ตัวบทไม่มีชื่อ — ประโยคแรก: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๒ · หน้า 85b
པ་ཟབ་མོ་འདི་ལ་སྤྱོད་པ་དཀོན་པ་བསྟན་པ་ཤཱ་རིའི་བུས་ཐོས་ནས། དེ་ལྟར་དཀོན་ན་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཙལ་ཀྱང་རྙེད་པར་མི་འགྱུར་གྱི། སྔོན་དགེ་བའི་རྩ་བ་བསྐྱེད་པ་ཉི་ཚེ་ཞིག་གིས་རྙེད་པར་འགྱུར་བ་ལྟ་ཞིག་ཅེས་ཞུས་པའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་དེ་ལྟར་མ་ཡིན་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བརྩོན་འགྲུས་མི་གཏོང་བ་དེ་དག་ཀུན་གྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་
རིགས་ཀྱི་བུ་མོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་དོན་དུ་བརྩོན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པར་བྱ་བའི་ཕྱིར། བརྩོན་འགྲུས་ཆེན་པོ་བརྩམས་ཤིང་ཡིད་བསྲིངས་ཏེ་བཙལ་ན་ཚེ་འདི་ལ་གྲུབ་པར་མ་གྱུར་ན་ཡང་ཚེ་རབས་ཕྱི་མ་ཚུན་
ཆད་ཀྱིས་བརྩོན་འགྲུས་མ་བཏང་ན་གྲུབ་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་ཅི་ལགས། བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་ཀུན་ཀྱང་གྲུབ་པར་འགྱུར་རམ་ཞེས་བྱ་བ་ནས། ཇི་སྐད་དུ་
བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་བརྩོན་འགྲུས་ཉམས་པར་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི། བརྩོན་འགྲུས་ཆེན་པོ་མ་བཏང་ན་སྔོན་དགེ་བའི་རྩ་བ་མ་བསྐྱེད་ཅིང་ལས་ཀྱི་འཕྲོ་མེད་དུ་ཟིན་ཀྱང་མདོ་སྡེ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་རྣམས་གྲུབ་པར་མི་འགྱུར་
མི་སྲིད་དེ། ཚེ་འདི་ལ་མ་གྲུབ་ཀྱང་ཚེ་རབས་ཕྱི་མ་ཚུན་ཆོད་ཀྱིས་གྲུབ་པར་འགྱུར་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་མདོ་སྡེ་ཟབ་མོ་འདིའི་དོན་བཙལ་བ་དང་། སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་
བརྩོན་འགྲུས་ཉམས་པར་མི་བྱའོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་སུམ་ཅུ་གཅིག་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་གོང་དུ་བཤད་
เล่ม ๙๒ · หน้า 86a
པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་ཡོན་བཤད་པ་འདི། བདག་ཅག་གིས་འཇལ་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་ལ་བདུད་ཀྱི་བར་ཆད་དུ་འགྱུར་བ་ཅི་དང་
ཅི་མཆིས་པ་བཤད་དུ་གསོལ་ཞེས་བདུད་ཀྱི་ལས་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་གསོལ་པ་སྟེ། དེ་ལ་བདུད་ཀྱི་ལས་ཞེས་བྱ་བ་ཡང་ཁ་ཅིག་ནི་བདུད་ཀྱིས་བར་ཆད་བྱས་པའོ། །ཁ་ཅིག་ནི་ཆོས་འཆད་པ་དང་། ཆོས་ཉན་པའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་
སྐྱོན་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བར་ཆད་དུ་འགྱུར་བ་སྟེ། དེ་དག་ཀྱང་བདུད་ཀྱི་ལས་དང་འདྲ་བའི་ཕྱིར་བདུད་ཀྱི་ལས་ཞེས་བྱའོ། །ཁ་ཅིག་ནི་ཆོས་འཆད་པ་དང་ཉན་པའི་མིའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་སྐྱོན་ལས་བདུད་གླགས་ལྟ་ཞིང་བར་
ཆད་བྱེད་པར་འགྱུར་བའི་ཕྱིར་ཡང་བདུད་ཀྱི་ལས་ཞེས་བྱ་སྟེ། སྐབས་དང་སྦྱར་ཞིང་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྤོབས་པ་ཧ་ཅང་འཕྱིས་ཏེ་སྐྱེ་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་
བྱའོ་ཞེས་བྱ་བ་ནི་ཆོས་འཆད་པའི་ཚེ། ཆོས་ཀྱི་མཁན་པོ་དོན་དང་ཚིག་རྣམས་མྱུར་དུ་མི་དྲན་ཞིང་སྤོབས་པ་བུལ་བ་དང་ཆོས་ཉན་པས་ཐེ་ཚོམ་དྲིས་ན་ཡང་མྱུར་དུ་ལན་མི་ཐེབས་ཤིང་སྤོབས་པ་འཕྱིས་ཏེ་སྐྱེ་ན། དམ་པའི་ཆོས་བཤད་པའི་བར་ཆད་དུ་འགྱུར་བའི་བདུད་ཀྱི་ལས་
སུ་རིག་པར་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཅིའི་སླད་དུ་སྤོབས་པ་ཧ་ཅང་འཕྱིས་ཏེ་སྐྱེ་བར་འགྱུར་བ་དེ་ནི་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི་ཞེས་བྱ་བས་ནི་སྤོབས་པ་ཧ་ཅང་ཡང་འཕྱིས་ཏེ་སྐྱེ་བའི་རྒྱུ་ཅི་ལས་གྱུར་
པ་དྲིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ལ་སོགས་པས་ནི།
เล่ม ๙๒ · หน้า 86b
ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་མི་མཐུན་པའི་ཕྱོགས་དང་འདྲེས་ཤིང་མྱུར་དུ་ཡོངས་སུ་རྫོགས་པར་མ་བྱས་པའི་ལམ་གྱིས་སྤོབས་པ་བུལ་ཞིང་འཕྱིས་ཏེ་སྐྱེ་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཀུན་ཏུ་མྱུར་བར་སྤོབས་པ་སྐྱེ་ན། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཆོས་འཆད་པའི་མཁན་པོ་ཆོས་འཆད་པ་དང་། དྲིས་པའི་ལན་ལྡོན་པའི་ཚེ་ཞིབ་ཏུ་མ་བརྟགས་མ་བསམས་པར་རློམ་སེམས་སམ་ང་རྒྱལ་གྱི་དབང་གིས་ཆོས་སྟོན་པས། དོན་དང་ཚིག་གཏན་ལ་མི་འབབ་པའི་
ཕྱིར་བདུད་ཀྱིས་གླགས་རྙེད་པར་འགྱུར་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི། ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་བའི་གཏན་ཚིགས་རབ་འབྱོར་གྱིས་ཞུས་པ་དང་། ཕ་རོལ་ཏུ་ཕྱིན་
པ་དྲུག་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་ཞིབ་ཏུ་མ་བརྟགས་མ་བསམས་པར་ང་རྒྱལ་དང་རློམ་སེམས་ཀྱི་དབང་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པའི་རྒྱུས་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་ཏེ། དེ་ལྟར་ང་རྒྱལ་དང་རློམ་སེམས་ཀྱིས་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་ན་ཡང་
བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་གླལ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་སྙོམ་
ཞིང་གཉིད་ཀྱི་དབང་དུ་གྱུར་ཏེ་ལུས་དང་སེམས་ལས་སུ་མི་རུང་ན་གླལ་འབྱུང་སྟེ། དེ་ལྟར་ལུས་དང་སེམས་ལས་སུ་མི་རུང་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ན་ཡང་བདུད་ཀྱིས་གླགས་རྙེད་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་དགོད་ཅིང་འདྲི་ན། རབ་འབྱོར་
དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། གཞན་ལ་འཕྱས་བཙལ་བ་ལ་སོགས་པའི་བསམ་པས་དགོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ན་ཡང་སེམས་གཡེང་བའི་ཕྱོགས་སུ་གཏོགས་པས་བདུད་ཀྱིས་བྱིན་གྱིས་བརླབས་
เล่ม ๙๒ · หน้า 87a
པའམ། བདུད་ཀྱིས་གླགས་རྙེད་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་ཕན་ཚུན་སྟེག་ཅིང་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བའི་ཚེ། མི་གཞན་དང་ལྷན་ཅིག་
ཁས་བརྒྱ་པའམ། རྩེ་བ་འམ་སྟེག་སྔགས་ཟེར་ཞིང་འདྲི་ན་བདུད་ཀྱིས་བྱིན་གྱིས་བརླབས་པས་དེ་ལྟར་བྱེད་པའམ་དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་རོ་ཞེས་བསྟན་པའོ། །སེམས་གཡེང་ཞིང་འདྲི་ན་རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་
བྱའོ་ཞེས་བྱ་བ་ནི་བུད་མེད་ལ་རྟོག་པའམ། ཡུལ་ལ་རྟོག་པ་དང་། གཉེན་བཤེས་ལ་རྟོག་པ་ལ་སོགས་པས་སེམས་གུད་དུ་གཡེངས་ཤིང་འདྲི་ན། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པས། དེ་ལྟར་བྱེད་དམ་དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལུས་སུ་རིག་
པར་བྱའོ་ཞེས་བསྟན་པའོ། །ཡི་གེ་གཞན་ལ་ཆགས་ཤིང་ཚིག་གི་དོན་མི་ཤེས་པར་འདྲི་ན་རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་སྦྱོར་བར་བྱ་ཀ་ར་ཎ་ལ་སོགས་པའི་ཚིག་གི་
རྗེས་སུ་འབྲང་ཞིང་འདྲི་ན་ཡང་དེ་ལྟར་བྱེད་པ་ཉིད་བདུད་ཀྱིས་བྱིན་གྱིས་བརླབས་པའམ། དེ་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །འདིའི་རོ་མ་མྱོང་ནས་སྟན་ལས་ལངས་ཏེ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པའི་ཚེ་དོན་ཟབ་མོ་གོ་བའི་ཉམས་མེད་ནས་མཉན་པ་བཏང་སྟེ་གུད་དུ་འགྲོ་ན་ཡང་། དེ་ལྟར་བྱེད་པ་ཉིད་བདུད་ཀྱིས་བྱིན་གྱིས་བརླབས་པའམ་དེ་ལྟར་བྱེད་ན་བདུད་ཀྱིས་
གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གླལ་ཞིང་ལུང་འབོགས་ན་ཞེས་བྱ་བ་ནས། རབ་འབྱོར་གཞན་ཡང་ཡི་གེ་གཞན་དང་གཞན་དག་ལ་ཆགས་ཤིང་འཛིན་ཏམ་འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་
เล่ม ๙๒ · หน้า 87b
ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ལུང་འབོགས་པ་དང་། ཁ་ཏོན་བྱེད་པ་དང་། འཛིན་པ་དང་། ཀློག་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ་གླལ་བ་དང་། དགོད་པ་དང་
སྟེག་པ་དང་། ཡི་གེ་གཞན་ལ་ཆགས་པར་གྱུར་ན་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པས་དེ་ལྟར་བྱེད་པའམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པ་སྟེ། གླལ་བ་དང་། དགོད་པ་དང་། སྟེག་པ་དང་། ཡི་གེ་
གཞན་ལ་ཆགས་པའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བདག་ཅག་ལུང་མ་བསྟན་ཏོ་ཞེས་མ་དད་པའི་ཡིད་
ཀྱིས་སྟན་ལས་ལངས་ཤིང་འདོང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་པའི་རོ་མ་མྱོང་ནས་སྟན་ལས་ལངས་ཏེ་འདོང་བ་ཅིའི་ཕྱིར་དེ་ལྟར་བྱེད་
པའི་གཏན་ཚིགས་རབ་འབྱོར་གྱིས་ཞུས་པ་དང་། ཚེ་རབས་སྔ་མ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་ཅིང་གོམས་པར་མ་བྱས་པའི་རྒྱུས་ཚེ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་ཟབ་མོ་རྟོགས་པའི་ཉམས་མེད་པས་མ་དད་མ་མོས་ནས་གུད་དུ་འདོང་བ་བསྟན་པ་སྟེ། དེ་ལྟར་བྱེད་
པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པའམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལུང་མ་བསྟན་པ་དེ་དག་སྟན་ལས་ལངས་ཤིང་མཆི་བར་
འགྱུར་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་གང་དང་གང་ལ་གནས་པ་ཡན་ཆད་ཀྱིས་ལུང་བསྟན་པ་འཐོབ་པ་དང་། ས་གང་མན་ཆད་ཀྱིས་ལུང་བསྟན་པ་མི་འཐོབ་པ་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་
เล่ม ๙๒ · หน้า 88a
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱོན་མེད་པར་མ་ཆུད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཏོ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ཡན་ཆད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་
འགྱུར་གྱི། དེ་མན་ཆད་ཀྱིས་ལུང་བསྟན་པ་མི་འཐོབ་བོ་ཞེས་བསྟན་པའོ། །དེ་ལ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མི་འབྱུང་ངོ་། །བདག་གི་མིང་ཡང་ཡོངས་སུ་མ་བརྗོད་དོ་ཞེས་དད་པར་མ་གྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་
ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་སྤྱོད་པ་དག་བདག་གིས་མིང་ནས་སྨོས་ཏེ་ལུང་བསྟན་དུ་རེ་བ་ལས། ལུང་བསྟན་པར་མ་གྱུར་ནས། དད་པ་བྲི་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་
གཏོང་བར་གྱུར་ན། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པའམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་མིང་ཡོངས་སུ་མ་བརྗོད་པ་ལགས་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་སྤྱོད་པ་རྣམས་ཇི་ལྟར་ཙམ་གྱིས་མིང་བརྗོད་ཅིང་ལུང་བསྟན་པར་འགྱུར་བ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་རྣམས་ཀྱི་མིང་ནི་ཡོངས་སུ་མི་བརྗོད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་དོ་ཅོག་གི་མིང་བརྗོད་ཅིང་ལུང་བསྟན་པ་ཐོབ་པར་མི་འགྱུར་གྱི། ས་དང་པོ་ཐོབ་པ་ཡན་ཆད་ཀྱི་མིང་བརྗོད་ཅིང་ལུང་བསྟན་པ་ཐོབ་པར་
འགྱུར་རོ་ཞེས་བསྟན་པའོ། །དེ་ལ་བདག་གི་མིང་ཡང་འདི་ལས་མི་འབྱུང་བདག་གང་དུ་སྐྱེས་པའི་གྲོང་ངམ་གྲོང་ཁྱེར་རམ། གྲོང་རྡལ་གྱི་མིང་འདི་ཡང་མི་འབྱུང་ངོ་ཞེས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་མཉན་ཏོ་སྙམ་བྱེད་ཅིང་འཁོར་དེ་ནས་འགྲོ་བར་སེམས་ན་སེམས་བསྐྱེད་པ་དེས་ཇི་ལྟ་ཇི་
เล่ม ๙๒ · หน้า 88b
ལྟར་འགྲོ་བར་སེམས་ཤིང་གོམ་པ་ཇི་སྙེད་ཅིག་བོར་བ་དེ་སྙེད་ཀྱི་བསྐལ་པ་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་དག་ལ་བཟོད་པ་བརྩོན་པར་བྱ་དགོས་སོ་ཞེས་བྱ་བ་ནི་ལུང་མ་བསྟན་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་སྤྱོད་པ་ལས། བདག་གི་མིང་ལ་སོགས་
པ་མ་སྨོས་ཏེ་ལུང་མ་བསྟན་ཏོ་སྙམ་ནས་དད་པ་བྲི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མཉན་པ་བཏང་ནས་གུད་དུ་འགྲོ་བར་སེམས་ཤིང་སོང་ནས། གོམ་པ་ཇི་སྙེད་བོར་བ་དེ་སྙེད་ཀྱི་བསྐལ་པར་འཁོར་བ་ན་འཁྱམས་ཤིང་གྲོལ་ཐར་བར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཟབ་མོ་འདི་ལ་གཟོད་བརྩོན་པར་བྱ་དགོས་སོ་ཞེས་བསྟན་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཞིང་མདོ་སྡེ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མི་སྒྲུབ་པ་དེ་དག་ཀུན་ཆུབ་པར་བྱ་བར་སེམས་ཏེ། དེ་ནས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་
བུ་དང་རིགས་ཀྱི་བུ་མོ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་གི་རྩ་བ་སྤངས་ཏེ། དེ་ཉིད་ཀྱི་ཡལ་ག་དང་འདབ་མ་དང་ལོ་མ་ལ་འཇུག་པར་སེམས་པར་འགྱུར་བ་དག་སྟེ་ཞེས་བྱ་བས་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་མཉན་པར་
གུད་དུ་འགྲོ་བར་སེམས་པའི་སྐྱོན་དང་དཔེ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པ་ཡིན་ཏེ། ཤིང་གི་རྩ་བ་དང་འདྲ་བ་ཐེག་པ་ཆུང་ངུའི་མདོ་སྡེ་འདི་ཤིང་གི་ཡལ་ག་དང་འདབ་མ་དང་ལོ་མ་དང་འདྲ་སྟེ། དོན་ཆེན་པོ་བོར་ནས་དོན་ཆུང་
ངུ་ལ་ཞུགས་པ་ཡིན་པས་དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པའམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་
སུ་མི་སྒྲུབ་པའི་མདོ་སྡེ་ཀུན་ཆུབ་པར་བགྱི་བར་སེམས་པར་འགྱུར་བ་དེ་དག་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཞིང་ཀུན་ཆུབ་པར་བྱ་བར་སེམས་པ་སྟེ། རྣམ་པ་ཐམས་ཅད་
เล่ม ๙๒ · หน้า 89a
མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མི་སྒྲུབ་པའོ་ཞེས་བྱ་བའི་བར་གྱིས་ནི། ཐེག་པ་ཆུང་ངུའི་མདོ་སྡེ་ཤིང་གི་ཡལ་ག་དང་འདྲ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡེ་ཤེས་མི་སྒྲུབ་པ་གང་ཡིན་པའི་དམིགས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་
ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སློབ་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཞར་ལ་སྤྱད་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་
དཔེར་ན་ཁྱི་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཏེ། ཐེག་པ་ཆུང་ངུའི་མདོ་སྡེ་ལ་སྤྱོད་པ་དོན་བཟང་པོ་བོར་ཏེ་ངན་པ་ཚོལ་བ་ཁྱིས་ཟན་བཟང་པོ་བོར་ཏེ་ངན་པ་ཚོལ་བ་ལས་དཔེ་བླངས་ཏེ་བསྟན་པ་སྟེ། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་
གྱིས་བརླབས་པའམ། དེ་ལྟར་བྱེད་པ་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་མ་འོངས་པའི་དུས་ན་ཞེས་བྱ་བ་ལ་སོགས་པས་ནི་ཡུལ་དང་དུས་ལ་ལ་ན་ཐེག་པ་ཆེན་པོ་ལ་སྤྱོད་པ་ནི་ཉུང་ཞིང་མི་བཙུན་པར་བྱེད་
ཐེག་པ་ཆུང་ངུ་ལ་སྤྱོད་པ་ནི་མང་ཞིང་བཙུན་པར་བྱེད་པ་ཡོད་དེ་དེ་ལྟ་བུར་གྱུར་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཏེ་ཁེ་དང་བཀུར་སྟིའི་ཕྱིར་ཐེག་པ་ཆུང་ངུའི་མདོ་སྡེ་ལ་སྤྱོད་ན། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པའམ། དེ་ལྟར་བྱེད་ན་བདུད་ཀྱིས་
གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་གླང་པོ་ཆེ་འདོད་ལ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཏེ། ཐེག་པ་ཆུང་ངུའི་མདོ་སྡེ་ལ་སྤྱོད་པ་དམན་པའི་དཔེ་མི་
བླུན་པོ་ལས་བླངས་པ་བསྟན་པ་སྟེ། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པ་འམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ཞིག་རྒྱ་མཚོ་ཆེན་པོ་ལྟ་བར་འདོད་ལ་ཞེས་བྱ་
เล่ม ๙๒ · หน้า 89b
བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བོར་ཏེ། ཐེག་པ་ཆུང་ངུའི་མདོ་སྡེ་ཚོལ་བའི་དཔེ་རྒྱ་མཚོ་དང་། བ་ལང་གི་རྗེས་ཀྱི་ཆུ་ལས་བླངས་པ་བསྟན་པ་སྟེ། དེ་ལྟར་བྱེད་པ་ཡང་སྔ་མ་བཞིན་དུ་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཕྱྭ་
མཁན་ནམ། ཕྱྭ་མཁན་གྱི་སློབ་མ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཏེ། ཐེག་པ་ཆུང་ངུ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚོལ་བར་སེམས་པ་ཕྱྭ་མཁན་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཚད་དུ་ཁང་པ་
དབུབ་པར་འདོད་ལ་ཉི་མ་དང་ཟླ་བའི་གཞལ་མེད་ཁང་ལས་ཚད་བླངས་ཏེ། ཁང་པ་དབུབས་པ་ལས་དཔེ་བླངས་པ་བསྟན་པ་སྟེ། དེ་ལྟར་བྱེད་པ་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་བ་སྔ་མ་བཞིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་
མཐོང་བར་འདོད་ལ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ནས་ཐེག་པ་ཆུང་ངུའི་མདོ་སྡེ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་སེམས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཁམས་ཀྱི་རྒྱལ་ཕྲན་ལས་དཔེ་བླངས་ནས་བསྟན་པ་སྟེ།
འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཁམས་ཀྱི་རྒྱལ་ཕྲན་གཉིས་རྒྱལ་པོའི་ཆ་བྱད་ཙམ་དུ་འདྲར་ཟིན་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པ་མངའ་བའི་ཡོན་ཏན་དང་ལྡན་གྱི། ཁམས་ཀྱི་རྒྱལ་ཕྲན་
ལ་ཡོན་ཏན་དེ་ལྟ་བུ་དང་མི་ལྡན་ཏེ་མི་འདྲ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དང་ཐེག་པ་ཆུང་ངུའི་མདོ་སྡེ་གཉིས་ཀྱང་། མདོ་སྡེ་ཙམ་དུ་འདྲ་ཡང་ཡོན་ཏན་ཐ་དད་དེ་མི་འདྲ་བ་ལ་ཐེག་པ་ཆུང་ངུའི་མདོ་སྡེ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་སེམས་པ་བདུད་ཀྱི་
ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཤིན་ཏུ་བཀྲེས་པ་ལ་ལ་ཞིག་གིས་རོ་བརྒྱ་དང་ལྡན་པའི་ཁ་ཟས་རྙེད་ཀྱང་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ནས། ཐེག་པ་ཆུང་ངུའི་མདོ་སྡེ་ལས་རྣམ་པ་ཐམས་ཅད་
เล่ม ๙๒ · หน้า 90a
མཁྱེན་པ་ཉིད་ཐོབ་པར་བྱེད་པ་མི་ལ་ལ་ཞིག་ཁ་ཟས་ཞིམ་པོ་རོ་བརྒྱ་དང་ལྡན་པ་བོར་ཏེ། འབྲས་དྲུག་ཅུ་པ་ཞེས་བྱ་བའི་ཁ་ཟས་བཟའ་བར་སེམས་པ་ལས་དཔེ་བླངས་ཏེ་བསྟན་པ་སྟེ། དྲུག་ཅུ་པའི་ཁ་ཟས་ཞེས་བྱ་བ་ནི། འབྲས་དམར་པོ་ངན་པ་ཞིག་ཞག་དྲུག་ཅུས་སྨིན་པར་
འགྱུར་བ་ལ་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་གིས་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་རྙེད་ནས། ནོར་བུ་མཆིང་བུ་དང་བསྐྲུན་པར་བསམས་ན་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ནས། ཐེག་པ་ཆུང་ངུའི་མདོ་སྡེ་ལས་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་བཙལ་བར་སེམས་པ་ནོར་བུ་རིན་པོ་ཆེ་དང་མཆིང་བུ་ལས་དཔེ་བླངས་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བའི་ཚེ། སྤོབས་པ་མང་པོ་གང་གིས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་དཀྲུགས་མར་འགྱུར་བ་དེ་ལྟ་བུ་སྐྱེ་བར་འགྱུར་བ་སྟེ་ཞེས་བྱ་བ་ནས། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། ཆོས་དེ་དག་གིས་དཀྲུགས་པར་
མི་འགྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བའི་ཚེ། གཟུགས་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ལ་མཚན་
མར་འཛིན་ཅིང་རྣམ་པར་རྟོག་པ་སྣ་ཚོགས་འབྱུང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ལ་རྣམ་པར་རྟོག་པ་བྱུང་ན་དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པ་སྟེ། སྤོབས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་མཚན་མར་འཛིན་པའི་བློ་སྐྱེ་
བ་ལ་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བར་ནུས་སམ་ཞེས་བྱ་བས་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་བའི་ཚེ། སྤོབས་པ་མང་པོ་
เล่ม ๙๒ · หน้า 90b
བྱུང་ན་བདུད་ཀྱི་ལས་སུ་འགྱུར་རོ་ཞེས་བཤད་པ་ལ་འཁོར་རྣམས་ཀྱི་ནང་ནས། ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིར་ཡོད་པ་དང་སྦྱར་ན། དངོས་པོ་ཡོད་པ་ཞིག་ཡིན་ནམ་སྙམ་དུ་རྟོག་པ་སྐྱེས་པ་བསལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མི་དམིགས་སོ། །ངོ་བོ་ཉིད་མི་དམིགས་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དངོས་པོ་མེད་པས་དངོས་པོ་མེད་པ་
བྲི་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པས་བྲིར་མི་རུང་བ་བསྟན་པའི་ཞར་ལ། ཆོས་ཐམས་ཅད་དངོས་པོ་མེད་པའི་མི་དམིགས་པ་བསྟན་པའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་
བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དངོས་པོ་མེད་ཅེས་བྱ་བར་འདུ་ཤེས་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བས་ནི་དངོས་པོ་ཞིག་ཡོད་ན་དེའི་ཟླས། དངོས་པོ་མེད་པ་ཞེས་བྱ་བ་ཡང་འགྲུབ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་
དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དངོས་པོ་མེད་པ་ཞེས་བྱ་བའི་འདུ་ཤེས་ཀྱང་བསྐྱེད་དུ་མེད་པ་ལས། དངོས་པོ་མེད་པའི་འདུ་ཤེས་སྐྱེས་ན་མེད་པའི་མཐའ་ལ་ཆགས་པས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །གསོལ་པ། བྱང་ཆུབ་སེམས་དཔའི་ཐེག་པ་
པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲིས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བདག་གིས་བྲིས་སོ་ཞེས་མཆི་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡི་གེར་མངོན་པར་ཆགས་པ་ལགས་ཏེ་ཞེས་བྱ་བ་
ནས། ཡི་གེ་མ་མཆིས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་ན། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འདྲི་བའི་ཚེ་ཡང་དངོས་
เล่ม ๙๒ · หน้า 91a
པོར་ལྟ་ཞིང་དམིགས་པ་དང་བཅས་པའི་འདུ་ཤེས་ཅན་དུ་བྱ་སྟེ། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་སོ་སྙམ་དུ་སེམས་ན། ཆོས་ཐམས་ཅད་ཡི་གེ་དང་བྲལ་བ་ལ་ཡི་གེར་མངོན་པར་ཆགས་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་
པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཁ་ཏོན་བྱེད་པ་དང་ཞེས་བྱ་བ་ནས་བར་ཆད་བྱ་བའི་ཕྱིར་བདུད་སྡིག་ཏོ་ཅན་འཁྲུག་པར་འགྱུར་བ་ཉེ་བར་སྦྱར་ཏེ། དེ་དག་ཀྱང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང་ཀློག་པ་ལ་སོགས་པའི་བྱ་བ་བྱེད་པའི་ཚེ། ཡུལ་དང་གྲོང་ལ་སོགས་པ་འདུ་འཛིའི་བསམ་པ་རྣམས་བྱུང་ན་ཡང་བདུད་ཀྱིས་བར་ཆད་
བྱ་བའི་གླགས་རྙེད་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བའི་ཚེ་ཞེས་བྱ་བ་ནས། བར་ཆད་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་ལ་སོགས་པའི་བྱ་བ་བྱེད་པའི་ཚེ། རྙེད་པ་དང་བཀུར་སྟི་ལ་སོགས་པ་འབྱུང་ལ་དེ་ལ་ཆགས་པར་བྱེད་པ་ན་ཡང་བདུད་ཀྱིས་གླགས་རྙེད་ཅིང་བར་ཆད་དུ་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་
རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་བསྒོམ་པའི་ཚེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས་ཐབས་མཁས་པ་བཙལ་བར་སེམས་པ་ཡོད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་
เล่ม ๙๒ · หน้า 91b
ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོགས་པ་ལ་སོགས་པ་བྱེད་པའི་ཚེ་བདུད་སྡིག་ཏོ་ཅན་དག་བར་ཆད་བྱ་བའི་ཕྱིར་ཐེག་པ་ཆུང་ངུ་བའི་མདོ་སྡེ་ཟབ་མོ་དག་སྟོན་ཞིང་། འདི་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་ཟེར་ན་དེ་ཡང་བདུད་ཀྱི་ལས་ཡིན་པས་དེ་
དག་མཉན་པར་མི་བྱ་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་སུམ་ཅུ་གཉིས་པའོ།། །།རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོགས་པ་དང་ཁ་ཏོན་བྱ་བར་དགའ་
ལ། ཆོས་སྨྲ་བ་ནི་ཕྱི་བཤོལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནས། ཆོས་སྨྲ་བ་ནི་འདོད་པའི་སྲིད་པ་དང་བཅས། གནོད་སེམས་དང་སྙོམ་པ་དང་གཉིད་དང་འགྱོད་པ་དང་བཅས། ཐེ་ཚོམ་དང་བཅས་
པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོགས་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཆོས་
ཉན་པ་དང་། འཆད་པ་གཉིས་སྤྱོད་པ་དང་བསམ་པ་མི་མཐུན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་རྒྱུ་རྐྱེན་མི་ལྡན་པས་བར་ཆད་དུ་འགྱུར་ཞིང་། མཐར་ཕྱིན་པར་མི་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱེད་པ་དང་། འཆང་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ་ལ་ལ་ཞིག་དེར་འོངས་ཏེ་སེམས་ཅན་དམྱལ་བའི་མི་སྙན་པ་བརྗོད་ཅེས་བྱ་བ་ནས། འདི་ཉིད་དུ་རང་བྱང་ཆུབ་
ཐོབ་པར་གྱིས་ཤིག །ཕྱིན་ཆད་འཁོར་བ་ན་མ་འཁོར་བར་གྱིས་ཤིག་ཅེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
เล่ม ๙๒ · หน้า 92a
བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སེམས་ཅན་གྱི་དོན་བྱེད་ཅིང་འཁོར་བ་ན་ཡུན་རིང་དུ་གནས་ཀྱི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ། བདུད་དག་དགེ་བའི་བཤེས་
གཉེན་གྱི་ཚུལ་དུ་བསྒྱུར་ནས་འཁོར་བའི་སྐྱོན་སྨོས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་མྱུར་དུ་མྱ་ངན་ལས་འདས་པར་བསྐུལ་མ་འདེབས་པ་བྱུང་ན་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་མེད་ཅིང་བདག་
གིས་བྱེད་པ་ཡིན་ལ། ཆོས་ཉན་པ་ནི་འཁོར་གྱི་ནང་ན་གནས་ན་ཞེས་བྱ་བ་ནས། དེས་ཆོས་ཉན་པ་དེ་དག་ཕྱིར་བཟློག་པའི་ཕྱིར་འོང་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ།
རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཀྱང་ཆོས་འཆད་པ་དང་ཉན་པ་གཉིས་སྤྱོད་པ་དང་བསམ་པ་མི་མཐུན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡོངས་སུ་རྫོགས་པར་མི་འགྱུར་ཞིང་
བར་ཆད་དུ་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་ཞེས་བྱ་བ་ནས། དེ་དག་ཐེ་ཚོམ་དུ་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་འདྲི་བར་གྱུར། མི་ཀློག་པར་གྱུར། ལུང་མི་
འབོགས་པར་གྱུར། ཁ་ཏོན་མི་བྱེད་པར་གྱུར། མི་སྒོམ་པར་གྱུར། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པར་གྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་ལ་བར་ཆད་བྱ་བའི་ཕྱིར། བདུད་དག་དགེ་སློང་གི་ཚུལ་དུ་བསྒྱུར་ཏེ། ཐེག་པ་ཆུང་ངུའི་མདོ་སྡེ་རྣམས་བསླབས་ནས།
เล่ม ๙๒ · หน้า 92b
ངེད་ཀྱིས་ཇི་ལྟར་ཁོང་དུ་ཆུད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི། ཁྱེད་ཇི་སྐད་དུ་ཀློག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་སླུ་བར་བྱེད་པ་འབྱུང་སྟེ། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་
དགེ་སློང་གི་ཆ་བྱད་དུ་བྱས་ནས་ཞེས་བྱ་བ་ནས། དེ་ནི་རང་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་ཟེར་ན། དེས་ཚིག་དེ་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདྲི་འདི་བ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱེད་
པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའི་ཐེག་པ་ཆུང་ངུའི་ཚུལ་གྱིས་མྱ་ངན་ལས་འདས་པར་མི་འདོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ན། ཐེག་པ་ཆུང་ངུའི་རིམ་པས་མྱ་ངན་ལས་འདས་པར་འགྱུར་བས་བསྡིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བར་ཆད་བྱེད་པ་དག་བྱུང་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་
གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པའི་ཚེ། བར་ཆད་དུ་འགྱུར་བའི་བདུད་ཀྱི་ལས་མང་དུ་འབྱུང་སྟེ། བདུད་ཀྱི་ལས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནས། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་
གཟུགས་བརྙན་ནི་བདུད་ཀྱི་ལས་ཏེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་སྤང་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཟུགས་བརྙན་སྟོན་པ་དག་བྱུང་ན་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་
གཟུགས་བརྙན་ཞེས་བྱ་བ་ཡང་། ཐེག་པ་ཆུང་ངུའི་ཚུལ་དུ་དམིགས་པ་དང་བཅས་པར་སྟོན་པའོ། །རབ་འབྱོར་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་
เล่ม ๙๒ · หน้า 93a
ལས་སུ་རིག་པར་བྱ་སྟེ། རྣམ་པར་སྤང་བར་བྱའོ་ཞེས་བྱ་བ་ནས། དེ་ཡང་དེ་ལ་དགའ་བ་སྐྱེ་ན་རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཐེག་པ་ཆུང་ངུའི་མདོ་སྡེ་དང་སྟོང་པ་ཉིད་བཅྭ་བརྒྱད་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱ་
བའི་ཕྱིར། བྱང་ཆུབ་སེམས་དཔའ་ལ་སྟོན་པ་དག་འབྱུང་སྟེ། བྱང་ཆུབ་སེམས་དཔའ་དེ་ཡང་ཆོས་སྟོན་པ་དེ་ལ་ཡིད་ཆེས་ཤིང་དད་པ་སྐྱེ་བར་གྱུར་ན། དེ་ཡང་བདུད་ཀྱི་ལས་ཡིན་གྱིས་སྤང་བར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་
ཆ་བྱད་དུ་ལུས་གསེར་གྱི་ཁ་དོག་དང་། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། འོད་འདོམ་གང་བར་ལྡན་པར་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ཏེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟ་བུ་དག་ཉེ་བར་སྟོན་ཏེ། དེ་ཡང་
བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་ལ་འདོད་པར་སྐྱེ་བར་འགྱུར་རོ། །དེས་དེ་དག་ལ་འདོད་པ་སྐྱེད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོགས་
པ་དང་། ཁ་ཏོན་བྱེད་པ་དང་། བསྒོམ་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་འོང་བ་
དང་། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་མང་པོར་བསྒྱུར་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་དེ་ལ་ཆགས་ཤིང་འདོད་པ་སྐྱེ་བར་བྱེད་པ་དག་བྱུང་ན། ཆགས་པར་བྱ་བའི་དངོས་པོ་
เล่ม ๙๒ · หน้า 93b
མེད་པ་ལས་ཆགས་པར་བྱེད་པས་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གཟུགས་མེད་དོ། །ཚོར་བ་མེད་དོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ་ཞེས་བྱ་བའི་ཚུལ་གྱིས་ནི། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་དོན་དང་སྦྱར་ན་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་པས། ཆགས་པར་བྱ་བའི་རྒྱུ་མེད་པའི་གཏན་ཚིགས་བསྟན་པའོ། །རབ་འབྱོར་གང་ལ་གཟུགས་མེད་པ་དེ་ལ་སངས་རྒྱས་མེད་དོ། །བྱང་ཆུབ་སེམས་དཔའ་མེད་དོ། །རང་སངས་རྒྱས་མེད་དོ། །ཉན་
ཐོས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ནས། གང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་པ་ལ་སངས་རྒྱས་མེད་དོ། །བྱང་ཆུབ་སེམས་དཔའ་མེད་དོ། །རང་སངས་རྒྱས་མེད་དོ། །ཉན་ཐོས་མེད་དོ། །དེ་ཅིའི་
ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་དེ། རང་བཞིན་གྱིས་སྟོང་པ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱང་
མེད་དོ། །དེ་ལྟར་མེད་པ་ལ་ཡོད་པར་ལྟ་ཞིང་མངོན་པར་ཆགས་ན་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བར་ཆད་དུ་འགྱུར་བ་མང་བ་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་བཞིན་དུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོགས་པ་དང་། ཁ་ཏོན་བགྱིད་པ་དང་། སྟོན་པ་དང་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ལ་ཡང་བདུད་ཀྱི་ལས་མང་པོ་འབྱུང་བར་འགྱུར་རོ། །བར་ཆད་མང་པོ་འབྱུང་བར་འགྱུར་རོ། །སླར་རྒོལ་བ་མང་པོ་འབྱུང་བར་
འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་རིན་པོ་ཆེ་དཀོན་ཞིང་རིན་ཐང་ཆེན་པོ་རྣམས་བསྒྲུབ་པ་ལ་བགེགས་དང་བར་ཆད་མང་པོ་འབྱུང་བའི་དཔེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བར་ཆད་དང་བདུད་ཀྱི་ལས་མང་པོ་འབྱུང་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཀོན་ཞིང་དོན་ཆེན་པོ་ཡིན་པར་བསྟན་
เล่ม ๙๒ · หน้า 94a
པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོགས་པ་དང་། ཁ་ཏོན་བགྱིད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་
དག་གི་བར་ཆད་བགྱིད་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རླབས་པོ་ཆེ་དག་ལ། དེ་དག་གི་སེམས་མི་འཇུག་གོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱེད་པའི་མི་རྣམས་སྨད་
པ་བསྟན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དག་ལ། བདུད་ཀྱི་ལས་སུ་འདི་དག་ཀྱང་འབྱུང་མོད་ཀྱི་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ན། རབ་འབྱོར་དེ་ནི་སངས་རྒྱས་ཀྱི་མཐུ་ཡིན་པར་ཤེས་པར་བྱ་བ་སྟེ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ལ་བར་ཆད་དང་བདུད་ཀྱི་ལས་མང་དུ་འབྱུང་བ་ཐོས་ནས། འཁོར་གྱི་ནང་ནས་ཁ་
ཅིག་སེམས་ཞུམ་པར་འགྱུར་བ་དག་ཀྱང་སྲིད་དེ་དེ་དག་སྤྲོ་བ་བསྐྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བ་ལ་འབད་ན། སངས་རྒྱས་བཅོམ་ལྡན་འདས་མཐུ་གཏོང་ཞིང་བྱིན་གྱིས་རློབ་སྟེ། བདུད་ཀྱིས་བར་ཆད་བྱ་མི་ནུས་པར་བསྟན་པའོ། །དེས་རིགས་ཀྱི་བུ་
དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིའོ་ཀློག་གོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང་། ཀློག་པ་ལ་སོགས་པ་ལ་འབད་ན། སངས་རྒྱས་
བཅོམ་ལྡན་འདས་མཐུ་གཏོང་ཞིང་བྱིན་གྱིས་རློབ་པ་དེས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡོངས་སུ་རྫོགས་པར་བྱེད་ནུས་པའི་ཕན་ཡོན་བསྟན་པའོ། །ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་
เล่ม ๙๒ · หน้า 94b
ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱ་བ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་ཀློག་པ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་དུ་བརྩོན་པར་བྱེད་ཅིང་
ཡོངས་སུ་འཛིན་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་ལ་སོགས་པ་ལ་འབད་ཅིང་བརྩོན་པ་དེ་དག་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་
ཕྱིར་མི་ལྡོག་པ་རྣམས་ཀྱང་དགོངས་ཤིང་མཐུ་གཏོང་བའི་ཕན་ཡོན་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་བུད་མེད་ལ་ལ་ཞིག་ལ་བུ་ལྔའམ་བཅུ་འམ་ཉི་ཤུའམ་སུམ་ཅུ་འམ་བཞི་བཅུའམ་ལྔ་བཅུའམ། བརྒྱའམ་སྟོང་ཞིག་ཡོད་ན་ཞེས་བྱ་བ་ནས། དེ་བས་ན་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་འཆད་པར་གཟིགས་ཤིང་དགོངས་སོ་ཞེས་བྱ་བའི་བར་གྱིས་ནི། འཇིག་རྟེན་ན་མ་ལ་བུ་རྣམས་དྲིན་ལ་ལན་ལྡོན་ཞིང་རིམ་གྲོ་དང་བཀུར་སྟི་བྱེད་
པ་དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར་ཡུམ་དང་འདྲ་བར་དགོངས་ཏེ། དྲིན་ལ་ལན་ལྡོན་ཞིང་རིམ་གྲོ་དང་བཀུར་སྟི་མཛད་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས། དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་
เล่ม ๙๒ · หน้า 95a
རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དང་འདྲ་བར་དགོངས་ཏེ། རིམ་གྲོ་དང་། བཀུར་སྟི་བྱ་བའི་
གཏན་ཚིགས་སུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་དང་། འཕགས་པའི་གང་ཟག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་སྟེ། ཐམས་ཅད་ཀྱི་རྒྱུ་དང་གཞི་ཡིན་པའི་ཕྱིར་རིམ་གྲོ་དང་། བཀུར་སྟི་བྱ་བའི་གནས་ཡིན་པར་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་
དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་བར་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་མཛད་དོ་ཞེས་བྱ་བའི་བར་
གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་ལ་སོགས་པ་བྱེད་པ་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་སྤྱན་རས་ཀྱིས་འཚོ་ཞིང་བྱིན་གྱིས་རློབ་པའི་ཕན་ཡོན་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བསྐྱེད་པའོ་ཞེས་བྱ་བ་ལ་སོགས་པས་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་བསྐྱེད་པ་ཡིན་ཞིང་། འཇིག་རྟེན་སྟོན་པ་ཡིན་པའི་ཕྱིར་རིམ་གྲོ་
དང་བཀུར་སྟི་བྱ་བའི་གནས་ཡིན་པར་བཤད་པ་ལས་གླེངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་བསྐྱེད་པ་ཡིན་པ་དང་། ཇི་ལྟར་འཇིག་རྟེན་སྟོན་པ་ཡིན་པ་དང་། དེ་བཞིན་གཤེགས་པ་རྣམས་ཐབས་ཇི་ལྟ་བུར་བསྐྱོད་པ་དང་། འཇིག་རྟེན་ཞེས་བྱ་བ་
ཡང་གང་ཡིན་པ་རྣམས་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་དོ། །རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་དེ་
เล่ม ๙๒ · หน้า 95b
བཞིན་གཤེགས་པ་བསྐྱེད་དོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་ན། དེ་བཞིན་གཤེགས་པ་ཡིན་པ་བསྟན་པ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། དེ་བཞིན་གཤེགས་པའི་
ཡོན་ཏན་གྱི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར། དེ་བཞིན་གཤེགས་པ་བསྐྱེད་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་འཇིག་རྟེན་གང་ལགས་ཞེས་བྱ་བ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པ་འཇིག་རྟེན་ཞེས་བྱ་བ་གང་ལ་བྱ་བ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པས་འཇིག་རྟེན་དུ་གསུངས་སོ་ཞེས་བྱ་བ་ནི་འཇིག་པའི་རང་བཞིན་ལ་རྟེན་
ཅིང་གནས་པའི་ཕྱིར་ཕུང་པོ་ལྔ་ལ་འཇིག་རྟེན་ཞེས་བྱའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོས་ཕུང་པོ་ལྔ་ནི་ཇི་ལྟར་བསྟན་པ་ལགས་ཞེས་བྱ་བ་ནི་དེ་ལྟར་ཕུང་པོ་ལྔ་འཇིག་པའི་རང་བཞིན་ཡིན་ཏེ། དངོས་པོ་མེད་པ་ཡིན་ན་བསྟན་དུ་ཡང་ཇི་ལྟར་
རུང་ཞེས་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཇི་ལྟ་བུར་ཕུང་པོ་ལྔ་སྟོན་པ་ལགས་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དངོས་པོ་མེད་པ་དེ་དག་སྟོན་ན་ཡང་ཐབས་ཇི་ལྟར་སྟོན་པ་ལགས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་ཕུང་པོ་ལྔ་པོ་འདི་དག་འཇིག་པར་སྟོན་པ་མ་ཡིན། རབ་ཏུ་འཇིག་པར་སྟོན་པ་མ་ཡིན་ཏེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་སྟོན་པར་གསུངས་ཏེ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་ཕུང་པོ་ལྔ་པོ་འདི་དག་སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དང་། རང་བཞིན་མེད་པས་འཇིག་པ་དང་རབ་ཏུ་འཇིག་པ་མི་སྲིད་པའི་ཕྱིར་ཕུང་པོ་ལྔ་པོ་འདི་དག་འཇིག་པར་སྟོན་པ་མ་ཡིན། རབ་ཏུ་འཇིག་པར་སྟོན་པ་མ་ཡིན་ཏེ། སྐྱེ་
เล่ม ๙๒ · หน้า 96a
བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཕེལ་བ་དང་། འགྲིབ་པ་དང་། བླང་བ་དང་། དོར་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བར་མི་སྟོན་པ་ཉིད་ཕུང་པོ་ལྔའི་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །
རབ་འབྱོར་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་སེམས་དང་སྤྱོད་པ་མཁྱེན་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བརྟེན་ཅིང་རབ་ཏུ་མཁྱེན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི་སེམས་ཅན་མེད་དོ། །སེམས་ཅན་དུ་གདགས་པ་མི་དམིགས་སོ། །གཟུགས་
མེད་དོ། །གཟུགས་སུ་གདགས་པ་མི་དམིགས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་དང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གདགས་སུ་མེད་པ་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་མེད་ཅིང་མི་དམིགས་ན། གཟུགས་ཡོད་པ་འམ་དམིགས་པར་ལྟ་ག་ལ་འགྱུར་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཡོད་པ་འམ་དམིགས་པར་ལྟ་ག་ལ་འགྱུར་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་གདགས་སུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྟོན་པར་བྱེད་པ་མ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་
ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་མེད་ཅིང་མི་དམིགས་ན་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་རྟོག་ཅིང་དམིགས་པ་ཡང་མེད་ན། གཟུགས་ལ་སོགས་པའི་ཆོས་རྣམས་ལ་དངོས་པོར་དམིགས་ཤིང་
སྟོན་པར་ལྟ་ག་ལ་འགྱུར་ཞེས་བཤད་པའོ། །རབ་འབྱོར་གཞན་ཡང་སེམས་ཅན་ཇི་སྙེད་ཅིག་གདགས་པས་གདགས་སུ་ཡོད་པ་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་བསྡུས་པ་དང་། སྤྲོས་པ་ལ་སོགས་པའི་སེམས་ཀྱི་སྤྱོད་པ་རྣམ་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་
เล่ม ๙๒ · หน้า 96b
བ་བཞིན་དུ་མཁྱེན་པའི་སྒོ་ནས་འཇིག་རྟེན་སྟོན་པར་བཤད་པ་སྟེ། དེ་ལ་སེམས་ཅན་ཇི་སྙེད་ཅིག་གདགས་པས་གདགས་སུ་ཡོད་པ་ཞེས་བྱ་བ་ནས། འཇིག་རྟེན་གྱི་ཁམས་འདི་དང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་གི་ཡང་རུང་སྟེ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་མང་པོ་
རྣམ་པ་སྣ་ཚོགས་ཀྱི་སེམས་ཀྱི་སྤྱོད་པ་རྣམ་པ་སྣ་ཚོགས་མཁྱེན་པ་བསྟན་པའོ། །དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་སེམས་བསྡུས་པ་དང་སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནས་ཆོས་ཉིད་གང་ལ་ཆོས་ཉིད་ཀྱང་མི་
དམིགས་ན། སེམས་བསྡུས་པ་དང་སྤྲོས་པ་ལྟ་སྨོས་ཀྱང་མི་སྨོས་པའི་ཆོས་ཉིད་དེ་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་རྣམས་ཀྱི་སེམས་བསྡུས་པ་དང་། སྤྲོས་
པ་ཆོས་ཉིད་དུ་རབ་ཏུ་མཁྱེན་པ་བསྟན་པ་སྟེ་ཆོས་ཉིད་དུ་རབ་ཏུ་མཁྱེན་པ་ཡང་སྟོང་པ་ཉིད་དུ་ཐུགས་སུ་ཆུད་པ་ལ་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་
ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ་ཞེས་བྱ་བ་ནས་དབེན་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་བསྡུས་པ་དང་། སྤྲོས་པ་རྣམས་ཟད་པའི་རྣམ་པ་དང་། འདོད་ཆགས་དང་བྲལ་བའི་རྣམ་པ་དང་།
འགོག་པའི་རྣམ་པ་དང་། སྤོང་བའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། དབེན་པའི་རྣམ་པར་མཁྱེན་པ་བསྟན་པ་སྟེ། ཟད་པ་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་སྨོས་པ་ཡང་དངོས་པོ་མེད་པའི་རྣམ་གྲངས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ། འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནས། གཏི་མུག་དང་བཅས་པའམ། གཏི་མུག་དང་
เล่ม ๙๒ · หน้า 97a
བྲལ་བའི་སེམས་དམིགས་པ་ལྟ་ཅི་ཞིག་སྨོས་ཞེས་བྱ་བའི་བར་གྱིས་ནི། འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་ཀུན་བརྟགས་པའི་རང་བཞིན་དུ་ཤེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་མ་ཡིན་གྱི། འདོད་ཆགས་དང་བྲལ་བའི་སེམས་དང་འདོད་ཆགས་དང་
བཅས་པ་ཉིད་ཀྱང་དོན་དམ་པར་མེད་པར་མཁྱེན་པ་ལ། འདོད་ཆགས་དང་བཅས་པའི་སེམས་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་ལ་འདོད་
ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན་ཞེས་བྱ་བ་ནས། རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་གཏི་མུག་དང་བྲལ་བ་ལ། གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བ་བཞིན་དུ་
རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཤད་པའི་དོན་ཉིད་རིགས་པས་གཏན་ལ་ཕབ་ནས་ཞིབ་ཏུ་བཤད་པ་སྟེ། དོན་དམ་པར་སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དངོས་པོ་མེད་པར་མཁྱེན་པར་མ་ཟད་ཀྱི་ཀུན་རྫོབ་ཏུ་ཡང་འདོད་ཆགས་དང་
བཅས་པའི་སེམས་དང་། འདོད་ཆགས་དང་བྲལ་བའི་སེམས་གཉིས་སེམས་ཀྱི་རྒྱུད་གཅིག་ལ་འགྲོགས་ཤིང་ཕྲད་པ་མི་སྲིད་དེ། དེ་ལྟར་མཁྱེན་པ་ཡང་འདོད་ཆགས་དང་བྲལ་བ་ལ་སོགས་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་
འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ། སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་
เล่ม ๙๒ · หน้า 97b
གྱིས་ནི། འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་བསྟན་པ་སྟེ། འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ནི་རྩིང་ཞིང་རགས་པས་རྒྱ་ཆེ་བ་ཞེས་བྱའོ། །སེམས་དེ་དག་ཀྱང་དོན་དམ་པར་དངོས་པོ་མེད་
པས། རྒྱ་ཆེ་བ་དང་། རྒྱ་ཆུང་བ་དང་། འཕེལ་བ་དང་། འགྲིབ་པ་དང་། འོང་བ་དང་། འགྲོ་བ་མེད་པར་ཐུགས་སུ་ཆུད་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ། སེམས་ཡངས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ་སེམས་ཡངས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་
རྣམས་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་བསམ་གཏན་དང་ཏིང་ངེ་འཛིན་བསྒོམ་ཞིང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་ཡངས་པ་ཞེས་བྱ་སྟེ། སེམས་དེ་དག་ཀྱང་དོན་དམ་པར་དངོས་པོ་མེད་པས་འོང་བ་
དང་། འགྲོ་བ་དང་། སྐྱེ་བ་དང་། འགག་པ་དང་། གནས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པར་ཐུགས་སུ་ཆུད་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་མེད་པ་ལ་སེམས་ཚད་མེད་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་
เล่ม ๙๒ · หน้า 98a
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་མེད་པ་ལ་སེམས་ཚད་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི།
གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། གཟུགས་མེད་པའི་སེམས་ཅན་རྣམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་གཟུགས་ལ་སོགས་པའི་དངོས་པོ་ལ་མི་བསྟེན་ཅིང་དམིགས་པའི་ཡུལ་ཚད་
མེད་པ་ལ་སྤྱོད་པའི་ཕྱིར་ཚད་མེད་པ་ཞེས་བྱ་བ་སྟེ། སེམས་དེ་དག་དོན་དམ་པར་དངོས་པོ་མེད་པས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་མི་གནས་པའི་ཕྱིར། གནས་པར་ཡང་དག་པར་རྗེས་སུ་མི་གཟིགས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཡང་མི་གནས་པའི་ཕྱིར། རྣམ་
པར་གནས་པར་ཡང་དག་པར་རྗེས་སུ་མི་གཟིགས་སོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཡང་མི་གནས་པའི་ཕྱིར། རྣམ་པར་ཡོངས་སུ་གནས་པར་ཡང་དག་པར་རྗེས་སུ་མི་གཟིགས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་མི་གནས་པའི་ཕྱིར། ཉེ་བར་གནས་
པར་ཡང་དག་པར་རྗེས་སུ་མི་གཟིགས་ཏེ། དེ་ལྟར་སེམས་ལ་དངོས་པོ་མེད་པས་སེམས་ཀྱི་རྒྱུད་ལ་རྟེན་མེད་ཅིང་ཚད་མེད་པར་ཐུགས་སུ་ཆུད་པ་ལ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཞེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བསྟན་དུ་མེད་པ་ལ། སེམས་བསྟན་དུ་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བསྟན་དུ་མེད་པ་ལ་བསྟན་དུ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་
เล่ม ๙๒ · หน้า 98b
མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི། བསྟན་དུ་མེད་པའི་ཡུལ་ལ་དམིགས་པའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། མིག་ལ་སོགས་པའི་དབང་པོ་རྣམས་དང་། སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་དངོས་པོ་བསྟན་དུ་མེད་པའི་ཡུལ་ལ་དམིགས་པའི་སེམས་ལ་སེམས་བསྟན་དུ་
མེད་པ་ཞེས་བྱ་སྟེ། སེམས་དེ་ཡང་དོན་དམ་པར་དངོས་པོ་མེད་པས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར། མཚན་ཉིད་མེད་པར་གཟིགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མེད་པ་ལ། བལྟར་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མེད་པ་ལ་བལྟར་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་
ཏོ་ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་རྣམས་ཀྱི་སེམས་གཅིག་གིས་གཅིག་བལྟར་མེད་པའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དོན་དམ་པར་སེམས་དེ་དག་དངོས་པོ་མེད་པར་དེ་བཞིན་གཤེགས་པའི་སྤྱན་ལྔས་ཀྱང་གཟིགས་པར་མི་འགྱུར་བར་མཁྱེན་པ་ཉིད་ཡང་དག་
པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་སྤྱན་ལྔ་ནི་གོང་དུ་བཤད་ཟིན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་
རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ལ་སོགས་པས་ནི་མུ་སྟེགས་ཅན་ལྟ་བ་ཕྱིན་ཅི་ལོག་པ་རྣམས་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས། རྟག་པ་དང་།
เล่ม ๙๒ · หน้า 99a
ཆད་པ་དང་། སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། སེམས་འཕྲོ་བ་ནི་བདག་དང་འཇིག་རྟེན་རྟག་པར་འཛིན་པའི་སེམས་སོ། །སེམས་འདུ་བ་ནི་ཆད་པར་འཛིན་པའི་སེམས་སོ། །སེམས་བཀྲམ་པ་ནི་སྒྲོ་འདོགས་པའི་
སེམས་སོ། །སེམས་བཅུམ་པ་ནི་སྐུར་པ་འདེབས་པའི་སེམས་སོ། །རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་ནི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་གང་
ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བ་དེ་དག་ཐམས་ཅད་ཀྱང་གཟུགས་ལ་བརྟེན། ཚོར་བ་ལ་བརྟེན། འདུ་ཤེས་ལ་བརྟེན། འདུ་བྱེད་ལ་བརྟེན། རྣམ་པར་ཤེས་པ་ལ་བརྟེན་པས་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བར་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་དེ་དག་རབ་ཏུ་
མཁྱེན་ཏོ་ཞེས་བྱ་བ་ནི་མུ་སྟེགས་ཅན་རྟག་པ་དང་ཆད་པར་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་རྣམས་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས། རྟག་པ་དང་ཆད་པ་ལ་སོགས་པར་ལྟ་བར་འགྱུར་ཏེ། ཡང་དག་པར་ན་ཕུང་པོ་ལྔ་ཙམ་དུ་ཟད་ཀྱི། བདག་ཅེས་བྱ་བ་གང་ཡང་མེད་པ་དེ་བཞིན་
གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བསྟན་པའོ། །དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་པོ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་
པ་རྣམས་འདི་ལྟར་རབ་ཏུ་མཁྱེན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། མུ་སྟེགས་ཅན་རྣམས་རྟག་པ་དང་། ཆད་པ་དང་། སྒྲོ་འདོགས་པ་དང་། སྐུར་པ་འདེབས་པར་ལྟ་བ་སེམས་ཀྱི་སྤྱོད་པ་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་མཁྱེན་པ་གོང་དུ་བཤད་པའི་དོན་སོ་སོར་
ཕྱེ་ནས་ཞིབ་ཏུ་བཤད་པ་སྟེ། བདག་དང་འཇིག་རྟེན་མི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་
เล่ม ๙๒ · หน้า 99b
གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་རྟག་པར་ལྟ་བའི་སེམས་ཀྱི་སྤྱོད་པ་འཕྲོ་བ་དག་བདག་དང་འཇིག་རྟེན་གཉི་ག་ཡང་དག་པར་རྟག་པ་ཡིན་ཏེ། དེ་སྐད་དུ་སྨྲ་བ་ལ་སོགས་པ་དེ་ནི་བདེན་གྱི་མི་རྟག་པར་སྨྲ་བ་གཞན་ནི་མ་རྟོགས་པར་སྨྲ་བས་ཡང་དག་པ་མ་ཡིན་ཏེ། དོན་མེད་ཅིང་བརྫུན་ནོ་
ཞེས་སྨྲ་བ་དེ་དག་ཀྱང་། ཡང་དག་པར་ན་བདག་ཅེས་བྱ་བ་མེད་ཀྱི་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བར་ཟད་དོ་ཞེས་བསྟན་པ་སྟེ། དེས་ནི་རྟག་པར་ལྟ་བའི་སེམས་ཀྱི་སྤྱོད་པ་འཕྲོ་བ་མཁྱེན་པ་བསྟན་པའོ། །བདག་དང་འཇིག་རྟེན་མི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་དོ་
ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཆད་པར་ལྟ་བའི་སེམས་ཀྱི་སྤྱོད་པ་འདུ་བ་མཁྱེན་པ་བསྟན་པ་སྟེ། མུ་
སྟེགས་ཅན་ཁ་ཅིག་བདག་དང་འཇིག་རྟེན་གཉི་ག་མི་རྟག་གོ་ཞེས་ཆད་པར་ལྟ་བ་དེ་ཉིད་བདེན་གྱི་རྟག་པར་ལྟ་བ་ལ་སོགས་པ་གཞན་ནི་བརྫུན་ཏེ། དོན་མེད་དོ་ཞེས་སྨྲ་བ་དེ་དག་ཀྱང་ཡང་དག་པར་ན་བདག་ཅེས་བྱ་བ་གང་ཡང་མེད་དོ། །ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་དེ་སྐད་སྨྲའོ་ཞེས་དེ་
བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་བསྟན་པའོ། །བདག་དང་འཇིག་རྟེན་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་
ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བས་ནི་མུ་སྟེགས་ཅན་རྟག་པ་དང་། ཆད་པ་གཉིས་ཀ་ཡོད་པར་སྒྲོ་འདོགས་པའི་སེམས་ཀྱི་སྤྱོད་པ་བཀྲམ་པ་མཁྱེན་པ་བསྟན་པ་སྟེ། མུ་སྟེགས་ཅན་རྟག་པ་དང་ཆད་པ་གཉིས་ཀ་
ཡོད་པར་སྒྲོ་འདོགས་པ་ཡང་ཕུང་པོ་ལྔ་ལ་བརྟེན་ཏེ་སྨྲ་བ་ཙམ་དུ་ཟད་ཀྱི་ཕུང་པོ་ལྔ་ལས་ལྷག་པ་བདག་ཅེས་བྱ་བ་རྟག་པ་དང་། མི་རྟག་པ་གཉིས་ཀའི་རང་བཞིན་ཅན་གང་ཡང་མེད་པར་ཐུགས་སུ་ཆུད་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བསྟན་པའོ། །བདག་དང་
เล่ม ๙๒ · หน้า 100a
འཇིག་རྟེན་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་དོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་
ཤེས་པ་ལ་གནས་པའོ་ཞེས་བྱ་བས་ནི་མུ་སྟེགས་ཅན་རྟག་པ་དང་ཆད་པ་གཉིས་ཀ་མེད་པར་སྐུར་པ་འདེབས་པའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། རྟག་ཆད་གཉིས་ཀ་མེད་ཅེས་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི། རྟག་ཆད་གཉིས་ཀ་མེད་
པའི་རང་བཞིན་ཅན་གྱི་བདག་ཅེས་བྱ་བ་ནི་གང་ཡང་མེད་དོ་ཞེས་བསྟན་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །
དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་འཁོར་བ་ལ་མཐའ་ཡོད་པར་ལྟ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི་ཡང་དག་པར་ན་མཐའ་དང་ལྡན་
པའི་བདག་གང་ཡང་མེད་དོ་ཞེས་བསྟན་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་མི་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །
དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཁ་ཅིག་འཁོར་བ་མཐའ་མེད་པར་ལྟ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བར་ཟད་ཀྱི་ཡང་དག་པར་ན་ཕུང་པོ་ལྔ་ལས་ལྷག་པ་གུད་ན་བདག་ཅེས་
བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་ཡིན་ལ། མཐའ་དང་མི་ལྡན་པ་ཡང་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་
เล่ม ๙๒ · หน้า 100b
ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཁ་ཅིག་འཁོར་བ་མཐའ་ཡོད་པ་དང་མཐའ་མེད་པ་གཉིས་ཀར་སྒྲོ་འདོགས་ཤིང་སྨྲ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་
ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི་ཡང་དག་པར་ན་བདག་ཅེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་
ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་དེ་ནི་མུ་སྟེགས་ཅན་ཁ་ཅིག་འཁོར་བ་མཐའ་ཡོད་པ་དང་། མཐའ་མེད་པ་གཉིས་ཀ་མ་ཡིན་པར་སྐུར་པ་འདེབས་ཤིང་སྨྲ་བའི་སེམས་ཀྱི་སྤྱོད་
པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི་ཡང་དག་པར་ན་བདག་ཅེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །ལུས་དེ་སྲོག་དང་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་
པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཁ་ཅིག་སྲོག་ཅེས་བྱ་བའི་བདག་ལུས་དང་ཐ་མི་དད་པར་སྨྲ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ།
དེ་སྐད་དུ་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི་ཡང་དག་པར་ན་བདག་ཅེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་
གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཁ་ཅིག་སྲོག་ཅེས་བྱ་བའི་བདག་དང་ལུས་གཉིས་ཐ་དད་པར་སྨྲ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་བ་ཡང་
เล่ม ๙๒ · หน้า 101a
ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི་ཡང་དག་པར་ན་སྲོག་ཅེས་བྱ་བའི་བདག་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་
བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཆད་པར་ལྟ་བ་ཁ་ཅིག་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཚེ། ལས་དང་ཉོན་མོངས་པ་ཟད་དེ་སླར་འཁོར་བར་མི་
སྐྱེའོ་ཞེས་བྱ་བ་དེ་ནི་བརྫུན་གྱི། དེ་བཞིན་གཤེགས་པ་ནི་སོ་སོའི་སྐྱེ་བོ་དང་འདྲ་བར། ཚེ་འདས་ནས་ཀྱང་འཁོར་བར་སླར་སྐྱེ་བར་འགྱུར་ཏེ། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པར་མི་འགྱུར་རོ་ཞེས་སྨྲ་བའི་སེམས་ཀྱི་སྤྱོད་པ་འཕྲོ་བ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་
བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས། རྟག་པའི་མཐའ་ལ་ཆགས་པས་སྨྲ་བར་ཟད་ཀྱི། ཡང་དག་པར་ན་དེ་ལྟ་བུའི་རྟག་པའི་བདག་མེད་དོ་ཞེས་བསྟན་པའོ། །དེ་ལྟར་དེ་བཞིན་གཤེགས་པ་གྲོངས་ནས་མེད་ཅེས་བྱ་བ་དང་ཞེས་བྱ་བ་ནི་མུ་སྟེགས་ཅན་ཆད་པར་ལྟ་བ་ཁ་ཅིག་དེ་
བཞིན་གཤེགས་པ་ཚེ་འདས་ནས། ཕུང་པོའི་ལྷག་མ་མ་ལུས་པར་ཟད་དེ་མེད་པར་འགྱུར་རོ་ཞེས་ཟེར་བའི་སེམས་ཀྱི་སྤྱོད་པ་འདུ་བ་མཁྱེན་པ་བསྟན་པ་སྟེ། དེ་སྐད་ཟེར་བ་དེ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི། ཡང་དག་པར་ན་དེ་ལྟ་བུའི་བདག་ཆད་པའི་རང་
བཞིན་ཅན་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་ཅེས་བྱ་བ་དང་ཞེས་བྱ་བ་ནི་མུ་སྟེགས་ཅན་ཡོད་པ་དང་མེད་པ་གཉིས་ཀ་ཡོད་པར་སྒྲོ་འདོགས་པ་རྣམས་ཀྱི་སྤྱོད་པ་བཀྲམ་པ་མཁྱེན་པ་བསྟན་པ་སྟེ། དེ་བཞིན་གཤེགས་
པ་ཚེ་འདས་ཀྱང་བདག་གི་རང་བཞིན་ཕྲ་མོ་མེད་པ་མ་ཡིན་པའི་ཕྱིར་ཡོད་ཀྱང་ཡོད་ལ། དེ་བཞིན་གཤེགས་པ་ཚེ་འདས་ནས་ཕུང་པོ་རགས་པར་སྣང་བ་ཞིག་སྟེ། མེད་པའི་ཕྱིར་མེད་ཀྱང་མེད་ཅེས་ཟེར་བ་དེ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི། ཡང་དག་པར་ན་ཡོད་མེད་
เล่ม ๙๒ · หน้า 101b
གཉིས་ཀའི་རང་བཞིན་ཅན་གྱི་བདག་ནི་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པར་འགྱུར་བ་ཡང་མ་ཡིན་མེད་པར་འགྱུར་བ་ཡང་མ་ཡིན་ཟེར་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་
འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཁ་ཅིག་ཡོད་པ་དང་མེད་པ་གཉིས་ཀ་མེད་པར་སྐུར་པ་འདེབས་པའི་སེམས་ཀྱི་སྤྱོད་པ་བཅུམ་པ་མཁྱེན་པ་བསྟན་པ་སྟེ། མུ་སྟེགས་
ཅན་ཁ་ཅིག་ལྟ་བ་ལས་བདག་ཅེས་བྱ་བ་ཕྲ་ཞིང་ཟབ་པས། ཡོད་པ་དང་མེད་པ་གཉིས་ཀའི་དངོས་པོར་བརྗོད་དུ་མི་རུང་ངོ་ཞེས་ཟེར་བ་དེ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི། ཡང་དག་པར་ན་ཡོད་མེད་གཉིས་ཀའི་མཐའ་དང་བྲལ་བའི་རང་བཞིན་ཅན་གྱི་
བདག་གང་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་རྣམས་ཀྱི་སེམས་འཕྲོ་བ་དང་།
འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་མུ་སྟེགས་ཅན་རྟག་པ་དང་། ཆད་པ་དང་། སྒྲོ་འདོགས་པ་དང་། སྐུར་པ་འདེབས་པར་ལྟ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། འཕྲོ་བ་
ནི་རྟག་པར་ལྟ་བའོ། །འདུ་བ་ནི་ཆད་པར་ལྟ་བའོ། །བཀྲམ་པ་ནི་སྒྲོ་འདོགས་པའོ། །བཅུམ་པ་ནི་སྐུར་པ་འདེབས་པ་སྟེ། དེ་དག་ཐམས་ཅད་ཀྱང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས། རྟག་ཆད་དུ་ལྟ་ཞིང་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པར་ཟད་ཀྱི། ཡང་དག་
པར་ནི་དེ་ལྟ་བུའི་བདག་གང་ཡང་མེད་པར་ཐུགས་སུ་ཆུད་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ་གཟུགས་མཁྱེན་ཏོ་ཞེས་བྱ་བ་ལ་སོགས་པས་ནི། ཆོས་ཐམས་
เล่ม ๙๒ · หน้า 102a
ཅད་དེ་བཞིན་ཉིད་སྟོན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་བསྐྱེད་པ་དང་། འཇིག་རྟེན་སྟོན་པ་བསྟན་པ་སྟེ། གཟུགས་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་
ལ་མཚན་མ་མེད་ཅིང་བྱེད་པ་མེད་དེ་སྤྲོས་པ་མེད་ཅིང་དམིགས་སུ་མེད་པ་དེ་ལྟར་མཁྱེན་ཏོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་མཁྱེན་ཏོ། །རྣམ་པར་ཤེས་པ་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ་མཚན་མ་མེད་ཅིང་བྱེད་པ་མེད་དེ་སྤྲོས་པ་མེད་ཅིང་
དམིགས་སུ་མེད་པ་དེ་ལྟར་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕུང་པོ་ལྔ་ལ་དེ་བཞིན་ཉིད་ཀྱི་རང་བཞིན་དུ་མཁྱེན་པ་བསྟན་པ་སྟེ། དེ་ལ་དེ་བཞིན་ཉིད་ཅེས་བྱ་བ་དང་། མ་ནོར་བ་དེ་བཞིན་ཉིད་དང་། འགྱུར་བ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། མཚན་མ་མེད་པ་དང་། བྱེད་པ་
མེད་པ་དང་། སྤྲོས་པ་མེད་པ་དང་། དམིགས་སུ་མེད་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ཏེ། དོན་དམ་པར་ཕུང་པོ་ལྔ་དངོས་པོ་མེད་པས་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཀྱི་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་རྣམས་ཀྱང་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་ཏེ་ཞེས་བྱ་བ་ནས། དམིགས་སུ་མེད་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ་ཞེས་བྱ་བའི་བར་
གྱིས་ནི་ཇི་ལྟར་ཕུང་པོ་ལྔ་དོན་དམ་པར་དངོས་པོ་མེད་དེ་དེ་བཞིན་ཉིད་ཀྱི་རང་བཞིན་དུ་མཁྱེན་པ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་རྣམས་ཀྱང་དོན་དམ་པར་དངོས་པོ་མེད་པས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་མཁྱེན་ཏོ་
ཞེས་བསྟན་པའོ། །དེ་ལྟར་ན་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཕུང་པོའི་དེ་བཞིན་ཉིད་དོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་ཉིད་དོ། །ཐ་མི་དད་པའི་དེ་བཞིན་ཉིད་
เล่ม ๙๒ · หน้า 102b
དོ། །ཐ་མི་དད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མི་ཟད་པ་སྟེ། མི་ཟད་པའི་ཕྱིར་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་གྱིས་ནི་ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང་། འཕགས་
པའི་གང་ཟག་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་སྟེ་ཐ་མི་དད་པའི་ཕྱིར་གཉིས་སུ་མེད་པ་བསྟན་པའོ། །རབ་འབྱོར་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་བྱ་བས་
ནི་གོང་དུ་བསྟན་པའི་རིམ་པས། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས་ཐུགས་སུ་ཆུད་དེ། མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར། འཇིག་རྟེན་སྟོན་པ་ཡིན་
ནོ་ཞེས་བཤད་པའོ། །རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་བསྐྱེད་པའོ། །འཇིག་རྟེན་སྟོན་པའོ་ཞེས་བྱ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་བསྐྱེད་པ་དང་། འཇིག་རྟེན་སྟོན་པའི་དོན་གོང་དུ་
སྨོས་པ་མཇུག་བསྡུས་ནས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཐུགས་སུ་ཆུད་
དོ། །དེ་བཞིན་ཉིད་དེས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ་ཞེས་བྱ་བས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་དེ་བཞིན་གཤེགས་པ་བསྐྱེད་པའི་དོན་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་
ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་བཤད་པ་དེ་དག་རྟོགས་པ་ལས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་
เล่ม ๙๒ · หน้า 103a
པར་འགྱུར་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་བསྐྱེད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་
པ་དེ་བཞིན་ཉིད་འདི་ནི་ཟབ་པ་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་དེ་དག་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་གསུངས་པ་འདི་ཤིན་ཏུ་ཟབ་པོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བཤད་པའི་དོན་རབ་
འབྱོར་གྱིས་རྟོགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོན་པ་ཟབ་པ་དང་། དེ་ལྟ་བུའི་དོན་ཟབ་མོ་ལ་མོས་ཤིང་དད་པའི་གང་ཟག་དཀོན་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་ཉིད་ནི་མི་ཟད་
པ་སྟེ་ཞེས་བྱ་བ་ནས། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་ཉིད་ཀྱི་དོན་ཟབ་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མི་འགྱུར་བ་ཡོངས་སུ་གྲུབ་པའི་སྒོ་ནས་མི་ཟད་པར་བསྟན་ཏེ་དེའི་ཕྱིར་ཟབ་བོ་ཞེས་བཤད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་སུམ་ཅུ་གསུམ་པའོ།། །།དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་གང་ཇི་སྙེད་པ་དེ་དག་ཅེས་བྱ་བ་ལ་སོགས་པས་ནི། ཆོས་ཐམས་ཅད་མཚན་
ཉིད་མེད་པའི་མཚན་ཉིད་དུ་སྟོན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་བསྐྱེད་བསྐྱེད་པ་ཡིན་པ་དང་། འཇིག་རྟེན་སྟོན་པ་ཡིན་པར་བཤད་པའི་གླེང་བསླང་བའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་རྣམས་ཀྱིས་
བཅོམ་ལྡན་འདས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཞུས་པ་བསྟན་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་
เล่ม ๙๒ · หน้า 103b
དེ་བཞིན་ཉིད་གཅིག་སྟེ་ཐ་མི་དད་པར་བཤད་པའི་དོན་ནི་བདག་ཅག་གིས་འཇལ་ན། དེ་ལྟ་བུའི་དོན་ཟབ་མོ་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་ཞུས་པ་སྟེ། དེ་སྐད་དུ་ཞུ་བ་ཡང་གོང་དུ་རབ་འབྱོར་གྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོན་
པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པར་བསྟན་པ་དང་། འཁོར་གྱི་ནང་ནས་ཁ་ཅིག་དེ་ལྟ་བུའི་ཟབ་པ་དེ་དངོས་པོ་ཞིག་ཡོད་དམ་སྙམ་དུ་རྟོག་པ་བསལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
སྟོང་པ་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བ་ནས། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ནམ་མཁའི་མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དངོས་པོ་མེད་པས་མཚན་ཉིད་གང་ཡང་མེད་དོ་ཞེས་བསྟན་པ་སྟེ། སྟོང་པ་ཉིད་
དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། དངོས་པོ་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་།
མི་གནས་པ་དང་། ནམ་མཁའི་མཚན་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པའི་རྣམ་གྲངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་ལྟ་བུའི་རང་བཞིན་ཡིན་པས་འདི་ནི་མཚན་ཉིད་གང་ཡང་མེད་དོ་ཞེས་བསྟན་པའོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
ནི་མཚན་ཉིད་དེ་ལྟ་བུ་ཡིན་ཡང་། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་བརྡར་བཀའ་སྩལ་ཏེ། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་དེ། མཚན་ཉིད་མེད་པ་ཡིན་ན། བཤད་དུ་ཡང་ཅི་ཞིག་ཡོད་སྙམ་དུ་སེམས་ཤིང་རྟོག་
པ་ལ་ཡི་གེ་དང་ཚིག་ཏུ་བརྗོད་ཅིང་བཤད་པས། འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་ཀུན་རྫོབ་ཏུ་འཇིག་རྟེན་གྱི་བརྡ་དང་ཐ་སྙད་ཙམ་དུ་བརྗོད་ཅིང་བཤད་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་བརྗོད་དུ་མེད་པའི་མཚན་ཉིད་ཡིན་པས་བཤད་དུ་མེད་དོ་ཞེས་བསྟན་པའོ། །ལྷའི་བུ་དག་
เล่ม ๙๒ · หน้า 104a
མཚན་ཉིད་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་གཞན་དུ་བྱ་བར་མི་ནུས་སོ་ཞེས་བྱ་བས་ནི་དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་མི་འགྱུར་བ་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་
གྲུབ་པའི་ཕྱིར། དངོས་པོ་ཡོད་པ་འམ་གཟུང་བ་དང་འཛིན་པའི་རང་བཞིན་ཅན་དུ་སུས་ཀྱང་བྱ་མི་ནུས་སོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་མཚན་ཉིད་དེར་ཟད་དེ་ཞེས་བྱ་བས་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡོད་པའི་མཚན་ཉིད་དུ་བྱ་མི་
ནུས་པའི་གཏན་ཚིགས་བསྟན་པ་སྟེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པས་སྟོང་པས་སྟོང་པ་གཞན་དུ་བསྒྱུར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ལྷའི་བུ་དག་མཚན་ཉིད་ནི་མཚན་ཉིད་གཞན་དུ་མི་བྱེད་དོ་ཞེས་བྱ་བས་ནི་དོན་དེ་ཉིད་གསལ་བར་
བསྟན་པ་སྟེ། གཞན་དུ་བྱ་བ་དང་། གཞན་དུ་བྱེད་པ་གཉིས་ཀ་ཡང་དོན་དམ་པར་དེ་བཞིན་ཉིད་ཀྱི་མཚན་ཉིད་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་གཞན་དུ་མི་བྱེད་དོ་ཞེས་བསྟན་པའོ། །མཚན་ཉིད་ནི་མཚན་ཉིད་ཤེས་པར་མི་བྱེད་དོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་
པ་ཉིད་ཤེས་པར་མི་བྱེད་དོ་ཞེས་བསྟན་པ་སྟེ། དཔེར་ན་ནམ་མཁས་ནམ་མཁའ་མི་ཤེས་པ་བཞིན་ནོ། །མཚན་ཉིད་མཚན་ཉིད་མེད་པ་ཤེས་པར་མི་བྱེད་དོ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་ཀུན་བརྟགས་པའི་མཚན་ཉིད་ཤེས་པར་མི་བྱེད་པ་སྟེ།
དཔེར་ན་ནམ་མཁས་རི་བོང་གི་རྭ་མི་ཤེས་པ་བཞིན་ནོ། །མཚན་ཉིད་མེད་པ་ནི་མཚན་ཉིད་མེད་པ་ཤེས་པར་མི་བྱེད་དོ་ཞེས་བྱ་བ་ནི་ཀུན་བརྟགས་པ་དང་། དེ་བཞིན་ཉིད་ཀྱི་མཚན་ཉིད་མ་ཡིན་པས་དེ་བཞིན་ཉིད་མི་ཤེས་པ་སྟེ། དཔེར་ན་རི་བོང་གི་རྭས་ནམ་མཁའ་མི་ཤེས་པ་བཞིན་ནོ། །
མཚན་ཉིད་མེད་པ་ནི་མཚན་ཉིད་མེད་པ་ཤེས་པར་མི་བྱེད་དོ་ཞེས་བྱ་བ་ནི་ཀུན་བརྟགས་པས་ཀུན་བརྟགས་པ་མི་ཤེས་པ་སྟེ། དཔེར་ན་རི་བོང་གི་རྭས་རི་བོང་གི་རྭ་མི་ཤེས་པ་བཞིན་ནོ། །དེ་ལྟར་མཚན་ཉིད་དང་། མཚན་ཉིད་པ་དང་། མཚན་ཉིད་ཡོད་པ་དང་། མཚན་ཉིད་མེད་པ་དེ་
เล่ม ๙๒ · หน้า 104b
གཉིས་ཀ་ལ་ཡང་གང་གིས་ཤེས་པར་བྱ་བ་དང་། གང་ཤེས་པར་བྱ་བ་དང་། གང་ཤེས་པར་བྱེད་པ་དེ་ལྟ་བུ་མི་སྲིད་དོ་ཞེས་བྱ་བ་ནི་མཚན་ཉིད་ཡོད་པ་དང་མཚན་ཉིད་མེད་པ་གཉིས་ཀ་ཡང་དོན་དམ་པར་དངོས་པོ་མེད་པས་ཤེས་པ་གང་གིས་ཤེས་པར་བྱ་བ་དང་། དངོས་པོ་གང་ཤེས་
པར་བྱ་བ་དང་། ཤེས་པ་པོ་གང་ཤེས་པར་བྱེད་པ་དེ་ལྟ་བུ་གང་ཡང་མེད་དོ་ཞེས་བསྟན་པའོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་གཟུགས་ཀྱི་འདུ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འདུ་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་
སྟོང་པ་ཉིད་ཀྱི་མཚན་ཉིད་དེ། དོན་དམ་པར་དངོས་པོ་མེད་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་གང་གིས་ཀྱང་ཡོད་པ་འམ། མེད་པར་བྱར་རུང་བ་མ་ཡིན་ནོ་ཞེས་བསྟན་པའོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་མི་འམ། མི་མ་ཡིན་པ་འམ་ཞེས་བྱ་བ་
ནས་འདུས་བྱས་སམ་འདུས་མ་བྱས་ཀྱི་མ་ཡིན་ཏེ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་སྨོས་པའི་མཚན་ཉིད་དེ་དག་དོན་དམ་པར་དངོས་པོ་མེད་པས་མི་དང་མི་མ་ཡིན་པ་ལ་སོགས་པ་གང་གི་དངོས་པོ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྷའི་བུ་དག་ལ་ལ་ཞིག་འདི་སྐད་དུ་ནམ་
མཁའི་མཚན་ཉིད་གང་ཡིན་ཞེས་ཟེར་ན་ཞེས་བྱ་བ་ནས། ནམ་མཁའ་ལ་ནི་མཚན་ཉིད་གང་ཡང་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི། སྟོང་པ་ཉིད་ཀྱི་མཚན་ཉིད་དེ་དག་དངོས་པོ་གང་གིས་ཀྱང་མ་བྱས་པ་དང་། གང་གི་དངོས་པོ་ཡང་མ་ཡིན་པའི་དོན་ནམ་མཁའ་ལས་དཔེ་
བླངས་ཏེ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་ནི་ཡེ་ནས་དེ་
བཞིན་ཏེ། སུས་ཀྱང་སྟོང་པར་བྱས་པའམ། ཡོད་པར་བྱས་པ་མ་ཡིན་ཏེ། དེ་ལྟ་བུའི་རང་བཞིན་ནི། དེ་བཞིན་གཤེགས་པས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ཡང་། ཆོས་ཐམས་
เล่ม ๙๒ · หน้า 105a
ཅད་ཀྱི་དེ་བཞིན་ཉིད་མ་ནོར་བར་ཐུགས་སུ་ཆུད་པ་ལ་བྱ་སྟེ། རྒྱ་གར་གྱི་སྐད་དུ། ཏ་ཐཱ་ག་ཏ་ཞེས་བྱ་བ་དེ་བཞིན་དུ་མཁྱེན་པ་འམ། དེ་བཞིན་ཉིད་ཐུགས་སུ་ཆུད་པ་ལ་བྱ་བའི་ཕྱིར་རོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་
གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི། གོང་དུ་ཆོས་ཐམས་ཅད་དོན་དམ་པར་མཚན་ཉིད་མེད་པའི་རང་བཞིན་དུ་བསྟན་པ་དང་། ཀུན་རྫོབ་ཏུ་འཇིག་རྟེན་གྱི་བརྡར་ཆོས་ཐམས་ཅད་ཀྱི་མཚན་ཉིད་སོ་སོར་ཕྱེ་སྟེ་བསྟན་པ་ངོ་མཚར་ཆེའོ་ཞེས་
ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་སྟེ། བཅོམ་ལྡན་འདས་མཚན་ཉིད་དེ་དག་མངོན་པར་རྫོགས་པར་སངས་རྒྱས་པས། དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་པ་ཆོས་ཐམས་ཅད་ལ་ཐོགས་པ་མ་མཆིས་པར་འཇུག་ཅིང་ཞེས་བྱ་བ་ནི་གོང་དུ་སྨོས་པའི་
སྟོང་པའི་མཚན་ཉིད་དེ་དག་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ལ་ཐགས་ཐོགས་མེད་པར་གཟིགས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་དེ་དག་ལ་ཞུགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་ཐམས་ཅད་ཀྱི་ཆགས་པ་ལས་འདས་པ་འདི་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ཐུགས་སུ་ཆུད་པ་དེ་ལ་བརྟེན་ནས། ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་མཚན་ཉིད་ཐམས་ཅད་ལ་མ་ཆགས་པ་འདི་ཐུགས་སུ་ཆུད་པ་ངོ་མཚར་ཆེའོ་ཞེས་བསྟན་པའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྟན་ནས། མཚན་ཉིད་རྣམས་རབ་ཏུ་བསྟན་པ་ནི་དེ་བཞིན་གཤེགས་པས་མཚན་ཉིད་ཟབ་མོ་
མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མཚན་ཉིད་ཐམས་ཅད་ཀྱི་ཆགས་པ་ལས་འདས་པ་ཐུགས་སུ་ཆུད་ནས་ཀྱང་། དེའི་དོན་སྟོང་པ་ཉིད་ཀྱི་མཚན་ཉིད་སེམས་ཅན་རྣམས་ལ་རབ་ཏུ་བསྟན་པ་ནི་མཚན་ཉིད་ཟབ་མོ་ཐུགས་སུ་ཆུད་པས་
เล่ม ๙๒ · หน้า 105b
བསྟན་པ་ངོ་མཚར་ཆེའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་ཏེ་ཞེས་བྱ་བ་ནས། མཚན་ཉིད་ཐམས་ཅད་རབ་ཏུ་དབྱེ་བ་མཛད་དེ་
ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དེ་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་དེ། སྤྱོད་ཡུལ་དུ་གྱུར་ཅིང་དེ་ལ་སྤྱད་པས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་སོ་སོར་
ཕྱེ་སྟེ་བསྟན་པ་ནི། ཐབས་དང་ཤེས་རབ་མཆོག་དང་ལྡན་ཏེ་ངོ་མཚར་ཆེའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གཟུགས་ཀྱི་མཚན་ཉིད་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་དབྱེ་བ་མཛད་པ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ནི་ཆོས་
གང་དང་གང་གི་མཚན་ཉིད་རབ་ཏུ་དབྱེ་བ་མཛད་པའི་ཆོས་རྣམས་ཀྱི་མིང་ཙམ་བསྟན་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གཟུགས་ནི་
གཞིག་ཏུ་རུང་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པས་ནི། ཀུན་རྫོབ་ཏུ་ཆོས་རྣམས་སོ་སོའི་མཚན་ཉིད་གང་ཡིན་པ་བསྟན་ནས། དོན་དམ་པར་དེ་དག་མཚན་ཉིད་མེད་པར་ཐུགས་
སུ་ཆུད་པ་བསྟན་པ་སྟེ། དེ་ལ་གཟུགས་ནི་གཞིག་ཏུ་རུང་བའི་མཚན་ཉིད་དེ་ཞེས་བྱ་བ་ནི། ཐོགས་པ་དང་བཅས་པ་ལ་གཟུགས་གཞན་གྱིས་གཟུགས་གཞིག་ཏུ་རུང་བའི་ཕྱིར་རོ། །དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་
བྱ་བ་ནི་ཀུན་རྫོབ་ཏུ་གཟུགས་ཀྱི་མཚན་ཉིད་གཞིག་ཏུ་རུང་བ་ཡིན་ཡང་དོན་དམ་པར་རང་བཞིན་གྱིས་སྟོང་པའི་ཕྱིར་མཚན་ཉིད་མེད་པར་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པའི་དོན་འདི་ཚོར་བ་ལ་
เล่ม ๙๒ · หน้า 106a
སོགས་པ་འོག་མ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཚོར་བ་ནི་མྱོང་བའི་མཚན་ཉིད་དེ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་རྣམ་པ་གསུམ་མྱོང་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདུ་
ཤེས་ནི་འཛིན་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་མིང་དང་མཚན་མ་ལ་སོགས་པར་འཛིན་པའི་ཕྱིར་རོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་ལུང་དུ་མི་སྟོན་པའི་ལས་རྣམས་དབྱེ་བའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་སོ་སོའི་བྱེ་
བྲག་ཤེས་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་ཡུལ་དྲུག་སོ་སོའི་བྱེ་བྲག་འབྱེད་པའི་ཕྱིར་རོ། །ཕུང་པོ་རྣམས་ནི་སྡུག་བསྔལ་གྱི་མཚན་ཉིད་དེ་ཞེས་བྱ་བ་ནི་ན་བ་དང་རྒ་བ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །ཁམས་རྣམས་ནི་སྡུག་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་ཡུལ་དྲུག་དང་། དབང་
པོ་དྲུག་དང་། རྣམ་པར་ཤེས་པ་དྲུག་འདུས་པ་ལས། རེག་པ་དང་ཚོར་བ་འབྱུང་བ་འཁོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །སྐྱེ་མཆེད་རྣམས་ནི་འབྱུང་བའི་སྒོའི་མཚན་ཉིད་དེ་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་དྲུག་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་
པར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད་དེ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་འདུས་ཤིང་ཚོགས་པ་ལས་འབྲས་བུ་འགྲུབ་པའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད་དེ་ཞེས་བྱ་བ་ནི། ཆོས་དང་ཟང་ཟིང་གི་སྦྱིན་པ་རྣམས་ཆོས་དང་ཟང་ཟིང་འདོད་པ་རྣམས་
ལ་ཡོངས་སུ་གཏོང་བའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདུང་བ་མེད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་སྤངས་ཏེ། ཚུལ་ཁྲིམས་དང་ལྡན་ན་བདག་ཉིད་ཀྱང་ཚེ་འདི་དང་ཕྱི་མ་གཉིས་ཀ་ལ། ལུས་དང་སེམས་གདུང་ཞིང་མི་བདེ་བ་མེད་པ་
དང་། སེམས་ཅན་ཕ་རོལ་ལ་ཡང་གནོད་པ་དང་གདུང་བ་མེད་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུགས་པ་མེད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི། བཟོད་པ་དང་ལྡན་ན་བདག་དང་ཕ་རོལ་གཉིས་ཀའི་སེམས་འཁྲུགས་པ་མེད་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་
เล่ม ๙๒ · หน้า 106b
ཏུ་ཕྱིན་པ་ནི་ཐུབ་པ་མེད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གོ་བགོས་ནས། བདུད་དང་བར་དུ་གཅོད་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་མི་ཐུབ་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་སྡུད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་སེམས་མཉམ་
པར་གཞག་ན་ཡང་དག་པའི་དོན་རྟོགས་ཤིང་སྡུད་པ་དང་། བསམ་གཏན་གྱི་འབྲས་བུ་རྫུ་འཕྲུལ་ལ་སོགས་པས་སེམས་ཅན་རྣམས་ཡིད་ཆེས་ཤིང་འདུ་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མེད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཆོས་ཐམས་
ཅད་དངོས་པོ་མེད་པར་རྟོགས་ན། དངོས་པོ་གང་ལ་ཡང་ཆགས་པར་མི་འགྱུར་བའི་ཕྱིར་རོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དག་ནི་མི་འཁྲུགས་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་བསམ་གཏན་དང་། ཚད་མེད་པ་
དང་། སྙོམས་པར་འཇུག་པ་འདི་དག་སེམས་མཉམ་པར་གཞག་ཅིང་ཕྲ་བའི་ཕྱིར་འདོད་པ་དང་། རྣམ་པར་རྟོག་པ་ལ་སོགས་པས་སེམས་མི་འཁྲུགས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འབྱུང་བའི་མཚན་ཉིད་དེ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་
པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ནི་འཁོར་བ་ནས་འབྱུང་བར་བྱེད་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་
སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་དངོས་པོ་ཐམས་ཅད་དང་བྲལ་ཏེ་དབེན་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་བའི་མཚན་ཉིད་དེ་ཞེས་བྱ་བ་ནི་མཚན་མར་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ་ཞི་བའི་ཕྱིར་རོ། །རྣམ་པར་
ཐར་པའི་སྒོ་སྨོན་པ་མེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད་དེ་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དང་མཚན་མ་མེད་པར་རྟོགས་ན་དངོས་པོ་གང་ཡང་བཙལ་ཞིང་ཡོངས་སུ་ཐོབ་པར་བྱ་བའི་ཕྱིར་སྨོན་ཅིང་འབད་མི་དགོས་པས་འདོད་པ་མི་རྙེད་པའི་སྡུག་བསྔལ་མེད་པའི་ཕྱིར་
เล่ม ๙๒ · หน้า 107a
རོ། རྣམ་པར་ཐར་པའི་སྒོ་རྣམས་ནི་འགྲེལ་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་རྣམས་བསྒོམ་པ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལས་གྲོལ་བར་འགྱུར་བའི་ཕྱིར་རོ། །སྟོབས་རྣམས་ནི་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་མཚན་ཉིད་
དེ་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ནི། ཡེ་ཤེས་ཀྱིས་གཏན་ལ་བབ་པར་བརྟགས་ན། དགེ་བ་སྤྱད་པས་ནི་མཐོ་རིས་སུ་གདོན་མི་ཟ་བར་འགྲོ། །སྡིག་པ་སྤྱད་པས་ནི་ངན་འགྲོར་གདོན་མི་ཟ་བར་འགྲོ་བ་གཏན་
ལ་བབ་པར་མཁྱེན་པའི་མཐུ་དང་ལྡན་པའི་ཕྱིར་རོ། །མི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པ་དང་། ཟག་པ་ཟད་པ་དང་། བར་དུ་གཅོད་པའི་ཆོས་རྣམས་བསྟན་པ་དང་། འཕགས་པའི་ལམ་རྣམས་བསྟན་པ་
ལ་བདུད་དང་མུ་སྟེགས་ཅན་རྣམས་ཀྱིས་གཞན་དུ་བསྒྱུར་མི་ནུས་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོངས་སུ་མི་ཆོད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ནི། བདུད་དང་ཕས་
ཀྱི་རྒོལ་བ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་བར་མ་ཆོད་པའི་ཕྱིར་རོ། །བྱམས་པ་ཆེན་པོ་ནི་ཕན་པར་བསྒྲུབ་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐོབ་པར་བྱེད་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་ནི་སྐྱོབ་པའི་
མཚན་ཉིད་དེ་ཞེས་བྱ་བ་ནི་སྡུག་བསྔལ་དང་མི་བདེ་བ་སྣ་ཚོགས་ལས་སྐྱོབ་པའི་ཕྱིར་རོ། །དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་ཉིད་དེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་ཤིང་རབ་ཏུ་དགའ་བ་དང་། སེམས་ཅན་ཕ་རོལ་པོ་ལོངས་སྤྱོད་དང་འབྱོར་པ་ཕུན་སུམ་
ཚོགས་པ་མཐོང་ན། བདག་ཉིད་རབ་ཏུ་དགའ་བར་འགྱུར་བའི་ཕྱིར་རོ། །བཏང་སྙོམས་ཆེན་པོ་ནི་མ་འདྲེས་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་བ་དང་། དགྲ་དང་ཟུན་ལ་སོགས་པ་ལ་སེམས་མཉམ་པར་འགྱུར་ཏེ། ཕྱོགས་གཅིག་ཏུ་མ་ཞེན་ཅིང་མ་འདྲེས་པའི་
เล่ม ๙๒ · หน้า 107b
ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་མི་འཕྲོགས་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ལ་སོགས་པའི་ཡོན་ཏན་མངའ་བ་རྣམས། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་ལ་མེད་དེ། དེ་དག་གིས་བསྐྱོད་ཅིང་འཕྲོག་པར་མི་ནུས་
པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མངོན་སུམ་གྱི་མཚན་ཉིད་དེ་ཞེས་བྱ་བ་ནི། ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་གསལ་བར་ཐུགས་སུ་ཆུད་པའི་ཕྱིར་རོ། །ལྷའི་བུ་དག་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་
ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཆགས་པ་མི་མངའ་བའི་ཡེ་ཤེས་ཅན་ཞེས་བྱའོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་མཚན་ཉིད་མེད་པར་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་སྟོན་པ་ཡིན་པའི་དོན་མཇུག་
བསྡུས་ནས་བསྟན་པ་སྟེ། དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་དེ་ལྟར་མཁྱེན་ལ། དོན་དམ་པར་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཡང་ཐུགས་སུ་ཆུད་དེ་མཁྱེན་པ་ལ་ཐགས་ཐོགས་མེད་པའི་ཕྱིར། ཆགས་པ་མི་མངའ་བའི་ཡེ་ཤེས་ཅན་ཞེས་བྱ་སྟེ།
དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་པས་མཁྱེན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་བསྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་པ་ལ་དེ་བཞིན་གཤེགས་པ་བསྟེན་ཅིང་སྤྱོད་པ་དང་། མཆོད་ཅིང་རིམ་གྲོ་མཛད་པ་བྱས་པ་དྲིན་དུ་གཟོ་ཞིང་དྲིན་ལན་ལྡོན་པ་བསྟན་པ་སྟེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི།
དེ་བཞིན་གཤེགས་པ་བསྐྱེད་པ་སྟེ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གོམས་པར་བྱས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་དེ་བཞིན་གཤེགས་པར་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་བསྐྱེད་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་
เล่ม ๙๒ · หน้า 108a
ཏུ་ཕྱིན་པ་ནི་འཇིག་རྟེན་འདི་སྟོན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཅིང་གོམས་པར་བྱས་པའི་མཐུས། དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་འཇིག་རྟེན་འདི་དག་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཕྱིན་ཅི་མ་ལོག་པར་བསྟན་པའི་
ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ལ་བརྟེན་ཅིང་རྣམ་པར་སྤྱོད་དོ། །ཆོས་དེ་དག་ལ་རིམ་གྲོར་
མཛད་ཅིང་མཆོད་པ་མཛད་དོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་བསྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་པས་བྱས་པ་དྲིན་དུ་གཟོ་ཞིང་དྲིན་ལ་ལན་གློན་པའི་ཕྱིར། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། འདི་ཉིད་
ཀྱི་ཚུལ་སྤྱོད་ཅིང་འདི་ཉིད་ལ་མཆོད་པ་དང་རིམ་གྲོ་མཛད་དོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་གཤེགས་པ་རིམ་གྲོ་མཛད་པ་དང་། བཀུར་སྟི་མཛད་པ་དང་། ཕུ་དུད་མཛད་པ་དང་། མཆོད་པ་མཛད་པ་དེ་ནི་ཆོས་དང་ལྡན་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་དེ་བཞིན་
གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དྲིན་དུ་གཟོ་ཞིང་མཆོད་པ་དང་བཀུར་སྟི་མཛད་པ་ནི། དམ་པའི་ཆོས་དང་མི་འགལ་ཏེ་སྐྱེས་བུ་དམ་པའི་ཆོས་དང་ལྡན་ཞིང་རིགས་པ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བ་སྟེ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་ཅིང་རིམ་གྲོ་བྱ་བར་རིགས་པའི་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་ཅིང་གོམས་པར་བྱས་
པ་ལས། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་མཆོད་པ་དང་རིམ་གྲོ་བྱ་བར་རིགས་སོ་ཞེས་བསྟན་པའོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱས་པ་མཁྱེན་པའོ། །དེ་བཞིན་གཤེགས་པ་
เล่ม ๙๒ · หน้า 108b
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱས་པ་དགོངས་པ་ལ་བྱའོ་ཞེས་བྱ་བ་ནི་དེ་ལྟར་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ལ་དེ་བཞིན་གཤེགས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དྲིན་དུ་གཟོ་ཞིང་།
མཆོད་པ་དང་བཀུར་སྟི་མཛད་པ་ནི་བྱས་པ་མཁྱེན་པ་དང་། བྱས་པ་དགོངས་པ་ཡིན་ཞེས་བསྟན་པའོ། །རབ་འབྱོར་གང་ལ་ལ་ཞིག་ཡང་དག་པར་སྨྲ་བས་བྱས་པ་ཤེས་ཤིང་བྱས་པ་དྲིན་ནོ་ཞེས་སྨྲ་ན། དེ་བཞིན་གཤེགས་པ་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པའོ་ཞེས་ཡང་དག་པར་སྨྲ་
བས་ཡང་དག་པར་སྨྲའོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལས་བྱས་པ་དྲིན་དུ་གཟོ་ཞིང་བྱས་པ་མི་བསྙེལ་བ་འཇིག་རྟེན་ན་གཞན་སུ་ཡང་མེད་པས། དེ་བཞིན་གཤེགས་པ་ལ་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པའོ་ཞེས་གང་སུ་ཞིག་སྨྲ་བ་ཡོད་ན། དེ་ནི་ཡང་དག་པར་སྨྲ་བ་སྟེ། བདེན་
པར་སྨྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པ་ཡིན་ཞེ་ན། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེག་པ་གང་གིས་བྱོན་པ་དང་། ལམ་གང་གིས་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པའི་ཐེག་པ་དེ་ཉིད་དང་ལམ་དེ་ཉིད་ལ་དེ་བཞིན་གཤེགས་པ་རིམ་གྲོ་མཛད་པ་དང་། བཀུར་སྟི་མཛད་པ་དང་། ཕུ་དུད་མཛད་པ་དང་། མཆོད་པ་མཛད་པ་དང་། ཡོངས་སུ་བསྲུང་བ་མཛད་པའི་ཕྱིར་ཏེ་ཞེས་
བྱ་བས་ནི། དེ་བཞིན་གཤེགས་པ་བྱས་པ་དྲིན་དུ་གཟོ་ཞིང་དྲིན་དུ་དགོངས་པའི་གཏན་ཚིགས་ཞིབ་ཏུ་བསྟན་པ་སྟེ། ཐབས་གང་གིས་བྱོན་པ་དང་། ལམ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ཞེས་བྱ་བ་ནི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས། དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལ་ཐེག་པ་དང་ལམ་ཞེས་བྱ་སྟེ། དེ་ལ་མཆོད་ཅིང་རིམ་གྲོ་ལ་
เล่ม ๙๒ · หน้า 109a
སོགས་པ་མཛད་པའི་ཕྱིར་བྱས་པ་མཁྱེན་པ་དང་བྱས་པ་དགོངས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་ནི་དེ་བཞིན་གཤེགས་པའི་བྱས་པ་མཁྱེན་པ་དང་བྱས་པ་དགོངས་པར་བལྟའོ་ཞེས་བྱ་བ་ནི་རྒྱུ་གང་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་པའི་རྒྱུ་དེ་ལ་མཆོད་ཅིང་
རིམ་གྲོ་ལ་སོགས་པ་མཛད་པ་དེ་ཉིད་ལ་བྱས་པ་དྲིན་དུ་གཟོ་ཞིང་དྲིན་ལ་ལོན་ལྡོན་པ་ཡིན་པར་བལྟའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་མ་མེད་པ་ལ་བརྟེན་ཏེ། བྱེད་པ་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་མ་བྱས་པར་མངོན་པར་
རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་མཚན་མ་མེད་ཅིང་མུ་སྟེགས་ཅན་གྱིས་བརྟགས་པའི་བྱེད་པ་པོ་མེད་པའི་ཕྱིར། ཆོས་ཐམས་ཅད་སུས་ཀྱང་མ་བྱས་པར་ཐུགས་སུ་ཆུད་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་པས་ཐུགས་སུ་ཆུད་དོ་
ཞེས་བྱ་བའི་དོན་ཏོ། །ལུས་མེད་པའི་ཕྱིར་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་བསྟན་པ་འདི་ལས་གྲགས་པའི་རྒྱུ་དང་རྐྱེན་རྣམས་ཀྱིས་མ་བྱས་པར་ཐུགས་སུ་ཆུད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་
ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། ཆོས་ཐམས་ཅད་བྱ་བ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི། དེ་བཞིན་གཤེགས་པའི་བྱས་པ་མཁྱེན་པ་དང་བྱས་པ་དགོངས་པའོ་ཞེས་བྱ་བ་ནི། དེ་ལྟར་ཆོས་ཐམས་ཅད་བྱེད་པ་པོ་མེད་པ་དང་། བྱ་བ་
མེད་པར་ཐུགས་སུ་ཆུད་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་ཐུགས་སུ་ཆུད་ལ། དེ་ལྟར་ཐུགས་སུ་ཆུད་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་གྱིས་མཆོད་པ་བྱས་པ་ཡིན་ཏེ། དྲིན་དུ་གཟོ་ཞིང་དྲིན་ལ་ལན་ལྡོན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་
གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བྱས་པ་མེད་པ་ཆོས་ཐམས་ཅད་ལ་འཇུག་པ་མེད་པའི་བརྡས་འཇུག་སྟེ་ཞེས་བྱ་བ་ནི། དེ་ལྟར་བྱེད་པ་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་
เล่ม ๙๒ · หน้า 109b
སུས་ཀྱང་མ་བྱས་པར་མཁྱེན་པའི་ཡེ་ཤེས་དེ་ཡང་སུས་ཀྱང་མ་བྱས་ཏེ། ཆོས་ཐམས་ཅད་བྱེད་པ་པོ་མེད་པར་མཁྱེན་པ་འཇུག་པ་ཡང་དོན་དམ་པར་ནི་འཇུག་པ་མེད་ཀྱི། ཀུན་རྫོབ་ཀྱི་བརྡ་ཙམ་དུ་འཇུག་གོ་ཞེས་བསྟན་པའོ། །རབ་འབྱོར་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ནི་དེ་བཞིན་གཤེགས་པ་བསྐྱེད་པའོ། །འཇིག་རྟེན་འདི་སྟོན་པའོ་ཞེས་བྱ་བ་ནི་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཐུགས་སུ་ཆུད་དེ། དེ་བཞིན་གཤེགས་པར་གྱུར་པ་དང་། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཆོས་ཐམས་ཅད་
བསྟན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་བསྐྱེད་པ་དང་འཇིག་རྟེན་འདི་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ལ་ཤེས་པ་
པོ་མ་མཆིས་ཤིང་མཐོང་བ་པོ་མ་མཆིས་ན། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་འདི་སྟོན་པ་ལགས་ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་ལ་བྱེད་པ་པོ་མེད་པར་བཤད་པའི་དོན་རབ་འབྱོར་གྱིས་རྟོགས་ནས། དེ་ལྟར་བྱེད་པ་པོ་མེད་ན་ཤེས་པ་པོ་
དང་མཐོང་བ་པོ་ཡང་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པར་མཛད་པའི་མི་རིགས་སོ་ཞེས་གལ་བཟུང་སྟེ་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་
ནི་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ་ཞེས་བྱ་བ་ནི། རབ་འབྱོར་གྱིས་གསོལ་པའི་དོན་དེ་ཉིད་བདེན་ནོ་ཞེས་བཀའ་སྩལ་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པས། ཤེས་པ་པོ་དང་མཐོང་བ་པོ་མེད་པ་ནི་བདེན་ན། དོན་དམ་ལྟ་བུ་ཤེས་ན་འཇིག་
རྟེན་ན་གཞན་སུ་ཡང་མེད་དེ། དེ་བཞིན་གཤེགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་ཆོས་ཐམས་ཅད་ལ་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པར་རྟོགས་པས་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་བསྐྱེད་པ་དང་། འཇིག་རྟེན་འདིའི་ཕྱིན་
เล่ม ๙๒ · หน้า 110a
ཅི་མ་ལོག་པར་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་གསོག་གསོབ་དབང་མེད་པ་སྙིང་པོ་མེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ་ཞེས་བྱ་བ་ནི་ཤེས་པ་པོ་མེད་པ་དང་།
མཐོང་བ་པོ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་ཤེས་པར་བྱ་བ་དང་། མཐོང་བར་བྱ་བ་ཡང་མེད་པའི་ཕྱིར། ཤེས་པ་པོ་དང་མཐོང་བ་པོ་མེད་དོ་ཞེས་བསྟན་པ་སྟེ། གསོག་དང་གསོབ་དང་དབང་མེད་པ་དང་
སྙིང་པོ་མེད་པ་ཞེས་བྱ་བ་ནི་དངོས་པོ་མེད་པའི་རྣམ་གྲངས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་སྟེ། རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་ཡིན་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་མི་
གནས་ཤིང་ཁོངས་སུ་ཆུད་པ་མ་ཡིན་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་སྟེ་ཞེས་བྱ་བས་ནི། ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའི་གཏན་ཚིགས་རྣམ་པ་གཞན་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་
ཅི་ལ་ཡང་མི་གནས་ཤིང་ཁམས་གསུམ་གང་གི་ནང་དུ་གཏོགས་པ་ཡང་མ་ཡིན་པའི་ཕྱིར། ཤེས་པ་པོ་དང་མཐོང་བ་པོ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་
ཅད་མི་གནས་ཤིང་གང་དུ་ཡང་མ་གཏོགས་པའི་ཕྱིར་ཤེས་པ་པོ་མེད་པ་དང་། མཐོང་བ་པོ་མེད་པར་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ། དེ་བཞིན་གཤེགས་པར་གྱུར་ནས། འཇིག་རྟེན་བསྟན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་པ་ལས་གྱུར་པའི་ཕྱིར། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཡང་གཟུགས་མཐོང་བ་མེད་པའི་ཕྱིར་སྟོང་པའོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་ན་ཡང་དག་པ་ཇི་ལྟ་བ་ཉིད་དུ་སྟོན་
เล่ม ๙๒ · หน้า 110b
པ་བཤད་པ་སྟེ། གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱད་ཅིང་བསྒོམས་ན། ཀུན་བརྟགས་པའི་གཟུགས་ལ་མཚན་མར་མི་འཛིན་ཅིང་དངོས་པོར་མཐོང་བ་མེད་པར་གྱུར་པ་ཉིད། གཟུགས་ཀྱང་ཡང་དག་པ་ཇི་ལྟ་བ་
བཞིན་དུ་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་ཤེས་པར་བྱའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་བསྐྱེད་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་བརྟེན་ནས། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ལ་མཚན་མར་མི་འཛིན་ཅིང་། ཆོས་རྣམས་ཀྱི་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས། དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་བསྐྱེད་པ་ཡིན་
ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས་ཞེས་བྱ་བ་ནས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་མཐོང་
བ་མེད་པའི་ཕྱིར་སྟོན་པའི་དོན་གོང་དུ་བཤད་པ་དེ་ཉིད་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། གཟུགས་མཐོང་
བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐོང་བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བའི་བར་གྱིས་ནི། ཆོས་རྣམས་མཐོང་བ་མེད་པའི་ཕྱིར་སྟོན་པའི་དོན་
རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། དེ་ལ་ནམ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་བསྒོམས་པའི་མཐུས་ཕྱིན་ཅི་ལོག་ཏུ་མཐོང་ཞིང་
เล่ม ๙๒ · หน้า 111a
ཤེས་པ་སྤངས་ཏེ་ཀུན་བརྟགས་པའི་གཟུགས་ལ་ཕྱིན་ཅི་ལོག་ཏུ་དམིགས་ཤིང་མཚན་མར་འཛིན་པའི་རྣམ་པར་ཤེས་པ་མི་འབྱུང་བར་གྱུར་པ་དེའི་ཚེ། ཡང་དག་པའི་དོན་མཐོང་ཞིང་རྟོགས་པས། གཟུགས་ཀྱི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་ནུས་
པའི་ཕྱིར། གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པ་ཞེས་བྱ་སྟེ། དཔེར་ན་རབ་རིབ་ཅན་གྱིས་སྐྲ་ཤད་འཛིངས་པ་ལ་སོགས་པ་མཐོང་ནས། དེ་ལ་དམིགས་པའི་རྣམ་པར་ཤེས་པ་འབྱུང་བ་དེ། ཕྱིས་རབ་རིབ་བྱང་ནས་འཁྲུལ་པ་རྣམ་པར་ཤེས་པ་མི་འབྱུང་བ་བཞིན་དུ་ཞེས་
བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་
པའི་ཚུལ་དུ་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བསྟན་
པའོ། །རབ་འབྱོར་གཞན་ཡང་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མདོར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་
སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤད་པ་སྟེ། རབ་འབྱོར་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་དུ་སྟོན་པ་ཞེས་བརྗོད་དེ། འཇིག་རྟེན་དུ་ཅི་སྟོན་པ་ཞེས་བརྗོད་ཅེ་ན། གཟུགས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་བརྗོད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་བརྗོད་དོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་བརྗོད་ཅིང་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །རབ་འབྱོར་
เล่ม ๙๒ · หน้า 111b
དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བརྗོད་ཅིང་བསྟན་པའི་དོན་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པ་ལས། དེ་བཞིན་
གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ཞེས་བྱ་བར་སྟོན། འཇིག་རྟེན་སྟོང་
ཞེས་བྱ་བར་བརྗོད། འཇིག་རྟེན་སྟོང་ཞེས་བྱ་བར་ཤེས་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འཇིག་རྟེན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་
ཀྱི་རང་བཞིན་ཡིན་པར་འཆད་ཅིང་བསྟན་པ་ལས་དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་
པ་ལ་འཇིག་རྟེན་སྟོང་ཞེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཞིབ་ཏུ་འཆད་པའི་ཕྱིར། དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བསྟན་པ་སྟེ།
འཇིག་རྟེན་སྟོང་ཞེས་བྱ་བར་ཇི་ལྟར་སྟོན་ཅེ་ན། འཇིག་རྟེན་ན་གཟུགས་སྟོང་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བ་ནས། འཇིག་རྟེན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཞིབ་ཏུ་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པར་བྱས་པ་ལས། དེ་བཞིན་གཤེགས་པར་འགྱུར་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ནོ་
เล่ม ๙๒ · หน้า 112a
ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་
སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། སེམས་དང་སེམས་ལས་བྱུང་བའི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར་བསམ་གྱིས་མི་ཁྱབ་པར་སྟོན་པའི་སྒོ་ནས། དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་
རྟེན་སྟོན་པ་ཡིན་པར་བཤད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་འཇིག་རྟེན་ཞེས་བྱ་བས་ནི། ཀུན་བརྟགས་པའི་རང་བཞིན་
དུ་གཏོགས་པའི་ཆོས་ཐམས་ཅད་ལས་དགོངས་ཏེ་འཇིག་རྟེན་ཞེས་བཤད་དོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས་བྱ་
བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཆོས་ཐམས་ཅད་དོན་དམ་པར་གཟུང་བ་དང་འཛིན་པ་ལས་དབེན་ཞིང་སྟོང་པར་བཤད་པ་ལས། དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་
པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་
པའོ་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཡོད་པ་དང་མེད་པ་དང་། རྟག་པ་དང་མི་རྟག་པ་ལ་སོགས་པའི་མཐའ་ལས་འདས་ཏེ་སྟོང་ངོ་ཞེས་བཤད་པ་ལས་དེ་བཞིན་གཤེགས་
เล่ม ๙๒ · หน้า 112b
པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བར་སྟོན་ཏེ་ཞེས་
བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་བཤད་པ་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པ་ལས། དེ་བཞིན་
གཤེགས་པར་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་
བྱ་བར་སྟོན་ཏོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བཤད་པ། བཅོམ་
ལྡན་འདས་ཀྱིས་ཐུགས་སུ་ཆུད་པ་ལས་དེ་བཞིན་གཤེགས་པར་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་
ཞི་ཞེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏེ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་
རྣམས་ཞི་ཞིང་གཟུགས་ལ་སོགས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་མཚན་མར་འཛིན་ཅིང་རྣམ་པར་རྟོག་པ་མེད་དེ་ཞི་བར་གྱུར་པ་བསྟན་པ་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པ་ལས། དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด