྱིའོ། །གོ་ཆའི་སྒྲུབ་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་ཞེས་པ་ནི་འདི་འདྲ་བའི་སེམས་སོ། །ཕྱོགས་དང་ཡུལ་གྲངས་ཀྱིས་ཡོངས་སུ་མི་ཆོད་པའི་ཕྱིར་གོ་རིམས་བཞིན་དུ་གཞལ་དུ་མེད་པ་དང་བགྲང་དུ་མེད་པའོ། །

ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་ཞེས་པ་ནི་ཇི་སྐད་ཀྱི་ཆེད་དུ་བྱ་བ་ལས་གཞན་དུ་མི་འགྱུར་བ་སྟེ་སྐུར་པ་འདེབས་པའི་གཉེན་པོར་གསུངས་པའོ། །ཡོད་པ་མ་ཡིན་ཞེས་པ་ལ་སོགས་པ་ནི་སྒྲོ་འདོགས་པའི་གཉེན་པོར་རོ། །དེ་ལྟར་ན་མཐའ་གཉིས་ཀྱི་གཉེན་པོའི་དབུ་མ་བསྒྲུབ་

པས་སོ། །དེ་བཞིན་དུ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་གོ་ཆ་གསུངས་ནས་བསམ་པའི་རང་བཞིན་བརྗོད་པར་འདོད་ནས་རིགས་པས་འདྲི་བ་ནི། དེ་ཞེས་པ་སྟེ། དེ་ལ་མཐའ་གཉིས་དང་བྲལ་བ་ཉིད་ལ་བྱེད་པ་པོ་གང་ཡང་མི་འཐད་པའོ། །ཆོས་རྣམས་ནི་ཕུང་པོ་ལྔ་པོ་ལ། དེ་

རྣམས་མཐའ་གཉིས་དང་བྲལ་བ་ཉིད་ཀྱི་ཆོས་ཉིད་ནི་རང་བཞིན་ནོ། །སྒྱུ་མ་ནི་རྒྱུ་གཞན་གྱི་དབང་གིས་ཀུན་རྫོབ་ཀྱི་སྒྲའི་དོན་ཏེ། དེ་ལ་ཡོད་པ་ཉིད་ལ་སོགས་པ་རྣམས་ཀྱིས་བརྟགས་ལ། སྟོང་པ་ཉིད་ནི་ཆོས་ཉིད་ཉེ་བར་གཟུང་བ་ཉིད་དུ་འདོད་དོ། །དེ་ལྟ་བས་ན་རྒྱུ་དང་རྐྱེན་

เล่ม ๙๐ · หน้า 53a

གཞན་གྱི་དབང་གིས་ཕུང་པོ་ལྔ་པོ་རྣམས་ནི་ཀུན་རྫོབ་ཀྱི་ངོ་བོའི་སྒྲ་དོན་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་རྣམས་ནི་བརྟགས་པའི་ངོ་བོ་ཉིད་རྣམས་སོ། །སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱི་རང་བཞིན་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དོན་དམ་པར་

སྟེ། ཀུན་རྫོབ་དང་དེ་དག་རོ་གཅིག་ཉིད་པས་མཐའ་དག་མཐའ་གཉིས་དང་བྲལ་བའོ་ཞེས་པས་མཐའ་གཉིས་དང་བྲལ་བ་གྲུབ་པ་སྟེ། དེ་ཉིད་ཀྱི་དཔེ་གསུངས་པ་ནི། འདི་ལྟ་སྟེ་དཔེར་ན་ཞེས་པ་སྟེ། མཁས་པས་ཕུལ་ཏུ་ཕྱིན་པའོ། །ཉེ་གནས་ནི་སློབ་མའོ། །དེ་ཇི་སྙམ་

ཞེས་པ་ནི་ཐུན་མོང་དུ་དྲི་བའོ། །གང་ཡང་ཞེས་པ་ནི་ཁྱད་པར་གྱིའོ། །གསོད་པ་ནི་བཅོམ་པའོ། །འཆི་བ་ནི་རང་ཉིད་དོ། །བཤིག་པ་ནི་མི་སྣང་བར་བྱས་པའོ། །མི་སྣང་བ་ནི་རང་ཉིད་ཀྱིས་སོ། །བསམས་པའི་རང་བཞིན་གྱི་ཤེས་རབ་གསུངས་ནས། བསྒོམས་པའི་རང་བཞིན་

གྱི་བརྗོད་པར་བྱ་བ་ལ། བསྒོམ་པ་ནི་རྣམ་པ་གསུམ་སྟེ། ཞི་གནས་དང་། ལྷག་མཐོང་དང་། ཟུང་དུ་འབྲེལ་བའོ། །དེ་ལ་ཞི་གནས་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། མིང་དང་ནི་དེ་ཉིད་དམིགས་པ་ལ་སྟེ་སྔོན་དུ་བཤད་པའི་རྣམ་པ་དྲུག་གིས་

མདོར་བསྡུས་པའི་སེམས་ལ་ཡང་ལངས་པ་ན་བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་མི་སྐྲག་པ་སྟེ། ཇི་ལྟར་ཞེ་ན། དེ་ཉིད་ཀྱིས་མི་ཉམས་ཏེ་རྣམ་པར་གཡེང་བའི་སྐྱོན་མཐོང་བའི་ཕྱིར་རོ། །ཀུན་ཏུ་མི་སྐྲག་པ་ནི་ངང་དུ་གྱུར་པའི་ཕྱིར་རོ། །ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་

བ་ནི་ལྷུན་གྱིས་གྲུབ་པའི་དབང་དུ་གྱུར་པས་མཉམ་པར་གཞག་པའི་སེམས་ལ་འབད་རྩོལ་མི་བྱེད་པའི་ཕྱིར་རོ། །འདི་ཙམ་ཞེས་པ་ནི་ཞི་གནས་འདིས་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའི་གོ་ཆ་བརྟན་པས་སོ། །དེ་ནས་ཞེས་པ་ལ་སོགས་པ་ལྷག་མཐོང་གསུངས་པ་ནི།

དམིགས་པ་དེ་ནི་དོན་དམ་པར་མིན་ཏེ། དོན་དམ་པ་སྟོང་པ་ཉིད་དེ་སྟོང་པ་ཉིད་མཐོང་ནས་གང་དུ་གང་གང་གིས་མྱ་ངན་ལས་འདའ་བར་བྱེད་པར་མཐོང་བ་ཡོད་པ་མ་ཡིན་ལ་དོན་ནི་དོན་དམ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སེམས་ཅན་གྱི་དོན་ལ་སོ་སོར་གོ་ཇི་ལྟར་བགོས་ཀྱང་བགོས་པ་མེད་

เล่ม ๙๐ · หน้า 53b

ཅེས་གསུངས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་སྟེ། བྱེད་པ་པོ་དང་རྒྱུ་མེད་པའི་ཕྱིར་མ་བྱས་པའོ། །འཇིག་པའི་རྒྱུ་མེད་པ་ཉིད་ཀྱིས་ནི་རྣམ་པར་མ་བསྒྱུར་བའོ། །གཉི་གའི་ལྷན་ཅིག་བྱེད་པའི་རྐྱེན་མི་འཐད་པས་མངོན་པར་འདུས་མ་བྱས་པའི་སྟེ། མ་བྱུང་བ་དང་འབྱུང་བ་དང་དེ་ཁྱད་པར་

དུ་འགྲོ་བ་དང་། འབྲས་བུ་ཐོབ་པ་ལ་མངོན་དུ་ཕྱོགས་པར་བྱེད་པའི་དབང་དུ་བྱས་ནས་གོ་རིམས་བཞིན་དུ་ཚིག་གསུམ་མོ། །ཡང་ན་ཐམས་ཅད་ཤེས་པ་ནི་ཆོས་ཀྱི་དབྱིངས་ཉིད་ནི་རྣམ་པར་དག་པ་ལ་དེ་ནི་དེའི་རང་བཞིན་ཏེ། དེ་བཞིན་དུ་དེ་ཉིད་རྟག་པའི་ཕྱིར་མ་བྱས་པའོ། །འདོད་

ཆགས་ལ་སོགས་པའི་སྐྱོན་གྱིས་མ་གོས་པར་བྱས་པས་མངོན་པར་འདུས་མ་བྱས་པ་སྟེ། གཉེན་པོ་རྣམས་ཀྱིས་སྦྱང་དུ་མེད་པའོ། །སེམས་ཅན་ཞེས་པ་ནི་དེ་རྣམས་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེས་པ་ལ་སོགས་པས་

རབ་འབྱོར་ལ་ཟུང་དུ་འཇུག་པས་བགྲོད་པའི་ལམ་གསུངས་པ་སྟེ། དེ་ལ་ཕུང་པོ་ལྔ་པོ་རྣམས་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་ལ་དེ་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་དེ་བཞིན་ཉིད་ཀྱི་རང་བཞིན་དང་ཡང་བྲལ་བ་ཉིད་དེ། དེའི་དེ་ཉིད་མ་བཅིངས་མ་གྲོལ་བའོ། །ཡང་དག་པ་མ་

ཡིན་པའི་ཕྱིར་དང་། དབེན་པའི་ཕྱིར་དང་། མ་སྐྱེས་པའི་ཕྱིར་དང་ཞེས་པ་གསུམ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་། ལུང་རྣམས་ཀྱིས་དེ་ཁོ་ན་ཉིད་དུ་སྐྱེས་པ་ལ་སོགས་པ་བཟློག་པའི་ཕྱིར་ལ། ཀུན་རྫོབ་ཏུ་ནི་བཅིངས་པ་དང་གྲོལ་བ་ཉིད་དོ། །ཀུན་རྫོབ་དང་དོན་དམ་པ་དག་དབྱེར་

མེད་པ་ནི་ཟུང་དུ་འབྲེལ་བའི་ལམ་མོ། །འདིར་གསུངས་པ་ཞེས་པ་ལ་སོགས་པའི་ཚིག་ནི་འཇུག་པའི་དུས་སུ་ཡང་གོ་ཆ་མི་གཏོང་བའི་ཕྱིར་རོ། །གང་པོའི་སྨྲ་བ་རྫོགས་ནས་མི་སྨྲ་བ་དང་། རབ་འབྱོར་གྱི་དྲི་བ་དྲུག་སྟེ། ཤེས་རབ་དང་སྙིང་རྗེའི་སྦྱོར་བ་དང་དེ་དག་ཕན་ཚུན་ཐ་དད་པ་མེད་པ་

ཉིད་དང་མི་མཐུན་པའི་ཕྱོགས་ལས་ཤིན་ཏུ་འདས་པ་དང་གནས་པར་ངེས་པ་དང་། གཉེན་པོའི་སྦྱོར་བས་ཤིན་ཏུ་སྦྱངས་པ་དང་། རྟོགས་པ་པོའི་དབང་དུ་བྱས་ཏེ་གང་ཇི་ལྟར་གང་ནས་གང་གིས་གང་དུ་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་པ་ནི་འཕགས་པ་རྣམ་པར་གྲོལ་སྡེས། འདིས་

เล่ม ๙๐ · หน้า 54a

གྲོལ་བའི་དོན་གྱི་ཐེག་པའོ་ཞེས་པའི་ཐེག་པའི་དོན་ནི་ལྷག་མ་སྟེ་གོ་སླའོ། །ཇི་ལྟར་ན་ཆེན་པོ་ཉིད་ཅེས་པ་ནི་འདྲི་བ་དང་པོ་སྟེ། ཤེས་རབ་དང་སྙིང་རྗེའི་སྦྱོར་བ་མངོན་པར་འདོད་པའོ། །ཇི་ལྟར་ན་དེ་ལ་ཡང་དག་པར་ཞུགས་པར་འགྱུར་ཞེས་པ་སྟེ་གང་གིས་

བགྲོད་པས་དེ་ཐེག་པ་སྟེ། འགྲོ་བར་བྱ་བ་གང་ལ་འདི་བྱ་བ་དེས་འགྲོ་བར་འགྱུར་ཞེས་པའི་དོན་ཏོ། །འགྲོ་བ་ནི་ངེས་པ་འབྱུང་བའི་དོན་ཏེ། འདི་ལ་འདྲི་བ་ནི་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་པའོ། །མཚན་ཉིད་གང་གིས་འགྲོ་བར་འགྱུར་བ་ནི་འདིའི་འདྲི་བ་ནི། གང་གིས་དེ་

ཡང་དག་པར་ཞུགས་ཞེས་པའོ། །འགྲོ་བ་དང་སོང་བའི་གནས་སྐབས་གང་དུ་མེད་པར་འདོད་པ་འདྲི་བ་ནི་གང་དུ་གནས་པར་འགྱུར་ཞེས་པའོ། །འདིར་ནི་རིགས་དམན་པ་ལ་ངེས་པར་འབྱུང་བ་མེད་པར་འདོད་པས་དྲིས་པ་ནི། གང་ཞིག་ནས་ངེས་པར་འབྱུང་བར་འགྱུར་ཞེས་པའོ། །

ཐེག་པ་ཆེན་པོ་ཞེས་པ་ནི་འདིར་རོ། །འདི་ནི་ཞེས་པས་ནི་ཆེན་པོ་བཟུང་ལ། ཚིག་བླ་དགས་ནི་བརྗོད་པའོ། །ཚད་མེད་པ་ཉིད་ཀྱིས་ཅེས་པ་ནི་ཚད་མེད་པས་སོ། །དེ་ལ་དང་པོས་ནི་དགེ་བའི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་ལ། གཉིས་པས་ནི་གུས་པ་དང་། རྒྱུན་མ་ཆད་པ་དང་། དུས་

ཡུན་རིང་པོ་ཉེ་བར་བསགས་པའི་ཕྱིར་ཏེ་སྔ་ནས་བཤད་དོ། །ཀུན་ཏུ་གནས་ཞེས་པ་ནི་གོ་ཆ་ལ་རབ་ཏུ་གནས་པ་སྟེ། འདིར་གོ་ཆ་གོང་དུ་ངེས་པར་འབྱུང་བའི་སྔོན་དུ་འགྲོ་བ་གང་ནི་བསྒྲུབ་པ་ལ་དེ་ནི་རྣམ་པ་གཉིས་ཏེ། འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པའོ། །དེ་ལ་འགྲོ་བ་

རྩོམ་པ་ནི་འཇུག་པ་ལ་བྱ་བའི་བསམ་པ་ལྕི་བའི་ཕྱིར་ཚོགས་ཏེ་ཐམས་ཅད་ཀྱི་རྣམ་པར་ཚོགས་པའི་ཕྱིར་ཚོགས་སམ། བྱང་ཆུབ་ཆེན་པོ་འདིས་ཀུན་ཏུ་བསགས་པས་ནི་ཚོགས་སོ་ཞེས་པ་སྟེ། དེ་གཉི་ག་ཡང་སྟོང་པ་དང་སྙིང་རྗེ་དག་རོ་གཅིག་པ་ཉིད་དུ་ངེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་

རྣམས་ཀྱིས་ཐམས་ཅད་བསྡུས་པའི་ཕྱིར་རམ། ཕ་རོལ་ཏུ་ཕྱིན་པའི་ངོ་བོའི་ཕྱིར་རམ། ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པའི་ཕྱིར་རམ། ཕ་རོལ་ཏུ་ཕྱིན་པའི་འབྲས་བུའི་ཕྱིར་ཏེ། ཇི་ལྟར་རིགས་པས་སོ། །ཁམས་གསུམ་ལས་ཞེས་པ་ནི་གང་ཅུང་ཞིག་མི་ཤེས་པས་ཉོན་མོངས་

เล่ม ๙๐ · หน้า 54b

པའམ། ཉོན་མོངས་པ་དེ་ནི་འདིར་ཁམས་གསུམ་པ་སྟེ། ཡང་དག་པ་མ་ཡིན་པའི་ཡོངས་སུ་བརྟགས་པའི་སེམས་དང་སེམས་ལས་བྱུང་བའི་ཁམས་གསུམ་པའོ་ཞེས་གསུངས་པའི་ཕྱིར་ཏེ། ཉན་ཐོས་ཐེག་པས་ནི་ཉོན་མོངས་པ་དེ་ཉིད་ལ་ངེས་པར་འབྱུང་བའོ། །

དམིགས་པ་མེད་པ་ནི་མི་དམིགས་པའི་ཆོས་ཀྱི་དབྱིངས་ཏེ། དེས་མཚོན་ནས་ལྗོན་པ་དང་ལྷའི་རིགས་ལ་སོགས་པས་སྔར་མེད་པའི་ཚོགས་བཞིན་ནོ། །ཚིག་དྲུག་པོའི་ལན་རྣམ་པ་དྲུག་པོ་རྣམས་ཀྱིས་ནི་ཐེག་པ་ཆེན་པོའི་ཆེ་བ་ཉིད་གསུངས་ཏེ། གཞལ་དུ་མེད་པས་ཆེན་པོ་

ཉིད་དང་འཇུག་པ་ཆེན་པོ་ཉིད་དང་། ངེས་པར་འབྱུང་བ་ཆེན་པོ་ཉིད་དང་། མཚོན་ཆ་ཆེན་པོ་ཉིད་དང་། ཐོབ་པ་ཆེན་པོ་ཉིད་དང་། གནས་ཆེན་པོ་ཉིད་དེ། གཞལ་དུ་མེད་པ་ཉིད་དང་ཚད་མེད་པ་ཉིད་ཀྱི་དབྱེ་བས་རྣམ་པ་བདུན་ཡང་རུང་བའོ། །སྐུར་པ་འདེབས་པ་སྤོང་བའི་

ཕྱིར་ན་ཀུན་རྫོབ་གསུངས་ལ། དོན་དམ་པར་ནི་སྒྲོ་འདོགས་པ་སྤོང་བའི་ཕྱིར་ཏེ། དེ་གསུངས་པ་ནི་འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནི་འདིར་སྔོན་དུའོ། །དེ་ལ་འཇུག་པའི་སྒྲུབ་པའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། བསམ་གཏན་

གཟུགས་མེད་སྦྱིན་སོགས་དང་། །ལམ་དང་བྱམས་ལ་སོགས་པ་དང་། །དམིགས་པ་མེད་པར་ལྡན་པ་དང་། །འཁོར་གསུམ་རྣམ་པར་དག་པ་དང་། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་བསྒྲུབ་པ་ཐེག་ཆེན་ལ། །འཛེག་པ་

ཡིན་པར་ཤེས་པར་བྱ། །ཞེས་ཏེ། བསམ་གཏན་བཞི་དང་གཟུགས་མེད་པ་རྣམས་ནི་གཞན་དུ་རྣམ་པར་འཆད་པར་འགྱུར་ལ། སྦྱིན་པ་ལ་སོགས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ལམ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་བསྐོར་བའི་མཐོང་བ་དང་། བསྒོམ་པ་དང་།

ཁྱད་པར་གྱི་དང་། མི་སློབ་པའི་ལམ་གྱི་ངོ་བོ་ལ་མི་སློབ་པ་ནི་རྫོགས་པའི་སངས་རྒྱས་ཏེ། བགྲོད་པར་བྱ་བས་ན་ལམ་ཞེས་པའོ། །སེང་གེ་བཟང་པོས་ནི་མི་སློབ་པའི་ལམ་ལ་ཁྱད་པར་གྱི་ལམ་གྱི་ངོ་བོ་ཞེས་རྣམ་པར་གཞག་པ་ནི་ངན་པ་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའི་གནས་

เล่ม ๙๐ · หน้า 55a

སྐབས་སུ་ནི་མི་སློབ་པ་ཉིད་མི་སྲིད་པའི་ཕྱིར་རོ། །བྱམས་པ་ལ་སོགས་པས་འདོད་པ་ལ་སྤྱོད་པའི་སེམས་ཅན་ལ་དམིགས་པའི་ཚངས་པའི་གནས་བཞི་རྣམས་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར་ཚད་མེད་པའོ། །བཞི་ནི་བྱམས་པ་དང་།

སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་གོ་རིམས་བཞིན་དུ་བདེ་བ་དང་ཕྲད་པ་དང་། སྡུག་བསྔལ་དང་བྲལ་བ་དང་བདེ་བ་དང་མི་འབྲལ་ཞིང་ཉོན་མོངས་པ་མེད་པའི་བསམ་པ་རྣམས་ཏེ། ཀྱེ་མ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་དང་། སྡུག་བསྔལ་དང་

བྲལ་ན་ཅི་མ་རུང་སྙམ་པ་དང་། བདེ་བ་དང་མི་བྲལ་ན་ཅི་མ་རུང་སྙམ་པ་དང་། ཉོན་མོངས་པ་ལས་གྲོལ་ན་ཅི་མ་རུང་སྙམ་པ་ཉིད་ཀྱི་རྣམ་པ་རྣམས་ལ་མཉམ་པར་གཞག་པ་ནི་ཚད་མེད་པའི་འཇུག་པ་སྟེ། བཞི་ཆར་ཡང་མོས་པས་སྤྱོད་པའི་ས་སྟེ། སེམས་ཅན་ལ་དམིགས་

པའོ། །རབ་ཏུ་དགའ་བ་ལ་སོགས་པའི་བདུན་པ་རྣམས་ལ་ནི་དེ་བཞིན་ཉིད་ལ་དམིགས་པའོ། །དེའི་གོང་དུ་ནི་དམིགས་པ་མེད་པ་རྣམས་ཏེ། སྟོང་པ་ཉིད་ཉི་ཤུ་པོ་རྣམས་དང་ཆོས་རྣམས་ཐམས་ཅད་ལ་དམིགས་པ་མེད་པའི་སྦྱོར་བས་བསྒོམ་པ་ནི་མི་དམིགས་པའི་སྦྱོར་བའི་འཇུག་པའོ། །སྦྱིན་པའི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་དང་གཏོང་བ་པོ་དང་ལེན་པ་པོ་མི་དམིགས་ཞེས་པ་ནས་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། དེ་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པར་ཡང་མི་དམིགས་ཞེས་པ་ནི་འཁོར་གསུམ་རྣམ་པར་དག་པའི་འཇུག་པའོ། །སྒོམ་པ་པོ་དང་བསྒོམ་པར་བྱ་བ་

དང་། བསྒོམ་པ་རྣམས་གང་དུ་ཡང་ཡོད་པ་མ་ཡིན་ཞེས་པ་བསྒོམ་པ་དམིགས་སུ་མེད་པས་བསྒོམ་པ་དང་བྲལ་བར་བསྒོམ་པའི་དོན་དམིགས་པ་མེད་པས་སྦྱོར་བས་དེ་ཆེད་དུ་བྱེད་པས་དགེ་བའི་ཆོས་རྣམས་ཐམས་ཅད་ལ་བསྒོམ་པ་དེ་ནི་ཆེད་དུ་བྱེད་པའི་འཇུག་པའོ། །སེང་གེ་བཟང་པོས་ནི།

སེམས་ཅན་ཀུན་མཆོག་ཉིད་སེམས་ལ་སོགས་པ་ཅན་ཆེད་དུ་བྱེད་པའོ་ཞེས་ཟེར་བ་ནི་འཕགས་པས་བྲིས་པའི་ཡུམ་བར་མའི་ཚིག་མ་མཐོང་ངོ་ཞེས་ཤེས་སོ། །མངོན་པར་ཤེས་པ་དྲུག་པོ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ལ། དེར་ཡང་སངས་རྒྱས་རྣམས་ལ་མཆོད་པ་དང་། དེ་རྣམས་

เล่ม ๙๐ · หน้า 55b

ལ་ཐེག་པ་ཆེན་པོ་ཉན་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་། རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་ཞེས་པ་ནི་མངོན་པར་ཤེས་པ་དྲུག་གིས་འཇུག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ནི་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཇུག་པའོ། །འཇུག་པ་འདི་རྣམས་ཀྱིས་འགྲོ་བར་རྩོམ་པ་ནི་མོས་པས་སོ། །འགྲོ་བའི་རབ་ཏུ་དགའ་བ་ལ་སོགས་པས་ས་བདུན་པོ་རྣམས་ལ་ནི་འབད་རྩོལ་གྱིས་སོ། །ཐེག་པར་ཞུགས་ནས་བགྲོད་པ་ལ་མི་གཡོ་བ་ལ་སོགས་པ་རྣམས་ལ་ནི་འབད་པ་མེད་

པས་སོ། །ཚོགས་ཀྱི་སྒྲུབ་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། བརྩེ་དང་སྦྱིན་པ་ལ་སོགས་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང་། །ཟུང་དུ་འབྲེལ་བའི་ལམ་གང་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡེ་ཤེས་དང་ནི་བསོད་ནམས་དང་། །ལམ་དང་གཟུངས་

དང་ས་བཅུ་ནི། །གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་ཏེ། ཚོགས་རྣམས་ཀྱི་མཐར་ཇི་ལྟར་སྲིད་པར་སྒྱུ་མའི་ཆོས་ཉིད་དུ་སོ་སོར་བལྟ་སྟེ། དེ་ལ་དམྱལ་བ་དང་ཡི་དགས་དང་དུད་འགྲོར་གྱུར་པ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་

ཅིང་སངས་རྒྱས་དང་བཅས་པའི་ཞིང་རྣམས་སུ་ལྷ་དང་མི་རྣམས་སུ་བསྐྱེད་པ་ནི་སྙིང་རྗེའི་ཚོགས་སོ། །སྦྱིན་པ་ལ་སོགས་པའི་ཚོགས་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་དང་། ཞི་གནས་དང་ལྷག་མཐོང་དང་ཟུང་དུ་འབྲེལ་བའི་ཚོགས་གསུམ་པོ་ནི་གོ་ཆའི་སྒྲུབ་པ་ཇི་ལྟ་བ་བཞིན་

ལ་གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ལེགས་པར་སྤྱོད་པ་དང་། གཞན་རྣམས་ལ་ཡང་ཡང་དག་པར་ལེན་དུ་གཞུག་པ་སྟེ། དམིགས་སུ་མེད་པའི་སྦྱོར་བ་ཡིས། །ཞེས་པ་ནི་ཐབས་ལ་མཁས་པའི་ཚོགས་སོ། །

གང་ཞིག་སྟོང་པ་ཉིད་ཉི་ཤུ་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། དེ་ཡང་བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་གསུངས་ཏེ། དེ་ལ་ནང་སྟོང་པ་ཉིད་ནི་ནང་གི་བདག་ཉིད་ཅན་གྱི་ཆོས་རྣམས་ཏེ་མིག་ལ་སོགས་པའི་དྲུག་པོ་རྣམས་ཏེ། དེ་དེ་རྣམས་ཀྱིས་སྟོང་པའོ། །ཕྱི་སྟོང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด