ตัวบทไม่มีชื่อ — ประโยคแรก: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๑ · หน้า 287a

བསམ་ལས་འདས་ཏེ་བརྗོད་དུ་མེད་པ་ཡིན་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་པ་འདི་ལ། གཟུགས་ལ་སོགས་པ་ནས་སངས་རྒྱས་དང་། བྱང་ཆུབ་དང་། ཡི་གེ་རྣམས་སུ་ཡང་བཏགས་པ་མེད་དམ་ཅི་སྙམ་དུ་སེམས་པ་བསྟན་པའོ། །

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་བྱང་ཆུབ་ནི་བརྗོད་དུ་མེད་དོ། །སྨྲར་མེད་དོ། །དེ་ནི་སུས་ཀྱང་བསྟན་པ་མེད་དོ། །སུས་ཀྱང་ཐོས་པ་མེད་དོ། །སུས་ཀྱང་ཤེས་པ་

མེད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བླ་ན་མེད་པའི་བྱང་ཆུབ་ཐུགས་སུ་ཆུད་པའི་བྱང་ཆུབ་གང་ཡིན་པ་དེ་དོན་དམ་པར་ཆོས་གང་གི་རང་བཞིན་ཡང་མ་ཡིན་པས་ཚིག་དང་ཡི་གེ་ལ་སོགས་པར་བརྗོད་ཅིང་བསྟན་དུ་ཡང་མེད་ལ། ཚིག་དང་ཡི་གེ་ལ་སོགས་པའི་སྒོ་ནས་སུས་ཀྱང་

ཐོས་ཤིང་ཤེས་པར་བྱར་རུང་བ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་བྱང་ཆུབ་ཀྱི་རང་བཞིན་དང་ཐ་མི་དད་པས་གཟུགས་ལ་སོགས་པར་བཏགས་པ་མེད་དོ་ཞེས་བསྟན་པའོ། །ལྷའི་བུ་དག་དེ་ལྟ་བས་ན་ལ་ལ་ཞིག་རྒྱུན་དུ་ཞུགས་པའི་འབྲས་

བུ་ལ་གནས་པར་འདོད་ཅིང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བར་འདོད་ན་ཡང་བཟོད་པ་འདི་ལ་མི་རྟེན་དུ་མི་རུང་ངོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་བཞི་དང་། རང་བྱང་ཆུབ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་

གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པས་སྨྲ་བསམ་ལས་འདས་ཤིང་ཐ་སྙད་དུ་གདགས་པའི་བཟོད་པ་འདི་ལ་མ་བརྟན་པར་ཐེག་པ་གསུམ་གྱི་འབྲས་བུ་ཐོབ་པར་མི་འགྱུར་གྱི། ཆོས་ཟབ་མོ་རྟོགས་པའི་བཟོད་པ་འདི་ལ་བརྟེན་ན་གདོད་ཐེག་པ་གསུམ་གྱི་

འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །ལྷའི་བུ་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་བརྗོད་པ་དང་མཉན་དུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་གྱིས་

เล่ม ๙๑ · หน้า 287b

ཆོས་ཐམས་ཅད་སྨྲ་བསམ་ལས་འདས་ཤིང་ཚིག་དང་ཡི་གེར་བྲལ་བར་རྟོགས་ཏེ། མཚན་མ་གང་ལ་ཡང་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་གྱིས། སེམས་དང་པོ་བསྐྱེད་ནས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བསྟན་པའོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅོ་ལྔ་པའོ།། །།དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམས་ལ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པ་དང་ཞེས་བྱ་བ་ནི་སེམས་དང་པོ་བསྐྱེད་པ་

ནས་བརྗོད་པ་དང་མཉན་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་གོང་དུ་རབ་འབྱོར་གྱིས་བཤད་པ་ལྷའི་བུ་རྣམས་ཀྱིས་ཐོས་ནས་དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཡིན་ནོ། །ཆོས་འཆད་པ་དང་། ཆོས་ཉན་པ་ཡང་མེད་པས་ཆོས་བཤད་པ་ཡང་མེད་པར་འགྱུར་

ན། གནས་བརྟན་རབ་འབྱོར་གྱིས་ཆོས་བཤད་པ་རྣམ་པ་ཇི་ལྟ་བུ་ཞིག་ཡོད་པར་འགྱུར་སྙམ་དུ་ཐེ་ཚོམ་སྐྱེས་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་ཀྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཡོངས་སུ་ཤེས་ནས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་

དག་བདག་གི་ཆོས་བསྟན་པ་ནི་སྒྱུ་མ་ལྟ་བུ་སྟེ། ལྷའི་བུ་དག་བདག་ལ་ཆོས་ཉན་པ་ལ་ཡང་སྒྱུ་མ་ལྟ་བུར་བཙལ་བར་བྱའོ་ཞེས་བྱ་བ་ནི་ཆོས་སྟོན་པ་དང་། ཆོས་ཉན་པ་དང་། ཆོས་བཤད་པར་བྱ་བ་རྣམས་ནི་ཀུན་རྫོབ་ཏུ་བརྗོད་པར་ཟད་ཀྱི། དོན་དམ་པར་དེ་དག་ཐམས་ཅད་ཀྱང་དངོས་པོ་མེད་དེ།

དངོས་པོ་མེད་པ་ལས་ཡོད་པ་ལྟ་བུར་སྣང་བ་ནི། སྒྱུ་མ་ལྟ་བུ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པ་ལྷའི་བུ་དག་བདག་གི་ཆོས་བསྟན་པ་ནི་སྤྲུལ་པ་ལ་བྱ་སྟེ། བདག་ལ་ཆོས་ཉན་པ་ཡང་སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། དེ་དག་ནི་ཅི་འང་ཉན་པ་མེད་ཅིང་མངོན་དུ་བྱེད་པ་མེད་དོ་

ཞེས་བྱ་བ་ནི་སྟོན་པ་དང་ཉན་པ་དང་། བཤད་པར་བྱ་བ་གསུམ་ཆར་དོན་དམ་པར་ཡོད་པ་མ་ཡིན་པའི་དཔེ་སྤྲུལ་པ་ལས་བླངས་ནས་བསྟན་པ་སྟེ། དེ་དག་ནི་ཅིའང་ཉན་པ་མེད་ཅིང་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ་ཀྱིས་གང་ཡང་མཉན་པ་མེད་དོ་ཞེས་བསྟན་པའོ། །མངོན་དུ་བྱེད་པ་མེད་དོ་ཞེས་བྱ་བ་ནི་བསྒོམས་

เล่ม ๙๑ · หน้า 288a

པའི་ཤེས་རབ་ཀྱིས་འབྲས་བུ་མངོན་སུམ་དུ་བྱས་པ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་

སྒྱུ་མ་ལྟ་བུ་ཡིན་ནམ་སེམས་ཅན་དེ་དག་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྤྲུལ་པ་ལྟ་བུ་ཡིན་ནམ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། རྨི་ལམ་ལྟ་བུ་ཡིན་པར་འཆད་དུ་གཞུག་པའི་སྐབས་དབྱེ་བའི་ཕྱིར་ཆོས་ཉན་པའི་སེམས་ཅན་དེ་དག་དང་།

བཤད་པར་བྱ་བའི་ཆོས་དེ་དག་ཀྱང་སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུ་ཡིན་ནམ་ཞེས་ལྷའི་བུ་རྣམས་ཀྱིས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་ནི་སྒྱུ་མ་ལྟ་བུའོ། །

སེམས་ཅན་དེ་དག་ནི་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་ནི་སྤྲུལ་པ་ལྟ་བུའོ་ཞེས་བྱ་བ་ནི་གོང་དུ་ལྷའི་བུ་རྣམས་ཀྱིས་དྲིས་པའི་དོན་དེ་ལྟ་བུ་ཡིན་ནོ་ཞེས་རབ་འབྱོར་གྱིས་ལན་བཏབ་པའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་རྨི་ལམ་ལྟ་བུའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུའོ། །

ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ནས། ལྷའི་བུ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་བྱ་བའི་བར་དུ་ནི་ཆོས་སྟོན་པ་དང་། ཉན་པ་དང་། བཤད་པར་བྱ་བའི་ཆོས་རྣམས་འབའ་ཞིག་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་ཡིན་པར་

མ་ཟད་ཀྱི། ཕུང་པོ་ལྔ་ལ་སོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་

སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་ན། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་དམ་ཞེས་བྱ་བ་ནི་ཐེག་པ་ཆུང་ངུ་བ་ལ་སོགས་པ་ཁ་ཅིག་མྱ་ངན་ལས་འདས་པ་དངོས་པོ་ཡོད་པར་འཛིན་པ་གསལ་བའི་ཕྱིར་དྲིས་

เล่ม ๙๑ · หน้า 288b

པའོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་བདག་ནི་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲས་ཏེ། དེ་བས་ན་གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་པ་ན་ཡང་དེ་ལ་བདག་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ་ཞེས་

བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་བཤད་ཅིང་བརྗོད་པ་ནི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི། དོན་དམ་པར་མྱ་ངན་ལས་འདས་པ་ཞེས་བྱ་བ་དངོས་པོ་ཡོད་པར་མ་གྱུར་ཏེ། དངོས་པོ་མེད་པ་ལས་ཡོད་པ་སྐད་དུ་བཤད་པ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུར་མངོན་ནོ་ཞེས་པའི་དོན་

ཏོ། །གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་དེ་ལ་བདག་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ་ཞེས་བྱ་བ་ནི་ལ་དོར་བའི་ཚིག་སྟེ། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ལྟ་མེད་མོད་ཀྱི། གལ་ཏེ་བརྒྱ་ལ་དེ་ལྟ་བུ་ཞིག་

ཡོད་ན་དེ་ཡང་ཀུན་རྫོབ་ཏུ་ཡོད་པར་བཏགས་སུ་ཟད་ཀྱི། དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། མྱ་ངན་ལས་འདས་

པ་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་དང་། སྒྱུ་མ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་དངོས་པོ་མེད་པ་ཡིན་ཏེ། དེ་ལྟ་བས་ན་རྨི་ལམ་དང་སྒྱུ་མ་དང་། མྱ་ངན་

ལས་འདས་པ་གསུམ་ཆར་ཡང་། དངོས་པོ་མེད་པར་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་མཛོད་ལྡན་ཆེན་པོ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་། ཚེ་དང་

ལྡན་པ་བྱམས་གང་གི་བུ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་

เล่ม ๙๑ · หน้า 289a

པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གསལ་བ། འདི་ལྟར་ཕྲ་བ། འདི་ལྟར་བཟང་བ་འདི་ལ་སུ་དག་ཡིད་ཆེས་པར་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུར་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་ཟབ་ཅིང་རྒྱ་ཆེ་བ་འདི་

ཀུན་རྫོབ་ཏུ་སུ་དག་ཡིད་ཆེས་པར་འགྱུར་བ་དང་། དོན་དམ་པར་སུ་ཡང་ཡིད་ཆེས་པར་འགྱུར་བ་མེད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་འཕགས་པ་ཉན་ཐོས་ཆེན་པོ་དགྲ་བཅོམ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་མང་པོ་རྣམས་ཀྱིས་རབ་འབྱོར་ལ་དྲིས་པ་སྟེ། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་ཞེས་བྱ་བ་ནི་ཐེག་པ་ཆུང་ངུ་པ་བློ་ཞན་པ་དང་། མུ་སྟེགས་ཅན་བདག་ཏུ་ལྟ་བའི་རྟོག་པའི་རྩིང་གེ་མ་རྣམས་ཀྱིས་བློས་གཏིང་དཔག་དཀའ་བའི་ཕྱིར་ཟབ་པའོ། །འདི་ལྟར་བལྟ་དཀའ་བ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔའི་ཡུལ་མ་

ཡིན་པའི་ཕྱིར་བལྟ་དཀའ་བའོ། །འདི་ལྟར་རྟོགས་པར་དཀའ་བ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་འོ། །འདི་ལྟར་ཞི་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བའོ། །འདི་ལྟར་གསལ་བ་

ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་ལ་མཁས་ཤིང་གསལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་གསལ་བའོ། །འདི་ལྟར་ཕྲ་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཕྲ་བའོ། །འདི་ལྟར་བཟང་བ་ཞེས་བྱ་བ་ནི་སྡུག་བསྔལ་

ཐམས་ཅད་ཉེ་བར་ཞི་བའི་ཕྱིར་བཟང་བའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བརྟག་དཀའ་བ། འདི་ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་ཕྲ་བ། འདི་ལྟར་གསལ་བ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་བཟང་བ།

เล่ม ๙๑ · หน้า 289b

འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་འདི་ལ་ཡིད་ཆེས་པར་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་ཟབ་ཅིང་རྒྱ་ཆེ་བ་དེ་ལ། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཡིད་ཆེས་པར་

འགྱུར་རོ་ཞེས་བསྟན་པ་སྟེ། ཟབ་པ་དང་། ཕྲ་བ་དང་། གསལ་བ་དང་། བལྟ་དཀའ་བ་དང་། རྟོགས་པར་དཀའ་བ་དང་། ཞི་བ་དང་བཟང་བའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །འདི་ལྟར་བརྟག་དཀའ་བ་ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་བརྟག་དཀའ་

བའོ། །འདི་ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་སེམས་ཀྱིས་བསམ་པས་ཐོག་ཏུ་མི་ཕེབས་པའི་ཕྱིར་བརྟག་པའི་སྤྱོད་ཡུལ་མ་ཡིན་པའོ། །འདི་ལྟར་ཤིན་ཏུ་འཕགས་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པར་འགྱུར་བའི་གནས་ཀྱི་མཆོག་ཡིན་པའི་ཕྱིར་

ཤིན་ཏུ་འཕགས་པའོ། །འདི་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་ཞེས་བྱ་བ་ནི་མཚན་མར་འཛིན་ཅིང་རྟོག་པ་དང་བཅས་པ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་གྱི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཁས་ཤིང་ཤེས་པ་རྣམས་ཀྱིས་ཐོག་ཏུ་ཕེབས་ཤིང་

རིག་པར་བྱ་བ་ཡིན་པའི་ཕྱིར་མཁས་ཤིང་ཤེས་པས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཡིད་ཆེས་པ་མེད་པ་མ་ཡིན་གྱི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་ལ་ཡིད་ཆེས་པར་འགྱུར་རོ་ཞེས་བསྟན་པའོ། །

བདེན་པ་མཐོང་བའི་གང་ཟག་པའམ། དགྲ་བཅོམ་པ་ཟག་པ་ཟད་པ་བསམ་པ་ཡོངས་སུ་རྫོགས་པའམ་ཞེས་བྱ་བ་ནི། འཕགས་པ་ཉན་ཐོས་ཀྱི་ནང་ན་ཡང་རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང་། འཕགས་པ་དགྲ་བཅོམ་

པ་ཟག་པ་ཟད་པ། བྱ་བ་བྱས་པ། ཁུར་བོར་བ་རྣམས་ལས་ཀྱང་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་རྒྱ་ཆེ་བ་འདི་ལ་ཡིད་ཆེས་པར་འགྱུར་བ་དག་ཡོད་དོ་ཞེས་བྱ་བ་དང་སྦྱར་རོ། །སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའི་སེམས་ཅན་སངས་རྒྱས་བྱེ་བ་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་བསྐྱེད་

เล่ม ๙๑ · หน้า 290a

པ་དག་དང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ནང་ན་ཡང་ཚེ་རབས་སྔ་མ་ལ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉན་པའི་འཕྲོ་ཡོད་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་རྒྱ་ཆེ་བ་འདི་ལ་ཡིད་ཆེས་ནས་དད་ཅིང་ཉམས་སུ་ལེན་

པ་ཡང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་གང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ནང་ནས་ཁ་ཅིག་སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པའི་ལས་ཀྱི་འཕྲོ་མེད་ཀྱང་ཚེ་འདི་ཉིད་ལ་དགེ་བའི་བཤེས་གཉེན་ལ་བརྟེན་

པའི་ཡོན་ཏན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་ཅིང་བརྟག་བཀའ་བ་ལ་ཡིད་ཆེས་ཤིང་སྤྱོད་པར་འགྱུར་བ་ཡོད་དོ་ཞེས་བསྟན་པའོ། །དེ་དག་ནི་གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་ཞེས་བྱ་བ་

ལ་སོགས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་བདེན་པ་མཐོང་བ་དང་། དགྲ་བཅོམ་པ་དང་སོ་སོའི་སྐྱེ་བོ་སྔོན་གྱི་བསོད་ནམས་ཀྱི་འཕྲོ་ཡོད་པ་དང་། སོ་སོའི་སྐྱེ་བོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་

ཅིང་བརྟག་དཀའ་བ་ལ་དད་ཅིང་ཡིད་ཆེས་པར་འགྱུར་བ་ཡང་ཀུན་རྫོབ་ཏུ་དད་ཅིང་ཡིད་ཆེས་པར་འགྱུར་དུ་ཟད་ཀྱི། དོན་དམ་པར་ནི་གཟུགས་ལ་སོགས་པའི་ཆོས་གང་ལ་ཡང་དངོས་པོར་འཛིན་ཅིང་རྣམ་པར་རྟོག་པར་འགྱུར་བ་མེད་དོ་ཞེས་བསྟན་པ་སྟེ། སྐབས་འདིར་ཡང་གཟུགས་ལ་སོགས་པའི་

ཕུང་པོ་ལྔ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཞི་བ་དང་། དབེན་པར་རྣམ་པར་རྟོག་པར་མི་འགྱུར་ལ། སྟོང་པ་ཉིད་ལ་སོགས་པ་དེ་དག་ཀྱང་གཟུགས་ལ་སོགས་པ་ཡིན་པར་རྣམ་པར་རྟོག་པར་མི་འགྱུར་བ་ནི་

གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། དབེན་པ་རྣམས་ཀྱང་གཟུགས་ལ་སོགས་པ་ཡིན་པར་རྣམ་པར་རྟོག་པར་མི་འགྱུར་བ་ནི་དོན་དམ་པར་དེ་དག་ཐམས་ཅད་དངོས་པོ་མེད་པའི་

เล่ม ๙๑ · หน้า 290b

ཕྱིར་རོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ། སྟོང་པ་ཉིད་ལ་སོགས་པའི་ཆོས་བདུན་དང་སྦྱར་ཏེ། ཇི་ལྟར་བཤད་པ་དེ་བཞིན་དུ་མིག་ལ་སོགས་པ་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང་། རྣམ་པར་ཤེས་པ་དྲུག་དང་། འདུས་ཏེ་རེག་པ་དྲུག་དང་། རེག་པ་ལས་བྱུང་བའི་ཚོར་བ་དྲུག་དང་།

སའི་ཁམས་ལ་སོགས་པ་ཁམས་དྲུག་དང་། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་བཅོ་བརྒྱད་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། འཕགས་

པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་དང་།

ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྒྱུན་དུ་ཞུགས་པ་ལ་

སོགས་པའི་འབྲས་བུ་བཞི་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ལྷའི་

བུ་དག་རྣམ་གྲངས་འདིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་ཟབ་པ་དེ་ལྟར་བརྟག་ཏུ་མི་རུང་བ། དེ་ལྟར་བརྟག་ཏུ་མི་རུང་བའི་སྤྱོད་ཡུལ། དེ་ལྟར་ཕྲ་བ། དེ་ལྟར་གསལ་བ། དེ་ལྟར་བལྟ་དཀའ་བ། དེ་ལྟར་རྟོགས་པར་དཀའ་བ། དེ་ལྟར་ཞི་བ། དེ་ལྟར་བཟང་བ། དེ་ལྟར་ཤིན་ཏུ་འཕགས་

པ། དེ་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་དེ་ལ་ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དེ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པར་མི་འགྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་བརྟག་དཀའ་བ་འདི་ཡང་དོན་དམ་པར་རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་དོན་དམ་པར་

เล่ม ๙๑ · หน้า 291a

ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་དག་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དོ་ཞེས་བྱ་བ་ནི་རྣམ་པར་རྟོག་པར་མི་འགྱུར་ཞིང་། ཡིད་ཆེས་པར་བྱེད་པ་སུ་ཡང་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་

པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཆོས་གང་ཡང་མདོར་བརྗོད་པ་ཡང་མེད། ཞིབ་ཏུ་བཤད་པ་ཡང་མེད་པའི་ཕྱིར་ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་པ་དེ་བཞིན་དུ་འདི་ལ་སེམས་ཅན་གང་ཡང་ཡིད་ཆེས་པར་བྱེད་པ་མེད་དོ་ཞེས་

བྱ་བ་ནི་ཇི་ལྟར་ཡིད་ཆེས་པར་བྱ་བའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་མ་བརྗོད་མ་བཤད་པ་དེ་བཞིན་དུ་ཡིད་ཆེས་པར་བྱེད་པའི་སེམས་ཅན་ཡང་དོན་དམ་པར་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་

སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱང་རྒྱ་ཆེར་རྣམ་པར་མ་བཀོད་དམ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་རབ་

འབྱོར་གྱིས་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དོ་ཞེས་སྨྲས་ཏེ། ཆོས་སྟོན་པ་དང་། ཉན་པ་གཉི་ག་མེད་པར་བསྟན་པ་གཞུང་ལས་ནི་ཐེག་པ་གསུམ་ལ་སོགས་པ་རྒྱ་ཆེར་རྣམ་པར་བཀོད་ཅིང་བཤད་ལ། རབ་འབྱོར་གྱིས་ནི་ཆོས་གང་ཡང་མ་བརྗོད་མ་བཤད་དོ་ཞེས་སྨྲས་པ་གཞུང་དང་འགལ་བའི་གལ་

བཟུང་སྟེ་དྲིས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བ་ཡང་མ་བསྟན་ཏམ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་ས་དང་པོ་ནས་ས་བཅུ་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་ཡོངས་སུ་བཟུང་བ་ཞེས་བྱ་བ་སྟེ། དེ་ཉིད་གསལ་བར་བསྟན་པའི་ཕྱིར། སེམས་དང་པོ་བསྐྱེད་པ་ནས། སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དང་པོ་བསྐྱེད་པ་ཞེས་

เล่ม ๙๑ · หน้า 291b

བྱ་བ་ནི་ས་དང་པོ་ཐོབ་པ་ལ་བྱའོ། །སེམས་བཅུ་པ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་བྱའོ། །དེ་ལྟར་ས་དང་པོ་ནས་ས་བཅུ་པ་ཡོངས་སུ་རྫོགས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཀྱང་མ་བསྟན་ཏམ་ཞེས་རབ་འབྱོར་ལ་དྲིས་

པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་རྣམས་ཀྱང་མ་བསྟན་ཏམ་ཞེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་། ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པར་འགྱུར་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་

སེམས་དཔའི་ཡོན་ཏན་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྫུས་ཏེ་སྐྱེ་བར་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་ཉམས་པ་མེད་པའི་ཆོས་ཅན་དུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དང་།

སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་བཀུར་སྟི་བྱེད་ནུས་པའི་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐམས་ཅད་ཐོས་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་མི་བརྗེད་ཅིང་། རྒྱུན་འཆད་པར་མི་འགྱུར་བ་དང་།

རྟག་ཏུ་སེམས་མཉམ་པར་གཞག་པ་དང་། སྤོབས་པ་ཐམས་ཅད་ཕུན་སུམ་ཚོགས་པ་དག་ཀྱང་གཞུང་ལས་མ་བཤད་དམ་ཞེས་དྲིས་པ་སྟེ། དེ་ལ་ཐོགས་པ་མེད་པའི་སྤོབས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དྲན་པ་ཕུན་སུམ་ཚོགས་པས་ཆོས་སྟོན་པའི་ཚེ་དོན་དང་ཚིག་གཉི་ག་ལ་ཐགས་ཐོགས་

མེད་པའོ། །རྒྱུན་ཆད་པ་མེད་པའི་སྤོབས་པ་ཞེས་བྱ་བ་ནི་བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའོ། །མཉམ་པར་གཞག་པའི་སྤོབས་པ་ཞེས་བྱ་བ་ནི་དྲན་པ་ཉམས་པ་མེད་ཅིང་འདོད་ཆགས་ལ་སོགས་པའི་ཡུལ་ལ་གཡེང་བ་མེད་པར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །རིགས་པའི་སྤོབས་པ་

ཞེས་བྱ་བ་ནི་ཚད་མ་དང་མི་འགལ་བར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །འབྲེལ་པའི་སྤོབས་པ་ཞེས་བྱ་བ་ནི་ལུང་དང་མི་འགལ་ཞིང་དོན་དང་ཚིག་སྔ་ཕྱི་འབྲེལ་བར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །དོན་དང་ལྡན་པའི་སྤོབས་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་འབྲས་བུ་ཐོབ་པར་འགྱུར་

เล่ม ๙๑ · หน้า 292a

བའི་དོན་དང་ལྡན་པར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་ལས་འཕགས་ཤིང་འཇིག་རྟེན་ལས་འདས་པའི་ལམ་ཁྱད་པར་ཅན་སྟོན་པའི་སྤོབས་པ་དང་ལྡན་

པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱང་རྒྱ་

ཆེར་བསྟན་ཏོ་ཞེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤཱ་རིའི་བུས་གོང་དུ་དྲིས་པའི་ཆོས་དེ་དག་ཐམས་ཅད་རབ་འབྱོར་གྱིས་བཟླས་ནས་ཆོས་དེ་དག་གཞུང་ལས་བཤད་པ་ནི་བདེན་ན་

ཀུན་རྫོབ་ཏུ་བསྟན་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་ཆོས་དེ་དག་ཐམས་ཅད་དམིགས་སུ་མེད་དེ། དེ་ལྟར་དོན་དམ་པར་དམིགས་སུ་མེད་པ་ལས་ཀུན་རྫོབ་ཏུ་སྒྲོ་བཏགས་ཏེ་བཤད་པ་ནི་ཡང་དག་པར་བརྗོད་པའམ་བཤད་པ་མ་ཡིན་ནོ་ཞེས་བསྟན་པའོ། །གང་མི་དམིགས་པའི་ཚུལ་གྱིས་ཤེ་ན།

བདག་མི་དམིགས་པའི་ཚུལ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ་དེ་ལྟ་བུར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཐེག་པ་གསུམ་ལ་སོགས་པའི་ཆོས་གཞུང་ལས་བཤད་པ་དེ་དག་དོན་དམ་པར་མེད་ཅིང་མི་དམིགས་པ་བསྟན་པ་སྟེ། མུ་སྟེགས་

ཅན་གྱིས་བརྟག་པའི་བདག་དང་སེམས་ཅན་ལ་སོགས་པའི་གང་ཟག་རྣམས་དང་། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་མེད་ཅིང་མི་དམིགས་པ་ལས་སེམས་ཅན་རྣམས་དྲང་བའི་ཕྱིར་ཀུན་རྫོབ་ཏུ་སྒྲོ་བཏགས་ཏེ་བརྗོད་ཅིང་

བཤད་པ་ཙམ་དུ་ཟད་ཀྱི་ཡང་དག་པར་བརྗོད་ཅིང་བཤད་པ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མི་དམིགས་པའི་ཚུལ་གྱིས་

เล่ม ๙๑ · หน้า 292b

ཐེག་པ་གསུམ་རྒྱ་ཆེར་བསྟན་ཞེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པ་ཡིན་ཞེས་བྱ་བའི་བར་དུ་ནི་ཐེག་པ་གསུམ་ལ་སོགས་པའི་ཆོས་གོང་དུ་སྨོས་པ་དེ་དག་ཅིའི་ཕྱིར་མི་དམིགས་པའི་ཚུལ་གྱིས་བསྟན་པའི་གཏན་ཚིགས་དྲིས་

པའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་

ཉིད་ཀྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ཏེ་དེ་ལྟར་སྟོང་པའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་ཐེག་པ་གསུམ་མི་དམིགས་པའི་ཚུལ་གྱིས་རྒྱ་ཆེར་བསྟན་པའི་གཏན་ཚིགས་བསྟན་

པའོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པའི་ཕྱིར་ཆོས་བསྟན་པ་དང་། ས་དང་པོ་ནས་ས་བཅུ་པའི་བར་དུ་བྱང་ཆུབ་སེམས་དཔའི་ལམ་གྱི་ཆོས་ཕ་རོལ་ཏུ་

ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་རྣམས་བསྟན་པ་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དང་། རྫུས་ཏེ་སྐྱེ་བར་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་ཉམས་པ་མེད་པའི་ཆོས་

ཅན་དུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱེད་ནུས་པའི་དགེ་བའི་རྩ་བ་ཕུན་སུམ་ཚོགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཆོས་ཐོས་པ་ཡང་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་མི་བརྗེད་ཅིང་རྒྱུན་ཆད་པར་མི་འགྱུར་བ་དང་། རྟག་ཏུ་སེམས་མཉམ་པར་གཞག་པ་དང་། སྤོབས་པ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་དག་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་བཅོ་བརྒྱད་རེ་རེ་དང་སྦྱར་ཏེ། དེ་ལྟར་སྟོང་པའི་ཕྱིར་ཆོས་དེ་དག་མི་

เล่ม ๙๑ · หน้า 293a

དམིགས་པའི་ཚུལ་གྱིས་བསྟན་ཏོ་ཞེས་མི་དམིགས་པའི་ཚུལ་གྱིས་བསྟན་པའི་གཏན་ཚིགས་བཤད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་དྲུག་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་

གྱུར་ཏེ། གནས་བརྟན་རབ་འབྱོར་གྱིས་དེ་ལྟར་ཆོས་ཀྱི་ཆར་པ་འདི་ཕབ་སྟེ་བསྟན་ན། དེ་ལ་བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། མེ་ཏོག་མངོན་པར་སྤྲུལ་པ་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

དང་། དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་ལ་གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །རབ་ཏུ་གཏོར་བར་བྱའོ་སྙམ་མོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་སྨོས་པའི་རིམ་པས་མི་དམིགས་པའི་ཚུལ་གྱིས་ཆོས་ཟབ་མོ་བཤད་པ་ལ། ལྷའི་དབང་

པོ་བརྒྱ་བྱིན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དད་པ་སྐྱེས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་འདི་སྟོན་པ་དང་། ཉན་པ་ལ་མཆོད་པ་བྱ་བར་སེམས་པ་བསྟན་པ་སྟེ། གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །རབ་ཏུ་གཏོར་བར་བྱའོ་ཞེས་ལན་གསུམ་སྨོས་པ་ནི་དད་པའི་ཤུགས་ཀྱིས་མེ་ཏོག་ལན་གསུམ་དུ་བཟླས་ཏེ་གཏོར་བར་བསྟན་པའོ། །དེ་ནས་ལྷའི་དབང་

པོ་བརྒྱ་བྱིན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་ཞེས་བྱ་བ་ལ་སོགས་པ་ནི་ལྷའི་དབང་པོ་བརྒྱ་བྱིན་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱིས་དེ་ལྟར་སེམས་བསྐྱེད་པའི་འོག་ཏུ་ལྷ་རྫས་ཀྱི་མེ་ཏོག་མན་དཱ་ར་

བ་མང་པོ་མངོན་པར་སྤྲུལ་ཏེ་མཆོད་པ་བྱས་པ་བསྟན་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དད་པ་སྐྱེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང་། ཉན་པ་ལ་མཆོད་པ་བྱ་བ་བསྟན་པ་དང་། མ་འོངས་པའི་དུས་ཀྱི་སྐྱེ་བོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་སྟོན་ཅིང་ཉན་

เล่ม ๙๑ · หน้า 293b

པ་ལ་མཆོད་པ་དང་། རིམ་གྲོ་བསྐྱེད་དུ་གཞུག་པའི་ཕྱིར་རོ། །མེ་ཏོག་དེ་དག་གིས་གཏོར་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཞི་མེ་ཏོག་གིས་ཁེངས་པར་གྱུར་ནས། སྟེང་གི་བར་སྣང་ལ་ཡང་མེ་ཏོག་གི་ཁང་པ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་

པོའི་འཇིག་རྟེན་གྱི་ཁམས་ཙམ་མདངས་དགའ་ཞིང་ཡིད་དུ་འོང་བ་ཀུན་ནས་གནས་པར་གྱུར་ཏོ་ཞེས་བྱ་བ་ནི་དེ་ལྟར་ལྷ་རྣམས་དད་པ་སྐྱེས་ནས་མེ་ཏོག་སྤྲུལ་པ་ཕུལ་བ་སེམས་ལ་སྒྱུ་མེད་ཅིང་བསམ་པ་དག་པས་ཕུལ་བའི་རྟགས་སུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གཞི་མེ་ཏོག་གིས་

ཁེངས་པར་གྱུར་པ་དང་། སྟེང་གི་བར་སྣང་ལ་མེ་ཏོག་གི་ཁང་པ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་པར་བཅོམ་ལྡན་འདས་ཀྱིས་བྱིན་གྱི་རླབས་བསྟན་པ་སྟེ། ད་ལྟར་བསྟན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་སྟོན་པ་དང་ཉན་པ་ལ་མཆོད་

པ་བྱས་པ་དོན་མེད་པར་མི་འགྱུར་བའི་རྟགས་བསྟན་པའོ། །དེ་ནས་གནས་བརྟན་རབ་འབྱོར་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ལྷ་རྣམས་ཀྱིས་མངོན་པར་སྤྲུལ་པའི་མེ་ཏོག་དེ་རྣམས་དེ་ལྟར་རྒྱ་ཆེ་ཞིང་གྲངས་མང་ལ་བཟང་བ་འཇིག་རྟེན་ན་ཡོད་པ་མི་སྲིད་དེ། མེ་ཏོག་དེ་དག་

ལྡུམ་བུ་ལས་སྐྱེས་པའམ་ཆུ་དང་ཐང་ལས་སྐྱེས་པ་ནི་མ་ཡིན་གྱི་སྤྲུལ་པ་སྟེ། ཡིད་ལས་བྱུང་བ་ཡིན་ནོ་སྙམ་དུ་སེམས་པར་གྱུར་པ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གནས་བརྟན་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ནི་མ་བྱུང་བ་སྟེ། མེ་

ཏོག་འདི་དག་ཡིད་ལས་བྱུང་བ་མ་ཡིན་ནོ། །ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་མེ་ཏོག་འདི་དག་བཟང་ལ་དཀོན་པ་བསྔགས་པའི་ཕྱིར་སྤྲུལ་པ་སྟེ། ཡིད་ལས་བྱུང་བ་ཡིན་པར་བསྔགས་པ་བརྒྱ་བྱིན་གྱིས་དོན་དམ་པ་དང་སྦྱར་ཏེ། མེ་ཏོག་དེ་དག་ནི་ཡང་དག་པར་མ་

བྱུང་བས་ཡིད་ལས་བྱུང་བ་ཡང་མ་ཡིན་ན་ལྡུམ་བུ་ལས་བྱུང་བ་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་སྐད་དུ་མེ་ཏོག་འདི་དག་མ་སྐྱེས་པ་སྟེ། མེ་ཏོག་འདི་དག་ཡིད་ལས་བྱུང་བ་མ་ཡིན། ལྡུམ་བུ་ལས་བྱུང་བ་མ་ཡིན་ཞེས་ཟེར་བ་ནི། ཀཽ་ཤི་ཀ་

เล่ม ๙๑ · หน้า 294a

དེ་ལྟར་མ་སྐྱེས་པ་ནི་མེ་ཏོག་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་བརྒྱ་བྱིན་གྱིས་དོན་དམ་པར་མེ་ཏོག་དེ་དག་མ་སྐྱེས་པར་བསྟན་པས་ཀྱང་ལྷག་པར་ཟབ་པ་བསྟན་པ་སྟེ། དེ་ལྟར་མ་སྐྱེས་པ་ཡིན་ན་མ་སྐྱེས་པ་ནི་དངོས་པོ་མེད་པ་ཡིན་པས་མེ་ཏོག་ཀྱང་མ་ཡིན་པ་ཞེས་བསྟན་པའོ། །བརྒྱ་བྱིན་

གྱིས་སྨྲས་པ། བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ཉི་ཚེ་མ་བྱུང་བར་ཟད་དམ། འོན་ཏམ་གཟུགས་ཀྱང་མ་བྱུང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མ་བྱུང་ཞིང་དངོས་པོ་མེད་པར་བསྟན་པའི་གླེང་བསླང་བའི་ཕྱིར་དེ་སྐད་ཅེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ།

ཀཽ་ཤི་ཀ་འདི་དག་ཉི་ཚེ་མ་བྱུང་བར་མ་ཟད་ཀྱི། ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང་བ་སྟེ་གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་གྱི་ཆོས་མིང་གིས་སྨོས་པ་དེ་དག་ཐམས་ཅད་ཀྱང་དོན་དམ་པར་མ་བྱུང་བ་སྟེ། མ་བྱུང་བ་

གང་ཡིན་པ་དེ་ནི་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་བཞིན་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་དེ་ལྟར་བཏགས་པ་དང་ཡང་མི་འགལ། ཆོས་ཉིད་ཀྱང་སྟོན་པ་དེ་ནི་ཤེས་རབ་

ཟབ་པོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པར་བསྟན་ནས། མ་བྱུང་མ་སྐྱེས་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའི་དོན་བརྒྱ་བྱིན་གྱིས་རྟོགས་ནས་རབ་འབྱོར་དེ་ལྟར་ཤེས་རབ་ཟབ་པ་ངོ་མཚར་དུ་གྱུར་པ་བསྟན་པ་སྟེ།

བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་ཡང་མི་འགལ་བར་སྟོན་ལ། དོན་དམ་པར་ཆོས་དེ་དག་མ་བྱུང་མ་སྐྱེས་ཤིང་དངོས་པོ་མེད་པར་བསྟན་པ་ནི་ཆོས་ཉིད་ཀྱང་སྟོན་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་

བརྒྱ་བྱིན་ལ་བཀའ་སྩལ་པ། དེ་དེ་བཞིན་ཏེ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །གནས་བརྟན་རབ་འབྱོར་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་སྟེ། དེ་ལྟར་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་ཏོ་ཞེས་བྱ་བ་ནི་བརྒྱ་བྱིན་གྱིས་བསམ་པའི་དོན་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །དེ་ནས་ལྷའི་

เล่ม ๙๑ · หน้า 294b

དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་གནས་བརྟན་རབ་འབྱོར་འདི་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ལགས་ཞེས་བྱ་བ་ནི་བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན་པའི་དོན་འཁོར་ཐམས་ཅད་ཀྱིས་

ཤེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ཞུས་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་

འབྱོར་གྱིས་མི་འགལ་བར་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་ལ། ཐ་སྙད་ཙམ་དུ་བཏགས་པ་གང་ཡིན་པ་དེ་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ལྟར་དོན་དམ་

པར་དངོས་པོ་མེད་པ་དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པས་ཡང་དག་པ་ཉིད་ཡིན་ནོ། །དེ་ལྟ་བུའི་ཡང་དག་པ་ཉིད་དང་མི་འགལ་བར་བསྟན་པ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་མེད་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་

པ་དེ་ནི་མི་འགལ་རྣམ་པར་མི་འགལ་ལོ་ཞེས་བྱ་བ་ནི་དངོས་པོ་ཞིག་ཡོད་ན་ནི་དངོས་པོ་དེ་གཉིས་མཚན་ཉིད་མི་མཐུན་པས་ཕན་ཚུན་དུ་འགལ་བ་ཡང་སྲིད་ན། དོན་དམ་པར་ཆོས་དེ་དག་དངོས་པོ་མེད་པར་རོ་གཅིག་པས་ཕན་ཚུན་དུ་འགལ་བ་དང་རྣམ་པར་འགལ་བ་མེད་དོ་ཞེས་བསྟན་པའོ། །

གང་མི་འགལ་རྣམ་པར་མི་འགལ་བ་དེ་གནས་བརྟན་འབྱོར་གྱིས་བསྟན་ཏེ་འགལ་བ་མེད་དོ་ཞེས་བྱ་བ་ནི་གནས་བརྟན་རབ་འབྱོར་གྱིས་དེ་ལྟར་ཀུན་རྫོབ་དང་དོན་དམ་པ་གཉིས་ཕན་ཚུན་མི་འགལ་བར་ཆོས་བསྟན་པ་དང་། དོན་དམ་པར་ཡང་འགལ་བའི་དངོས་པོ་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་

ཀ་དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་བཏགས་པ་དང་ཡང་འགལ་བར་མི་བྱེད་ལ། ཆོས་ཉིད་ཀྱང་སྟོན་ཏོ་ཞེས་བྱ་བ་ནི་དེ་ལྟར་རབ་འབྱོར་གྱིས་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ཚུལ་འགལ་བ་མེད་པར་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་

เล่ม ๙๑ · หน้า 295a

ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་ཞེས་དྲིས་པའི་ལན་དུ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པ་བསྟན་ནས། དེའི་འོག་ཏུ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་པའི་ལན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བྱ་བའི་དོན་ཞིབ་ཏུ་བཤད་པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། ཀཽ་ཤི་ཀ་

དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་ནི་བཏགས་པ་ཙམ་དུ་བསྟན་ཏོ་ཞེས་བྱ་བ་ནི་གོང་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཀྱེ་མ་གནས་བརྟན་རབ་འབྱོར་འདི་དེ་ལྟར་བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་པོ་སྙམ་དུ་བསམས་

པའི་དོན་རབ་འབྱོར་གྱིས་ཤེས་ནས། བདག་གིས་ཆོས་ཐམས་ཅད་བཏགས་པ་དང་ཡང་མི་འགལ་བར་བཤད་པ་ལ་ཆོས་ཉིད་ཀྱང་བསྟན་པ་ནི་བདེན་ཏེ། དེ་དེ་བཞིན་ནོ་ཞེས་སྨྲས་པ་སྟེ། དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་བཤད་ཅིང་ཆོས་ཉིད་ཀྱང་བསྟན་པ་ནི་བདག་གིས་རང་བཟོ་བྱས་

པ་མ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་བཏགས་པ་ཙམ་དུ་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

བསླབ་པར་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བྱ་བའི་ཐབས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པ་ལས་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་པར་ཤེས་པར་བྱ་སྟེ། དེ་དག་ལ་དངོས་པོར་མི་ལྟ་ཞིང་མ་ཆགས་པར་བྱས་ལ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་གཟུགས་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་

เล่ม ๙๑ · หน้า 295b

པ་ནི་དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རིག་པར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་དེས་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་རྟོགས་ཏེ། དངོས་པོ་ཡོད་པར་ཡང་

དག་པར་རྗེས་སུ་མི་མཐོང་བའི་ཕྱིར་གཟུགས་ལ་སོགས་པའི་ཆོས་དེ་དག་ལ་དངོས་པོར་འཛིན་པའི་ཚུལ་གྱིས་མི་སློབ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅིའི་ཕྱིར་ན་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཅིའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་

འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་ཆོས་དེ་དག་རང་བཞིན་གྱིས་སྟོང་པའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ཀྱིས་གཟུགས་སྟོང་

པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་མཐོང་བར་བྱ་བ་དང་། མཐོང་བར་བྱེད་པ་གཉི་ག་རང་བཞིན་གྱིས་སྟོང་པའི་ཕྱིར་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་དེ་ལྟར་གང་སྟོང་པ་ཉིད་འདི་ལ་མི་སློབ་པ་དེ་ནི་སྟོང་པ་ཉིད་གཉིས་

སུ་མེད་པས་སྟོང་པ་ཉིད་ལ་སློབ་སྟེ་ཞེས་བྱ་བ་ནི་དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། དོན་དམ་པར་ཡང་དག་པར་རྗེས་སུ་མི་མཐོང་བས་དངོས་པོར་འཛིན་པའི་ཚུལ་གྱིས་མི་སློབ་པ་ཉིད་དོན་དམ་པའི་མཚན་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན་ནོ་ཞེས་བསྟན་པའོ། །དེ་

གཉིས་སུ་བྱར་མེད་པར་གཟུགས་སྟོང་པ་ཉིད་ལ་སློབ་བོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ལ་མཚན་མ་དང་། དངོས་པོ་ཡོད་པར་ལྟ་ཞིང་མི་སློབ་པ་ཉིད་གཟུགས་ལ་སོགས་པའི་སྟོང་པ་ཉིད་ལ་སློབ་པ་ཡིན་ནོ་ཞེས་བསྟན་

เล่ม ๙๑ · หน้า 296a

པའོ། །ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་སྟོང་པ་ཉིད་ལ་གཉིས་སུ་མེད་པར་སློབ་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་

པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་གཉིས་སུ་བྱར་མེད་ཅིང་འཁོར་གསུམ་ཡོངས་སུ་དག་པས་སློབ་པ་ཡིན་ནོ་ཞེས་བསྟན་པའོ། །གཉིས་སུ་བྱར་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གང་སློབ་པ་དང་ཞེས་བྱ་བ་ནས།

དེ་ནི་གཉིས་སུ་བྱར་མེད་པར་སངས་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་པ་ལ་སློབ་བོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ། གཉིས་སུ་བྱར་མེད་པར་སློབ་པ་གང་ཡིན་པ་དེའི་ཕན་ཡོན་བསྟན་པ་སྟེ། སྦྱིན་པ་

ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས་ལ་དེ་ལྟར་གཉིས་སུ་བྱར་མེད་པར་བསླབས་ན་དེ་ལས་གཞན་པའི་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཚད་མེད་གྲངས་མེད་པ་རྣམས་ལ་ཡང་བསླབ་པར་འགྱུར་རོ་ཞེས་བསྟན་པ་སྟེ། ཆོས་རྒྱ་ཆེན་པོ་དེ་དག་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཉིས་སུ་བྱར་

མེད་པར་སངས་རྒྱས་ཀྱི་ཆོས་ཚད་མེད་གྲངས་མེད་པ་ལ་གང་སློབ་པ་དེ་ནི་གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཚད་མེད་གྲངས་མེད་པ་ལ་གཉིས་སུ་བྱར་མེད་པར་སློབ་པ་གང་ཡིན་པ་དེས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་

རོ་གཅིག་ཅིང་། གཉིས་སུ་དབྱེར་མེད་པར་རྟོགས་པས་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་ཡང་དཀར་པོའི་ཕྱོགས་འཕེལ་བར་བྱ་བ་དང་། ནག་པོའི་ཕྱོགས་འགྲིབ་པར་བྱ་བའི་ཕྱིར་དངོས་པོར་དམིགས་ཤིང་མི་སློབ་བོ་ཞེས་བསྟན་པའོ། །དེ་ལྟར་

ན་གང་གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པ་དང་ཞེས་བྱ་བ་ནས། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ་བོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་འཕེལ་བ་དང་།

เล่ม ๙๑ · หน้า 296b

འགྲིབ་པ་མེད་པར་རྟོགས་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་བླང་དོར་མེད་པར་རྟོགས་པས་གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལས་བཟང་པོ་རྣམས་ནི་ཡོངས་སུ་གཟུང་ཞིང་བླང་བ་དང་། ངན་པ་རྣམས་སྤང་ཞིང་མེད་པར་བྱ་བའི་ཕྱིར་མི་སློབ་བོ་

ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་ནི་

ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པའི་གཏན་ཚིགས་ཞིབ་ཏུ་འཆད་དུ་གཞུག་པའི་ཕྱིར་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་དེ་ལྟར་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན་ནམ་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །

རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ་བོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་

ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་དེ་ལྟར་མི་སློབ་བོ་ཞེས་ཤཱ་རིའི་བུ་ལ་རབ་འབྱོར་གྱིས་སྨྲས་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅིའི་ཕྱིར་ན། གཟུགས་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན་

ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཕུང་པོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་དེ་ལྟར་མི་སློབ་པ་ཅིའི་ཕྱིར་མི་སློབ་པའི་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་གཟུགས་ལ་

ཡོངས་སུ་འཛིན་པ་མེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ལ་གཟུགས་ཡོངས་སུ་མི་འཛིན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་ཡོངས་སུ་འཛིན་པ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པའི་གཏན་ཚིགས་རབ་འབྱོར་གྱིས་བཤད་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་

เล่ม ๙๑ · หน้า 297a

གི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་ཕྱི་ནང་གཉིས་ཀ་རང་བཞིན་གྱིས་སྟོང་སྟེ། གཟུང་བའི་རང་བཞིན་ཀྱང་མེད་ལ། འཛིན་པའི་རང་བཞིན་ཀྱང་མེད་པས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་དེ་ལྟར་མི་སློབ་བོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར། གཟུང་བ་དང་འཛིན་པ་མེད་པར་རྟོགས་པས་ཆོས་གང་ལ་ཡང་མཚན་མས་

མི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་རོ་ཞེས་འཛིན་པ་མེད་པའི་ཕན་ཡོན་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡིན་ནམ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་འཛིན་པ་མེད་པའི་ཕན་ཡོན་བསྟན་པ། འཁོར་རྣམས་བསྟན་པ་འཛིན་དུ་གཞུག་པའི་ཕྱིར་དེ་ལྟར་ཡིན་ནམ་ཞེས་ཤཱ་རིའི་བུས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་བྱ་བ་ནི་ཤཱ་རིའི་བུས་དེ་ལྟར་སློབ་པའི་བྱང་ཆུབ་

སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡིན་ནམ་ཞེས་དྲིས་པའི་ལན་དུ། དེ་ལྟར་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཏེ། དེ་ཡང་མཚན་མར་ཡོངས་སུ་འཛིན་པའི་ཚུལ་གྱིས་ནི་མ་ཡིན་པ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་

པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་དང་མེད་པར་བྱ་བ་མེད་པའི་ཕྱིར་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་འབྱུང་བར་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ལ་གཟུང་བ་དང་། འཛིན་པ་མེད་པར་བསླབས་པའི་ཕན་ཡོན་

เล่ม ๙๑ · หน้า 297b

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དེ་ཐབས་ཇི་ལྟར་འགྱུར་ཞེས་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཀྱི་སྐྱེ་བ་མི་

མཐོང་འགག་པ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས། དངོས་པོ་མེད་པ་ལ་སྐྱེ་བ་དང་འགག་པ་དང་། བླང་བ་དང་། དོར་བ་དང་། ཀུན་ནས་ཉོན་

མོངས་པ་དང་། རྣམ་པར་བྱང་བ་དང་། སོགས་པ་དང་། བྲི་བ་དང་། འགྲིབ་པ་དང་། འཕེལ་བ་ཡང་མེད་པའི་ཕྱིར་སྐྱེ་བ་དང་འགག་པ་ལ་སོགས་པ་ཡོད་པར་མི་ལྟ་ཞིང་མཚན་མར་མི་འཛིན་ཏེ། དེ་དག་གང་ལ་ཡང་མ་ཆགས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །

དེ་ལ་གཟུགས་ཀྱི་སྐྱེ་བ་མི་མཐོང་ཞེས་བྱ་བ་ནི་དོན་དམ་པར་གཟུགས་དངོས་པོ་མེད་པས་སྐྱེ་བ་ཡང་མི་སྲིད་པའི་ཕྱིར་རོ། །འགག་པ་མི་མཐོང་ཞེས་བྱ་བ་ནི་སྐྱེ་བ་མེད་པས་འགག་པ་ཡང་མེད་པའི་ཕྱིར་རོ། །བླང་བ་མི་མཐོང་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཀྱི་དངོས་པོ་མེད་པས་བླང་བའམ་ཐོབ་པར་བྱ་བ་

མེད་པའི་ཕྱིར་རོ། །དོར་བ་མི་མཐོང་ངོ་ཞེས་བྱ་བ་ནི་དེ་ལྟར་བླང་བ་མེད་པས་བླང་བའི་ཟླས་འགྲུབ་པའི་དོར་བ་ཡང་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མི་མཐོང་ཞེས་བྱ་བ་ནི་དེ་ལྟར་དོར་བ་མེད་པས་སྐྱོན་དང་བཅས་པའི་དངོས་པོ་ཀུན་ནས་ཉོན་མོངས་པའི་རང་བཞིན་ཅན་སྤང་བར་བྱ་བ་མེད་པའི་ཕྱིར་རོ། །

རྣམ་པར་བྱང་བ་མི་མཐོང་ཞེས་བྱ་བ་ནི་དེ་ལྟར་ཀུན་ནས་ཉོན་མོངས་པ་མེད་པས་དེའི་ཟླས་འགྲུབ་པའི་རྣམ་པར་བྱང་བ་ཡང་མེད་པའི་ཕྱིར་རོ། །སོགས་པ་མི་མཐོང་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཀྱི་དངོས་པོ་མེད་པས་རྡུལ་ཕྲ་རབ་ལ་སོགས་པ་བསགས་ཤིང་བརྩེགས་པ་ལས་ཕུང་པོར་འགྱུར་

བ་མེད་པའི་ཕྱིར་རོ། །འབྲི་བ་མི་མཐོང་ཞེས་བྱ་བ་ནི་དེ་ལྟར་སོགས་པ་མེད་པས་དེའི་ཟླས་འགྲུབ་པའི་འབྲི་བ་ཡང་མེད་པའི་ཕྱིར་རོ། །འགྲིབ་པ་མི་མཐོང་ཞེས་བྱ་བ་ནི་ཉོན་མོངས་པའི་རང་བཞིན་ཅན་གྱི་གཟུགས་ཀྱི་དངོས་པོ་མེད་པས་ཉོན་མོངས་པའི་དབང་གིས་ཡོན་ཏན་ལ་སོགས་པ་འགྲིབ་ཅིང་

เล่ม ๙๑ · หน้า 298a

ཉམས་པར་འགྱུར་བ་མེད་པའི་ཕྱིར་རོ། །འཕེལ་བ་མི་མཐོང་སྟེ་ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་བྱང་བའི་དངོས་པོ་མེད་པས་ཡོན་ཏན་ལ་སོགས་པ་འཕེལ་ཞིང་རྒྱས་པར་འགྱུར་བ་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་གཟུགས་ཀྱི་རང་

བཞིན་གྱིས་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་གཟུགས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཟུགས་ཀྱི་རང་བཞིན་མེད་ཅིང་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་།

སོགས་པ་མེད་པ་དང་། འབྲི་བ་མེད་པ་དང་། འགྲིབ་པ་མེད་པ་དང་། འཕེལ་བ་མེད་པའི་ཕྱིར་མི་སློབ་མི་འབྱུང་བའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་བྱ་བ་ནི་གོང་དུ་ཆོས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པ་མི་

མཐོང་ཞིང་མཚན་མར་མི་འཛིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བཤད་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཅིང་། མི་དམིགས་པའི་ཆོས་དེ་དག་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པར་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་ཡང་དོན་དམ་པར་བསླབས་པ་དང་། འབྱུང་བ་གཉི་ག་མི་དམིགས་པའི་ཚུལ་གྱིས་འབྱུང་ངོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །

བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་གོང་དུ་བཤད་པའི་དོན་བརྒྱ་བྱིན་གྱིས་རྟོགས་ན་དེ་ལྟར་

เล่ม ๙๑ · หน้า 298b

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་གང་ནས་བཙལ་བར་བྱ་ཞེས་དྲིས་པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ལྷའི་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རབ་འབྱོར་གྱི་

ལེའུ་ལས་བཙལ་བར་བྱའོ་ཞེས་བྱ་བ་ལ། རབ་འབྱོར་གྱི་ལེའུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བཤད་པ་ཐམས་ཅད་ལ་རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ། གོང་དུ་རབ་འབྱོར་གྱི་ལེའུ་དེ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་དོན་ཟབ་མོ་བཤད་པའི་ཕྱིར་རབ་འབྱོར་གྱི་ལེའུ་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་བྱའོ་ཞེས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ནི་དེར་བརྟག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་

སྨྲས་སོ། །བཙུན་པ་རབ་འབྱོར་འཕགས་པ་ཤ་ར་དྭ་ཏིའི་བུས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་སྨྲས་ཏེ། དེ་ནི་ཁྱོད་ཀྱི་མཐུའོ། །ཁྱོད་ཀྱི་བྱིན་གྱི་རླབས་སོ་ཞེས་བྱ་བ་ནི་ཤཱ་རིའི་བུས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་སྨྲས་པ་དེ། རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བཤད་པའི་དོན། ཤཱ་རིའི་བུས་རྟོགས་ནས་ཁུངས་དེར་བསྟན་པ་ནི་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཤཱ་རིའི་བུ་ལ་ལེགས་པར་

བཤད་པའི་མཐུ་དང་བྱིན་གྱི་རླབས་ཀྱིས་ཤཱ་རིའི་བུས་དེ་སྐད་སྨྲས་སོ་ཞེས་རབ་འབྱོར་ལ་བསྟོད་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་དེ་བཞིན་གཤེགས་པའི་མཐུའོ། །དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སོ་ཞེས་བྱ་བ་ནི་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བཤད་

པ་ཡང་དེ་བཞིན་གཤེགས་པའི་མཐུ་དང་། བྱིན་གྱི་རླབས་ཀྱིས་བཤད་དོ་ཞེས་བྱ་བའི་དོན་ཏོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་བྱིན་གྱི་རླབས་མེད་ན། ཅིའི་ཕྱིར་དེ་སྐད་དུ་འདི་ནི་དེ་བཞིན་གཤེགས་པའི་མཐུའོ། །འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སོ་

เล่ม ๙๑ · หน้า 299a

ཞེས་སྨྲས་ཞེས་བྱ་བ་ལ། མཐུ་དང་བྱིན་གྱི་རླབས་ཞེས་བྱ་བ་ནི་དངོས་པོ་འགའ་ཞིག་ཡོད་ན་དེའི་མཐུ་དང་བྱིན་གྱི་རླབས་ཀྱིས་ཆོས་བཤད་པ་ལ་སོགས་པ་འབྱུང་ན། ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་ཅིང་། བྱིན་གྱི་རླབས་ཀྱང་དངོས་པོ་མེད་ན་ཅིའི་ཕྱིར་དེ་སྐད་སྨྲ་

ཞེས་བརྒྱ་བྱིན་གྱིས་རབ་འབྱོར་ལ་སྨྲས་པའོ། །བྱིན་གྱི་རླབས་མེད་པའི་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་ལ་ཞེས་བྱ་བ་ནི་དོན་དམ་པར་བྱིན་གྱི་རླབས་མེད་པའི་ཆོས་ཉིད་དང་། དེ་བཞིན་གཤེགས་པ་གཉི་ག་ཡང་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་

མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་སོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་ཐ་དད་དུ་དབྱེར་མེད་པ་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ཏེ། དེ་བཞིན་གཤེགས་པ་ཡང་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །

རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱིན་གྱི་རླབས་མེད་པའི་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པ་མི་དམིགས་ལ། དེ་བཞིན་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་སོ་ཞེས་བྱ་བ་ནི་བྱིན་གྱི་རླབས་མེད་པའི་ཆོས་ཉིད་དང་།

དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པ་རྣམས་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་སྟེ། ཐ་དད་དུ་དབྱེར་མེད་པའི་དོན་བརྒྱ་བྱིན་གྱིས་བཤད་པ་དེ་བཞིན་ནོ་ཞེས་སྨྲས་པའོ། །བྱིན་གྱི་རླབས་མེད་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་ལ། དེ་བཞིན་གཤེགས་པ་ལ་ཡང་

བྱིན་གྱི་རླབས་མེད་པའི་ཆོས་ཉིད་མི་དམིགས་སོ། །དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་མི་དམིགས་སོ་ཞེས་བྱ་བ་ནི་བྱིན་གྱི་རླབས་མེད་པའི་ཆོས་ཉིད་དང་། དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པ་རྣམས་ཐ་མི་དད་པ་

ཡང་གཅིག་ལ་གཅིག་གནས་དང་རྟེན་པའི་ཚུལ་གྱིས་གནས་ཤིང་དམིགས་པ་ནི་མ་ཡིན་གྱི། སྟོང་པ་ཉིད་དུ་རོ་གཅིག་པའི་ཚུལ་གྱིས་ཐ་མི་དད་དོ་ཞེས་བསྟན་པའོ། །གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ་དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མི་

เล่ม ๙๑ · หน้า 299b

དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང་། ཆོས་ཉིད་དང་། དེ་བཞིན་གཤེགས་པ་རྣམས་ཀྱང་གཅིག་ལ་གཅིག་གནས་པ་དང་རྟེན་པའི་ཚུལ་གྱིས་གནས་ཤིང་དམིགས་པ་ནི་མ་ཡིན་གྱི། དེ་བཞིན་ཉིད་དང་ཆོས་ཉིད་ཀྱི་ཚུལ་གྱིས་སྟོང་པ་ཉིད་དུ་

རོ་གཅིག་སྟེ། ཐ་དད་པ་མ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་རིག་པར་བྱའོ། །ཀཽ་ཤི་ཀ་དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་དེ་བཞིན་ཉིད་དང་ལྡན་པ་

ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ་ཞེས་གཟུགས་ཀྱི་ཆོས་ཉིད་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ་ཞེས་

བྱ་བ་ལ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཀྱི་སྐུའི་ངོ་བོ་ཉིད་ལ་བྱ་སྟེ། ཆོས་ཀྱི་སྐུའི་ངོ་བོ་ཉིད་ནི་དངོས་པོར་དམིགས་སུ་མེད་ལ། གཟུགས་ཀྱི་དེ་བཞིན་ཉིད་དང་། གཟུགས་ཀྱི་ཆོས་ཉིད་དང་། དངོས་པོ་མེད་པ་ལ་བྱ་བའི་ཕྱིར་དེ་དག་ཐ་དད་དུ་དབྱེར་མེད་པས་

ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ་ཞེས་བཤད་པའོ། །གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་པ་དང་། གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ཞེས་བྱ་བ་ཡང་། དེ་བཞིན་གཤེགས་པ་ཞེས་བྱ་བ་ཆོས་

ཀྱི་སྐུའི་རང་བཞིན་ཡིན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་གཟུགས་ཀྱི་དེ་བཞིན་ཉིད་དང་གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་པའི་ཆོས་ལྟ་དོན་དམ་པར་མེད་མོད་ཀྱི། བརྒྱ་ལ་དེ་ལྟ་བུ་ཞིག་ཡོད་དུ་ཟིན་ན་ཡང་དེ་དང་ཡང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་

ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །ཀཽ་ཤི་ཀ་འདི་ནི་གང་ཆོས་འདི་དག་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་པ་དེའི་མཐུ་སྟེ། བྱིན་གྱི་རླབས་མེད་པ་དེའི་ཚུལ་གྱིས་དེའི་བྱིན་གྱི་རླབས་སོ་ཞེས་བྱ་བ་ནི་གོང་དུ་འདི་ལྟ་བུའི་

เล่ม ๙๑ · หน้า 300a

ཆོས་ཟབ་མོ་བཤད་པ་དེ་དག་གི་མཐུ་མ་ཡིན་གྱི། དེ་བཞིན་གཤེགས་པའི་མཐུ་དང་བྱིན་གྱི་རླབས་ཡིན་ནོ་ཞེས་རབ་འབྱོར་གྱིས་བཤད་པའི་དེ་བཞིན་གཤེགས་པ་དེ་ཡང་དོན་དམ་པར་དེ་བཞིན་ཉིད་དང་ཆོས་ཀྱི་སྐུའི་རང་བཞིན་ཏེ། ཆོས་གང་དང་ཡང་ཐ་མི་དད་ཅིང་ལྡན་པ་ཡང་མ་ཡིན་མི་ལྡན་པ་

ཡང་མ་ཡིན་པ་དེའི་མཐུ་དང་དེའི་བྱིན་གྱི་རླབས་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ནས་བཙལ་བར་བྱ་ཞེས་ཟེར་བ་ནི་ཀཽ་ཤི་ཀ་གཟུགས་ལས་ཀྱང་བཙལ་བར་མི་བྱ། གཟུགས་ལས་གཞན་དུ་ཡང་བཙལ་བར་

མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ་ཞེས་དྲིས་པའི་ལན། ཤཱ་རིའི་བུས་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་ཁུངས་བསྟན་པའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་

པར་མི་རྟོག་པའི་ཤེས་རབ་ལ་བྱ་སྟེ། རྣམ་པར་མི་རྟོག་པའི་ཤེས་རབ་དེ་ཡང་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པས་གཟུགས་ལ་སོགས་པ་ལས་བཙལ་དུ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། འདུ་ཤེས་

གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ།

བལྟར་མེད་པ། ཐོགས་པ་མེད་པ་མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུགས་ལ་སོགས་པ་ལས་བཙལ་དུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་། ཚོལ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་

དང་། བཙལ་བར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་དེ་དག་ཐམས་ཅད་དངོས་པོ་མེད་པའི་ཕྱིར་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བལྟར་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ་ཞེས་

เล่ม ๙๑ · หน้า 300b

བྱ་བ་བསྟན་པ་སྟེ། དེ་ལ་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཆོས་དེ་དག་དོན་དམ་པར་དངོས་པོ་མེད་པས་གཞི་དང་རྟེན་པའི་ཚུལ་དུ་མི་གནས་པའི་ཕྱིར་ལྡན་པ་ཡང་མ་ཡིན་ནོ། །མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི། དེ་ལྟར་དངོས་པོ་མེད་པས་ལྡན་པའི་ཟླས་འགྲུབ་པའི་མི་ལྡན་པ་མེད་པའི་ཕྱིར་

མི་ལྡན་པ་ཡང་མ་ཡིན་ནོ། །གཟུགས་མེད་པ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་དངོས་པོ་མེད་པས་གཟུགས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་གཟུགས་མེད་པའོ། །བལྟར་མེད་པ་ཞེས་བྱ་བ་ནི་དེ་ནི་འདི་ཡིན་ནོ་ཞེས་བསྟན་དུ་མི་རུང་བའི་ཕྱིར་བལྟར་མེད་པའོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་གཟུགས་ཅན་གྱི་

མཚན་ཉིད་མ་ཡིན་པའི་ཕྱིར་རོ། །མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ་ཞེས་བྱ་བ་ནི་ཆོས་དེ་དག་དོན་དམ་པར་རང་བཞིན་མེད་པར་རོ་གཅིག་པའི་ཕྱིར། མཚན་ཉིད་མེད་པའི་རང་བཞིན་དུ་མཚན་ཉིད་གཅིག་གོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་ཇི་ལྟར་

བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་

མ་ཡིན་པ་བསྟན་པའི་གཏན་ཚིགས་བཤད་པ་སྟེ། དོན་དམ་པར་གཟུགས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉི་ག་དངོས་པོ་ཡོད་པར་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གཟུགས་ལ་སོགས་པའི་ཆོས་དེ་དག་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བསྟན་པ་སྟེ།

དེ་ལ་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ཀུན་བརྟགས་པའི་གཟུགས་ཀྱི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་དེ་གཉིས་དངོས་པོ་མེད་པར་རོ་

གཅིག་པས་ཐ་དད་དུ་དབྱེར་ཡང་མེད་དོ་ཞེས་བསྟན་པའོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་བྱ་བ་ནི་གཟུགས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་

เล่ม ๙๑ · หน้า 301a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ནི་གཟུགས་ཀྱི་དེ་བཞིན་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉི་ག་ཡང་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །གཟུགས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་བྱ་བ་

ནི་གཟུགས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ནི། གཟུགས་ཀྱི་ཆོས་ཉིད་ཅེས་བྱ་བ་སྟོང་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

གཉི་ག་ཡང་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པ་སྟེ། དེ་ལྟར་ཆོས་དེ་དག་

ཐམས་ཅད་མེད་ཅིང་མི་དམིགས་པས་ན་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཅིའི་ཕྱིར་དེ་སྐད་དུ་བསྟན་པའི་

གཏན་ཚིགས་བཤད་པ་སྟེ། ཀུན་བརྟགས་པའི་གཟུགས་དང་། གཟུགས་ཀྱི་དེ་བཞིན་ཉིད་དང་། གཟུགས་ཀྱི་ཆོས་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་དེ་དག་ཐམས་ཅད་དོན་དམ་པར་མེད་ཅིང་མི་དམིགས་པའི་ཕྱིར་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

མ་ཡིན། གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་གོང་དུ་སྨོས་པའི་ཚིག་རྣམས་བཟླས་ཏེ་བསྟན་པའོ། །དེ་ལ་ཆོས་དེ་དག་མེད་ཅིང་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་དེ་དག་

གི་རང་བཞིན་ཡོད་པར་མ་གྲུབ་པའི་ཕྱིར་རོ། །མི་དམིགས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དྲུག་གིས་དམིགས་པར་བྱ་བའི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་

เล่ม ๙๑ · หน้า 301b

ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དོན་དམ་པར་གང་ནས་ཀྱང་བཙལ་དུ་མེད་ལ། ཆོས་གང་གི་དངོས་པོ་ཡང་མ་ཡིན་དུ་ཟིན་ཀྱང་ཀུན་རྫོབ་ཏུ་དེ་ལ་

བསླབས་ནས་དུས་གསུམ་གྱི་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོའི་འབྲས་བུ་ཁྱད་པར་ཅན་ཐོབ་པར་འགྱུར་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་དང་། ཚད་མེད་པ་དང་། མཐའ་ཡས་པ་ཡིན་ནོ་ཞེས་ངོ་མཚར་དུ་བཟང་བའི་ཡོན་ཏན་བསྟན་

པ་སྟེ། དེ་ལ་བསླབས་ཤིང་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་འཐོབ་པོ། །ཐོབ་པར་འགྱུར་རོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་

རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ན་སོ་སོའི་འབྲས་བུ་ཁྱད་པར་ཅན་རྣམས་ཐོབ་པར་འགྱུར་བའི་ཡོན་ཏན་བསྟན་པའོ། །

རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་བརྒྱ་བྱིན་གྱིས་བཤད་པའི་དོན་དང་ཚིག་རྣམས་

འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། རབ་འབྱོར་གྱིས་བཟླས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་དང་། ཚད་མེད་པ་དང་། མཐའ་ཡས་པའོ་ཞེས་ཟེར་བ་དེ་བདེན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཟུགས་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་

རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་སྔོན་གྱི་མཐའ་མི་དམིགས་ཕྱི་མའི་མཐའ་མི་དམིགས་དབུས་མི་དམིགས་སོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྒྱ་ཆེ་བ་སྟེ། འདི་ལྟར་

เล่ม ๙๑ · หน้า 302a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དངོས་པོ་མེད་པ་ལ་སྔོན་གྱི་

མཐའ་དང་ཕྱི་མའི་མཐའ་དང་། དབུས་མི་དམིགས་ཏེ། གང་དེ་ལྟར་མཐའ་དང་དབུས་མི་དམིགས་པའི་ཆོས་རྣམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་ཅིང་ཐ་མི་དད་པས་གཟུགས་ལ་སོགས་པ་ལ་དུས་གསུམ་དམིགས་སུ་མེད་ཅིང་ཡོངས་སུ་ཆད་པ་

མེད་དེ། རྒྱ་ཆེ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དུས་གསུམ་དམིགས་སུ་མེད་པའི་ཕྱིར་རྒྱ་ཆེ་བ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཟུགས་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མེད་པ་སྟེ་ཞེས་བྱ་བ་ནས། ཀཽ་ཤི་ཀ་རྣམ་གྲངས་

དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཚད་མེད་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དེ་དག་གི་ཚད་འདི་ཙམ་མོ་ཞེས་ཚད་གཟུང་དུ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་ཆོས་དེ་དག་དང་ཐ་མི་དད་པའི་ཕྱིར་དཔེ་ནམ་མཁའ་ལས་བླངས་ཏེ་ཚད་མེད་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་

གཟུགས་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐའ་ཡས་པའི་ཕྱིར་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་མཐའ་ཡས་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དེ་དག་ལ་སྐྱེ་བའི་མཐའ་དང་། འགག་པའི་མཐའ་ཡང་མེད་ལ། མཐའ་གཉིས་མ་གྲུབ་པས་དབུས་ཀྱང་དམིགས་སུ་མེད་

เล่ม ๙๑ · หน้า 302b

པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་ཆོས་དེ་དག་དང་ཐ་མི་དད་པའི་ཕྱིར་མཐའ་ཡས་པའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་དམིགས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ།

དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་མཐའ་ཡས་པ་དང་། ཆོས་ཀྱི་དབྱིངས་ལ་དམིགས་པ་མཐའ་ཡས་པ་དང་། དེ་བཞིན་ཉིད་ལ་དམིགས་པ་མཐའ་ཡས་པ་དང་། སེམས་ཅན་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་བསྟན་པ་སྟེ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ།

ཞེས་བྱ་བ་ནི་དམིགས་པ་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པའོ་ཞེས་རབ་འབྱོར་གྱིས་བཤད་པའི་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཅིའི་ཕྱིར་དམིགས་པ་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམིགས་པར་བྱ་བའི་

ཡུལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོན་དམ་པར་དངོས་པོ་མེད་པའི་རང་བཞིན་ཡིན་ཏེ། དེ་ལ་སྐྱེ་བའི་མཐའ་འམ། འགག་པའི་མཐའ་མེད་པས་མཐའ་ཡས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་དེ་དང་ཐ་མི་དད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མཐའ་ཡས་པའོ་ཞེས་བསྟན་

པའོ། །ཀཽ་ཤི་ཀ་གཞན་ཡང་ཆོས་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་དབྱིངས་ལ་དམིགས་པ་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་

เล่ม ๙๑ · หน้า 303a

ཕྱིན་པ་མཐའ་ཡས་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམིགས་པར་བྱ་བའི་ཡུལ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་དེ་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་དེ་ལ་སྐྱེ་བ་དང་འགག་པའི་མཐའ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་ཐ་མི་དད་

པའི་ཕྱིར་མཐའ་ཡས་པའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་དེ་བཞིན་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ཉིད་ལ་དམིགས་

པ་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམིགས་པར་བྱ་བའི་ཡུལ་དེ་བཞིན་ཉིད་ཅེས་བྱ་བ་དེ་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས། དེ་ལ་སྐྱེ་བའི་མཐའ་དང་འགག་པའི་མཐའ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཡང་དེ་དང་ཐ་མི་དད་པའི་ཕྱིར་མཐའ་ཡས་པའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་སེམས་ཅན་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ་ཞེས་བྱ་བ་ལ་སོགས་པ་ནི། སེམས་ཅན་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མཐའ་ཡས་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གང་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བའི་སེམས་ཅན་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་དེ་ལ་སྔོན་གྱི་མཐའ་འམ། ཕྱི་མའི་མཐའ་མེད་དེ་མཐའ་ཡས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཡང་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མཐའ་ཡས་པའོ་ཞེས་བསྟན་ཏེ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འདི་ལྟ་སྟེ། སེམས་ཅན་སེམས་ཅན་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན་ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་དངོས་པོ་མེད་

པའི་གཏན་ཚིགས་འཆད་དུ་གཞུག་པའི་ཕྱིར་བརྒྱ་བྱིན་ལ་དྲིས་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་ཆོས་ཀྱི་ཚིག་བླ་དགས་ཀྱང་མ་ཡིན། ཆོས་མ་ཡིན་པའི་ཚིག་བླ་དགས་ཀྱང་མ་ཡིན་ཏེ། འདི་ལྟར་སེམས་ཅན་སེམས་ཅན་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ།

เล่ม ๙๑ · หน้า 303b

དངོས་པོ་མེད་པར་མིང་དུ་བཏགས་པ། དམིགས་པ་མེད་པར་མིང་དུ་བཏགས་པའོ་ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་དངོས་པོ་མེད་པའི་ཕྱིར་མཐའ་ཡས་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་ན་ཆོས་དེའི་ཚིག་བླ་དགས་སོ་ཞེས་བྱར་ཡང་རུང་ན། དོན་དམ་པར་

ཆོས་ཞེས་བྱ་བའི་དངོས་པོ་གང་ཡང་མེད་པས་སེམས་ཅན་འདི་དག་ཆོས་དེའི་ཚིག་བླ་དགས་ཡིན་ནོ་ཞེས་བྱར་ཡང་མི་རུང་ལ། དེ་ལྟར་ཆོས་ཡོད་པར་མ་གྲུབ་པས་དེའི་ཟླས་འགྲུབ་པ་ཆོས་མ་ཡིན་པ་ཡང་མེད་པའི་ཕྱིར་ཆོས་མ་ཡིན་པའི་ཚིག་བླ་དགས་ཡིན་ནོ་ཞེས་བྱར་ཡང་མི་རུང་སྟེ། དེ་བས་ན་སེམས་ཅན་

ཞེས་བྱ་བ་འདི་དག་ནི་དོན་དམ་པར་དངོས་པོ་མེད་ཅིང་དམིགས་སུ་མེད་པ་ལས། ཀུན་རྫོབ་ཏུ་གློ་བུར་དུ་མིང་དུ་བཏགས་པ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སེམས་ཅན་དུ་བཤད་པ་གང་ཡང་ཡོད་དམ་

ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཀྱང་དོན་དམ་པར་སེམས་ཅན་ཡོད་པར་མ་བཤད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ལ་སེམས་ཅན་དུ་བཤད་པ་གང་ཡང་མེད་པ་དེ་ལ། སེམས་ཅན་མཐའ་ཡས་པ་ཡོད་དོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་ལས་སེམས་ཅན་དངོས་པོ་ཡོད་པར་མ་བཤད་པ་ཉིད་དངོས་པོ་མེད་པ་ཡིན་པས་མཐའ་ཡས་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་ཏེ། སེམས་ཅན་སེམས་ཅན་

ཞེས་གསུང་དུ་བརྗོད་ན་ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། དེ་ལ་སེམས་ཅན་གང་ཡང་སྐྱེ་བའམ་འགག་པར་འགྱུར་བ་ཡོད་དམ་ཞེས་བྱ་བ་ནི་སེམས་ཅན་ཞེས་བྱ་བ་ཀུན་རྫོབ་ཏུ་ཚིག་ཏུ་བརྗོད་པ་ཙམ་གྱིས་ཡང་དག་པར་དངོས་པོ་ཡོད་པ་མ་ཡིན་པའི་དོན་བསྟན་པའི་ཕྱིར། བརྒྱ་བྱིན་ལ་དྲིས་པའོ། །སྨྲས་པ་བཙུན་པ་རབ་འབྱོར་

དེ་ནི་མེད་དེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ནི་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་སྐྱེ་བའམ་འགག་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ།

เล่ม ๙๑ · หน้า 304a

ཀཽ་ཤི་ཀ་དེ་ལྟར་རྣམ་གྲངས་དེས་ན་སེམས་ཅན་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་སེམས་ཅན་དངོས་པོ་མེད་པས་སྐྱེ་བ་དང་འགག་པའི་མཐའ་གཉིས་ཀྱང་མེད་དེ། དེ་ལྟར་སེམས་ཅན་མཐའ་ཡས་པའི་ཕྱིར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མེད་པ་ཡིན་པས་མཐའ་ཡས་པར་རིག་པར་བྱའོ་ཞེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པའི་ལྷ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བཤད་པ་ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ཆོས་འཆད་པའི་འཁོར་ན་འཁོད་པའི་ལྷ་དང་མི་རྣམས་ཀྱིས་དོན་དང་ཚིག་རྣམས་རྟོགས་ནས་དད་པ་སྐྱེས་ཤིང་ངམ་སྟེ་དེ་བཞིན་གཤེགས་པའི་མཐུ་དང་བྱིན་གྱི་རླབས་ཀྱིས་རབ་འབྱོར་གྱིས་ཆོས་ཟབ་མོ་

བཤད་པ་དེ་ལེགས་པར་བཤད་དོ་ཞེས་ཆེད་དུ་བརྗོད་པ་བསྟན་པ་སྟེ། ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་མགུ་ཆེས་ནས་ངམ་སྟེ། སུས་ཀྱང་སྨྲར་མ་བཅུག་པར་དགའ་ཞིང་མགུ་བའི་ཤུགས་ཀྱིས་ཚིག་ཏུ་བརྗོད་པའོ། །དེ་བཞིན་གཤེགས་པ་འབྱུང་བའི་དོན་དུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་

མོ་ཐོས་ཤིང་རྟོགས་པ་ལས་དེ་བཞིན་གཤེགས་པ་ཉིད་དུ་འབྱུང་བའི་ཕྱིར་རོ། །བཤད་ཅིང་བརྗོད་དེ་བསྟན་པ་ཞེས་བྱ་བ་ལ། བཤད་པ་ནི་མདོར་བཤད་པའོ། །བརྗོད་པ་ནི་འབྲིང་དུ་བཤད་པའོ། །བསྟན་པ་ནི་རྒྱ་ཆེར་བཤད་པའོ། །ཆོས་འདི་ནི་ཀྱེ་མ་ལེགས་པར་བཤད་དོ། །ཀྱེ་མ་ཆོས་འདི་ནི་

ལེགས་པར་བཤད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་འདིའི་ཚིག་གི་རང་བཞིན་གྱི་ཆོས་འདི་ལེགས་པར་བཤད་དོ་ཞེས་མགུ་བའི་ཤུགས་ཀྱིས་ལན་གཉིས་སུ་བཟླས་ཏེ་སྨྲས་པའོ། །ཀྱེ་མ་ཆོས་ཀྱི་ཆོས་ཉིད་ནི་ལེགས་པར་བཤད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དེ་བཞིན་

ཉིད་ལེགས་པར་བཤད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ་ཞེས་བྱ་བ་ནི་དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

เล่ม ๙๑ · หน้า 304b

མཉན་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་དོན་རྟོགས་པའི་སྒོ་ནས་མ་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་གདོན་མི་ཟ་བར་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱའོ་ཞེས་དབང་པོ་ལ་སོགས་པའི་ལྷ་དང་མི་

རྣམས་ཀྱིས་སྨྲས་པའོ། །ཆོས་གང་ཡང་དམིགས་སུ་མ་མཆིས་ཏེ། གཟུགས་སམ་ཚོར་བའམ་ཞེས་བྱ་བ་ནས། ཐེག་པ་གསུམ་རྣམ་པར་དགོད་པ་མཆིས་ཏེ་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཐབས་དང་ཤེས་རབ་དུ་ལྡན་པས་ལེགས་པར་བཤད་

པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱིས་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་དམིགས་སུ་མེད་པར་རྟོགས་ཀྱང་། ཐབས་ཀྱིས་ཀུན་རྫོབ་ཏུ་ཐེག་པ་གསུམ་སེམས་ཅན་གྱི་ཡིད་དང་སྦྱར་ཏེ་བཤད་པ་ལེགས་པར་བཤད་དོ་ཞེས་

དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་སྨྲས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་པོ་དང་བཅས་པ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །ཇི་ལྟར་སྨྲས་པ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། ཆོས་གང་ཡང་མི་དམིགས་མོད་ཀྱི་ཐེག་པ་གསུམ་རྣམ་པར་དགོད་པ་ཡང་ཡོད་དོ་ཞེས་བྱ་བའི་བར་དུ་

ནི་དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་སྨྲས་པའི་ཚིག་རྣམས་འཁོར་ཐམས་ཅད་ཀྱི་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚིག་དེ་དག་ཉིད་བཟླས་ཏེ། དེ་དེ་བཞིན་ནོ་ཞེས་བཀའ་སྩལ་པའོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མི་དམིགས་པའི་ཚུལ་གྱིས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི། དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱའོ་ཞེས་བྱ་བ་ནི་གོང་དུ་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི་བདག་ཅག་གིས། དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱའོ་ཞེས་སྨྲས་པའི་

དོན་འཁོར་ཐམས་ཅད་ཀྱི་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚིག་དེ་ཉིད་བཟླས་ཏེ་བཀའ་སྩལ་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏེ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་

เล่ม ๙๑ · หน้า 305a

བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་པ་འདི་ལྟ་བུ་དང་མ་བྲལ་ན་དེ་བཞིན་གཤེགས་པ་ཉིད་དུ་གདོན་མི་ཟ་བར་འགྱུར་བའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་ཉིད་

དུ་གཟུང་བར་བྱའོ་ཞེས་བསྟན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་བའི་

བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་སངས་རྒྱས་ཀྱི་ཆོས་ཀྱི་མིང་གིས་སྨོས་པ་དེ་རྣམས་དང་ཐ་མི་དད་དེ། དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་སངས་རྒྱས་ཀྱི་ཆོས་དེ་རྣམས་ལས་གཞན་དུ་བཙལ་དུ་མེད་དོ་ཞེས་

བསྟན་པའོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་འདི་དག་ཐམས་ཅད་ལ་སློབ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ་ཞེས་བྱ་བ་ནས། ལྷའི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མི་འབྲལ་

བར་སྤྱོད་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་སྟེ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་བ་དང་། དེ་བཞིན་གཤེགས་པ་དེ་ཡང་སངས་རྒྱས་ཀྱི་ཆོས་རྣམས་ལས་གཞན་དུ་མི་དམིགས་སོ་ཞེས་གོང་དུ་

བཤད་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་སངས་རྒྱས་ཀྱི་ཆོས་མིང་གིས་སྨོས་པ་རྣམས་ལ་སློབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ལ། དོན་དམ་པར་

སངས་རྒྱས་ཀྱི་ཆོས་དེ་རྣམས་དང་དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་ཉིད་དུ་རོ་གཅིག་སྟེ་ཐ་མི་དད་པས་ཆོས་ཀྱི་སྐུའི་རང་བཞིན་གྱི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ་ཞེས་བསྟན་པའོ། །ལྷའི་བུ་དག་གང་གི་ཚེ་ང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

เล่ม ๙๑ · หน้า 305b

སངས་རྒྱས་མར་མེ་མཛད་ཀྱི་ཞ་འབྲིང་བྱེད་ཅིང་རྒྱལ་པོའི་ཁབ་པད་མོ་ཡོད་པའི་ནང་གི་ཚོང་འདུས་ཀྱི་དབུས་ན་འདུག་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ལ་གསར་དུ་སློབ་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་དང་མ་བྲལ་བ་རྣམས་ཀྱང་གདོན་མི་ཟ་བར་སངས་རྒྱས་ཉིད་དུ་འགྱུར་བར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས། སངས་རྒྱས་ཤཱཀྱ་ཐུབ་པ་སྔོན་བྲམ་ཟེའི་ཁྱེའུ་མཛད་པའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་དང་མ་བྲལ་བར་གྱུར་པ་གཟིགས་ནས་ལུང་བསྟན་པའི་དཔེ་བཤད་པ་

སྟེ། ང་སྔོན་བྲམ་ཟེའི་ཁྱེའུ་བྱེད་པའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་མཉན་པ་དང་། སེམས་པ་དང་སྒོམ་པའི་སྒོ་ནས་མ་བྲལ་བར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་གཟིགས་ནས། ང་ལ་ཁྱེའུ་ཁྱོད་མ་འོངས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པ་ན་ཤཱཀྱ་

ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་ལུང་བསྟན་པ་དང་སྦྱར་ན། བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ཡང་གདོན་མི་ཟ་བར་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་རིག་པར་བྱའོ། །དེ་ལ་བསྐལ་པ་

བཟང་པོ་ཞེས་བྱ་བ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་བསྐལ་པ་བཟང་པོ་འདི་ལ་བྱའོ། །འཇིག་རྟེན་གྱི་ཁམས་འདི་ཉིད་དུ་ཞེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཉིད་ལ་བྱའོ། །ཤཱཀྱ་ཐུབ་པ་ཞེས་བྱ་བ་ནི་ཤཱཀྱའི་རིགས་ལས་བྱུང་ཞིང་མི་རིགས་པ་མི་བྱེད་པར་ཐུབ་པ་

ལ་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་གཤེགས་ཤིང་ཕྱིན་པ་དེ་བཞིན་དུ་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་

མོངས་པའི་དགྲ་རྣམས་བཅོམ་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་གཏི་མུག་གི་གཉིད་ལས་སངས་ཏེ། བློ་རྒྱས་པས་ཆོས་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་པ་ལ་བྱའོ། །མཁྱེན་པ་དང་རྐང་པར་ལྡན་པ་ཞེས་བྱ་བ་ལ་མཁྱེན་པ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་

เล่ม ๙๑ · หน้า 306a

དུ་མཁྱེན་པ་ལྷག་པའི་ཤེས་རབ་དང་ལྡན་པའོ། །རྐང་པ་ནི་ལྷག་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་རང་བཞིན་ལྷག་པའི་སེམས་དང་ལྡན་པ་ལ་བྱ་སྟེ། ཤེས་རབ་ཀྱི་མིག་གིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་རྐང་པས་བླ་ན་

མེད་པའི་བྱང་ཆུབ་ཏུ་ཕྱིན་པར་བྱེད་པའི་ཕྱིར་མཁྱེན་པ་དང་རྐང་པར་ལྡན་པ་ཞེས་བྱའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་བདེ་བར་ཞུགས་ཏེ། ཕྱིར་མི་ལྡོག་པའི་ཚུལ་དུ་གཤེགས་པས་ན་བདེ་བར་གཤེགས་པ་ཞེས་བྱའོ། །འཇིག་རྟེན་མཁྱེན་

པ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ལ་གཟིགས་ཤིང་སྐལ་བ་ཡོད་པ་དང་། སྐལ་བ་མེད་པ་དང་། འདུལ་བའི་དུས་ལ་བབ་མ་བབ་མཁྱེན་ནས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཐོག་ཏུ་བབ་པར་མཁྱེན་པ་ལ་བྱའོ། །བླ་ན་མེད་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ་ཞེས་བྱ་བ་ནི་

སེམས་ཅན་འདོད་ཆགས་ཀྱི་ཤས་ཆེ་བ་དང་། ཞེ་སྡང་གི་ཤས་ཆེ་བ་དང་། གཏི་མུག་གི་ཤས་ཆེ་བ་རྟ་རྒོད་དང་འདྲ་བ་གདུལ་དཀའ་བ་རྣམས་ཐབས་བཟང་ཞིང་སླ་བས་སོ་སོའི་ཐབས་ཐབས་བཞིན་དུ་བཏུལ་ནས་དོན་དུ་བསྒྲུབ་པའི་མཆོག་མྱ་ངན་ལས་འདས་པ་ལ་

གནས་པར་ཁ་ལོ་སྒྱུར་ཞིང་འཇོག་པའི་མཆོག་ཡིན་པའི་ཕྱིར་རོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ལ་ཡང་དག་པའི་ཆོས་སྟོན་ཅིང་། ལྷ་དང་མི་རྣམས་ཀྱིས་ཀྱང་སྟོན་པའམ་མཁན་པོར་གཟུང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་ཞིང་

གཟུགས་དང་གྲགས་པ་དང་། དབང་ཕྱུག་དང་། དཔལ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཏེ། ལེགས་པ་འདི་དྲུག་དང་ལྡན་པ་ལ། འཇིག་རྟེན་པའི་སྟོན་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་ལས་འཕགས་ཤིང་འདས་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །དེ་ནས་ལྷའི་བུ་དེ་དག་

གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་གཟུགས་མི་ལེན་མི་འདོར་བའི་ཚུལ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ལེན་མི་འདོར་

เล่ม ๙๑ · หน้า 306b

བའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་མཐུན་པར་ཡོངས་སུ་འཛིན་པ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་

ལྷའི་བུ་རྣམས་ཀྱིས་ཐོས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་རྟོགས་ན་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བླང་དོར་མེད་པར་ཡང་རྟོགས་ལ། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་ཅིང་འཐོབ་པར་འགྱུར་བ་ངོ་མཚར་ཆེའོ་ཞེས་

ལྷའི་བུ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་དང་ཞེས་བྱ་བ་ལ་སོགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་ཅིང་བསྒོམ་པ་ལ་

སོགས་པའི་ཕན་ཡོན་བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པ་བསྟན་པ་སྟེ། དེ་ལ་འཛིན་པ་ནི་གཞན་ལས་མཉན་ཏེ། དོན་དང་ཚིག་རྣམས་མ་བརྗེད་པར་འཛིན་པའོ། །འཆང་བ་ནི་གླེགས་བམ་དུ་བྲིས་ཏེ་མཆོད་ཅིང་འཆང་བའོ། །ཀློག་པ་ནི་གླེགས་བམ་དུ་བྲིས་པ་ལ་ཀློག་པའོ། །

ཀུན་ཆུབ་པར་བྱེད་པ་ནི་བསམས་པའི་ཤེས་རབ་ཀྱིས་དོན་རྟོགས་པར་བྱེད་པའོ། །བསྒོམ་པ་ནི་སྒོམ་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་གོམས་པར་བྱེད་པའོ། །གཞན་རྒྱ་ཆེར་འཆད་པ་ནི་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པ་དང་། རྒྱ་ཆེར་འཕེལ་བར་བྱ་བའི་ཕྱིར་དོན་དང་ཚིག་

ཞིབ་ཏུ་བཤད་པའོ། །ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་མི་མཐུན་པའི་ཕྱོགས་ཀྱི་བསམ་པ་ངན་པ་དང་མ་འདྲེས་ཤིང་། འཕགས་པའི་ལམ་དང་མཐུན་པར་ཡིད་ལ་བྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་ནི་དེ་ལྟར་མཉན་པ་དང་བསམས་པ་ལ་སོགས་པའི་འབྲས་

བུ་འཇིག་རྟེན་པའི་ལོངས་སྤྱོད་པ་དང་། ཐེག་པ་དམན་པར་མི་བསྔོ་བར། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་གཟུགས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བདུད་

เล่ม ๙๑ · หน้า 307a

ཀྱིས་གླགས་རྙེད་པར་མི་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། གླགས་བཙལ་བར་བྱ་བ་དང་། གླགས་ཚོལ་བར་བྱེད་པ་གཉིས་ཀ་ཡང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལས་གུད་ན་མེད་དེ། ཕུང་པོ་ལྔ་པོ་དེ་དག་སྟོང་པ་ཉིད་དུ་ཤིན་དུ་གོམས་པར་བྱས་པའི་ཕྱིར་གླགས་བཙལ་བ་དང་།

གླགས་ཚོལ་བ་གཉིས་ཀ་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད། མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད། སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་དོ་ཞེས་བྱ་བ་ནི་གླགས་བཙལ་བ་དང་།

གླགས་ཚོལ་བ་གཉིས་ཀ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རང་བཞིན་དུ་རོ་གཅིག་པའི་ཕྱིར་དེ་ལྟར་གླགས་བཙལ་དུ་མེད་དོ་ཞེས་བསྟན་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་

ཐུག་གི་བར་དུ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་གླགས་རྙེད་པར་འགྱུར་བ་དང་། གང་དུ་གླགས་རྙེད་པར་འགྱུར་བ་དང་། གང་ལ་གླགས་རྙེད་པར་འགྱུར་བ་དེ་དག་གི་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་གླགས་བཙལ་བ་དང་གླགས་ཚོལ་བ་དང་། གླགས་བཙལ་བའི་གནས་

གསུམ་ཆར་དོན་དམ་པར་དངོས་པོ་མེད་པར་བསྟན་པ་སྟེ། གང་གིས་གླགས་རྙེད་པར་འགྱུར་བ་དང་ཞེས་བྱ་བ་ནི་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ལས་དང་། བདུད་ཉིད་དངོས་པོ་མེད་པར་བསྟན་པའོ། །གང་དུ་གླགས་རྙེད་པར་འགྱུར་བ་དང་ཞེས་བྱ་བ་ནི་ལྷ་ཡུལ་ལམ་མི་ཡུལ་གྱི་གནས་གང་

དུ་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་གནས་དེ་ཡང་དངོས་པོ་མེད་དོ་ཞེས་བསྟན་པའོ། །གང་ལ་གླགས་རྙེད་པར་འགྱུར་ཞེས་བྱ་བ་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་གླགས་མི་རྙེད་དོ་ཞེས་བྱ་བའི་དོན་ཏོ། །

ཀཽ་ཤི་ཀ་རིགས་བུ་དང་རིགས་བུ་མོ་དེ་དག་ལ་ནི་མིའམ་མི་མ་ཡིན་པ་གླགས་ལྟ་ཞིང་གླགས་ཚོལ་བ་དག་གིས་གླགས་རྙེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མི་དང་མི་མ་ཡིན་པས་གནོད་པ་བྱ་མི་ནུས་པའི་ཕན་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་

เล่ม ๙๑ · หน้า 307b

ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཤིན་དུ་བསྒོམས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མི་དང་མི་མ་ཡིན་པས་གླགས་མི་རྙེད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉན་ཅིང་སེམས་པ་ལ་སོགས་པའི་སྒོ་ནས་སྤྱོད་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཚད་མེད་པ་བཞི་དང་ལྡན་པར་འགྱུར་བས། དེའི་ཕྱིར་མི་དང་མི་མ་ཡིན་པ་དག་གིས་གནོད་པར་བྱ་བའི་གླགས་རྙེད་པར་མི་འགྱུར་རོ་ཞེས་བསྟན་པའོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་

དེ་དག་ནི་ཉམ་ང་བ་མ་སྤངས་པར་དུས་བྱེད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་དུག་དང་མཚོན་ལ་སོགས་པའི་གནོད་པས་དུས་མ་ཡིན་པར་ཚེ་འཕོ་བར་འགྱུར་བ་མེད་པའི་ཕན་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་

ཀྱི་བུ་མོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྤང་བས་བསྙེན་བཀུར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་གདོན་མི་ཟ་བར་སྦྱིན་པས་ཀྱང་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཅིང་། དུག་དང་མཚོན་ལ་སོགས་

པ་སེམས་ཅན་ལ་གནོད་པར་འགྱུར་བ་རྣམས་ལེགས་པར་སྤངས་ཤིང་། གནོད་པར་མ་བྱས་པའི་ཕྱིར་ཉམ་ང་བ་མ་སྤངས་པར་དུས་བྱེད་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་ཆེན་བཞིའི་ལྷ་དང་ཞེས་བྱ་བ་ནས། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་བར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་ཅིང་བསམས་ན་བདུད་དང་མི་དང་མི་མ་ཡིན་པ་དག་གིས་གླགས་མི་རྙེད་ཅིང་། ཉམ་ང་བ་མ་སྤངས་པར་དུས་བྱེད་པར་མི་འགྱུར་བའི་ཕན་ཡོན་དང་ལྡན་པའི་ཕྱིར། འདོད་

པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་བླ་ན་མེད་པའི་བྱང་ཆུབ་ཏུ་ཞུགས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་མཉན་ཞིང་བསམ་པ་ལ་སོགས་པ་བྱས་པ་རྣམས་ཀྱིས་ཀྱང་ད་རུང་ཡང་མཉན་ཅིང་བསམས་པ་ལ་སོགས་པ་བྱའོ། །ལྷའི་བུ་གང་དག་གིས་ཤེས་རབ་ཀྱི་ཕ་

เล่ม ๙๑ · หน้า 308a

རོལ་ཏུ་ཕྱིན་པ་དེ་སྔོན་མ་ཐོས་མ་བསམས་པ་དེ་དག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པར་བྱ་སྟེ། མཉན་ཅིང་བསམ་པ་ལ་སོགས་པ་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཁྱིམ་སྟོང་པ་ལ་སོགས་པ་འཇིགས་པའི་གནས་ངན་པ་ན་འདུག་ཀྱང་དེ་

དག་གིས་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅོ་བརྒྱད་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་པས་འཇིགས་པའི་མཚན་མ་དང་བྲལ་བའི་ཕྱིར་འདྲེ་གདོན་ལ་སོགས་པས་འཇིགས་པར་མི་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་

རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྲུང་བ་དང་བསྐྱང་བ་དང་བསྐྱབ་པར་བགྱིའོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཅིང་སེམས་

པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཡོད་ན་དེའི་ཕན་ཡོན་འཇིག་རྟེན་དུ་ངན་སོང་གསུམ་རྒྱུན་ཆད་པར་འགྱུར་བ་དང་། ལྷ་དང་མིའི་ནང་ན་མི་བདེ་བ་དང་ནད་ལ་སོགས་པ་གནོད་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་བ་དང་། དགེ་བ་བཅུ་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་

བར་དུ་དཀར་པོའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དང་། རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པ་འདོད་པའི་ཁམས་ཀྱི་མི་ཡ་རབས་དང་ལྷ་རྣམས་དང་། གཟུགས་ཁམས་ཀྱི་ལྷ་རྣམས་འབྱུང་བར་འགྱུར་བ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་སངས་རྒྱས་བཅོམ་

ལྡན་འདས་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་འཕགས་པ་རྣམས་དང་། འཕགས་པའི་མཐུ་དང་། ཡོན་ཏན་རྣམས་འབྱུང་བར་ལྷ་རྣམས་ཀྱིས་རྟོགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཅིང་སེམས་པའི་བྱང་ཆུབ་སེམས་དཔའ་ལ་ལྷ་རྣམས་ཀྱིས་རྟག་ཏུ་བསྲུང་བ་དང་། བསྐྱང་

เล่ม ๙๑ · หน้า 308b

བ་དང་བསྐྱབ་པར་ཁས་བླངས་པར་བསྟན་པ་སྟེ། དེ་སྲུང་བ་ནི་ཕྱི་རོལ་གྱི་གནོད་པ་མི་འབྱུང་བར་བསྲུང་བའོ། །བསྐྱང་བ་ནི་ལུས་ཀྱི་བདེ་བ་ཐམས་ཅད་སྒྲུབ་པའོ། །བསྐྱབ་པ་ནི་ནང་གི་ནད་ལ་སོགས་པ་ལས་སྐྱོབ་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་

དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བ་ནས། དེ་བས་ན་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོ་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །རྟག་ཏུ་རྒྱུན་མི་འཆད་

པར་དེ་ལ་བསྲུང་བ་དང་བསྐྱང་བ་དང་བསྐྱབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ལྷ་རྣམས་ཀྱིས་གསོལ་པའི་ཚིག་བཅོམ་ལྡན་འདས་ཀྱིས་བཟླས་ཏེ་བཀའ་སྩལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་དང་། སེམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཡོད་ན་འཇིག་རྟེན་དུ་ཕན་

ཡོན་དེ་དག་འབྱུང་བ་བདེན་གྱིས་བྱང་ཆུབ་སེམས་དཔའ་དེ་ལ་རིམ་གྲོ་ལ་སོགས་པ་བྱ་ཞིང་བསྲུང་བ་བྱ་བའི་རིགས་སོ་ཞེས་བཀའ་སྩལ་པ་སྟེ། དེ་ལ་རིམ་གྲོ་བྱ་བ་ནི་བཟའ་བ་དང་། བགོ་བ་ལ་སོགས་པ་སྦྱིན་པས་རིམ་གྲོར་བྱ་བའོ། །བཀུར་སྟིར་བྱ་བ་ནི་ངག་ཉན་ཅིང་བྱ་བ་ཐམས་ཅད་ལ་

གཡོག་བྱ་བས་བཀུར་སྟིར་བྱ་བའོ། །ཕུ་དུད་དུ་བྱ་བ་ནི་སྟན་ལས་ལྡང་ཞིང་ཕྱག་བྱ་བ་ལ་སོགས་པའོ། །མཆོད་པར་བྱ་བ་ནི་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པའོ། །ཀཽ་ཤི་ཀ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་

དུ་བྱ་བ་དང་། མཆོད་པར་བྱ་བར་སེམས་པ་དེ་ནི་ང་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་སེམས་སོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉན་ཅིང་སེམས་པ་ལ་སོགས་པའི་སྒོ་ནས་ནན་ཏན་དུ་བྱེད་ཅིང་། ཉམས་

སུ་ལེན་པའི་བྱང་ཆུབ་སེམས་དཔའ་དེ་གདོན་མི་ཟ་བར་དེ་བཞིན་གཤེགས་པར་འགྱུར་བའི་ཕྱིར་དེ་ལ་རིམ་གྲོ་ལ་སོགས་པ་བྱས་ན་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱས་པ་དང་འདྲའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟ་སྟེ། དཔེར་ན་འདམ་

เล่ม ๙๑ · หน้า 309a

བུའི་ཚལ་ལམ་ཞེས་བྱ་བ་ལ་སོགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཉན་པ་དང་སེམས་པ་ལ་སོགས་པའི་སྒོ་ནས་ཉམས་སུ་ལེན་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལས་ཡོན་ཏན་ཁྱད་པར་དུ་འཕགས་པ་བསྟན་པའོ། །ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་བདུན་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་

དང་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་། སེམས་པ་ལ་སོགས་པའི་ཡོན་ཏན་དང་ཕན་ཡོན་ཚེ་འདི་ལ་ཐོབ་པར་འགྱུར་བ་བརྒྱ་བྱིན་གྱིས་འཁོར་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་བསྟན་པ་སྟེ། དེ་ཡང་ཚེ་འདི་ཉིད་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་ནུས་པ་དང་། སངས་རྒྱས་

ཀྱི་ཞིང་ཡོངས་སུ་དག་པར་བྱ་ནུས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ནུས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ། རིམ་གྲོ་དང་བཀུར་སྟི་བྱ་ནུས་པའི་དགེ་བའི་རྩ་བ་ཕུན་སུམ་ཚོགས་པར་འགྱུར་བ་དང་།

སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་པ་ཡང་མངོན་པར་སངས་མ་རྒྱས་ཀྱི་བར་དུ་བརྗེད་པར་མི་འགྱུར་བ་དང་རིགས་ཕུན་སུམ་ཚོགས་པ་ལ་སོགས་པ་དང་ལྡན་པར་འགྱུར་བ་བསྟན་པ་སྟེ། དེ་ལ་རིགས་ཕུན་སུམ་ཚོགས་པ་ནི་རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པའི་རིགས་སུ་སྐྱེ་བར་འགྱུར་བའོ། །

སྐྱེ་བ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཡུམ་མཆོག་དམ་པའི་ལྷུམས་ནས་སྐྱེ་བ་སྟེ། དཔེར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཡུམ་སྒྱུ་མའི་ལྷ་མོ་ལྟ་བུའོ། །ཚེ་ཕུན་སུམ་ཚོགས་པ་ནི་ཚེ་རིང་ཞིང་གློ་བུར་དུ་ཚེ་མི་འཕོ་བའོ། །འཁོར་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའ་དེའི་

འཁོར་དམ་པའི་ཆོས་ལ་ཕྱོགས་ཤིང་ཞི་བ་དང་དུལ་བ་ཤ་སྟག་སྟེ། དཔེར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་འཕགས་པ་ཀུན་དགའ་བོ་ལ་སོགས་པ་ལྟ་བུའོ། །མཚན་ཕུན་སུམ་ཚོགས་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའོ། འོད་ཕུན་སུམ་ཚོགས་པ་ནི། དཔེར་ན་

เล่ม ๙๑ · หน้า 309b

བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འོད་འདོམ་གང་བ་དང་ལྡན་པ་ལྟ་བུའོ། །མིག་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པའི་སྤྱན་ལྔ་དང་ལྡན་པར་འགྱུར་བའོ། །དབྱངས་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པའི་གསུང་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའོ། །ཏིང་ངེ་འཛིན་ཕུན་སུམ་

ཚོགས་པ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་དང་ལྡན་པའོ། །གཟུངས་ཕུན་སུམ་ཚོགས་པ་ནི་དོན་དང་ཚིག་མི་བརྗེད་པའི་དྲན་པ་དང་ཤེས་རབ་ཀྱི་གཟུངས་དང་ལྡན་པའོ། །ཐབས་མཁས་པས་བདག་ཀྱང་སངས་རྒྱས་ཀྱི་སྐུར་མངོན་པར་སྤྲུལ་ཅིང་། འཇིག་རྟེན་གྱི་ཁམས་

ནས་འཇིག་རྟེན་གྱི་ཁམས་སུ་མཆི་བ་དང་། གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེ་ཞིང་འབྱུང་བར་མ་གྱུར་པ་དེ་དང་། དེ་དག་ཏུ་མཆིས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ་དང་ཞེས་བྱ་བ་ནས། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་

ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་གསུམ་ལ་འདུལ་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་ནི་ཐབས་མཁས་པས་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སོང་ཞིང་། སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་

ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་སྟོན་ནུས་པའི་ཕན་ཡོན་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་

ཡོངས་སུ་གཟུང་བར་འགྱུར་བ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བར་འགྱུར་བ་ཡང་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉན་ཅིང་བསམ་པ་ལ་སོགས་པའི་ནན་ཏན་བྱས་ན་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་ནན་ཏན་བྱས་ཤིང་ཡོངས་

སུ་གཟུང་བར་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བར་འགྱུར་བ་ཞེས་བྱ་བའི་བར་དུ་ནི་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་

เล่ม ๙๑ · หน้า 310a

ཕ་རོལ་ཏུ་ཕྱིན་པའི་ཕན་ཡོན་བསྔགས་པའི་འཁོར་རྣམས་བརྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར། དེ་དེ་བཞིན་ནོ་ཞེས་བཟླས་ཏེ་བཀའ་སྩལ་པའོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་། ཡོངས་སུ་བཟུང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་། སེམས་པ་ལ་སོགས་པའི་སྒོ་ནས་ནན་ཏན་བྱེད་པ་ལ། བདུད་དང་མུ་སྟེགས་ཅན་ལ་སོགས་པས་ཚེ་འདི་ལ་བར་ཆད་བྱ་མི་ནུས་པའི་ཕན་ཡོན་བསྟན་པའོ། །བརྒལ་བ་ཞེས་བྱ་བ་ནི་དམག་འགྱེད་ཅིང་འཐབ་མོར་རྒོལ་བའོ། །བྲལ་བ་ཞེས་བྱ་

བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་དུ་མི་སྟེར་ཅིང་བྲལ་བར་བྱེད་པའོ། །རྩོད་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་གཞུང་ལ་བརྟེན་ནས་ཤགས་སུ་རྒོལ་བའོ། །བརྒལ་བར་འདོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གལ་དང་སྐྱོན་འཛིན་ཅིང་སུན་འབྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན།

ཀཽ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུན་རིང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བདུད་དང་མུ་སྟེགས་ཅན་ལ་སོགས་པས་བར་ཆད་བྱ་མི་ནུས་པའི་རྒྱུ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེས་ཡུན་

རིང་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་དོན་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་འཐབ་པ་དང་། རྩོད་པ་དང་། འཁྲུག་པ་དང་། ཤགས་སུ་འགྱུར་བའི་ཕྱི་ནང་གི་ཆོས་རྣམས་ཡོངས་སུ་བཏང་སྟེ། སེམས་ཅན་ཐམས་ཅད་ཕ་རོལ་

ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་དེ་ལྟ་བུའི་བར་ཆད་བྱེད་པ་རྣམས་མི་འབྱུང་ངོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གང་གི་དོན་དུ་སེམས་ཅན་དེ་དག་འདི་ལྟ་སྟེ། བག་ལ་ཉལ་བ་དང་ཀུན་ནས་ལྡང་བས་འཁོར་བ་ན་འཁོར་བར་གྱུར་པའི་བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོས་རྣམ་པར་བཅིལ་ཏེ། སེམས་ཅན་དེ་དག་བསམ་གཏན་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་

เล่ม ๙๑ · หน้า 310b

ལ། བདུད་དང་མུ་སྟེགས་ཅན་ལ་སོགས་པས་བར་ཆད་བྱེད་མི་ནུས་པའི་ཕན་ཡོན་གྱི་རྒྱུ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་རྣམས་ལ་འཐབ་ཅིང་རྩོད་པར་འགྱུར་བའི་རྒྱུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་མི་ལྡང་བར་

བཅིལ་ཏེ། སེམས་ཅན་དེ་དག་ཐམས་ཅད་བསམ་གཏན་བཞི་ལ་སོགས་པ་རྣམས་པར་བྱང་བའི་ཆོས་ཐམས་ཅད་ལ་ཡང་དག་པར་བསྐུལ་ཏེ་སྤྱོད་ཡུལ་དུ་བཅུག་པའི་ཕྱིར་བདུད་ལ་སོགས་པས་བར་ཆད་བྱེད་ནུས་པར་འགྱུར་རོ་ཞེས་བསྟན་པ་སྟེ། དེ་ལ་བག་ལ་ཉལ་བ་ཞེས་བྱ་བ་ནི་འདོད་ཆགས་

ལ་སོགས་པའི་ཉོན་མོངས་པ་བག་ཆགས་ཀྱི་ཚུལ་དུ་གནས་པའོ། །ཀུན་ནས་ལྡང་བ་ཞེས་བྱ་བ་ནི་ཉོན་མོངས་པ་དེ་དག་མངོན་དུ་འབྱུང་བའོ། །ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་འདི་ལ་ཡོན་ཏན་དེ་དག་འབྱུང་བ་ཞེས་བྱ་བ་ནི་

བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའི་ཕན་ཡོན་ཚེ་འདི་ལ་འབྱུང་བ་གོང་དུ་སྨོས་པ་རྣམས་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་རབས་གཞན་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ལ་སྤྱོད་པའི་ཕན་ཡོན་ཚེ་རབས་ཕྱི་མ་དག་ལ་འབྱུང་བ་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་སའི་ཕྱོགས་གང་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་

ཕན་ཡོན་བདུད་དང་མུ་སྟེགས་ཅན་ལ་སོགས་པས་ཕྱོགས་ཙམ་དུ་ཡང་ཉེ་བར་འོང་མི་ནུས་པ་དང་། ཚེ་རབས་གཞན་ལ་ཐེག་པ་གསུམ་གྱིས་བྱུང་ནས་སྡུག་བསྔལ་མཐར་འབྱིན་པའི་ཕན་ཡོན་རྩིའི་དཔེ་དང་བཅས་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ནི་སྡིག་ཏོ་མི་དགེ་བའི་ཆོས་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཕན་ཡོན་ཆེ་བའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཞི་བར་བྱེད་པའི་མཐུ་དང་ལྡན་པ་བསྟན་པ་སྟེ། སྡིག་ཏོ་མི་དགེ་བའི་ཆོས་ཞེས་བྱ་བ་ཡང་འདོད་ཆགས་ལ་

เล่ม ๙๑ · หน้า 311a

སོགས་པ་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་དང་མྱ་ངན་ལས་འདས་པ་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་དངོས་པོ་ཡོད་པར་ལྟ་ཞིང་མཚན་མར་འཛིན་པ་རྣམས་ཀྱང་བླ་ན་མེད་པའི་

བྱང་ཆུབ་ཐོབ་པར་བྱ་བ་ལ་སྒྲིབ་པར་འགྱུར་བའི་ཕྱིར་སྡིག་པ་མི་དགེ་བའི་ཆོས་ཀྱི་ནང་དུ་བགྲང་ངོ་། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་ཞེས་བྱ་བ་ནས། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་འཇིག་རྟེན་གྱི་ལྷ་རྣམས་ཀྱིས་རྟག་ཏུ་བསྲུང་ཞིང་བསྐྱབ་པར་འགྱུར་བ་དང་། ཕྱོགས་བཅུའི་སངས་

རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་རྟག་ཏུ་བསྲུང་ཞིང་བསྐྱབ་པར་འགྱུར་བ་དང་། མི་དགེ་བའི་ཆོས་རྣམས་ཡོངས་སུ་སྤངས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་དགེ་བའི་ཆོས་རྣམས་དང་ལྡན་པར་འགྱུར་ཞིང་། དགེ་བའི་ཆོས་དེ་དག་གིས་བྱང་

ཆུབ་སེམས་དཔའ་དེ་དར་བར་འགྱུར་གྱི་ནམས་ཀྱང་རྒུད་པར་མི་འགྱུར་བའི་ཕན་ཡོན་བསྟན་པའོ། །དེའི་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནས། བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཡང་དག་

པར་བསྐུལ་བར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེགས་པ་བརྗོད་པར་འགྱུར། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན་ཡང་དེ་དག་གི་ལེགས་པ་བརྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་

སེམས་དཔའ་ངག་དང་ཡིད་ཀྱི་སྐྱོན་རྣམས་མེད་པར་འགྱུར་བ་དང་། བདག་ཀྱང་མི་དགེ་བ་བཅུའི་ལས་རྣམས་སྤངས་ཤིང་། དགེ་བ་བཅུའི་ལས་དང་ལྡན་པར་འགྱུར་བ་ལ། གཞན་རྣམས་ཀྱང་མི་དགེ་བ་བཅུའི་ལས་སྤངས་ཏེ། དགེ་བ་བཅུའི་ལས་ལ་འཛུད་ནུས་པར་འགྱུར་བ་དང་། བདག་ཀྱང་ཕ་རོལ་ཏུ་

เล่ม ๙๑ · หน้า 311b

ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་སྤྱོད་པར་འགྱུར་ཞིང་། གཞན་རྣམས་ཀྱང་ཆོས་དེ་དག་ལ་སྤྱོད་དུ་འཛུད་ནུས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་སེམས་

ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་

ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་བ་དེ་དག་གིས་ཚེ་འདི་དང་ཚེ་རབས་གཞན་ལ་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་

པ་དྲུག་ཡོངས་སུ་རྫོགས་པར་སྤྱོད་ཅིང་། དེའི་བསོད་ནམས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མ་བྱས་ན་ཉེས་

དམིགས་གང་དང་གང་དུ་འགྱུར་བ་ཤེས་ཤིང་། དེ་ལྟ་བུའི་དྲན་པ་སྐྱེ་བར་འགྱུར་བའི་ཕན་ཡོན་ཚེ་འདི་དང་ཚེ་རབས་གཞན་ལ་ཐོབ་པར་འགྱུར་བ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པར་འགྱུར་བའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཚེ་འདི་དང་། ཚེ་རབས་གཞན་ལ་ཐོབ་པར་འགྱུར་བའི་ཕན་ཡོན་རྣམས་བརྒྱ་བྱིན་གྱིས་རྟོགས་ནས་དེ་ལྟ་བུའི་

ཡོན་ཏན་རྣམས་ཐོབ་པར་གྱུར་ཀྱང་། ཡོན་ཏན་དེ་དག་གིས་དྲེགས་ཤིང་ང་རྒྱལ་སྐྱེ་བར་མི་འགྱུར་བའི་དོན་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པར་

เล่ม ๙๑ · หน้า 312a

འགྱུར་བའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་ང་རྒྱལ་མེད་པའི་དོན་དུ་ཉེ་

བར་གནས་པ་ཡིན་ཞེས་བྱ་བ་ནི་དེ་བརྒྱ་བྱིན་ཉིད་འཆད་དུ་གཞུག་པའི་ཕྱིར་དྲིས་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ལྟར་འཇིག་རྟེན་པའི་ཆོས་རྣམས་ལ་སྤྱོད་པའི་ཚེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་ཏེ། དེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བའི་བར་དུ་ནི། ཕ་རོལ་ཏུ་ཕྱིན་

པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པ་ནི། ཡོངས་སུ་མ་དུལ་ཞིང་ང་རྒྱལ་ཅན་དུ་གྱུར་པ་སྟེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་རྟོགས་ན་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པས་ཡོངས་

སུ་འདུལ་བ་དང་ང་རྒྱལ་མེད་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཤིན་ཏུ་བསྒོམས་པའི་སླད་དུ་དམིགས་པ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་

པ་མཚན་མ་དང་བཅས་ཤིང་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པའི་གཉེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ཉིད་མཚན་མ་ཅན་དུ་སྤྱོད་པ་ཡོངས་སུ་འདུལ་བ་དང་ང་རྒྱལ་མེད་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་

เล่ม ๙๑ · หน้า 312b

པ་རྒྱ་ཆེར་བཤད་པ་ལས་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། ཀཽ་ཤི་ཀ་རྣམ་གྲངས་དེས་

ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཡུལ་དུ་ཕྱིན་པའི་ཚེ་ལུས་ལ་མཚོན་ཏམ་མདས་ཕོག་ཅིང་ཟུག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པའི་སྒོ་ནས་ནན་ཏན་དུ་བྱེད་ཅིང་། གཡུལ་ངོར་འགྲོ་བའི་ཚེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྐབས་གང་

ཡང་རུང་བ་ནས་ཅི་ལོབས་པ་ཁ་ཏོན་དུ་བྱས་ཏེ་སོང་ན་དེ་དགྲ་ལས་རྒྱལ་ཞིང་མཚོན་གྱིས་མི་ཕོག་པའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། ད་ལྟར་བྱུང་བའི་ཕྱོགས་བཅུའི་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པའི་སྒོ་

ནས་ཉམས་སུ་བླངས་ཏེ། སྔགས་ཀྱི་ཚུལ་དུ་དམིགས་ཤིང་བརྟེན་ཏེ་བཅངས་ན་གཞན་གྱིས་དུག་དང་མཚོན་ལ་སོགས་པའི་གནོད་པ་སྣ་ཚོགས་བྱས་ཀྱང་གནོད་པ་དེ་དག་ཐམས་ཅད་ཀྱིས་མི་ཚུགས་པའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བར་མ་བྱས། ཁ་ཏོན་མ་བྱས་

ཀླག་པ་དང་ཀུན་ཆུབ་པར་མ་བྱས་ཚུལ་བཞིན་ཡིད་ལ་མ་བྱས་ཀྱང་གང་ན་བྲིས་ཤིང་འཆང་བའི་ཁྱིམ་མམ། གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་དེར། མིའམ་མི་མ་ཡིན་པ་གླགས་ལྟ་བས་གླགས་རྙེད་པར་མི་འགྱུར་རོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་དེ་ལྟར་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་བཅངས་

ན་དེ་ལ་ཡང་ཚེ་འདིའི་ཡོན་ཏན་དང་ལེགས་པ་དེ་དག་ཡོད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀླག་ཅིང་མཉན་པ་ལ་སོགས་པའི་ནན་ཏན་མ་བྱས་པར་གླེགས་བམ་དུ་བྲིས་ཏེ་བཅངས་པ་ཙམ་གྱིས་ཀྱང་མི་དང་མི་མ་ཡིན་པ་གནོད་པ་བྱ་བར་གླགས་ལྟ་བ་རྣམས་ཀྱིས་གླགས་མི་རྙེད་

เล่ม ๙๑ · หน้า 313a

པའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་སྙིང་པོ་བྱང་ཆུབ་པའམ་སྙིང་པོ་བྱང་ཆུབ་ཀྱི་འཁོར་ཏམ་ཞེས་བྱ་བ་ནས། ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སའི་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་བྱས་པས་མེ་ཏོག་དང་ཕྲེང་བ་དང་སྤོས་

དང་བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་མང་པོས་ཕྱག་བྱ་བ་དང་འདུད་པ་དང་ཕུ་དུད་དུ་བྱ་བ་དང་། རིམ་གྲོ་བྱ་བ་དང་། བཀུར་སྟིར་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་དུ་ནི་མི་དང་མི་མ་ཡིན་པས་གླགས་མི་རྙེད་པའི་དཔེ་བསྟན་པ་སྟེ། བྱང་ཆུབ་ཀྱི་སྙིང་པོ་གང་དུ་དུས་གསུམ་གྱི་དེ་

བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ཤིང་། སེམས་ཅན་གྱི་དོན་སྣ་ཚོགས་མཛད་པར་གྱུར་པའི་ས་ཕྱོགས་དེའམ། དེའི་ཉན་ཀོར་ན་འཁོད་པའི་སེམས་ཅན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་ཡན་ཆད་ལ་ཡང་། མིའམ་མི་མ་ཡིན་པ་ལ་སོགས་པས་གནོད་པར་བྱ་མི་ནུས་པ་

དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ་བཞག་པའི་ཁྱིམ་མམ། གྲོང་དེར་ཡང་མི་དང་མི་མ་ཡིན་པས་གླགས་རྙེད་པར་མི་འགྱུར་རོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ། བཅངས་ལ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་བྱུང་ངོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་

སྐུ་གདུང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་བཅུག་གམ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་བཅུག་སྟེ། མཆོད་ཅིང་རིམ་གྲོ་བྱས་པ་བས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་བཟུང་བ་དང་། བཅངས་པ་ལ་སོགས་པའི་སྒོ་ནས་ནན་ཏན་བྱས་པ་ལྷག་པར་བསོད་ནམས་ཆེ་བའི་ཕན་ཡོན་བསྟན་

པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རིམ་གྲོར་མི་བགྱིད། བཀུར་སྟིར་མི་བགྱིད། ཕུ་དུད་དུ་མི་བགྱིད། མཆོད་པར་མི་བགྱིད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་དེ་ལྟར་མཐུ་ཆེ་བར་མ་འཚལ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด