ตัวบทไม่มีชื่อ — ประโยคแรก: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๒ · หน้า 113a
ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་
བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པར་བསྟན་པ། བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པ་ལས། དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་
གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་ཇི་ལྟར་སྟོན་ཅེ་ན། ཅི་ནས་ཀྱང་འཇིག་རྟེན་འདིའི་འདུ་ཤེས་སུ་ཡང་མི་འགྱུར་ལ། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་ཡང་མི་འགྱུར་བ་ལྟར་སྟོན་ཏེ་ཞེས་བྱ་བ་ནི།
གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་སྟོན་པའོ་ཞེས་བཤད་པ་ལ། ཁ་ཅིག་འཇིག་རྟེན་ཞེས་བྱ་བ་དང་། དངོས་པོ་ཡོད་པར་འཛིན་པ་བསལ་བའི་ཕྱིར། དོན་དམ་པར་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གཉིས་ཀ་ཡང་དངོས་པོ་མེད་དེ། དེ་ལྟ་བུའི་འདུ་ཤེས་ཀྱང་མི་
འབྱུང་བར་འཆད་པ་ཉིད་འཇིག་རྟེན་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཕྱིར་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་འཇིག་རྟེན་འདིའི་འདུ་ཤེས་སུ་འགྱུར་བ་འམ། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་འགྱུར་བའི་ཆོས་དེ་ལྟ་བུ་མེད་དོ་
ཞེས་བྱ་བ་ནི། འཇིག་རྟེན་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་གཏན་ཚིགས་བཤད་པ་སྟེ། འཇིག་རྟེན་འདི་ཞེས་བྱ་བའམ། འཇིག་རྟེན་ཕ་རོལ་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་ན་ནི། དེའི་འདུ་ཤེས་ཀྱང་སྐྱེ་བར་འགྱུར་ན། དེ་ལྟ་བུའི་དངོས་པོ་གང་ཡང་མེད་པས།
དེའི་འདུ་ཤེས་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་
เล่ม ๙๒ · หน้า 113b
རྫོགས་པར་འགྱུར་བའི་རྒྱུ་ཆེན་པོ་ཡིན་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆེན་པོ་དང་ལྡན་པ་བསྟན་པ་སྟེ། དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ནས་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བསྐྱབ་
པ་དང་། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་དོན་ཆེན་པོ་མཛད་པ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་གོམས་པར་གྱུར་པའི་མཐུ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་ཆེན་པོ་མཛད་པ་ཡིན་ནོ་ཞེས་བསྟན་
པའོ། །དོན་བསམ་གྱིས་མི་ཁྱབ་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སངས་རྒྱས་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། རང་བྱུང་བ་ཞེས་བྱ་བ་དང་ཐམས་ཅད་མཁྱེན་པ་ཞེས་བྱ་བར་གྱུར་ཏེ། དེའི་ཡོན་
ཏན་བསམ་གྱིས་མི་ཁྱབ་པའི་རྒྱུ་ཡིན་པའི་ཕྱིར། དོན་བསམ་གྱིས་མི་ཁྱབ་པ་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་དཔག་ཏུ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་མངོན་པར་སངས་རྒྱས་
པ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བར་གྱུར་པ་དང་། རང་བྱུང་བ་ཞེས་བྱ་བར་གྱུར་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་གྱུར་པའི་ཡོན་ཏན་དེ་དག་སེམས་ཅན་གང་གིས་ཀྱང་ཚད་བཟུང་ཞིང་དཔག་པར་མི་ནུས་ཏེ། དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པའི་རྒྱུ་ཡིན་པའི་
ཕྱིར་རོ། །དོན་གཞལ་དུ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སངས་རྒྱས་ཞེས་བྱ་བར་གྱུར་པ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བར་གྱུར་པ་དང་། རང་བྱུང་བ་ཞེས་
བྱ་བར་གྱུར་པ་དང་། ཐམས་ཅད་མཁྱེན་པ་ཞེས་བྱ་བར་གྱུར་པའི་ཡོན་ཏན་དེ་དག་གྲངས་འདི་སྙེད་ཅིག་གོ་ཞེའམ། ཚད་འདི་ཙམ་མོ་ཞེས་སུས་ཀྱང་གཞལ་ཞིང་བགྲང་བར་མི་ནུས་ཏེ། ཡོན་ཏན་དེ་ལྟ་བུའི་རྒྱུ་ཡིན་པའི་ཕྱིར་རོ། །དོན་མི་མཉམ་པ་དང་མཉམ་པའི་སླད་དུ་
เล่ม ๙๒ · หน้า 114a
ཉེ་བར་གནས་སོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་བརྙེས་ཏེ། དེ་དང་མཉམ་པ་ཡང་སུ་ཡང་མེད་ན་དེ་ལས་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུའི་བླ་ན་མེད་པའི་བྱང་ཆུབ་དང་ཡང་མི་
མཉམ་པ་དེ་དང་མཉམ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། རབ་འབྱོར་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཉམ་པས་མཉམ་པ་སུ་ཡང་མེད་ན་ལྷག་པ་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་སོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་ཆེན་པོ་དང་། དོན་བསམ་གྱིས་མི་ཁྱབ་པ་དང་། དོན་དཔག་ཏུ་མེད་པ་དང་། དོན་གཞལ་དུ་མེད་པ་དང་། དོན་མི་
མཉམ་པ་དང་མཉམ་པ་མཛད་པ་ཡིན་ནོ་ཞེས་གོང་དུ་མདོར་སྨོས་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཉིད་ཀྱིས་སོ་སོར་ཕྱེ་སྟེ་ཞིབ་ཏུ་བཤད་པ་སྟེ། སོ་སོའི་དོན་ནི་སྔར་བཤད་པར་ཟད་དོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་
བྱུང་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གྱིས་མི་ཁྱབ། དཔག་ཏུ་མ་མཆིས། གཞལ་དུ་མ་མཆིས་ཤིང་། མི་མཉམ་པ་དང་མཉམ་པ་ལགས་སམ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་
པ་དང་། མི་མཉམ་པ་དང་མཉམ་པ་ཡིན་པར་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གྱིས་མི་
เล่ม ๙๒ · หน้า 114b
ཁྱབ། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བའི་བར་དུ་ནི། སངས་རྒྱས་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། རང་བྱུང་བ་ཞེས་བྱ་བ་དང་། ཐམས་ཅད་མཁྱེན་པ་ཞེས་བྱ་བ་འབའ་ཞིག་བསམ་གྱིས་མི་ཁྱབ་དཔག་ཏུ་
མེད། གཞལ་དུ་མེད། མི་མཉམ་པ་དང་མཉམ་པར་མ་ཟད་ཀྱི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་བསམ་པ་དང་། དཔག་པ་དང་། གཞལ་བ་དང་། མཉམ་པའི་སྤྱོད་ཡུལ་མ་ཡིན་
ནོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་དོན་མདོར་བསྡུས་ཏེ་བསྟན་པ་སྟེ། མདོར་ན་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་།
འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་མེད་པས། བསམ་པ་དང་། དཔག་པ་དང་། མཉམ་དུ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་སེམས་མི་དམིགས་
སོ། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མི་དམིགས་སོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་དེ། བསམ་པ་དང་དཔག་པ་ལ་སོགས་པའི་སེམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ན། ཆོས་དེ་དག་ཐམས་ཅད་
ཀྱི་ཆོས་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་བསམ་ཞིང་དཔག་པའི་སྤྱོད་ཡུལ་དུ་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བས་དམིགས་སུ་རུང་བ་ཞིག་ཡིན་སྙམ་དུ་ཁ་ཅིག་རྣམ་པར་རྟོག་པ་འབྱུང་ཡང་སྲིད་དེ། དེ་ལྟ་བུའི་རྣམ་པར་རྟོག་པ་བསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་
ཅེས་བྱ་བ་ཡང་ཀུན་རྫོབ་ཏུ་ཚིག་ཙམ་དུ་བརྗོད་དུ་ཟད་ཀྱི། དོན་དམ་པར་སེམས་དང་སེམས་ལས་བྱུང་བས་དམིགས་པའི་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་
เล่ม ๙๒ · หน้า 115a
ཡང་མི་དམིགས་སོ་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་ཡང་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་
ཐམས་ཅད་བསམ་པ་དང་དཔག་པ་དང་གཞལ་དུ་མེད་པ་དེ། མི་མཉམ་པ་དང་མཉམ་པའོ་ཞེས་བཤད་པ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་སྙམ་དུ་རྣམ་པར་རྟོག་པ་འབྱུང་ཡང་སྲིད་དེ། དེ་ལྟ་བུའི་རྣམ་པར་རྟོག་པ་བསལ་བའི་ཕྱིར་མི་མཉམ་
པ་དང་མཉམ་པ་ཞེས་བྱ་བ་ཡང་ཀུན་རྫོབ་ཏུ་བསྟན་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་དེ་ཡང་མི་དམིགས་སོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་བསམ་གྱིས་མི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མི་མཉམ་པ་དང་མཉམ་པ་མི་
དམིགས་པ་ལགས་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་མི་མཉམ་པ་དང་མཉམ་པ་མི་དམིགས་པ་ལགས་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བསམ་གྱིས་
མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པ་མི་དམིགས་པའི་དོན་དེ་ཉིད་ཞིབ་ཏུ་བཤད་ཅིང་འཁོར་རྣམས་ཀྱིས་བརྟན་པར་རྟོགས་པར་བྱ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
གཟུགས་ལ་ཡང་བསམ་པ་དང་། དཔག་པ་དང་། ཚད་དང་། མཉམ་པ་དང་། མི་མཉམ་པ་མི་དམིགས་སོ་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི།
གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དངོས་པོ་ཞིག་ཡོད་ན་ནི། སེམས་ཀྱིས་བསམ་ཞིང་དཔག་པ་འམ། ཚད་ཀྱིས་བཅལ་ཞིང་མཉམ་དུ་ཡང་རུང་ན་དོན་དམ་པར་དངོས་པོ་མེད་པས་དེ་ལྟ་བུ་མི་དམིགས་སོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་
เล่ม ๙๒ · หน้า 115b
གཟུགས་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་པ་ལགས་ཞེས་བྱ་བ་ནས། ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་པ་ལགས་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་
སོགས་པའི་ཆོས་ཐམས་ཅད་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་པའི་དོན་དེ་ཉིད་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་ངོ་བོ་ཉིད་བསམ་གྱིས་མི་ཁྱབ་
དཔག་ཏུ་མེད། གཞལ་དུ་མེད་ལ། མི་མཉམ་པ་སྟེ། དེའི་ཕྱིར་གཟུགས་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་ཞེས་བྱ་བ་ནས། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་
མཉམ་པ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་བསམ་པ་དང་དཔག་པ་དང་གཞལ་དུ་མི་རུང་སྟེ། དེའི་ཕྱིར་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་
དམིགས་སོ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་གང་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་དེ་ལ་གཟུགས་དམིགས་སུ་ཡོད་དམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་བསམ་གྱིས་
མི་ཁྱབ་དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་ཡོད་དམ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་
མཉམ་པ་བཤད་པའི་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་སྨྲས་པ་སྟེ། འཁོར་གྱི་ནང་ན་ཁ་ཅིག་དེ་ལྟར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་དེ་ལ་དངོས་པོ་འགའ་
เล่ม ๙๒ · หน้า 116a
ཞིག་ཡོད་དམ་སྙམ་དུ་སེམས་པའི་རྣམ་པར་རྟོག་པ་བསལ་བའི་ཕྱིར། གཟུགས་བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་གང་ཡིན་པ་དེ་ལ་གཟུགས་ཀྱི་དངོས་པོ་དམིགས་སུ་ཡོད་དམ་ཞེས་
སྨྲས་པ་སྟེ། བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་དེ་ཉིད་དངོས་པོ་མེད་པའི་རྣམ་གྲངས་ཡིན་པས། དེ་ལ་གཟུགས་ཀྱི་དངོས་པོ་དམིགས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚོར་བ་ལ་སོགས་པ་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་
མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པ་གང་ཡིན་པ་དེ་ལ་གཟུགས་ལ་སོགས་པའི་དངོས་པོ་གང་ཡང་དམིགས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ན་རྣམ་གྲངས་འདིས་ཆོས་ཐམས་ཅད་བསམ་
གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བ་ནི། གོང་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རེ་རེ་ནས་སོ་སོར་ཕྱེ་སྟེ། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་དོན་བཤད་པ་དེ་ཉིད་མདོར་བསྡུས་ཏེ་བསྟན་པའོ། །རབ་
འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ལ་སོགས་པ་ནི། བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པའི་དོན་གོང་དུ་བཤད་
པ་ཞིབ་ཏུ་འགྲེལ་པ་སྟེ། དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་དག་ནི་ཞེས་བྱ་བ། དེ་བཞིན་གཤེགས་པའི་ཞེས་བྱ་བའི་ཚིག་ལན་གཉིས་སྨོས་པ་གོང་མ་ནི་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ཅིང་བཤད་པའི་ཆོས་རྣམས་ལ་བྱའོ། །དེ་བཞིན་གཤེགས་
เล่ม ๙๒ · หน้า 116b
པའི་ཆོས་འདི་དག་ནི་ཞེས་བྱ་བའི་ཚིག་འོག་མ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཡོན་ཏན་བརྙེས་པའི་ཆོས་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ། གོང་དུ་སྨོས་པ་རྣམས་ལ་བྱ་སྟེ། དེ་བཞིན་གཤེགས་པའི་
ཆོས་དེ་དག་བསམ་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་དེ་དག་ལ་སེམས་པའི་བསམ་པ་ཉིད་ཀྱང་དངོས་པོ་མེད་དེ། དེ་ལྟར་བསམ་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་བོ་ཞེས་བསྟན་པའོ། །དཔག་པ་དང་བྲལ་བའི་ཕྱིར་དཔག་ཏུ་མེད་པའོ། །
ཞེས་བྱ་བ་ནི་ཆོས་དེ་དག་ལ་དཔོག་པའི་རྣམ་པར་རྟོག་པ་ཉིད་ཀྱང་དངོས་པོ་མེད་པའི་ཕྱིར་དཔག་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚད་དང་བྲལ་བའི་ཕྱིར་གཞལ་དུ་མེད་པའོ་ཞེས་བྱ་བ་ནི་མངོན་སུམ་དང་། རྗེས་སུ་དཔག་པ་ལ་སོགས་པའི་ཚད་མས་འཇལ་ཞིང་གཏན་ལ་འབེབས་པ་ཉིད་
ཀྱང་དངོས་པོ་མེད་པའི་ཕྱིར་གཞལ་དུ་མེད་དོ་ཞེས་བསྟན་པའོ། །མཉམ་པ་དང་མི་མཉམ་པ་དང་བྲལ་བའི་ཕྱིར་མི་མཉམ་པ་དང་མཉམ་པ་སྟེ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས། མཉམ་པ་དང་མི་མཉམ་པ་ཞེས་བྱ་བའི་ཐ་སྙད་ལས་འདས་པའི་ཕྱིར། མི་མཉམ་
པ་དང་མཉམ་པ་ཞེས་བྱ་སྟེ། སྐབས་འདིར་ཡང་མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ལ་བྱ་སྟེ། དེ་དང་མཉམ་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་བསམ་
གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བ་ནི། དེ་ལྟར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ། དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་གྱིས་
མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད། མི་མཉམ་པ་དང་མཉམ་པའོ་ཞེས་བསྟན་པའོ། །རབ་འབྱོར་
เล่ม ๙๒ · หน้า 117a
དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི། བསམ་པ་ལས་ཡོངས་སུ་འདས་པས་ན། བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ནས། མཉམ་པ་དང་མི་མཉམ་པ་ལས་ཡོངས་སུ་འདས་པས་ན། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བའི་བར་གྱིས་ནི་
བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་དོན་གོང་དུ་བཤད་པ་དེ་ཉིད་ཚིག་གི་རྣམ་གྲངས་གཞན་གྱིས་བཤད་པ་སྟེ། བསམ་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བའི་ཚིག་དང་དོན་དེ་ཉིད་བསམ་པ་ལས་ཡོངས་སུ་འདས་པས་ན་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བའི་
ཚིག་གིས་བསྟན་ན། ཆོས་ཉན་པའི་འཁོར་ཁ་ཅིག་ལ་གོ་བར་སླ་བའི་ཕྱིར་དེ་སྐད་བསྟན་ཏེ། སེམས་པ་དང་། བསམ་པར་བྱ་བ་གཉིས་ཀ་ཡང་དོན་དམ་པར་དངོས་པོ་མེད་པས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། དེ་བཞིན་དུ་དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་
པ་དང་མཉམ་པ་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་བསམ་གྱིས་མི་ཁྱབ་ཅེས་བྱ་བ་འདི་ནི་བསམ་དུ་མེད་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ནས། མི་མཉམ་པ་དང་མཉམ་པས་མཉམ་པ་མེད་པའི་ཚིག་བླ་དགས་ཏེ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཆོས་ཐམས་ཅད་བསམ་པ་ལ་སོགས་
པ་ལས་ཡོངས་སུ་འདས་ནས། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག་ཏུ་བརྗོད་དུ་ཡང་ཅི་ཡོད་སྙམ་དུ་འཁོར་གྱི་ནང་ན་ཁ་ཅིག་སེམས་པའི་ཐེ་ཚོམ་བསལ་བའི་ཕྱིར། བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པ་བརྗོད་པ་ཡང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཚིག་བླ་
དགས་སུ་བཏགས་པར་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་ནམ་མཁའ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ་ཞེས་བྱ་བ་ནས། ནམ་མཁའ་མི་མཉམ་པ་དང་མཉམ་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བའི་བར་དུ་ནི། དངོས་པོ་མེད་
པ་ལས་ཚིག་བླ་དགས་སུ་བཏགས་པའི་དཔེ་བསྟན་པ་སྟེ། དཔེར་ན་ནམ་མཁའ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པའི་དངོས་པོ་མེད་པ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག་ཏུ་བརྗོད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་དེ་
เล่ม ๙๒ · หน้า 117b
བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པ། གཞལ་དུ་མེད་པ། མི་མཉམ་པ་དང་མཉམ་པ་སྟེ། དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསམ་པ་འམ་དཔག་པར་མི་ནུས་ཏེ། དེ་ལྟར་ན་སངས་རྒྱས་རྣམས་ནི་གཞལ་དུ་
མེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་གཞལ་དུ་མེད་དོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པ་གོང་དུ་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་
བཞིན་གྱིས་སྟོང་པས་བསམ་ཞིང་དཔག་པར་བྱ་བའི་དངོས་པོ་ཡང་མེད། སེམས་ཤིང་དཔོག་པར་བྱེད་པའི་སེམས་དང་སེམས་ལས་བྱུང་བ་ཡང་མེད་པའི་ཕྱིར། སུས་ཀྱང་བསམ་ཞིང་དཔག་ཏུ་མི་རུང་ངོ་ཞེས་བསྟན་པའོ། །དེ་ལྟར་ན་སངས་རྒྱས་རྣམས་ནི་གཞལ་དུ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་
གོང་དུ་བཤད་པའི་ཚུལ་གྱིས་ནི། སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆོས་རྣམས་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་དོ་ཞེས་བསྟན་པའོ། །
སངས་རྒྱས་ཀྱི་ཆོས་རྣམས་ནི་གཞལ་དུ་མེད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ཅིང་བཤད་པའི་ཆོས་རྣམས་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་དོ་ཞེས་བསྟན་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་
པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པའི་ལེའུ་འདི་བསྟན་པའི་ཚེ་ཞེས་བྱ་བ་ལ་སོགས་པས་ནི། བསམ་གྱིས་མི་ཁྱབ་པའི་ཆོས་ཟབ་མོ་བཤད་པའི་དོན་ཡོད་པ་བསྟན་པ་སྟེ། དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་
ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་བརྒྱ་ཕྲག་ཉི་ཤུས་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་དེ་སྙེད་ཅིག་གིས་ཕུང་པོ་ཕྱི་མ་ལེན་པ་མེད་པར་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་གྲོལ་ཏེ། ཕྱིར་
เล่ม ๙๒ · หน้า 118a
མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དགེ་བསྙེན་ཕ་སྟོང་ཕྲག་དྲུག་ཅུ་དང་། དགེ་བསྙེན་མ་སྟོང་ཕྲག་སུམ་ཅུ་ནི། ཆོས་རྣམས་ལ་རྡུལ་དང་བྲལ་ཞིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མིག་རྣམ་པར་དག་གོ་ཞེས་བྱ་བ་ནི། དགེ་བསྙེན་
དང་དགེ་བསྙེན་མ་ལ་རྣམ་པ་གསུམ་སྟེ། ཁྲིམས་བརྒྱད་པ་དང་། ཁྲིམས་ལྔ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་སྟེ། དེ་དག་གིས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ངན་པའི་རྡུལ་དང་བྲལ་ཞིང་འདོད་པའི་འདོད་ཆགས་དང་།
ཁོང་ཁྲོ་བ་ལ་སོགས་པའི་དྲི་མ་དང་བྲལ་ཏེ། འཕགས་པའི་བདེན་པ་བཞི་ལ་སོགས་པ་དམ་པའི་ཆོས་ལ་ལྟ་བ་ཡོངས་སུ་དག་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སྟོང་ཕྲག་ཉི་ཤུས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་
མོས་པས་སྤྱོད་པའི་ས་ལ་གནས་པ་ལ་སོགས་པ་དེ་སྙེད་ཅིག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་པར་གྱུར་ཏོ་ཞེས་བསྟན་པའོ། །དེ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སུ་འགྱུར་རོ་ཞེས་
ལུང་བསྟན་ཏོ་ཞེས་བྱ་བ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་ས་བརྒྱད་པ་ལ་གནས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་ད་ལྟའི་བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་
བཤད་པ་ལས་ལེའུ་སུམ་ཅུ་བཞི་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་
དུ་ཉེ་བར་གནས་པའོ་ཞེས་བྱ་བ་ལ་སོགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་གོང་དུ་བཤད་པའི་རིམ་པ་ལྟར་དོན་ཆེན་པོ་བྱེད་ཅིང་བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པའི་དོན་དང་ལྡན་པ་ཉིད་ཡང་
เล่ม ๙๒ · หน้า 118b
བཟླས་ཏེ་བརྗོད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་ནང་དུ། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་འདུས་པ་དང་། རྒྱལ་པོ་ཆེན་པོའི་དགོངས་པ་ཐམས་ཅད་བློན་པོས་བྱེད་པའི་དཔེས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དགོས་
པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབའ་ཞིག་བྱེད་པ་བསྟན་པའི་སྒོ་ནས་དོན་ཆེན་པོ་བྱེད་པར་བསྟན་པ་སྟེ། དེ་ལ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་དུ་ཉེ་
བར་གནས་པའོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་དོན་ཆེན་པོ་མཛད་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་དེ་བདེན་ནོ་
ཞེས་བཀའ་སྩལ་པ་སྟེ། དོན་ཆེན་པོ་དང་དོན་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་དོན་ནི་སྔར་བཤད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདུས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་འདུས་སོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་ཆེན་པོ་མཛད་པའི་གཏན་ཚིགས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་དགོས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འབའ་ཞིག་བྱེད་པའི་ཕྱིར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དོན་ཆེན་པོ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་དོན་ཆེན་པོ་བྱེད་པའི་དཔེ་བསྟན་པ་སྟེ། དཔེར་ན་རྒྱལ་པོ་ཆེན་པོའི་དོན་ཐམས་ཅད་བློན་པོས་བྱེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་བྱ་བ་ཐེག་པ་ཆེ་ཆུང་གསུམ་ཆར་གྱི་དགོས་པ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་བྱེད་པའི་ཕྱིར་དོན་ཆེན་པོ་བྱེད་པ་ཡིན་
เล่ม ๙๒ · หน้า 119a
ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་གཟུགས་ཡོངས་སུ་འཛིན་པ་མེད་པ་དང་། མངོན་པར་ཆགས་པ་མེད་པར་ཉེ་བར་གནས་སོ་ཞེས་བྱ་བ་ལ་སོགས་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོ་འདི་དོན་ཆེན་པོ་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མཉན་པ་དང་སེམས་པ་དང་བསྒོམ་པའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་སྟོང་པར་རྟོགས་ན། གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྲེད་པའི་དབང་
གིས་ཡོངས་སུ་འཛིན་པར་ཡང་མི་འགྱུར་ལ། ལྟ་བ་ལོག་པའི་ཕྱོགས་ལ་མངོན་པར་ཆགས་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དོན་ཆེན་པོ་བྱེད་པ་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་
པ་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ཡོངས་སུ་འཛིན་པ་མ་མཆིས་པ་དང་མངོན་པར་ཆགས་པ་མ་མཆིས་པ་ཉེ་བར་གནས་པ་ལགས་
ཞེས་བྱ་བ་ནས། ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པས་ཉེ་བར་གནས་པ་ལགས་ཞེས་བྱ་བའི་བར་གྱིས་ནི། ཡོངས་སུ་གཟུང་བར་བྱ་བ་དང་། མངོན་པར་ཆགས་པར་བྱ་བའི་དངོས་
པོ་དང་། ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པའི་བྱེད་པ་པོ་དང་། གང་གིས་ཡོངས་སུ་གཟུང་བར་བྱ་བ་དང་། མངོན་པར་ཆགས་པར་བྱ་བའི་སེམས་ཀྱང་དངོས་པོ་མེད་པར་བསྟན་པའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱི་གཟུགས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ་ཞེས་བྱ་བ་ལ་སོགས་པས་ནི། ཇི་ལྟར་ན་ཡོངས་སུ་བཟུང་བ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་
เล่ม ๙๒ · หน้า 119b
མཆིས་པ་ལགས་ཞེས་རབ་འབྱོར་གྱིས་ཞུས་པའི་དོན་ཞིབ་ཏུ་བཤད་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་གང་ཡོངས་སུ་གཟུང་བར་བྱ་བའི་དངོས་པོ་དང་། འཛིན་པར་བྱེད་པའི་བྱེད་པ་པོ་དང་། འཛིན་པའི་སེམས་དེ་ལྟ་བུའི་དངོས་པོ་ཡོད་དམ་ཞེས་རབ་
འབྱོར་ལ་སླར་དྲིས་པ་སྟེ། དེ་ལྟ་བུའི་དངོས་པོ་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཟུགས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ་ཞེས་བྱ་བས་ནི་གཟུང་བའི་དངོས་པོ་མེད་པ་བསྟན་པའོ། །ཆོས་གང་ཡང་ཡོངས་སུ་འཛིན་
པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པ་འམ་ཞེས་བྱ་བས་ནི་འཛིན་པར་བྱེད་པའི་བྱེད་པ་པོ་མེད་པར་བསྟན་པའོ། །ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ་ཞེས་བྱ་བས་ནི་འཛིན་པ་མེད་པར་བསྟན་པའོ། །གཟུགས་ལ་
ཇི་ལྟར་བཤད་པ་དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ངས་ཀྱང་གཟུགས་ཡང་
དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་འཛིན། ཡོངས་སུ་མི་འཛིན་པས་ཉེ་བར་མི་ལེན་ཏོ་ཞེས་བྱ་བ་ལ་སོགས་པས་ནི་ཡོངས་སུ་གཟུང་བར་བྱ་བ་དང་། མངོན་པར་ཆགས་པར་བྱ་བ་མེད་པའི་དོན་དེ་ཉིད་གསལ་བར་བསྟན་པའི་
ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་ཡང་དག་པར་མི་གཟིགས་ཏེ། དེ་ལྟར་ཡང་དག་པར་མི་གཟིགས་པས། སྲེད་པའི་དབང་གིས་
ཡོངས་སུ་འཛིན་པར་མི་འགྱུར། དེ་ལྟར་ཡོངས་སུ་མི་འཛིན་པ་དང་། ལྟ་བའི་དབང་གིས་ཉེ་བར་ལེན་པར་ཡང་མི་འགྱུར་ཏེ། མངོན་པར་ཆགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་
เล่ม ๙๒ · หน้า 120a
བཞིན་གཤེགས་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་མངོན་པར་ཆགས་པར་མི་བྱའོ། །ཡོངས་སུ་གཟུང་བར་མི་བྱའོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་
ཉིད་ལ་མངོན་པར་ཆགས་པར་མི་བྱའོ། །ཡོངས་སུ་གཟུང་བར་མི་བྱའོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དེ་བཞིན་གཤེགས་པས་ཀྱང་མ་གཟིགས་ཤིང་ཡོངས་སུ་མི་འཛིན། ཉེ་བར་བླང་དུ་མེད་པས་རབ་འབྱོར་ཁྱོད་ཀྱིས་ཀྱང་ཆོས་
ཐམས་ཅད་ལ་མངོན་པར་ཆགས་པ་དང་། ཡོངས་སུ་གཟུང་བར་མི་བྱའོ་ཞེས་རྗེས་སུ་གདམས་ཏེ་བསྟན་པའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི་
མངོན་པར་ཆགས་པ་དང་། ཡོངས་སུ་འཛིན་པ་མེད་པའི་དོན་ཟབ་མོ་ལྷའི་བུ་དག་གིས་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་བ་ལ་སོགས་པའི་སྒོ་ནས་བསྟོད་པ་སྟེ། དེ་ལ་ཟབ་པ་ནི་མུ་སྟེགས་ཅན་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་
བློས་མ་རྟོགས་པའི་ཕྱིར་རོ། །དེ་ལྟར་ཟབ་པའི་ཕྱིར་བལྟ་དཀའ་བའོ། །བལྟ་དཀའ་བའི་ཕྱིར་རྟོགས་པར་དཀའ་བའོ། །རྟོགས་པར་དཀའ་བའི་ཕྱིར་མི་བརྟག་པའོ། །མི་བརྟག་པའི་ཕྱིར་བརྟག་པའི་སྤྱོད་ཡུལ་མ་ཡིན་པའོ་ཞེས་ཚིག་སྔ་མས་ཕྱི་མ་བཤད་པར་བྱའོ། །ཞི་ཞིང་
ཕྲ་བ་ཞེས་བྱ་བ་ནི་དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་བརྟག་པའི་སྤྱོད་ཡུལ་མ་ཡིན་ཏེ། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཞི་ཞིང་གཟུང་བ་དང་འཛིན་པའི་ཆ་དང་བྲལ་བའི་ཕྱིར་ཕྲ་བའོ། །མཁས་པ་དང་བཟང་བ་དང་ཡིད་གསལ་བས་འཚལ་བར་བགྱིའོ་ཞེས་
བྱ་བས་ནི་དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་ཤེས་པར་མི་ནུས་པ་སྟེ། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་མཁས་པ་དག་གིས་ཤེས་པར་ནུས་ཀྱི་གཞན་གྱིས་ཤེས་པར་མི་ནུས་སོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་སེམས་ཅན་གང་
เล่ม ๙๒ · หน้า 120b
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པའོ་ཞེས་བྱ་བས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་སྤྱོད་པའི་སེམས་ཅན་དཀོན་པ་བསྟན་པ་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་བྱེད་པ་རྣམས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་སྤྱོད་པར་འགྱུར་གྱི། གཞན་རྣམས་དེ་ལྟར་དད་ཅིང་སྤྱོད་པར་མི་འགྱུར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་དེ་དག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་
བཟུང་བ་དགེ་བའི་རྩ་བ་བསྐྱེད་པའོ་ཞེས་བྱ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་སྤྱོད་པའི་སེམས་ཅན་དཀོན་པ་བསྟན་པ་སྟེ། ཚེ་འདི་དང་ཚེ་སྔ་མ་གཉིས་ཀ་ལ་དགེ་བའི་བཤེས་གཉེན་ལ་བརྟེན་བརྟེན་པ་དང་། བསོད་ནམས་ཀྱི་ཚོགས་བསགས་པ་དག་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་སྤྱོད་པར་འགྱུར་གྱིས། དེ་ལྟ་མ་ཡིན་པ་གཞན་དག་ནི་དད་ཅིང་སྤྱོད་པར་མི་འགྱུར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་
ཅེས་བྱ་བ་ནས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གདུགས་གཅིག་ཏུ་མོས་པ་དེ་ཉིད་ཆེས་ལེགས་པའི་མཆོག་ཏུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་སྤྱོད་པ་བསོད་ནམས་ཆེ་ཞིང་དོན་ཆེ་བ་བསྟན་པ་སྟེ། སྟོང་གསུམ་གྱི་
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཆོས་རྟོགས་པའི་ཡེ་ཤེས་ཇི་ཙམ་ཡོད་པ་དང་། ཉོན་མོངས་པ་སྤངས་པའི་ཡོན་ཏན་དང་། བསོད་ནམས་ཇི་ཙམ་ཡོད་པ་དེ་དག་ཐམས་ཅད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཟབ་མོ་འདི་ལ་དད་ཅིང་མོས་པས། ཉིན་གཅིག་སྤྱད་པའི་བསོད་ནམས་དང་ཕན་ཡོན་ཆེའོ་ཞེས་བསྟན་པའོ། །དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་ཉན་ཐོས་ཤེས་རབ་རྟུལ་པོ་དང་རྣོན་པོ་ལ་བྱ་སྟེ། དད་པའི་རྗེས་སུ་འབྲང་བ་ནི་ཉན་ཐོས་ཤེས་རབ་རྟུལ་པོ་
เล่ม ๙๒ · หน้า 121a
ཆོས་ཀྱི་དོན་མ་རྟོགས་ཀྱང་། གང་ཟག་གཞན་ཆོས་སྤྱོད་པ་མཐོང་ན་དད་པ་སྐྱེས་ནས་དེ་དག་གི་རྗེས་སུ་འབྲང་ཞིང་ཆོས་སྤྱོད་པ་ལ་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་ཉན་ཐོས་ཤེས་རབ་རྣོན་པོ་བདག་རང་གིས་ཆོས་ཀྱི་དོན་རྟོགས་ནས་ཆོས་སྤྱོད་པའོ། །བརྒྱད་
པ་ལ་སོགས་པའི་ཉན་ཐོས་ཀྱི་གང་ཟག་གཞན་རྣམས་ནི་སྔར་བཤད་ཟིན་ཏོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་དད་པའི་རྗེས་སུ་འབྲང་བའི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་
ཐོབ་པའི་བཟོད་པར་འདུས་སོ་ཞེས་བྱ་བ་ནས། རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་དང་།
རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དང་སྤོང་བའི་ཕན་ཡོན་བས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཉིན་གཅིག་སྤྱད་པའི་ཕན་ཡོན་ཆེ་བའི་གཏན་ཚིགས་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སོ་སོའི་འབྲས་བུ་ཐོབ་སྟེ། ཡེ་ཤེས་དང་
ལྡན་ཞིང་ཉོན་མོངས་པ་སྤངས་པ་ནི་དམིགས་པ་དང་བཅས་ཤིང་མཚན་མར་བཅས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་ནས་ཆོས་ཟབ་མོ་ལ་བཟོད་པར་གྱུར་ཅིང་། ཀུན་རྫོབ་ཏུ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དད་པས་སྤྱོད་པ་མཚན་མར་མི་འཛིན་ཅིང་དམིགས་པ་ལ་མ་ཆགས་པའི་ཕྱིར་ཕན་ཡོན་ལྷག་པར་ཆེའོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་བཀའ་སྩལ་པ་ཞེས་བྱ་བ་ནས། རང་
སངས་རྒྱས་ཀྱི་ཡེ་ཤེས་གང་ཡིན་པ་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་ལྷའི་བུ་རྣམས་ཀྱིས་གསོལ་པའི་ཚིག་དང་། དོན་བརྩོན་
เล่ม ๙๒ · หน้า 121b
ཞིང་འཁོར་རྣམས་ཀྱིས་བརྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར། དེ་བདེན་ནོ་ཞེས་ཚིག་གོང་མ་ཉིད་བཟླས་ཏེ་བཀའ་སྩལ་པའོ། །ལྷའི་བུ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་མདོ་སྡེ་གཞན་ལ་བསྐལ་
པ་དང་། བསྐལ་པའི་ལྷག་མར་སྤྱད་པ་དག་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་ལྡན་པ་ལ། བསྐལ་པའམ་བསྐལ་པ་བས་ཀྱང་ལྷག་པར་སྤྱོད་པའི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་
ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ཕན་ཡོན་ཆེ་བ་བསྟན་པ་སྟེ། མྱུར་དུ་འབྱུང་བ་ཞེས་བྱ་བ་ནི་འཁོར་བ་ལས་ཐར་ཏེ་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། དེ་ཅིའི་ཕྱིར་ཞེ་ན།
དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕུལ་དུ་བྱ་བའི་ཆོས་གང་ལ་ཞེས་བྱ་བ་ནས། གང་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་དང་།
མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱད་པ་ཕན་ཡོན་ཆེ་བའི་གཏན་ཚིགས་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བའི་ཆོས་བཟང་པོ་ཕུལ་དུ་བྱུང་བ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་དེ་ལ་བསླབ་པ་དུས་གསུམ་གྱི་དེ་བཞིན་གཤེགས་པ་
རྣམས་ཀྱིས་ཀྱང་ཆོས་དེ་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །
เล่ม ๙๒ · หน้า 122a
དེ་ནས་འདོད་པ་ན་སྤྱོད་པ་དང་གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་ཞེས་བྱ་བ་ནས། དེ་ལ་བསླབས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བྱུང་བར་གྱུར་ཏེ་འབྱུང་
ཞིང་འབྱུང་བར་འགྱུར་ཞེས་བྱ་བའི་བར་གྱིས་ནི། ལྷའི་བུ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ཕན་ཡོན་ཆེ་བར་རྟོགས་ནས་མོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བསྟན་པ་སྟེ། ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་
ཕྱིན་པ་ཆེན་པོ་ཡིན་པ་དང་། དཔག་ཏུ་མེད་པ་དང་། གཞལ་དུ་མེད་པ་དང་། མི་མཉམ་པ་དང་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྟོད་པའི་ཚིག་རྣམས་སུས་ཀྱང་མ་བསྐུལ་བར་རང་བྱུང་བ་ལ་ཆེད་དུ་བརྗོད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ལ་བསླབས་ཤིང་དད་པའི་རྗེས་སུ་འབྲང་བ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་དུས་གསུམ་གྱི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོའི་འབྲས་བུ་ཐོབ་པ་ཡང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབས་ཏེ། སོ་སོའི་འབྲས་བུ་ཐོབ་པར་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འབྲི་བའམ་འཕེལ་བ་ཡང་མི་གདའོ་ཞེས་བྱ་བ་ནི་དེ་ལྟར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐེག་པ་གསུམ་ཆར་འབྲས་བུ་ཐོབ་པའི་རྒྱུ་ཡིན་ཡང་རང་བཞིན་གྱིས་རྣམ་པར་མི་རྟོག་ཅིང་མི་འགྱུར་བ་ཡོངས་སུ་རྫོགས་པ་ཡིན་པས་འདི་ལ་འགྱུར་བ་མེད་དོ་ཞེས་བསྟན་པའོ། །འདོད་པ་ན་སྤྱོད་པ་དང་གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་
དག་གིས་ཞེས་བྱ་བ་ནས་གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དག་ནི་གཟུགས་ཡོད་པའི་ཁམས་སུ་འཁོད་དོ་ཞེས་བྱ་བའི་བར་གྱིས་ནི་ལྷའི་བུ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ནས་མགུ་སྟེ། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་ནས་སོ་སོའི་གནས་སུ་
เล่ม ๙๒ · หน้า 122b
དོང་བ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་མོས་པ་ཕུན་སུམ་ཚོགས་པའི་མི་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
ལ་ལྷག་པར་དད་ཅིང་གུས་པ་བསྐྱེད་པའི་ཕྱིར་དེ་དག་གང་ནས་ཚེ་འཕོས་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སྐྱེས་པར་གྱུར་པ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཤད་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། རབ་འབྱོར་བྱང་ཆུབ་སེམས་
དཔའི་ཐེག་པ་པའི་གང་ཟག་དེ་ནི་མིའི་ནང་ནས་ཚེ་འཕོས་ནས་མིའི་ནང་དུ་སྐྱེས་པའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་དད་པ་དང་མོས་པ་སྐྱེས་ཏེ། སེམས་མ་ཞུམ་ཞིང་མ་རྨོངས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་སྤྱོད་ལམ་
བཞི་ཆར་དུ་ཡིད་ལ་བྱེད་ཅིང་ཡི་དམ་ཉམས་པར་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐར་མ་ཕྱིན་གྱི་བར་དུ་དེ་སྟོན་པའི་མཁན་པོ་ཡང་མི་གཏོང་བ་དེ་ནི། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས་མིའི་ནང་ནས་ཚེ་འཕོས་ཏེ། འཛམ་བུའི་གླིང་འདིར་ཡང་མིའི་ནང་དུ་
སྐྱེས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེས་སྔོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡང་ཐོས་མ་ཐག་ཏུ་མོས་པར་འགྱུར་བར་བལྟའོ་
ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་དད་ཅིང་མོས་པས་སྤྱོད་པའི་མི་དེ་མིའི་ནང་ནས་ཚེ་འཕོས་ནས་མིའི་ནང་དུ་སྐྱེས་པའི་གཏན་ཚིགས་བསྟན་པ་སྟེ། དེ་སྔོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གོམས་པར་བྱས་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས་དེ་
ཡང་མིའི་ནང་དུ་སྐྱེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ཤིང་དད་པར་གྱུར་ཏེ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཐོས་མ་ཐག་ཏུ་མོས་ཤིང་
เล่ม ๙๒ · หน้า 123a
ཞེས་བྱ་བ་ནས། དེ་ནི་དགེ་བའི་རྩ་བ་དེ་ཉིད་དང་། ཡིད་ལ་བྱ་བ་དེ་ཉིད་ཀྱིས་འདིར་སྐྱེས་པའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དད་ཅིང་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་ལ་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སྔོན་སངས་རྒྱས་བཅོམ་
ལྡན་འདས་གཞན་དག་ལ་བསྙེན་བཀུར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་པས་འཇིག་རྟེན་གྱི་ཁམས་འདིར་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་སྤྱོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པ་ལས་ཞེས་བྱ་བ་ནས། དེ་ནི་དགེ་བའི་རྩ་བ་དེས་འདིར་སྐྱེས་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་དགའ་
ལྡན་གྱི་ལྷའི་རིས་ན་བྱམས་པ་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པའི་དགེ་བའི་རྩ་བས་འདིར་མིའི་ནང་དུ་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དད་ཅིང་སྤྱོད་པར་གྱུར་པ་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་
གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ཀྱང་ཡོངས་སུ་མ་དྲིས་ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་
ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ་ཞེས་བྱ་བ་ནས། རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐོས་ཀྱང་ཡོངས་སུ་མ་དྲིས་ཡོངས་སུ་བརྟག་པ་མ་བྱས་པ་དེ་
ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ཚེ་རབས་སྔ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅུང་ཟད་ཅིག་ཐོས་སུ་ཟིན་ཀྱང་། དྲི་ཞིང་བརྟགས་པས་གོམས་
เล่ม ๙๒ · หน้า 123b
པར་མ་བྱས་པ་ནི་ཚེ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་ཐེ་ཚོམ་སྐྱེ་ཞིང་དད་པར་མི་འགྱུར་བར་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལ་ཐུག་གི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཡོངས་སུ་མ་དྲིས་ཡོངས་སུ་བརྟག་པ་མ་བྱས་ཏེ། ཉི་མ་གཅིག་གམ། གཉིས་སམ་
གསུམ་མམ། བཞིའམ། ལྔར་རྗེས་སུ་འབྲང་བ་མ་བྱས་ན་ཞེས་བྱ་བ་ནས། དེ་ནི་དད་པ་ཙམ་དང་དགའ་བ་ཙམ་དང་མོས་པ་ཙམ་དང་ལྡན་པར་ཟད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའམ་ཀླག་པ་འམ། ལུང་འབོགས་པ་འམ། ཁ་ཏོན་བྱ་བ་འམ། ཚུལ་
བཞིན་དུ་ཡིད་ལ་བྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་ཚེ་རབས་སྔ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཅུང་ཟད་ཅིག་ཐོས་ནས་དྲི་བ་དང་བརྟག་པ་ལ་སོགས་པའི་སྒོ་ནས་གོམས་པར་མ་བྱས་པ་དག །ཚེ་འདི་ལ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་ཡང་བློ་མི་བརྟན་ཞིང་མི་དགེ་བའི་བཤེས་གཉེན་གཞན་གྱི་ཁ་ཕྱིན་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀླག་པ་དང་། ལུང་འབོགས་པ་དང་། ཁ་ཏོན་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་མི་ནུས་པར་འགྱུར་
བ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་འདྲི་ཞིང་ལུང་མི་འབོགས་པ་དང་། ཁ་ཏོན་མི་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདིས་གཞན་ལ་ཕན་མི་འདོགས་པ་དང་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མཐུན་པར་མ་སྤྱད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་
เล่ม ๙๒ · หน้า 124a
ཀྱི་བུ་མོ་དེས་གནས་གཉིས་དང་ས་གཉིས་པོ་དེ་ལས་གཅིག་ལ་གནས་པར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཁ་ཅིག་ཚེ་རབས་སྔ་མ་ལ་བདག་ཉིད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་མ་བྲིས། ལུང་མ་ཕོག་ཁ་ཏོན་མ་བྱས་ཚུལ་བཞིན་དུ་ཡིད་ལ་མ་བྱས་ལ། གཞན་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཀྱིས་ཕན་མ་བཏགས་པ་དང་། བདག་ཉིད་ཀྱང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་དོན་དང་མཐུན་པར་མ་བྱས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་གྱུར་པ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་སུམ་ཅུ་ལྔ་པའོ།། །།
རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་དབུས་སུ་གྲུ་ཞིག་ལ་མི་རྣམས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་འདྲི་མི་སྟོན། ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་མི་བརྟེན་པ་དེ་དག་ནི་བར་མ་དོར་བྱང་ཆུབ་ལས་ཉམས་པར་འགྱུར་ཏེ་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། རྒྱ་མཚོའི་དབུས་སུ་གྲུ་ཞིག་པར་གྱུར་པའི་མི་རྣམས་ཤིང་ལ་སོགས་པ་ལ་མ་འཇུས་མ་བརྟེན་པར་རྒྱ་མཚོའི་འགྲམ་དུ་ཕྱིན་པར་མི་འགྱུར་བ་དེ་
བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་པ་དང་། མོས་པ་ཙམ་ནི་ཡོད་ལ། བྲི་བ་དང་བསྟན་པ་ལ་སོགས་པའི་སྒོ་ནས་ཉམས་སུ་མ་བླངས་མ་བརྟེན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལས་ཉམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བ་བསྟན་པའོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་དོན་དུ་དད་པ་ཡོད་ཅིང་ཞེས་བྱ་བ་
เล่ม ๙๒ · หน้า 124b
ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བས་བར་མ་དོར་ཉེ་ཞོ་མེད་པར་ཉན་ཐོས་ཀྱི་ས་ལས་འདས། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་མི་གང་དག་རྒྱ་མཚོ་ཆེན་པོའི་ནང་དུ་གྲུ་ཞིག་པར་གྱུར་པའི་ཚེ་ཤིང་ལ་སོགས་པ་ལ་འཇུ་ཞིང་བརྟེན་ན་ཉེ་ཞོ་མེད་པར་རྒྱ་མཚོའི་འགྲམ་དུ་ཕྱིན་པར་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་
གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དད་ཅིང་མོས་པ་ལ་སོགས་པ་ཡང་ཡོད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་ལ་སོགས་པའི་སྒོ་ནས་འབད་ཅིང་ཉམས་སུ་ལེན་པ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་ཡོངས་སུ་བཟུང་
བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། བར་མ་དོར་མི་ཉམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་བུད་མེད་དམ་སྐྱེས་པ་ལ་ལ་ཞིག་བུམ་པ་མ་བསྲེགས་
ཤིང་སོ་མ་བཏང་བར་ཆུ་བཅུ་བར་སེམས་ན་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མ་བཟུང་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བར་མ་དོར་ཉེ་ཞོར་འགྱུར་བར་ཤེས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་
ལ་བླ་ན་མེད་པའི་བྱང་ཆུབ་ཏུ་དད་ཅིང་མོས་པ་ལ་སོགས་པ་ཡོད་དུ་ཟིན་ཀྱང་། ཤེས་རབ་དང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན་སེམས་ཀྱི་རྒྱུད་ཡོངས་སུ་མ་སྨིན་པས་བར་མ་དོར་ཉམས་པར་འགྱུར་ཏེ། བུམ་པ་སོ་མ་བཏང་བར་ཆུ་བཅུས་ན་ཞིག་སྟེ་ཉམས་པར་འགྱུར་བ་བཞིན་ནོ་
ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་བར་མ་དོར་ཉེ་ཞོ་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སའོ་ཞེས་བྱ་བ་ནི་གོང་དུ་བར་མ་དོར་ཉེ་ཞོར་འགྱུར་རོ་ཞེས་བཤད་པ་བྱང་ཆུབ་སེམས་
เล่ม ๙๒ · หน้า 125a
དཔའ་ལ་བར་མ་དོར་ཉེ་ཞོར་འགྱུར་བ་ནི་གཞན་ལ་མི་བྱའི་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྷུང་ཞིང་ཐེག་པ་ཆེན་པོ་ལས་ཉམས་པ་ལ་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་པ་འམ་བུད་མེད་ལ་ལ་ཞིག་བུམ་པ་སོ་ལེགས་
པར་བཏང་བས་ཆུ་ཀླུང་ངམ། མཚོའམ་མཚེའུ་འམ་ཁྲོན་པ་ནས་ཆུ་འཆུ་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་བར་མ་དོར་ཉེ་
ཞོར་མི་འགྱུར་ཏེ། མ་ཉེས་མ་ཉམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་ན་བར་མ་དོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བར་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བུམ་པ་སོ་ལེགས་པར་བཏང་བས་ཆུ་བཅུས་ན་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར་བ་ལས་དཔེ་བླངས་ཏེ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་རྒྱ་མཚོའི་གྲུ་མ་བསྡམས་ཤིང་ཟག་ལྷན་མ་བྱས་པར་
རྫས་བཅུག་སྟེ་ཆུ་ལ་བཏང་ན་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉེ་ཞོར་འགྱུར་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་རིན་པོ་ཆེའི་དོན་ཆེན་པོ་དང་བྲལ་ཞིང་རིན་པོ་ཆེ་ཆེན་པོ་
ལས་ཕངས་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཚོང་པ་རྒྱ་མཚོའི་ནང་དུ་ནོར་བུ་རིན་པོ་ཆེ་ལེན་པ་ཐབས་མི་མཁས་པར་གྲུ་སྦྱར་ཉེས་ན་གནོད་པ་ཆེན་པོ་དང་ལྡན་ཞིང་ནོར་བུ་རིན་པོ་ཆེ་མ་རྙེད་པར་འགྱུར་བའི་དཔེས་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་མི་ལྡན་ན། དད་པ་ལ་སོགས་པ་ཡོད་
དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་ཉིད་མི་འགྲུབ་ཅིང་བར་མ་དོར་ཐེག་པ་ཆེན་པོ་ལས་ཉམས་པར་འགྱུར་བ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བར་མ་དོའི་ཉེ་ཞོ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སའོ་ཞེས་བྱ་བས་ནི་ཉན་
เล่ม ๙๒ · หน้า 125b
ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བ་ཉིད་བྱང་ཆུབ་སེམས་དཔའི་ཉམས་པ་ཡིན་པར་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མཁས་པའི་ངང་ཚུལ་ཅན་ལ་ལ་ཞིག་ཅེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བར་མ་དོར་ཉེ་ཞོར་མི་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྒྱ་མཚོར་འཇུག་པའི་གྲུ་སྦྱར་ལེགས་པའི་དཔེས། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་ལྡན་པ་བར་མ་དོར་མི་ཉམས་པར་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བསྟན་པའོ། །རབ་འབྱོར་དེ་ནི་དེ་ལྟར་ཡང་འགྱུར་ཏེ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་
སར་མི་ལྟུང་ངོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཤད་པའི་དོན་དེ་ཉིད་དེ་ལྟར་འགྱུར་བར་རིག་པར་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ན་ཚོད་ལོ་བརྒྱ་ཉི་ཤུ་ལོན་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་མི་རྒད་པོ་ཉམ་ཆུང་བ་གྲོགས་གཞན་ལ་མ་བརྟེན་པར་ལྡང་ཞིང་འགྲོ་མི་ནུས་པའི་དཔེས། བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་
ཐབས་མཁས་པ་ལ་མ་བརྟེན་ན་བར་མ་དོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་
བཟུང་བ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི་དོན་གོང་དུ་སྨོས་པའི་རིགས་པ་དང་གཏན་ཚིགས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ན་ཚོད་ཀྱིས་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་པ་དགོག་ཏུ་གྱུར་པ་
เล่ม ๙๒ · หน้า 126a
འཁོགས་པ་དེ་ཉིད་རླུང་ངམ་མཁྲིས་པ་འམ། བད་ཀན་ནམ་འདུས་པའི་ནད་ཀྱིས་བཏབ་པར་གྱུར་ལ། དེ་ཁྲི་ལས་ལྡང་བར་འདོད་ན་དེ་ལ་སྐྱེས་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་གློ་གཡས་གཡོན་གཉིས་ནས་བཟུང་སྟེ་བརྟེན་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉེ་ཞོར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་དེར་ཕྱིན་པར་ནུས་སོ་ཞེས་བྱ་
བའི་བར་གྱིས་ནི་མི་རྒད་པོ་ནད་པ་མི་གཉིས་ཀྱིས་གྲོགས་བྱས་ཏེ་བརྟེན་ན་བར་མ་དོར་མི་ཉམས་ཤིང་གར་འདོད་པའི་གནས་སུ་ཕྱིན་པར་འགྱུར་བའི་དཔེས། བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་གཉིས་ལ་བརྟེན་ན་བར་མ་དོར་ཉན་ཐོས་
དང་། རང་སངས་རྒྱས་ཀྱི་སར་མི་ལྟུང་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་སུ་ཕྱིན་པར་ནུས་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་མ་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་དོན་གོང་དུ་བཤད་པའི་གཏན་
ཚིགས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བས་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་བ་ལགས་ཞེས་བྱ་བ་ནི་དེ་ལྟར་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་ཐབས་མཁས་པར་མི་ལྡན་ན་ཐེག་པ་ཆུང་ངུ་གཉིས་སུ་ལྟུང་བར་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པར་ལྡན་ན་ཐེག་པ་ཆུང་ངུ་གཉིས་སུ་ལྟུང་བར་མི་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་བསྟན་པ་དང་། གནས་
བརྟན་རབ་འབྱོར་གྱིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པར་ཇི་ལྟར་མི་ལྡན་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཇི་ལྟར་ལྟུང་བར་འགྱུར་བ་འོག་ནས་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་
เล่ม ๙๒ · หน้า 126b
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཏུ་མི་ལྡན་ཞིང་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པ་དང་།
ཐབས་དང་ཤེས་རབ་ཏུ་ལྡན་ཞིང་འཁོར་གསུམ་ཡོངས་སུ་དག་པའི་དོན་འོག་ནས་བཤད་པ་འཁོར་རྣམས་ལེགས་པར་ཉན་དུ་གཟུད་པའི་ཕྱིར་དོན་འདི་ལྟ་བུ་འདྲི་བ་ལེགས་སོ་ཞེས་རབ་འབྱོར་ལ་བསྟོད་པའོ། །རབ་འབྱོར་འདི་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐོག་
མར་སྦྱིན་པ་ཡོངས་སུ་གཏོང་ན་ཞེས་བྱ་བ་ནས། དེ་ཤེས་རབ་རློམ་སེམས་སུ་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཐབས་དང་ཤེས་རབ་ཏུ་མི་ལྡན་པ་དང་། བདག་དང་བདག་གིར་
མཚན་མར་འཛིན་པས་འཁོར་གསུམ་ཡོངས་སུ་དག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ན་ཐེག་པ་ཆུང་ངུ་གཉིས་སུ་ལྟུང་བར་འགྱུར་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མེད་དེ་རིང་དུ་སོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མེད་དེ་རིང་དུ་སོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ནི་བདག་དང་བདག་གིར་འཛིན་པ་མེད་ཅིང་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་ཏེ་རིང་དུ་སོང་བ་ལ་བྱ་ན། ཕ་
རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་བདག་དང་བདག་གིར་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ན་ཐབས་དང་ཤེས་རབ་ཏུ་མི་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ་ཞེས་བསྟན་པའོ། །དེ་ལྟ་ཡིན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་རིང་དུ་
སོང་བའང་མི་ཤེས། ཕ་རོལ་ཀྱང་མི་ཤེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བས་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
เล่ม ๙๒ · หน้า 127a
མི་འབྱུང་ངོ་ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་བདག་དང་བདག་གིར་འཛིན་པའི་རྣམ་པར་རྟོག་པ་མེད་དེ། རྟོག་པ་ཐམས་ཅད་ལས་རིང་དུ་སོང་ཞིང་མཚན་མ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཡིན་ན། ཐབས་མི་མཁས་པས་
མཚན་མར་བཟུང་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་དོན་དང་མི་ལྡན་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་ཞེས་བསྟན་པའི།
རབ་འབྱོར་ཇི་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐབས་མི་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ནས། དེ་ཤེས་རབ་རློམ་སེམས་སུ་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད་པ་སྟེ་ཞེས་བྱ་བའི་བར་གྱིས་ནི། ཐབས་
མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་ཅིང་དེ་རློམ་སེམས་སུ་བྱེད་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དེ་རྣམ་པར་རྟོག་པའི་
རྣམ་པར་རྟོག་པ་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མེད་དོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མེད་པའོ་ཞེས་བྱ་བའི་བར་གྱིས་ནི་དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དངོས་པོ་མེད་པ་ལ་དངོས་པོར་
བཟུང་ཞིང་རློམ་སེམས་སུ་བྱེད་པས་ཐབས་མི་མཁས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལྟར་ཡིན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི་རིང་དུ་སོང་བའང་མི་ཤེས། ཕ་རོལ་ཡང་མི་ཤེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱིས་ཡོངས་སུ་མ་བཟུང་བས་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཐབས་དང་མི་ལྡན་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་འཁོར་གསུམ་ཡོངས་སུ་མ་དག་ལ་རློམ་སེམས་སུ་བྱེད་ན། ཕ་རོལ་ཏུ་
เล่ม ๙๒ · หน้า 127b
ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་དང་མི་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཐབས་མཁས་པས་ཡོངས་སུ་བཟུང་བ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་བ་ཡིན་ཞེ་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བས་ཉན་ཐོས་ཀྱི་ས་འམ་རང་སངས་
རྒྱས་ཀྱི་སར་མི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པར་ལྡན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་རྣམས་བདག་དང་བདག་གིར་མི་འཛིན་ཅིང་། དོན་དམ་པར་ཕ་
རོལ་ཏུ་ཕྱིན་པ་རྣམས་ཀྱང་དངོས་པོ་མེད་པར་རྟོགས་ལ། ཀུན་རྫོབ་ཏུ་ཐབས་མཁས་པས་དེ་དག་ལ་མཚན་མར་མི་འཛིན་ཅིང་རློམ་སེམས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་དོན་དང་ལྡན་ཞིང་
དོན་དེ་རྣམས་ཀྱིས་ཡོངས་སུ་ཟིན་པས་བར་མ་དོར་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་མི་ལྟུང་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་བ་བསྟན་པའོ། །རབ་འབྱོར་དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་
ཡོངས་སུ་བཟུང་བ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་སྟེ། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཤད་པའི་དོན་དེ་ཉིད་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་ལ་སོགས་པས་ཡོངས་སུ་བཟུང་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་བར་མ་དོར་མི་ལྟུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །རབ་
เล่ม ๙๒ · หน้า 128a
འབྱོར་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་ལྡན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་པའི་ཚེ། འཁོར་གསུམ་
ཡོངས་སུ་དག་པར་སྤྱོད་ཅིང་རློམ་སེམས་མེད་པ་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲུབ་པར་བསྟན་པའི་དོན་གོང་དུ་བཤད་པ་ཉིད་རྣམ་པ་གཞན་གྱིས་ཞིབ་ཏུ་བཤད་པ་སྟེ། རབ་འབྱོར་འདི་ལ་གང་ཟག་བྱང་ཆུབ་
སེམས་དཔའི་ཐེག་པ་པ་ཐོག་མར་ཐབས་དང་ལྡན་པར་སྦྱིན་པ་ཡོངས་སུ་གཏོང་ཞེས་བྱ་བ་ནས། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཐབས་དང་ལྡན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཁོར་གསུམ་ཡོངས་
སུ་དག་པར་སྤྱོད་ཅིང་དེ་དག་གིས་རློམ་སེམས་མི་བྱེད་པ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་རྣམ་པར་མི་རྟོག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའོ་ཞེས་བྱ་བ་ནས། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མེད་པའོ་ཞེས་བྱ་བའི་བར་གྱིས་ནི་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་ཅིང་རློམ་སེམས་སུ་མི་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པ་སྤྱོད་པ་ལ་ཡང་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་ལ།
ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་དོན་དམ་པར་དངོས་པོ་མེད་པས་རྣམ་པར་རྟོག་པའི་ཡུལ་མ་ཡིན་ཏེ། དེའི་ཕྱིར་འཁོར་གསུམ་ཡོངས་སུ་དག་ཅིང་རློམ་སེམས་མེད་དོ་ཞེས་བསྟན་པའོ། །དེ་ལྟ་ཡང་ཡིན་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ཡང་རིང་དུ་སོང་བའང་ཤེས་ཤིང་ཕ་
རོལ་ཤེས་ཀྱང་དེས་རློམ་སེམས་མེད་དེ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་རྣམ་པར་རྟོག་པ་དང་བརྟག་པར་བྱ་བ་གཉིས་ཀ་མེད་དེ། རྟོག་པའི་སྤྱོད་ཡུལ་ལས་འདས་ཏེ་རིང་དུ་སོང་བ་ཤེས་ཀྱང་ཤེས་པ་དེ་མི་བསྙེམས་སོ་ཞེས་བསྟན་པའོ། །དེ་སྦྱིན་པའི་
เล่ม ๙๒ · หน้า 128b
ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བས་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་
བཤད་པ་ལྟར་འཁོར་གསུམ་ཡོངས་སུ་དག་ཅིང་རློམ་སེམས་མེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་དོན་དང་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་སུམ་ཅུ་དྲུག་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པར་
མི་ལྡན་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པར་ལྡན་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་མི་འགྱུར་བ་བཤད་པ་ཐོས་པ་དང་། འོ་ན་ཐེག་པ་ལ་གསར་དུ་ཞུགས་པ་ཤེས་རབ་དང་ཐབས་སུ་མི་
ལྡན་པ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཇི་ལྟར་བསླབ་པར་བྱ་སྙམ་ནས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དེ་དག་བསྙེན་པར་བྱའོ། །བརྟེན་པར་བྱའོ། །བསྙེན་བཀུར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ལས་དང་
པོ་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པའི་མཁས་པ་ལ་བསྙེན་ཅིང་བསྙེན་བཀུར་བྱས་ཏེ་བསླབས་ན་ཐབས་མཁས་པར་འགྱུར་ཞིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་རོ་
ཞེས་བསྟན་པའོ། །དེ་དག་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། དགེ་བའི་བཤེས་གཉེན་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཇི་ལྟར་སྟོན་ཅིང་འཆད་པའི་ཚུལ་བསྟན་པའོ། །ཚུར་རིགས་ཀྱི་བུ་སྦྱིན་པ་གང་དང་གང་སྦྱིན་པ་དེ་ཐམས་ཅད་བླ་
เล่ม ๙๒ · หน้า 129a
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་ཅེས་བྱ་བ་ནས། ཚུར་རིགས་ཀྱི་བུ་ཤེས་རབ་གང་དང་གང་བསྒོམས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་ཅེས་བྱ་བའི་བར་གྱིས་ནི།
ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པའི་འབྲས་བུ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་བསྔོ་བར་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བའི་ཐབས་བསྟན་པའོ། །རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
གཟུགས་སུ་རྟོག་པར་མ་བྱེད་ཅིག་ཅེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྟོག་པར་མ་བྱེད་ཅིག་ཅེས་བྱ་བའི་བར་གྱིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པས་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ལ་ཐུག་གི་བར་གྱི་ཆོས་གང་གི་རང་བཞིན་ཡང་མ་ཡིན་པའི་ཕྱིར་ཆོས་དེ་དག་གི་རང་བཞིན་དུ་མི་བརྟག་ཅིང་མཚན་མར་མི་བཟུང་ངོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་མ་བརྟགས་པའི་གཟུགས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བ་ནས་ཡོངས་སུ་མ་
བརྟགས་པའི་ལམ་གྱི་རྣམ་པ་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཟུགས་ལ་སོགས་པའི་རང་བཞིན་དུ་མི་བརྟག་ཅིང་མཚན་མར་མི་བཟུང་བའི་རིགས་པ་བསྟན་པ་སྟེ། དོན་དམ་
པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་དང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་དངོས་པོ་མེད་དེ་བརྟག་པའི་ཡུལ་མ་ཡིན་པས་དེ་དག་ལ་ཡོངས་སུ་མ་བརྟགས་ཤིང་མཚན་མར་མ་བཟུང་ན་ཡང་དག་པའི་དོན་རྟོགས་པ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །རིགས་ཀྱི་བུ་ཁྱོད་གཟུགས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མེད་པ་ནི་གཟུགས་སོ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན།
เล่ม ๙๒ · หน้า 129b
རིགས་ཀྱི་བུ་འདོད་པ་མེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གཟུགས་ལ་སོགས་པའི་ཆོས་གང་ལ་ཡང་ཡོངས་སུ་མ་བརྟགས་ཤིང་མཚན་མར་མ་བཟུང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་བཤད་
ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་དངོས་པོར་རྟོག་ཅིང་དེ་ལ་འདོད་པ་སྐྱེད་པ་དགག་པ་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་དེ། འདོད་པར་བྱ་བའི་དངོས་པོ་མ་ཡིན་པས་
དེ་ལ་འདོད་པ་མ་སྐྱེད་ཅིག་ཅེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་དོན་དེ་ཉིད་མདོར་བསྡུས་ནས་བསྟན་པ་སྟེ། མདོར་ན་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པས་
ཆོས་གང་ཡང་ཐོབ་པར་བྱ་བའི་ཕྱིར་འདོད་པ་མི་སྐྱེད་དོ་ཞེས་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་ཆོས་ཐམས་ཅད་དོན་དམ་པར་
རང་བཞིན་གྱིས་སྟོང་པས་གང་ལ་འདོད་པ་བསྐྱེད་དུ་མེད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་སྨོན་ལམ་འདེབས་ཤིང་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེ་དག་དེ་ལྟར་དངོས་པོ་མེད་ན་ནི་སྨོན་ཅིང་འདོད་པར་བྱ་བའང་མི་རིགས། དེ་སྟེ་དངོས་པོ་
ཞིག་ཡོད་ན་ནི་མི་སྨོན་ཅིང་འདོད་པ་མི་བསྐྱེད་པ་མི་རིགས་པ་ལས། སྨོན་ཅིང་འདོད་པ་བསྐྱེད་པ་ནི་འགལ་བར་བྱེད་པའོ་ཞེས་ཞུས་པའོ། །རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུར་རིག་
ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ་ཞེས་བྱ་བ་ནས། འཇིག་རྟེན་གྱི་ལམ་དུ་འགྱུར་བར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ་ཞེས་བྱ་བའི་བར་གྱིས་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་
เล่ม ๙๒ · หน้า 130a
པར་རྟོགས་ཀྱང་ཀུན་རྫོབ་ཏུ་སེམས་ཅན་རྣམས་དྲང་ཞིང་ཕན་གདགས་པའི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་རྟོགས་པར་བྱ་སྟེ། དེ་ལ་མ་ཆགས་པར་སེམས་ཅན་གྱི་དོན་བྱའོ་ཞེས་བསྟན་པ་སྟེ། འཇིག་རྟེན་གྱི་དོན་དང་། ཕན་པ་དང་། བདེ་བ་དང་།
འཇིག་རྟེན་གྱི་མགོན་དང་། སྐྱབས་དང་། རྟེན་དང་། དཔུང་གཉེན་དང་། གླིང་དང་། སྣང་བ་དང་། སྒྲོན་མ་འཛིན་པ་དང་། འོད་འབྱིན་པ་དང་། དེད་དཔོན་དང་། ཡོངས་སུ་འདྲེན་པ་དང་། ལམ་དུ་འགྱུར་བར་བྱ་བའི་ཚིག་རྣམས་ནི་འོག་ནས་གཞུང་ཉིད་ལས་ཞིབ་ཏུ་བཤད་པ་
དང་སྦྱར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་། འཇིག་རྟེན་གྱི་དོན་གྱི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན་ཞེས་བྱ་བ་ནས། ཤེས་
རབ་ཅི་བསྒོམ་པ་དེ་དག་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་སྒྲོལ་བའི་ཕྱིར་ཏེ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་དོན་གྱི་ཕྱིར་ཡང་དག་པར་ཞུགས་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔས་དོན་དམ་པར་ཆོས་ཐམས་ཅད་སྟོང་པར་རྟོགས་ཀྱང་
ཀུན་རྫོབ་ཏུ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་འགྲོ་བའི་རྒྱུད་ལྔ་ནས་ཡོངས་སུ་བཏོན་ཅིང་མི་འཇིགས་པའི་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དེ་ཞེས་བྱ་བས་ནི་འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་བསྟན་པ་སྟེ། སེམས་ཅན་རྣམས་འགྲོ་བ་
རྒྱུད་ལྔའི་འཁོར་བ་ནས་བཏོན་ཏེ། མྱ་ངན་ལས་འདས་པའི་གནས་བདེ་བ་ལ་འགོད་པར་བྱེད་པ་ནི་འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལ་བདེ་བའི་ཕྱིར་ཡང་དག་པར་ཞུགས་
เล่ม ๙๒ · หน้า 130b
པ་ཡིན་ཞེ་ན་ཞེས་བྱ་བ་ནས། འཁྲུག་པ་རྣམས་ལས་ཡོངས་སུ་བཀྲོལ་ཞིང་མི་འཇིགས་པའི་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དེ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་ལ་བདེ་བའི་ཕྱིར་ཞུགས་པ་བསྟན་པ་སྟེ། སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་།
འཁྲུག་པ་ལས་ཐབས་སྣ་ཚོགས་ཀྱིས་ཐར་བར་བྱས་ཏེ། མྱ་ངན་ལས་འདས་པའི་གནས་སུ་འགོད་པ་ནི་འཇིག་རྟེན་ལ་བདེ་བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་འཇིག་རྟེན་གྱི་མགོན་བྱེད་པ་ཡིན་ཞེས་བྱ་བ་ནས། སེམས་ཅན་དེ་དག་ཀྱང་ཐོས་ཏེ་ཐོས་ནས་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་མགོན་བྱེད་པ་བསྟན་པ་སྟེ། འཁོར་བ་
ན་གནས་པའི་སེམས་ཅན་རྣམས་ཀྱི་ཕྱི་ནང་གི་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་བསྐྱབས་ཤིང་བསལ་ཏེ་དགའ་བར་བྱས་ནས། དགའ་བར་གྱུར་པ་དང་། དེ་དག་ལ་དམ་པའི་ཆོས་བཤད་དེ་ཡོངས་སུ་སྨིན་པར་བྱས་ནས་ཐར་པའི་ཐེག་པ་གསུམ་ལ་མྱ་ངན་ལས་འདའ་བར་བྱེད་པ་གསུམ་ལ་མྱ་
ངན་ལས་འདའ་བར་བྱེད་པ་ནི་འཇིག་རྟེན་གྱི་མགོན་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་འཇིག་རྟེན་གྱི་སྐྱབས་སུ་གྱུར་
པ་ཡིན་ཞེ་ན་ཞེས་བྱ་བ་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་ཟློ་སྟེ་ཞེས་བྱ་བའི་བར་གྱིས་ནི་སྐྱབས་སུ་གྱུར་པ་བསྟན་པ་སྟེ། འཁོར་བ་ན་གནས་པའི་སེམས་ཅན་སྐྱེ་བ་དང་རྒ་བ་ལ་སོགས་པའི་ཆོས་ཅན་རྣམས་སྐྱེ་བ་དང་རྒ་བ་ལ་སོགས་པ་
མེད་པར་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པ་ནི་འཇིག་རྟེན་གྱི་སྐྱབས་སུ་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་
เล่ม ๙๒ · หน้า 131a
འདོད་པ་སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་པ་སྟེ་
ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པའི་དོན་མདོར་བཤད་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་ཅིང་རང་བཞིན་གྱིས་དབེན་པས་མཚན་ཉིད་མ་འདྲེས་ཤིང་གང་དང་ཡང་འབྲེལ་པ་མེད་པར་ཆོས་སྟོན་པ་ནི་དོན་དམ་པའི་དབྱིངས་ལ་མི་བརྟེན་པའི་ཚུལ་གྱིས་བརྟེན་
པའི་ཕྱིར་སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་འདྲེ་བ་མ་མཆིས་པ་ལགས་ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་ཏོ་ཞེས་བཤད་པའི་དོན་དེ་ཉིད་ཞིབ་ཏུ་བཤད་པའི་གླེང་བསླང་
བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་འདྲེ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འབྲེལ་པ་གང་ཡང་མེད་པའོ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཐམས་ཅད་འདྲེ་བ་མེད་པའི་དོན་ཞིབ་ཏུ་བཤད་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་
ངོ་བོ་ཉིད་ཀྱིས་སྟོང་ཞིང་རང་བཞིན་གྱིས་དབེན་པ་ནི་སོ་སོའི་མཚན་ཉིད་གང་དང་གང་མ་འདྲེས་པས་དེ་དང་འབྲེལ་པ་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་འབྲེལ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྐྱེ་བ་མེད་པའོ་ཞེས་བྱ་བ་ནི་གཟུགས་རང་བཞིན་གྱིས་སྟོང་སྟེ། གང་དང་
ཡང་མ་འབྲེལ་བ་དེ་ཉིད་སྐྱེ་བ་མེད་པའི་རང་བཞིན་ནོ་ཞེས་བསྟན་པའོ། །གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འགག་པ་མེད་པའོ་ཞེས་བྱ་བ་ནི་དེ་ལྟར་སྐྱེ་བ་མེད་ན་འགག་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་འགག་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འདྲེ་བ་
མེད་པའོ་ཞེས་བྱ་བ་ནི། དེ་ལྟར་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནི་དངོས་པོ་མེད་པས་གང་དང་ཡང་འདྲེས་པར་མི་འགྱུར་ཏེ་རང་བཞིན་གྱིས་དབེན་པ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་
เล่ม ๙๒ · หน้า 131b
ཡང་སྦྱར་བར་བྱའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་སེམས་ཅན་རྣམས་ཀྱི་དཔུང་གཉེན་དུ་གྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་
གྱི་དཔུང་གཉེན་དུ་གྱུར་པ་བསྟན་པ་སྟེ། སེམས་ཅན་རྣམས་ཆོས་རྣམས་ཀྱི་ཆོས་ཉིད་མི་ཤེས་ཤིང་། མགོན་སྐྱབས་མེད་པ་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་ཇི་ལྟར་རྟོགས་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་མ་ནོར་བར་ཆོས་བསྟན་ན། སེམས་ཅན་
རྣམས་དེ་དག་བདུད་དང་བགེགས་ཀྱི་དབང་དུ་མི་འགྱུར་བར་གྲོགས་བྱས་ཤིང་བསྟངས་པར་འགྱུར་བའི་ཕྱིར་དཔུང་གཉེན་དུ་འགྱུར་བ་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་རྣམས་ཀྱི་མཐའ་དངོས་པོ་མེད་པའི་རང་
བཞིན་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བའི་ཆོས་བསྟན་ན། སེམས་ཅན་རྣམས་ཀྱིས་ཆོས་ཀྱི་ཆོས་ཉིད་དོན་དམ་པའི་དབྱིངས་རྟོགས་པར་འགྱུར་ཏེ། བདུད་ཀྱི་དབང་དུ་མི་འགྱུར་བའི་ཕྱིར་སེམས་ཅན་རྣམས་ཀྱི་དཔུང་གཉེན་དུ་འགྱུར་བ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་ལ་
ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །རབ་འབྱོར་གཟུགས་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། དོན་དམ་པར་གཟུགས་དང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་རང་བཞིན་ཐ་
མི་དད་དོ་ཞེས་བསྟན་པའོ། །གསོལ་པ། གང་བཅོམ་ལྡན་འདས་ཀྱིས་གཟུགས་ཇི་ལྟར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་དེ་ལྟ་ལགས་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་
པར་འགྱུར་རོ་ཞེས་བྱ་བ་ནི། གཟུགས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ན་གཟུགས་འབའ་ཞིག་རྟོགས་པས་ཆོས་ཐམས་ཅད་ཀྱང་རྟོགས་པར་འགྱུར་ཏེ། དེ་ལྟ་ཡིན་ན་གཟུགས་འབའ་ཞིག་རྟོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་རབ་འབྱོར་གྱིས་
เล่ม ๙๒ · หน้า 132a
གལ་བཟུང་སྟེ་གསོལ་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་འབའ་ཞིག་རྟོགས་པས་ཆོས་ཐམས་ཅད་རྟོགས་པར་འགྱུར་བར་གལ་བཟུང་སྟེ་གསོལ་བའི་གཏན་ཚིགས་
བཤད་པ་སྟེ། ཀུན་རྫོབ་ཏུ་ནི་གཟུགས་འབའ་ཞིག་རྟོགས་པས་ཆོས་ཐམས་ཅད་རྟོགས་པར་མི་འགྱུར་གྱི། དོན་དམ་པར་ནི་གཟུགས་ཀྱི་ཕ་རོལ་ཞེས་བྱ་བ་གཟུགས་ཀྱི་མཐའ་སྟོང་པ་ཉིད་ཀྱི་རང་བཞིན་ལ་བྱ་སྟེ། དེ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ཏེ། དེ་ལྟར་རྣམ་པར་རྟོག་པ་མེད་པར་
ཤེས་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་བྱ་བ་ནས།
འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བགྱི་བའི་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ་ཞེས་གསོལ་པ། གཟུགས་ལ་སོགས་པའི་མཐའ་ཕ་རོལ་ཞེས་བྱ་བ་སྟོང་པ་ཉིད་ལ་རྣམ་པར་རྟོག་པ་
གང་དང་གང་མེད་པའི་དམིགས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་
མེད་དོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་རབ་འབྱོར་གྱིས་གསོལ་པའི་ཚིག་དེ་ཉིད་བཟླས་ཏེ། གཟུགས་ལ་སོགས་པ་ཕ་རོལ་ཞེས་བྱ་བ་སྟོང་པ་ཉིད་ལ་རྣམ་པར་རྟོག་པ་གང་ཡང་མེད་པ་བདེན་ནོ་ཞེས་བཀའ་སྩལ་པའོ། །འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་བྱ་བ་ནས་
འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་པ་གང་ཡང་མེད་དེ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་གཟུགས་ལ་སོགས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་དོ་ཞེས་བཤད་པ་རྣམ་པར་རྟོག་པའི་ཐབས་ཇི་ལྟར་རྟོགས་པ་རྣམས་མེད་པའི་དམིགས་
เล่ม ๙๒ · หน้า 132b
བསྟན་པ་སྟེ། གཟུགས་ལ་སོགས་པ་ལ་དངོས་པོ་ཡོད་པར་ལྟ་ཞིང་མཚན་མར་འཛིན་པའི་རྣམ་པར་རྟོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་དེ་དག་ཞི་བ་དག་ལ་རྟོགས་ཀྱང་། དེ་ལྟར་ཞུམ་པར་མི་འགྱུར་ཞིང་བདག་
གིས་ཆོས་དེ་དག་ནི་འདི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་དེ་ལྟར་ཞི་བ་དེ་ལྟར་བཟང་བ་དེ་ལྟར་བཤད་པར་བྱའོ་སྙམ་དུ་སེམས་པ་ནི་དཀའ་བ་བྱེད་པ་སྟེ་ཞེས་བྱ་བ་ནི།
བྱང་ཆུབ་སེམས་དཔས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་ཞི་བ་རྣམ་པར་རྟོག་པ་དང་ཚིག་གི་སྤྱོད་ཡུལ་མ་ཡིན་པ་དེ་ལྟ་བུ་རྟོགས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ལྟར་སེམས་ཞུམ་ཞིང་ཞི་བ་ཕྱོགས་གཅིག་པ་ལ་མི་གནས་པར་ཐབས་མཁས་པས་ཀུན་རྫོབ་ཏུ་སེམས་
ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་ཟབ་མོ་ཞི་བ་རྟོག་པའི་སྤྱོད་ཡུལ་ལས་འདས་པ་བཟང་པོ་དེ་ལྟ་བུ་འཇིག་རྟེན་གྱི་སྒྲ་དང་
ཐ་སྙད་དུ་སྒྲོ་འདོགས་ཏེ། སེམས་ཅན་རྣམས་ལ་བཤད་པར་སེམས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་ནུས་པའི་ཕྱིར་དཀའ་བ་སྤྱོད་པ་སྟེ་ངོ་མཚར་ཆེའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གླིང་དུ་གྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་གླིང་དུ་ཇི་ལྟར་གྱུར་པ་བསྟན་པ་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཆུ་ཀླུང་ངམ་ཆུ་བྲན་ནས་རྒྱ་མཚོ་ཆེན་པོའི་ནང་ན་ཆུས་ཡོངས་སུ་
བཅད་པའི་གནས་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་གླིང་ཞེས་བྱ་སྟེ་ཞེས་བྱ་བ་ནི་གླིང་དུ་གྱུར་པའི་དཔེས་བསྟན་པ་སྟེ། དཔེར་ན་ཆུ་ཀླུང་ཆེན་པོའམ། འབབ་ཆུ་ཕྲ་མོ་འམ། རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་གྱི་གནས་སུ་རུང་བའི་ཐང་མཐའ་མ་ཆུས་འཁོར་བ་ལ་གླིང་ཞེས་བྱ་སྟེ། སེམས་ཅན་
เล่ม ๙๒ · หน้า 133a
ཆུས་ཁྱེར་ཞིང་གནས་པའི་དབང་མེད་པ་རྣམས་གླིང་དེ་ལྟ་བུ་དང་ཕྲད་ན་དེ་ལ་བརྟེན་ཅིང་གནས་སུ་ཡོད་པ་ལ་གླིང་ཞེས་བྱ་བ་དེ་བཞིན་དུ་སེམས་ཅན་ཡང་དག་པའི་དོན་མ་རྟོགས་ཏེ། འཁོར་བའི་རྒྱ་མཚོ་ན་འཁྱམས་པ་རྣམས་མྱ་ངན་ལས་འདས་པའི་གནས་བདེ་བ་རྙེད་ན་འཁོར་
བར་མི་འཁྱམ་ཞིང་གླིང་ལ་གནས་པ་དང་འདྲ་བར་བདེ་བ་ལ་འཇོག་པའི་ཆོས་ཟབ་མོ་ཞི་བ་བཟང་པོ་སྟོན་པ་ལ་གླིང་དུ་གྱུར་པ་ཞེས་བྱའོ། །རབ་འབྱོར་དེ་བཞིན་དུ་གཟུགས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ་ཞེས་བྱ་བ་ནི། དོན་དམ་པར་གཟུགས་ཀྱི་རང་བཞིན་ཡོད་པར་མ་
གྲུབ་པས་སྔོན་ཡང་འདི་ཙམ་ནས་བྱུང་ངོ་ཞེས་བྱ་བའམ། ཕྱི་མའི་མཐའ་ཡང་འདི་ཙམ་ནས་འབྱུང་བར་འགྱུར་རོ་ཞེས་བྱ་བ་མེད་དེ། དེ་ལྟར་མཐའ་གཉིས་ཡོངས་སུ་ཆད་ཅིང་མཐའ་གཉིས་ཀ་ལ་མི་གནས་པར་མཐའ་གཉིས་དང་བྲལ་བའི་ཆོས་ཀྱི་དབྱིངས་ལ་མི་གནས་པའི་ཚུལ་
གྱིས་གནས་པར་ཆོས་སྟོན་པ་ལ་གླིང་དུ་གྱུར་པ་ཞེས་བྱའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །རབ་འབྱོར་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་འདིས་ཆོས་ཐམས་ཅད་
ཡོངས་སུ་ཆད་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་མཐའ་གཉིས་དང་བྲལ་བའི་དོན་གོང་དུ་བཤད་པ་ཉིད་མདོར་བསྡུས་ཏེ་བསྟན་པ་སྟེ། མདོར་ན་ཆོས་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་མཐའ་གཉིས་དང་བྲལ་བར་ཡོངས་
སུ་ཆད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་གང་ཡིན་པ་དེ་ནི་ཞི་བའོ་དེ་ནི་བཟང་བའོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་མཐའ་གཉིས་དང་བྲལ་བ་ཉིད་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་མྱ་ངན་ལས་
འདས་པའི་རྣམ་གྲངས་བསྟན་པ་སྟེ། དེ་ནི་ཞི་བའོ་ཞེས་བྱ་བ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བའི་ཕྱིར་རོ། །དེ་ནི་བཟང་བའོ་ཞེས་བྱ་བ་ནི་བདུད་ལ་སོགས་པའི་གདོན་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ནི་ཡང་དག་པ་སྟེ་ཞེས་བྱ་བ་ནི་དོན་མ་ནོར་
เล่ม ๙๒ · หน้า 133b
ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །འདི་ལྟར་སྟོང་པ་ཉིད་དང་། དམིགས་སུ་མེད་པ་དང་ཞེས་བྱ་བ་ཐེག་པ་ཆུང་ངུ་བས་མྱ་ངན་ལས་འདས་པ་ཞེས་བྱ་བ་དངོས་པོ་ཡོད་པར་བརྟགས་པ་ལྟ་བུར་དངོས་པོ་ཡོད་པར་མ་ཡིན་པའི་ཕྱིར་རོ། །ལམ་གྱི་རྒྱུན་ཆད་པ་ཞེས་བྱ་བ་ནི་འཁོར་བའི་
ལམ་རྒྱུན་ལྔར་མི་སྐྱེ་བའི་ཕྱིར་རོ། །སྲེད་པ་ཟད་པ་ཞེས་བྱ་བ་ནི་ཕུང་པོ་ཕྱི་མ་ལེན་པའི་སྲེད་པ་མེད་པའི་ཕྱིར་རོ། །འདྲེ་བ་མེད་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་དང་མ་འདྲེས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་ཁམས་གསུམ་གྱི་
དངོས་པོ་ལ་ཡང་མ་ཆགས་པའི་ཕྱིར་རོ། །འགོག་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ཐམས་ཅད་འགགས་ཏེ་རྒྱུན་ཆད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཕུང་པོའི་གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ལྟར་ཞི་བ་དེ་ལྟར་བཟང་པོའི་ཆོས་དེ་དག་སྟོན་ཏེ་ཞེས་བྱ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་ནས། ཇི་ལྟར་རྟོགས་
པའི་ཆོས་རྣམས་སེམས་ཅན་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པས་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་གནས་བདེ་བ་ལ་འགོད་པའི་ཕྱིར་གླིང་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྣང་བར་འགྱུར་བ་ཡིན་ཞེ་ན་ཞེས་བྱ་བ་ནས། མ་རིག་པའི་མུན་པ་དང་མི་ཤེས་པའི་རབ་རིབ་སེལ་ཏེ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་སྣང་བར་གྱུར་པ་བསྟན་པ་སྟེ། སེམས་
ཅན་རྣམས་ཐོག་མ་མེད་པའི་དུས་ནས་འཁོར་བའི་མུན་ནག་ན་འཁོར་ཞིང་མ་རིག་པས་བསྒྲིབས་ཏེ་ཡང་དག་པའི་ལྟ་བ་ལ་མ་ཕྱོགས་པ་རྣམས། བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཡང་དག་པའི་ལྟ་བ་ལ་འཛུད་པ་ནི་འཇིག་རྟེན་གྱི་སྣང་བར་འགྱུར་བ་ཡིན་ནོ་ཞེས་བསྟན་
เล่ม ๙๒ · หน้า 134a
པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་སྒྲོན་མ་འཛིན་ཅིང་འོད་འབྱིན་པ་ཡིན་ཞེ་ན་ཞེས་བྱ་བ་ནས། སེམས་ཅན་
རྣམས་ཀྱང་དེ་ལ་ཡང་དག་པར་བསྐུལ་ཞིང་སྦྱར་ལ་གཞོག་ཅིང་རབ་ཏུ་དགོད་དེ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་རྣམས་ཀྱི་སྒྲོན་མ་འཛིན་ཅིང་འོད་འབྱིན་པ་བསྟན་པ་སྟེ། སེམས་ཅན་དམ་པའི་ཆོས་མ་ཐོས་ཤིང་མི་ཤེས་པ་རྣམས་ལ། ཐེག་པ་ཆེན་པོའི་མདོ་སྡེ་ཕ་རོལ་ཏུ་ཕྱིན་
པ་དྲུག་གི་དོན་སྟོན་པ་འཕགས་པའི་བདེན་པ་བཞིའི་བྱིན་གྱི་རླབས་དང་ལྡན་པ་བསྡུ་བ་རྣམ་བཞིས་སེམས་ཅན་རྣམས་སྡུད་པའི་ཐབས་སྟོན་པ་དག་སེམས་ཅན་རྣམས་ལ་དོན་མ་ནོར་བར་སྟོན་ཅིང་། སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། འཕགས་པའི་བདེན་
པ་བཞི་དང་། བསྡུ་བའི་དངོས་པོ་བཞི་ལ་སྤྱོད་དུ་འཇུག་པ་ནི་སེམས་ཅན་རྣམས་ཀྱི་སྒྲོན་མ་འཛིན་ཅིང་འོད་འབྱིན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དེད་དཔོན་དུ་གྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བའི་ཕྱིར་གཅིག་ལ་བརྟེན་པའི་ལམ་སྟོན་ཏེ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དེད་དཔོན་དུ་གྱུར་པ་བསྟན་པ་སྟེ།
དཔེར་ན་ཚོང་པ་མང་པོ་ལམ་ངན་པ་དང་ལམ་ལོག་པར་ཞུགས་པ་རྣམས་དེད་དཔོན་གྱིས་སྐྱོང་ཤིང་ལམ་བདེ་བ་དང་། ལམ་ལ་མ་ལོག་པར་བཙུད་དེ་དེས་ན་ལམ་ན་ཉེ་ཞོ་མེད་པར་གནས་སུ་ཕྱིན་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་མུ་སྟེགས་ཅན་གྱི་ལམ་
ངན་པར་ཞུགས་པ་དང་། ཕྱིན་ཅི་ལོག་བཞི་ལ་ཞེན་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་བཟང་པོ་བསྟན་ཏེ། འཕགས་པའི་ལམ་ལ་བཙུད་ནས་མྱ་ངན་ལས་འདས་པའི་གནས་བཟང་པོ་ལ་འགོད་པ་དེད་དཔོན་དང་འདྲ་བའི་ཕྱིར་སེམས་ཅན་རྣམས་ཀྱི་དེད་དཔོན་དུ་གྱུར་པ་ཡིན་ནོ་
เล่ม ๙๒ · หน้า 134b
ཞེས་བསྟན་པའོ། །སེམས་ཅན་ལམ་ངན་པར་ཞུགས་ལ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་ལྟ་བ་ངན་པ་ལ་ཕྱོགས་པ་ལ་བྱའོ། །ཚུལ་མ་ཡིན་པ་བཞི་ལ་ཞེན་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་བཞི་ལ་ཞེན་པ་སྟེ། མི་རྟག་པ་ལ་རྟག་པར་ལྟ་བ་དང་། བདག་མེད་པ་ལ་བདག་ཡོད་
པར་ལྟ་བ་དང་། སྡུག་བསྔལ་བ་ལ་བདེ་བར་འཛིན་པ་དང་། མི་གཙང་བ་ལ་གཙང་བར་འཛིན་པ་ལ་ཚུལ་མ་ཡིན་པ་བཞི་ལ་ཞེན་པ་ཞེས་བྱའོ། །སེམས་ཅན་རྣམ་པར་དག་པར་བྱ་བའི་དོན་དུ་ཞེས་བྱ་བ་ནི་སེམས་ཅན་ལམ་ངན་པར་ཞུགས་ཤིང་ཚུལ་མ་ཡིན་པ་བཞི་ལ་
ཞེན་པ་རྣམས། ལམ་ངན་པ་དང་ཚུལ་མ་ཡིན་པ་ལ་སོགས་པའི་སྐྱོན་གྱིས་མི་གོས་པར་བྱ་བའི་ཕྱིར་ལམ་སྟོན་ཏོ་ཞེས་བྱ་བ་དང་སྦྱར་རོ། །མྱ་ངན་དང་གནོད་པ་ལས་ཡང་དག་པར་བཟླ་བ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་ནུབ་པར་བྱ་བ་དང་ཞེས་བྱ་བ་ནི་འཁོར་བའི་སྡུག་བསྔལ་
ལས་ཐར་བར་བྱ་བའི་ཕྱིར་ལམ་སྟོན་ཏོ་ཞེས་བྱ་བ་དང་སྦྱར་རོ། །རིགས་པ་དང་ལྡན་པའི་ཆོས་གོ་བར་བྱ་བ་དང་ཞེས་བྱ་བ་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་དོན་སྟོན་ཅིང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་སྤྱོད་པ་སྟོན་པ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་གོ་བར་བྱ་བའི་ཕྱིར་ལམ་
སྟོན་ཏོ་ཞེས་བྱ་བ་དང་སྦྱར་རོ། །མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་ཕྱིར་གཅིག་ལ་བརྟེན་པའི་ལམ་སྟོན་ཏེ་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་གཅིག་པུ་ལ་གཞོལ་བའི་ཆོས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཇི་ལྟར་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ཡོངས་སུ་འདྲེན་པར་གྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱེ་
བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཆོས་སྟོན་ཏེ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ཡོངས་སུ་འདྲེན་པར་འགྱུར་བ་བསྟན་པ་སྟེ། སེམས་ཅན་རྣམས་གཟུགས་
เล่ม ๙๒ · หน้า 135a
ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་ཡོད་པར་ལྟ་ཞིང་། སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་མཚན་མར་འཛིན་པ་རྣམས་ལ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་
གྱིས་སྟོང་པས་སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པའི་ཆོས་ཟབ་མོ་བསྟན་ཏེ། སེམས་ཅན་རྣམས་དོན་དམ་པའི་དབྱིངས་ལ་འཛུད་པའི་ཕྱིར་སེམས་ཅན་རྣམས་ཀྱི་ཡོངས་སུ་འདྲེན་པ་ཡིན་ནོ་ཞེས་བསྟན་པའོ། །
རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་
ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་བསྟན་པ་སྟེ། སེམས་ཅན་དངོས་པོ་ལ་ཆགས་པ་རྣམས་ལ་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ནམ་མཁའ་དང་འདྲ་བར་དངོས་པོ་མེད་དེ།
ཅིས་ཀྱང་མ་གོས་པ་ཡིན་ནོ་ཞེས་ཆོས་བསྟན་ན་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ལམ་མ་གོལ་བར་ཞུགས་པར་གྱུར་པའི་ཕྱིར། སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མེད་པ་སྟེ། དེ་ནི་མི་འགྲོ་མི་འོང་ངོ་ཞེས་བྱ་བར་
སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མེད་པ་སྟེ། དེ་ནི་མི་འགྲོ་མི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ཀྱང་སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་བསྟན་པ་སྟེ། བྱང་ཆུབ་སེམས་
དཔའ་སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པ་ལ། དེ་ལྟར་ལམ་ཡོད་ན་འགྲོ་བ་དང་འོང་བ་ཡང་ཡོད་དམ་སྙམ་དུ་རྣམ་པར་རྟོག་པ་བསལ་བའི་ཕྱིར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་སྟོང་པ་ལ་ནི་ལམ་ཡང་མེད་འགྲོ་བ་དང་འོང་བ་གང་ཡང་མེད་དོ་
เล่ม ๙๒ · หน้า 135b
ཞེས་ཆོས་སྟོན་པ་ལ་དེ་ཉིད་ཐེག་པ་ཆེན་པོའི་ལམ་མ་ནོར་བར་སྟོན་པ་ཡིན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་ཡིན་ནོ་ཞེས་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ་
ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཐམས་ཅད་འགྲོ་བ་དང་འོང་བ་མེད་པ་བཤད་པའི་དོན་གང་དུ་སྨོས་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། སྨོན་པ་མེད་པ་ལ་འགྲོ་བའམ་འོང་བ་མི་
དམིགས་སོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་དང་ཐ་མི་དད་དེ། རྣམ་པར་ཐར་པའི་སྒོ་གསུམ་ལ་འགྲོ་བ་དང་འོང་བ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་འགྲོ་བ་དང་འོང་བ་མེད་དེ། དེ་ལྟར་ཡང་དག་པའི་དོན་སྟོན་པ་བྱང་ཆུབ་
སེམས་དཔའ་དེ་ནི་སེམས་ཅན་རྣམས་ཀྱི་དོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཚིག་གོང་དུ་སྨོས་པ་དང་སྦྱར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱ་བ་མེད་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། །དེ་ཅིའི་ཕྱིར་ཞེ་ན། སྤྲུལ་པ་ལ་འགྲོ་བ་དང་འོང་བ་མི་དམིགས་སོ་ཞེས་བྱ་
བའི་བར་གྱིས་ནི། ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་དེ། རྨི་ལམ་དང་། སྒྱུ་མ་དང་། སྒྲ་བརྙན་དང་། མིག་ཡོར་དང་།
གཟུགས་བརྙན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། སྤྲུལ་པ་དང་འདྲ་བའི་ཕྱིར་འགྲོ་བ་དང་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མཐའ་ཡས་ཀུན་དུ་མཐའ་ཡས་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ།
དངོས་པོ་མེད་པས་སྐྱེ་བ་དང་འགག་པའི་མཐའ་འམ། རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་ལས་འདས་པའི་ཕྱིར་འགྲོ་བ་འམ་འོང་བ་མི་དམིགས་སོ་ཞེས་བྱ་བ་དང་སྦྱར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་དབྱུང་བ་དང་མི་དབྱུང་བ་མེད་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བས་ནི།
เล่ม ๙๒ · หน้า 136a
ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་མེད་པ་ལ་ཡོད་པར་སྒྲོ་མ་བཏགས་པའི་ཕྱིར། སྒྲོ་བཏགས་པའི་དངོས་པོ་དབྱུང་དུ་ཡང་མེད་ལ་ཡོད་པ་ལ་ཡང་མེད་པར་སྐུར་པ་མ་བཏབ་པའི་ཕྱིར། མི་དབྱུང་བ་ཡང་མེད་པའི་རང་བཞིན་ཅན་ཏེ། དེ་
ལྟ་བུ་ལ་འགྲོ་བ་དང་འོང་བ་དམིགས་སུ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་དབྲི་བ་དང་བསྣན་པ་མེད་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་པས། ཉོན་མོངས་པའི་ཕྱོགས་དབྲིར་ཡང་མེད་
ལ། རྣམ་པར་བྱང་བའི་ཕྱོགས་ཀྱིས་བསྣན་དུ་ཡང་མེད་པའི་རང་བཞིན་ཅན་ལ་འགྲོ་བ་དང་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་འོང་བ་མེད་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་སྟེ། མི་འགྱུར་བ་ཡིན་
པས་རྣམ་པར་བྱང་བའི་ཆོས་རྣམས་གང་ནས་ཀྱང་འོང་བ་མེད་དེ། མི་འགྱུར་བ་ཡོངས་སུ་གྲུབ་པ་ལ་འགྲོ་བ་དང་འོང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཆོས་ཐམས་ཅད་བླང་བ་དང་དོར་བ་མེད་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བས་ནི། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་ཡོད་
པར་མ་གྲུབ་པས་རྣམ་པར་བྱང་བའི་ཕྱོགས་བླང་དུ་ཡང་མེད་ལ། ཉོན་མོངས་པའི་ཕྱོགས་སྤང་ཞིང་དོར་དུ་ཡང་མེད་དེ། དེ་ལྟར་དངོས་པོ་མེད་པ་འགྲོ་བ་འམ་འོང་བ་ཡང་དམིགས་སུ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཕྲད་པ་མེད་པ་དང་། འབྲལ་བ་མེད་
པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་ཐོག་མ་ནས་ཞི་ཞིང་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་པས་སྔར་འདུས་བྱས་ཀྱི་དངོས་པོ་དང་ཕྲད་པ་ཡང་མེད་ལ། ཕྱིས་འདུས་བྱས་ཀྱི་རང་བཞིན་སྤངས་ཤིང་འབྲལ་བར་འགྱུར་བ་ཡང་མེད་དེ། རང་བཞིན་མི་འགྱུར་
བའི་ཕྱིར་འགྲོ་བ་འམ་འོང་བ་མི་དམིགས་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཆོས་ཐམས་ཅད་ནི་འདྲེ་བ་མེད་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པས་ཉོན་མོངས་པ་རྣམས་དང་འདྲེས་པར་འགྱུར་བ་ཡང་མེད་ལ། གཉེན་པོ་
เล่ม ๙๒ · หน้า 136b
བསྒོམས་ན་འདྲེས་པར་མི་འགྱུར་བ་ཡང་མེད་དེ་དེ་ལྟར་ཡོངས་སུ་དག་པ་ལ་འགྲོ་བ་དང་འོང་བ་མི་དམིགས་སོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་བདག་གི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐོང་བ་པོ་ཉིད་ཀྱང་ཤིན་ཏུ་མེད་ན། དེ་
ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་སྟེ། དངོས་པོ་མེད་པ་ལ་ཡོད་པར་སྒྲོ་བཏགས་ཤིང་འཁྲུལ་པ་ནི། དཔེར་ན་མུ་སྟེགས་ཅན་གྱིས་ཡོངས་སུ་བཏགས་པའི་བདག་དང་། སེམས་ཅན་དང་།
སྲོག་དང་འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཡོངས་སུ་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་།
མཐོང་བ་པོ་རྣམས་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ཏེ། དེ་དག་ལ་འགྲོ་བ་དང་འོང་བ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དངོས་པོ་ཡོད་པར་མ་གྲུབ་པས་འགྲོ་བ་དང་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་རྟག་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་
ཕྱིར་ཞེ་ན། རབ་འབྱོར་སྡུག་པ་ཉིད་ཀྱང་ཤིན་ཏུ་མེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་གྱིས་ནི། མུ་སྟེགས་ཅན་གྱིས་མི་རྟག་པ་ལ་རྟག་པ་དང་། སྡུག་བསྔལ་བ་ལ་བདེ་བར་བརྟགས་པ་དང་། བདག་མེད་པ་ལ་བདག་ཡོད་པར་བརྟགས་པ་དང་། མི་
སྡུག་པ་ལ་སྡུག་པར་ཕྱིན་ཅི་ལོག་ཏུ་བརྟགས་པ་རྣམས་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡང་དག་པར་སྤྱོད་པར་མ་གྲུབ་པས་དེ་ལ་འགྲོ་བའམ་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མི་རྟག་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས།
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མི་སྡུག་པ་ཉིད་ཀྱང་ཤིན་ཏུ་མེད་ན། དེ་ལ་འགྲོ་བ་དང་། འོང་བ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་གྱིས་ནི་ཐེག་པ་ཆུང་ངུ་པ་རྣམས་ཀྱིས་ཆོས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའི་རང་བཞིན་དུ་བརྟགས་པ་དེ་
เล่ม ๙๒ · หน้า 137a
དག་ཀྱང་དོན་དམ་པར་དེ་ལྟ་བུའི་རང་བཞིན་དུ་ཡོད་པ་ཡང་མ་ཡིན་ཏེ། དེ་བས་འགྲོ་བ་དང་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་འདོད་ཆགས་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྟ་བའི་རྣམ་པའི་དངོས་པོ་
ཉིད་ཀྱང་ཤིན་ཏུ་མེད་ན། དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་གྱིས་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་ལ་སོགས་པ་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཆོས་
ཐམས་ཅད་ཀྱང་ཡང་དག་པར་ཡོད་པ་མ་ཡིན་པས་འགྲོ་བའམ་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་གང་ལ་ཡང་གཡོ་བ་མེད་དེ་འགྲོ་བའམ་འོང་བ་མེད་དོ་ཞེས་
བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རོ་གཅིག་པས་དེ་ལ་འགྲོ་བ་འམ་འོང་བ་མེད་པ་བསྟན་པ་སྟེ། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། མཉམ་པ་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་།
མི་གཡོ་བ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་གཏོགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལ་འགྲོ་བ་འམ་འོང་བ་མི་དམིགས་
སོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དེ་དག་ལ་འགྲོ་བ་དང་འོང་བ་མེད་པ་དེ་བཞིན་དུ་དེ་ལས་གཞན་པ་འདུས་བྱས་དང་། འདུས་མ་བྱས་ལ་སོགས་པའི་
ཆོས་ཐམས་ཅད་ཀྱང་དངོས་པོ་མེད་པའི་རང་བཞིན་དུ་འདྲ་བས། དེ་དག་ལ་ཡང་འགྲོ་བ་དང་འོང་བ་མེད་དོ་ཞེས་བསྟན་པའོ། །སྐབས་འདིར་ཕུང་པོ་ལྔ་སྨོས་པའི་འོག་ཏུ་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང་། རྣམ་པར་ཤེས་པ་དྲུག་དང་། འདུས་ཏེ་རེག་པ་དྲུག་དང་། འདུས་ཏེ་རེག་
เล่ม ๙๒ · หน้า 137b
པ་ལས་བྱུང་བའི་ཚོར་བ་དྲུག་དང་། སའི་ཁམས་ལ་སོགས་པ་ཁམས་དྲུག་དང་། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམས་མ་སྨོས་པ་ནི། འཁོར་བའི་ཆོས་རྣམས་ཕུང་པོ་ལྔའི་ནང་དུ་འདུས་པར་དགོངས་ནས་མ་སྨོས་པར་རིག་པར་བྱའོ། །
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཟབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སུ་ཞིག་མོས་པར་འགྱུར་ཞེས་བྱ་བ་ནས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་དཀའ་ཞིང་། ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དཀོན་པ་བསྟན་པ་སྟེ། སྔོན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་
བཏབ་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་མོས་ནས་སྤྱོད་པར་འགྱུར་གྱི་
གཞན་ལ་དེ་ལྟ་བུར་དད་ཅིང་སྤྱོད་པའི་སྐལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་སུམ་ཅུ་བདུན་པའོ།། །།གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་དག་གི་རང་བཞིན་ཇི་ལྟ་བུ་ཞིག་ཏུ་འགྱུར་ཞེས་བྱ་བ་ལ་སོགས་པས་ནི། གང་དུ་ཆོས་ཐམས་ཅད་འགྲོ་བ་དང་འོང་བ་མེད་པའི་དོན་ཟབ་མོ་བཤད་པ་ལ་མོས་པའི་བྱང་ཆུབ་སེམས་དཔའ་དེ་དག་སྔོན་ཡང་བྱང་ཆུབ་སེམས་དཔའི་སྤྱད་
པ་སྤྱོད་པ་ཡིན་ལ། སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ན། བྱང་ཆུབ་སེམས་དཔའ་དེ་དག་གི་རང་བཞིན་དང་། ཚུལ་དང་། མཚན་མ་དང་། རྣམ་པ་ཇི་ལྟ་བུ་ཞིག་ཏུ་རིག་
เล่ม ๙๒ · หน้า 138a
པར་བགྱི་ཞེས་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་གྱུར་པ་དེ་དག་ནི་འདོད་ཆགས་རྣམ་པར་བསལ་བས་དབེན་པའི་རང་
བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་ཆགས་པར་བྱ་བ་དང་། ཆགས་པར་བྱེད་པ་གཉིས་ཀ་མི་དམིགས་པའི་སྒོ་ནས། འདོད་ཆགས་བསལ་ཏེ་མེད་པར་གྱུར་པས། འདོད་ཆགས་ཀྱི་དྲི་མས་མ་གོས་ཤིང་། དབེན་པར་གྱུར་པ་
ཉིད་བྱང་ཆུབ་སེམས་དཔའ་དེ་དག་གི་རང་བཞིན་ནོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཞེ་སྡང་དང་། གཏི་མུག་རྣམ་པར་བསལ་བས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བས་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་
སྟོང་པས། ཞེ་སྡང་བར་བྱ་བ་དང་། གཏི་མུག་པར་འགྱུར་བའི་དངོས་པོ་དང་། ཞེ་སྡང་བར་བྱེད་པ་དང་། གཏི་མུག་པར་བྱ་བའི་དངོས་པོ་ཐམས་ཅད་མི་དམིགས་པའི་སྒོ་ནས། ཞེ་སྡང་དང་། གཏི་མུག་རྣམ་པར་བསལ་བས་ཞེ་སྡང་དང་། གཏི་མུག་གི་དྲི་མས་མ་གོས་ཤིང་།
དབེན་པར་གྱུར་པ་ཉིད་བྱང་ཆུབ་སེམས་དཔའ་དེ་དག་གི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདོད་ཆགས་ཀྱི་ཚུལ་གྱིས་དབེན་པའི་རང་བཞིན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཞེ་སྡང་དང་།
གཏི་མུག་གི་ཚུལ་གྱིས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དེ་དག་གི་ཚུལ་ཇི་ལྟ་བུ་ཡིན་པ་བསྟན་པ་སྟེ། གོང་དུ་བཤད་པ་ལྟར་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གསུམ་ནི་མི་དམིགས་པའི་ཚུལ་གྱིས་བསལ་ཏེ། དེ་དག་ལས་དབེན་པར་
གྱུར་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱིས་གཡེངས་ཤིང་། དེ་དག་ལ་སྤྱོད་པའི་ཚུལ་མེད་དེ། ཚུལ་དེ་དག་དང་བྲལ་ཞིང་། ཚུལ་དེ་དག་ལས་དབེན་པར་གྱུར་པ་ཉིད་བྱང་ཆུབ་སེམས་དཔའ་དེ་དག་གི་ཚུལ་དང་། རྟགས་ཡིན་ནོ་ཞེས་བསྟན་པའོ། །
เล่ม ๙๒ · หน้า 138b
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། འདོད་ཆགས་ཀྱི་མཚན་མས་དབེན་པའི་རང་བཞིན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཞེ་སྡང་དང་། གཏི་མུག་གི་མཚན་མས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་
བྱ་བས་ནི། བྱང་ཆུབ་སེམས་དཔའ་དེ་དག་གི་མཚན་མ་བསྟན་པ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མཚན་མ་ཞེས་བྱ་བ་ནི། སྐབས་འདིར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྒྱུ་དང་། དམིགས་པའི་ཡུལ་ལ་བྱ་སྟེ། དེ་ལ་རྒྱུ་ནི་བག་
ཆགས་དང་། བག་ལ་ཉལ་བ་མ་སྤངས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །དམིགས་པའི་ཡུལ་ནི་བུད་མེད་བཟང་མོ་ལ་སོགས་པ་འདོད་ཆགས་ལྡང་བའི་ཡུལ་དང་། དགྲ་ལ་སོགས་པ་ཞེ་སྡང་ལྡང་པའི་ཡུལ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དཀའ་
བ་ཤེས་པར་མི་ནུས་པའི་དམིགས་པའི་ཡུལ་རྣམས་ལ་བྱ་སྟེ། མཚན་མ་དེ་དག་བྱང་ཆུབ་སེམས་དཔའ་ལ་མེད་ཅིང་དབེན་པར་གྱུར་པ་ཉིད་བྱང་ཆུབ་སེམས་དཔའ་དེ་དག་གི་མཚན་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདོད་ཆགས་
ཀྱི་རྣམ་པས་དབེན་པའི་རང་བཞིན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཞེ་སྡང་དང་གཏི་མུག་གི་རྣམ་པས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔའ་དེ་དག་གི་རྣམ་པ་ཇི་ལྟ་བུ་ཡིན་པ་བསྟན་པ་སྟེ། འདོད་
ཆགས་དང་། ཞེ་སྡང་དང་གཏི་མུག་གི་རྣམ་པ་ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཡུལ་ལ་འཇུག་པའི་མཚན་མ་འམ་རྟགས་ལ་བྱ་སྟེ། བྱང་ཆུབ་སེམས་དཔས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྣམ་པ་བསལ་བས་འདོད་ཆགས་ལ་སོགས་པའི་
ཡུལ་ལ་འཇུག་པའི་མངོན་རྟགས་མེད་དེ། དབེན་པར་གྱུར་པ་ཉིད་དེའི་རྣམ་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡོངས་སུ་བཙལ་བར་གྱུར་པ་དེ་དག་
เล่ม ๙๒ · หน้า 139a
གི་ངང་ཚུལ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུའི་རང་བཞིན་དང་། ངང་ཚུལ་དང་། མཚན་མ་དང་། རྣམ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་རྟོགས་པ་དེ་དག་ཅི་ལ་བརྟེན་པའི་རང་བཞིན་
ནམ། ངང་ཚུལ་ལགས་ཞེས་རབ་འབྱོར་གྱིས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་ཤེས་པར་འགྱུར་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་
ཚུལ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་པའི་བྱང་ཆུབ་སེམས་དཔའ་དེ་ནི། ཀུན་རྫོབ་ཏུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་དོན་ལ་རྟོན་ལ། དོན་དམ་པར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རང་བཞིན་ཐ་མི་
དད་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པ་མ་ལགས་སམ་ཞེས་བྱ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་པ་དེ་དག་དོན་དམ་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རང་བཞིན་གཅིག་སྟེ་ཐ་མི་དད་ན་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། སེམས་ཅན་རྣམས་ཀྱི་དོན་མཛད་དམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་
བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་ཚུལ་ཅན་ནི། སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་རོ་ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་མི་རྟོག་ཀྱང་། ཀུན་རྫོབ་ཏུ་ཐབས་མཁས་པས་སེམས་ཅན་རྣམས་ཀྱི་དོན་མི་མཛད་
པ་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་རྟེན་དུ་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་གོ་ཆ་འདི་འཚལ་ཀྱང་། དེ་ལ་སེམས་
เล่ม ๙๒ · หน้า 139b
ཅན་དང་སེམས་ཅན་དུ་གདགས་པར་མི་དམིགས་པ་དེ་དག་ནི་དཀའ་བ་བགྱིད་པའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དེ་དག་དོན་དམ་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རང་བཞིན་གཅིག་སྟེ་རྣམ་པར་མི་རྟོག་ལ། སེམས་ཅན་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་མེད་པས་
སེམས་ཅན་དུ་གདགས་སུ་མེད་པར་རྟོགས་ཀྱང་ཐབས་མཁས་པས་ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བའི་ཡིད་དམ་བཅས་ཏེ། བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོས་པ་དེ་ལྟ་བུའི་ཐབས་དང་ཤེས་རབ་ཏུ་ལྡན་པའི་སྤྱོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་
རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། དེ་དག་གིས་མི་ནུས་པའི་བྱ་བ་བྱེད་པ་ནི་དཀའ་བ་སྤྱོད་པ་ལགས་སོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་
ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་གོ་ཆ་འདི་བགོས་པ་དེ་དག་ནི་དཀའ་བ་བྱེད་པའོ་ཞེས་བྱ་བ་ནི། རབ་འབྱོར་གྱིས་གསོལ་པའི་ཚིག་དང་། དོན་གོང་དུ་སྨོས་པ་དེ་བརྩན་ཞིང་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱང་ཤིན་ཏུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མེད་པས་དེའི་ཕྱིར་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མ་ཡིན་ཞེས་བྱ་བ་ནས། རབ་འབྱོར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤིན་ཏུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མེད་པས། དེའི་ཕྱིར་གོ་ཆ་དེ་ནི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་ཡིད་དམ་བཅས་ཤིང་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོས་པ་ཡང་གཟུགས་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་
เล่ม ๙๒ · หน้า 140a
གི་བར་གྱི་ཆོས་རྣམས་ལ་དངོས་པོར་ལྡན་ཞིང་མཚན་མར་བཟུང་སྟེ། གོ་ཆ་བགོས་པ་ནི་མ་ཡིན་གྱི། དོན་དམ་པར་ཆོས་དེ་དག་ཐམས་ཅད་སྟོང་པར་རྟོགས་ནས། ཀུན་རྫོབ་ཏུ་ཐབས་མཁས་པས་གོ་ཆ་དེ་ལྟ་བུ་བགོས་པའི་ཕྱིར། ཆོས་དེ་དག་གང་ཡང་
མ་འབྲེལ་ཞིང་། ཆོས་དེ་དག་གང་གི་དབང་དུ་མ་གྱུར་པར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་ཡིད་དམ་བཅས་ཤིང་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
ལ་སྤྱོད་པ་གང་དག་གིས་སེམས་ཅན་ཐམས་ཅད་བདག་གིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་གོ་ཆ་བགོས་པ་དེ་དག་གི་གོ་ཆ་ནི་ཆོས་ཐམས་ཅད་དང་འབྲེལ་པ་མ་ཡིན་ནོ་ཞེས་བྱ་བ་ནི། གོང་དུ་བྱང་ཆུབ་སེམས་དཔའི་གོ་ཆ་དེ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རེ་རེ་དང་
འབྲེལ་པ་མ་ཡིན་པ་བསྟན་ནས། མདོར་བསྡུས་ཏེ་བཤད་པ་ལ་དགའ་བའི་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་གོ་ཆ་དེ་ནི་ཆོས་ཐམས་ཅད་དང་འབྲེལ་པ་མ་ཡིན་ནོ་ཞེས་མདོར་བསྡུས་ཏེ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་གོ་ཆ་འཚལ་བ་དེས་ཞེས་བྱ་བ་ནས། དེ་ནི་གནས་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་། ཐབས་དང་ཤེས་རབ་ཏུ་ལྡན་
པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་བགོས་པ་དེ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བའི་ཕན་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་མཚམས་བཅད་དེ་སེམས་ཅན་གྱི་དོན་དུ་གོ་ཆ་འཚལ་བ་མ་ལགས་སོ་ཞེས་བྱ་
བས་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བའི་གཏན་ཚིགས་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ནི་སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་གི་དོན་བྱ་བར་སེམས་ཤིང་། གང་ཟག་ལ་བདག་མེད་པར་རྟོགས་པའི་ཡེ་ཤེས་ཙམ་ཞིག་ཐོབ་པར་བྱ་བའི་དོན་དུ་གོ་ཆ་གྱོན་གྱི།
เล่ม ๙๒ · หน้า 140b
བྱང་ཆུབ་སེམས་དཔའ་ནི་སེམས་ཅན་མཐའ་ཡས་མུ་མེད་པའི་དོན་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་གོ་ཆ་བགོས་ཏེ་དེ་ལྟར་སེམས་ཅན་དང་ཡེ་ཤེས་ཅུང་ཟད་ཉི་ཚེ་ཞིག་ཏུ་མཚམས་བཅད་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་
ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན་ཞེས་བྱ་བ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དོན་དུ་གོ་ཆ་བགོས་སོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ས་མཚམས་བཅད་དེ། གོ་ཆ་བགོས་པ་མ་
ཡིན་པའི་དོན་དེ་ཉིད་ཞིབ་ཏུ་བསྟན་པའི་ཕྱིར་གླེངས་ཤིང་བཤད་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཟབ་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའི་གོ་ཆ་དེ་ཆོས་ཐམས་ཅད་དང་འབྲེལ་པ་མ་ཡིན་ནོ་ཞེས་བཤད་པའི་དོན་རབ་
འབྱོར་གྱིས་རྟོགས་ནས། དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ཆོས་གང་ལ་ཡང་དངོས་པོར་མི་ལྟ་ཞིང་མཚན་མར་མི་འཛིན་པའི་དོན་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཤིན་ཏུ་ཟབ་པས་བསྒོམ་དུ་ཡང་མེད་པའི་དོན་འཁོར་རྣམས་ལ་ཞིབ་ཏུ་
བསྟན་པའི་གླེང་བསླང་བའི་ཕྱིར། རབ་འབྱོར་གྱིས་སྨྲས་པ་སྟེ། དེ་ནི་སུས་ཀྱང་བསྒོམ་པར་མི་བགྱི་ཞེས་བྱ་བ་ནི་སྒོམ་པར་བྱེད་པའི་བྱེད་པ་པོ་དངོས་པོ་མེད་པར་བསྟན་ཏོ། །ཅི་ཡང་བསྒོམ་པར་མི་བགྱི་ཞེས་བྱ་བས་ནི། བསྒོམ་པར་བྱ་བའི་ཆོས་དངོས་པོ་མེད་པ་བསྟན་ཏོ། །གང་དུ་
ཡང་བསྒོམ་པར་མི་བགྱིའོ་ཞེས་བྱ་བས་ནི་བསྒོམ་པའི་གནས་དངོས་པོ་མེད་པ་བསྟན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གང་བསྒོམ་པ་འམ། གང་བསྒོམ་པར་བགྱི་བ་འམ། གང་གིས་བསྒོམ་པར་བགྱི་བའི་ཆོས་གང་
ཡང་ཡོངས་སུ་གྲུབ་པ་དམིགས་སུ་མ་མཆིས་ཞེས་བྱ་བས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བསྒོམ་དུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། གང་བསྒོམ་པའམ་ཞེས་བྱ་བ་ནི་སྒོམ་པ་པོ་དམིགས་སུ་མེད་པ་བསྟན་ཏོ། །གང་བསྒོམ་པར་བགྱི་བའམ་ཞེས་བྱ་བས་ནི།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด