འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཨཥྚ་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏཱ་མརྨ་ཀཽ་མི་ཏ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๐ · หน้า 56a

པ་ཉིད་ཅེས་པ་ནི་ཕྱིའི་ཆོས་རྣམས་ཏེ། གཟུགས་ལ་སོགས་པ་དྲུག་པོ་ལ། དེ་དེ་རྣམས་ཀྱིས་སྟོང་ངོ་། །ཕྱི་ནང་སྟོང་པ་ཉིད་ཅེས་པ་ནི་ཕྱི་ནང་གི་བདག་ཉིད་ཅན་གང་ཞིག་དབང་པོ་ལ་གནས་པས་བསྡུས་པ་སྟེ། དེ་ཡང་ནང་གི་བདག་ཉིད་ཅན་གྱིས་མ་ཟིན་

པའི་ཕྱིར་དང་། ཕྱི་རོལ་གྱི་དབང་པོས་ཀྱང་མ་བསྡུས་པའི་ཕྱིར་ན་དེ་དེས་སྟོང་ལ། སྟོང་པ་ཉིད་དུ་ཉེ་བར་དམིགས་པ་ཡང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་དུ་དམིགས་པའི་ཤེས་པ་ཡང་འདིར་སྟོང་པ་ཉིད་དེ། དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པས་སྟོང་

ཞེས་པའི་དོན་ཏོ། །ཆེན་པོ་སྟོང་པ་ཉིད་ཅེས་པ་ནི་ཕྱོགས་ཕྱོགས་ཀྱིས་སྟོང་ལ། སྣོད་རྣམས་ཀྱང་སྣོད་རྣམས་ཀྱིས་སྟོང་པའོ། །དོན་དམ་པ་སྟོང་པ་ཉིད་ཅེས་པ་ནི་དོན་དམ་པར་ནི་མྱ་ངན་ལས་འདས་པ་སྟེ། དེ་དེས་ན་སྟོང་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་དང་ཞེས་པ་ནི་

འདུས་བྱས་པ་རྣམས་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཏེ། དེ་དེ་རྣམས་ཀྱིས་སྟོང་པའོ། །འདུས་མ་བྱས་སྟོང་པ་ཉིད་ཅེས་པ་ནི་གང་ལ་སྐྱེ་བ་མེད་ཅིང་འགག་པ་མེད་ལ། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །

མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་པ་ནི་གང་གི་མཐའ་རྟག་པ་དང་ཆད་པ་ཉེ་བར་མི་དམིགས་པས་མཐའ་དང་དབུས་ཏེ། དེས་སྟོང་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་པ་ནི་འཁོར་བའི་ཐོག་མ་མེད་ཅིང་ཐ་མ་མེད་པ་ལ་དེའི་དབུས་མེད་དེ། ཐོག་མ་དང་དབུས་དང་ཐ་

མ་ནི་དེ་རྣམས་ཀྱིས་སྟོང་པའོ། །དོར་བ་མེད་པ་སྟོང་པ་ཉིད་ཅེས་པ་ནི་གང་ལ་འབྱུང་བ་མེད་པ་དེ་ནི་འགྱུར་བ་མེད་པ་སྟེ། དགེ་བའི་ཕྱོགས་དེ་དེས་ན་སྟོང་པའོ། །རང་བཞིན་སྟོང་པ་ཉིད་ཅེས་པ་ནི། གང་ཞིག་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མ་བྱས་

ལ། བྱས་པ་དང་བྲལ་བས། དེ་དེས་སྟོང་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་པ་ནི། ཆོས་ཐམས་ཅད་ལ་ཆོས་རྣམས་ཀྱིས་སྟོང་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་པ་ནི། གཟུགས་ནི་མཚན་ཉིད་མེད་པའི་གཟུགས། །ཞེས་པ་ལ་སོགས་པ་རྒྱས་པ་སྟེ། ཆོས་དེ་

เล่ม ๙๐ · หน้า 56b

རྣམས་ཐམས་ཅད་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་པའོ། །མི་དམིགས་པ་སྟོང་པ་ཉིད་ཅེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དམིགས་སུ་མེད་དོ་ཞེས་པ་ནི་དེའི་མི་དམིགས་པ་སྟོང་པ་ཉིད་དེ། གདོད་ནས་རྣམ་པར་དག་པའི་ཕྱིར་དང་དུས་མེད་པ་རྣམས་ཀྱི་ངོ་བོ་ནི་

བརྟགས་པ་ཙམ་གྱི་ཕྱིར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་པ་ནི་གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེ་ལྟར་ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་ཡང་དག་པར་སྦྱོར་བ་པོ་གང་ཡང་མེད་དོ། །རྟེན་ཅིང་འབྲེལ་པ་ལས་འབྱུང་བའི་ཕྱིར་ན་ཡང་དག་

པར་སྦྱོར་བ་རང་གིས་སྟོང་པ་ཉིད་དོ། །དངོས་པོ་སྟོང་པ་ཉིད་ཅེས་པ་ནི་དངོས་པོ་ནི་ཕུང་པོ་ལྔ་པོ་རྣམས་ཏེ་དེ་ནི་སྟོང་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཅེས་པ་ནི་དངོས་པོ་མེད་པ་ནི་འདུས་མ་བྱས་པ་ནམ་མཁའ་ལ་སོགས་པ་སྟེ། དེ་ནི་དེས་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་

ཉིད་ཅེས་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་དེ་དེས་སྟོང་པ་ཉིད་དོ། །གཞན་གྱི་ངོ་བོ་སྟོང་པ་ཉིད་ཅེས་པ་ནི་གཞན་ཡང་འདི་ལ་དམ་པའི་ཕྱིར་ངོ་བོ་ཡང་གཞན་རྣམས་ཀྱིས་མ་བྱས་པ་ཉིད་ཀྱི་ངོ་བོའི་ཕྱིར་ཏེ། གཞན་གྱི་དངོས་པོ་ནི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཏེ། དེ་ནི་དེས་སྟོང་པ་ཉིད་དོ། །

དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་དང་ནམ་མཁའི་མཛོད་དང་སེང་གེ་རྣམ་པར་བསྒྱིངས་པ་ལ་སོགས་པའི་ཏིང་ངེ་འཛིན་ནི་བསོད་ནམས་ཀྱི་ཚོགས་ལ་ལམ་གྱི་ཚོགས་ནི་རྣམ་པ་མང་སྟེ། འདིར་བྱང་ཆུབ་ཀྱི་ཕྱོགས་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་དང་། ཟིལ་

གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པ་དང་། གཞན་ཉིད་བཤད་པར་བྱ་སྟེ། དེ་ལ་གང་རྣམས་ལ་རྗེས་སུ་ལྟ་བ་རྣམས་ཀྱིས་དྲན་པ་ཉེ་བར་གནས་པ་དེ་ནི་དྲན་པ་ཉེ་བར་གཞག་པ་སྟེ། དེ་ཡང་དམིགས་བྱའི་དབྱེ་བས་རྣམ་པ་བཞི་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་

དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་ཡུམ་བར་མ་ལས། ནང་གི་ལུས་དང་ཚོར་བ་དང་། སེམས་དང་ཆོས་རྣམས་ལ་ལུས་ལ་སོགས་པའི་རྗེས་སུ་ལྟ་ཞིང་གནས་ནས་ལུས་ལ་སོགས་པ་དང་ལྷན་ཅིག་ཏུ་གྱུར་

เล่ม ๙๐ · หน้า 57a

པའི་རྟོགས་པས་བརྟགས་པར་མི་བྱེད་དེ། དེ་ཡང་མི་དམིགས་པའི་རྣལ་འབྱོར་གྱིས་སོ། །དེ་བཞིན་དུ་ཕྱི་རོལ་གྱི་ལུས་ལ་སོགས་པ་རྣམས་དང་། དེ་བཞིན་དུ་ཕྱི་དང་ནང་གི་ལུས་ལ་སོགས་པ་རྣམས་ལ་སྤྲོ་བ་བསྐྱེད་ཅིང་དྲན་པ་དང་ལྡན་ཞིང་ཤེས་བཞིན་

དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སེལ་བར་བྱེད་ཅེས་པ་སྟེ། དེ་ལ་ནང་གི་ལུས་ནི་རང་གི་མིག་ལ་སོགས་པ་དྲུག་པོ་རྣམས་སོ། །ཕྱིའི་ལུས་ནི་ནང་གི་ལུས་ལས་ཕྱི་རོལ་གྱི་འདུས་བྱས་པ་རྣམས་སོ། །ཕྱི་ནང་གི་ལུས་ནི་རང་གི་ལུས་སུ་སོན་པའི་ལྷག་མའི་འབྱུང་

བ་དང་འབྱུང་བ་ལས་གྱུར་པ་སྟེ། དེ་ཡང་དབང་པོ་ནི་རང་གི་བདག་ཉིད་ཅན་གྱི་སེམས་ཀྱིས་མ་ཟིན་པའི་ཕྱིར་དང་། ཕྱི་རོལ་ཡང་མ་ཡིན་པའི་ཕྱིར་རོ། །ཚོར་བ་ལ་སོགས་པ་རྣམས་ལ་ཡང་རྣམ་པ་གསུམ་སྟེ། ལུས་ལ་དམིགས་པའི་དབྱེ་བས་རྣམ་པ་གསུམ་ཕྱེ་བས་ཏེ། བདེ་བ་དང་།

སྡུག་བསྔལ་དང་། བདེ་བ་དང་སྡུག་བསྔལ་མེད་པའོ། །ཆོས་ནི་སེམས་ལས་བྱུང་བ་རྣམས་ཏེ། དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པ་རྣམས་སོ། །ལུས་ལ་སོགས་པར་རྗེས་སུ་ལྟ་ཞེས་པ་ནི་ལུས་ལ་སོགས་པའི་ཆོས་ཉིད་དུ་རྗེས་སུ་བལྟ་བའོ། །ལུས་ལ་སོགས་པ་དང་ལྷན་ཅིག་ཏུ་

གྱུར་པ་ཞེས་པ་ནི་ལུས་ལ་སོགས་པའི་འདུ་ཤེས་དང་ལྷན་ཅིག་ཏུ་གྱུར་པས་སོ། །རྣམ་པར་མ་བརྟགས་ཞེས་པ་ནི་རྣམ་པར་རྟོག་པས་ཏེ། ལུས་འདི་ནི་བདག་གི་ལུས་ཏེ། མི་རྟག་པ་དང་རྟག་ཅེས་པ་ལ་སོགས་པའོ། །དེ་ཡང་རྗེས་སུ་ལྟ་བ་ནི་རྣམ་པར་མི་རྟོག་པའི་དམིགས་པ་མེད་པའི་

རྣལ་འབྱོར་གྱིས་ཏེ། རྒྱུན་དུ་བསྙེན་བཀུར་བྱས་པ་ལ་ཡང་དེ་དེའི་སྦྱོར་བས་སྤྲོ་བ་མེད་པའོ། །རྗེས་སུ་ལྟ་བ་ནི་དེ་ཤེས་བཞིན་གྱི་རྣལ་འབྱོར་གྱིས་རབ་ཏུ་ཤེས་པའོ། །བརྗེད་པ་མེད་པའི་བདག་ཉིད་ཅན་དང་། བསྲུང་བ་མེད་པ་ཅན་གྱི་རྣམ་པར་གཡེང་བ་མེད་པས་འཇུག་ཅིང་དྲན་པ་ལ་མི་

སྦྱོར་བས་དྲན་པ་དང་ལྡན་པ་སྟེ། འདི་རྣམས་ཀྱིས་ནི་བརྩོན་འགྲུས་དང་ཤེས་རབ་དང་དྲན་པ་རྣམས་ཀྱི་ཕན་ཡོན་གསུངས་པའོ། །སེལ་ལ་ཞེས་པ་ནི་སྤངས་པ་ལའོ། །འཇིག་རྟེན་ཞེས་པ་ནི་འཇིག་རྟེན་གྱི་ཆོས་རྣམས་ཏེ། རྙེད་པ་དང་གྲགས་པ་དང་བདེ་བ་དང་བསྟོད་པ་རྣམས་ལ་བརྣབ་

เล่ม ๙๐ · หน้า 57b

སེམས་ཏེ་འདོད་པའོ། །མ་རྙེད་པ་དང་མ་གྲགས་པ་དང་སྡུག་བསྔལ་བ་དང་སྨོད་པ་རྣམས་ལ་ནི་ཡིད་མི་བདེ་བའོ། །ཡང་དག་པར་འདི་སེམས་ལ་གཙོར་བྱེད་ཅེས་པས་ཡང་དག་པ་འམ་གཙོ་བོ་ལ་བཅོམ་པ་ཉིད་ཀྱིས་ཡང་དག་པར་སྤོང་བའོ། །དེ་ནི་རྣམ་པ་བཞི་སྟེ། འདི་ལྟ་

སྟེ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད། འབད་པས་དོན་དུ་གཉེར་ཞིང་བརྩོན་འགྲུས་རྩོམ། སེམས་ཀྱིས་ཡང་དག་པར་རབ་ཏུ་འཛིན་པའི་ཡང་དག་པར་རབ་ཏུ་འཇོག་གོ། །དེ་བཞིན་དུ་སྐྱེས་པ་རྣམས་སྤངས་པ་ལ་ཡང་ངོ་། །དེ་བཞིན་དུ་

དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ལ་ཡང་ངོ་། །དེ་བཞིན་དུ་སྐྱེས་པ་རྣམས་གནས་པ་དང་ཕྱིར་ཞིང་འགྱུར་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་པ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་དེ་བཞིན་དུ་བྱ་ཞེས་པའོ། །འབད་པས་དོན་དུ་གཉེར་བ་ནི་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །བརྩོན་འགྲུས་

རྩོམ་པ་ནི་ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས་སོ། །སེམས་ཀྱིས་རབ་ཏུ་འཛིན་པ་དང་ཡང་དག་པར་རབ་ཏུ་འཇོག་པ་ནི་ཐབས་ཀྱི་བརྩོན་འགྲུས་ཀྱིས་སོ། །དེ་ལ་རབ་ཏུ་འཛིན་པ་ནི་བྱིང་བ་ལས་སེམས་སྟོད་པར་བྱེད་པའོ། །ཡང་དག་པར་རབ་ཏུ་འཇོག་པ་ནི་རྒོད་པ་ལས་བཀུག་ནས་

མངོན་པར་སྡུད་པར་བྱེད་པའོ། །རྫུ་འཕྲུལ་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་རྫུ་འཕྲུལ་གྱི་རྐང་པ་ནི། གནས་ཀྱི་ཕྱིར་ན་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་

འཛིན་ནོ། །དེ་ལྟར་ཡང་ཁ་ཅིག་ཏུ་ནི་འདུན་པ་དྲག་པོ་དེ་ཉིད་ཀྱིས་ལེགས་པར་རབ་ཏུ་སྦྱོར་བ་ལས་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེད་པར་འགྱུར་རོ། །ཁ་ཅིག་ཏུ་ནི་ཡང་དག་པར་སྤོང་བའི་བརྩོན་འགྲུས་རྣམས་ཀྱིས་མི་དགེ་བ་སྤོང་བ་དང་། དགེ་བ་སྐྱེད་པ་ལ་རབ་ཏུ་

སྦྱོར་བའོ། །ཁ་ཅིག་ཏུ་ནི་ཞི་གནས་རབ་ཏུ་འཛིན་པའི་བཏང་སྙོམས་དང་། མཚན་མ་མེད་པ་རྣམས་ཀྱིས་སེམས་ཡོངས་སུ་སྦྱང་བ་དང་། ཁ་ཅིག་ཏུ་ནི་བདག་གིས་མི་དགེ་བ་ཕྲ་མོ་ལ་ཀུན་ཏུ་སྤྱོད་དམ། ཅི་མིན་ནམ་ཞེས་བདག་ལ་ཡོངས་སུ་སྤྱོད་པར་བྱེད་ཅེས་ཡང་དག་པར་ཉེ་བར་སེམས་

เล่ม ๙๐ · หน้า 58a

པ་སྟེ། འདི་རྣམས་ནི་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །སྐྱེས་པ་འདི་རྣམས་ལ་རིང་དུ་གྱུར་ནས་ཀུན་ནས་དཀྲིས་པ་རྣམས་ཀྱིས་བག་ལ་ཉལ་རྣམས་སྤོང་བའི་ཡང་དག་པར་སྤོང་བའི་བརྩོན་འགྲུས་རྩོམ་པར་བྱེད་པས་སྤོང་བའི་འདུ་བྱེད་བརྒྱད་པོ་དང་ལྡན་

པར་འགྱུར་བ་ཡིན་ཏེ། འདུན་པ་དང་། བརྩོན་འགྲུས་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་རྣམས་ཏེ། དེ་ལ་གང་དུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་རྣམས་ཀྱི་སྙོམས་པར་འཇུག་པ་བསྐྱེད་པར་བྱའོ་ཞེས་པ་

ནི་འདུན་པའོ། །མི་དགེ་བའི་ཆོས་ཐམས་ཅད་ནི་ངེས་པར་འཇོམས་པ་ནི་བརྩོན་འགྲུས་སོ། །གོང་མའི་རྟོགས་པའི་ཆོས་ཡོད་པ་ཉིད་ཀྱིས་ཡོན་ཏན་དང་ལྡན་པར་ནུས་པ་ཉིད་ཀྱིས་ཡིད་ཆེས་པ་ནི་དད་པའོ། །དེ་སྔོན་དུ་འགྲོ་བ་ཅན་ལས་ཤིན་ཏུ་སྦྱངས་པའོ། །དེ་ལ་དྲན་པ་ནི་ཤེས་

བཞིན་གྱི་ཕྱོགས་ལ་ལྷག་མཐོང་གི་ཆོས་ནི་ཡང་དག་པའི་ཤེས་རབ་བོ། །དེ་ལ་སེམས་མངོན་པར་འདུ་བྱེད་པ་ནི་སེམས་པའོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་བཏང་སྙོམས་ཏེ། འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་

བྱེད་དོ། །དབེན་པ་ལ་གནས་པ་དང་། འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། རྣམ་པར་གཏོང་བས་ཡོངས་སུ་བསྒྱུར་བ་སྟེ། དེ་ལ་དབེན་པ་ནི་ཉོན་མོངས་པ་རྣམས་ཀྱིས་སོ། །འདོད་ཆགས་དང་བྲལ་བ་ནི་སྲིད་པའི་འདོད་ཆགས་དང་བྲལ་བའོ། །འགོག་པ་ནི་སྡུག་བསྔལ་

ལོ། །རྣམ་པར་གཏོང་བ་ནི་ལུས་ཀུན་ཏུ་གཏོང་བའོ། །དེ་ཉིད་ཡོངས་སུ་བསྒྱུར་བ་ལ་དབང་བྱེད་པས་དབང་པོ་སྟེ། འཇིག་རྟེན་ལས་འདས་པའི་ཆོས་སྐྱེད་པར་བྱེད་པ་ལ་དབང་ཐོབ་པའི་ཕྱིར་ན་སྟེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་ལྔའོ། །

རྫུ་འཕྲུལ་གྱི་རྐང་པ་རྣམས་དང་རབ་ཏུ་ལྡན་པས་རྟགས་མཐོང་ནས་གོང་དུ་ཁྱད་པར་སྐྱེ་བ་ལ་ངེས་པ་སྐྱེད་པས་སྟོན་པའི་ཉན་ཐོས་རྣམས་ཀྱིས་རྟོགས་པ་ལ་ཡང་ཀུན་ཏུ་ཡིད་ཆེས་པ་སྐྱེ་བར་མི་འགྱུར་ཏེ། དེ་ནི་དེའི་དད་པའི་དབང་པོའོ་དད་པ་བླ་ལྷག་པས་བརྩོན་འགྲུས་ལ་སོགས་པ་རྣམས་

เล่ม ๙๐ · หน้า 58b

བླ་ལྷག་ནས་དབང་པོ་སྒོམ་པར་བྱེད་པས་དེ་ལྟར་འཕེལ་བར་འགྱུར་ཏེ། ཇི་ལྟར་བདུད་ལ་སོགས་པ་རྣམས་ཀྱིས་རྣམ་པར་གཡེང་བས་ཐུབ་པར་དཀའ་བའི་ཕྱིར་དང་བསྐྱོད་པར་མི་ནུས་པའི་ཕྱིར་སྟོབས་སུ་བསྒྲགས་པ་ཐོབ་པར་འགྱུར་ཏེ། དད་པའི་སྟོབས་ནས་ཇི་སྲིད་དུ་ཤེས་རབ་ཀྱི་སྟོབས་

ཀྱི་བར་རོ། །མཐོང་བའི་ལམ་ལ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་རྟོགས་པས་བྱང་ཆུབ་ནི་རྫོགས་པའི་བྱང་ཆུབ་བོ། །དེའི་ཡན་ལག་ནི་བདུན་ཏེ། ཡང་དག་པར་རྟོགས་པར་བྱེད་པའི་ཕྱིར་ཡན་ལག་སྟེ། དྲན་པ་དང་། ཆོས་རབ་ཏུ་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་

བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་སོ། །དེའི་རྗེས་ལ་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་དེ། ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་།

ཡང་དག་པའི་འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏོ། །དེ་ལ་མཐོང་བའི་ལམ་གྱིས་ཡོངས་སུ་བཅད་པ་ནི་ཡང་དག་པའི་ལྟ་བའོ། །ཕ་རོལ་ཡང་དག་པར་ཐོབ་པ་ནི་ཡང་དག་པའི་རྟོག་པའོ། །ཡང་དག་པའི་ངག་ནི་ཡང་དག་པར་ཀུན་ནས་ལྟ་བའི་ངག་གང་དེ་

ཐོབ་པའི་ཕྱིར་རོ། །ཡང་དག་པའི་ངག་དང་། ལས་ཀྱི་མཐའ་འཚོ་བ་རྣམས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གསུམ་པོ་རྣམས་ཡང་དག་པར་བསྒོམས་པ་ལས་འབྱུང་བར་འགྱུར་བ་ནི་འབེལ་བའི་གཏམ་རྣམ་པར་ངེས་པའི་ཤེས་རབ་དང་། བྱ་བ་མ་ཡིན་པ་མི་བྱེད་པའི་ཚུལ་ཁྲིམས་དང་།

ཚོད་རིག་པས་ཆོས་གོས་ལ་སོགས་པ་ཚོལ་བ་སྦྱང་སྡོམ་སྟེ། དེ་རྣམས་ཀྱིས་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སུམ་ཅུ་རྩ་བདུན་པོ་རྣམས་ཕྱོགས་གཅིག་ཏུ་བཤད་ཟིན་ཏོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་བྱང་ཆུབ་ལ་དེའི་ཕྱོགས་ཏེ། རྗེས་སུ་མཐུན་ཞེས་པ་ནི་བྱང་ཆུབ་ཀྱི་

ཕྱོགས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་དོན་དུ་གཉེར་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་སྐྱེད་པར་བྱེད་པའི་རྒྱུའི་ཕྱིར་རྗེས་སུ་མི་དམིགས་པའི་སྦྱོར་བ་ངོ་བོ་ལ་སོ་སོར་རྟོག་པའི་དོན་དུ་སྟོང་པ་དང་སྙིང་རྗེ་

เล่ม ๙๐ · หน้า 59a

དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་བསྡུས་ནས་བསྒོམ་པར་བྱའོ། །འདི་རྣམས་ཀྱིས་དེ་ལྟར་སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་ཞེས་པའི་སྒྲིབ་པའི་གཉེན་པོར་རྣམ་པར་ཐར་པ་བརྒྱད་དེ། དེ་ལ་དངོས་པོས་ནི་གཙང་བ་དང་མི་གཙང་བ་

གསུམ་པོས་གང་ཞིག་རྣལ་འབྱོར་པས་འདོད་པ་ན་ཀུན་ཏུ་སྤྱོད་པ་ལས་བསྔགས་པ་དང་། འདོད་ཆགས་ལ་སོགས་པའི་གཉེན་པོར་ནི་ནང་གི་སྐྲ་ལ་སོགས་པ་ལ་དམིགས་ནས་སྙོམས་པར་འཇུག་པའི་མཉམ་པར་གཞག་ཅིང་། དེའི་རྗེས་ལ་འདི་ལྟར་ཕྱི་རོལ་རྣམས་ལ་རྣམ་པར་

བསྔོས་པ་ཅན་ལ་སོགས་པར་དམིགས་པར་བྱེད་པས་བསམ་གཏན་དང་པོ་ལ་སྙོམས་པར་འགྱུར་རོ། །བསམ་གཏན་དང་པོའི་ས་པའི་བསྔགས་པ་ལ་འདོད་ཆགས་པའི་གཉེན་པོར་བསམ་གཏན་གཉིས་པོ་སྟེ། དེ་བརྗོད་པ་ནི་གཟུགས་ཅན་གཟུགས་ལ་ལྟ་ཞེས་པ་སྟེ། ནང་གི་བདག་

ཉིད་ཅན་གྱི་གཟུགས་ལ་སོགས་པར་དམིགས་པའི་གཟུགས་ཅན་གྱི་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་དམིགས་ནས་གཟུགས་མཐོང་བ་སྟེ། མོས་པས་སྤྲུལ་པའི་སེམས་ཀྱིས་མཐོང་ཞེས་པའི་དོན་ཏོ། །ཁ་ཅིག་ཏུ་ནང་གི་བདག་ཉིད་ཅན་མི་དམིགས་པ་ཉིད་ཀྱིས་ཕྱི་རོལ་ལ་རྣམ་

པར་བསྔོས་པ་ལ་སོགས་པར་དམིགས་ནས་དང་པོའམ་གཉིས་པའི་བསམ་གཏན་ལ་སྔ་མ་བཞིན་དུ་སྙོམས་པར་འཇུག་པར་འགྱུར་ཏེ། དེ་བརྗོད་པ་ནི་ནང་གི་བདག་ཉིད་གཟུགས་མེད་པའི་འདུ་ཤེས་ཅན་གྱིས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་ཞེས་པ་ནི་གཉིས་པའོ། །དེ་ལྟར་མི་

གཙང་བ་བསྒོམས་པས་སེམས་ཅན་རྣམས་ཀྱི་རྒྱུད་ལ་དགའ་བར་འབྱུང་བར་འགྱུར་ཏེ། ཅི་བདག་ལ་ཡིད་དུ་འོང་བ་ཅན་གྱི་གཟུགས་གཙང་བར་ཡིད་ལ་བྱེད་པར་བསྔགས་པ་དང་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་རམ། འོན་ཀྱང་མིན་ཞེས་ཉམས་ཚད་པའི་ཕྱིར་ཡིད་དུ་འོང་བའི་

གཟུགས་ལ་དམིགས་པར་བྱེད་པས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པར་བྱེད་པས་གཙང་བའི་གཟུགས་སྤྲུལ་པར་བྱེད་པ་རྣམས་ལ་རོ་གཅིག་པའི་འདུ་ཤེས་ཐོབ་པས་གོ་རིམས་བཞིན་དུ་ཀུན་ཏུ་སྤྱོད་པ་དང་མི་མཐུན་པས་སྤོང་བར་བྱེད་པ་ལ་སྡུག་པའོ་ཞེས་མོས་པར་འགྱུར་བ་

เล่ม ๙๐ · หน้า 59b

ཞེས་བརྗོད་དོ། །དེ་ལྟར་ན་གཟུགས་ཅན་གྱི་རྣམ་པར་ཐར་པ་གསུམ་དང་གཟུགས་མེད་པའི་ལྔ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནས་ཇི་སྲིད་དུ་ཚོར་བ་དང་འདུ་ཤེས་འགོག་པའི་རྣམ་པར་ཐར་པའི་བར་དུའོ། །དེ་ལ་གཟུགས་མེད་པ་བཞི་སྟེ། དག་པ་ཅན་དུ་

དེ་ལ་རོ་མྱང་བའི་སྒྲིབ་པའི་གཉེན་པོའི་ཕྱིར་རྣམ་པར་ཐར་པ་སྟེ། ཞི་བའི་གནས་ཞེས་བརྗོད་དོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་ཐར་པ་དང་འདྲ་བའི་གནས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་གནས་ཤིང་ཤིན་ཏུ་འདས་ནས་མཚན་མ་རྣམས་ཐམས་ཅད་ཡིད་ལ་

མི་བྱེད་ཅིང་འགོག་པ་ཞི་བར་ཡིད་ལ་བྱེད་པས་གང་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་ལ། མཆོག་ཏུ་ཞི་བ་ལ་གནས་པའི་སྔོན་གྱི་ལས་ལྡང་བ་སྟེ། དེའི་སྒྲིབ་པ་རབ་ཏུ་སྤོང་བས་རྣམ་པར་ཐར་པའོ། །འདིར་ཇི་ལྟར་འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པ་རྣམས་ཀྱི་

སེམས་ཀྱི་རྒྱུན་ཆད་པར་མི་འགྱུར་ཞེ་ན། སྔོན་དུ་སེམས་ཀྱི་རྒྱུད་ལ་བསྒོས་པའི་ལས་ཀྱི་འབྲས་བུ་འོང་ཞིང་སྐྱེ་བར་འགྱུར་ཏེ། ཡང་སྐྱེ་བ་དེ་ཉིད་ལ་དེའི་ལས་སེམས་ཀྱི་རྒྱུད་ལ་བསྒོས་པས་མཚམས་སྦྱོར་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་གང་གིས་མཚམས་སྦྱར་བར་འགྱུར་ན། གང་

དུ་སྙོམས་པར་འཇུག་པའི་སེམས་ཡུན་རིང་དུ་འགགས་པས་དེའི་དེ་མ་ཐག་པའི་རྐྱེན་གྱིས་ཞེས་པ་ནི་གཅིག་གོ། །སློབ་དཔོན་དབྱིག་གི་བཤེས་གཉེན་གྱིས་ནི་སེམས་དང་བཅས་པའི་འགོག་པའི་སྙོམས་པར་འཇུག་པ་ཞེས་བཤད་ལ། དེ་ལ་སེམས་ཇི་ལྟ་བུ་ན་ཡིད་ཀྱི་རྣམ་པར་ཤེས་པ་

ཞེས་པ་ནི་གཅིག་གོ། །ཀུན་གཞིའི་རྣམ་པར་ཤེས་པའོ་ཞེས་པའི་རྣམ་པར་རིག་པ་ཙམ་དུ་སྨྲ་བ་སྟེ། དེའི་ཡང་བསམ་པར་བྱའོ་ཞེས་པ་ནི་གཞན་དག་གིའོ། །བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པའོ་ཞེས་པ་ནི་མཐར་གྱིས་གནས་

པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་ཞུགས་པས་འཇིག་རྟེན་ལས་འདས་པའི་ལམ་སྡུད་པའི་དོན་དུ་འགོག་པ་ལ་སྙོམས་པར་འཇུག་པ་སྟེ། དེས་ཐོབ་པར་བྱེད་པའི་ཕྱིར་རོ། །སེམས་གནས་པས་དམིགས་པ་ཟིལ་གྱིས་མནན་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ། ཟིལ་

เล่ม ๙๐ · หน้า 60a

གྱིས་གནོན་པའི་སྐྱེ་མཆེད་དེ་ནི་གཞན་དུ་བརྒྱད་དེ། དེ་ལ་དང་པོར་རྣམ་པར་ཐར་པས་གཉིས་མངོན་པར་བསྡུས་ལ་གཉིས་པས་ཀྱང་གཉིས་སོ། །གསུམ་པས་ནི་བཞི་སྟེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ནང་གཟུགས་ཀྱི་འདུ་ཤེས་

ཅན་གྱིས་ཕྱི་རོལ་གྱི་གཟུགས་ཆུང་ངུ་མཐོང་ཡང་དེ་དག་ཟིལ་གྱིས་མནན་ནས་ཤེས་སོ། །ཟིལ་གྱིས་མནན་ནས་མཐོང་ལ་དེ་ལྟར་འདུ་ཤེས་ཅན་དུ་མ་གྱུར་ཞེས་པ་ནི་དང་པོའོ། །དེ་བཞིན་དུ་ཆེན་པོས་ཞེས་པ་ནི་གཉིས་པའོ། །ནང་གཟུགས་མེད་པའི་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་

མཐོང་སྟེ། ཆུང་ངུ་དེ་དག་ཅེས་པ་ལ་སོགས་པ་ནི་གསུམ་པའོ། །དེ་བཞིན་དུ་ཆེན་པོ་ཞེས་པ་ལ་སོགས་པ་ནི་བཞི་པའོ། །ནང་གཟུགས་མེད་པ་ཅན་གྱིས་ཕྱི་རོལ་གྱི་གཟུགས་མཐོང་སྟེ། སྔོན་པོ་དེ་དག་ཅེས་པ་ལ་སོགས་པ་ནི་ལྔ་པའོ། །དེ་བཞིན་དུ་སེར་པོ་ཞེས་པ་ནི་དྲུག་པའོ། །

དེ་བཞིན་དུ་དམར་པོ་ཞེས་པ་ནི་བདུན་པའོ། །དེ་བཞིན་དུ་དཀར་པོ་ཞེས་པ་ནི་བརྒྱད་པའོ། །དེ་ལ་གཟུགས་ཆུང་ངུ་ནི་སེམས་ཅན་དུ་བཤད་པ་སྟེ། དེ་ནི་ཚད་ཆུང་བའི་ཕྱིར་རོ། །ཆེན་པོ་ལ་ནི་སེམས་ཅན་གྱི་གྲངས་དང་། ཁྱིམ་དང་ཁང་བཟངས་དང་རི་ལ་སོགས་པ་ནི་ཚད་ཆེ་བའི་ཕྱིར་ཏེ།

དེས་ནི་ཇི་ལྟར་རིགས་པར་རྣམ་པར་ཐར་པ་རྣམས་ཀྱིས་ལྷག་པར་མོས་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ཟིལ་གྱིས་མནན་ཏེ། ཡང་ནས་ཡང་དུ་མི་སྣང་བར་བྱས་ཤིང་མཐོང་བའི་ཕྱིར་རོ། །ཟིལ་གྱིས་མནན་ནས་ཤེས་ཞེས་པ་ནི་ཞི་གནས་ཀྱིས་སོ། །མཐོང་བ་ནི་ལྷག་མཐོང་

གིས་སོ། །དེ་ལྟའི་འདུ་ཤེས་ཅན་དུ་གྱུར་པ་ནི་མངོན་པའི་ང་རྒྱལ་མེད་པའི་ཕྱིར་རོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱིས་ཟིལ་གྱིས་མནན་པའི་ས་ལ་སོགས་པ་རྣམས་ཀྱི་ཟད་པར་ནི་འཁོར་ཡུག་རྣམས་སུ་སྤྲོ་བས་གཞན་དུ་འདིར་ཟད་པར་ཞེས་བརྗོད་ལ། ཁ་ཅིག་ཏུ་དེ་ལས་གཞན་

པའི་སྐྱེ་མཆེད་ལ་ཞེས་པ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཅེས་བརྗོད་དེ། ཁ་ཅིག་ཏུ་ས་ལ་སོགས་པ་རྣམས་ཀྱིས་ཁྱད་པར་དུ་བྱས་པ་སྟོན་པར་འགྱུར་ཏེ། ཟད་པར་ས་དང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་།

เล่ม ๙๐ · หน้า 60b

ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ཞེས་པ་སྟེ། འདི་རྣམས་ཀྱང་འབྲས་བུའི་དོན་དུ་དེ་ཁོ་ན་ཉིད་མ་ཡིན་པ་ཉིད་དུ་བསྒོམ་ཞིང་དེ་ཡང་དེ་ཁོ་ན་ཉིད་མ་ཡིན་པའི་ངོ་བོ་ཉིད་ཀྱི་

རྣལ་འབྱོར་པ་རྣམས་ལ་འདི་ལྟར་སོ་སོར་སྣང་བར་འགྱུར་རོ། །འདི་རྣམས་ལས་གཞན་པའི་ལམ་རྣམས་ཀྱང་མ་ལུས་པར་ལམ་གྱི་ཚོགས་ནི་ཇི་ལྟར་རིགས་པར་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་བསྡུས་པས་སོ། །གཟུངས་ཞེས་པ་ནི་

མཐའ་དག་གཟུང་བར་བྱ་བ་ན་གཟུངས་ཀྱི་ཚོགས་ཏེ། ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་རྣམས་ལས་དེ་བཞིན་ཉིད་བསྐྱེད་ནས་སྒོམ་པར་བྱེད་པའི་དོན་དུ་སྟེ། བསྒོམ་པ་ཡོངས་སུ་རྫོགས་པ་ན་དེ་ལ་ཡི་གེའི་དོན་གྱི་བཟོད་པ་སྐྱེ་བར་འགྱུར་ཏེ། དེ་ནི་བཟོད་པའི་གཟུངས་སོ། །བློ་གཟུངས་

དང་ལྡན་པ་དེས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྟན་པའི་ཕུང་པོ་འཛིན་པའི་རྒྱུ་ནི་ཆོས་ཀྱི་གཟུངས་ཏེ། དྲན་པ་དང་ཤེས་རབ་ཀྱིས་གཅིག་ཏུ་བྱས་ནས་དེས་འཛིན་པ་ནི་དོན་གྱི་གཟུངས་སོ། །དྲན་པ་དང་ཤེས་རབ་ཀྱིས་གཅིག་ཏུ་བྱས་ནས། དེས་

སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱེད་པའི་སྒྱུ་མ་ལྟ་བུའི་སྔགས་རྣམས་གསུངས་པ་ལ་དབང་བྱེད་པ་ནི་སྔགས་ཀྱི་གཟུངས་སོ། །མན་ནི་ཤེས་པ་ལ་ཏྲེང་ནི་སྐྱོང་བའོ། །མན་ནི་ཡིད་ལ། ཏྲ་ནི་སྐྱོབ་པ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་སྙིང་རྗེ་དག་དབྱེར་མེད་པ་ནི་སྔགས་སོ། །དེའི་རྒྱུ་

མཐུན་པའི་ཕྱིར་ཡི་གེ་ལ་ཡང་སྔགས་ཞེས་བརྗོད་དོ། །དེ་ལ་ཨ་ནི་གདོད་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རིག་པའི་ཐབས་ཏེ། ཅི་ལྟར་ཞེ་ན། གདོད་ནས་མ་སྐྱེས་པའི་ཕྱིར་རོ། །གང་གི་ཕྱིར་

ཆོས་རྣམས་ཐམས་ཅད་ནི་གདོད་མ་ནས་དྲི་མ་དང་བཅས་པའི་གནས་སྐབས་ཉིད་དུ་ཡང་མ་སྐྱེས་པ་ཉིད་དེ་མ་སྐྱེས་ཤིང་ངོ་བོ་ཉིད་མེད་པ་འདིའི་མ་སྐྱེས་པ་ཉིད་ནི་ཨའི་དོན་ལ། དེ་བཞིན་དུ་ར་ལ་སོགས་པ་རྣམས་ཀྱི་དོན་དུ་ཡང་རིག་པར་བྱ་སྟེ། འདིར་ནི་སྦྱིན་པ་ལ་སོགས་པའི་

เล่ม ๙๐ · หน้า 61a

གཟུངས་མཐར་ཐུག་པ་ནི་ཚོགས་ཀྱི་སྒྲུབ་པ་སྟེ། ཆོས་མཆོག་རབ་ཏུ་ངོ་བོ་ཉིད་དོ། །ཤེས་པ་ཉིད་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་མཐུ་ཆེར་ཐོབ་པར་བྱེད་པའི་ཕྱིར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་གནས་པའི་རྣམ་པར་སྨིན་པ་རབ་ཀྱི་

དབྱེ་བས་ཕྱེ་བར་བྱས་པའི་ཡོན་ཏན་ལ་རབ་ཏུ་གནས་པར་འགྱུར་བའི་ཕྱིར་ས་ཞེས་བརྗོད་དོ། །དེ་ལ་རབ་ཏུ་དགའ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ས་བཅུ་ནི་སའི་ཚོགས་ཏེ། དེ་ལ་དང་པོ་ལ་རང་དང་གཞན་གྱི་དོན་བསྒྲུབ་པའི་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པའི་ཕྱིར་རབ་ཏུ་

དགའ་བར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་དེ་ནི་རབ་ཏུ་དགའ་བའི་སའོ། །འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བས་དྲི་མ་མེད་པའོ། །ཏིང་ངེ་འཛིན་ལ་གནས་ནས་ཆོས་ཆེན་པོའི་སྣང་བ་བྱེད་པའི་ཕྱིར་འོད་བྱེད་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ཀུན་ནས་ཉོན་མོངས་

པའི་བུད་ཤིང་བསྲེགས་པའི་ཕྱིར་འོད་འཕྲོ་བའོ། །གང་ཞིག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་གི་རིག་པ་དང་མི་བདེན་པའི་ཤེས་པ་དག་འགལ་བས་ཡོངས་སུ་རྒལ་བར་དཀའ་བ་དེའི་ཕྱིར་སྦྱང་དཀའ་བའོ། །གང་གིས་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་ཕྱེ་

བས་མངོན་དུ་ཕྱོགས་པར་བརྗོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཕྱིར་མངོན་དུ་གྱུར་པའོ། །གང་དུ་འདིར་བྱང་ཆུབ་ཀྱི་ཕྱོགས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དམིགས་པའི་མཚན་མ་མེད་པ་ལ་གནས་པ་ལ་འབད་པས་བརྩལ་བས་དེའི་ཕྱིར་རིང་དུ་སོང་བའོ། །གང་དུ་

འདིར་དེ་ཉིད་རླུང་དུ་གྱུར་པའི་ཕྱིར་གཡོ་བ་སྟེ། དེའི་ཕྱིར་མི་གཡོ་བ་སྟེ། རྣམ་པར་སྨིན་པའི་སའི་ཆོས་རྣམས་ཐམས་ཅད་ལྷུན་གྱིས་གྲུབ་པས་རྣམ་པར་སྨིན་པའི་བདག་ཉིད་ཅན་དུ་བྱུང་བའི་ཕྱིར་རོ། །གང་དུ་འདིར་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཆོས་སྟོན་པའི་ཕྱིར་བྱང་ཆུབ་སེམས་

དཔའི་ལེགས་པ་སྟེ། དེའི་ཕྱིར་ན་ལེགས་པའི་བློ་གྲོས་སོ། །གང་དུ་འདིར་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བར་འགྱུར་ཏེ། དེའི་ཕྱིར་ན་ཆོས་ཀྱི་སྤྲིན་ནོ། །བཅུ་པོ་འདི་རྣམས་ཀྱིས་སོ་སོར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཡང་དག་པར་བསྡུས་པའི་གོ་རིམས་ཇི་ལྟ་བ་

เล่ม ๙๐ · หน้า 61b

བཞིན་གྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་རྣམས་ནི་ཕ་རོལ་ཏུ་ཕྱིན་པར་བརྗོད་དེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉེ་བར་བསགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་བསྔོ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཐབས་ཀྱིས་དེ་མི་ཟད་པར་བྱེད་པའི་ཕྱིར་རོ། །བཟང་པོར་སྤྱོད་པ་ལ་སོགས་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གིས་སྐྱེ་བ་སོ་སོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་བསྒོམ་

པའི་སྟོབས་དང་སོ་སོར་བརྟགས་པའི་སྟོབས་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གིས་ཉི་མ་རེ་རེ་དང་སོ་སོ་སྐད་ཅིག་རེ་རེ་ལ་དེ་རྣམས་ལ་སྤྱོད་ཅིང་དགོངས་པ་ཇི་ལྟ་བའི་སྒྲ་ཇི་བཞིན་མ་ཡིན་པའི་ཐེག་པ་ཆེན་པོ་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་རྣམ་པར་མི་རྟོག་པའོ། །སེང་གེ་

བཟང་པོས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པའི་བདག་ཉིད་ཅེས་ཟེར་བ་དེ་ནི་མི་རིགས་ཏེ། སྔ་ནས་རྣམ་པར་རྟོག་པ་མཐའ་དག་སྤངས་པས་འདིར་རྟོགས་པ་རབ་ཀྱི་མཐར་ཐུག་པའི་གནས་སྐབས་སུ་དག་པ་འཇིག་རྟེན་པའི་རྣམ་པར་

རྟོག་པ་ཐམས་ཅད་ནི་སྲིད་པའི་དོགས་པ་ཡང་མེད་དེ། དེ་ལྟར་ཡང་འཕགས་པ་བྱམས་པས་ཐེག་པ་ཆེན་པོའི་རྒྱུད་བླ་མར་གསུངས་ལ། སྔོན་གྱི་འཕེན་པའི་དབང་གྱུར་ལས། །རྣམ་རྟོག་ཐམས་ཅད་དང་བྲལ་བས། །ཡང་ནི་འབད་པ་མི་མཛད་དེ། །ལུས་ཅན་རྣམས་ནི་ཡོངས་

སྨིན་ཕྱིར། །ལྷུན་གྱིས་གྲུབ་པས་དེ་ཉིད་ཀྱི། །རྟག་ཏུ་རྒྱུན་མི་འཆད་པར་ནི། །འགྲོ་ལ་ནམ་མཁའ་གནས་ཀྱི་བར། །བརྟན་པ་ལ་ནི་ཡང་དག་འཇུག །རྟོག་པ་འདི་རྣམས་རྗེས་ཐོབ་པའི། །བྱང་ཆུབ་སེམས་དཔའ་བདེ་གཤེགས་རྣམས། །སེམས་ཅན་ཡང་དག་སྒྲོལ་བ་ལ། །

འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་སོ། །ས་རྣམས་ཀྱི་རྒྱས་པ་ནི་ཐུབ་པའི་དགོངས་པའི་རྒྱན་ལས་སོ། །ཡོངས་སུ་སྦྱོང་བ་འདི་རྣམས་ནི་བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་བསྟན་པ་དང་བཅས་པས་སོ། །དེའི་དབང་དུ་བྱས་ནས་བསྟན་བཅོས་ཀྱི་ཚིགས་སུ་བཅད་པ་ཉི་

เล่ม ๙๐ · หน้า 62a

ཤུ་རྩ་གསུམ་སྟེ། དེ་རྣམས་ས་ཇི་ལྟ་བས་སོ་སོར་བྱས་ནས་བཤད་པར་བྱ་སྟེ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང་། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་

གཉེན་བསྟེན་པ་དང་། །དམ་ཆོས་དམིགས་པ་ཚོལ་བ་དང་། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། །སངས་རྒྱས་སྐུར་བསྟོད་དགའ་བ་དང་། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་

ཤེས་པར་བྱ། །ཞེས་ཏེ་བསམ་པ་ནི་དད་པ་དང་འདུན་པའོ། །ཕན་པའི་དངོས་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་ཚོལ་བ་ཉིད་དོ། །འདི་རྣམས་ཀྱི་རྒྱུ་ནི་སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་དོ། །གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དམ་པའི་ཆོས་སྟོན་པ་པོ་

རྣམས་ལ་བསྙེན་བཀུར་དང་ཆོས་ཚོལ་བ་དང་། ཁྱིམ་གྱི་གནས་ནས་ངེས་པར་འབྱུང་བས་ན་ངེས་པར་འབྱུང་བ་སྟེ། ངེས་པར་འབྱུང་བ་དེ་ཉིད་འདོད་པས་དེ་འདོད་པ་ཉིད་དེ་རྟག་ཏུ་འདོད་པའོ། །དམ་པའི་ཆོས་འཆད་པ་དང་། བདེན་པའི་ཚིག་དང་། བསམ་པ་ལ་སོགས་པ་འདི་རྣམས་

ཀྱིས་རབ་ཏུ་དགའ་བའི་ས་ལའོ། །ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །བླ་མ་བཀུར་སྟི་གུས་པས་ཉོན། །བརྒྱད་པ་སྦྱིན་ལ་སོགས་པ་བརྩོན། །ཞེས་ཏེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། བླ་མ་ལ་སོགས་པ་རྣམས་ཀྱིས་མཛད་པའི་ཕན་པ་

ཆུང་ངུ་ལ་ཡང་ཆེར་དྲན་པ་དང་། བཟོད་པ་ནི་སེམས་ཅན་རྣམས་ལ་གནོད་སེམས་ལ་སོགས་པ་མེད་པའོ། །མགུ་བ་ཉིད་ནི་རབ་ཏུ་དགའ་བའོ། །སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་བ་ཆེན་པོ་དང་། བླ་མ་དང་མཆོད་པར་འོས་པ་བཀུར་སྟི་དང་། དགེ་བའི་བཤེས་གཉེན་

རྣམས་ལ་སྟོན་པའི་འདུ་ཤེས་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ནི་དྲི་མ་མེད་པ་ལའོ། །འོད་བྱེད་པ་ལ་ནི། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང་། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །འཁོར་བས་ཡོངས་སུ་མི་སྐྱོ་དང་། །

เล่ม ๙๐ · หน้า 62b

ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམས་ལྔ། །ཞེས་ཏེ། ཐོས་པ་མང་བ་དང་། ཟང་ཟིང་ནི་ལོངས་སྤྱོད་ཀྱི་དངོས་པོ་སྟེ། འདིར་ཟང་ཟིང་ནི་ཟང་ཟིང་འདོད་པའོ། །དེའི་སྦྱིན་པ་ནི་ཆོས་ཀྱི་སྦྱིན་པ་ལ། ཡོངས་སུ་སྦྱོང་བ་ནི་དག་པ་དེས་དེ་བཞིན་དུ་བསོད་ནམས་ཡོངས་

སུ་བསྔོ་བས་སོ། །ཡོངས་སུ་མི་སྐྱོ་བ་ནི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པས་ངོ་ཚ་བ་སྟེ། རང་ལ་ལྟོས་ནས་སོ། །ཁྲེལ་ཡོད་པ་ནི་གཞན་ལ་ལྟོས་ནས་ཏེ། ངོ་ཚ་ཁྲེལ་ཡོད་དོ། །རློམ་པ་མེད་པའི་བདག་ཉིད་

ཅན་ཏེ། དེས་ན་རློམ་པ་མེད་པའོ། །རྣམ་ལྔ་ཞེས་པ་ནི་ཡོངས་སུ་སྦྱོང་བའོ། །འོད་འཕྲོ་བ་ལ་ནི། ནགས་གནས་འདོད་ཆུང་ཆོག་ཤེས་དང་། །སྦྱངས་པ་ཡོན་ཏན་སྡོམ་བསྟེན་དང་། །བསླབ་པ་ཡོངས་སུ་མི་གཏོང་དང་། །འདོད་པ་རྣམས་ལ་སྨོད་པ་དང་། །མྱ་ངན་འདས་

དང་བདོག་ཀུན་གཏོང་། །མི་ཞུམ་པ་དང་ལྟོས་པ་མེད། །ཅེས་ཏེ། དགོན་པར་གནས་པར་འདོད་པ་ཉིད་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་སྡོམ་པ་མི་གཏོང་བའོ། །དེ་ཡང་ཟབ་མོའི་ཆོས་ཀྱི་བཟོད་པ་མི་གཏོང་ཞེས་པ་གཞན་དག་གིའོ། །ཚུལ་

ཁྲིམས་འཆལ་པ་ལ་སོགས་པ་དང་བྲལ་བ་དང་། བཟུང་བ་རྣམས་མི་གཏོང་བ་དང་། འདོད་པ་རྣམས་ལ་སྨོད་པ་དང་། མྱ་ངན་ལས་འདས་པ་སྟེ། ཆོས་རྣམས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། སེམས་ཞུམ་པ་མེད་

པ་ཉིད་ནི་དགེ་བའི་ཆོས་ལ་དམིགས་པའི་སེམས་ཀུན་ཏུ་མི་ཞུམ་པ་ཉིད་དང་། དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་ཉིད་དོ། །སྦྱང་དཀའ་བ་ལ་ནི། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །འདུ་འཛིར་གྱུར་པའི་གནས་དང་ནི། །བདག་སྟོད་གཞན་ལ་སྨོད་པ་དང་། །མི་དགེ་

ལས་ཀྱི་ལམ་བཅུ་དང་། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །ཡིད་གཉིས་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་དག་རྣམ་སྤངས་ནས། །ས་ལྔ་པ་ནི་ཡང་དག་འཐོབ། །ཅེས་ཏེ། འདྲིས་པ་ནི་ཁྱིམ་པ་ལ་རབ་ཏུ་བྱུང་བ་རྣམས་ཀྱིས་ཏེ། ཁྱིམ་རྣམས་སུ་ཉེ་བར་འགྲོ་བ་

เล่ม ๙๐ · หน้า 63a

བའོ། །འདུ་འཛིར་གྱུར་པ་ནི་ཚུལ་དང་མི་མཐུན་པའི་གཏམ་རྣམས་ཀྱིས་དང་བསྟོད་པ་དང་། བརྙས་པ་དང་། སྨད་པར་བྱེད་པའོ། །ལས་ཀྱི་ལམ་རྣམས་དང་། རློམ་པ་སྟེ། སེམས་གཟེངས་མཐོ་བ་དང་། ཁེངས་པ་ནི་བླ་མ་རྣམས་ལ་ལུས་ཀྱིས་མི་

འདུད་པ་ཉིད་དང་། ཕྱིན་ཅི་ལོག་ནི་དོན་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཡིད་གཉིས་ཏེ། ཐེ་ཚོམ་དང་། འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་ལྷག་པར་གནས་པའོ། །མངོན་དུ་གྱུར་པ་ལ་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་

པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་ལ། །བླངས་ན་མི་ཞུམ་བདོག་པ་ཀུན། །གཏོང་ཡང་མི་དགའ་མེད་པ་དང་། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས་ཏེ། ཡོངས་སུ་སྦྱོང་བ་བཅུ་གཉིས་པོ་རྣམས་ཀྱིས་ཏེ།

སྐྲག་པ་ནི་ཡོངས་སུ་ཞུམ་པའོ། །རིང་དུ་སོང་བ་ལ་ནི། བདག་དང་སེམས་ཅན་འཛིན་པ་དང་། །སྲོག་དང་གང་ཟག་ཆད་རྟག་དང་། །མཚན་མ་རྒྱུ་དང་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་གནས་ཆགས་དང་། །སེམས་ནི་ཀུན་ཏུ་ཞུམ་པ་དང་། །

དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང་། །དེ་ལྟ་བ་ལ་མངོན་ཞེན་དང་། །སྟོང་པ་ཉིད་ལ་རྩོད་པ་དང་། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །རྣམ་ཐར་སྒོ་གསུམ་ཤེས་པ་དང་། །འཁོར་གསུམ་རྣམ་པར་དག་ཉིད་དང་། །

སྙིང་རྗེ་དང་ནི་རློམ་མེད་དང་། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང་། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་ཏུ་འཇོམས་པ་དང་། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང་། །ཞི་གནས་ངེས་པར་སེམས་པ་དང་། །ལྷག་མཐོང་ལ་ནི་མཁས་པ་དང་། །

སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང་། །ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང་། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །ཞེས་ཏེ། ཡོན་ཏན་རྣམས་ཡོངས་སུ་རྫོགས་པའི་ཞེས་པ་ནི་ལྷག་མའོ། །

เล่ม ๙๐ · หน้า 63b

བདག་ཏུ་འཛིན་པ་ལ་སོགས་པ་སྟེ། ཉེས་པ་ནི་སྐྱོན་ནོ། །འཛིན་པ་ནི་མངོན་པར་ཞེན་པ་སྟེ། བདག་ཏུ་འཛིན་པ་ནས་ཇི་སྲིད་དུ་སྐྱེ་མཆེད་དུ་འཛིན་པའི་བར་རོ། །ཁམས་གསུམ་པ་ལ་རབ་ཏུ་གནས་པ་ནི་དམིགས་པ་ལ་ཀུན་ཏུ་གནས་པ་རྣམས་སོ། །དེར་ལྟ་བ་ནི་སངས་རྒྱས་དཀོན་མཆོག་

ལ་སོགས་པར་ལྟ་བའོ། །དེ་ལ་མངོན་པར་ཞེན་པ་ཉིད་ནི་ངེས་པའོ། །སངས་རྒྱས་སུ་ལྟ་བ་ལ་གནས་པ་ནས་ཇི་སྲིད་དུ་ཚུལ་ཁྲིམས་སུ་ལྟ་བའི་བར་ལ་གནས་པའོ། །སྟོང་པ་ཉིད་ཆོས་ཞེས་རྩོད་པ་སྟེ། སྟོང་པ་ཉིད་ལ་འགལ་བའི་གནོད་པའོ། །སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། མཚན་

མ་མེད་པ་མངོན་སུམ་དུ་བྱས་པ་དང་། སྨོན་པ་མེད་པའི་ཡེ་ཤེས་དང་འཁོར་གསུམ་རྣམ་པར་དག་པ་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བ་དང་། དེ་རྣམས་སུ་ཡིད་ལ་མི་བྱེད་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པ་དང་། ཐེག་པ་ཆེན་པོའི་ཚུལ་གཅིག་ཏུ་གྱུར་པ་སོ་སོར་རྟོགས་

པ་དང་། མི་སྐྱེ་བ་ལ་བཟོད་པའི་ཡེ་ཤེས་དང་། ཐེག་པ་ཆེན་པོའི་ཚུལ་གཅིག་ཏུ་སྟོན་པ་དང་། ཆོས་རྣམས་ཐམས་ཅད་ལ་རྣམ་པར་རྟོག་པ་ཐམས་ཅད་ཀུན་ཏུ་བཅོམ་པ་དང་། འདུ་ཤེས་དང་ལྟ་བ་ལོག་པ་དང་། ཞི་གནས་ལ་ངེས་པར་སེམས་པ་དང་། ལྷག་མཐོང་ལ་མཁས་པ་དང་།

ཉོན་མོངས་པ་དང་ལྟ་བ་ལས་ལོག་པ་སྟེ། མཚན་མར་འཛིན་པའི་འཇིག་ཚོགས་ལ་སོགས་པའི་ལྟ་བ་དང་། འདོད་ཆགས་ལ་སོགས་པ་སྤོང་བའོ། །སེམས་དུལ་བ་ཉིད་དང་། མངོན་པར་ཞེན་པའི་གནས་མ་ཡིན་པ་དང་། གང་དུ་འདོད་པའི་ཞིང་དུ་འགྲོ་བ་སྟེ། མཉམ་ཞེས་པ་ནི་ལྷན་

ཅིག་པ་སྟེ། དེས་དེ་ལྟར་སངས་རྒྱས་ཀྱི་དཀྱིལ་འཁོར་རྣམས་སུ་བདག་གི་ལུས་ཀུན་ཏུ་སྟོན་པའོ། །བརྒྱད་པ་ལ་ནི། སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་རྩེ་བ་དང་། །སངས་རྒྱས་ཞིང་བཟང་བསྒྲུབ་པ་དང་། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །

དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་། །བསམས་བཞིན་སྲིད་པ་ལེན་པ་དང་། །ལས་ཀྱི་རྣམ་པ་འདི་བརྒྱད་བཤད། །ཅེས་པ་ནི་དགེ་བ་ཡོངས་སུ་དག་པ་སྒྲུབ་པ་དང་། རྣམ་པ་ཐམས་ཅད་ཀྱི་ཆོས་རྣམས་ལ་ཡོངས་སུ་བརྟག་པ་དང་། དབང་པོ་ཤེས་པ་

เล่ม ๙๐ · หน้า 64a

ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའོ། །སྦྱོང་བ་ནི་ཡོངས་སུ་སྦྱོང་བའོ། །སྒྱུ་མ་ལྟ་བུ་ནི་ཏིང་ངེ་འཛིན་གྱིས་མྱུར་བར་སྙོམས་པར་འཇུག་པའོ། །སངས་རྒྱས་ཀྱི་ཞིང་ནི་རྣམ་པ་གཉིས་ཏེ། ཐོག་མ་ནི་སྣོད་ཀྱི་འཇིག་རྟེན་ལ། དེའི་རྗེས་ལ་སེམས་

ཅན་གྱི་འཇིག་རྟེན་ནོ་ཞེས་པའོ། །ལེགས་པའི་བློ་གྲོས་ལ་ནི། སྨོན་ལམ་དག་ནི་མཐའ་ཡས་དང་། །ལྷ་ལ་སོགས་པའི་སྐད་ཤེས་དང་། །སྤོབས་པ་ཆུ་བོ་ལྟ་བུ་དང་། །མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་

འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་པ་སྟེ། ཆུ་བོ་ལྟར་ཡོངས་སུ་གང་བའི་སྤོབས་པ་དང་། མངལ་དུ་འཇུག་པའི་མཆོག་ལ་སོགས་པའི་ཕུན་སུམ་ཚོགས་པ་དགུ་སྟེ། དེ་ལ་རིགས་ནི་སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་མངལ་དུ་འཇུག་པ་སྟེ།

རྒྱལ་པོ་ལ་སོགས་པའོ། །རུས་ནི་ཉི་མ་ལ་སོགས་པར་སྐྱེས་པའི་རུས་ལ། ཆོ་འབྲང་ནི་མ་ལ་སོགས་པ་དང་འབྲེལ་བའི་གཉེན་ནོ། །རང་ལ་བརྟེན་པ་ནི་འཁོར་ལ་བརྒྱ་བྱིན་ལ་སོགས་པ་མངོན་པར་དགའ་བ་ནི་སྐྱེ་བའོ། །སངས་རྒྱས་ལ་སོགས་པས་ཡང་དག་པར་བསྐུལ་བ་ནི་ངེས་པར་

འབྱུང་བའོ། །བྱང་ཆུབ་ཤིང་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཨ་ཤྭཏྠལ་སོགས་པའོ། །སངས་རྒྱས་ཀྱི་ཆོས་ཀྱི་ཆོས་ཐམས་ཅད་ཀྱི་ཡོན་ཏན་གྱི་ངོ་བོ་ཡོངས་སུ་རྫོགས་པའོ། །ཆོས་ཀྱི་སྤྲིན་ལ་ནི། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་

བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་ཏེ། ས་ནི་རིགས་ཀྱི་ས་ལ་སོགས་པ་དགུ་སྟེ། དེ་ལ་རིགས་ཀྱི་ས་ནི་མྱ་ངན་ལས་འདས་པའི་རིགས་ཅན་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སོ། །ཁ་ཅིག་ཏུ་ནི་དང་པོའི་ངེས་པར་འབྱེད་པའི་ཆ་དང་

མཐུན་པའི་གསུམ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ། རིགས་ཀྱི་ས་ནི་ཆོས་མཆོག་གི་གནས་སྐབས་ཞེས་རྣམ་པར་གཞག་པ་སྟེ། དེ་འདིར་བསྒྲུབ་པར་མི་བྱའོ། །བརྒྱད་པའི་ས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པས་སོ། །མཐོང་བའི་ས་ནི་རྒྱུན་ཏུ་ཞུགས་པའིའོ། །བསྲབས་པའི་

เล่ม ๙๐ · หน้า 64b

ས་ནི་ལན་ཅིག་ཕྱིར་འོང་བའིའོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བའིའོ། །བྱས་པ་དང་ཡེ་ཤེས་ཀྱིས་བྱས་པ་རྟོགས་པ་ནི་དགྲ་བཅོམ་པ་སྟེ། དེའི་ས་ནི་བྱས་པ་རྟོགས་པའི་སའོ། །ཞུགས་པ་པོ་རྣམ་པ་གསུམ་དང་དྲུག་པོ་རྣམས་བསྡུས་པ་ནི་ཉན་ཐོས་ཀྱི་ས་ལའོ། །ཉན་

ཐོས་ཀྱི་ས་ཐེག་པ་གསུམ་དུ་རྣམ་པར་གཞག་པ་ལ་དགོངས་ནས་བདུན་དུ་གསུངས་པའོ། །རང་སངས་རྒྱས་ཀྱི་ནི་རང་སངས་རྒྱས་ཀྱི་སའོ། །བྱང་ཆུབ་སེམས་དཔའི་ས་ནི་བྱང་ཆུབ་སེམས་དཔའི་ས་སྟེ། སྔོན་དུ་བཤད་པའི་ས་དགུ་པོ་སྟེ། ས་དགུ་པོ་འདི་རྣམས་ཞེས་པ་ནི་སའི་ཚོགས་སོ། །འདིར་

བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་ཐེག་པ་ལ་དང་པོ་ཡང་དག་པར་རབ་ཏུ་ཞུགས་པའི་མོས་པ་དང་། རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ཅན་འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པ་རྣམས་ཀྱི་སེམས་དང་པོ་བསྐྱེད་པ་ཅན་དང་། དེ་ལ་སོགས་པ་ནས་

ས་བདུན་པ་རྣམས་ཡོངས་སུ་འབད་རྩོལ་དང་བཅས་པས་མཚན་མ་མེད་པའི་སྤྱོད་པ་ལ་གནས་པ་རྣམས་དང་། ས་བརྒྱད་པ་ལ་སོགས་པ་ནས་ས་གསུམ་པ་མཚན་མ་མེད་པར་ལྷུན་གྱིས་གྲུབ་པས་གནས་པ་ཅན་ངེས་པར་སྤྱོད་པ་ལ་ཞུགས་པའི་རྣམ་པར་སྨིན་པ་ཅན་དང་། སྐྱེ་བ་གཅིག་གིས་ཐོགས་

པ་ཁྱད་པར་གྱི་ལམ་ལ་ཉེ་བའི་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། ངེས་པར་སྐྱེ་བ་གཅིག་གི་རྒྱུ་བས་བར་ཆོད་པ་ནི་སངས་རྒྱས་ཀྱི་སའི་ཕྱིར་ཞེས་པ་ནི་རྣམ་པར་གཞག་པའོ། །གཉེན་པོའི་ཚོགས་ཀྱི་དབང་དུ་བྱས་ནས་བསྟན་བཅོས་ལས། མཐོང་དང་གོམས་པའི་ལམ་དག་དང་། །གཟུང་དང་འཛིན་པའི་

རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་ཏེ། གོམས་པ་ནི་བསྒོམས་པས་སོ། །འཛིན་པ་ནི་འཛིན་པ་པོ་སྟེ། རྩེ་མོའི་མངོན་པར་རྟོགས་པའིའོ། །མཐོང་བའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། དངོས་པོ་ཙམ་ལ་

བརྟེན་པ་དང་། གཉེན་པོའི་ཕྱོགས་ལ་བརྟེན་པའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་གང་ཟག་རྫས་ལ་བརྟེན་པ་དང་། གང་ཟག་བརྟགས་པ་ལ་བརྟེན་པའོ། །དེ་བཞིན་དུ་བསྒོམ་པའི་ལམ་ལ་བརྒྱད་པོ་འདི་རྣམས་སྤོང་ལ་གཉེན་པོ་བརྒྱད་ནི་གཉེན་པོའི་ཚོགས་ཏེ། དེ་ལ་

เล่ม ๙๐ · หน้า 65a

མཐོང་བའི་ལམ་ལ་དེ་བཞིན་ཉིད་ལ་སོགས་པ་རྣམས་དང་། རྨི་ལམ་ལ་སོགས་པ་རྣམས་ཀྱི་གཟུང་བའི་དངོས་པོར་དམིགས་པའི་རྣམ་པར་རྟོག་པ་སྟེ། དེ་རྣམས་ངོ་བོ་ཉིད་ཀྱིས་སྟོང་པར་རྟོགས་པ་ནི་གཉེན་པོའོ། །སྦྱིན་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་

ཆོས་ཀྱི་བར་རྣམས་ལ་གཉེན་པོའི་གཉེན་པོར་ཉེ་བར་དམིགས་པའི་རྣམ་པར་རྟོག་པའོ། །དེ་རྣམས་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་པས་ཉེ་བར་དམིགས་པ་མེད་པ་ནི་གཉེན་པོའོ། །དགྲ་བཅོམ་པ་ལ་སོགས་པ་རྣམས་ཀྱི་གང་ཟག་རྫས་སུ་ཉེ་བར་དམིགས་པའི་རྣམ་པར་རྟོག་པའོ། །དེ་ལྟར་མི་

དམིགས་པ་ནི་གཉེན་པོའོ། །མིང་དང་བརྡ་དང་ཐ་སྙད་ལ་སོགས་པ་ཉེ་བར་དམིགས་པ་ནི་རྣམ་པར་རྟོག་པ་ལ་དེ་ལྟར་མི་དམིགས་པ་ནི་གཉེན་པོའོ། །བསྒོམ་པའི་ལམ་ལ་ནི། ཆོས་ཐམས་ཅད་ལ་མི་གནས་པའི་སྦྱོར་བས་མི་གནས་ཤིང་མི་གནས་པ་ལ་ཡང་མ་ཡིན་ཏེ། ཆོས་ཀྱི་དབྱིངས་

ཀྱི་རྣལ་འབྱོར་གྱིས་སོ་ཞེས་པའི་དོན་ཏོ། །དེ་ལྟར་ན་གཟུང་བའི་དངོས་པོ་རྣམས་ཉེ་བར་མི་དམིགས་པ་དང་། སྦྱིན་པ་ལ་སོགས་པ་རྣམས་ཀྱི་གཉེན་པོའི་དངོས་པོ་མི་དམིགས་པ་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་གང་ཟག་གི་རྫས་མི་དམིགས་པ་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་

པའི་གང་ཟག་བརྟགས་པ་ལ་བརྟེན་པའི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་མི་དམིགས་པའོ། །ངེས་པར་འབྱུང་བར་འགྱུར་ཞེས་པ་འདིས་ངེས་པར་འབྱུང་བའི་སྒྲུབ་པའི་གོ་སྐབས་ཏེ། དེ་དག་གི་ངེས་པར་འབྱུང་བ་ནི་མ་ལུས་པར་འགྲོ་བའི་སྒྲུབ་པ་སྟེ། རྩེ་མོའི་མངོན་པར་རྟོགས་པ་ནི་

བསྒོམ་པའི་ལམ་གྱི་གོང་གི་ཇི་སྲིད་དུ་སེམས་བསྐྱེད་པ་ཉི་ཤུ་པ་ལ། དེའི་གོང་དུ་འབྲས་བུའི་གནས་སྐབས་སུ་བྱས་པའི་ངོ་བོ་སྒྲུབ་པ་མེད་པས་ངེས་པར་འབྱུང་བའི་འབྲས་བུ་ངེས་འབྱུང་ཐོབ་པ་སྟེ། དེ་ནི་ངེས་པར་འབྱུང་བའི་ཕྱིར་སྒྲུབ་པ་སྟེ། དེ་རྣམས་ཐམས་ཅད་ཀྱི་དབང་དུ་བྱས་པ་ནི་བསྟན་བཅོས་

ལས། ཆེད་དུ་བྱ་དང་མཉམ་ཉིད་དང་། །སེམས་ཅན་དོན་བྱ་འབད་མེད་དང་། །ཤིན་ཏུ་ངེས་པར་འབྱུང་བ་དང་། །ངེས་འབྱུང་ཐོབ་པའི་མཚན་ཉིད་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ངེས་འབྱུང་ལམ་གྱི་སྤྱོད་ཡུལ་ཅན། །རྣམ་པ་བརྒྱད་ཀྱི་བདག་ཉིད་ཅན། །ངེས་འབྱུང་

เล่ม ๙๐ · หน้า 65b

བསྒྲུབ་པ་ཡིན་ཞེས་བྱ། །ཞེས་ཏེ། དེ་རྣམས་གསུངས་པ་ནི། དེ་སྐད་ཅེས་བཀའ་སྩལ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་འཇིག་རྟེན་ཟིལ་གྱིས་མནན་ནས་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཐེག་པ་འདི་ལ་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །ཅིའི་ཕྱིར་

འདིས་འཇིག་རྟེན་ཟིལ་གྱིས་མནན་པ་ཡིན་ན། དེ་ཐོབ་པས་བདག་ཉིད་ཆེན་པོ་ཐོབ་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ན་སེམས་ཅན་གྱི་ཕུང་པོའི་མཆོག་ཉིད་དུ་སྒྲུབ་པ་ལ་སེམས་ཅན་ཆེན་པོ་དང་། སྤོང་བ་ཆེན་པོ་དང་། རྟོགས་པ་ཆེ་བས་ཆེན་པོའོ་ཞེས་པ་ནི་ཆེད་དུ་བྱེད་པའི་ངེས་པར་འབྱུང་བ་སྟེ། དེའི་

ཐེག་པ་ནི་ཆེན་པོར་བརྗོད་ཅེས་པ་དང་འབྲེལ་ཏོ། །ཇི་ལྟར་ན་མཉམ་པ་ཉིད་ན། ཇི་ལྟར་ནམ་མཁའ་ཕྱོགས་ཀྱི་དབྱེ་བས་ཕྱེ་ཡང་དོན་དམ་པར་ངོ་བོ་ཉིད་མེད་པ། ཁ་དོག་མེད་པ། དབྱིབས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཐའ་མེད་པ། དབུས་མེད་པ། ཉམས་པ་མེད་པ།

འཕེལ་བ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་དང་མི་ལྡན་པ་དེ་བཞིན་དུ་ཐེག་པ་ཆེན་པོའོ་ཞེས་པ་ནི་མཉམ་པ་ཉིད་ཀྱི་ངེས་པར་འབྱུང་བའོ། །ནམ་མཁའ་གོ་ཕྱེ་བའི་ནང་དུ་འདུས་པའི་ཕྱིར་ཏེ། ཐེག་པ་ཆེན་པོ་ཡང་དེ་

བཞིན་དུ་སྟེ། དེས་དེ་རྣམས་ཀྱི་དོན་བྱེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་རྣམས་དང་། ཕྱོགས་རྣམས་གྲངས་ཀྱིས་ཡོངས་སུ་བཅད་པའི་ཕྱིར་ན་གཞལ་དུ་མེད་པ་དང་། བགྲང་བ་མེད་པ་དང་། ཚད་མེད་པའོ། །རྣམ་གྲངས་འདིས་ནི་བྱེ་བྲག་གིས་སོ། །ཇི་ལྟར་ན་དེ་སྲིད་དུ་དེ་རྣམས་

ཀྱི་གོ་འབྱེད་ན། གང་ཞིག་སེམས་ཅན་དང་ནམ་མཁའ་དང་ཐེག་པ་ཆེན་པོ་དང་ཆོས་ཐམས་ཅད་ནི་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་། དེ་བཞིན་དུ་སེམས་ཅན་འདི་རྣམས་ནི་ཐེག་པ་ཆེན་པོས་གོ་འབྱེད་ཅེས་པ་ནི་སེམས་ཅན་གྱི་དོན་གྱི་ངེས་པར་འབྱུང་བའོ། །འོང་བ་ནི་འོང་བ་ལ་འགྲོ་བ་ནི་འགྲོ་

བའོ། །གནས་དང་འགྲོ་བ་དང་ལྡོག་པ་གསུམ་ཆར་ཐེག་པ་ཆེན་པོ་ལ་ཡོད་པ་མ་ཡིན་ནོ། །ཆོས་རྣམས་ཐམས་ཅད་མི་བསྐྱེད་པ་ནི་གང་ཞིག་དེ་རྣམས་ཀྱི་ངོ་བོ་རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་པས། གང་ནས་འོངས་པ་མེད་ཅིང་གང་དུ་འགྲོ་བ་ཡང་མེད་ལ་གང་དུ་གནས་པ་ཡང་མ་ཡིན་ནོ། །

เล่ม ๙๐ · หน้า 66a

ཡོངས་སུ་རྫོགས་པ་ལ་ལོངས་སྤྱོད་པ་ཞེས་པ་ནི་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བའོ། །དེ་བཞིན་དུ་ཞེས་པ་ནི་ནམ་མཁའ་ལའོ། །སྔོན་གྱི་མཐའ་ནི་འདས་པའི་དུས་སོ། །ཕྱི་མའི་མཐའ་ནི་མ་འོངས་པའོ། །དབུས་ནི་ད་ལྟར་བྱུང་བའོ། །ཇི་ལྟར་དུས་གསུམ་མཉམ་

པ་ཉིད་ནི་གང་ལ་དུས་གསུམ་མེད་པས་དུས་གསུམ་མཉམ་པ་ཉིད་དེ། ཐེག་པ་ཆེན་པོ་དང་བྱང་ཆུབ་སེམས་དཔའ་ཡང་རང་བཞིན་གྱིས་སྟོང་ལ། སྟོང་པ་ཉིད་ལ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཡང་མེད་ལ། དེ་ལ་ཀུན་ནས་ཉོན་མོངས་པ་དམིགས་སུ་མེད་དོ། །རྣམ་པར་བྱང་བ་མེད་

དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ་ཞེས་པའི་མཐའ་མེད་པ་ནི་ཤིན་ཏུ་ངེས་པར་འབྱུང་བའོ། །དེ་ནས་ཞེས་པ་ལ་སོགས་པ་ནི་ཐོབ་པའི་ངེས་འབྱུང་གི་གོ་སྐབས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྗེས་སུ་མཐུན་ཞེས་པ་ནི། ཁྱོད་

ཀྱིས་ཆོས་ཐམས་ཅད་ཐེག་པ་ཆེན་པོ་ཞེས་པའི་ངོ་བོ་ཉིད་མེད་པར་བསྟན་པ་དེའི་ནང་དུ་འདུས་པའི་ངོ་བོ་ཉིད་མེད་པའི་ཡེ་ཤེས་ལ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བས་ན་རྗེས་སུ་མཐུན་པར་བསྟན་ཞེས་པར་དགོངས་པའོ། །གཞན་ཡང་ཞེས་པ་དང་། དེ་ཅིའི་སླད་དུ་ཞེས་པ་དང་། གཟུགས་

ཞེས་པ་དང་། དེ་བཞིན་དུ་ཞེས་པ་དང་། སངས་རྒྱས་ཞེས་པ་དང་། ཇི་ལྟར་ཞེས་པ་དང་། དེ་བཞིན་དུ་ཞེས་པ་དང་། ཇི་ལྟར་ཞེས་པ་དང་། དེ་བཞིན་དུ་ཞེས་པ་དང་། དེ་ཅིའི་ཞེས་པ་དང་། མེད་ཅེས་པ་དང་། དེ་ཡང་ཞེས་པའི་ཚིག་བཅུ་གཉིས་པོ་རྣམས་ནི་རང་བཞིན་གྱིས་ཐོབ་པའི་ངེས་པར་འབྱུང་

བའི་དབང་དུ་བྱས་པ་ལ། དེ་རྣམས་ཀྱིས་ཐོབ་པའི་ཁྱད་པར་བཅུ་གཉིས་གསུངས་པ་ནི། དེ་ལ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ལ་གོམས་པ་མཐར་ཕྱིན་པ་དེ་རྣམས་ཀྱིས་མངོན་པར་ཞེན་པ་སྐྱེ་བའི་སྒྲིབ་པ་དང་བཅས་པའི་ཕུང་པོ་ལྔ་པོ་རྣམ་པ་ཐམས་ཅད་དུ་ལོག་ནས་སྒྲིབ་པ་མེད་པའི་

ཀུན་རྫོབ་ཀྱི་ཚུལ་གྱིས་སྐྱེ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར་རོ་ཞེས་པ་ནི་བསྡུས་པའི་དོན་ཏེ། །སོ་སོའི་དོན་བཅོམ་ལྡན་འདས་ཀྱིས་གསུངས་པ་བརྗོད་དེ། ཐེག་པ་ཆེན་པོ་འདིར་སློབ་པ་ཉིད་ཅེས་པ་ནས་ཇི་སྲིད་དུ་རྗེས་སུ་ཐོབ་པར་འགྱུར་ཞེས་པའི་བར་ཏེ།

เล่ม ๙๐ · หน้า 66b

དེ་ལ་སྔོན་གྱི་མཐའ་ལ་སོགས་པ་ཐམས་ཅད་ཀྱིས་གཉིས་སུ་བྱར་མེད་པས་དེའི་ཕྱིར་མེད་ཅིང་འགྲོ་བ་མེད་པའོ། །དེ་ཅིའི་ཕྱིར་ཞེས་པ་ནི་དེའི་སྔོན་གྱི་མཐའི་ནི་སོགས་པ་རྣམས་ནི་གང་དུ་ཡང་མེད་པ་ཉིད་དེ། གང་གི་ཕྱིར་གཟུགས་ལ་སོགས་པ་ནི་ནམ་མཁའ་དང་མཉམ་པ་སྟེ། གཟུགས་ལ་

སོགས་པ་ངོ་བོ་ཉིད་ཀྱིས་སྟོང་པས་འདིར་ཕྱི་མའི་མཐའ་དང་། སྔ་མ་དང་ཕྱི་མའི་མཐའི་དབུས་དང་བྲལ་བ་ལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའོ། །མེད་ཅིང་མི་དམིགས་པ་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཉེ་བར་བཟུང་བས་སོ། །བྱང་ཆུབ་སེམས་དཔའི་ཆོས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་

བསྒྲགས་པའི་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །ཐམས་ཅད་ནས་ཞེས་པ་ནི་ཕུང་པོ་དང་ཁམས་ལ་སོགས་པའི་སྡེ་ཚན་གྱི་དབྱེ་བས་སོ། །ཐམས་ཅད་ཀྱི་ཇི་ལྟར་གྱུར་པའི་ཡོངས་སུ་རྫོགས་པའི་ཆ་ཤས་ཀྱི་སྡེ་ཚན་རྣམས་ཀྱིའོ། །ཡང་ཐམས་ཅད་ཅེས་པ་ནི་སྡེ་དེ་རྣམས་ཀྱི་རེ་རེའི་ཐམས་ཅད་དོ། །

རྣམ་པ་ཐམས་ཅད་ནི་རང་རང་གིས་སྟོང་པའི་ཕྱིར་རོ། །ཐམས་ཅད་ཤེས་པ་ཉིད་ནི་རྣམ་པ་ཐམས་ཅད་ཤེས་པ་ཉིད་དོ། །ཆོས་གང་ནི་བྱང་ཆུབ་སེམས་དཔའ་ལ་བརྗོད་དོ། །ཆོས་གང་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྒྲགས་པས་སོ། །ཆོས་གང་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་དུ་བསྒྲགས་པའི་ཐོབ་པར་བྱ་བ་ལའོ། །གདམས་པར་བགྱི་བ་ནི་མེད་པ་ཉིད་ཅེས་པའི་དོན་ཏེ། དེ་ལྟར་གདམས་པ་མེད་པ་ལ་རྗེས་སུ་གནས་པ་མེད་པ་གང་གིས་ཀྱང་ཅུང་ཞིག་ཐོབ་པ་མེད་ཅིང་ཞེས་པའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་དོ། །མིང་དུ་བཏགས་པ་ཙམ་སྟེ་དོན་གྱིས་སྟོང་པའི་མིང་ངོ་། །མངོན་པར་མ་གྲུབ་པ་མེད་པ་ནི་མིང་དུ་བཏགས་པ་ཉིད་པས་གྲུབ་ལ། འདིར་མངོན་པར་མ་གྲུབ་པའི་བྱང་ཆུབ་སེམས་དཔའི་མིང་མ་གྲུབ་པས་རྣམ་པ་ཐམས་ཅད་མཁྱེན་པ་རྣམས་ཐོབ་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་

དུ་ཆོས་ལ་བདག་མེད་པའི་སྒོ་ནས་དང་། མིང་གི་སྒོ་ནས་ཐོབ་པ་བཀག་ནས། གང་ཟག་ལ་བདག་མེད་པའི་སྒོ་ནས་དགག་པ་གསུངས་པ་ནི། ཅི་ལྟར་ཞེས་པ་ལ་སོགས་པ་སྟེ། ཤིན་ཏུ་མེད་པ་ནི་མཐའ་གཅིག་ཏུའོ། །མངོན་པར་མ་གྲུབ་པ་ནི་ཡང་དག་པ་མ་ཡིན་པའོ། །དེ་བཞིན་དུ་ཞེས་པ་ལ་

เล่ม ๙๐ · หน้า 67a

སོགས་པ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་པ་འདི་རྣམས་ནི་དངོས་མེད་པའི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པའི་དོན་ཏོ། །གང་ཞིག་གཟུང་བ་དང་འཛིན་པ་དང་བྲལ་བ་ལ་འཇུག་པ་མེད་པའམ། མ་སྐྱེས་པ་དེའི་གཟུགས་ཞེས་པ་ནས་ཇི་སྲིད་དུ་རྣམ་པར་ཤེས་པ་ཇི་ལྟར་

ཞེས་པའི་བར་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་ཞིག་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་རྣམས་ཀྱི་དངོས་པོ་མེད་པ་ཉིད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་དེ་ནི་མངོན་པར་འཇུག་པ་མེད་པ་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་དེ་དེ་ནི་དོན་དམ་པའོ། །དེ་མེད་ཅེས་པ་ནི་དབྱེར་མེད་པ་དགག་ལ།

དེ་ཇི་སྙམ་ཞེས་པ་ལ་སོགས་པས་ནི་དབྱེ་བས་ཏེ། མངོན་པར་གྲུབ་པ་མེད་པའི་སྟོང་པ་ཉིད་ཙམ་པོའི་བྱང་ཆུབ་སེམས་དཔའ་ལ་མངོན་པར་མ་གྲུབ་པའི་སྟོང་པ་ཉིད་ཙམ་པོས་གདམས་པར་བགྱི་བའོ། །གང་དུ་ཡང་ཡོད་པ་མིན་ཞེས་པ་སྟེ། དོན་དམ་པའི་དེ་ཁོ་ན་ཉིད་ནི་ཐ་དད་པ་དང་ཐ་མི་དད་པ་

ལ་སོགས་པའི་སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བའི་ངོ་བོའི་ཕྱིར་རོ། །གཞན་དུ་ཡང་མེད་ཅེས་པ་ནི་ཀུན་རྫོབ་དང་དོན་དམ་པ་དག་རོ་གཅིག་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་འཕགས་པས་ཀུན་རྫོབ་ལ། །རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཁོ་ནར་བཞེད། །དངོས་པོ་རང་དབང་མེད་

ཅེས་པའི། །སེང་གེའི་སྒྲ་ཁྱོད་དང་མཉམ་མེད། །ཅེས་པ་དང་། རང་དབང་མེད་པ་འདིར་ཡང་འཕགས་པས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་གང་དུ་ཡོད་མིན་པས། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་གང་ན་ཡོད་པ་མིན། །མཁས་སོགས་རྣམས་ལ་མཁས་

མིན་གྱི། །འཇིག་རྟེན་པ་ཡིས་དེ་རྣམས་ལ། །རྟག་དང་མི་རྟག་རྟག་འགྱུར་ཡང་། །མཁས་པས་དོན་དུ་མཐོང་བ་མེད། །ཅེས་ཏེ། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །སངས་རྒྱས་ཀྱི་ཆོས་ནི་ཐོབ་པར་བྱ་བའི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་ཆོས་

ནི་སྔོན་དུ་ཐོབ་པའི་ཡོན་ཏན་རྣམས་སོ། །གང་ཞིག་རིག་ཅེས་པ་ནི་བྱང་ཆུབ་སེམས་དཔའིའོ། །སེམས་དང་བར་མི་འགྱུར་ཞེས་པ་ལ་སོགས་པའི་ཚིག་ལྔ་རྣམས་ཀྱིས་ནི་ཞི་གནས་ཀྱི་རྣམ་པ་ལྔ་གསུངས་པའོ། །ཕྱིར་ཕྱོགས་པར་མི་བྱེད་ཅེས་པའི་ཚིག་བཞི་པོ་འདི་དང་། ཞི་བར་བྱེད་ཉེ་བར་ཞི་བར་

เล่ม ๙๐ · หน้า 67b

བྱེད་ཅེས་པ་ནི་སེམས་པ་ལ་གཅིག་ཏུ་བྱས་ནས་མཉམ་པར་འཛིན་པར་བྱེད་ཅེས་པ་སྟེ། འདི་རྣམས་ཀྱིས་ནི་ངོ་བོ་ཉིད་མེད་པ་ལ་མཉམ་པར་གཞག་པའི་སེམས་ཕྱིས་ཉམས་པར་གྱུར་ནས་དངོས་པོ་ལ་ཆགས་པར་འགྱུར་བ་མ་ཡིན་པའོ། །འདིར་བཞིས་རྗེས་ལ་ཉམས་པར་བཀག་ནས་ཡིད་རྗེས་ལ་ཉམས་པར་

མི་འགྱུར་བའོ། །དེ་ལྟར་ཚིག་དྲུག་གིས་ནི་ཞི་གནས་ཀྱི་ཚིག་དགུ་གསུངས་པའོ། །སྐྲག་པར་མི་འགྱུར་ཞེས་པ་ལྷག་མཐོང་ལ་མི་སྔང་ཞེས་པ་ལ་སོགས་པ་ཚིག་གཉིས་ཀྱིས་ནི་ཟུང་དུ་འབྲེལ་པའི་ལམ་གསུངས་པའོ། །དེ་ལྟར་ན་ཏིང་ངེ་འཛིན་ལ་སྐྲག་པར་མི་འགྱུར་ཞེས་པ་ནི་ཞི་གནས་ཀྱི་ཆ་ལ། ཡང་དག་པར་རབ་ཏུ་

ཤེས་པས་ཀུན་ཏུ་སྐྲག་པར་མི་འགྱུར་བ་དང་། ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་ཞེས་པ་ནི་ལྷག་མཐོང་གི་ཆའོ། །སྤྱོད་ཅེས་པ་ནི་བསྟན་པ་ལ་ལྷག་མ་ནི་བཤད་པའོ། །སྒོམ་པའོ་ཞེས་པ་ནི་ཞི་གནས་ཀྱིས་སོ། །ཉེ་བར་རྟོགས་པ་ནི་ལྷག་མཐོང་གིས་ཏེ། ངོ་བོ་ཉིད་མེད་པའི་རྣམ་པས་

སོ། །ངེས་པར་སེམས་པ་ནི་ཉེ་བར་རྟོགས་པར་བྱས་ནས་མཁས་པ་རྣམས་ཀྱིས་ཟུང་དུ་འབྲེལ་བའི་ལམ་གྱིས་སེམས་པར་བྱེད་པ་སྟེ། འདིའི་འཐད་པ་ནི་དེ་ཅིའི་ཕྱིར་ཞེས་པ་ནི་འདྲི་བ་ལ། གང་གི་ཚེ་ཞེས་པ་ལ་སོགས་པ་ནི་ལན་ནོ། །ཆོས་ནི་ཆོས་ཐམས་ཅད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་ཞེས་པ་ནི་མངོན་སུམ་དུ་གྱུར་པ་ལའོ། །ཉེ་བར་མི་རྟོག་ཅེས་པ་ནི་ཉེ་བར་མི་དམིགས་པའོ། །ཉེ་བར་མི་འཛིན་པ་ནི་རྣམ་པར་རྟོག་པར་མི་བྱེད་དེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པས་ངོ་བོ་ཉིད་ལ་རྣམ་པར་རྟོག་པ་རྣམས་བཀག་ནས་ཁྱད་པར་ལ་རྣམ་

པར་རྟོག་པ་དགག་པའི་ཕྱིར་གསུངས་པ་སྟེ། གཟུགས་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ལ་སོགས་པ་སྟེ། དོན་དམ་པར་ན་སྐྱེ་བ་ལ་མི་སྦྱོར་བས་ན་གང་དུ་འགག་པ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཞེས་པ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ལ་མ་སྐྱེས་པ་དང་། མ་

འགགས་པ་དག་གི་དབྱེ་བ་མེད་པའི་དགག་བྱར་བྱ་བ་དང་། དབྱེ་བ་དགག་པའི་ཕྱིར་གསུངས་པ་ནི། དེ་ལྟར་ཞེས་པ་ལ་སོགས་པའོ། །འོ་ན་གཟུགས་ལ་སོགས་པ་ལ་རང་བཞིན་མེད་པས་གཉིས་སུ་མེད་པའི་དངོས་པོ་མི་འཐད་ཅེ་ན། གསུངས་པ་ནི། གང་ཡང་ཞེས་པ་ལ་སོགས་པ་སྟེ། གང་

เล่ม ๙๐ · หน้า 68a

དུ་ཀུན་རྫོབ་ཀྱི་ངོ་བོ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་ནི་སྐྱེ་བར་བྱེད་ལ། དོན་དམ་པར་དངོས་པོ་མེད་པའི་མཚན་ཉིད་ཀྱི་སྐྱེ་བ་མེད་པ་དང་ཟད་པ་མེད་པ་དག་རོ་གཅིག་པས་གཉིས་སུ་མེད་དེ། གཉིས་སུ་ཞེས་པ་ནི་གཉིས་ཀྱི་དངོས་པོ་མེད་པའོ། །གཉིས་སུ་བྱར་མེད་པ་ནི་གཞན་དུ་རྣམ་པ་གཉིས་

ཀྱི་ངོ་བོ་དང་བྲལ་བ་ལ་བྱེད་པ་པོའི་ཚད་མ་མེད་ཅེས་པའོ་ཞེས་པ་ནི་གཞན་དག་གི་སྟེ། ཐོབ་པའི་ངེས་འབྱུང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་པར་འབྱུང་བ་བསྟན་པར་འདོད་ནས་གསུངས་པ་ནི། དེ་བཞིན་དུ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་དུ་ནི་རྣམ་པ་ཐམས་ཅད་ཅེས་

པ་དང་འབྲེལ་ལོ། །བྱ་བའི་ཁྱད་པར་ལས་འདིའི་དོན་ནི་སྔ་མ་བཞིན་ནོ། །དེས་ན་ཞེས་པ་ནི་གང་གིས་གཉིས་སུ་མེད་པར་འདི་རྣམས་བགྲང་བར་བྱས་པའི་རྒྱུ་མཚན་དེས་ནའོ། །དེའི་སྐྱོན་གསུངས་པ་ནི། གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། དཀའ་བའི་ལས་ཀྱིས་སྤྱོད་པ་པོས་སྤྱོད་པ་གང་དེ་ཅིའི་ཕྱིར་

སྤྱོད་པར་འགྱུར་བ་ནི་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །ཆུང་ངུའི་དོན་ལའོ། །དཀའ་བ་ནི་ལག་པ་དང་རྐང་པ་དང་མགོ་དང་ལུས་གཏོང་བ་ལ་སོགས་པ་རྣམས་ཀྱིའོ། །དེ་དག་ཉམས་སུ་མྱོང་བར་བྱེད་པའི་ཅིའི་ཕྱིར་སྤྲོ་བ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་སོ། །དེ་ལ་སྤྱོད་པ་མེད་ཅིང་དམིགས་པ་མེད་ཅེས་པ་

ནི་རྒོལ་བ་ལ། དེ་སྐད་ཅེས། དཀའ་བ་ལ་སོགས་པ་ནི་རབ་འབྱོར་གྱི་ལན་ནོ། །དེ་ལ་ཐོག་མ་འདིས་ཞེས་པ་ལ་སོགས་པ་ནི་ཁས་བླངས་པས་སོ། །ཅི་ལྟར་མི་འདོད་པར་འགྱུར་ཏེ། དོན་དམ་པར་ནི་སྤྱོད་པར་བྱེད་པ་མི་འཐད་ལ། ཀུན་རྫོབ་ཏུ་ནི་དཀའ་བའི་འདུ་ཤེས་ཀྱིས་དཀའ་བའི་

སྤྱོད་པ་ཡིད་ལ་གཅགས་པ་ནི་རྫོགས་སངས་རྒྱས་ལས་རྣམ་པར་ལྡོག་པར་འགྱུར་བས་སོ། །ཡང་མི་འགྱུར་ཞེས་པ་ལ་སོགས་པའི་ལན་གཉིས་པ་ནི་མི་འགྱུར་བ་ནི་རྫོགས་པར་མི་འགྱུར་བའོ། །འོན་ཀྱང་ཞེས་པ་ལ་སོགས་པའི་ལན་གསུམ་པ་ནི། སྡུག་བསྔལ་ཐམས་ཅད་ཅེས་པ་ནི་ཟག་པ་དང་བཅས་པ་

ཐམས་ཅད་ཀྱི་ཕུང་པོ་ལྔ་པོ་དེ་རྣམས་ཐམས་ཅད་ལས་གྲོལ་བར་བྱ་བའོ། །ཐམས་ཅད་ནས་ནི་ཁམས་དང་གྲོལ་བ་དང་གང་ཞིག་གཞན་ལ་སོགས་པའི་དབྱེ་བས་སོ། །ཐམས་ཅད་ནི་ཇི་ལྟར་གྱུར་པའི་སྡུག་བསྔལ་གསུམ་པོ་རྣམས་ཀྱིས་སོ། །རྣམ་པ་ཐམས་ཅད་ནི་དམིགས་པ་རྣམས་ཐམས་ཅད་

เล่ม ๙๐ · หน้า 68b

ཀྱིས་སོ། །ཐམས་ཅད་ནི་ལྷག་མ་མ་ལུས་པར་སྒྲོལ་བར་བྱ་བའོ། །སྡུག་བསྔལ་གྱི་ཕུང་པོ་ནི་སྡུག་བསྔལ་གྱི་ཚོགས་ཏེ། སེམས་ལ་སོ་སོར་རབ་ཏུ་སྐྱོན་ཏེ། ཁོང་ཁྲོ་བའོ། །གཞན་ཡང་ཞེས་པ་ལ་སོགས་པའི་ལན་བཞི་པ་ནི་ཐམས་ཅད་ནས་ནི་བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་

བུ་ལ་སོགས་པའི་དབྱེ་བས་སམ། མངོན་སུམ་ལ་སོགས་བའི་ཚད་མས་སོ། །ཐམས་ཅད་ནི་ཇི་ལྟར་གྱུར་པའི་སྣང་བ་དང་མི་སྣང་བ་ཕྱེ་བའི་ཁྱབ་པ་དང་ཅིག་ཤོས་གཉིས་ཀྱི་ངོ་བོའོ། །རྣམ་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་རྣམས་ལས་ཐ་དད་ཀྱིས་ཇི་ལྟར་ཐ་མི་དད་པས་སོ། །ཐམས་

ཅད་ནི་ཇི་ལྟར་གྱུར་པའི་སོ་སོའི་སྡེ་ཚན་སོ་སོ་བ་དང་བསྡུས་པ་དེ་རྣམས་ལ། བྱེད་པ་པོ་ལ་སོགས་པའམ་ངོ་བོ་ཉིད་དུ་དེ་ལྟར་ཆོས་ཐམས་ཅད་ཡོད་པ་མ་ཡིན་ནོ། །ཐམས་ཅད་ཀྱིས་ནི་ཕུང་པོ་དང་ཁམས་ལ་སོགས་པའི་སྡེ་ཚན་གྱི་དབྱེ་བས་སམ་རང་གི་མཚན་ཉིད་ལ་སོགས་པས་སོ། །ཐམས་ཅད་ནི་

ཆ་ཤས་ཐམས་ཅད་ལས་ཇི་ལྟར་གྱུར་པའི་སྡེ་ཚན་རྣམས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་ཕྱིར་རམ། ཕྱི་རོལ་དང་ནང་གི་བདག་ཉིད་ཅན་ནོ། །ཡང་ཐམས་ཅད་ནི་ཇི་ལྟར་གྱུར་པའི་སྡེ་ཚན་ལ་སོགས་པ་དེ་ཐམས་ཅད་ཅེས་པའི་དོན་ཏོ། །རྣམ་པ་ཐམས་ཅད་ནི་དབྱེ་བ་དེ་ཐམས་ཅད་ཀྱི་བདག་ཉིད་གང་

མ་ལུས་པ་བསྡུས་པ་དེ་རྣམས་ཐམས་ཅད་ལ་ཞེས་པའི་དོན་ཏོ། །དེ་ཉིད་ལ་དཀའ་བ་སྤྱོད་པ་ཅན་གྱི་སྤྱོད་པ་མེད་པར་ཐལ་བར་འགྱུར་བ་ལ་ལན་རྣམ་པ་བཞི་གསུངས་པ་སྟེ། བཞི་ཀས་ཀྱང་དེ་ལྟར་གསལ་བར་བྱ་བ་ནི་དགའ་བ་སྤྱོད་པ་པོ་ཡང་སྐྱེ་བ་མེད་པའི་དེ་ལྟ་བུའི་དེ་ཁོ་ན་ཉིད་ལ། དེ་ལྟར་དེ་ཁོ་ན་ཉིད་

དུ་མཐོང་བ་ཉིད་ཀྱིས་དེ་ལྟར་སྤྱོད་པར་བྱ་བའོ། །གང་དུ་ནི་འདི་ནུས་པར་གྱུར་ན་འབྲས་བུ་ཆེན་པོར་འགྱུར་ཞེས་པའོ། །རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་བཀག་ཅིང་བཅོམ་པའི་ཕྱིར་གནས་བརྟན་ནོ། །གང་ཡང་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པ་ནས་བརྩམས་པའི་སྒྲ་ནི་

དེ་ལྟར་སྔ་ནས་བཤད་དོ། །འདིར་ནི་ཐམས་ཅད་ཤེས་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སངས་རྒྱས་ཀྱང་ངོ་ཞེས་པའི་དོན་ཏོ། །ཐམས་ཅད་མཁྱེན་པའི་ཆོས་རྣམས་ནི་སངས་རྒྱས་སུ་བྱེད་པ་པོའི་ཆོས་རྣམས་སོ། །སྐྱེ་བ་མེད་པ་ནི་འཕགས་པའི་ལམ་མོ། །སོ་སོའི་སྐྱེ་བོ་དང་སྐྱེ་བོའི་ཆོས་

เล่ม ๙๐ · หน้า 69a

རྣམས་ནི་འདོད་ཆགས་པའོ། །དེ་ཐོབ་པའི་རྣམ་པར་རྟོག་པ་འགག་པའི་དོན་དུ་གསུངས་པ་ནི། དེ་སྐད་ཅེས་སྨྲས་པ་དང་ཞེས་པ་ལ་སོགས་པ་ནས་ཇི་སྲིད་དུ་ཤིན་ཏུ་སྤོང་བས་སམ་ཞེས་པའི་བར་དུའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །

རྗེས་སུ་ཐོབ་ཅེས་པ་ནི་གདོད་ནས་དེ་དེ་ལྟར་དེ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར་ལ། ཆོས་ཀྱི་དབྱིངས་ཀྱང་མ་སྐྱེས་པའི་ངོ་བོའི་རང་བཞིན་ཉིད་དུ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་ཕྱིར་རོ། །དེ་སྐད་ཅེས་པ་ལ་སོགས་པ་ནི་ལན་ཏེ། ཆོས་ནི་བྱང་ཆུབ་སེམས་དཔར་བརྗོད་པའིའོ། །ཐོབ་པ་ནི་ཐོབ་པར་བྱེད་

པ་པོ་ཉིད་དེ། སྦྱོར་བའི་གནས་སྐབས་སུའོ། །ཐོབ་པ་ཡང་མེད་ཅིང་མངོན་པར་རྟོགས་པ་མེད་པའི་རྟོག་པ་ནི་དངོས་གཞིའི་གནས་སྐབས་སུ་སྟེ། འདིར་མི་འདོད་པ་ནི་མི་རིགས་པས་ཐོབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རིགས་པ་ཡང་གསུངས་པ་ནི། ཡང་མེད་ཅེས་པ་ལ་སོགས་པ་སྟེ།

ཆོས་ཀྱིས་ཞེས་པ་ནི་ཐོབ་པ་པོས་ཏེ། ཐོབ་པ་དང་ཐོབ་བྱའི་མཚན་ཉིད་གཉི་ག་དག་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གཞན་ཡང་སྐྱེ་བའི་ཕྱོགས་ཀྱིས་འཐད་པ་དང་བྲལ་བའི་ཕྱིར་གསུངས་པ་ནི། ཅི་ཞེས་པ་ལ་སོགས་པ་སྟེ། མ་སྐྱེས་པའི་ཕྱིར་སྐྱེ་བ་ཉིད་དུ་འགྱུར་བའམ་མ་སྐྱེས་པ་ཉིད་ཅེས་

པའི་གཞན་དུ་ཇི་ལྟར་ཐེ་ཚོམ་གཉིས་སྐྱེ་བ་ལ་དང་པོ་ན་ནི་འགལ་ཏེ། མ་སྐྱེས་པ་ནི་མེད་པ་ཉིད་དོ། །དེ་ནི་ཇི་ལྟར་ཡོད་པར་བྱེད་དེ། དེ་ལྟར་ཡང་གསུངས་པ། ཚངས་པ་གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པར་མ་གྲོལ་བའི་ཆོས་ནི་རྡུལ་ཕྲ་མོ་ཙམ་ཡང་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་

ཏེ། དེའི་ཕྱིར་ན་གཉི་ག་ཡང་མ་སྐྱེས་པར་གསུངས་པས་ཐོབ་པའི་རྣམ་པར་རྟོག་པ་དགག་པས་སོ། །དེ་གང་དུ་འབད་པ་མེད་པར་ཐོབ་པ་སྟེ། ཀུན་རྫོབ་ཏུ་ནི་སྐྱེ་སྟེ་མི་གཡོ་བ་ལ་སོགས་པའི་ས་རྣམས་ལ་ཡང་འབད་པ་མེད་པར་འཇུག་པ་ཡེ་ཤེས་སོ། །གང་གི་ཕྱིར་ཆོས་རྣམས་ཐམས་ཅད་ནི་དོན་

དམ་པར་ནི་སྐྱེ་བ་མེད་པར་སྟོང་པ་ཉིད་ངོ་བོ་ཉིད་མེད་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཡང་དག་པའི་མཐའ་འཇིག་རྟེན་ཞེས་པས་ནི་ངོ་བོ་ཉིད་ངོ་བོ་ཉིད་ཅེས་པ་ནི་གང་གི་གང་བདག་ཉིད་ཀྱི་ངོ་བོ་སྟེ་མེའི་ཚ་བ་བཞིན་དེའི་དེ་ལ་ངོ་བོ་ཉིད་ཅེས་བརྗོད་ལ། གང་བཅོས་མ་དེ་ནི་དེའི་བདག་ཉིད་མིན་ཏེ། དཔེར་ན་ཆུའི་ཚ་བ་

เล่ม ๙๐ · หน้า 69b

བཞིན་ཏེ། དེ་ལྟར་འདིར་ཆོས་ཐམས་ཅད་ངོ་བོ་ཉིད་ཡོད་པ་མིན་ལ་མེད་པ་ཡང་ཅུང་ཟད་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གང་ཡང་འཕགས་པས། སྟོང་པ་ཉིད་དུ་མི་བརྗོད་ཅིང་། །མི་སྟོང་ཞེས་ཀྱང་འགྱུར་བ་མིན། །གཉིས་དང་གཉིས་མིན་ཞེས་བྱ་བར། །བཏགས་པས་དོན་ནི་བརྗོད་པར་བྱ། །

ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱིས་རྗོད་པར་བྱེད་པ་སྟེ། བདེན་པའི་ངོ་བོ་ནི་བཅོས་མ་མ་ཡིན་པའི་ཕྱིར་ཏེ། གང་དུ་འཕགས་པས། བཅོས་མིན་ངོ་བོ་ཉིད་ལ་ནི། །གཞན་ལ་ལྟོས་པ་ཡོད་མ་ཡིན། །ཞེས་ལ། དེ་ཡང་མ་སྐྱེས་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་། ཐོག་

མ་དང་ཐ་མ་མེད་པའི་ཕྱིར་ཐོབ་པར་བྱ་བ་ཡང་མེད་ལ་ཐོབ་པ་ཡང་མེད་པ་སྟེ། མ་འདྲེས་པར་བལྟ་བར་བྱ་སྟེ། གང་དེ་ལྟར་མཐོང་བ་དེ་ཉིད་ཆོས་རྣམས་ཐམས་ཅད་ཀྱི་བདེན་པ་ཉིད་ཀྱིས་སྒྲོ་བཏགས་པ་རྣམས་ཐམས་ཅད་རྗེས་སུ་ཉེ་བར་མི་དམིགས་པ་སྟེ་དེ་ཉིད་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཉིད་དེ། དེས་ཕུང་པོ་ལྔ་ལ་བདེན་པར་མངོན་པར་ཞེན་པ་ཟད་པར་བྱེད་ཅིང་དེའི་མངོན་པར་ཞེན་པ་མེད་པའི་རྒྱུ་ཅན་དེས་སྒྲིབ་པ་ཐམས་ཅད་ཀུན་ཏུ་འཛིན་པ་ཅན་གྱི་གནས་ཀྱི་ཕུང་པོ་ལྔ་པོ་རྣམས་ཟད་པར་འགྱུར་ཏེ། སྔོན་གྱི་རླུང་དུ་གྱུར་པ་རྣམས་འགག་པའི་ཕྱིར་དང་། རྒྱུ་མེད་པས་དེ་དང་འདྲ་བ་

རྣམས་ཀྱི་ཕྱི་མ་རྣམས་མི་སྐྱེ་བའི་ཕྱིར་རོ་བྱང་ཆུབ་སེམས་དཔའ་དེ་རང་བཞིན་གྱིས་འོད་གསལ་བའི་ཀུན་རྫོབ་དང་དོན་དམ་པར་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཡིན་ཡང་གློ་བུར་བའི་སྒྲིབ་པའི་དྲི་མ་རྣམས་ཀྱིས་དྲི་མ་ཅན་དུ་བྱས་པ་དེའི་དེ་རྣམས་ཟད་པ་སྟེ། དེ་ཟད་པའི་མཚན་ཉིད་ཀྱི་རྣམ་པར་

དག་པ་སྔ་ན་མེད་པའི་ཕྱིར་ན་ཐོབ་པའོ། །འཁྲུལ་པ་ཐམས་ཅད་ལོག་པ་ལས་ཀུན་རྫོབ་ཏུ་སྐྱེས་པའི་ཤིན་ཏུ་རྣམ་པར་དག་པའི་ཕུང་པོ་ལྔ་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྔ་མ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔས་ཐོབ་པ་སྟེ། དེའི་རྣམ་པར་དག་པ་

ཡང་དག་པར་རིག་པ་དེ་ཉིད་ཀྱིས་ཐོབ་པ་དང་མངོན་པར་རྟོགས་པ་ཡང་དག་པར་སྐྱེ་བར་འགྱུར་ཞེས་པ་ནི་གྲུབ་པའི་མཐའོ། །དེ་ལ་འདི་ནི་གློ་བུར་གྱི་སྒྲིབ་པ་རྣམ་པར་དག་པའི་གནས་བརྟན་དག་ཏུ་བརྗོད་པར་བྱ་སྟེ། ཀུན་རྫོབ་དང་དོན་དམ་པ་ལ་གནས་ནས་སྐྱེས་པ་དང་མ་སྐྱེས་པའི་རྣམ་པར་གཞག་པ་

เล่ม ๙๐ · หน้า 70a

དེ་རྣམས་ཐོབ་པ་ལས་འདི་སླར་དྲིལ་དེ་ལ་དགོངས་ནས་གསུངས་པ་ནི། སྐྱེས་པ་ཉིད་ཅེས་པ་ལ་སོགས་པ་ནི། སྐྱེས་པ་ཞེས་པ་ནི་སྐྱེ་བའི་རྒྱུ་དང་རྐྱེན་ལ་རག་ལས་པའི་ཆོས་ལ་མི་སྤོབས་ཞེས་པ་ནི་སྐྱེས་པ་དང་མ་སྐྱེས་པ་དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་ཏེ།

ཆོས་ཐམས་ཅད་སྟོང་པ་ཉིད་ལ་དམིགས་པའི་སེམས་ཀྱི་རྒྱུད་གང་དེ་ཁོ་ནས་འཁྲུལ་པ་རྣམས་ཐམས་ཅད་ལས་ལྡོག་ཅིང་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བོ་ཞེས་པ་ལ་དགོངས་པའོ། །བརྗོད་པའི་རྣམ་པ་དང་རྟོག་པ་དགག་པ་གསུངས་པ་ནི་མ་སྐྱེས་པས་ཀྱང་ཞེས་པས་ཏེ། །

མ་སྐྱེས་པ་ནི་ཚད་མས་གྲུབ་པར་འདོད་པའི་ཕྱིར་དེ་སྐད་ཅེས་བརྗོད་པའོ། །དེ་ཡང་མེད་ཅེས་པ་ནི་འབད་པས་འདྲི་བའི་བརྗོད་པ་རྣམས་དང་ཡིད་དང་སྒྲས་སྤོབས་ཤིང་བརྗོད་པའི་བརྗོད་པར་བྱ་བའོ། །ཤིན་ཏུ་ནི་དངོས་པོ་དང་དངོས་པོ་མེད་པའི་མཐའ་དང་བྲལ་བ་དང་སྤོབས་པ་དང་བརྗོད་པ་

དང་བཅས་པའི་བློ་གསུམ་པོ་འདིར་མ་སྐྱེས་པ་སྟེ། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་དེ་ལྟ་བུ་ཆོས་རྣམས་ཐམས་ཅད་དེ་ལ་སྣང་བར་བྱེད་ཅེས་པ་ལ་དགོངས་པའོ། །དེ་རྣམས་བཤད་པས་ནི་སྤྲོས་པ་མེད་པའི་དོན་དམ་པའི་རྗེས་སུ་མཐུན་པའི་

ཕྱིར་མ་སྐྱེས་པ་ལ་དོན་དམ་པ་ཞེས་བརྗོད་དོ། །མངོན་པར་རྟོགས་པའི་དུས་སུ་ནི་རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་བ་གཟུང་བར་བྱར་མེད་པ་ཉིད་ཀྱིས་སྐྱེ་བ་མེད་པའི་གཟུང་བར་བྱ་བ་ལ་སྤོབས་པ་སྟེ། འཛིན་པ་མེད་པ་ཉིད་ནི་འཛིན་པའི་སྤོབས་པ་སྟེ། རྣམ་པར་རྟོག་པ་མེད་པས་

སོ། །ཇི་ལྟར་དེའི་ངོ་བོ་ཉིད་མེད་ཀྱང་དེའི་ངོ་བོ་ཉིད་ལ་སྤོབས་པ་ཞེས་པས་ཉེ་བར་བསྡུ་བ་གསུངས་པ་ནི། དེ་ཁོ་ན་བཞིན་ཞེས་པ་སྟེ། ཇི་ལྟར་མཐོང་བ་སྤོང་བ་ལ་སྒྲིབ་པར་མི་ནུས་པའི་ཕྱིར་ཀུན་རྫོབ་ཏུ་ནི་གང་དང་གང་ཞེས་པ་མ་བརྟགས་ན་ཉམས་དགའ་བ་ཉིད་ཀྱིས་སྤོབས་ཞེས་པ་སྟེ། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་པར་འབྱུང་བའོ། །ལམ་གྱི་ངེས་པར་འབྱུང་བའི་གོ་སྐབས་རྣམས་ཀྱི་བྱེད་པ་ནི། དེ་སྐད་ཅེས་སྨྲས་པ་ཞེས་པ་ལ་སོགས་པ་སྟེ། གང་དང་གང་ཞེས་པ་ནི་གང་དང་གང་གི་གནས་ཉིད་ལའོ། །འབྱུང་བ་ཞེས་པ་ནི་མཐོང་བའོ། །མི་གཡོ་བ་ནི་ཐེ་ཚོམ་དང་མི་

เล่ม ๙๐ · หน้า 70b

ཤེས་པ་དག་མེད་པའི་ཕྱིར་རོ། །འགལ་བར་མི་བྱེད་པ་ནི་ཕྱིན་ཅི་ལོག་པར་མི་བྱེད་དེ། ལོག་པའི་ཤེས་པ་མེད་པའི་ཕྱིར་རོ། །འདི་རྣམས་ཀྱི་ཞེས་པ་ནི་ལམ་གྱི་ངེས་པར་འབྱུང་བའོ། །མི་གནས་པ་ནི་མངོན་པར་ཞེན་པ་ལ་ཆོས་ནི་གང་དེ་དེ་ལྟར་བཤད་པ་རྣམས་སོ། །མི་གཡོ་

ཞེས་པ་འདིའི་རྒྱས་པར་བཤད་པ་ནི་གང་ལ་ཡང་གནས་པ་མེད་པ་དང་སྤྲོས་པ་མེད་པའི་ཕྱིར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་ཀྱི་ནང་ན་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་འདའ་ཞེས་པ་ནི་ཉམས་པར་མི་འགྱུར་བ་སྟེ། མི་ཤེས་པ་དང་ཐེ་ཚོམ་དག་མེད་པའི་ཕྱིར་རོ། །འདི་ཞེས་

པ་ནི་བཤད་མ་ཐག་པའོ། །འདི་ནི་ཆོས་ཐམས་ཅད་ཉིད་ལས་གཞན་མ་ཡིན་ནོ། །ཐེག་པ་ཐམས་ཅད་པ་ནི་ཐེག་པ་གསུམ་གྱི་ཐུན་མོང་བའོ། །དེ་ལྟ་ན་ནི་གང་དང་ངོ་། །དེ་ཉིད་དེའི་ཕྱིར་རོ། །ཞུམ་པར་མི་འགྱུར་བ་ནི་སྒྱིད་ལུག་པས་སོ། །ནེམ་ནུར་དུ་མི་འགྱུར་བ་ཉིད་ནི་ཐེ་ཚོམ་

གྱིས་སོ། །ཅི་འདིར་གཞན་ཞེས་པ་ནི་ལམ་གྱི་བར་དུ་གཅོད་པ་འདོད་པས་སོ། །རྨོངས་པར་མི་འགྱུར་བ་ནི་དེ་ཁོ་ན་ཉིད་མ་ཤེས་པའི་ངོ་བོས་བསྒྲུབ་པ་མིན་པའོ། །གཞན་དུ་མི་འགྱུར་བ་ནི་ཁ་ཕྱིར་ཕྱོགས་པར་འགྱུར་བ་འམ། ལོག་པའི་ཤེས་པས་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་མཚན་ཉིད་

ཅན་ནོ། །གནས་པ་ནི་ལམ་གྱི་ངོ་བོས་སོ། །ཡིད་ལ་བྱེད་པ་ཞེས་པ་ནི་རྣམ་པར་རྟོག་པ་མེད་པའི་ཡིད་ཀྱི་ལམ་གྱི་བདག་ཉིད་ཀྱིས་མཉམ་པར་གཞག་པའི་གནས་སྐབས་རྣམས་ལའོ། །ཅི་ལྟར་ཞེས་པ་ལ་སོགས་པ་སྟེ། རྟོག་པ་པོས་ཡིད་ལ་བྱེད་པར་འདོད་པའི་འདྲི་བ་ནི་ཡིད་ལ་མི་བྱེད་པ་

དང་། གནས་པ་དག་ལྷན་ཅིག་མི་གནས་པར་འགལ་བའི་ཕྱིར་རོ། །མི་འགལ་ན་ནི་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་ཐལ་བར་འགྱུར་རོ། །ལེགས་སོ་ལེགས་སོ་ཞེས་པ་ནི་རྒོལ་བ་རྒྱ་ཆེན་པོར་བྱས་པའི་ཕྱིར་རོ། །འོན་ཀྱང་ཞེས་པ་ལ་སོགས་པ་ནི་ལན་ནོ། །

དོན་དུ་གཉེར་བར་བྱ་བས་དོན་ཏེ། དེ་ཉིད་ནི་བདག་གིས་བསྟན་པ་ཉིད་ལ་ཀླན་ཀ་ཚོལ་བའི་བསམ་པས་བསྟན་པའོ། །ཡང་དག་པའི་གནས་མངོན་པར་བརྗོད་པས་ཞེས་པ་ནི་རྣམ་པར་རྟོག་པས་ཡིད་ལ་བྱས་པ་ནི་ཕྱིན་ཅི་ལོག་ལ་ཀུན་ཏུ་གནས་པ་ལས་ཡང་དག་པའི་དེ་ཁོ་ན་ཉིད་ཤེས་རབ་

เล่ม ๙๐ · หน้า 71a

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་མཐའ་དང་བྲལ་བ་སྟེ། དེ་ལ་ནི་ཡིད་ལ་བྱེད་པ་ཉིད་ཡིད་ལ་བྱེད་པར་འདོད་ཀྱི་རྣམ་པར་རྟོག་པས་ནི་མ་ཡིན་ནོ། །དེས་ཡང་དག་པའི་ཚིག་མངོན་པར་བརྗོད་པར་ཐལ་བར་འགྱུར་བ་ལས་

བཟློག་པ་ལས་བསམས་ནས་མི་འདོད་པ་མེད་པས་རྒོལ་ཞིང་། མི་འདོད་པར་བརྗོད་པའི་ཀླན་ཀ་ལ་རིགས་པས་བསྟན་པར་འདོད་ནས་རང་ཉིད་ཀྱིས་སླར་དྲི་བ་ནི་དེ་ཅིའི་ཕྱིར་ཞེས་པ་སྟེ། དེ་གང་དུ་ཡང་དག་པའི་གནས་ཏེ། སེམས་ཅན་རྣམས་ནི་ཕུང་པོ་ལྔའི་བདག་ཉིད་ཅན་དེ་ངོ་བོ་ཉིད་

མེད་པ་ཉིད་ཀྱི་ངོ་བོ་ཉིད་ནི་སྟོང་པ་ཉིད་ལ་ཇི་ལྟར་སེམས་ཅན་རྣམས་ངོ་བོ་ཉིད་མེད་པ་ཉིད་དེ། དེ་ལྟར་དེ་དང་ཐ་དད་པ་མ་ཡིན་པའི་ཡིད་ལ་བྱེད་པ་ཡང་ངོ་། །སེམས་ཅན་མི་བདེན་པའི་ངོ་བོ་ཉིད་ཀྱིས་ན་སེམས་ཅན་ངོ་བོ་ཉིད་མེད་པ་སྟེ། དེ་ཁོ་ནར་སྐྱེ་བ་ལ་སོགས་པས་དབེན་པའོ། །

སེམས་པ་ལས་ཤིན་ཏུ་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །མངོན་པར་བྱང་མ་ཆུབ་པ་ཉིད་ནི་ཡང་དག་པའི་ཤེས་པའི་ཡུལ་མ་ཡིན་པ་ཉིད་དང་། ཡང་དག་པ་ཇི་ལྟ་བ་མ་ཡིན་པ་ཉིད་དང་། ལོག་པའི་དངོས་པོ་ཉིད་དང་སྒྲ་དོན་ཉིད་ཀྱི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་མ་ཆུབ་

པ་ནི་ཡང་དག་པའི་ཤེས་པ་འདིས་ཞེས་པ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་མ་ཆུབ་པ་ཉིད་དེ། ཚིག་དྲུག་པོ་འདི་རྣམས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞི་དང་། མཐོང་བ་དང་བསྒོམ་པའི་གནས་སྐབས་སུ་སྦྱར་བར་བྱའོ། །

འདིས་ཞེས་པ་ནི་ཇི་སྐད་དུ་བཤད་པས་སོ། །དེ་ལྟ་བུའི་ངོ་བོས་ནི་ཡང་དག་པའི་དོན་སོ་སོར་རྟོགས་པ་ཅན་གྱིས་ཏེ། ཕྱིན་ཅི་མ་ལོག་པའི་ཕྱིར་འཇུག་པའི་ཕྱིར་འདོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱིས་གནས་པ་ནི་ཞི་གནས་ཀྱི་ངོ་བོའི་ལམ་གྱིས་ངེས་པར་འབྱུང་བའི་མཚན་

ཉིད་ཀྱིས་ཏེ། འདི་ནི་ལེའུའི་དོན་རྫོགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྤྱོད་པ་སྤྱད་པ་ནི་སེམས་བསྐྱེད་པ་ལ་སོགས་པའི་དོན་བཅུ་ལ་དེ་གསལ་བར་བྱེད་པས་ལེའུ་སྟེ་དེའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་པཎྜི་ཏ་ཆེན་པོ་འཇིགས་མེད་

เล่ม ๙๐ · หน้า 71b

འབྱུང་གནས་སྦས་པས་མཛད་པའི་གནད་ཀྱི་ཟླ་བའི་འོད་ལས་ལེའུ་དང་པོའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་ལ་དེ་ཁྱད་པར་དུ་བསྒྲུབ་པའི་ཕྱིར་རམ། ཐ་དད་དུ་ཕྱེ་བའི་ཕྱིར་ལམ་ཤེས་པ་ཉིད་བརྗོད་པར་བྱ་སྟེ། གང་དུ་བསྟན་བཅོས་ལས། མོག་མོག་པོར་བྱེད་ལ་སོགས་དང་། །

སློབ་མ་བསེ་རུའི་ལམ་གང་དང་། །འདི་དང་གཞན་པའི་ཡོན་ཏན་གྱི། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་དང་། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཡིས། །བྱ་བ་འདི་ནི་

བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་ཏེ། གང་དུ་ལམ་འདིས་མཐོང་བའི་ལམ་ནི་བྱང་ཆུབ་སེམས་དཔའི་སྟེ། ཤིན་ཏུ་དག་པ་ཞེས་པ་ནི་རྗེས་སུ་འཇུག་པ་སྟེ། ཤིན་ཏུ་རྣམ་པར་དག་པ་ཅན་ནི་སངས་རྒྱས་ཀྱི་ཞེས་བཤད་

དོ། །འདིར་འབྲས་བུའི་གནས་སྐབས་ཀྱི་དག་པ་ནི་ཞིང་ལ་འདིར་བཤད་ཀྱི། ལམ་ཤེས་པའི་ནང་དུ་འདུས་པ་མ་ཡིན་པ་ཉིད་དོ། །བསྒོམ་པ་ཉིད་ཀྱི་ལམ་ནི་བསྒོམ་པས་ཇི་ལྟར་ན་ཤིན་ཏུ་རྣམ་པར་དག་པ་བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་ཐོག་མར། ལྷ་རྣམས་རུང་

བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང་། །ཡུལ་ངེས་པ་དང་ཁྱབ་པ་དང་། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་པ་ནི་རྒྱས་པར་བཤད་པ་སྟེ། ལམ་ཤེས་པར་རུང་བ་ཉིད་ནི་སེམས་བསྐྱེད་པ་ལ་ལྷ་དེ་རྣམས་ཀྱི་དོན་དུ་མོག་མོག་པོར་མཛད་པ་ཉིད་ནི་དམན་པ་དང་ངན་པར་

བྱས་པ་སྟེ། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱིས་ཟིལ་གྱིས་མནན་པ་ནི་ལམ་ཤེས་པ་རྣམས་ཀྱི་རྩ་བ་ནི་སེམས་བསྐྱེད་པ་སྟེ། དེ་དང་བྲལ་བ་རྣམས་ཀྱིས་དེ་ལ་མི་རུང་བའི་ཕྱིར་ལ། དེ་ཉིད་ཀྱིས་ན་འདིར་རུང་བ་ཞེས་བརྗོད་དོ། །དེས་ན་འདི་ཉིད་གཙོ་བོ་ལ། ལྷག་མ་ནི་དེའི་འཁོར་རོ། །

དེ་ལ་མོག་མོག་པོར་བྱེད་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དེའི་ཚེ་ནི་དུས་སོ། །འདུས་པ་ནི་ཕྱག་བྱས་པ་ལ་སོགས་པ་སྟེ། འཁོད་པ་ནི་ཉེ་བ་ན་འདུག་པའོ། །རིས་ནི་སྡེའོ། །རྒྱལ་པོ་ཆེན་པོ་ནི། རྣམ་ཐོས་སྲས་ལ་སོགས་པའོ། །སྟོང་

เล่ม ๙๐ · หน้า 72a

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཉིད་ནི་མི་མཇེད་དེའི་བདག་པོའོ། །ལྔ་པོ་ནི་གནས་གཙང་མའི་རིས་རྣམས་ལ་སྟོང་ཕྲག་ལྔ་ཉིད་དོ། །འདིར་གཟུགས་ཅན་གྱི་ལྷའི་རིས་ཇི་ལྟ་བའི་གོང་གི་ཁྱད་པར་ཅན་རྣམས་ཀྱི་འོད་མཐུ་ལ་སོགས་པ་

རྣམས་ཀྱི་སྣང་བས་འོད་ཟིལ་གྱིས་མནན་པ་ནི་སེམས་བསྐྱེད་པའི་དོན་གྱི་ཕྱིར་བཅོམ་ལྡན་འདས་ཀྱིས་མོག་མོག་པོར་བྱས་ནས་ཐམས་ཅད་ཟིལ་གྱིས་མནན་ཞེས་མཁས་པ་ཉིད་ཀྱིས་དེའི་ངོ་བོ་ལ་དགའ་བ་སྐྱེད་པར་འགྱུར་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་ནི་མངོན་པར་འདུས་བྱས་པ་ཅན་མ་

ཡིན་པའོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ནི་ཉེ་བར་བྱེད་པ་པོ་གང་གིས་བྱས་ཤེ་ན། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཏེ། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱིས་སོ། །སངས་རྒྱས་ཀྱི་མཐུས་ཞེས་པ་སྟེ། སངས་རྒྱས་ཀྱི་མཐུས་སོ་སོར་བཅོམ་མོ་ཞེས་པ་ནི་མོག་མོག་པོར་བྱེད་

པ་ཉིད་ཀྱིའོ། །མི་མཇེད་ལ་སོགས་པ་རྣམས་ཀྱི་ཇི་ལྟར་སྐྱེ་བ་དང་གནས་པ་མདོར་བསྡུས་ནས་བརྗོད་དེ། འདིར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་མངོན་པར་ལྡོག་ཅིང་ནམ་མཁའ་རབ་ཏུ་གནས་པ་ལ་འོག་ཏུ་རླུང་གི་དཀྱིལ་འཁོར་དཔག་ཚད་འབུམ་ཕྲག་བཅུ་དྲུག་པ་ཁ་ཁྱེར་

ཡོངས་སུ་བསྐོར་བ་ལ་གྲངས་མེད་པའོ། །དེའི་སྟེང་དུ་གློག་མེའི་སྤྲིན་དང་བཅས་པའི་སྤྲིན་ཆེན་པོ་ལས་ཆར་པའི་ཆུའི་དཀྱིལ་འཁོར་དཔངས་སུ་འབུམ་ཕྲག་བརྒྱད་པའོ། །དེའི་སྟེང་དུ་ཆུ་ཡོངས་སུ་གྱུར་པ་ལས་གསེར་གྱི་དབང་ཆེན་གྱི་དཀྱིལ་འཁོར་དཔངས་སུ་འབུམ་ཕྲག་གསུམ་དང་

སྟོང་ཕྲག་ཉི་ཤུའོ། །འདི་གཉིས་ཀྱི་རྒྱའི་ཚད་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ་དང་། བརྒྱ་ཕྲག་ཕྱེད་དང་ལྔ་ནི་དབུས་ཀྱི་རྒྱའི་ཚད་དོ། །ཁོར་ཡུག་ཏུ་ནི་དབུས་ཀྱི་དྲང་ཐད་ཀྱི་སུམ་འགྱུར་རོ། །དེའི་སྟེང་དུ་རི་རབ་གྲུ་བཞི་པ་བཻ་ཌཱུརྱ་དང་ཤེལ་དང་གསེར་དང་

དངུལ་ཏེ་རིན་པོ་ཆེ་བཞིའི་རང་བཞིན་ལ་ལྷོ་ལ་སོགས་པའི་ལོགས་བཞི་ལ་ལོགས་རེ་རེ་ལ་ཐད་ཀར་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་ལ་དེའི་འཁོར་ཡུག་ཏུ་ནི་ཟླུམ་པོས་ཡོངས་སུ་བསྐོར་བ་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པའི་རོལ་མཚོ་བདུན་དང་། གསེར་གྱི་རི་བདུན་ཏེ། མཚོ་རེ་རེའི་ཕྱི་རོལ་དུ་རིས་བསྐོར་

เล่ม ๙๐ · หน้า 72b

བའི་ནང་གི་རྒྱ་མཚོ་ལ་ནི་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །དེ་ལས་གཞན་པའི་ཚུལ་ནི་བཅུ་དྲུག་པ་ལས་རིམ་གྱིས་ཕྱེད་ཕྱེད་ཀྱིས་དམན་པའོ། །མཐའི་རི་མུ་ཁྱུད་འཛིན་གྱི་ཕྱི་རོལ་ཏུ་བ་ཚ་ཅན་གྱི་ཆུའི་རྒྱ་མཚོའི་ཚད་ནི་འབུམ་ཕྲག་གསུམ་དང་། སྟོང་ཕྲག་ཉི་ཤུ་རྩ་གཉིས་སོ། །དེའི་ཕྱི་

རོལ་དུ་ལྕགས་ཀྱི་ལྕགས་རི་ཁྱུད་མོ་སྟེ་རི་བརྒྱད་པའོ། །རི་རབ་ལ་སོགས་པའི་རི་རྣམས་དང་གླིང་རྣམས་ཀྱི་ཆུའི་ནང་དུ་ནུབ་པ་ནི་དཔག་ཚད་བརྒྱད་ཁྲི་ལ། ཆུའི་སྟེང་དུ་ཡང་རི་རབ་ལ་ནི་ཡང་སྟོང་ཕྲག་བརྒྱད་ཅུ་སྟེ། བརྒྱད་པོ་རྣམས་ཀྱི་དཔངས་སུ་ནི་ཕྱེད་ཕྱེད་ཕྲི་བའི་རྔམས་དཔངས་དང་མཉམ་པའོ། །

མུ་ཁྱུད་འཛིན་གྱི་བ་ཚ་ཅན་ལས་ཕྱི་རོལ་གྱི་རྒྱ་མཚོ་ལ་འདུག་པའི་རང་བཞིན་གྱི་གླིང་བཞི་དང་། གླིང་ཕྲན་མང་པོ་སྟེ། དེ་ལ་ལྷོ་དང་ནུབ་ཀྱི་ཕྱོགས་ལ་སོགས་པ་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་འཛམ་བུའི་གླིང་དང་། བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། ཤར་གྱི་ལུས་འཕགས་པོའོ། །སོག་

ཀ་པ་ནི་འཛམ་བུའི་གླིང་སྟེ་ངོས་གསུམ་ལ། སྟོང་ཕྲག་གཉིས་ཡོད་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞིའོ། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་ཕྱེད་དང་བཞི་བརྒྱའོ། །བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་

དང་བརྒྱད་ཡིན་ནོ། །ཕྱེད་དང་གཉིས་ནི་དབུས་ཀྱིའོ། །སྒྲ་མི་སྙན་བརྒྱད་གྲུ་བཞིའི་དབུས་སུ་སྟོང་གཉིས་སོ། །ཚད་བྱས་པ་འདི་རྣམས་ཀྱི་གང་ཞིག་གི་ཕྱོགས་ལ་ཆེ་ལ་མི་གནས་ཏེ། ཕྱོགས་གང་དུ་ཟླ་བ་འཆར་བ་དང་ཟད་པའི་རིམ་གྱིས་རྒྱ་མཚོ་དབའ་རླབས་རྣམས་ཀྱིས་ནུབ་པར་འགྱུར་བ་དང་།

གཏང་བར་འགྱུར་བ་རྟོགས་པས་ཁང་བུ་བརྩེགས་པའི་མདོ་ལས་ནི། འཛམ་བུའི་གླིང་ནི་དཔག་ཚད་སྟོང་ཕྲག་བདུན་ལ། ཤར་གྱི་ལུས་འཕགས་ལ་ནི་བརྒྱད་དོ། །བ་ལང་སྤྱོད་ལ་དགུ། སྒྲ་མི་སྙན་ལ་བཅུ་ཞེས་གསུངས་པ། རྣལ་འབྱོར་སྤྱོད་པའི་ས་ལས་ནི། ཤིང་རྟའི་དབྱིབས་ཀྱི་

ལྷོ་ཕྱོགས་ཀྱི་ཐ་མར་ནི་དཔག་ཚད་ལྔ་བརྒྱ་ལ། ལུས་འཕགས་པོའི་ནི་ལོགས་གཅིག་ལ་དཔག་ཚད་སྟོང་ཕྲག་གཅིག་ཅེས་བཤད་དོ། །འཛམ་བུའི་གླིང་གི་འོག་ན་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། ཀླུ་དང་། ལྷ་མ་ཡིན་ཏེ། གོང་ནས་

เล่ม ๙๐ · หน้า 73a

གོང་དུ་ཉི་ཚེ་བའི་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། མི་རྣམས་ཇི་ལྟར་རིགས་པས་གླིང་དང་གླིང་ཕྲན་དང་། རི་དང་རྒྱ་མཚོ་ཆེན་པོ་ལ་སོགས་པ་རྣམས་ལ། ཆུའི་གཏིང་གི་རི་རབ་ཀྱི་བར་ཐག་རེ་རེ་ལ་སྟོང་ཕྲག་བཅུ་ཡོད་པའི་བང་རིམ་བཞི་པའི་རྒྱལ་པོ་ཆེན་

པོ་བཞི་སྟེ། རྣམ་ཐོས་སྲས་དང་། ཡུལ་འཁོར་སྐྱོང་དང་། སྤྱན་མི་བཟང་དང་། འཕགས་སྐྱེས་པོ་རྣམས་སོ། །དེའི་ཕྱི་རོལ་དུ་དེ་དང་གཉའ་ཤིང་འཛིན་དང་མཉམ་པའི་ནམ་མཁའི་ཁང་བཟངས་ལ་སྤྱོད་པའི་ཉི་མ་དང་ཟླ་བ་ལ་སོགས་པའོ། །བང་རིམ་རྣམས་དང་རི་རྣམས་ལ་རྒྱལ་ཆེན་

བཞིའི་རིས་རྣམས་སོ། །རི་རབ་ཀྱི་རྩེ་མོ་ནི་སུམ་ཅུ་རྩ་གསུམ་པ་རྣམས་སོ། །ཟུར་གྱི་ལྕོག་ལ་གནས་པ་ནི་ལག་ན་རྡོ་རྗེ་ལ་སོགས་པ་གནོད་སྦྱིན་རྣམས་སོ། །དེའི་སྟེང་དུ་ནམ་མཁའི་ཁང་བཟངས་ན་གནས་པའི་ལྷ་སྟེ། ཇི་སྲིད་དུ་འོག་མིན་གྱི་བར་དེ་གོ་རིམས་ཇི་ལྟ་བ་བཞིན་དུ། མཚེ་མ་དང་།

དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ལ་སོགས་པ་དང་། དེ་ལ་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། མི་དང་། ལྷ་དྲུག་ནི་འདོད་པའི་ཁམས་དང་། དེའི་གོང་དུ་བསམ་གཏན་གསུམ་པ་རེ་རེ་ལས་གསུམ་གསུམ་མོ། །འདུ་ཤེས་མེད་པའི་སེམས་ཅན་ནི་འབྲས་

བུ་ཆེ་བ་རྣམས་ཀྱི་ཕྱོགས་གཅིག་ན་གནས་པའོ། །དེ་ལ་ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་

བུ་ཆེ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་བ་དང་། འོག་མིན་ནོ། །འདི་ལ་བཅུ་གཉིས་ནི་སོ་སོའི་སྐྱེ་བོའི་སའོ། །མི་ཆེ་བ་ལ་སོགས་པ་ལྔ་ནི་གནས་གཙང་མའི་སྟེ། འདི་རྣམས་ལ་ནི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། འབྲས་བུ་ལ་

གནས་པ་རྣམས་སྐྱེ་བར་འགྱུར་རོ། །འོག་མིན་གྱི་སྟེང་དུ་དེ་དང་རབ་ཏུ་འབྲེལ་བ་ཉིད་དུ་གནས་པ་ནི་གང་དུ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོའི་ས་བཅུ་པའི་དབང་ཕྱུག་རྣམས་གནས་ཞེས་པ་ནི་གཟུགས་ཀྱི་ཁམས་ཏེ། འདིར་བུད་མེད་ནི་མེད་དོ། །ལྷའི་གནས་ཉི་ཤུ་རྩ་གསུམ་པོ་འདི་

เล่ม ๙๐ · หน้า 73b

རྣམས་ཀྱི་གནས་དང་། གནས་འོག་ཇི་སྲིད་པར། དེ་ནས་དེའི་གོང་དེ་སྲིད་ལ། དཔག་ཚད་ཀྱི་ཚད་ནི་ཐམས་ཅད་དུ་འཛམ་བུའི་གླིང་པ་རྣམས་ཀྱིའོ། །གཟུགས་དང་བྲལ་བ་ཉིད་དམ་ཅུང་ཟད་ཙམ་ཉིད་ཀྱིས་ནི་གཟུགས་མེད་པ་ཉིད་ཀྱི་གཟུགས་མེད་པའི་ཁམས་ནི་དམིགས་པ་ཐ་དད་པ་སྟེ།

ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་པ་རྣམ་པ་བཞི་སྟེ། གནས་ནི་མེད་དེ་ནམ་མཁའ་ཉིད་ལ་གནས་པའི་ཕྱིར་རོ། །ཇི་ལྟར་སྣང་བ་མེད་པའི་འགྲོ་བ་པོའི་སེམས་

ཅན་རྣམས་གང་ཡང་ཐམས་ཅད་དུ་ནམ་མཁའ་བཞིན་དུ་གནས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མི་མཐོང་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་གཟིགས་པར་འགྱུར་བའོ། །དེ་ལ་ཡང་ཤིང་རྟའི་འཕང་ལོའི་ཚད་ཙམ་གྱིས་ནམ་མཁའ་ཆ་མཐོ་དམའ་ཇི་སྲིད་པ་དེ་སྲིད་ལ་སྟོང་

གསུམ་གྱི་འཇིག་རྟེན་གྱི་ཁམས་ལྷ་དང་མི་ཙམ་མོ་ཞེས་པ་ནི་ཁམས་གསུམ་པའོ། །ཁམས་གསུམ་པ་དེ་ལས་གཞན་དུ་ཡང་སྟེ། ཁམས་གསུམ་པ་རྣམས་ལ་མཐའ་མེད་དེ་ཕྱོགས་བཅུའི་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་འཇིག་རྟེན་གྱི་ཁམས་ཏེ། འོག་མིན་གྱི་གོང་དུ་ཡང་འདོད་པའི་ཁམས། འདོད་

པའི་ཁམས་ཀྱི་འོག་ཏུ་ཡང་འོག་མིན་ནོ། །དེ་ལ་འདོད་པའི་ཁམས་དང་བསམ་གཏན་དང་པོ་རྣམས། བསམ་གཏན་དང་པོ་པ་རྣམས་སྟོང་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སོ། །དེ་སྟོང་འགྱུར་གཉིས་ལ་ནི་སྟོང་གཉིས་སོ། །དེ་སྟོང་འགྱུར་གསུམ་ལ་ནི་སྟོང་གསུམ་སྟེ་མི་མཇེད་ཀྱི་འཇིག་རྟེན་

གྱི་ཁམས་ཞེས་གྲགས་སོ། །གླིང་བཞི་པ་བྱེ་བ་ཕྲག་བརྒྱ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་དུས་གཅིག་ཏུ་འབྱུང་བ་དང་འཇིག་པའོ། །དམྱལ་བའི་འགྲོ་བ་ནས་བཟུང་སྟེ། སེམས་ཅན་རྣམས་འཇིག་ལ། ཆུའི་དཀྱིལ་འཁོར་ནས་བརྩམས་ཏེ་སྣོད་འཇིག་པའོ། །དེ་ལ་འདིར་གང་ཞིག་སེམས་

ཅན་རྣམས་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེས་ནས་རིམ་གྱིས་རྒྱུན་ཆད་པའི་སྣོད་སྟོང་པ་ལ་ཉི་མ་བདུན་གྱི་མེས་ཇི་སྲིད་བསམ་གཏན་དང་པོའི་བར་དུ་འཇིག་པར་འགྱུར་རོ། །ཆུས་ཇི་སྲིད་དུ་གཉིས་པའོ། །རླུང་གིས་ནི་ཇི་སྲིད་དུ་བསམ་གཏན་གསུམ་པའི་བར་རོ། །དེ་བཞིན་དུ་འཇིག་པ་གསུམ་པོ་

เล่ม ๙๐ · หน้า 74a

རྣམས་ལ་རེ་རེས་འཇིག་པ་ལ་བར་གྱི་བསྐལ་པ་ཉི་ཤུ་འཇིག་པར་འགྱུར་རོ། །དེ་ནས་ཉི་ཤུ་ལ་ནམ་མཁའ་སྟོང་པ་ཉིད་དུ་གནས་སོ། །དེ་ནས་ཉི་ཤུ་ལ་ཆགས་པར་འགྱུར་རོ། །ཆགས་པ་དང་གནས་པར་འགྱུར་བའི་ཉི་ཤུ་ཞེས་པའི་བར་གྱི་བསྐལ་པ་བརྒྱད་ཅུ་ལ་ནི་བསྐལ་

པ་ཆེན་པོའོ། །དེ་ལ་བསྐལ་པ་དང་པོར་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས་རིམ་གྱིས་ཐུང་ངུ་ནས་ལོ་བཅུའི་ཚེའི་བར་ཇི་སྲིད་དེ་ནི་བར་གྱི་བསྐལ་པའོ། །དེ་ལ་ཚེ་འཕེལ་ནས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་རྣམས་ནས་ཡང་ཐུང་ནས་ཚེ་ལོ་བཅུའི་བར་ཇི་སྲིད་པ་དེ་ནི་གཉིས་པའོ། །དེ་བཞིན་དུ་འཕེལ་བ་དང་

འགྲིབ་པ་གཞན་བཅུ་བདུན་ལ་ཇི་སྲིད་དུ་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་དེ་རབ་ཀྱི་མཐར་ཐུག་པ་ཉི་ཤུ་གཅིག་ཅེས་པ་དང་ཉི་ཤུའི་བརྒྱད་ཅུ་པོ་རྣམས་ཀྱི་ཚད་ནི་མཉམ་པ་སྟེ། དེ་ལྟར་བརྒྱད་ཅུ་བསྐལ་པ་བཟང་པོའོ། །དེ་ལྟར་གཞན་ཡང་བསྐལ་པ་ཆེན་པོ་ཕལ་ཆེ་བ་དཔེ་སྐར་མ་ལྟ་བུའི་བསྐལ་པའི་འགྲིབ་པ་ཡང་

འདི་ཉིད་ཀྱི་དུས་ཀྱི་ཇི་སྐད་དུ་བཤད་པའི་བར་གྱི་བསྐལ་པའི་ཚད་ཀྱི་དུས་ཀྱིས་ཡོངས་སུ་བཅད་པའི་བསྐལ་པ་སྟོང་ཕྲག་ཉི་ཤུའོ། །དེ་བཏང་ནས་བཟང་པོ་ལ་སོགས་པའི་བསྐལ་པ་ཆེན་པོ་དེ་གྲངས་ཀྱི་གནས་གཞན་དྲུག་ཅུར་གྱུར་པ་རྗེས་སུ་ཐོབ་པ་གྲངས་མེད་ཅེས་བརྗོད་དོ། །དེ་ལས་བཟློག་ནས་

གྲངས་གཞན་ཡང་ཞེས་པ་སྟེ་གྲངས་མེད་གསུམ་མོ། །དེ་ལྟར་བསྐལ་པ་གྲངས་མེད་པ་གསུམ་ལ་སྦྱིན་པ་ལ་སོགས་པའི་བྱ་བ་ལས་བྱུང་བའི་གང་ཞིག་ཐབས་གོམས་པས་བསྒྲུབ་པར་བྱ་བ་ནི་སངས་རྒྱས་ཉིད་དེ། དེ་ལྟར་ཡང་གྲངས་མེད་དང་པོས་ནི་ས་དང་པོ་ཐོབ་པར་འགྱུར་ལ་གཉིས་པས་ནི་དྲི་མ་

མེད་པ་ལ་སོགས་པའོ། །གསུམ་པས་ནི་མི་གཡོ་བ་ལ་སོགས་པའོ་ཞེས་མདོ་སྡེ་ལས་བཤད་ལ། འདིར་བཅོམ་ལྡན་འདས་ཀྱིས་བསྐལ་པ་བྱེ་བ་མཐའ་ཡས་པའི་དགེ་བས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་ཞེས་གསུངས་སོ། །དེ་ལྟ་བུ་ལ་བརྩོན་འགྲུས་ཆེན་པོས་སློབ་པར་བྱེད་པ་ན་

བསྐལ་པ་མང་པོ་རྣམ་པར་ལྡོག་པར་འགྱུར་ཏེ། ཇི་ལྟར་བདག་ཅག་གི་སྟོན་པ་བྱང་ཆུབ་སེམས་དཔར་གྱུར་པས་སངས་རྒྱས་ཉེ་རྒྱལ་ལ་བརྟེན་པས་བསྐལ་པ་དགུ་བཅུ་རྣམ་པར་ལོག་ཅིང་དེ་བཞིན་དུ་ཤིན་ཏུ་སྦྱོར་བ་དང་། ཐབས་ཆེན་པོའི་ཁྱད་པར་གྱིས་བསྐལ་པ་བྱེ་བ་མང་པོ་རྣམས་ལ་ཇི་

เล่ม ๙๐ · หน้า 74b

སྲིད་དུ་བསྐལ་པ་གྲངས་མེད་པ་གཉིས་རྣམ་པར་ལོག་པར་གྱུར་པ་དང་། ཇི་སྲིད་དུས་གཅིག་ན་ཡང་སྐྱེ་བ་ཉུང་ངུ་རྣམས་ཀྱིས་དང་། ཇི་སྲིད་དུ་བླ་ན་མེད་པའི་ཚུལ་ལས་སྐྱེ་བ་འདི་ལ་མངོན་པར་བྱང་ཆུབ་ཅེས་གསུངས་པ་ན། དེ་བས་འདོད་པ་གཞན་མི་འཐད་དོ། །འཛམ་བུའི་གླིང་པ་རྣམས་

ཚེ་ལོ་སྟོང་ཕྲག་བརྒྱད་ཅུར་སོང་ནས་མར་འགྲིབ་པའི་ལོ་བརྒྱའི་བར་ལ་རྫོགས་སངས་རྒྱས་བྱུང་བར་གྱུར་ཏོ། །དུས་གཅིག་ཏུ་གླིང་བཞི་པར་ནི་དེ་བཞིན་གཤེགས་པ་གཅིག་ཁོ་ན་འབྱུང་བར་འགྱུར་བ་ནི་གདུལ་བྱའི་སྐྱེ་བོ་རྣམས་གུས་པ་བསྐྱེད་པའི་ཕྱིར་རོ། །སངས་རྒྱས་མང་པོས་གདུལ་བར་བྱ་བའི་སེམས་

ཅན་སྲིད་པ་ལ་ནི་དུས་གཅིག་ཏུ་དེ་བཞིན་གཤེགས་པ་དུ་མ་སྐྱེ་བར་འགྱུར་བ་ཉིད་དེ། ཚོགས་གཉིས་ལ་གོམས་པའི་རྒྱུའི་མཐུས་དུས་གཅིག་ལ་མཐའ་ཡས་པའི་སྟོང་གསུམ་འཇིག་རྟེན་པ་རྣམས་ན་དེ་བཞིན་གཤེགས་པ་མཐའ་ཡས་པ་སྐྱེ་བར་འགྱུར་ལ། སྐྱེས་ནས་ཀྱང་མྱ་ངན་ལས་འདའ་བ་ཆོས་དང་

ལོངས་སྤྱོད་རྫོགས་པ་དག་ནི་མེད་ལ། སྤྲུལ་པའི་སྐུ་གཟུགས་དང་དབྱིབས་ཀྱི་ཁྱད་པར་ལ་ནི་ཡོད་པ་ཉིད་དེ། ཇི་ལྟར་བསོད་ནམས་ཆུང་བ་རྣམས་ལ་མི་འབྱུང་ལ། དེ་ཡང་བསོད་ནམས་བསགས་པ་རྣམས་ཀྱིས་ནི་མཐོང་བར་འགྱུར་གྱི། བདག་ཅག་ལེགས་སྤྱད་མ་བྱས་པ་རྣམས་ཀྱིས་ནི་མི་མཐོང་སྟེ་ལོང་བ་

རྣམས་བཞིན་ནོ། །བདག་ཅག་གི་སྟོན་པ་ནི་འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། སྤྲུལ་པའི་སྐུ་རྣམས་ཀྱིས་ནི་མི་མཇེད་ཀྱི་ནང་དུ་ཆུད་པའི་གླིང་བཞི་བྱེ་བ་ཕྲག་བརྒྱ་རྣམས་ལ་རིམ་དང་ཅིག་ཆར་གྱིས་དགའ་ལྡན་དུ་སྐྱེ་བ་དང་ཤི་ནས་འཛམ་བུའི་གླིང་རྣམས་སུ་སྐྱེ་བ་ལ་སོགས་པ་ནས་ཇི་སྲིད་དུ་དགོངས་

པ་ཅན་གྱིས་མྱ་ངན་ལས་འདའ་བའི་བར་བསྟན་པ་མཛད་དོ། །རྣམ་པ་ཐམས་ཅད་དུ་བཅོམ་ལྡན་འདས་མར་མེ་བཞིན་དུ་མྱ་ངན་ལས་འདས་པ་ན་གང་འདིར་སངས་རྒྱས་ལ་སྐྱབས་སུ་སྐྱེ་བོ་ཇི་ལྟར་འགྲོ་ཞེས་པ་ལ་སོགས་པའི་སུན་འབྱིན་པ་སྲིད་པས། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་མྱ་ངན་ལས་འདས་པ་

ཞེས་པ་ནི་མི་རིགས་པ་ཉིད་དེ། དེ་ཇི་ལྟར་རྒྱ་ཆེ་བར་འགྱུར་བས་ཉེས་པ་འཇུག་པར་བྱེད། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལམ་ཤེས་པ་ལའོ། །ཉེ་བར་བསྟན་པ་ནི་གདམས་ངག་གོ། །དེའི་དོན་དེ་ཉིད་ལའོ། །གནས་པར་བྱ་བ་ནི་ཐོས་པ་ལས་བྱུང་བའི་

เล่ม ๙๐ · หน้า 75a

ཤེས་རབ་ཀྱིས་སོ། །བསླབ་པར་བྱ་བ་ནི་བསམས་པ་ལས་བྱུང་བས་སོ། །རྣལ་འབྱོར་དུ་བྱ་བ་ནི་བསྒོམས་པ་ལས་བྱུང་བས་སོ། །བྱིན་གྱིས་བརླབས་པ་ལ་སོགས་པ་ནི་མཐུའི་རྣམ་གྲངས་ཏེ། དེ་ལ་མཐུ་ཤེས་པ་ནི་བསྟན་པའོ། །ཅིག་ཤོས་དག་གིས་བཤད་པའོ། །གཟི་

བརྗིད་ཀྱིས་ནི་སྤོབས་པར་ནུས་པ་བསྐྱེད་པའི་མཐུས་སོ། །བྱིན་གྱིས་བརླབས་པ་ནི་རབ་ཏུ་རྟོགས་པས་སོ། །དེ་བཞིན་དུ་སྦྱོར་བར་ནུས་པ་རྣམས་ཀྱི་གནས་སྐབས་སུ་བྱས་ནས་དེ་གསུངས་པ་ནི་གང་ཞེས་པ་ལ་སོགས་པ་སྟེ། དེས་བསྐྱེད་པར་བྱ་ཞེས་པས་ནི་སྦྱོར་བར་ནུས་པས་སོ། །དེ་དག་གིས་ཞེས་པ་ལ་

སོགས་པ་ནི་ལམ་དམན་པས་ཐོབ་པར་བྱ་བའི་མྱ་ངན་ལས་འདས་པ་ཡང་དག་པ་ཉིད་དུ་ངེས་པ་དེ་ངེས་ཐོབ་པས་སོ། །མཚམས་བཅད་པ་ནི་མཚམས་བཅད་པ་སྟེ། རྒྱུན་ཏུ་ཞུགས་པ་ལ་སོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གང་ཡང་ནས་ཡང་དུ་དེ་ལ་བོར་བའི་སྐལ་

བ་མེད་དེ། ཇི་སྲིད་དུ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་མ་བརླབས་ཀྱི་བར་དུ་ཞེས་པ་ནི་སྦྱོར་བར་ནུས་པའི་ཡུལ་སོ་སོར་ངེས་པའོ། །འོན་ཀྱང་ཞེས་པ་ལ་སོགས་པ་ནི་ཁྱབ་པ་སྟེ། ཉན་ཐོས་རྣམས་ཀྱིས་ནི་བག་ལ་ཉལ་ཆད་ནས་སྐྱེ་བ་མེད་པ་སྐྱེ་བ་ཕན་ཚུན་གྱིས་བསྒྲུབ་པར་བྱ་བའི་སངས་རྒྱས་

ཉིད་དུ་བྱེད་ཅེས་པ་ནི་མི་འཐད་ཅེ་ན། ཉོན་མོངས་པ་སྤངས་པས་སོ་སོའི་སྐྱེ་བོ་དང་ཐུན་མོང་གི་འཁོར་བ་རྒྱུན་ཆད་ཀྱང་མ་རིག་པའི་ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པ་དེའི་རྐྱེན་དང་ཟག་པ་མེད་པའི་དགེ་བའི་རྩ་བའི་རྒྱུ་དེ་བསོད་ནམས་ཀྱི་ཚོགས་ཆོལ་བས་ཆོག་ཤེས་པ་མེད་པ་ཉིད་དང་། སེམས་

ཅན་ཡོངས་སུ་སྨིན་པས་དུབ་པ་མེད་པ་ལ་སོགས་པ་སྟེ། དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བཞིན་གྱི་མ་རིག་པའི་བག་ཆགས་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་བཞིན་དུ་ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་ལ། སྐྱེ་བའི་ཉོན་མོངས་པ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་

དང་དབང་དུ་གྱུར་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་དྲུག་ཏུ་མ་འདུས་པ་དེ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་འཇུག་ལ། དེའི་རྐྱེན་གྱིས་ཡང་སྐྱེ་བོའི་རྐྱེན་བཞིན་དུ་རྒས་པ་དང་ཤི་བ་ལ་ནི་བསམ་གྱིས་མི་ཁྱབ་པའི་ཡོངས་སུ་བསྒྱུར་བ་ཅན་གྱི་འཆི་འཕོ་བ་ཞེས་དཔལ་ཕྲེང་སེང་གེའི་ང་

เล่ม ๙๐ · หน้า 75b

རོའི་མདོ་ལས་གསུངས་ཏེ། དེ་ཉིད་ཀྱིས་ན་ཐེག་པ་གསུམ་དུ་གསུངས་པ་ནི་དགོངས་པ་ཅན་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐེག་པ་ཆེན་པོའི་བདག་ཉིད་འདིས་འགྲོ་ཞེས་པ་དང་། དེར་འགྲོ་ཞེས་པའི་ལམ་དང་། འབྲས་བུའི་ངོ་བོའི་ཐེག་པ་ནི་གཅིག་ཉིད་ལ་ཐེག་པ་གསུམ་

དུ་རྣམ་པར་གཞག་པ་ནི་བྱིས་པ་རྣམས་ཐེག་པ་ཆེན་པོ་ལ་ཞུགས་པའི་དྲང་བའི་དོན་དུ་སྟེ། དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། བདག་གིས་ཐེག་གཅིག་བཤད་པ་ལས། །ཐེག་པའི་རྣམ་གཞག་ཡོད་མིན་ཏེ། །བྱིས་རྣམས་ཡོངས་སུ་དྲང་དོན་དུ། །ཐེག་པ་ཐ་དད་བདག་གིས་

བཤད། །ཅེས་པ་དང་། འཕགས་པས་ཀྱང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་པས། །ཐེག་པ་ཐ་དད་ཡོད་མ་ཡིན། །ཐེག་པ་གསུམ་ནི་ཀུན་བཤད་པ། །ཁྱོད་ཀྱིས་སེམས་ཅན་གཞུག་པ་ཉིད། །ཅེས་སོ། །ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཅིག་པ་ཉིད་དེ། དེ་ཉིད་གྲུབ་

པའི་མཐའི་དབྱེ་བས་ཐ་དད་པ་ཉིད་ན་ནི་མཐར་ཐུག་པ་མེད་པར་ཐལ་བར་འགྱུར་ལ། ཕྱོགས་གཅིག་པའི་ཡེ་ཤེས་རྣམས་ཀྱིས་ནི་དེ་ཁོ་ན་ཉིད་རྟོགས་པ་མེད་དེ། རྟོགས་ན་ནི་ཆེས་ཐལ་བར་འགྱུར་རོ། །དེའི་ཕྱིར་ནི་གང་ཟག་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་དེ་

ཉིད་ཀྱིས་མྱ་ངན་ལས་འདས་པ་ཐོབ་པ་ལས་ཡང་དག་པའི་ཆོས་ལས་གཞན་གྱིས་ནི་མིན་ཞེས་པས་ན་ཐེག་པ་ནི་གཅིག་ཉིད་དོ། །དེའི་ཕྱིར་ན་ལམ་གཞན་ལ་ཡང་དག་པའི་ཐར་པ་མེད་ཅེས་པ་བསྒྲུབ་པ་ནི། བདེན་པ་གཉིས་ལ་འཇུག་པའི་མདོ་ལས། དེ་ལ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་

བསྒོམས་པས་གང་གིས་ཉོན་མོངས་པ་སྤོང་གི །ལམ་གཞན་གྱིས་མིན་ཏེ། ཉོན་མོངས་པ་རྣམས་ནི་དངོས་པོ་ལ་མངོན་པར་ཞེན་པའི་རྩ་བ་ཅན་ཡིན་པའི་ཕྱིར་ཞེས་གསུངས་སོ། །གང་དུ་ཡང་གསུངས་པ་འཇམ་དཔལ་ཇི་ལྟར་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པར་འགྱུར་བས་ཉོན་མོངས་པ་རྣམས་

འདུལ་བར་འགྲོ་བར་འགྱུར་སྨྲས་པ། དོན་དམ་པར་མ་སྐྱེས་པའི་ཆོས་རྣམས་ཀྱི་ཡོད་པ་མ་ཡིན་པའི་ཡུལ་རྣམས་ལ་ཡོད་པར་སྒྲོ་བཏགས་པས་ཕྱིན་ཅི་ལོག་གི་བདག་ཉིད་ཀྱི་ལྟ་བ་ཀུན་ཏུ་ལྡང་ལ། དེ་ལས་ཉོན་མོངས་པ་རྣམས་རབ་ཏུ་འཇུག་གོ། །གང་ཡང་ལྷའི་བུ་དོན་དམ་པར་ཆོས་རྣམས་

เล่ม ๙๐ · หน้า 76a

མ་སྐྱེས་པ་རབ་ཏུ་ཤེས་ཤིང་ཤེས་རབ་ཀྱི་སྦྱོར་བ་མི་བྱེད་པ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པར་རྟོག་པ་མེད་པ་སྟེ། ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པར་མི་བྱེད་ཅིང་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་དོ། །སྐྱེ་བ་མེད་པ་དེ་ཉིད་ལ་གནས་པས་ཉོན་མོངས་པ་ཤིན་ཏུ་འདུལ་བ་

ཉིད་དུ་བལྟ་བར་བྱ་སྟེ། མཐོང་བ་མེད་པའི་སྦྱོར་བས་སོ། །གང་དུ་དོན་དམ་པར་སྐྱེ་བ་མེད་པའི་ངོ་བོར་རབ་ཏུ་ཤེས་ནས་ཀྱང་རབ་ཏུ་ཤེས་པ་ལ་སྦྱོར་བ་མེད་པས་ནི་དེ་ལྟར་ཉོན་མོངས་པ་རྣམས་རབ་ཏུ་ཤེས་པ་མེད་པའི་སྦྱོར་བས་ཡོངས་སུ་ཤེས་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་མཆེ་བ་དུག་

ཅན་གྱི་རིགས་བརྗོད་པས་དུག་ཞི་བར་འགྱུར་རོ། །དེ་བཞིན་དུ་གང་ཉོན་མོངས་པའི་རིགས་ཤེས་པ་ནི་དེའི་ཉོན་མོངས་པ་རྣམས་ཤིན་ཏུ་མི་དམིགས་པའི་རྣལ་འབྱོར་གྱིས་རབ་ཏུ་ཞི་བར་འགྱུར་རོ། །གང་དུ་ཡང་ལྷའི་བུ་དོན་དམ་པར་ཤིན་ཏུ་སྐྱེ་བ་མེད་པའི་དངོས་པོ་རྣམས་ཀྱིས་ཆོས་རྣམས་ཐམས་

ཅད་ལ་ཀུན་ཏུ་བརྟགས་པ་འདི་ནི་ཉོན་མོངས་པ་རྣམས་ཀྱི་རིགས་ཞེས་གསུངས་སོ། །མདོ་ཏིང་ངེ་འཛིན་གྱི་རྒྱལ་པོར་ཡང་། འགྲོ་བ་འདི་རྣམས་ཐམས་ཅད་སངས་རྒྱས་འགྱུར། །ཞེས་ཏེ། འདིར་ཡང་དྲི་མ་རྣམས་ནི་གློ་བུར་བའི་ཕྱིར་ན་སེམས་རང་བཞིན་གྱིས་འོད་གསལ་བས་མ་ལུས་པའི་

འགྲོ་བ་རྣམས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་སྦྱོར་བར་རུང་བར་ཡོད་པ་ཉིད་དོ་ཞེས་པ་ལ་དགོངས་པའོ། །འདིར་ཐེག་པ་གསུམ་བསྟན་པ་ནི་ངེས་པའི་དོན་ལ་ཐེག་པ་གཅིག་བསྟན་པ་ནི་དགོངས་པ་ཅན་

ཉིད་ཅེས་པ་དང་། རིགས་མེད་པའི་སེམས་ཅན་ཡང་ཡོད་ཅེས་པའི་བརྟགས་པ་ནི་ཤིན་ཏུ་མ་བརྟགས་པའི་སྟེ། སྤང་བར་བྱའོ། །སེམས་ཅན་རྫོགས་སངས་རྒྱས་ལ་སྦྱོར་མི་རུང་བ་ནི་གཅིག་ཀྱང་མེད་ཅེས་པས་གནས་པ་སྟེ། དེ་ལྟར་ཡང་དབང་པོ་ཐ་མས་བདེན་པ་བསྒོམས་པས་ནི་བདག་

མེད་པར་མཉམ་པོས་འདོད་ཆགས་དང་བྲལ་བར་འགྲོ་བར་འགྱུར་རོ། །འབྲིང་གིས་ནི་ཅུང་ཞིག་གཞན་གྱི་དོན་འདོད་པས་འདོད་ཆགས་དང་བྲལ་བ་རྟོགས་ཀྱང་འདོད་པའི་ཁམས་རྣམས་སུ་དམ་པའི་ཆོས་ནུབ་པ་ན་ཀུན་ཏུ་འཇུག་ཅིང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་

เล่ม ๙๐ · หน้า 76b

སྤངས་ནས་རང་སངས་རྒྱས་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་རྣམས་དང་ལུས་ཀྱིས་ཆོས་རྣམས་སྟོན་པར་བྱེད་དོ། །དབང་པོ་རབ་ཀྱིས་ནི་བརྩེ་བའི་རང་བཞིན་ཉིད་ཀྱིས་སེམས་ཅན་ཐམས་ཅད་འདྲེན་པའི་བསམ་པ་ཅན་ཏེ། གསུམ་ཆར་ཡང་ཁམས་གསུམ་པའི་ཉོན་མོངས་པའི་སྒྲིབ་

པ་ཙམ་ལས་གྲོལ་བའི་མྱ་ངན་ལས་འདས་པ་མེད་ཀྱང་མར་མེ་ཟད་པ་བཞིན་དུ་མྱ་ངན་ལས་འདས་པའི་འདུ་ཤེས་ཅན་གྱི་ཟག་པ་མེད་པའི་ཁམས་ན་པདྨའི་སྙིང་པོ་ལ་བསྐུལ་བའམ་ཇི་སྲིད་དུ་གནས་པ་ལ། དེའི་དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱིས་རབ་ཏུ་སད་པར་བྱས་ནས་སེམས་

བསྐྱེད་པར་བྱས་ནས་སྐྱེ་བ་ལ་དབང་བ་དང་། སྟོབས་ནི་མི་གཡོ་བ་ལ་སོགས་པའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་བཞིན་གྱི་སྐྱེ་བ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པས་བསྐལ་པ་གྲངས་མེད་པ་བཞིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྟོགས་

པར་འགྱུར་ཞེས་པ་ནི་ཁྱབ་པའོ། །སྨྲས་པ་ཞེས་པ་ལ་སོགས་པ་ནི་རང་བཞིན་ཏེ། དགེ་བའི་ཕྱོགས་ནི་དགེ་བའི་ཚོགས་ཏེ། དགེ་བའི་ཆོས་ཐམས་ཅད་སེམས་བསྐྱེད་པ་འདིས་བསྡུས་པའི་ཕྱིར་རོ་ཞེས་པས་དགེ་བའི་ཕྱོགས་ཉིད་དེ་སྦྱོར་བར་རུང་བ་ཉིད་ཀྱི་རང་བཞིན་ལའོ། །ཁྱད་པར་དུ་

འཕགས་པའི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ཏུ་བསྡུས་པ་དེ་རྣམས་ཀྱིས་ཏེ། རྒྱུ་ལྔ་པའོ། །ཆོས་ཁྱད་པར་དུ་འཕགས་པ་ནི་ཐེག་པ་ཆེན་པོས་ཀུན་ཏུ་བསྡུས་པ་ཉིད་དོ། །འབྲས་བུ་གྱུར་པ་ལ་ལྷག་པར་དམིགས་པར་བྱ་ཞེས་ཏེ། ཐོབ་པར་བྱ་བའོ། །དེའི་ཕྱིར་ན་བར་ཆད་མི་བྱ་ཞེས་

པ་ནི། སྒྲའི་དོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེའི་ལས་སོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྒྱུད་ལམ་ཤེས་པ་ཉིད་ལ་སྤྲོ་བ་བསྐྱེད་པ་ལ་འདིར་གསུངས་པ་ནི། དེ་ན་ཞེས་པ་ལ་སོགས་པ་སྟེ། ཁྱོད་ལེགས་སོ་ཞེས་བྱ་བ་ནི་གཞན་

གྱི་དོན་བྱེད་པའི་ཕྱིར་རོ། །ཇི་ལྟར་སྔོན་གྱི་རྒྱལ་བའི་སྲས་ལ། བཅོམ་ལྡན་འདས་དང་། དེའི་ཉན་ཐོས་རྣམས་ཀྱིས་མང་དུ་བྱས་པ་དེ་ལྟར་བདག་ཅག་གིས་བཅོམ་ལྡན་འདས་དང་དེའི་ཉན་ཐོས་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་མང་དུ་བྱའོ་ཞེས་པ་ནི་བཀའ་དྲིན་གཟོ་བའི་

เล่ม ๙๐ · หน้า 77a

དོན་ཏོ། །སྔོན་གྱི་ཉིད་ནི་སྔོན་གྱི་རྣམས་སོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ལ་དེ་ལ་ཕན་པར་སྤྱོད་པ་ནི་ཚངས་པར་སྤྱོད་པའོ། །གང་དག་ཅེས་པ་ནི་རྣམ་པར་ཕྱེ་བའི་ནང་དུ་ཕྱིན་ཅི་ལོག་པ་ཅན་དུ་མ་ལྟུང་བའི་ཇི་ལྟ་བའི་དོན་ནོ། །མ་རྟོགས་ཞེས་པའི་གཞུང་

ཡང་ཁ་ཅིག་གིས་གདམས་ཞེས་པ་ནི་བསྟན་པའི་སྒྲ་ཞེས་པ་དང་། སྐད་ཀྱི་དབྱིངས་དོན་དུ་མ་ལ་འཇུག་པའི་ཕྱིར་རྗེས་སུ་གཟུང་བར་བྱ་བ་ནི་གདམས་པར་བྱ་བས་རྗེས་སུ་བསྐོར་བར་བྱ་བ་ནི་རྗེས་སུ་བསྟན་པར་བྱ་ཞེས་པའི་ཕྱི་མའི་ཚིག་གཉིས་པ་ཡང་དག་པའི་སྒྲ་ནི་དོན་ཡང་དག་པའོ། །བདག་

ཅག་ཉན་ཐོས་རྣམས་ཀྱིས་ཀྱང་ནི་རང་དང་རིས་མཐུན་པ་རྣམས་ལ་ཡང་བདག་ཉིད་ཀྱི་ཐ་སྙད་བྱེད་པའི་ཕྱིར་རོ། །ལེགས་པ་ནི་གཡོ་བ་མེད་པས་ཉན་པ་ལའོ། །རབ་ཏུ་ནི་གཡེང་བའི་ཡིད་ཀྱིས་སོ། །ཕྱིན་ཅི་མ་ལོག་པ་ལ་བསྟན་པར་བསྒྲུབ་པའི་དོན་དུ་ཡིད་ལ་བགྱིད་པ་བསམ་པ་དང་བསྒོམ་པ་

དག་གིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་ལམ་ཤེས་པ་ལའོ། །གནས་པར་བྱ་བ་ནི་སྤྱད་པར་བྱ་བའོ། །དེ་ལ་ཉན་ཐོས་ཀྱི་མཐོང་བའི་ལམ་གྱི་དབང་དུ་བྱས་ཏེ་གསུངས་པ་ནི། སྟོང་པ་ཉིད་ལ་ཞེས་པ་ལ་སོགས་པ་སྟེ། འཕགས་པ་རྣམས་ལ་བདེན་པ་ཉིད་དང་། ཕྱིན་ཅི་

མ་ལོག་པ་ཉིད་ལས། བྱིས་པ་རྣམས་ལ་ནི་མ་ཡིན་ཞེས་པ་ནི་འཕགས་པའི་བདེན་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མོ། །ནད་ཀྱིས་སྡུག་བསྔལ་བ་ལ་དེའི་ངེས་པར་ཟད་པའི་སྨན་ཚོལ་བ་བཞིན་གྱི་རིམ་པ་སྟེ། གཉི་ག་ལ་ཡང་བདག་མེད་པར་བསྟན་པའི་སྐབས་སུ་

སྒྲིབ་པ་གཉིས་སྤངས་པའི་མཚན་ཉིད་ཅན་གྱི་འགོག་པའི་བདེན་པ་དོན་དམ་པ་ལ། གསུམ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་པའི་གཉིས་པོ་ཉིད་ནི་བདེན་པ་གཉིས་ཏེ། ཇི་སྐད་དུ་ཡབ་སྲས་མཇལ་བའི་མདོ་སྡེར། རྣམ་པར་བལྟ་དཀའ་བདེན་པ་འདིར་ནི་མཁས་རྣམས་ཀྱིས། །རང་གིས་

མཐོང་འགྱུར་གཞན་གྱིས་མཉེན་སོགས་རྣམས་ཀྱིས་མིན། །ཀུན་རྫོབ་དང་ནི་གང་ཡང་དེ་བཞིན་དོན་དམ་ལས། །བདེན་པ་གསུམ་པོ་ཅུང་ཟད་ཡོད་པར་འགྱུར་བ་མིན། །ཞེས་ཏེ། ཉན་ཐོས་རྣམས་ལས་ནི་འཁོར་བ་ལས་ཡིད་བྱུང་བའི་དོན་དུ་གང་ཟག་གི་བདག་མེད་ཙམ་ལ་གཞུག་པའི་

เล่ม ๙๐ · หน้า 77b

རྣམ་པ་བཞི་པོ་བསྟན་ཏོ། །དེ་ལ་སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། རྣམ་པར་འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་བའི་འཁོར་བ་པའི་ཕུང་པོ་རྣམས་ལ་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་བའོ། །སྡུག་བསྔལ་ཟད་པ་ནི་འགོག་

པའོ། །དེ་ཐོབ་པའི་ཡེ་ཤེས་ནི་ལམ་སྟེ། གང་འདི་རྣམས་ཀྱི་རྣམ་པ་དེ་རྣམས་སྟོང་པ་ཉིད་ལ་གནས་ཤིང་སྟོང་པ་ཉིད་དུ་མཐོང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་ཐོས་ཀྱི་གང་ཞིག་མཐོང་བའི་ལམ་ལ་གནས་པར་བྱ་བ་ལ་མཉམ་པར་གཞག་པའི་སེམས་ཀྱིས་ཏེ། སྟོང་པ་

ཉིད་དུ་མཐོང་བ་དང་མི་དམིགས་པ་ཉིད་ཀྱིས་ཏེ། དེ་ནི་བསྟན་བཅོས་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལས་ནི། །འཕགས་པའི་བདེན་པ་བཞི་དག་གི། །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ལ་རྣམ་པ་བཅུ་དྲུག་ཏུ་བཤད་དེ།

འདི་ལྟ་སྟེ། རྟག་པ་དང་གཞན་དང་བདག་གིར་སྒྲོ་བཏགས་པ་ལས་ལྡོག་པའི་སྡུག་བསྔལ་བ་དང་མི་རྟག་པ་དང་སྡུག་བསྔལ་དང་བདག་མེད་པ་དང་སྟོང་པ་ཉིད་དུ་ཡོངས་སུ་ཤེས་པའོ། །ཀུན་འབྱུང་བ་ལ་ཆོས་རྣམ་པ་ཐམས་ཅད་རྒྱུ་མེད་པ་ཅན་དང་དུས་ལ་སོགས་པའི་སེམས་མེད་པའི་རྟོག་པའི་རྒྱུ་

ཅན་དང་གཙོ་བོ་དང་སྒྲའི་ཚངས་པ་ལ་སོགས་པས་ཡོངས་སུ་བསྒྱུར་བའི་དངོས་པོའི་རྒྱུ་ཅན་དང་། དབང་ཕྱུག་ལ་སོགས་པའི་བློ་དང་ལྡན་པའི་རྒྱུ་ཅན་ཞེས་པའི་སྒྲོ་བཏགས་པའི་གཉེན་པོར་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་ནོ། །འགོག་པ་མེད་ཅིང་ཐར་པ་དང་སྡུག་བསྔལ་བ་ལས་ཐར་པ་མེད་

དོ། །བསམ་གཏན་གྱི་བདེ་བ་ཁོ་ན་ལས་གྱ་ནོམ་པ་མེད་པ་སྟེ། གྲོལ་ཀྱང་ཡང་འཁོར་བ་ན་ལྷུང་ཞེས་པའི་གཉེན་པོར་འགོག་པ་ཞི་བ་གྱ་ནོམ་པ་ངེས་པར་འབྱིན་པའོ། །ལམ་མེད་དེ། བདག་མེད་པའི་མཚན་ཉིད་ཀྱི་ལམ་བདག་ཉིད་ཀྱིས་རྟག་པར་ཡོད་པའི་ལམ་ངན་པ་ལས་འདིར་གཞན་དུ་

མེད་པ་དང་ལས་ཡང་དག་པར་ལྡོག་པས་སོ་ཞེས་པའི་གཉེན་པོར་ལམ་རིགས་པ་བསྒྲུབ་པ་ངེས་པར་འབྱུང་བ་སྟེ་འདིར་དེ་གཟུང་བར་མི་བྱ་ལ། གང་དུ་ཡུམ་ཆེན་མོ་ལས་གསུངས་པ་དེ་འདིར་གཟུང་བར་བྱ་སྟེ། རེ་བར་འགྱུར་ན་ཉན་ཐོས་ཀྱི་བྱང་ཆུབ་ཀྱང་ཚེགས་ཆུང་ངུ་དེ་རྣམས་ཀྱིས་ཐོབ་པའི་ཕྱིར་རོ། །

เล่ม ๙๐ · หน้า 78a

དེ་ལ་སྡུག་བསྔལ་ནི་རྣམ་པ་བཞི་རྣམས་ཀྱིས་ཡིད་ལ་བྱེད་པ་དེ་སྔ་མ་བཞིན་ནོ། །མི་རྟག་པ་ལས་བྱུང་བ་འཇིག་པ་དང་བྲལ་བར་སྦྱོར་བའི་ཕྱིར་དང་། སྡུག་བསྔལ་བ་ལ་སོ་སོར་མི་མཐུན་པའི་ཕྱིར་དང་། བདག་མེད་པ་ལ་བདག་གི་མཚན་ཉིད་དང་བྲལ་བའི་ཕྱིར་དང་།

ཞི་བ་ལ་བདག་གིས་སྟོང་པའི་ཕྱིར་ཏེ། བདག་གིས་སྟོང་པ་ནི་ཞི་བ་སྟེ། རོ་བཞིན་ནོ། །ཀུན་ཏུ་འབྱུང་བ་ལ་ནི་དབྱེ་བ་བཅུ་གཅིག་སྟེ། དེ་ལ་རྣམ་པ་བཞིས་སྤངས་པས་དགྲ་བཅོམ་པ་ཤེས་པའི་ཕྱིར་ནད་དང་འབྲས་དང་ཟུག་རྔུ་དང་སྡིག་པ་དང་། སྡུག་བསྔལ་གྱི་རྒྱུའི་ཕྱིར་དང་། སྡུག་བསྔལ་

གཟེངས་བསྟོད་པའི་རྒྱུའི་ཕྱིར་དང་། འདྲེན་པར་དཀའ་བའི་ཕྱིར་དང་། འདིའི་དང་གཞན་པའི་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱིས་ན་སྡིག་པ་དང་ཆོས་མཐུན་པའོ། །ཡང་བཞི་རྣམས་ཀྱིས་ནི་ནུས་པ་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར་ཏེ། ཕ་རོལ་དང་། རབ་ཏུ་འཇིག་པའི་ཆོས་དང་། གཡོ་བ་དང་། རབ་

ཏུ་འཇོམས་པ་སྟེ། བདག་ནི་བཅོམ་པར་མི་ནུས་པས་འདིར་ཕ་རོལ་ལ་སོ་སོར་སྐད་ཅིག་ལ་འཇིག་པའི་ཕྱིར་ན་རབ་ཏུ་འཇིག་པའི་ཆོས་སོ། །དགྲ་བཅོམ་པ་རྣམས་ཀྱི་དྲུངས་འབྱིན་པའི་ཕྱིར་གཡོ་བའོ། །རང་བཞིན་གྱི་ལམ་གྱིས་རབ་ཏུ་བཅོམ་པའི་ཕྱིར་རབ་ཏུ་འཇོམས་པ་ཉིད་དོ། །གདུང་བར་

མི་བྱེད་པའི་དོན་དུ་ཡང་གསུམ་རྣམས་ཀྱིས་ཏེ། འཇིག་པ་ཉིད་དང་། ཉེ་བར་འཚེ་བ་ཉིད་དང་། ཉེ་བར་བསྒྱུར་བ་ཉིད་དེ། ཀུན་ཏུ་འདུས་པ་ལ་སོགས་པ་བཞིན་དུ་འཇིགས་པའི་རྒྱུའི་ཕྱིར་དང་། འབྱུང་པོ་དང་སྲིན་པོ་ལ་སོགས་པ་དང་ཆོས་མཐུན་པ་དང་། མུ་གེ་དང་ཕས་ཀྱིས་དགྲ་བོ་ལ་

སོགས་པ་དང་ཆོས་མཐུན་པ་ཞེས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མི་མཐུན་པ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་དེ་ནས་བརྩམས་ཏེ། ཇི་སྲིད་དུ་དེ་བཞིན་ཉིད་དུ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་འགག་པར་འགྱུར་རོ་ཞེས་པའི་བར་དུའོ། །དེ་ལ་བཀག་པས་

འགག་ཅེས་པས་འགོག་པའི་བདེན་པ་ལ། འདིས་འགག་པ་འགྱུར་ཞེས་པ་ནི་འགོག་པའི་ལམ་གྱི་བདེན་པ་སྟེ། དེ་ལ་འགོག་པའི་བདེན་པ་ལ་ནི་རྣམ་པ་བདུན་གྱིས་ཏེ། བདག་མེད་པ་ཉིད་དང་། ཞི་བ་ཉིད་དང་། དབེན་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་

เล่ม ๙๐ · หน้า 78b

མེད་པ་ཉིད་དང་མངོན་པར་འདུ་བྱ་བ་མེད་པ་ཉིད་དོ། །བདག་ནི་རྣལ་འབྱོར་པའི་སྡུག་བསྔལ་གྱི་བདག་ཉིད་ཀྱི་ཕུང་པོ་རྣམས་ལ་འདིར་སྡུག་བསྔལ་མེད་པས་བདག་མེད་པའོ། །ཉོན་མོངས་པ་ཉེ་བར་ཞི་བས་ཞི་བའོ། །སྡུག་བསྔལ་དང་ཉོན་མོངས་པའི་མི་གཙང་བ་དག་ཉེ་བར་ཞི་བས་དབེན་

པ་སྟེ་ཞེས་པའི་དོན་ཏོ། །བདག་དང་བདག་གི་དང་བྲལ་བས་སྟོང་པའོ། །འདུས་བྱས་པའི་མཚན་མ་ཐམས་ཅད་མེད་པའོ། །དེའི་ཁམས་གསུམ་པ་ལ་སྨོན་པའི་སྨོན་པ་ཟད་པས་སྨོན་པ་མེད་པའོ། །འབྱུང་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་མེད་པས་མངོན་པར་འདུ་བྱེད་པ་མེད་

པའོ། །ལམ་གྱི་བདེན་པ་ལ་ཡང་རྣམ་པ་བདུན་པོ་འདི་རྣམས་ཉིད་ཀྱིས་ཏེ། འགོག་པའི་ཐོབ་པ་པོ་ནི་ལམ་དེས་ན་བདག་མེད་པ་དང་ཞི་བ་དང་དབེན་པ་ལ་སོགས་པའི་ཐོབ་པར་བྱེད་པ་པོའི་ཕྱིར་ན་ལམ་ཡང་བདག་མེད་པ་དང་ཞི་བ་དང་དབེན་པ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་

དང་མངོན་པར་འདུ་བྱ་བ་མེད་པ་སྟེ། དེ་ལྟ་བུའི་རྣམ་པ་ཉི་ཤུ་རྩ་དགུས་ནི་འདིར་ཉན་ཐོས་ཀྱི་ལམ་མྱུར་བར་དེའི་བྱང་ཆུབ་ཐོབ་པའི་ཕྱིར་རོ། །དེ་ཡང་རྣམ་པ་འདི་རྣམས་མི་དམིགས་པ་ནི་ལམ་ཤེས་པ་ཉིད་ལ་རབ་ཏུ་འཇུག་སྟེ། གང་གིས་དམན་པའི་ལམ་བསྒོམ་པའི་བྱང་ཆུབ་སེམས་དཔའ་ཐབས་ལ་མི་

མཁས་པ་དམན་པའི་བྱང་ཆུབ་ཏུ་འགྲོ་བར་ནུས་ཏེ། དེའི་ཕྱིར་རྒྱུ་དེས་ན་འདི་ལམ་ཤེས་པ་ལ་གོ་ཆ་ཆེན་པོ་དང་ཐབས་ལ་མཁས་པ་ཆེན་པོ་བདག་ཉིད་བསྲུང་བའི་ཕྱིར་གོ་བགོ་བར་བྱའོ། །དེ་ལ་འདིའི་གོ་ཆ་ཆེན་པོ་འདི་ལྟ་སྟེ། ཕུང་པོ་ལྔ་པོ་རྣམས་དང་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དེ་ལས་ཐ་མི་དད་ཅེས་

པའི་སྟོང་པ་ཉིད་དང་། སྙིང་རྗེ་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཉིད་དོ། །འདི་ནི་ཉན་ཐོས་རྣམས་ཀྱི་མཐོང་བའི་ལམ་མོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུངས་པ་ནི། གཟུགས་ལ་གནས་པར་མི་བྱ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་ལ་སོགས་པ་རྣམས་ལ་གནས་

པ་མེད་པ་དང་མངོན་པར་ཞེན་པ་མེད་པ་ནི་དྲོད་དོ། །དེ་ལྟར་གཟུགས་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་རྣམས་ལ་འདིར་དེས་རང་གི་མཚན་ཉིད་དམིགས་སུ་མེད་པས་ནི་རྩེ་མོའོ། །གཟུགས་རྟག་ཅེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་རྣམས་ལ་གཉིས་སུ་མི་དམིགས་

เล่ม ๙๐ · หน้า 79a

པས་ནི་བཟོད་པའོ་སྟོང་པའོ་ཞེས་དམིགས་པས་ཉེ་བར་དམིགས་པར་བྱེད་པ་དང་། དེ་ལྟར་དམིགས་པ་ནི་དེའི་ཕྱིར་སྟོང་པ་ཉིད་ཉེ་བར་དམིགས་པའི་ཞེས་བྱ་བ་གཉིས་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་ཀྱི་ཁྱད་པར་ལ་གནས་པ་མེད་པས་ན་ཆོས་མཆོག་

སྟེ། འདིར་བསྟན་བཅོས་ལས། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་སོགས་ཕུང་པོ་སྟོང་པའི་ཕྱིར། །སྟོང་པ་ཉིད་ལ་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པར། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་

རྣམས། །ས་བཅུ་དག་ལ་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་ཏེ། ལམ་ཤེས་པ་ནི་བཤད་མ་ཐག་པའི་ལམ་གྱི་རྒྱུ་མཚན་ལ་གཟུགས་ལ་

སོགས་པའི་ཕུང་པོ་དེ་རྣམས་ཀྱང་སྟོང་པ་ཉིད་པས་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་རྣམས་ཐ་མི་དད་དེ། གཟུགས་ལ་སོགས་པ་དེ་རྣམས་ཀྱི་གཟུགས་ལ་སོགས་པ་དེ་རྣམས་ལ་མི་རྟག་པ་ལ་སོགས་པ་སྦྱོར་བ་རྣམས་ཀྱིས་དེ་ལ་གནས་པ་ཉེ་བར་དམིགས་པ་བཀག་པས་ས་དང་པོའི་ཞེས་པ་ལ་

སོགས་པའི་ཡུམ་ཆེན་མོར་ཉེ་བར་མི་དམིགས་པ་རྒྱ་ཆེན་པོས་བསྟན་པའི་ཕྱིར་རོ། །ཇི་ལྟར་བསྟན་ཞེ་ན་ཆོས་རྣམས་མ་མཐོང་བའི་ཕྱིར་རོ་ཞེས་པ་ལ་སོགས་པས་སོ། །བཅོམ་ལྡན་འདས་མ་འདིར་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའི་ཁྱད་པར་རྣམས་ལ་མི་གནས་པ་གསུངས་པས་ས་བཅུ་རྣམས་

ལ་མི་གནས་པ་ཉེ་བར་མཚོན་པས་སོ། །མིག་གི་འདུས་ཏེ་རེག་པ་ཞེས་པ་སྟེ། གང་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུས་པར་གྱུར་པས་བདེ་བ་ལ་སོགས་པའི་ཚོར་བ་སྐྱེ་བར་འགྱུར་བ་དང་རྗེས་སུ་མཐུན་པའི་དབང་པོ་རྣམ་པར་འགྱུར་བའི་ཡོངས་སུ་གཅོད་པ་པོ་ལ་འདྲ་བ་ཙམ་གྱི་བདེ་བ་ལ་

སོགས་པ་དང་བཅས་པའི་ཚོར་བ་སྐྱེད་པ་པོའི་སེམས་ལས་བྱུང་བ་རེག་བྱའི་དབང་པོ་ལས་བྱུང་བའི་རྣམ་པར་འགྱུར་བ་དང་འདྲ་བ་རེག་པར་བྱེད་པར་འགྱུར་ཞེས་པ་ཉིད་དེ། འདི་དབང་པོའི་དབྱེ་བ་ནི། མིག་གི་འདུས་ཏེ་རེག་པ་ནས་ཇི་སྲིད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་བར་དེ་དང་། སྡུག་པ་ནི་

เล่ม ๙๐ · หน้า 79b

གཙང་བའོ། །མི་སྡུག་པ་ནི་མི་གཙང་བའོ། །འདུས་མ་བྱས་པས་དབང་དུ་ཕྱེ་བ་ནི་ཉོན་མོངས་པ་དང་། མ་རིག་པ་ཟད་པའི་འདུས་མ་བྱས་པའི་ཕྱིར་རོ། །འཇིག་རྟེན་འདི་ནི་འདོད་པའི་ཁམས་ཏེ་དེ་ཉིད་ལ་འདོད་པ་དང་ལྡན་པའི་འཇིག་རྟེན་ལའོ། །འདི་ཉིད་ནི་སྐྱེ་བ་འདི་ཉིད་ལའོ། །སོ་སོའི་སྐྱེ་

བོའི་ས་ནི་མོས་པར་སྤྱོད་པའི་ས་ལའོ། །ཕུང་པོ་ལྷག་མ་མེད་ཅེས་པ་ནི་ཕུང་པོ་ནི་ཕུང་པོ་ལྔ་ལ་དེ་ཉིད་ཀྱི་གང་དུ་ལྷག་མ་དེ་ནི་འདི་ཕུང་པོ་ལྷག་མ་ལ་ཉོན་མོངས་པ་འགགས་པའི་མཚན་ཉིད་ཅན་མྱ་ངན་ལས་འདས་པ་ལ་གང་དུ་དེ་ཡང་འགག་པར་འགྱུར་བ་དེ་ནི་ཕུང་པོ་ལྷག་མ་མེད་པའོ། །དེ་ཡང་ཉན་ཐོས་

རྣམས་དང་རང་སངས་རྒྱས་རྣམས་ལ་ཤེས་བྱའི་སྒྲིབ་པ་ཡོད་ཀྱང་གཉིས་པོ་དག་གི་མར་མེ་བཞིན་དུ་མྱ་ངན་ལས་འདས་པའི་འདུ་ཤེས་ཉིད་ཀྱིས་རྣམ་པར་བཞག་ལ། རྫོགས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་བདག་ཉིད་རྣམས་ནི་རྣམ་པ་ཐམས་ཅད་དུ་ཤེས་བྱའི་སྒྲིབ་པ་ལྔ་སྤངས་ཤིང་འགགས་

པའི་མྱ་ངན་ལས་འདས་པའོ། །འདིར་གཉིས་པ་བཤད་པ་ནི་གཞན་དུ་ན་གདུལ་བྱའི་ངོ་བོའི་ཕྱིར་རོ། །ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་རྣམས་ནི་སྒྲིབ་པ་གཉིས་པོའི་བག་ཆགས་དང་བཅས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་འགགས་ནས་ཤིན་ཏུ་རྣམ་པར་དག་པའི་སྟོང་པ་ཉིད་དང་རོ་གཅིག་པའི་

ཀུན་རྫོབ་ཀྱི་ཕུང་པོ་ལྔའི་བདག་ཉིད་ཅན་ཕུང་པོ་ལྷག་མ་མེད་པ་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་ཏེ། འདིར་རྣམ་པར་རྟོག་པ་ཐམས་ཅད་དེ་ལྟར་མྱ་ངན་ལས་འདས་པ་སྟེ་རབ་ཏུ་མི་གནས་པས་སོ། །འཛིན་ཞེས་པས་དབྱིངས་ཏེ། གཞན་གྱི་དོན་བྱ་བའི་རྒྱུ་སྟེ། ཕུང་པོ་ལྷག་མ་དང་བཅས་པ་

ལས་གཞན་དུ་འདི་དག་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱིས་ནི་གསུངས་པ་ནི། །སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཞེས་པ་སྟེ། འཁོར་བ་ཀུན་ཏུ་བརྟགས་པ་དང་། མྱ་ངན་ལས་འདས་པ་དག་ལ་མི་གནས་པ་དེས་ན། གོ་རིམས་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་ཐམས་

ཅད་ཟད་ནས། ཟག་པ་མེད་པའི་ཕུང་པོ་ལྔ་པོ་རྣམས་ཀྱི་ནམ་མཁའ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པས་གནས་པའི་ཕྱིར་རོ། །དེ་ལས་བཞེངས་པ་ཡང་མ་ཡིན་ཞེས་པ་ནི་ཐོབ་པ་དང་ཉམས་པ་ལའོ། །གནས་པ་མ་ཡིན་ལ་མི་གནས་པ་ཡང་མ་ཡིན་པ་ནི་ཡིད་ཀྱིས་རབ་ཏུ་མི་གནས་པའི་ཕྱིར་དང་

เล่ม ๙๐ · หน้า 80a

ལངས་པ་མིན་པའི་ཕྱིར་རོ། །མི་མཐུན་པར་གནས་པ་མ་ཡིན་ཞིང་མི་མཐུན་པ་མེད་པར་ཡང་གནས་པ་ཡང་མ་ཡིན་པའི་ཕྱིར་ནི་རབ་ཏུ་རྒྱུ་བའི་སྦྱོར་བར་སྔོན་བཞིན་དུའོ། །ཡུལ་མེད་པ་ལ་དགག་པ་མི་སྲིད་པས་གཉི་ག་ལ་མི་མཐུན་པར་མི་གནས་པའོ། །ལྷག་

མ་ནི་གོ་སླའོ་ཞེས་པ་ནི་ཆོས་ཀྱི་མཆོག་གོ། ཇི་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་རྣམས་ཉན་ཐོས་རྣམས་ཀྱི་ནི། དེ་ལ་འདིར་འཕགས་པའི་ལམ་ལ་ཆེད་དུ་བྱེད་པ་བསྒོམ་པའི་ཕྱིར་རོ། །བསེ་རུའི་ལམ་བསྟན་པར་འདོད་ནས་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་

སྟེ། གང་ཡང་ཁ་ཅིག་གིས་གང་ཉན་ཐོས་ཀྱི་ལམ་ཡང་རབ་འབྱོར་གྱིས་སྟོན་པར་བྱེད་པ་ལ་འདི་ནི་ཤིན་ཏུ་ཟབ་སྟེ། ཇི་ལྟར་གནོད་སྦྱིན་རྣམས་དང་ཞེས་པ་ནི་དེས་བརྗོད་པའོ། །ཇི་ལྟར་གནོད་སྦྱིན་གྱི་སྐད་ལ་སོགས་པ་ནི་དེས་སྨྲ་བའི་ཕྱིར་རོ། །དེ་སྐད་ཅེས་པ་ནི་བསྟན་པ་ལ། ལྷག་མ་ནི་བཤད་

པ་སྟེ། སྒྲ་ནི་ངག་གོ། །ཚིག་ནི་ངག་གི་ཚོགས་རྣམས་སོ། །སྨྲས་པ་ནི། ཚིག་གི་ངག་རྣམས་ཀྱིས་སོ། །རབ་ཏུ་བརྗོད་པ་ནི་ངག་གི་ཚོགས་རྣམས་ཀྱིས་སོ། །འཆད་པ་ནི་གདམས་པའོ། །བརྗོད་པ་ནི་རྗེས་སུ་བསྟན་པའོ། །འདི་ཡང་གོ་སྐབས་ཐོབ་པའི་ཕྱིར་བློ་ལ་གནས་པའི་བསེ་རུའི་

ཡེ་ཤེས་ཀྱིས་མཆོག་ཏུ་བརྟགས་པར་བྱས་པའོ། །ཤེས་པར་མི་རུང་བ་ནི་གཞན་ལས་ཏེ། ཚིག་གཉིས་ཀྱིས་ཀུན་ཏུ་བརྟགས་པའི་ཕྱིར་འདིར་དེ་རྣམས་ལས་གཞན་གྱིས་ཉེ་བར་བསྟན་པའི་དོན་མེད་དོ། །འདིར་ཞེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའོ། །ཆོས་གང་

ཡང་སྨོས་པར་མ་བྱས་པར་ནི་བསྟན་པར་རོ། །ཐོས་པ་མེད་པ་ནི་རྣ་བས་ཏེ། ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དཔེར་ན་སྤྲུལ་པའི་སངས་རྒྱས་ཀྱིས་སྤྲུལ་པའི་འཁོར་རྣམས་ལ་ཆོས་སྟོན་པར་བྱེད་པའི་སྟོན་པ་པོ་བསྟན་པ་དང་། འཁོར་སྲིད་པའོ། །གསལ་བ་ནི་ཟབ་མོའོ། །

གཟེངས་བསྟོད་པ་ནི་གཉིས་བརྗོད་པའོ། །འཕགས་པ་མིན་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ནི་རིང་བའོ། །སྤྲོས་པ་མེད་པའི་ཕྱིར་ཕྲ་བའོ། །གཏིང་དཔོགས་པར་དཀའ་བའི་ཕྱིར་ན་ཟབ་པའོ། །ཉན་ཐོས་ཀྱི་ལམ་ལས་ཆེས་རིང་བ་དང་། ཆེས་ཕྲ་བ་དང་། ཆེས་ཟབ་པའི་ཡེ་ཤེས་ལ་རབ་ཏུ་

เล่ม ๙๐ · หน้า 80b

འཇུག་པའི་སེམས་པས་སོ། །སྟོན་པར་བྱེད་ཅིང་ནི་གཞུང་ངོ་། །འཆད་པ་ནི་དོན་ནོ། །དེ་ལྟ་བས་ན་འདིར་མེད་ཅེས་པ་ལ་སོགས་པས་ནི་གཏིང་དཔག་དཀའ་བའི་ཕྱིར་ཏེ། ཡེ་ཤེས་ཟབ་པ་སྟོན་ཏོ། །འདིར་བསྟན་བཅོས་ལས། གཞན་གྱིས་བསྟན་ཡང་མི་དགོས་ལ། །རང་འབྱུང་

རང་གིས་རྟོགས་པའི་ཕྱིར། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་པ་སྟེ། གང་དུ་གཞན་དག་གིས་བསྟན་པའི་དོན་མེད་དེ་སྲིད་པར་སྦྱོར་བ་ལས་རང་འབྱུང་བ་ཉིད་ལ། དེ་རྣམས་ཀྱིས་རང་གི་མངོན་དུ་ཕྱོགས་པས་བསྒོམ་བྱ་མངོན་པར་རྟོགས་པས་སོ། །བསེ་

རུ་རྣམས་ཀྱིས་གཞན་གྱི་དོན་གྱི་བྱ་བ་ཇི་ལྟ་བུ་ཞེ་ན། འདོད་པ་ཙམ་གྱིས་དོན་གྲུབ་ལ་ཇི་ལྟར་དེ་རྣམས་ལ་ཐོས་པ་ནི་ལེགས་པར་མཉན་པ་ཙམ་གྱིས་ཏེ། གང་དུ་བསྟན་བཅོས་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་དེ་དང་། །དེ་ལ་སྒྲ་མེད་ཀྱང་དོན་ཏེ། །དེ་ནི་དེ་ལྟ་དེ་

ལྟར་སྣང་། །ཞེས་པ་སྟེ། གདུལ་བར་བྱ་བ་གང་དང་གང་གི་དོན་གང་དང་གང་ལ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སམ། འཕགས་པའི་ལམ་ལའོ། །དེ་ནས་ཡང་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པ་སྟེ། བཟོད་པ་འདི་ལ་མ་བརྟེན་པར། །ཞེས་པ་ནི་དེ་ལྟ་བུ་ནི་འདིར་མེད་

ཅེས་པ་ལ་སོགས་པ་བཤད་དེ། གཟུང་བ་མེད་པའི་ཤེས་པས་ཐོབ་བྱ་ཐོས་པ་མེད་ཅེས་པའི་དོན་ཏོ། །དེ་བཞིན་དུ་སྦྱར་ཏེ་ཞེས་པ་ནི་མདོར་བསྡུས་ནས་གསུམ་ཀའི་འབྲས་བུ་ཡང་བཟོད་པ་འདི་ལ་མ་བརྟེན་པར་ཞེས་པ་དང་འབྲེལ་བར་བྱའོ་ཞེས་པའི་དོན་ཏོ། །འདིར་ཡང་ཉན་ཐོས་རྣམས་ཀྱིས་ཀྱང་རང་

གི་ཤེས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བླང་བར་བྱ་བ་ལ་ཤིན་ཏུ་མྱུར་བར་བསེ་རུ་རྣམས་ཀྱིས་རྟོགས་པར་བྱ་བ་ཞེས་པ་ལ་དགོངས་པ་ནི་དེ་ལྟར་བསེ་རུ་རྣམས་ཀྱིས་གཟུང་བའི་རྣམ་པར་རྟོག་པ་སྤོང་བའོ། །སྔགས་ལ་སོགས་པའི་མཐུས་སོ་སོར་སྣང་བར་བྱེད་པའི་སྒྱུ་མའི་སྐྱེས་བུ་དང་

རྫུ་འཕྲུལ་སྤྲུལ་ནས་བསྟན་པ་དང་དེ་དང་འདྲ་བའོ། །སྒྱུ་མ་དང་གཉིས་སུ་མེད་ཅེས་པ་ནི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཁོ་ན་སྒྱུ་མ་ཉིད་དུ་སེམས་པའོ། །རབ་འབྱོར་གྱིས་ཀུན་རྫོབ་ཀྱི་ཁྱད་པར་དང་། སྒྱུ་མ་དང་རྨི་ལམ་དེ་དག་འདྲ་བས་ཀུན་རྫོབ་ཉིད་ཁོ་ནའོ། །དེའི་ཕྱིར་ན་སྒྱུ་མ་དང་སེམས་ཅན་དང་

เล่ม ๙๐ · หน้า 81a

གཞན་མ་ཡིན་པའི་དངོས་པོ་རྣམས་ཀྱང་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །དོན་དམ་པར་ནི་ཡོད་པ་དང་མེད་པའི་ཁྱད་པར་མེད་པའི་ཕྱིར་ལ། རིགས་པས་ནི་སེམས་ཅན་ལ་སོགས་པ་ཡང་སྒྱུ་མ་དང་། བདག་ཉིད་གཅིག་པ་ཉིད་དོ་ཞེས་པ་ལ་དགོངས་

པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཟུགས་ཀྱི་སྐུ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་རྟོགས་པའི་བདག་ཉིད་ཆོས་ཀྱི་སྐུ་ནི་མྱ་ངན་ལས་འདས་པ་སྤྲོས་པ་མེད་པའི་རང་བཞིན་གྱི་སྐུ་ཞེས་ཁས་བླངས་ནས་བརྗོད་ཀྱི། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་གྱུར་པ་ནི་ཡོད་པ་

མ་ཡིན་ནོ། །སོ་སོར་འདོད་པར་བྱེད་ཅེས་པ་ནི་ཡིད་ཆེས་པར་བྱེད་པ་ལ་དེ་རྣམས་མེད་པ་ནི་ཡིད་ཆེས་པ་པོ་སྟེ། སེམས་ཅན་རྣམས་དོན་དམ་པར་མེད་པའི་ཕྱིར་རོ། །ཕྱིར་མི་ལྡོག་པ་ནི་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པར་རྟོགས་པའི་རང་རྒྱལ་གྱི་བྱང་ཆུབ་ལའོ། །དེ་ལ་མངོན་པར་རང་གི་

བྱང་ཆུབ་ལ་སྟེ། འདིར་རང་གི་བྱང་ཆུབ་པོ། །འདོད་པས་ནི་བྱང་ཆུབ་སེམས་དཔའ་ལ་ལུས་ཀྱི་སེམས་ཅན་གྱི་དོན་བྱེད་པ་ལ་མོས་པས་སེམས་དཔའ་ཆེན་པོའོ། །ལྟ་བ་ཕུན་སུམ་ཚོགས་པས་ནི་ཤེས་རབ་འབྲིང་པོས་སོ། །དགྲ་བཅོམ་པས་ནི་རང་གི་མཐོང་བའི་ལམ་གྱི་སྒྲིབ་པ་སྤངས་པའི་ཕྱིར་ན་མཆོད་

འོས་སོ། །སྨྲས་པ་སྟེ་སྣང་བར་མ་བྱས་པས་ནི་བསྟན་པས་སོ། །ཡོངས་སུ་གསལ་བ་ནི་གསལ་བར་རོ། །བརྟགས་པ་ནི་ཉན་པ་པོ་དང་སྟོན་པ་པོ་རྣམས་ཀྱིས་ཐ་སྙད་དུ་བྱེད་པའོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་དོན་དམ་པར་མེད་པ་ལ་སེམས་ཅན་ཀུན་རྫོབ་ཏུ་ནི་ནང་གི་བདག་ཉིད་ཅན་ཁོ་ནའི་ཕུང་པོ་ལ་

སོགས་པ་ལ་སེམས་ཅན་དུ་བཏགས་པ་འབའ་ཞིག་ལ། དེས་སེམས་ཅན་དུ་བཏགས་པ་ལ་བརྟེན་ནས་ཕུང་པོ་ལ་སོགས་པ་ལ་འཛིན་པ་པོའི་འདི་རྣམས་ཡོད་ཅེས་པ་དེ་བསེ་རུ་རྣམས་ཀྱི་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའོ། །དེ་ནས་ཞེས་པ་ལ་སོགས་པ་ནི་བསེ་རུ་རྣམས་ཀྱི་རིགས་གསུངས་ཏེ། འདིར་

ཆོས་ཀྱི་རྣམ་གྲངས་ནི་ཆོས་ཀྱི་དབྱེ་བ་སྟེ་བསེ་རུའི་ལམ་ལའོ། །ཡང་གི་སྒྲ་ཚིག་གི་རྒྱན་ལ། རབ་འབྱོར་ཞེས་བྱ་བ་ནི་ཆོས་སྟོན་པ་པོ་ལ་མཆོད་པས་ཆོས་ལ་མཆོད་པའི་ཕྱིར་ནའོ། །བརྒྱ་བྱིན་ལ་ཞེས་པ་ནི་བརྒྱ་བྱིན་ལ་སྟེ། འཆད་པར་གྱུར་པ་འདི་རྣམས་སུ་རྣམ་པར་རྟོག་སྟེ། མེ་ཏོག་ཅེས་པ་ནི་དྲི་མ་མེད་པ་ཉིད་ཀྱིས་

เล่ม ๙๐ · หน้า 81b

མེ་ཏོག་དང་ཆོས་མཐུན་པ་སྟེ་བསེ་རུའི་ལམ་གྱིས་བསྡུས་པའི་དགེ་བའི་རྩ་བའོ། །ལྷ་རྣམས་སུ་མ་མཐོང་བ་ནི་ཟག་པ་མེད་པ་ཉིད་ཀྱིས་ཁམས་ལས་བྱུང་བ་ཉིད་ཅེས་པ་ལ་དགོངས་པའོ། །མངོན་པར་གཏོར་བ་ནི་འཁོར་ལ་སྤྲུལ་པའི་མེ་ཏོག་རྣམས་གསལ་བར་བྱས་པའོ། །ཡིད་ལས་བྱུང་ཞེས་པ་

ནི་ཉེ་བར་བསྡུས་པ་སྟེ། ཡིད་ཀྱི་སྤྲུལ་པ་ཞེས་པའི་དོན་ཏོ། །མ་སྐྱེས་པ་ནི་ཡིད་ལས་བྱུང་བ་ཡང་དག་པ་སྟེ། དོན་དམ་པར་སྐྱེ་བ་མེད་པའི་ཕྱིར་རོ། །ཇི་ལྟར་ཡང་གཟུང་བྱ་ཤིང་ལ་སོགས་པ་རྣམས་ལ། ཡོད་པ་མ་ཡིན་ཞེས་པ་ནི་དེ་རྣམས་ལས་སྐྱེས་པ་མ་ཡིན་པའོ། །དེ་ལྟར་ཡིད་ལ་ཡང་

སྟེ། འཛིན་པ་པོ་ལ་ཡང་སྐྱེས་པ་ཡོད་པ་མ་ཡིན་པ་སྟེ། གང་ཡང་སྐྱེས་པ་དེ་ནི་མ་ཡིན་ཞེས་པ་ནི་བསེ་རུའི་ལམ་གྱི་རྟེན་དུ་གྱུར་པ་མ་ཡིན་ཞེས་པ་ལ་དགོངས་པ་སྟེ། དེ་ལྟར་གཞན་དུ་ཁྱད་པར་མེད་པར་སྐྱེས་པས་སྐྱེས་པ་སྟེ། རིགས་མཐུན་པའོ་ཞེས་པའི་དོན་ཏོ། །འདིས་བསེ་རུས་གཟུང་བའི་

དོན་གྱི་རྣམ་པར་རྟོག་པ་སྤངས་པས་རིགས་མཐུན་པའི་ཆོས་ཀྱི་དབྱིངས་ནི་དེ་ལྟར་བསེ་རུའི་ལམ་གྱི་རྟེན་གྱི་རིགས་ལ། ཉན་ཐོས་ཀྱི་ཆོས་ཀྱི་དབྱིངས་ལས་སྐྱེས་པས་རིགས་མཐུན་པའི་བསེ་རུའི་ལམ་གྱི་རྟེན་ནི་མ་ཡིན་ཏེ། གསུངས་པ། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་

བརྗོད། །ཅེས་པ་སྟེ། འདིར་བསྟན་བཅོས་ལས། གཟུང་བའི་རྟོག་པ་ཉམས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་པ་སྟེ། ཇི་སྐད་དུ་བཤད་པའི་ཉན་ཐོས་ཀྱི་ལམ་དང་འདི་གཉིས་ནི་སྤོང་བའི་རྟེན་གྱི་

ཁྱད་པར་དག་གིས་རང་སངས་རྒྱས་ཀྱི་ལམ་མོ་ཞེས་པའི་དོན་ཏོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པར་འདོད་ནས་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། མིང་གི་ཚོགས་རྣམས་སོ། །བཏགས་པ་ནི་ཐ་སྙད་དེ། དེ་ལྟར་ཡང་གཟུགས་ལ་སོགས་པ་ནི་བཏགས་པ་ཙམ་

ཉིད་ལ། བཏགས་པ་ཙམ་གྱི་ཆོས་ཉིད་དུ་འདིར་ཉེ་བར་སྟོན་པར་འགྱུར་རོ་ཞེས་པ་ནི་དྲོད་དོ། །གང་ཞིག་ཚད་མེད་པ་རྣམས་ལ་ཞེས་པ་ལ་སོགས་པ་ནི་ཇི་ལྟར་སློབ་པར་མི་འགྱུར་ཏེ་དམིགས་པ་མེད་པས་ཞེས་པ་ནི་རྩེ་མོའོ། །གང་ཞིག་གཟུགས་འཕེལ་ཞེས་པ་ལ་སོགས་པ་སྟེ། འདིར་

เล่ม ๙๐ · หน้า 82a

གཟུགས་ལ་སོགས་པ་ལ་ཡོངས་སུ་གཟུང་བ་མེད་པར་རིགས་པ་ནི་བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་ནང་སྟོང་པ་ཉིད་ལ་ཞེས་པ་ནས་ཇི་སྲིད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་ཉེ་བར་གཟུང་སྟེ་ཞེས་པ་ནི་བཟོད་པའོ། །དེ་ནས་ཡང་ཚེ་དང་ལྡན་པ་ཞེས་པ་

ལ་སོགས་པས་ནི་ཆོས་ཀྱི་མཆོག་གོ། །དེ་ལྟར་ཞེས་པ་ནི་བློ་ལ་གནས་པ་གསལ་བས་མཆོག་ཏུ་བརྟགས་པའོ། །བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་གང་ཞིག་གསུངས་ཏེ། དེ་ལྟར་ཡང་གཟུགས་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་། འགག་པར་ཡང་མ་ཡིན། ཡོངས་སུ་

གཟུང་བར་ཡང་མ་ཡིན། ནུབ་པར་ཡང་མ་ཡིན་ཞེས་པ་སྟེ། འདིར་བསྟན་བཅོས་ལས། བཏགས་པ་དང་ནི་མི་འགལ་བས། །ཆོས་ཉིད་སྟོན་པས་དྲོར་གྱུར་པ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ནང་སྟོང་ཉིད་ལ་སོགས་པ་ཡི། །གཟུགས་

སོགས་མི་འཛིན་ཕྱིར་བཟོད་པ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱིས། །རྣམ་པ་རྣམས་ཀྱི་ཆོས་ཀྱི་མཆོག །ཅེས་ཏེ། རྩེ་མོར་སོན་པ་དང་རྩེ་མོར་སོན་པར་གྱུར་པ་དང་། རྩེ་མོར་རྟོག་པ་དང་། རྩེ་མོའི་གནས་སྐབས་ཞེས་པའི་དོན་གཞན་མ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་དུ་ཆོས་

མཆོག་བདེ་བར་རོ་ཞེས་གསུངས་པ་ནི་རང་སངས་རྒྱས་ཀྱི་ལམ་མོ། །བྱང་ཆུབ་སེམས་དཔའི་ལམ་གྱི་དབང་དུ་བྱས་པ་ནི། བསྟན་བཅོས་ལས། བདེན་དང་བདེན་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་རྣམ་བཞི་ནི། །ལམ་ཤེས་ཉིད་ལས་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་

བཤད་དོ། །ཞེས་ཏེ། བདེན་པ་རེ་རེ་ལ་བཟོད་པ་གཉིས་དང་ཤེས་པ་གཉིས་ཏེ། འདིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་སྦྱོར་བའི་ལམ་གང་གིས་ཉོན་མོངས་པ་རབ་ཏུ་སྤོང་ལ། དེའི་རྗེས་ལ་དམིགས་པ་མེད་པའི་ཏིང་ངེ་འཛིན་མཐོང་བའི་ལམ་མོ་ཞེས་

ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པར་བཤད་ལ། རྣམ་པར་གྲོལ་བ་དང་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཅན་གྱི་མི་སྐྱེ་བའི་ཆོས་ལ་བཟོད་པའི་ངོ་བོ་ལས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་

เล่ม ๙๐ · หน้า 82b

བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་སྟེ། ད་ལྟར་བྱུང་བའི་དེ་ལྟར་ཕུང་པོ་ལྔ་ནི་སྔོན་གྱི་ཉོན་མོངས་པ་དང་བཅས་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཀུན་འབྱུང་གི་དབང་གིས་འཁོར་བའི་ཕྱིར་སྡུག་བསྔལ་ལོ། །

བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཉོན་མོངས་པ་དང་ལྡན་པས་ཕྱི་མའི་སྡུག་བསྔལ་བའི་རྒྱུར་གྱུར་པའི་ཕྱིར་ཀུན་འབྱུང་བའོ། །འདུན་པའི་སེམས་བསྐྱེད་པ་ནས་བརྩམས་ཏེ། ལམ་བསྒོམས་པས་དེ་ཁོ་ན་ཉིད་རྟོགས་པར་གྱུར་ནས་སྔོན་དུ་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་

སྟེ། དེ་ཡང་ཀུན་འབྱུང་དང་དེས་བྱས་པའི་སྡུག་བསྔལ་ཉིད་འདི་འགག་པར་འགྱུར་ཞེས་པ་ལ་འགོག་པའོ། །དེ་ཉིད་ནི་བསྒོམ་པའི་ལམ་གྱིས་སྤང་བྱའི་ཉོན་མོངས་པས་བྱས་པའི་སྡུག་བསྔལ་གྱི་དེ་ཁོ་ན་ཉིད་དུ་ཡོད་པ་ཉིད་ལ། ཕྱིས་རྟོགས་པ་རྫོགས་པའི་ཕྱིར་སྟོང་པ་ཉིད་དང་རོ་གཅིག་པས་

སྒོམ་པར་བྱེད་པའི་ཕྱིར་ན་ལམ་ལ། དེ་ཉིད་ཀྱི་ནི་སྒོམ་པ་པོ་རྣམ་པར་ཤེས་པ་གཙོ་བོ་བས་ན་ལམ་ཞེས་བརྗོད་ལ། དེ་ལྟར་དེའི་བདེན་པ་བཞི་པོའི་བདག་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་རྣམ་པ་ནི་ཐམས་ཅད་དུ་དེ་ཁོ་ན་ཉིད་དུ་དེ་ལྟར་ཆ་ཤས་མེད་པས་དུས་གཅིག་

ཉིད་ཀྱིས་ཡོངས་སུ་ཆད་པར་འགྱུར་ལ། འཛིན་སྟངས་ཀྱི་ཁྱད་པར་དེ་བཞིན་དུ་གསལ་བར་འགྱུར་བས་རྣམ་པ་མཐའ་དག་མངོན་སུམ་དུ་བྱེད་དེ་གང་དུ་རིགས་མི་མཐུན་པའི་རྣམ་པར་རྟོག་པ་དང་ནི་མ་འདྲེས་ལ། མངོན་པར་འདོད་པའི་རྣམ་པར་རྟོག་པ་རྣམས་ཀྱང་ཅིག་ཅར་མི་སྲིད་པའི་ཕྱིར་

ན་རིམ་གྱིས་འགྱུར་ཏེ། དཔེར་ན་སྔོན་པོ་བསྐྱོད་པ་ཅན་ལ་སོགས་པའི་ཁྱད་པར་ལ་སྐྱེ་བོས་ཨུཏྤལ་མཐོང་ལ་དེ་བཞིན་དུ་གཞན་དང་གཞན་མ་ཡིན་པ་སྐད་ཅིག་ལ་གཞན་དང་གཞན་མ་ཡིན་པ་རྣམས་སུ་མྱོང་བས་མངོན་སུམ་དུ་བྱེད་པ་ལ་རྣམ་པར་རྟོག་པ་ནི་ཇི་ལྟར་མངོན་པར་འདོད་པ་ལ་རབ་

ཏུ་འཇུག་ཅིང་འཛིན་ནས་རྗེས་སུ་མཚམས་སྦྱོར་བའི་ངོ་བོ་རྣམས་ཏེ། རྣམ་པ་ཀུན་གྱི་ངོ་བོ་འཛིན་པ་ཉིད་ཡིན་ཀྱང་རྣམ་པར་ཤེས་པའི་འགོག་པ་གསལ་བ་ལ་སོགས་པ་གང་ཞིག་སྒྲོ་བཏགས་པའི་རྣམ་པར་བཟློག་པར་ནུས་ལ། དེ་ཉིད་ཀྱིས་སྒྲོ་བཏགས་པ་ལོག་པའི་ཆེད་དང་རྗེས་སུ་འབྲེལ་བའི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด