ตัวบทไม่มีชื่อ — ประโยคแรก: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๑ · หน้า 59a

བྱ་བའི་བར་གྱིས་ནི་རང་གི་མཚན་ཉིད་དམིགས་སུ་མེད་པའི་གཏན་ཚིགས་བསྟན་ཏོ། །འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ་ཞེས་བྱ་བ་ནས། དེ་ལ་ནི་སངས་རྒྱས་མེད་དོ། །བྱང་ཆུབ་

མེད་དོ་ཞེས་བྱ་བའི་བར་དུ་ཆོས་ཐམས་ཅད་དམིགས་སུ་མེད་པ་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་སྟེ་ཞེས་བྱ་བ་ནི། དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་མཚན་ཉིད་དུ་ཆུད་དོ་

ཞེས་བསྟན་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། གཟུགས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེ་ལྟ་བུས་ན། ཆོས་ཐམས་ཅད་འདུ་བ་དང་འབྲལ་བ་མེད་པའི་ཕྱིར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའོ་ཞེས་བྱ་བའི་བར་དུ་ནི་བདག་ཉིད་ལ་བྱེད་པ་པོར་རྣམ་པར་རྟོག་པ་མེད་པ་དང་། བདག་ཏུ་ལྟ་བ་མེད་པའི་ཕྱིར། བདག་ཉིད་ལ་བརྩོན་པའམ་མི་བརྩོན་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས་བརྩོན་པའི་

མཚན་ཉིད་དུ་ཆུད་པ་རྣམ་པ་གཞན་གྱིས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་སྡུད་མི་འབྱེད་དེ་ཞེས་བྱ་བ་ནས། སྨོན་པ་མེད་པ་དང་། སྨོན་པ་མེད་པར་མི་སྡུད་མི་

འབྱེད་དེ། སྨོན་པ་མེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་རྣམ་པར་ཐར་པའི་སྒོ་རྣམས་ལ། སྡུད་པ་དང་འབྱེད་པ་རྣམ་པར་རྟོག་པ་སྤང་བས་བརྩོན་པའི་མཚན་ཉིད་བསྟན་ཏེ། སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཞིག་དངོས་པོར་ཡོད་ན་ནི་སྟོང་པ་ཉིད་དེ་མ་ཡིན་པ་གཞན་དང་

སྡུད་ཅིང་འབྱེད་པ་ཡང་སྲིད་ན། སྟོང་པ་ཉིད་ཅེས་བྱ་བའི་ཆོས་དངོས་པོར་གྲུབ་པ་གང་ཡང་མེད་པས་སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་སྡུད་མི་འབྱེད་དོ། །སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བྱ་སྟེ། ཏིང་ངེ་འཛིན་དེ་ཡང་དངོས་པོ་མེད་

เล่ม ๙๑ · หน้า 59b

པས་ཏིང་ངེ་འཛིན་གཞན་དང་མི་སྡུད་མི་འབྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ཡང་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་འདུ་བའམ་འབྲལ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་ཐར་པའི་སྒོ་གསུམ་

དངོས་པོ་མེད་པའི་གཏན་ཚིགས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ། དེ་དེ་ལྟར་ཁོང་དུ་ཆུད་པས་གཟུགས་མི་སྦྱོར་མི་འབྱེད་

དོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བའི་བར་དུ་ཕུང་པོ་ལྔ་རྣམས་ཀྱི་རང་གི་མཚན་ཉིད་ཡོད་པར་མ་གྲུབ་པས་མི་སྦྱོར་མི་འབྱེད་པ་བསྟན་ཏོ། །གཟུགས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ད་ལྟར་བྱུང་བར་

མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང་། དུས་གསུམ་དུ་མི་སྦྱོར་མི་འབྱེད་པར་བསྟན་པ་སྟེ། ཆོས་རྣམས་ཀྱང་རང་བཞིན་གྱིས་མ་གྲུབ་ལ། དུས་

གསུམ་ཡང་དངོས་པོ་ཡོད་པ་མ་ཡིན་པས། དེ་དག་གཅིག་ལ་གཅིག་སྦྱོར་ཞིང་འབྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ་ཞེས་བྱ་བ་ནི་བརྩོན་པའི་

མཚན་ཉིད་མཇུག་བསྡུས་ཏེ་བསྟན་པ་སྟེ། དེ་ལྟར་ཆོས་རྣམས་དང་དུས་གསུམ་དམིགས་སུ་མེད་པར་རྟོགས་ནས་ཆོས་རྣམས་དང་དུས་གསུམ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཤ་ར་དྭ་ཏིའི་བུ་གཞན་

ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དུས་གསུམ་མཉམ་པ་ཉིད་དུ་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནས། སྔོན་གྱི་མཐའ་འམ། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་མཐར་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བའི་བར་གྱིས་དུས་

เล่ม ๙๑ · หน้า 60a

གསུམ་གྱི་མཐའ་རྣམས་ཕན་ཚུན་སྦྱོར་བ་དམིགས་སུ་མེད་པ་བསྟན་ཏེ། དམིགས་པ་ཅན་རྣམས་ནི་སྔོན་ལས་ཅི་བྱས་པའི་འབྲས་བུ་ད་ལྟར་བྱུང་བར་རྣམ་པར་སྨིན། ད་ལྟར་བྱུང་བའི་ཚེ་ལས་ཅི་བྱས་པའི་འབྲས་བུ་ཕྱི་མའི་མཐར་རྣམ་པར་སྨིན་པས་ལས་དང་དུས་གསུམ་

དངོས་པོ་ཡོད་དོ་སྙམ་དུ་རྣམ་པར་རྟོག་པ་ཡང་བཟློག་པའི་ཕྱིར། དོན་དམ་པར་དུས་གསུམ་མཉམ་པ་ཉིད་དེ། དབྱེར་མེད་ཅིང་སྟོང་པ་ཉིད་ཡིན་པའི་ཕྱིར་ཕན་ཚུན་མི་སྦྱོར་མི་འབྱེད་དོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་དག་བརྩོན་པར་བྱེད་དེ། བརྩོན་པ་དེས་ཐམས་ཅད་མཁྱེན་པ་ཉིད་འདས་པ་དང་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བ་ནས། ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་དང་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་དུ་ཐམས་ཅད་མཁྱེན་པ་ཉིད་དང་

དུས་གསུམ་དུ་མི་སྦྱོར་མི་འབྱེད་པ་བསྟན་ཏེ། དུས་གསུམ་དང་ཐམས་ཅད་མཁྱེན་པ་གཉི་ག་ཡང་དོན་དམ་པར་ཡོད་པ་མ་ཡིན་པས། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པའི་ཡུལ་དུ་མ་གྲུབ་པས་དམིགས་པར་བྱ་བ་དང་།

དམིགས་པར་བྱེད་པའི་མཚན་ཉིད་དུ་སྦྱོར་བ་འམ་འབྱེད་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བ་ནས།

ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ཏུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་དུ་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་པ་བསྟན་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་དང་། ཐམས་ཅད་མཁྱེན་པ་ཉིད་

དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཁྱེན་པར་བྱ་བ་སྟེ་དམིགས་པའི་ཡུལ་ཡིན། ཐམས་ཅད་མཁྱེན་པ་ནི་དམིགས་པར་བྱེད་པ་ཡིན་ནོ་སྙམ་པ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་

เล่ม ๙๑ · หน้า 60b

དངོས་པོར་རྟོག་པ་སྤོང་བ་དང་། གཟུགས་ལ་སོགས་པ་འདི་དག་སྦྱིན་པ་ལ་སོགས་པ་བསོད་ནམས་བྱ་བའི་དངོས་པོར་ཡོངས་སུ་བསྔོས་ན། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུར་འགྱུར་རོ་སྙམ་པའི་རྣམ་པར་རྟོག་པའི་སྒོ་ནས། རྒྱུ་དང་འབྲས་བུ་ལྟ་བུར་ཡོད་པའི་རྣམ་པར་རྟོག་པ་སྤངས་

པས། སྦྱོར་བ་དང་འབྱེད་པ་མེད་པ་བསྟན་པ་སྟེ། དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དོ་ཞེས་བྱ་བ་དང་སྦྱར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་

བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་

ཆོས་ཐམས་ཅད་དངོས་པོ་ཡོད་པ་དང་དངོས་པོ་མེད་པར་མི་སྦྱོར་བ་བསྟན་ཏེ། ཀུན་རྫོབ་ཏུ་ནི་དངོས་པོ་ཡོད་པའི་ཟླས་དངོས་པོ་མེད་པ་འགྲུབ། དངོས་པོ་མེད་པའི་ཟླས་དངོས་པོ་ཡོད་པར་འགྲུབ་ཀྱི། དོན་དམ་པར་གཟུགས་ལ་སོགས་པའི་དངོས་པོ་གང་ཡང་མ་གྲུབ་པས། དངོས་པོ་མེད་པ་ཡང་

དེའི་ཟླས་མི་འགྲུབ་སྟེ། དེ་བས་ན་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་གཉིས་ཕན་ཚུན་ལྟོས་པའི་ཚུལ་གྱིས་མི་སྦྱོར་རོ་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་ཅེས་བྱ་བར་མི་སྦྱོར་

རོ། །གཟུགས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ། མུ་སྟེགས་

ཅན་ཁ་ཅིག་ནི་རྟག་པར་རྟོག །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མི་རྟག་པར་རྟོག་སྟེ། དེ་དག་གི་མཐའ་ལས་བཟློག་པའི་ཕྱིར་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་དངོས་པོ་ཡོད་པར་མ་གྲུབ་པས། རྟག་པ་དང་མི་རྟག་ཅེས་མི་རྟོག་པ་ཉིད་ལ་མི་སྦྱོར་བ་ཞེས་བྱའོ། །

เล่ม ๙๑ · หน้า 61a

ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་གཟུགས་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ། མུ་སྟེགས་ཅན་ཁ་ཅིག་ནི་བདེ་བར་རྟོག །ཉན་ཐོས་དང་རང་སངས་རྒྱས་

རྣམས་ནི་སྡུག་བསྔལ་དུ་རྣམ་པར་རྟོག་པ་ལས་བཟློག་པའི་ཕྱིར་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས། དེ་ལ་བདེ་བ་དང་སྡུག་བསྔལ་དུ་རྟོག་པ་ཡང་མི་འབྱུང་བ་བསྟན་ཏོ། །གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་

མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ཡང་མུ་སྟེགས་ཅན་རྣམས་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བདག་ཡོད་པར་རྟོག །

ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བདག་མེད་པར་རྟོག་སྟེ། མཐའ་དེ་གཉིས་ལས་བཟློག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བདག་དང་བདག་མེད་པ་གཉི་གར་མི་རྟོག་གོ་ཞེས་བསྟན་པའོ། །གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་

མ་ཞི་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཞི་བ་དང་མ་ཞི་བ་རྣམ་པར་རྟོག་པ་སྤངས་པས་བརྩོན་

པའི་མཚན་ཉིད་བཤད་དེ། དོན་དམ་པར་གཟུགས་ལ་སོགས་པའི་དངོས་པོར་མ་གྲུབ་པས། དེ་དག་གི་ཡོན་ཏན་ཞི་བ་ཞེས་བྱ་བའམ། མ་ཞི་བ་ཞེས་བྱ་བར་བརྟག་ཏུ་མེད་པའི་ཕྱིར་རོ། །གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་

เล่ม ๙๑ · หน้า 61b

མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བའམ་སྨོན་པ་མེད་ཅེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དངོས་པོར་རྟོག་པ་ལས་བཟློག་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པའི་དངོས་པོ་ཡོད་པར་

རྟོག་པས་ཀྱང་མི་བརྩོན་ལ། རྣམ་པར་ཐར་པའི་སྒོ་གསུམ་དངོས་པོ་མེད་པར་རྟོག་པས་ཀྱང་མི་བརྩོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ཆུད་དོ་ཞེས་བསྟན་པ་སྟེ། དེ་ལ་གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ཞེས་བྱ་བའམ་

མི་སྟོང་ཞེས་བྱ་བའི་བར་དུ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ། སྟོང་པ་དང་མི་སྟོང་བར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པའོ། །གཟུགས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ལ། མཚན་མ་ཡོད་པ་དང་མཚན་མ་མེད་པར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པའོ། །གཟུགས་སྨོན་པ་

ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ། སྨོན་པ་ཡོད་པ་དང་སྨོན་པ་མེད་པར་རྣམ་པར་རྟོག་པ་སྤང་བའི་

སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པའོ། །གཟུགས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་ཞེས་བྱ་བའམ། འགག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ཆོས་རྣམས་ལ་སྐྱེ་བ་དང་འགག་པར་རྣམ་པར་རྟོག་པ་ཡོངས་

སུ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་དངོས་པོ་ཡོད་པར་མ་གྲུབ་པས། དེ་དག་གི་ཆོས་ཉིད་སྐྱེ་བའམ། འགག་པ་ཡང་མི་འགྲུབ་པའི་ཕྱིར་རོ། །གཟུགས་འདས་ཞེས་བྱ་བར་མི་སྦྱོར་རོ། །མ་འོངས་ཞེས་བྱ་བར་

เล่ม ๙๑ · หน้า 62a

མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་ཞེས་བྱ་བར་མི་སྦྱོར་རོ། །མ་འོངས་ཞེས་བྱ་བར་མི་སྦྱོར་རོ། །ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི། དུས་གསུམ་གྱི་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་བྱེ་བྲག་ལ། རྣམ་

པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། ཉན་ཐོས་རྣམ་པར་སྨྲ་བ་པ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པ། འདས་པའི་གཟུགས་ནི་བྱ་བ་བྱས་ཟིན་པའི་དངོས་པོར་ཡོད། མ་འོངས་པའི་གཟུགས་ནི་བྱ་བ་བྱེད་པར་འགྱུར་བའི་དངོས་པོར་ཡོད། ད་ལྟར་བྱུང་བའི་

གཟུགས་ནི་བྱ་བ་བྱེད་པའི་དངོས་པོར་ཡོད་དོ་ཞེས་སྨྲ་ཞིང་རྟོག་པ་ལས་བཟློག་པའི་ཕྱིར། གཟུགས་ཉིད་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། གཟུགས་ཀྱི་ཡོན་ཏན་དང་། བྱེ་བྲག་བྱ་བ་བྱས་ཟིན་པ་དང་། བྱ་བ་བྱེད་པར་འགྱུར་བ་དང་། བྱ་བ་བྱེད་པའི་དངོས་པོར་མི་འགྲུབ་

སྟེ། དེ་ལྟར་མཚན་མར་མི་འཛིན་པའི་ཕྱིར་དུས་གསུམ་ལ་མི་སྦྱོར་རོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱར་བར་བྱའོ། །གཟུགས་བརྟན་ཞེས་བྱ་བའམ། མི་བརྟན་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྟན་ཞེས་བྱ་

བའམ། མི་བརྟན་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ། སོ་སོའི་སྐྱེ་བོ་རྣམས་ནི་གཟུགས་ལ་སོགས་པའི་ཆོས་རྣམས་བརྟན་པ་དང་སྙིང་པོ་ཡོད་པར་ལྟ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མི་བརྟན་ཞིང་སྙིང་པོ་མེད་པ་དང་། གསོབ་གསོག་ལྟ་བུར་ལྟ་བ་ལས་བཟློག་པའི་

ཕྱིར། གཟུགས་ལ་སོགས་པའི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དེ་དག་གི་ཡོན་ཏན་དང་། སྐྱོན་བརྟན་པ་དང་། མི་བརྟན་པ་ཡང་དངོས་པོ་མེད་པའི་ཕྱིར་དེ་ལྟ་བུར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། གཟུགས་ལ་ཇི་ལྟ་བ་

བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གཟུགས་ཡོད་ཅེས་བྱ་བའམ། མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་ཅེས་བྱ་བའམ། མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བའི་

เล่ม ๙๑ · หน้า 62b

བར་དུ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ། ཡོད་པ་དང་མེད་པའི་མཐར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། མི་སྦྱོར་ཞེས་བྱ་བ་ནི། ཡོད་མེད་ཀྱི་མཐར་རྟོག་པ་དང་བཅས་པས་བརྩོན་པར་མི་བྱེད་པའོ། །མི་འབྱེད་ཅེས་བྱ་བ་ནི་དེ་ལས་བཟློག་པ་སྟེ། མི་

སྦྱོར་བར་ཡང་མི་འབྱེད་དོ་ཞེས་བྱ་བའི་དོན་ཏོ། །ཀུན་རྫོབ་ཏུ་ཆོས་རྣམས་ཡོད་པ་དང་མེད་པའི་མཚན་ཉིད་ཤེས་པར་བྱས་ནས། ཐབས་མཁས་པས་དེ་ལ་མ་ཆགས་པར་བརྩོན་པར་བྱ་དགོས་པའི་ཕྱིར་རོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྱོད་ཅེས་བྱ་བར་མི་

དམིགས་སོ། །མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི། སྤྱོད་པ་དང་མི་སྤྱོད་པ་ལ་སོགས་པའི་མཚན་ཉིད་རྣམ་པ་བཞིར་རྣམ་པར་རྟོག་པ་སྤང་

བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། དེ་ལ་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་སྤྱོད་ཅིང་བརྩོན་པའི་མཚན་ཉིད་དང་ལྡན་པ་ལ་ཡང་དེ་ལྟར་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དོ་ཞེས་མཚན་མར་ཡང་མི་འཛིན་པའོ། །

མི་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་གོང་མ་ལས་བཟློག་པ་སྟེ། བརྩོན་པའི་མཚན་ཉིད་དང་མི་ལྡན་པ་ལ་ཡང་འདིས་སྤྱོད་པའམ། བརྩོན་པར་མི་ཆུད་དོ་ཞེས་ཀྱང་མཚན་མར་མི་འཛིན་པའོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི།

ཀུན་རྫོབ་ཏུ་མི་སྤྱོད་པར་ཡང་ཆུད་ལ། དོན་དམ་པར་སྤྱོད་པར་མི་ཆུད་དོ་ཞེས་བྱ་བའི་མཚན་མར་ཡང་མི་འཛིན་པའོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་དང་པོ་ལས་ལྟ་འོག་སྤོས་པ་སྟེ། དོན་དམ་པར་སྤྱོད་པ་ཡང་མ་ཡིན་

ལ། ཀུན་རྫོབ་ཏུ་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་མཚན་མར་མི་འཛིན་པ་སྟེ། དེ་ལྟར་རྣམ་པར་རྟོག་པ་བཞིར་མི་འཇུག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་མཚན་ཉིད་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

เล่ม ๙๑ · หน้า 63a

པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། ཡང་དག་པའི་མཐའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བའི་བར་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ཐ་དད་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། ཆོས་ཐམས་ཅད་

སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་ཐ་དད་པ་མེད་པ་ལ། ཐ་དད་དུ་འཛིན་པ་མི་འཐད་པའི་ཕྱིར་རོ། །དེ་བས་ན་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཆོས་གང་ལ་ཡང་ཐ་དད་པའམ། བྱེ་བྲག་གམ། ཁྱད་པར་དུ་ལྟ་བ་མེད་དེ་ཞེས་

བྱ་བའི་གཏན་ཚིགས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དངོས་པོ་ཐ་དད་པ་དག་ཅིག་ཡོད་ན་ནི། གཅིག་སྒྲུབ་པའི་ཕྱིར་གཅིག་ལ་སྤྱད་ཅེས་བྱར་རུང་ན། ཆོས་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་དབྱེར་མེད་པའི་ཕྱིར། གཅིག་གི་

དོན་དུ་གཅིག་ལ་མི་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྷའི་མིག་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། ཟག་པ་ཟད་པའི་ཡེ་ཤེས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བའི་བར་དུ། མངོན་པར་ཤེས་པ་ལ་བརྩོན་པའི་རྣམ་པར་རྟོག་པ་སྤང་བའི་སྒོ་

ནས་བརྩོན་པའི་མཚན་ཉིད་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན་ཞེས་བྱ་བ་ལ་སོགས་པས། མངོན་པར་ཤེས་པའི་ཆོས་རྣམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཉིད་ཀྱང་དོན་དམ་པར་མ་གྲུབ་པའི་གཏན་ཚིགས་བསྟན་པ་སྟེ། ཐ་དད་དུ་དབྱེར་མེད་པ་ནི་གོང་དུ་བཤད་པ་དང་འདྲའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་སྙམ་དུ་བདག་གིས་རྫུ་འཕྲུལ་གྱི་རྐང་པ་ལ་གནས་ཏེ།

ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ནས། སེམས་ཅན་གྲངས་

เล่ม ๙๑ · หน้า 63b

མེད་ཚད་མེད་པ་དག་བདག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་མི་སེམས་ཏེ་ཞེས་བྱ་བའི་བར་དུ་མངོན་པར་ཤེས་པ་དྲུག་ཐོབ་པའི་མཐུས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ། མཆོད་ཅིང་བཀུར་སྟི་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་

བརྩོན་པའི་མཚན་ཉིད་བསྟན་པ་སྟེ། གཞན་ནི་རང་ལོག་ཏུ་ཟད་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཟག་པ་ཟད་པ་མངོན་པར་ཤེས་པ་དང་སྦྱར་རོ། །བདུད་གླགས་ཚོལ་ཞིང་ཉམས་བསྐྱོད་པ་རྣམས་ཀྱིས་གླགས་མི་རྙེད་དེ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་

ནམ་ཡང་འབྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་བརྩོན་པའི་མཚན་ཉིད་གོང་དུ་སྨོས་པ་རྣམས་དང་ལྡན་པའི་ཕན་ཡོན་བསྟན་པ་སྟེ། ཕན་ཡོན་དེ་ཡང་བདུད་ཀྱིས་གླགས་མི་རྙེད་པའི་ཕན་ཡོན་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གྲུབ་པ་རྣམས་ལྷུན་གྱིས་གྲུབ་པ་དང་།

ཉོན་མོངས་པ་ཐམས་ཅད་སེལ་བ་དང་། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བ་ལས་ཡོངས་སུ་སྲུང་བ་དང་། འཇིག་རྟེན་པའི་ལྷ་ཐམས་ཅད་བར་དུ་གཅོད་པ་ལས་ཡོངས་སུ་སྲུང་བ་དང་། ལུས་ཀྱི་སྐྱོན་ཐམས་ཅད་མེད་པར་འགྱུར་བ་

དང་། གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་སྒོ་མངོན་དུ་འགྱུར་བ་དང་། སྐྱེ་བ་ཐམས་ཅད་དུ་སངས་རྒྱས་མཉེས་པར་བྱེད་ཅིང་སངས་རྒྱས་དང་བྲལ་བར་མི་འགྱུར་བ་དང་བརྒྱད་དེ། དེ་ལ་བདུད་གླགས་ཚོལ་ཞིང་ཉམས་བསྐྱོད་པ་རྣམས་ཀྱིས་གླགས་མི་རྙེད་དེ་ཞེས་བྱ་བས་ནི་བདུད་ཀྱིས་

གླགས་མི་རྙེད་པའི་ཕན་ཡོན་བསྟན་ཏོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པ་དང་། ཡོངས་སུ་བརྟག་པ་མེད་པར་མཐུན་པར་འགྲུབ་བོ་ཞེས་བྱ་བས་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་

ལྷུན་གྱིས་གྲུབ་པའི་ཕན་ཡོན་བསྟན་ཏེ། ཡོངས་སུ་བརྟག་པ་མེད་པར་ཞེས་བྱ་བ་ནི་དོགས་པའམ་ཐེ་ཚོམ་མེད་པར་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པའི་ཉོན་མོངས་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་བསལ་བར་འགྱུར་རོ་ཞེས་བྱ་བས་ནི། འཇིག་རྟེན་པའི་

เล่ม ๙๑ · หน้า 64a

ཉོན་མོངས་པ་ཐམས་ཅད་སེལ་བའི་ཕན་ཡོན་བསྟན་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་ཞེས་བྱ་བ་ལ་སོགས་པས་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་

ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བ་ལས་ཡོངས་སུ་སྲུང་བའི་ཕན་ཡོན་བསྟན་ཏོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཞེས་བྱ་བ་ལ་སོགས་པས་ནི། འཇིག་རྟེན་པའི་ལྷ་རྣམས་བར་དུ་གཅོད་པ་ལས་སྲུང་བའི་ཕན་ཡོན་བསྟན་ཏོ། །དེ་ལ་ལུས་ཀྱི་སྐྱོན་དུ་

བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ་ཞེས་བྱ་བས་ནི། ལུས་ལ་སྐྱོན་མེད་པའི་ཕན་ཡོན་བསྟན་ཏོ། །གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པའི་སྒོ་དག་ཀྱང་

ཚེགས་མི་ཆེ་བར་མངོན་དུ་འགྱུར་རོ་ཞེས་བྱ་བས་ནི་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་སྒོ་འགྲུབ་པའི་ཕན་ཡོན་བསྟན་ཏོ། །ཚེགས་མི་ཆེ་བ་ཞེས་བྱ་བ་ནི་ཉོན་མོངས་ཤིང་འབད་མི་དགོས་པར་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཡང་ཞེས་བྱ་བ་ལ་སོགས་

པས་སངས་རྒྱས་མཉེས་པར་བྱེད་ཅིང་སངས་རྒྱས་དང་འབྲལ་བར་མི་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་ཆོས་གང་ལ་ལ་ཞེས་བྱ་བ་ལ་སོགས་པས་ཆོས་རྣམས་

འདུ་བ་དང་འབྲལ་བར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གང་ཡང་དོན་དམ་པར་ཡོད་པར་མ་གྲུབ་པས། འདུ་བ་དང་འབྲལ་བ་ལ་སོགས་པ་ཡང་མི་འགྲུབ་སྟེ། ཕྲད་པའམ་མི་ཕྲད་པ་ཞེས་བྱ་བ་ཡང་འདུ་བ་

དང་འབྲལ་བའི་རྣམ་གྲངས་ཙམ་དུ་ཟད་དོ། །འདི་སྙམ་དུ་བདག་གི་ཆོས་ཀྱི་དབྱིངས་མངོན་པར་སངས་རྒྱས་པར་འགྱུར་རམ། འོན་ཏམ་མི་འགྱུར་ཞེས་བྱ་བར་མི་སེམས་ཏེ་ཞེས་བྱ་བས་ནི་མངོན་པར་འཚང་རྒྱ་བར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ།

เล่ม ๙๑ · หน้า 64b

དོན་དམ་པར་མངོན་པར་འཚང་རྒྱ་བར་བྱེད་པ་དང་། མངོན་པར་འཚང་རྒྱ་བར་བྱ་བ་མི་འགྲུབ་པའི་ཕྱིར་རོ། །ཆོས་གང་ཡང་ཆོས་ཀྱི་དབྱིངས་དང་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ཡང་དོན་གོང་མ་ཉིད་གསལ་བར་སྟོན་པ་སྟེ། ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་སྟོང་

པ་ཉིད་ཀྱི་རང་བཞིན་ཡིན་ལ། དེ་དང་ཐ་མི་དད་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་དང་ཆོས་རྣམས་སུ་བྱེ་བྲག་ཏུ་བྱ་བ་མི་བྱེད་དེ་ཞེས་བྱ་བ་ནི་དོན་དམ་པར་ཆོས་རྣམས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རོ་གཅིག་པས་མཚན་ཉིད་བྱེ་བྲག་ཏུ་དབྱེར་མེད་

དོ་ཞེས་བསྟན་པའོ། །ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་འགྱུར་རམ། འོན་ཏམ་ཁོང་དུ་ཆུད་པར་མི་འགྱུར་ཞེས་བྱ་བར་མི་སེམས་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དང་བདག་གཉིས་དབྱེར་མེད་པས་ཁོང་དུ་ཆུད་པར་བྱེད་པ་དང་། ཁོང་དུ་ཆུད་པར་བྱ་བ་མི་དམིགས་པའི་ཕྱིར་ཏེ། དེ་བས་ན་དེ་ནི་

འདི་ལྟར་དེས་ཆོས་གང་གིས་ཆོས་གང་ཁོང་དུ་ཆུད་པར་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མེད་དོ་ཞེས་བྱ་བ་ལ་སོགས་པས་དེའི་གཏན་ཚིགས་བསྟན་ཏོ། །དེ་ཡང་འདི་ལྟར་དེ་ནི་ཆོས་ཀྱི་དབྱིངས་སྟོང་ཞེས་བྱ་བར་མི་སྦྱོར། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནི།

དོན་དམ་པར་ཆོས་ཀྱི་དབྱིངས་རྟོག་པར་བྱར་ཡང་མེད་པས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་རྟོག་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་གཟུགས་སུ་མི་སྦྱོར་རོ་ཞེས་བྱ་བ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་

ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ཆོས་རྣམས་སྟོང་པ་ཉིད་དང་སྦྱོར་བའི་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། གཟུགས་ལ་སོགས་

པའི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་ཏེ། སྟོང་པ་དང་ཐ་མི་དད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་ནི་རྣལ་འབྱོར་དམ་པ་སྟེ་ཞེས་བྱ་བ་ནི། དེའི་གཏན་ཚིགས་བསྟན་པ་སྟེ། ཆོས་རྣམས་དངོས་པོ་ཡོད་པར་ལྟ་ཞིང་།

เล่ม ๙๑ · หน้า 65a

མཚན་མར་འཛིན་པ་རྣམས་ནི། གཟུགས་ལ་སོགས་པ་དང་སྟོང་པ་ཉིད་དུ་སྦྱོར་བ་སྲིད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣལ་འབྱོར་འདི་ལ་གནས་པ་ནི། མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་རྣལ་འབྱོར་དམ་པ་སྟེ། དེའི་ཕྱིར་དེ་ལྟ་བུར་སྦྱོར་

བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་ནི། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་བརྩོན་པའི་མཚན་ཉིད་དང་ལྡན་པའི་ཕན་ཡོན་ཉན་ཐོས་དང་རང་སངས་

རྒྱས་ཀྱི་སར་མི་ལྟུང་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་མངོན་པར་འཚང་རྒྱ་བར་འགྱུར་བ་རྣམས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་རྣལ་འབྱོར་དུ་བྱ་བ་གང་

ཅི་ཡང་རུང་སྟེ། དེ་དག་གི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི་རབ་ཅེས་བྱ། མཆོག་ཅེས་བྱ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བརྩོན་པའི་ཕན་ཡོན་གོང་དུ་སྨོས་པ་རྣམས་དང་ལྡན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་རྣལ་འབྱོར་གང་བས་ཀྱང་ལྷག་

པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞིང་རྣལ་འབྱོར་དུ་བྱེད་པ་འདི་རབ་དང་མཆོག་ལ་སོགས་པར་འགྱུར་ཏེ། རབ་ཅེས་བྱ་བ་དང་མཆོག་ཅེས་བྱ་བ་ལ་སོགས་པ་ནི་བཟང་བའི་རྣམ་གྲངས་ཙམ་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

རྣལ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པས། རྣལ་འབྱོར་དེ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་ཞིང་། བླ་ན་མེད་པ་ཡིན་པའི་ཕྱིར་རབ་དང་མཆོག་ལ་སོགས་པར་འགྱུར་བའི་གཏན་ཚིགས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ནི་ལུང་བསྟན་པ་ཞེས་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བརྩོན་ཞིང་རྣལ་འབྱོར་དུ་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཐོབ་ཅིང་སངས་རྒྱས་སུ་ལུང་བསྟན་པ་དང་། རིང་པོར་མི་ཐོགས་

เล่ม ๙๑ · หน้า 65b

པར་མངོན་པར་འཚང་རྒྱ་བར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱེད་ཀྱང་ཞེས་བྱ་བ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བའི་བར་དུ་

དེ་ལྟར་བརྩོན་པའི་ཡོན་ཏན་ལུང་བསྟན་པ་ལ་སོགས་པ་དང་ལྡན་ཡང་། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཡིན་ནོ་སྙམ་མམ། ལུང་བསྟན་པ་ལ་ཉེ་བར་གྱུར་པ་ཡིན་ནོ་སྙམ་མམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་སྙམ་མམ། སེམས་ཅན་ཡོངས་སུ་སྨིན་

པར་བྱའོ་སྙམ་མམ། བདག་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མཚན་མར་འཛིན་ཅིང་རློམ་སེམས་སུ་འགྱུར་བ་མེད་པའི་ཕན་ཡོན་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཀྱི་དབྱིངས་ལ་བྱེ་བྲག་ཏུ་འབྱེད་པ་མེད་དོ་ཞེས་བྱ་བ་ནས། དེ་ལྟ་བུའི་

ཆོས་གཞན་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས། དེ་ལྟར་རློམ་སེམས་མི་སྐྱེ་བའི་གཏན་ཚིགས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་འདུ་

ཤེས་མི་སྐྱེའོ་ཞེས་བྱ་བ་ནས། མཐོང་བ་པོའི་འདུ་ཤེས་མི་སྐྱེའོ་ཞེས་བྱ་བའི་བར་གྱིས་རློམ་སེམས་མི་འབྱུང་བའི་གཏན་ཚིགས་བསྟན་ཏེ། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ཏུ་ལྟ་བ་རྣམ་པ་མང་པོ་མིང་གིས་སྨོས་པ་རྣམས་ལས་འགའ་ཞིག་གིས་འདུ་ཤེས་སྐྱེ་ན་ནི། རློམ་

སེམས་ཀྱང་སྐྱེ་ན་བདག་ཏུ་ལྟ་བ་དེ་རྣམས་གང་དུ་ཡང་འདུ་ཤེས་མི་སྐྱེ་བས། དེ་ལྟ་བུའི་རློམ་སེམས་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་བདག་ཏུ་འདུ་ཤེས་མི་སྐྱེ་བའི་

གཏན་ཚིགས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་སྐྱེ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཞེས་བྱ་བ་ལ་སོགས་པས། དེ་ལྟར་བདག་ཏུ་ལྟ་བའི་འདུ་ཤེས་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་

เล่ม ๙๑ · หน้า 66a

ཕྱིན་པ་ལ་སྤྱོད་པའི་མཚན་ཉིད་དང་རྣམ་གྲངས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་སྟེ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ལས་འཕགས་པའི་ཕྱིར་རྣལ་འབྱོར་དམ་པ་ཞེས་བྱ་སྟེ། དེ་བས་ན་དེས་དེ་མ་ཡིན་པའི་རྣལ་འབྱོར་རྣམས་ཟིལ་གྱིས་མནན་ཏེ་གནས་སོ་ཞེས་བྱ་བ་གསུངས་ཏེ། དེ་མ་

ཡིན་པའི་རྣལ་འབྱོར་ཞེས་བྱ་བ་ནི་འཇིག་རྟེན་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣལ་འབྱོར་ཏེ། དེ་དག་ལས་འཕགས་པའི་ཕྱིར་ཟིལ་གྱིས་མནན་ཏེ་གནས་སོ་ཞེས་བཤད་པའོ། །ཤ་ར་དྭ་ཏིའི་བུ་རྣལ་འབྱོར་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་

གཤེགས་པའི་སྟོབས་བཅུ་མངོན་པར་སྒྲུབ་པོ་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་དམ་པ་དེ་ལ་སྤྱོད་པའི་ཡོན་ཏན་བསྟན་པ་སྟེ། ཡོན་ཏན་དེ་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་སྒྲུབ་ནུས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་

པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་མེད་པ་བསྟན་ཏོ། །འདི་ཡན་ཆད་དུ་བརྩོན་པ་རྣམས་ཀྱི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་བརྩོན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། གནས་བརྟན་ཤཱ་རིའི་བུས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་སྤྱོད་པ་དེ། གང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པ་ལགས། འདི་ནས་ཚེ་འཕོས་ནས་གང་དུ་སྐྱེ་བར་འགྱུར་ཞེས་གནས་གང་ནས་ལྷགས་པ་དང་། གནས་གར་སྐྱེ་བའི་ས་ཕྱོགས་ཞུས་པ་དང་། དེའི་ལན་དུ་གནས་གང་

ནས་ལྷགས་པ་བསྟན་པའི་ཕྱིར། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་རྣམ་པར་སྤྱོད་པ་ནི། སངས་རྒྱས་ཀྱི་ཞིང་གཞན་ནས་ཚེ་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིས་དང་། མིའི་ནང་ནས་ཚེ་

เล่ม ๙๑ · หน้า 66b

འཕོས་ཏེ་འདིར་སྐྱེས་པར་ཤེས་པར་བྱའོ་ཞེས་བཀའ་སྩལ་ཏེ། དེ་ལྟར་གནས་གང་ནས་ལྷགས་པའི་ས་ཕྱོགས་སྤྱིར་བསྟན་ནས། ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཚེ་འཕོས་ཏེ་འདིར་སྐྱེས་པ་དེ་ནི་ཞེས་བྱ་བ་ལ་སོགས་

པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་མདོར་བསྡུས་ནས་རབ་འབྲིང་རྣམ་པ་གསུམ་དུ་ཕྱེ་སྟེ་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཚེ་འཕོས་ཏེ་

འདིར་སྐྱེས་པ་དེ་ནི་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་རྣོན་པོ་མཆོག་རྣམས་བསྟན་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་

དག་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་སྤྱོད་པའི་ཤུགས་ཀྱིས་འདིར་སྐྱེས་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་མྱུར་དུ་འགྲུབ་པ་དང་། འདི་ནས་ཚེ་འཕོས་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཟབ་མོ་འདི་མངོན་སུམ་དུ་འགྱུར་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་རྣལ་འབྱོར་ལ་མཉམ་པར་འཇོག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བ་དང་། སངས་རྒྱས་དེ་རྣམས་ལ་བསྙེན་བཀུར་བྱེད་ནུས་པར་འགྱུར་བ་དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ། རྣལ་འབྱོར་མྱུར་དུ་

འགྲུབ་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྒོམ་པ་ལ་བརྩོན་པར་བྱེད་པ་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ལ། སེམས་རྩེ་གཅིག་ཏུ་གནས་ཤིང་བསམ་གཏན་ལས་སུ་རུང་སྟེ། བསམ་གཏན་གྱི་ཉམས་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །

ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགའ་ལྡན་གྱི་ལྷའི་རིས་ནས་ཚེ་འཕོས་ནས་འདིར་སྐྱེས་པ་དེ་ནི་ཚེ་གཅིག་གིས་ཐོགས་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཉམས་པ་མེད་པའོ། །གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཀྱང་

เล่ม ๙๑ · หน้า 67a

དེར་མ་འདུས་པ་མེད་དོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ནང་ནས། ཤེས་རབ་འབྲིང་དང་ལྡན་པ་རྣམས་བསྟན་ཏེ། དེ་དག་ནི་དགའ་ལྡན་ལྷའི་རིས་ནས་ཚེ་འཕོས་ནས་སངས་རྒྱས་ཀྱི་ཞིང་འདིར་སྐྱེས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་མི་

ཉམས་པ་དང་། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་ལྡན་པ་དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཚེ་འཕོས་ནས་མི་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཞེས་བྱ་བ་ནས། དེ་ལ་གཟུངས་

ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ནང་ནས། ཤེས་རབ་རྟུལ་པོ་ཐ་མ་རྣམས་བསྟན་པ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པར་ཞེས་

བྱ་བ་ནི། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཁ་ཅིག་སེམས་ཅན་གྱི་དོན་གྱི་དབང་གིས་མིའི་ནང་དུ་སྐྱེ་ཞིང་ཚེ་འཕོས་པ་དག་ཀྱང་ཡོད་དེ། དེ་དག་ནི་དབང་པོ་རྟུལ་པོ་མ་ཡིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་ཡང་མཉམ་པར་འཇོག་ནུས་ཤིང་། གཟུངས་

དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་ཐོབ་པར་ནུས་ཀྱི། དེ་ལ་མ་གཏོགས་པ་དགེ་བའི་ལས་དང་བསོད་ནམས་ཀྱི་དབང་གིས་མིའི་ནང་ནས་ཚེ་འཕོས་ཏེ། མིའི་ནང་དུ་སྐྱེས་པ་ཁ་ཅིག་ནི་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཡང་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་མ་

བྱས་པ་དང་། རང་བཞིན་གྱིས་དབང་པོ་རྟུལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་མྱུར་དུ་མཉམ་པར་འཇོག་མི་ནུས་ལ། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ་ཞེས་བསྟན་པ་སྟེ། མྱུར་དུ་མངོན་དུ་མི་འགྱུར་རོ་ཞེས་འབྱུང་བ་དང་སྦྱར་ན།

ཚེ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་པ་ལ་སོགས་ཀྱིས་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་གང་ཁྱོད་ཀྱིས་དེ་སྐད་དུ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་

เล่ม ๙๑ · หน้า 67b

འབྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་ཞུས་པའི་ལན་རབ་འབྲིང་གསུམ་དུ་རྣམ་པར་ཕྱེ་སྟེ་བསྟན་ནས། དེ་ནས་མདོར་བསྡུས་ཏེ་ལན་བཏབ་པ་དེ་ཡིན་ནོ་ཞེས་བཀའ་སྩལ་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག་ཅེས་

བྱ་བ་ལ་སོགས་པ་ནི་བརྩོན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྒྱས་པར་བསྟན་པ་སྟེ། དེ་དག་ཀྱང་ཐབས་ལ་མཁས་མི་མཁས་དང་། དབང་པོ་རྣོ་རྟུལ་དང་། སྤྱོད་པའི་ཁྱད་པར་ལས་རྣམ་པ་བཞི་བཅུ་རྩ་ལྔ་ཡོད་པར་ཤེས་པར་བྱ་སྟེ། དེ་དག་ཀྱང་གང་ཞེ་ན། ཐབས་ལ་མི་མཁས་

པ་དག་བསམ་གཏན་དང་པོ་ལ་ཡང་མཉམ་པར་གཞོག་ཅེས་བྱ་བ་ནས། དེ་དག་དབང་པོ་རྟུལ་ཞིང་མི་རྣོ་བ་ཡང་ཡོད་དོ་ཞེས་བྱ་བའི་བར་གྱིས་ནི། དབང་པོ་རྟུལ་པོ་ཐབས་ལ་མི་མཁས་པ་བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པའི་རྒྱུས་ལྷ་ཚེ་རིང་པོར་སྐྱེ་བ་དག་ཀྱང་ཡོད་དེ། དེར་སྐྱེས་

པའི་རྒྱུས་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་ན་ཡང་དབང་པོ་རྟུལ་པོར་འགྱུར་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ་དེ་ནི་དང་པོ་སྟེ་རྣམ་པ་གཅིག་གོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་ཡང་མཉམ་པར་གཞོག་

ལ་ཞེས་བྱ་བ་ནས། དེ་དག་ཀྱང་དབང་པོ་རྟུལ་པོ་ཡིན་ཏེ། དབང་པོ་རྣོ་བ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། དབང་པོ་རྟུལ་པོ་ཐབས་དང་མི་ལྡན་པ་བསམ་གཏན་ཐོབ་པའི་རྒྱུས། གཟུགས་ཀྱི་ཁམས་ཀྱི་ལྷར་མི་སྐྱེ་བར་འདོད་པའི་ཁམས་སུ་མིའི་ནང་དུ་སྐྱེ་བ་དག་ཀྱང་ཡོད་དོ་ཞེས་

བསྟན་པ་སྟེ། དེ་ནི་གཉིས་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག་ཅེས་བྱ་བ་ནས། བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་

ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་བསམ་གཏན་དང་། ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་སྤྱད་ནས། བསམ་གཏན་གྱི་དབང་གིས་ལྷར་སྐྱེ་བ་སྤངས་ཏེ། སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་དང་། སངས་རྒྱས་

เล่ม ๙๑ · หน้า 68a

མཉེས་པར་བྱ་བ་ལ་བརྩོན་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེས་ནས། བསྐལ་པ་བཟང་པོ་འདི་ཉིད་ལ་མངོན་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་གསུམ་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེས་བྱ་བ་ནས། དེ་ཡང་སྲིད་པ་ལ་བརྐམ་པའི་ཕྱིར་མ་ཡིན་གྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་། དེ་དག་གི་དབང་གིས་ལྷར་

མི་སྐྱེ་བར་སེམས་ཅན་གྱི་དོན་དུ་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཉེས་པར་

བྱེད་དོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་། ཐབས་མཁས་པས་བསམ་གཏན་དང་ཏིང་ངེ་འཛིན་གྱི་དབང་གིས་ལྷ་ཚེ་རིང་པོར་མི་སྐྱེ་བར་སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་ཀྱི་ལྷའི་རིས་དྲུག་ཏུ་སྐྱེ་སྟེ། མཐུ་ཕུན་སུམ་ཚོགས་པ་ལ་གནས་

ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་མཉེས་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ལྔ་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པ་དག་ཐབས་མཁས་པས་བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག་ཅེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གསོལ་བ་གདབ་པ་བྱེད་དོ་ཞེས་བྱ་བའི་

བར་དུ་ནི། ཐབས་མཁས་པས་སེམས་ཅན་གྱི་དོན་དུ་ཚངས་པའི་འཇིག་རྟེན་དུ་སྐྱེས་ནས། རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་ཆོས་ཉན་པ་དང་། སངས་རྒྱས་མཉེས་པར་བྱེད་པ་ལ་བརྩོན་པ་དང་། དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་

เล่ม ๙๑ · หน้า 68b

ནས་རིང་པོར་མ་ལོན་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་དྲུག་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་ཆོས་ཀྱི་

འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་དང་ཏིང་ངེ་འཛིན་ལ་སོགས་པ་ལ་སྙོམས་པར་འཇུག་ཀྱང་། དེ་དག་གི་དབང་གིས་ལྷ་ཚེ་རིང་པོར་མི་སྐྱེ་བར་དགའ་ལྡན་གྱི་ལྷའི་ནང་དུ་སྐྱེ་སྟེ། དེ་ནས་ཀྱང་སེམས་ཅན་གྱི་དོན་དུ་ཛམྦུའི་གླིང་འདིར་མིའི་ནང་དུ་སྐྱེ་བ་བསྟན་

ཏེ་མངོན་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་དག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དེ། དཔེར་ན་འཕགས་པ་བྱམས་པ་བྱང་ཆུབ་སེམས་དཔའ་ལྟ་བུའོ་ཞེས་བསྟན་པ་སྟེ། དེ་ནི་བདུན་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག་ཅེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། མངོན་པར་ཤེས་པའི་དབང་གིས་ཁམས་གསུམ་གྱི་ལྷ་དང་མིའི་ནང་དུ་མི་སྐྱེ་བར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་སྟེ།

སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བརྒྱད་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག་ཅེས་བྱ་བ་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་

སྒྲ་ཡང་མི་གྲག་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ཡང་། མངོན་པར་ཤེས་པའི་དབང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་དགུ་པའོ། །ཤ་ར་དྭ་ཏིའི་བུ་འདི་

ལྟར་ཡང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། སངས་རྒྱས་ཀྱི་ཞིང་ཚེ་དཔག་ཏུ་མེད་པར་སྐྱེས་ནས། སེམས་ཅན་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་

เล่ม ๙๑ · หน้า 69a

པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དེ་དག་ཏུ་སྐྱེ་བར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། མངོན་པར་ཤེས་པའི་

དབང་གིས་དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་པའི་འཇིག་རྟེན་གྱི་ཁམས་སུ་སོང་ནས། དེར་དཀོན་མཆོག་གསུམ་གྱི་སྒྲ་དང་བཅས་པར་ཆོས་བཤད་ནས། དཀོན་མཆོག་གསུམ་གྱི་ལེགས་པ་བརྗོད་པས་སེམས་ཅན་དེ་དག་དགའ་བ་སྐྱེས་ནས། སེམས་ཅན་དེ་དག་སངས་རྒྱས་

བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་གཅིག་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད་ཅེས་བྱ་བ་ནས། དེ་དག་ཏུ་ཡང་སེམས་ཅན་རྣམས་ཀྱི་དོན་

བྱེད་པ་ཡོད་དོ་ཞེས་བྱ་བའི་བར་དུ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེས་ནས་ས་དང་པོ་ཐོབ་པར་བྱས་ཏེ། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཐོབ་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་

བསྒོམས་ཏེ་ཁམས་གསུམ་དུ་ཡང་མི་སྐྱེ་བར་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་དོན་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་གཉིས་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག །དང་པོ་

སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡང་ཡོད་དོ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་ས་དང་པོ་ཐོབ་ནས། རིང་པོ་མ་ལོན་པར་ཕྱིར་མི་ལྡོག་པའི་ས་བརྒྱད་པ་ཐོབ་པར་བྱེད་པ་དག་ཀྱང་

ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་གསུམ་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་ཞེས་བྱ་བ་ནས། བསྐལ་པའི་ལྷག་མར་གནས་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། ས་དང་པོ་ཐོབ་མ་ཐག་ཏུ་

เล่ม ๙๑ · หน้า 69b

མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་བཞི་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་འདོང་བ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི་ས་དང་པོ་ཐོབ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཡོངས་སུ་རྫོགས་པར་བྱ་སྟེ། བྱང་ཆུབ་

སེམས་དཔའི་འཁོར་མང་པོ་དང་བཅས་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ།

དེ་ནི་བཅོ་ལྔ་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནས། ཐབས་མཁས་པ་དང་ལྡན་པ་རྣམས་བསམ་གཏན་དང་། ཚད་མེད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་འདི་དག་ཡང་དང་

ཡང་དུ་རྣམ་པར་མནན་ཅིང་སྙོམས་པར་འཇུག་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བསམ་གཏན་དང་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྟན་པའི་ཕྱིར། ཐབས་མཁས་པས་ཐོད་རྒལ་དུ་སྙོམས་པར་འཇུག་པ་དག་

ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་དྲུག་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཉེ་བར་གཞག་པ་བཞི་ཐོབ་པ་ཞེས་བྱ་བ་ནས། དེ་དག་ནི་ཕྱིར་མི་ལྡོག་པར་ཤེས་པར་བྱ་བའི་བར་དུ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་

རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་ཞིང་ཡོངས་སུ་འདྲིས་པའི་ཤེས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཡོངས་སུ་ཤེས་པར་བྱས་ཀྱང་དེ་དག་མངོན་སུམ་དུ་མི་བྱེད་པར་སེམས་ཅན་གཞན་རྣམས་ལམ་གྱི་འབྲས་བུ་དེ་དག་ལ་སོ་སོར་འགོད་པ་དག་ཀྱང་ཡོད་

เล่ม ๙๑ · หน้า 70a

དོ་ཞེས་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཡེ་ཤེས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ཡིན་ཏེ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྒྱུན་དུ་ཞུགས་པ་

ལ་སོགས་པའི་འབྲས་བུ་ཐོབ་པར་གྱུར་པའི་ཡེ་ཤེས་དེ་བྱང་ཆུབ་སེམས་དཔས་ཐོབ་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། ཉན་ཐོས་དང་རང་སངས་རྒྱས་ལྟར་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་མི་གནས་པར་དེ་དག་ཤེས་པར་བྱ་སྟེ། སེམས་ཅན་ཡོངས་སུ་སྨིན་པ་

དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ནུས་པ་ཉིད་ལ་བཟོད་པ་ཞེས་བྱ་སྟེ། དེ་ནི་བཅུ་བདུན་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། དགའ་ལྡན་གྱི་གནས་ཡོངས་སུ་སྦྱོང་བ་དག་ཀྱང་ཡོད་

དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐལ་པ་བཟང་པོ་པར་ཤེས་པར་བྱའོ་ཞེས་བྱ་བ་ནི། རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ནས། བསྐལ་པ་བཟང་པོ་འདི་ཉིད་ལ་མངོན་པར་སངས་རྒྱས་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་

པ་སྟེ། དགའ་ལྡན་གྱི་གནས་ཡོངས་སུ་སྦྱོང་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་འདི་ཉིད་ལ་དགའ་ལྡན་གྱི་ལྷའི་ཕོ་བྲང་དུ་མངོན་པར་སངས་རྒྱས་ནས། དགའ་ལྡན་གྱི་ལྷའི་རིས་ཀྱི་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཡོངས་སུ་དག་པར་མཛད་པ་ལ་བྱ་སྟེ། དེ་ནི་བཅོ་བརྒྱད་

པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནས། དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དག །ཉན་

ཐོས་དང་རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཡོངས་སུ་འདྲིས་པའི་ཤེས་པས་ཁོང་དུ་ཆུད་པར་བྱེད་ཀྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ལྟར་མངོན་སུམ་དུ་མི་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་

เล่ม ๙๑ · หน้า 70b

སྟེ། དེ་ནི་བཅུ་དགུ་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག་ཅེས་བྱ་བ་ནས། དེ་དག་ནི་བསྐལ་པ་གྲངས་མེད་ཚད་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་བྱ་བའི་བར་

དུ། བྱང་ཆུབ་སེམས་དཔའ་ལ་ལ་མྱུར་དུ་མངོན་པར་འཚང་མི་རྒྱ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། སེམས་ཅན་གྱི་དོན་དུ་འཁོར་བ་ན་ཡུན་རིང་དུ་གནས་ཏེ། སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་བསྐུལ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། བསྐལ་པ་

གྲངས་མེད་ཚད་མེད་པ་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱེད་པ་དག་ཀྱང་ཡོད་དེ། དཔེར་ན་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལྟ་བུའོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་ཞེས་བྱ་བ་ནས། གནོད་པ་དང་ལྡན་པའི་ལུས་ཀྱི་ལས་དང་། ཡིད་ཀྱི་ལས་མི་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། བདག་ཉིད་

ལུས་དང་ངག་དང་ཡིད་གསུམ་སྡོམ་པ་ལ་གནས་ནས། སེམས་ཅན་རྣམས་ཀྱང་སྡོམ་པ་དེ་ལ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་གཅིག་གོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། སེམས་ཅན་རྣམས་ཀྱི་

ངན་སོང་གི་ལམ་གསུམ་པོ་རྒྱུན་གཅོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་ངན་སོང་གསུམ་གྱི་རྒྱུན་གཅོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་གཉིས་

པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། འཚོ་བའི་ཡོ་བྱད་སྐྱོན་མེད་པ་ཡོངས་སུ་སྒྲུབ་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། སྦྱིན་པ་ཉིད་ཀྱིས་སེམས་

เล่ม ๙๑ · หน้า 71a

ཅན་རྣམས་ཅི་འདོད་པའི་དངོས་པོས་ཚིམ་པར་བྱས་ཏེ། སེམས་ཅན་རྣམས་ཀྱང་སྦྱིན་པ་ཉིད་ལ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་གསུམ་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་ཞེས་བྱ་བ་ནས། སེམས་ཅན་རྣམས་ལུས་དང་ངག་དང་ཡིད་

ཀྱི་སྡོམ་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་

དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་བཞི་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་ཞེས་བྱ་བ་ནས། གནོད་སེམས་མེད་པ་ལ་རབ་ཏུ་འགོད་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཀྱང་། བཟོད་

པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། སེམས་ཅན་རྣམས་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་ལྔ་པའོ། ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་ཞེས་བྱ་བ་ནས། མངོན་པར་བརྩོན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་

བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཀྱང་། སེམས་ཅན་ལེ་ལོ་ཅན་རྣམས་ཀྱི་གཉེན་པོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། སེམས་ཅན་རྣམས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པ་དག་ཀྱང་ཡོད་དོ་

ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་དྲུག་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་ཞེས་བྱ་བ་ནས། འདོད་པ་ལ་དབེན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཀྱང་། སེམས་ཅན་སེམས་གཡེངས་

པ་རྣམས་ཀྱི་གཉེན་པོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། སེམས་ཅན་རྣམས་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། འདོད་པ་ལས་དབེན་པ་ལ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་བདུན་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་ཞེས་བྱ་བ་

เล่ม ๙๑ · หน้า 71b

ནས། ངན་སོང་ཐམས་ཅད་ལས་ཡང་དག་པར་བཟླ་བའི་ཕྱིར་ཆོས་སྟོན་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཀྱང་། སེམས་ཅན་ཤེས་རབ་འཆལ་པ་རྣམས་ཀྱི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལྷུར་བླངས་ཏེ། ཤེས་རབ་ཀྱི་མཐུས་དེ་བཞིན་གཤེགས་པའི་སྐུར་སྤྲུལ་ཏེ་ཆོས་སྣ་ཚོགས་པ་བསྟན་ནས་སེམས་ཅན་རྣམས་ངན་སོང་ལས་བཏོན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་བརྒྱད་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་སངས་རྒྱས་ཀྱི་སྐུར་སྤྲུལ་ནས། སེམས་ཅན་རྣམས་

ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་རྣམས་མཉེས་པར་བྱེད་དེ་དེར་ཆོས་མཉན་ཏེ། སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་རྣམས་མཐོང་ནས། བདག་གིས་སངས་རྒྱས་ཀྱི་ཞིང་དེ་བས་ཀྱང་རྒྱ་ཆེ་ཞིང་ཁྱད་པར་དུ་འཕགས་པར་བྱའོ། །དེར་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་

སེམས་དཔའ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་དགུ་པའོ། །ཕྱོགས་ལྷག་མ་རྣམས་ཀྱང་དོན་དེ་དང་འདྲ་སྟེ། ལྷོ་ཕྱོགས་ཀྱི་འགྲེས་ནི་སུམ་ཅུའོ། །ནུབ་ཕྱོགས་ཀྱི་འགྲེས་ནི་སུམ་ཅུ་གཅིག་པའོ། །བྱང་ཕྱོགས་ཀྱི་འགྲེས་ནི་སུམ་ཅུ་གཉིས་

པའོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འགྲེས་ནི་སུམ་ཅུ་གསུམ་པའོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འགྲེས་ནི་སུམ་ཅུ་བཞི་པའོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འགྲེས་ནི་སུམ་ཅུ་ལྔ་པའོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འགྲེས་ནི་སུམ་ཅུ་དྲུག་པའོ། །འོག་གི་

ཕྱོགས་ཀྱི་འགྲེས་ནི་སུམ་ཅུ་བདུན་པའོ། །སྟེང་གི་ཕྱོགས་ཀྱི་འགྲེས་ནི་སུམ་ཅུ་བརྒྱད་པ་སྟེ། བྱང་ཆུབ་སེམས་དཔའ་ཁ་ཅིག་དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་

เล่ม ๙๑ · หน้า 72a

པའི་ཚེ་ཞེས་བྱ་བ་ནས། ཡིད་ཡོངས་སུ་དག་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་བྱས་ཏེ། ལུས་བལྟ་ན་སྡུག་ལ་དབང་པོ་གསལ་ཞིང་ཡོངས་སུ་དག་ལ། སྤྱོད་ལམ་

མཛེས་པས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་བྱས་ཏེ། སྐྱེ་བོ་ཀུན་དེ་ལ་མོས་པའི་དགེ་བའི་རྩ་བ་དང་། སྔོན་གྱི་སྨོན་ལམ་གྱི་མཐུས་སེམས་ཅན་རྣམས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་སུམ་ཅུ་དགུ་པའོ། །

ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། གཞན་མི་སྨོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། དབང་པོ་ཡོངས་སུ་དག་པར་བྱས་ནས་སེམས་ཅན་བདག་

བསྟོད་ཅིང་གཞན་ལ་སྨོད་པ་རྣམས་ཀྱི་གཉེན་པོར་བདག་དེ་ལྟར་དབང་པོ་ཡོངས་སུ་དག་ཅིང་སྐྱོན་མེད་ཀྱང་། བདག་ལ་མི་བསྟོད་གཞན་ལ་མི་སྨོད་པའི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་པའོ། །ཤ་ར་དྭ་ཏིའི་བུ་འདི་

ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད་ཅེས་བྱ་བ་ནས། ལོག་པར་འགྲོ་བ་དང་ངན་སོང་དུ་མི་ལྟུང་བ་དག་ཡོད་དོ་ཞེས་བྱ་བའི་བར་དུ་ནི། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ཀྱི་འབྲས་བུས་དབུལ་བའི་སྡུག་བསྔལ་དང་། ངན་འགྲོའི་སྡུག་བསྔལ་མི་མྱོང་བར་སེམས་ཅན་གྱི་དོན་ལ་བརྩོན་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་གཅིག་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད་ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་དགེ་བ་བཅུའི་ལས་ཀྱི་ལམ་ལྷུར་བླངས་ནས་ས་དང་པོ་

เล่ม ๙๑ · หน้า 72b

ཐོབ་པར་བྱས་ཏེ། སེམས་ཅན་རྣམས་ཀྱང་དགེ་བ་བཅུ་ལ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་གཉིས་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། སྦྱིན་པ་དང་ངག་སྙན་པས་སེམས་ཅན་ཡོངས་སུ་སྡུད་

པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་སེམས་ཅན་རྣམས་དགེ་བ་བཅུ་ལ་བཀོད་དེ། བསྡུ་བ་རྣམ་པ་གཉིས་ཀྱིས་སྡུད་

པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་གསུམ་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོ་བྱད་ཐམས་ཅད་དང་། མཆོད་པ་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་།

ཕུ་དུད་དང་། མཆོད་པ་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་ལེན་ཅིང་། ཚེ་རབས་དུ་མར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་གནས་ཏེ། མཐུ་ཆེན་པོ་དང་ལྡན་པས་ཕྱོགས་བཅུའི་སངས་

རྒྱས་མང་པོ་མཉེས་པར་བྱེད་ཅིང་། མཆོད་པ་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་བཞི་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་ཞེས་བྱ་བ་ནས། ཆོས་སྣང་བ་དེ་དང་ནམ་ཡང་བྲལ་

བར་མི་བྱེད་པ་དག་ཀྱང་ཡོད་དེ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་ཆོས་བསྟན་པས་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་བསལ་ཏེ། ཡོངས་སུ་སྨིན་པར་བྱས་ནས་མངོན་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ།

དེ་ནི་བཞི་བཅུ་ལྔ་པའོ། །ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་ལས་ཡང་དག་པར་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་དག་སངས་རྒྱས་ཀྱི་ཆོས་ལ་དར་ཞིང་འཕེལ་བའི་རིམ་པ་བསྟན་པ་ཡིན་ནོ་ཞེས་

เล่ม ๙๑ · หน้า 73a

བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་དེ་དག་ཉིད་ལས་གླེང་བསླངས་ནས། ཆོས་རྒྱ་ཆེར་བཤད་པའི་སྐབས་དབྱེ་བའི་ཕྱིར་གསུངས་ཏེ། ཁ་ན་མ་ཐོ་བ་

དང་བཅས་པའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཞེས་བྱ་བ་ནི་སྐབས་འདིར་སྡིག་པ་མི་དགེ་བའི་ལས་ལ་མི་བྱའི། དམིགས་པ་དང་བཅས་པའི་ལུས་དང་ངག་ཡིད་གསུམ་གྱི་ལས་ཁ་ན་མ་ཐོ་བ་ཞེས་བྱ་སྟེ། དམིགས་པ་དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་དུ་འགྱུར་བའི་ཕྱིར་དེ་ལྟ་བུའི་གོ་སྐབས་མི་དབྱེའོ་ཞེས་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས། དོན་དང་ཚིག་དེ་ཉིད་ལས་གླེངས་ཏེ། ཆོས་

རྒྱ་ཆེར་བཤད་པའི་སྐབས་དབྱེ་བའི་ཕྱིར་ལུས་དང་ངག་ཡིད་གསུམ་གྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི། ལུས་དང་ངག་ཡིད་གསུམ་གྱི་ལས་ཁ་ན་མ་ཐོ་བ་གང་ཡིན་པ་བསྟན་པ་སྟེ། ལུས་

དང་ངག་ཡིད་གསུམ་དངོས་པོ་ཡོད་པར་དམིགས་པ་དང་། དེ་དག་གིས་བྱ་ཞིང་བརྩམས་པའི་ལས་དངོས་པོ་ཡོད་པར་ལྟ་བ་ནི། བྱང་ཆུབ་སེམས་དཔའི་སྐྱོན་ཡིན་པས་ཁ་ན་མ་ཐོ་བ་དང་འདྲ་བར་སྤང་བར་བྱ་བ་ཡིན་པའི་ཕྱིར་ཁ་ན་མ་ཐོ་བ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི། ལུས་གང་དང་། ངག་གང་དང་། ཡིད་གང་གིས་འཇུངས་པའི་སེམས་བསྐྱེད་པའམ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་འཇུངས་པ་ལ་སོགས་པ་འབྱུང་བའི་ལུས་དང་ངག་ཡིད་

གསུམ་མི་དམིགས་པ་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་གནས་ངན་ལེན་སྐྱེད་པ་དང་ཞེས་བྱ་བ་ནས། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་

เล่ม ๙๑ · หน้า 73b

ལུས་དང་ངག་ཡིད་གསུམ་གྱི་སྒོ་ནས་ཁ་ན་མ་ཐོ་བ་མི་འབྱུང་བ་དང་། ཅིའི་ཕྱིར་ཁ་ན་མ་ཐོ་བ་མི་འབྱུང་བའི་གཏན་ཚིགས་བསྟན་པ་སྟེ། ཡིད་ཀྱི་གནས་ངན་ལེན་སྐྱེད་པ་ཙམ་དུ་ནི་ཤེས་པར་མི་བྱ་སྟེ། དེ་ནི་གནས་མེད་པའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལ་ལུས་དང་ངག་ཡིད་

གསུམ་གྱི་སྒོ་ནས་དམིགས་པ་དང་བཅས་པའི་སྐྱོན་དེ་ལྟ་བུ་འབྱུང་མི་སྲིད་དོ་ཞེས་བྱ་བའི་དོན་ཏེ། གནས་ངན་ལེན་ཞེས་བྱ་བ་དང་། ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་འཕྱས་སུ་འགྱུར་བའམ། སྐྱོན་དུ་འགྱུར་བའི་རྣམ་གྲངས་སུ་རིག་པར་བྱའོ། །ལུས་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་ངོ་ཞེས་

བྱ་བ། བྱང་ཆུབ་སེམས་དཔའ་ནི་ལུས་ཀྱི་སྐྱོན་དག་པར་བྱེད་ཅིང་མེད་པར་བྱེད་པ་ཡིན་གྱི། སྐྱོན་དེ་ལྟ་བུ་སྐྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཀྱི་གནས་ངན་ལེན་སྦྱོང་བ་ལགས་ཞེས་བྱ་བ་

ལ་སོགས་པ་ནི། ཆོས་ཉན་པའི་འཁོར་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར། ལུས་དང་ངག་ཡིད་གསུམ་གྱི་གནས་ངན་ལེན་ཇི་ལྟར་སྦྱོང་ཞེས་ཞུས་པ་དང་། ལུས་དང་ངག་ཡིད་གསུམ་དོན་དམ་པར་མི་དམིགས་པ་ཉིད་གནས་ངན་ལེན་སྦྱོང་བ་ཡིན་ནོ་ཞེས་བཤད་པའོ། །ཤ་ར་དྭ་

ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ཏེ་གནས་ཤིང་ཞེས་བྱ་བ་ལ་སོགས་པ་ནི། ཀུན་རྫོབ་ཏུ་ལུས་དང་ངག་ཡིད་གསུམ་གྱི་སྐྱོན་མེད་པ་རྣམ་པ་གཞན་དུ་བསྟན་པ་སྟེ།

བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་ནས་དགེ་བ་བཅུ་ལ་གནས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མི་སྐྱེ་བར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་ཡང་། ལུས་དང་ངག་ཡིད་གསུམ་གྱི་སྐྱོན་སྦྱོང་བ་ཡིན་ནོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་ཞིང་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་ཞིང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་དེ་ལྟ་བུ་དག་ཀྱང་ཡོད་དོ་

เล่ม ๙๑ · หน้า 74a

ཞེས་བརྩོན་པའི་རབ་ཏུ་དབྱེ་བ་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ལགས་ཞེས་བྱ་བ་ནི། གང་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་དག་ཀྱང་ཡོད་

དོ་ཞེས་བཤད་པ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་མ་གཏོགས་པར་བྱང་ཆུབ་ཀྱི་ལམ་གཞན་གང་ཞིག་ཡོད་སྙམ་ནས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། འདི་ལྟར་ཆོས་ཐམས་ཅད་ལ་དམིགས་པ་མེད་ཅིང་། བླང་བ་མེད་པ་དང་། དོར་བ་མེད་པའོ་

ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་ཀྱི་ལམ་གང་ཡིན་པ་བསྟན་པ་སྟེ། ལུས་དང་ངག་ཡིད་གསུམ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས་དངོས་པོ་ཡོད་པར་མི་བལྟ་སྟེ། དེ་དག་ལ་མི་དམིགས་པ་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་

ལམ་ཞེས་བྱའོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་དེ་ལྟ་བུས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ནན་ཏན་དུ་བྱེད་པ་དེ་དག་ནི་སུས་ཀྱང་ཐུབ་པ་མེད་དོ་ཞེས་བྱ་བས་ནི། ཆོས་ཐམས་ཅད་མི་དམིགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་

དེ་ལ་བདུད་དང་བར་དུ་གཅོད་པ་སུས་ཀྱང་མི་ཚུགས་སོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཇི་ལྟ་བུར་སྤྱོད་པ་རྣམས་ཐུབ་པ་མ་མཆིས་པ་ལགས་ཞེས་བྱ་བ་ནི། གོང་དུ་ཅིས་ཀྱང་མི་ཚུགས་པའི་ཡོན་ཏན་མདོར་

བཤད་པ་དེ་ཉིད་རྒྱས་པར་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་ལ་རློམ་སེམས་མེད་པ་དང་ཞེས་བྱ་བ་ནས། མྱ་ངན་

ལས་འདས་པ་ལ་རློམ་སེམས་མེད་པར་འགྱུར་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་བ་ཡིན་ཏེ་སུས་ཀྱང་ཐུབ་པ་མེད་དོ་ཞེས་བྱ་བའི་བར་དུ་ནི། འདུས་བྱས་དང་འདུས་མ་བྱས་པའི་ཆོས་གང་ལ་ཡང་དངོས་པོ་ཡོད་པར་མི་

เล่ม ๙๑ · หน้า 74b

སེམས་པར་གྱུར་པ་དེའི་ཚེ། བདུད་དང་ཕས་ཀྱི་རྒོལ་བ་ལ་སོགས་པ་སུས་ཀྱང་མི་ཚུགས་ཤིང་བར་ཆད་བྱེད་མི་ནུས་སོ་ཞེས་བསྟན་པ་སྟེ། རློམ་སེམས་ཞེས་བྱ་བ་ནི་དངོས་པོ་ཡོད་པར་སེམས་ཤིང་དེ་དག་ལ་བརྟེན་པའམ་བསྙེམས་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་ཅིང་ཞེས་བྱ་བ་ནས། དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་མི་འགྱུར་བ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་

ཀྱི་མཐུ་རྒྱ་ཆེར་བསྟན་པའི་ཕྱིར་གནས་བརྟན་ཤ་ར་དྭ་ཏིའི་བུ་ཐེ་ཚོམ་འདྲིར་གཞུག་པའི་སྐབས་དབྱེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཁ་ཅིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ངན་སོང་རྣམས་སུ་མི་སྐྱེ་ཞིང་མི་དབུལ་པོ་དང་དམན་པའི་ལུས་སུ་མི་སྐྱེ་བ་དག་ཀྱང་

ཡོད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་མི་འགྱུར་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གང་ལགས་ཞེས་བྱ་བའི་བར་དུ་ཐམས་ཅད་མཁྱེན་

པའི་ཡེ་ཤེས་དེ་ནི་དེ་བཞིན་གཤེགས་པ་ལ་མངའི། བྱང་ཆུབ་སེམས་དཔའ་ལ་མི་མངའ་བའི་རིགས་ན། བྱང་ཆུབ་སེམས་དཔའ་ལ་མངའ་བའི་ཡེ་ཤེས་དེ་གང་ལགས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་གི་ཡོན་

ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་མང་པོ་མཐོང་བ་དང་། དེ་དག་ལས་ཆོས་ཉན་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་འགྲོགས་པ་དང་། སངས་རྒྱས་ཀྱི་

ཞིང་ཡོངས་སུ་དག་པ་མཐོང་བར་ནུས་པའི་ཡེ་ཤེས་ཡོད་དེ། ཡེ་ཤེས་དེ་ལྟ་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུའི་གཙོ་བོར་གྱུར་པའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་ནོ་ཞེས་བཤད་དོ། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་

เล่ม ๙๑ · หน้า 75a

ཆེན་པོ་ནི། སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་དུ། ཡེ་ཤེས་དེ་ལྟ་བུ་དང་

ལྡན་ན་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ལ་སྤྱོད་ཅིང་བསྒོམ་ཡང་དོན་དམ་པར་ཆོས་དེ་གང་ལ་ཡང་དངོས་པོའི་འདུ་ཤེས་མི་སྐྱེ་བ་དང་། དངོས་པོར་མི་དམིགས་པ་དང་། དངོས་པོ་ཡོད་པར་མི་ལྟ་བའི་ཡོན་ཏན་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་ལྔ་རབ་ཏུ་ཐོབ་པ་དང་། ཡོངས་སུ་སྦྱོང་བ་ཡོད་དོ་ཞེས་བྱ་བ་ལ་སོགས་པས། བྱང་ཆུབ་སེམས་དཔའ་ལ་ལ་སྤྱན་ལྔ་དང་ལྡན་པ་ཡང་ཡོད་དོ་ཞེས་བརྩོན་པའི་རབ་ཏུ་དབྱེ་བ་བསྟན་པ་སྟེ། སྔར་སྤྱན་ལྔ་བསྟན་

པ་ནི། དེ་བཞིན་གཤེགས་པའི་སྤྱན་ལྔའི་སྐབས་སུ་བསྟན་པ་འདིར་ནི་བྱང་ཆུབ་སེམས་དཔའི་སྤྱན་ལྔར་བཤད་པའི་སྐབས་སུ་བསྟན་པས་ལན་གཉིས་སུ་ཟློས་པའི་ཉེས་པ་མེད་དོ། །དེ་ལ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གིས་དཔག་ཚད་བརྒྱ་

མཐོང་བ་ཡོད་དོ་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་བྱང་ཆུབ་སེམས་དཔའི་ཤའི་མིག་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་ས་མཐོན་དམན་དང་། ཡོན་ཏན་ཆེ་ཆུང་གི་རིམ་པ་

ལས། ལ་ལའི་ཤའི་མིག་གིས་ནི་དཔག་ཚད་བརྒྱ་ཚུན་ཆད་མཐོང་། ལ་ལས་ནི་དཔག་ཚད་སྟོང་མཐོང་། ལ་ལས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་མཐོང་བ་ཡང་ཡོད་དེ། མདོར་ན་དངོས་པོ་གཟུགས་ཅན་དུ་གཏོགས་པ་ཐམས་ཅད་ལ་ཐོགས་པ་མེད་

པར་མཁྱེན་པ་འཇུག་པ་ནི་བྱང་ཆུབ་སེམས་དཔའི་ཤའི་མིག་ཅེས་བྱའོ། །ཤ་ར་དྭ་ཏིའི་བུ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་

เล่ม ๙๑ · หน้า 75b

ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའི་ལྷའི་མིག་ཡོངས་སུ་དག་པ་བཤད་པ་སྟེ། བྱང་ཆུབ་སེམས་དཔའི་ལྷའི་མིག་ཡོངས་སུ་དག་པས་ནི། འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ལྷའི་རིས་ཀྱི་ལྷའི་མིག་ཅི་འདྲ་བ་དང་དེ་དག་གི་སྤྱོད་ཡུལ་དང་། ལྷ་དེ་

དག་གི་བསམ་གཏན་དང་། ཏིང་ངེ་འཛིན་དང་། ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་། ཚེ་འཕོས་པ་རྣམས་ཐོགས་པ་མེད་པར་ཤེས་ཤིང་། འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱིས་ནི། བྱང་ཆུབ་སེམས་དཔའི་ལྷའི་སྤྱན་ཅི་འདྲ་བ་དང་། དེའི་སྤྱོད་

ཡུལ་ཤེས་པར་མི་ནུས་སོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མིག་དང་ལྡན་པས་ཞེས་བྱ་བ་ནས། འདི་ནི་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ནི།

བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་བསྟན་པ་སྟེ། མདོར་ན་འདུས་བྱས་པ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་ཐམས་ཅད་ལ། ཤེས་རབ་ཀྱིས་ཐོགས་པ་མེད་པར་འཇུག་ཅིང་མཁྱེན་པ་ལ། ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་ཞེས་བྱའོ། །ཤ་ར་

དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མིག་གིས་ཞེས་བྱ་བ་ནས། དེ་ལྟར་ན་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བའི་བར་དུ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྤྱན་བཤད་པ་སྟེ། འཕགས་

པ་ཉན་ཐོས་རྣམས་ཀྱི་ཉོན་མོངས་པ་སྤང་བ་དང་། སའི་རིམ་པ་ལ་སོགས་པ་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང་། མཐུ་དང་ཡོན་ཏན་ལ་སོགས་པའི་ཆོས་རྣམས་མཁྱེན་པ་ལ་ཆོས་ཀྱི་སྤྱན་ཞེས་བྱའོ། །དེ་ལ་གང་ཟག་འདི་ནི་དད་པའི་རྗེས་སུ་འགྲོ་བ་

ཞེས་བྱ་བ་ནི། འཕགས་པ་ཉན་ཐོས་ཀྱི་གང་ཟག་དབང་པོ་རྟུལ་པོ་དད་པའི་རྗེས་སུ་འབྲང་བ་ལ་བྱའོ། །གང་ཟག་འདི་ནི་ཆོས་ཀྱི་རྗེས་སུ་འགྲོ་བ་ཞེས་བྱ་བ་ནི། དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་ལ་བྱའོ། །གང་ཟག་འདི་ནི་སྟོང་པ་ཉིད་ལ་གནས་པ་སྟེ། གང་ཟག་

เล่ม ๙๑ · หน้า 76a

འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི། ཉན་ཐོས་ཀྱི་གང་ཟག་ཁ་ཅིག་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ནས། དད་པ་ལ་སོགས་པའི་དབང་པོ་ལྔ་ཐོབ་པར་འགྱུར་བ་དག་ཀྱང་ཡོད་དེ་དེ་

ལྟ་བུ་ཤེས་པའོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི། དད་པ་ལ་སོགས་པའི་དབང་པོ་ལྔ་ཐོབ་པའི་མཐུས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱ་བ་ལ་སྦྱོར་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་སྟེ། ཏིང་ངེ་འཛིན་དེའི་མོད་ལ་གཞན་གྱིས་

བར་མ་ཆོད་པར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བའི་ཕྱིར་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ལ་རྣམ་པར་གྲོལ་བའི་ཡེ་

ཤེས་མཐོང་བ་ཞེས་བྱ་བ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ན། འཕགས་པའི་ས་དང་ཟག་པ་མེད་པའི་ཆོས་སྔོན་མ་ཐོབ་ཅིང་མ་མཐོང་བ། ཐོབ་ཅིང་མཐོང་བར་གྱུར་པའི་ཕྱིར་མཐོང་བའི་ལམ་ཞེས་ཀྱང་བྱ་སྟེ། མཐོང་བའི་ལམ་དེ་ལ་སྒྲིབ་པ་དང་མི་མཐུན་པའི་

ཕྱོགས་སྤངས་ཏེ། དེ་དག་ལས་གྲོལ་བའི་ཡེ་ཤེས་ཐོབ་པ་ལ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ་ཞེས་བྱའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་

བསྙེམས་པའི་ཀུན་དུ་སྦྱོར་བ་གསུམ་རབ་ཏུ་སྤོང་བར་འགྱུར་ཏེ་ཞེས་བྱ་བ་ནི། དེ་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ན། ཀུན་དུ་སྦྱོར་བའི་ཆོས་གསུམ་སྤོང་སྟེ། དེ་ལ་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ནི། ཕུང་པོ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཚོགས་པ་ལ་

བདག་གཅིག་པུ་རྟག་པར་བལྟའོ། །ཐེ་ཚོམ་ནི་འཕགས་པའི་བདེན་པ་ལ་ཡིད་གཉིས་ཟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ནི། ཚུལ་ཁྲིམས་སྲུང་བ་དང་། བརྟུལ་ཞུགས་ཀྱི་དཀའ་བ་ཉམས་སུ་བླངས་པ་ཙམ་གྱིས་མྱ་ངན་ལས་འདའ་བ་ཐོབ་པར་འཛིན་པ་སྟེ།

เล่ม ๙๑ · หน้า 76b

ཆོས་དེ་གསུམ་གྱིས་གྲོལ་ཞིང་ཐར་པར་མ་འགྱུར་གྱི་འཁོར་བར་ཀུན་དུ་སྦྱོར་ཞིང་སྐྱེ་བར་འགྱུར་བའི་ཕྱིར། ཀུན་དུ་སྦྱོར་བ་གསུམ་ཞེས་བྱའོ། །གང་ཟག་འདི་ནི་རྒྱུན་དུ་ཞུགས་པ་ཞེས་བྱའོ་ཞེས་བྱ་བ་ནི། དེ་ལྟར་ཡོན་ཏན་གོང་དུ་སྨོས་པ་རྣམས་དང་ལྡན་པ་དེ་ལྟ་བུའི་གང་ཟག་འདི་ནི་རྒྱུན་དུ་

ཞུགས་པ་ཡིན་ནོ་ཞེས་ཤེས་པ་སྟེ། དེ་ལྟ་བུའི་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྤྱན་ནོ་ཞེས་བྱ་བའི་དོན་ཏོ། །དེས་བསྒོམ་པའི་ལམ་རབ་ཏུ་ཐོབ་ནས། འདོད་པའི་འདོད་ཆགས་དང་། ངན་སེམས་རབ་ཏུ་སྲབ་པར་བྱེད་དེ། གང་ཟག་འདི་ནི་ལན་ཅིག་ཕྱིར་འོང་བའོ་ཞེས་

བྱ་བ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་སྟེ། མཐོང་བའི་ལམ་ལ་གནས་པ་ཡན་ཆད་ལ་བསྒོམ་པའི་ལམ་ཞེས་བྱ་སྟེ། ཟག་པ་མེད་པའི་ཆོས་ཇི་ལྟར་མཐོང་བ་དེ་ཉིད་གསལ་བར་བྱ་ཞིང་། མི་མཐུན་པའི་ཕྱོགས་སྤང་བའི་ཕྱིར། ཡང་དང་ཡང་དུ་གོམས་པར་བྱེད་པ་ལ་

བསྒོམ་པའི་ལམ་ཞེས་བྱའོ། །འདོད་པའི་འདོད་ཆགས་ནི། འདོད་པའི་ཁམས་ཀྱི་འདོད་ཆགས་ཀྱི་ཡུལ་རྣམས་ལ་ཞེན་པ་ལ་འདོད་པའི་འདོད་ཆགས་ཞེས་བྱའོ། །ངན་སེམས་ཞེས་བྱ་བ་ནི་ཞེ་སྡང་གིས་སེམས་ཅན་གཞན་ལ་གནོད་པར་སེམས་པའོ། །དེ་ལྟར་བསྒོམ་པའི་

ལམ་ལ་གནས་ཤིང་། འདོད་ཆགས་དང་ཞེ་སྡང་གཉིས་སྤོང་བར་སྦྱོར་བའི་གང་ཟག་དེ་མི་དང་ལྷ་རྣམས་ཀྱི་ནང་དུ་ལན་ཅིག་སྐྱེས་ཏེ། དེ་ཕན་ཆད་མི་དང་ལྷའི་ནང་དུ་མི་སྐྱེ་བ་ལ་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་ནས། འདོད་པའི་

འདོད་ཆགས་དང་། གནོད་སེམས་རབ་ཏུ་སྤོང་བ་ཐོབ་པར་བྱེད་དེ། གང་ཟག་འདི་ནི་ཕྱིར་མི་འོང་བའོ་ཞེས་བྱ་བ་ནི། བསྒོམ་པའི་ལམ་དེ་ཉིད་ལ་གནས་ཏེ་ལན་ཅིག་ཕྱིར་འོང་བའི་ཚེ། འདོད་ཆགས་དང་ཞེ་སྡང་སྲབ་མོར་བྱས་པ་དེ་དག་མ་ལུས་པར་སྤོང་བ་ནི། སླར་ལྷ་དང་མིའི་

ནང་དུ་མི་སྐྱེ་བས་ན་ཕྱིར་མི་འོང་བ་ཞེས་བྱའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་པས། གཟུགས་ཀྱི་འདོད་ཆགས་དང་ཞེས་བྱ་བ་ལ་སོགས་པས། གང་ཟག་དགྲ་བཅོམ་པའི་རྒྱུས་བསྟན་ཏེ། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་།

เล่ม ๙๑ · หน้า 77a

མ་རིག་པ་དང་། ང་རྒྱལ་དང་རྒོལ་བ་སྤངས་པས། དགྲ་བཅོམ་པ་ཐོབ་པར་བསྟན་པ་སྟེ། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་ནི། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་ཁམས་ཀྱི་སྙོམས་

པར་འཇུག་པ་བཞིའི་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པའོ། །མ་རིག་པ་ནི་བསམ་གཏན་དང་། ཏིང་ངེ་འཛིན་ལ་མི་ཤེས་པའི་སྒྲིབ་པའོ། །ང་རྒྱལ་ནི་བསམ་གཏན་དང་ཏིང་ངེ་འཛིན་དེ་དག་ཉིད་བསྙེམས་པའོ། །རྒོད་པའི་བསམ་གཏན་དང་། ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་

པའི་ཚེ། ཞི་གནས་ཀྱི་ཤས་ཆུང་ཞིང་ལྷག་མཐོང་གི་ཤས་ཆེ་བས་སེམས་གཡེང་བ་སྟེ། སྐྱོན་དེ་རྣམས་སྤངས་པས་ཁམས་གསུམ་གྱི་ཉོན་མོངས་པ་དང་བྲལ་བ་ལ། གང་ཟག་དགྲ་བཅོམ་པ་ཞེས་བྱ་སྟེ། གང་ཟག་གི་རིམ་པ་དེ་ལྟ་བུ་དག་ཤེས་པ་ནི། བྱང་ཆུབ་

སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྤྱན་ཞེས་བྱའོ། །གང་ཟག་འདི་ནི་མཚན་མ་མེད་པ་ལ་གནས་པ་སྟེ་ཞེས་བྱ་བ་ནས། གང་ཟག་འདི་ནི་དགྲ་བཅོམ་པའོ་ཞེས་བྱ་བའི་བར་དུ་ཡང་སྔ་མ་བཞིན་ཏེ། ཁྱད་པར་དུ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ་

བསྒོམ་པ་ཙམ་དུ་ཟད་དོ། །གང་ཟག་འདི་ནི་སྨོན་པ་མེད་པ་ལ་གནས་པ་སྟེ་ཞེས་བྱ་བ་ནས་གང་ཟག་འདི་ནི་དགྲ་བཅོམ་པའོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ཡང་

བཤད་པའི་དོན་སྔ་མ་བཞིན་ཏེ། ཁྱད་པར་དུ་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ་རྒྱུན་ཏུ་ཞུགས་པ་ནས། དགྲ་བཅོམ་པའི་བར་དུ་ཐོབ་པར་བྱེད་པ་ཙམ་དུ་ཟད་དེ། དེ་ལྟ་བུ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྤྱན་ཡིན་ནོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་ཅན་དེ་དག་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ་ཞེས་བྱ་བ་ནས། འདི་ནི་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ་ཞེས་

เล่ม ๙๑ · หน้า 77b

བྱ་བའི་བར་དུ། མོས་པས་སྤྱོད་པའི་ས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བའི་ཆོས་ཅན་གང་ཡིན་པ་དེ་དག་ཐམས་ཅད་འགག་པའི་ཆོས་ཅན་དུ་ཤེས་པས་དབང་པོ་ལྔ་ལ་སོགས་པ་ཐོབ་པར་འགྱུར་བ་དེ་ལྟ་བུ་ཤེས་པ་ཡང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་མིག་

ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པ་སྟེ། ཀུན་འབྱུང་བའི་ཆོས་ཅན་ཞེས་བྱ་བ་ནི་སྐྱེ་བའི་ཆོས་ཅན་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མིག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སེམས་

དང་པོ་བསྐྱེད་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ས་དང་པོའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡོན་ཏན་ཤེས་པ་བསྟན་པ་སྟེ།

ཤེས་པ་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ་ཞེས་བཤད་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

ལུང་བསྟན་པའོ་ཞེས་བྱ་བ་ནས། དེ་ལྟར་ན་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། ས་གཉིས་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་དང་། སྤྱོད་པ་དང་། ཡོན་ཏན་རྣམས་

ཤེས་པ་བསྟན་ཏེ། ཤེས་པ་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ་ཞེས་བཤད་པའོ། །ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཞེས་བྱ་

བ་ནས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་སྤྱན་ཡོངས་སུ་དག་པ་བསྟན་པ་

เล่ม ๙๑ · หน้า 78a

སྟེ་སངས་རྒྱས་སུ་མ་གྱུར་པ་ལ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྤྱན་གྱི་ཡོན་ཏན་དེ་ལྟ་བུ་བྱང་ཆུབ་སེམས་དཔའི་ས་བཅུ་ལ་ཡོངས་སུ་སྦྱངས་པའི་རྒྱུས་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་སྤྱན་ཞེས་

བྱའོ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་ཡོངས་སུ་སྦྱང་བར་འདོད་པ་དང་ཐོབ་པར་འདོད་པས་ཞེས་བྱ་བ་ནས། མིག་ལྔ་པོ་དེ་དག་ལ་བསླབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའི་སྤྱན་ལྔ་པོ་དེ་དག་ཐོབ་པ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་ཐོབ་པོ་ཞེས་བསྟན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་སྤྱན་ལྔ་ལ་སོགས་པ་དགེ་

བའི་ཆོས་ཐམས་ཅད་འདུས་པའི་གཏན་ཚིགས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་ལ་ལ་ཞིག་ཡང་དག་པར་སྨྲ་བས་ཞེས་བྱ་བ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་པར་བསྟན་པ་སྟེ། སུ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་

དུ་དགེ་བའི་ཆོས་ཐམས་ཅད་འདུས་སོ་ཞེས་སྨྲ་བ་དེ་ནི་ཡང་དག་པར་སྨྲ་བའམ་བདེན་པར་སྨྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འཐོབ་

སྟེ་ཞེས་བྱ་བ་ནས། མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་རྣམ་པར་འཕེལ་ལོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་བཤད་པ་སྟེ། སྔར་མངོན་པར་ཤེས་པ་བཤད་པ་ནི་

དེ་བཞིན་གཤེགས་པའི་མངོན་པར་ཤེས་པ་སྟེ་མདོར་བསྟན་པའོ། །སྐབས་འདིར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་བསྟན་པ་སྟེ་རྒྱས་པར་བཤད་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

เล่ม ๙๑ · หน้า 78b

ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས། འོང་བ་མེད་པ་དང་། འགྲོ་བ་མེད་པ་ཉེ་བར་བཟུང་བ་དང་། ཡོངས་སུ་འཛིན་པ་མེད་པ་ཉེ་བར་བཟུང་བས་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་བྱ་བའི་བར་དུ་བྱང་

ཆུབ་སེམས་དཔའ་ཁ་ཅིག་སའི་རིམ་པ་ལ་མཐོན་དམན་དང་། སྤྱོད་པ་རྒྱ་ཆེ་ཆུང་གི་བྱེ་བྲག་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱེད་པ་ཡང་ཡོད། ཕ་རོལ་ཏུ་ཕྱིན་པ་གཅིག་གམ། གཉིས་སམ་གསུམ་ལ་སོགས་པ་རྫོགས་པར་བྱེད་པ་ཡང་ཡོད་དོ་ཞེས་

བསྟན་པ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་སྤངས་པ་ལ་བྱ་སྟེ། དོན་དམ་པར་དངོས་པོ་ཡོད་པར་ཡང་སྒྲོ་མི་འདོགས་ལ། ཀུན་རྫོབ་ཏུ་མེད་པར་ཡང་སྐུར་པ་མི་འདེབས་པའི་ཕྱིར་རོ། །ཆགས་པ་

མེད་པའི་སེམས་ཉེ་བར་བཟུང་བས་ཞེས་བྱ་བ་ནི། གཏོང་བ་པོ་དང་ལེན་པ་དང་། སྦྱིན་པར་བྱ་བའི་རྫས་གསུམ་ཆར་ལ་དངོས་པོར་ལྟ་ཞིང་ཞེན་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྒྲོ་འདོགས་ཤིང་སྐུར་པ་འདེབས་པ་མེད་པ་དང་། འཁོར་གསུམ་ཡོངས་སུ་དག་པས་སྦྱིན་པ་

བྱས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཡོངས་སུ་སྦྱོང་བར་འགྱུར་རོ་ཞེས་བྱ་བ་དང་སྦྱར་ཏེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་དག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །

འོང་བ་དང་འགྲོ་བ་མེད་པ་ཉེ་བར་བཟུང་བ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ཞེས་བྱ་བ་སྨོས་པས། ལམ་ཡོད་པ་དང་། འགྲོ་བ་དང་འོང་བ་ཡང་ཡོད་སྙམ་དུ་སེམས་པ་ལས་བཟློག་པའི་ཕྱིར་འོང་བ་མེད་པ་དང་། འགྲོ་བ་མེད་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་

ཅད་ནི་སྐྱེ་བ་ན་ཡང་གང་ནས་ཀྱང་འོང་བ་མེད་པ། འགག་པ་ན་ཡང་གང་དུ་ཡང་འགྲོ་བ་མེད་དེ། དེ་ལྟར་འོང་བ་དང་འགྲོ་བ་མེད་པར་རྟོགས་པ་ཉིད་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་སྦྱིན་པ་ནི་ཡོངས་སུ་འཛིན་པ་ཉེ་བར་བཟུང་བ་ལས་གདགས་སོ་

เล่ม ๙๑ · หน้า 79a

ཞེས་བྱ་བ་ནས། ཤེས་རབ་ནི་ཤེས་རབ་འཆལ་པ་ཉེ་བར་བཟུང་བ་ལས་གདགས་ཏེ་ཞེས་བྱ་བའི་བར་དུ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་སྨོས་པ་ཡང་དོན་དམ་པར་དངོས་པོ་ཡོད་པ་ནི་མ་ཡིན་གྱི། ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པའི་མི་མཐུན་

པའི་ཕྱོགས་སེར་སྣ་ལ་སོགས་པའི་ཟླས་བསྒྲུབས་ཏེ་བཏགས་པ་ཙམ་དུ་ཟད་དོ། །དེ་ནི་བརྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །མ་བརྒལ་ཏོ་ཞེས་བྱ་བ་རློམ་སེམས་མེད་དོ་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སྤངས་ཏེ། དེ་དག་ལས་

ཐར་ཏོ་ཞེས་བྱ་བར་མི་སེམས་སོ་ཞེས་བྱ་བའི་དོན་ཏོ། །སེར་སྣ་ལ་སོགས་པ་དེ་དག་ཉིད་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྦྱིན་པ་བྱེད་དོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྦྱིན་པ་མི་བྱེད་དོ་ཞེས་བྱ་བར་རློམ་སེམས་མེད་དོ་ཞེས་བྱ་བ་ནས། ཤེས་རབ་འཆལ་བ་ཅན་ནོ་ཞེས་བྱ་

བར་རློམ་སེམས་མེད་དོ་ཞེས་བྱ་བའི་བར་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དེ་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་དྲུག་ཅར་ཡང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་དེ་དག་ཏུ་མི་སེམས་སོ་ཞེས་བསྟན་པའོ། །སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ་

ཞེས་བྱ་བ་ལ་སོགས་པས་ནི། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་མ་སྐྱེས་པ་ནི་སྤྱོས་ཞེས་བྱ་བར་རློམ་སེམས་མེད་དོ་ཞེས་བྱ་བ་ལ་སོགས་པས་དེའི་གཏན་ཚིགས་བསྟན་ཏེ། སྤྱོ་བར་བྱ་བ་དང་། སྤྱོ་བར་བྱེད་པ་དང་།

སྤྱོ་བའི་དངོས་པོ་གསུམ་ཆར་དོན་དམ་པར་མ་སྐྱེས་པའི་ཕྱིར་དེ་ལྟར་མི་སེམས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རློམ་སེམས་ཐམས་ཅད་ཡང་དག་པར་གཅོད་པའི་ཕྱིར་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་

སེམས་ཐམས་ཅད་གཅོད་པའི་དོན་སྟོན་པས། དེ་ལ་སྤྱོས་པའི་བྱང་ཆུབ་སེམས་དཔའ་ལ་དེ་ལྟ་བུའི་རློམ་སེམས་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡོན་

เล่ม ๙๑ · หน้า 79b

ཏན་ཇི་སྙེད་ཅིག་ཡོད་པ་དེ་དག་ནི། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མེད་དེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ལ་སོགས་

པའི་ཡོན་ཏན་འོག་ནས་འབྱུང་བ་རྣམས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་མེད་དོ་ཞེས་བསྟན་པ་སྟེ། ཡོན་ཏན་དེ་དག་ཀྱང་གང་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བ་ནས། དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་

ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བསྟན་པའི་ཚེ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པས། སེམས་ཅན་ཡོངས་སུ་

སྨིན་པར་གྱུར་པ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་འཛུམ་པ་མཛད་དོ་ཞེས་བྱ་བ་ནས། ཕྱི་མའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱན་གྱི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་

བར་དུ་ནི། འཁོར་ཡོངས་སུ་སྨིན་པར་འགྱུར་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་བཤད་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་ཆེན་པོའི་བུ་དང་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐུབ་པ་མ་མཆིས་པའོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བསྔགས་ཤིང་བསྟོད་པ་སྟེ། རབ་དང་མཆོག་ཅེས་བྱ་བ་ལ་སོགས་པ་ནི། བཟང་བར་བསྟོད་པའི་རྣམ་གྲངས་སུ་ཟད་དོ། །བཅོམ་ལྡན་འདས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི། མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཡོངས་སུ་བཏང་ངོ་ཞེས་བྱ་བ་ནས། རིགས་ཀྱི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ལ་

เล่ม ๙๑ · หน้า 80a

ཕན་པ་དང་། བདེ་བའི་དོན་དུ་ཞུགས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བསྔགས་པ་བསྟན་པ་སྟེ། མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཡོངས་སུ་བཏང་ངོ་ཞེས་བྱ་བ་ནི། འཁོར་

གསུམ་ཡོངས་སུ་དག་པའི་སྦྱིན་པ་སྔར་ཡོངས་སུ་བཏང་ངོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་གཏོང་ངོ་ཞེས་བྱ་བ་ནི། ད་ལྟའི་དུས་ན་འཁོར་གསུམ་ཡོངས་སུ་དག་པར་གཏོང་བའོ། །ཡོངས་སུ་གཏང་བར་འགྱུར་རོ་ཞེས་བྱ་བ་ནི། ཕྱིས་ཡོངས་སུ་གཏང་བར་འགྱུར་བའོ། །དེའི་སླད་དུ་མི་

མཉམ་པ་དང་མཉམ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ་ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི། མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཡོངས་སུ་བཏང་བ་དང་། གཏོང་བ་དང་གཏང་བར་འགྱུར་བའི་འབྲས་བུ་སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པ་ཡོངས་སུ་རྫོགས་པ་དུས་གསུམ་དུ་སྦྱར་ཏེ་བསྟན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །མི་མཉམ་པ་དང་མཉམ་པའི་གཟུགས་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི། དེ་བཞིན་གཤེགས་པའི་གཟུགས་

དང་ཚོར་བ་ལ་སོགས་པའི་ཕུང་པོ་ལྔ་ནི་འཇིག་རྟེན་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཕུང་པོ་དང་མི་མཉམ་པ་སྟེ། མི་མཉམ་པ་དེ་ལྟ་བུ་དང་མཉམ་པ་ཐོབ་པར་འགྱུར་རོ་ཞེས་བཤད་པ་སྟེ། དེ་བཞིན་གཤེགས་པའི་གཟུགས་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་བལྟ་

བས་མི་ངོམས་པའོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་དུ་བྲལ་བའི་ཚོར་བ་བཏང་སྙོམས་པའོ། །འདུ་བྱེད་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པའི་མངོན་པར་འདུ་བྱེད་པ་མེད་པ་ལྷུན་གྱིས་གྲུབ་པའོ། །རྣམ་པར་ཤེས་པ་ནི་ཡུལ་རྣམ་པར་རིག་པར་བྱེད་པ་མ་ཡིན་པ་ཡེ་

ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་ཏེ། དེ་ལྟ་བུའི་ཕུང་པོ་ལྔ་ནི་འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ་སུ་ལ་ཡང་མེད་པས་མི་མཉམ་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཕུང་པོ་ལྔ་མི་མཉམ་པ་དེ་ལྟ་བུ་

เล่ม ๙๑ · หน้า 80b

དང་མཉམ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། དོན་དམ་པར་ཕུང་པོ་ལྔའི་རང་བཞིན་མ་ཡིན་མོད་ཀྱི། ཕུང་པོ་ལྔས་འདུལ་བའི་སེམས་ཅན་རྣམས་ལ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་ཕུང་པོ་ལྔར་བསྟན་ཏོ། ཕུང་

པོ་ལྔ་པོ་དེ་དག་ཀྱང་མཚན་ཉིད་འདི་ཁོ་ན་ཡིན་ནོ་ཞེས་སུས་ཀྱང་ཐོག་ཏུ་མི་ཕེབས་ཤིང་། བསམ་གྱིས་མི་ཁྱབ་པ་ལ་མི་མཉམ་པ་ཞེས་བྱ་སྟེ། མི་མཉམ་པ་དེ་ལྟ་བུ་ཐོབ་པར་འགྱུར་བ་ལ། མི་མཉམ་པ་དང་མཉམ་པའི་གཟུགས་དང་ཚོར་བ་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །

མི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། མིའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་བདག་དང་གཞན་རྣམས་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། སྤྱོད་དུ་བཅུག་པས་དེའི་འབྲས་བུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་མཐོ་རིས་དང་། མྱ་ངན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་རོ་ཞེས་བསྟན་པ་སྟེ། ཡང་དག་པར་བྲལ་བའི་བདེ་བ་ཡང་རུང་སྟེ་ཞེས་བྱ་བ་ནི། མྱ་ངན་

ལས་འདས་པའི་ཚེ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་ཀ་དང་ལེགས་པར་བྲལ་བའི་ཕྱིར། མྱ་ངན་ལས་འདས་པ་ཉིད་ལ་ཡང་དག་པར་བྲལ་བ་བདེ་བ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ་ཞེས་བྱ་བ་ནས།

ཤ་ར་དྭ་ཏིའི་བུའི་ལེའུ་ལ་ཐུག་གི་བར་དུ་འོད་འཕྲོ་བ་དགྱེ་བ་མཛད་དེ། སྔར་འོད་འཕྲོ་བ་བཀྱེ་བས་འཁོར་བསྡུས་པ་རྣམས་ཀྱི་ལྷག་མ་རྣམས་འོད་འཕྲོ་འདིས་བསྡུས་ནས་ཡོངས་སུ་སྨིན་པར་བྱས་ཏེ་ལུང་བསྟན་པ་བཤད་པའོ། །དེ་ཡན་ཆད་དུ་ནི་གང་གི་ཕྱིར་བརྩོན་པར་བྱ་བ་དང་། ཇི་ལྟར་

เล่ม ๙๑ · หน้า 81a

བརྩོན་པར་བྱ་བ་དང་། བརྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་དང་། བརྩོན་པར་བྱེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམས། བཅོམ་ལྡན་འདས་ཀྱིས་བཤད་པ་དང་། ཤ་ར་དྭ་ཏིའི་བུས་གླེང་བསླང་སྟེ་ཞུས་པ་བསྟན་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འབུམ་པ་རྒྱ་ཆེར་བཤད་པ་ལས་ཤཱ་རིའི་བུའི་ལེའུ་སྟེ་གཉིས་པའོ།། །།ད་ནི་བརྩོན་པ་ལ་གདམས་པ་བཤད་པར་བྱ་སྟེ། བརྩོན་པ་ལ་གདམས་པ་དེ་ཡང་འཕགས་པ་རབ་འབྱོར་གྱིས་ཞུས་ཏེ་བཤད་པ། སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་མང་དུ་ཡོད་པར་གཟིགས་

ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩོམ་སྟེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་འབྱུང་བར་འགྱུར་བ། དེ་ལྟ་བུའི་ཆོས་ཀྱི་གཏམ་བྱ་བར་སྤོབས་པ་སྐྱེད་ཅིག་ཅེས་བཀའ་སྩལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་དེའི་དོན་རྟོགས་པས། གོ་འཕང་མཐོན་པོར་འགྱུར་བ་ལ་འབྱུང་བ་ཞེས་

བྱའོ། །ཆོས་ཀྱི་གཏམ་ཞེས་བྱ་བ་ནི། བརྩོན་པ་ལ་གདམས་པའི་ཆོས་བཤད་པ་འོག་ནས་འབྱུང་བ་ལ་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷའི་བུ་དེ་དག་འདི་སྙམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཉན་པའི་

འཁོར་བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་དག་འདི་སྙམ་དུ་གནས་བརྟན་རབ་འབྱོར་འདི་ཉན་ཐོས་ཡིན་པས། ཉན་ཐོས་ཀྱི་ཐེག་པའི་ཆོས་རྣམས་ཤེས་པ་ཙམ་དུ་ཟད་ན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་བྱེད་དུ་བཅུག་པ་འདི་རང་གི་བློས་སྟོན་ཏམ། དེ་བཞིན་

གཤེགས་པའི་བྱིན་གྱི་རླབས་ཀྱིས་སྟོན་སྙམ་དུ་ཐེ་ཚོམ་ཟ་བ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ནི། ཉན་ཐོས་དང་རང་སངས་

เล่ม ๙๑ · หน้า 81b

རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། གནས་བརྟན་རབ་འབྱོར་གྱིས་འཁོར་རྣམས་ཀྱི་རྟོག་པ་སེམས་ཀྱིས་རྟོགས་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་བྱ་བ་འདི་ནི་བདག་གི་ཤེས་རབ་དང་སྤོབས་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་མཐུས་སྟོན་

ཏོ་ཞེས་བཤད་པ་སྟེ། གནས་བརྟན་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ཏེ། བསྐལ་པ་གྲངས་མེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་ཡིན་མོད་ཀྱི། ཉན་ཐོས་ཀྱི་ཐེག་པ་ལ་གནས་ཤིང་དགེ་སློང་གི་ཚུལ་གྱིས་

འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ། ཉན་ཐོས་ཀྱི་ཚུལ་དུ་བསྟན་པས་བདག་ཉིད་ཀྱི་ཚིག་ཡིན་པ་སྐད་བྱས་ནས། འཁོར་གྱི་ནང་ན་ཁ་ཅིག་མ་གུས་ཤིང་མ་དད་པར་འགྱུར་དུ་དོགས་པའི་ཕྱིར། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་ཡིན་གྱི། བདག་གི་ཚིག་མ་ཡིན་ནོ་ཞེས་བསྟན་

ཏོ། །ཤ་ར་དྭ་ཏིའི་བུ་འདི་ནི་དེ་བཞིན་གཤེགས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱིས་སྟོན་པ་མཛད་ཀྱི་ཞེས་བྱ་བ་ནི། དེ་ལྟར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་མཐུས། རབ་འབྱོར་ཆོས་ཀྱི་གཏམ་

བྱེད་དུ་བཅུག་པ་ཉིད་ལ་ཐབས་ཀྱིས་སྟོན་པ་མཛད་པ་ཞེས་བྱའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་འདི། ཆོས་གང་གི་

ཚིག་བླ་དགས་ལགས་ཞེས་བྱ་བ་ལ་སོགས་པ་ནི། གནས་བརྟན་རབ་འབྱོར་གྱིས་མིང་དང་བརྡར་གདགས་པ་ཙམ་གྱིས་བརྩོན་པ་ལ་གདམས་པ་དང་། སེམས་ཅན་མི་དམིགས་པས་བརྩོན་པ་ལ་གདམས་པ་དང་། ཚིག་བླ་དགས་མི་དམིགས་པས་བརྩོན་པ་ལ་གདམས་པ་དང་།

ཆོས་ཐམས་ཅད་མི་དམིགས་པས་བརྩོན་པ་ལ་གདམས་པ་དང་། གདམས་པ་བཞིའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་དེ་ལྟ་བུ་བདག་གིས་ཡང་དག་པར་རྗེས་སུ་མི་མཐོང་

เล่ม ๙๑ · หน้า 82a

ངོ་ཞེས་བྱ་བ་ལ་སོགས་པ་ནི། རབ་འབྱོར་གྱིས་དོན་དམ་པའི་བདེན་པ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དོན་དམ་པར་དམིགས་སུ་མེད་ན་སུ་ཞིག་གང་ལ་གདམས་པར་བྱ་ཞེས་ཞུས་པའོ། །རབ་འབྱོར་འདི་

ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མིང་དུ་བྱ་བ་དེ་དག་ནི་མིང་ཙམ་སྟེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བ་ནས། རབ་འབྱོར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མིང་དང་བརྡར་བྱས་པའི་ཆོས་སུ་གདགས་པ་རྣམས་དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་བར་དུ་ནི། མིང་དང་བརྡར་གདགས་པ་ཙམ་གྱིས་བརྩོན་པ་ལ་གདམས་པ་བསྟན་པ་སྟེ། རབ་འབྱོར་འདི་ལྟ་སྟེ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མིང་དུ་བྱ་བ་དེ་དག་ནི་མིང་ཙམ་སྟེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བ་འདིས། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་དང་།

དོན་དམ་པའི་བདེན་པ་གཉིས་ཀ་ལ་བརྟེན་ནས་བཀའ་སྩལ་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་དོན་དམ་པར་ཕྱི་དང་ནང་དང་། ཕྱི་ནང་གཉིས་ཀ་མ་ཡིན་པ་ན་ཡང་དམིགས་སུ་མེད་མོད་ཀྱི། ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། མིང་དང་བརྡ་ཙམ་དུ་

གདགས་པས་གདམས་ཤིང་རྗེས་སུ་བསྟན་པར་བྱའོ་ཞེས་བཤད་པའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་སེམས་ཅན་སེམས་ཅན་ཞེས་བྱ་བར་མིང་དུ་གདགས་པའི་མིང་དེ་ནི་བཏགས་པ་ཙམ་སྟེ་ཞེས་བྱ་བ་ནས། རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་

དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་མིང་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི། མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་བཏགས་པ་མ་གཏོགས་པར་སྐྱེ་བའམ། འགག་པ་མེད་དེ།

เล่ม ๙๑ · หน้า 82b

མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི། མུ་སྟེགས་ཅན་གྱིས་བདག་དང་། སེམས་ཅན་དང་། གང་ཟག་ལ་སོགས་པར་བཏགས་པ་རྣམས་ཡང་དག་པར་ཡོད་པ་མ་ཡིན་ཡང་། ཀུན་རྫོབ་ཏུ་བདག་དང་

སེམས་ཅན་ཞེས་བྱ་བ་ལ་སོགས་པར་མིང་དང་བརྡར་བཏགས་པ་སྟེ། བཤད་ཅིང་སུན་དབྱུང་བ་བཞིན་དུ། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་མིང་ཡང་དོན་དམ་པར་ཡོད་པ་མ་ཡིན་དུ་ཟིན་ཀྱང་། ཀུན་རྫོབ་ཏུ་མིང་དང་བརྡར་

ཐ་སྙད་དུ་བཏགས་ཏེ་བཤད་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནང་གི་གཟུགས་ཞེས་མིང་དུ་བྱ་བ་ནི། ཆོས་སུ་བཏགས་པ་ཙམ་དུ་ཟད་དེ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གང་འདི་ཕྱི་རོལ་གྱི་རྩྭ་དང་། ཤིང་དང་། ཡལ་ག་དང་།

ལོ་མ་དང་། འདབ་མ་ཞེས་བྱ་བ་དེ་དག་ཐམས་ཅད་ཀྱང་མིང་སྣ་ཚོགས་ཀྱིས་ཐ་སྙད་དུ་བརྗོད་དེ། དེ་དག་ཀྱང་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ། འགག་པ་མེད་དེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་

པར་ཡང་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་ཆོས་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་དང་། ནང་གི་ལུས་ཀྱི་རྣམ་པ་དང་། ཕྱི་རོལ་གྱི་རྩི་ཤིང་ལ་སོགས་པ་དོན་དམ་པར་ཡོད་པ་མ་ཡིན་ཡང་། ཀུན་རྫོབ་ཏུ་མིང་དང་བརྡར་ཐ་

སྙད་དུ་བཏགས་ཏེ་བརྗོད་པ་བཞིན་དུ། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མིང་དང་བརྡ་ཙམ་དུ་བཏགས་ཏེ་གདམས་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་ཙམ་ཞིག་ཡོད་

པ་ཡང་ཞེས་བྱ་བ་ལ་སོགས་པ་ནི། སྤྲུལ་པའི་སྐུ་འདས་པའི་མཚན་དང་། རྨི་ལམ་ལ་སོགས་པ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་མ་གྲུབ་ཀྱང་ཐ་སྙད་དུ་བརྗོད་པའི་དཔེས། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཀུན་རྫོབ་ཏུ་ཐ་སྙད་དུ་བརྗོད་ཅིང་གདམས་པར་བྱའོ་ཞེས་བསྟན་

เล่ม ๙๑ · หน้า 83a

པ་སྟེ། དེ་བས་ན་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིང་དང་བརྡར་བཏགས་པ་དང་། གདམས་ངག་ཏུ་བཏགས་པ་དང་། ཆོས་སུ་བཏགས་པ་ལ་སློབ་པར་བྱའོ་ཞེས་བྱ་བས་དོན་དམ་

པར་བྱང་ཆུབ་སེམས་དཔའ་ལ་སོགས་པ་དངོས་པོར་མ་གྲུབ་ཀྱང་། ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། མིང་དང་བརྡ་ཙམ་དུ་བཏགས་ཏེ། གདམས་པ་ལ་སློབ་པར་བྱའོ་ཞེས་དོན་གྱིས་མཇུག་བསྡུས་ཏེ་བསྟན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ནི། གཟུགས་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་སྨོས་པ་ལྟར། ཆོས་ཐམས་ཅད་བཏགས་པ་ཙམ་དུ་ཟད་པར་སློབ་ཅིང་། འདོམས་པའི་འབྲས་བུ་རྣམ་པར་རྟོག་

པ་ཐམས་ཅད་སྤངས་པར་འགྱུར་བ་བསྟན་པ་སྟེ། དེ་ལ་གཟུགས་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། གཟུགས་ཞེས་བྱ་བ་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་

བའི་བར་དུ་ནི། མུ་སྟེགས་ཅན་རྣམས་གཟུགས་ལ་རྟག་པ་དང་། བདེ་བ་དང་། བདག་ཡོད་པ་དང་། མ་ཞི་བའི་བདག་ཉིད་དུ་ཡོད་པར་རྟོག་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་གཟུགས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བའི་

དངོས་པོར་ཡོད་པར་རྟོག་པ་དེ་དག་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གདམས་པ་ལ་སློབ་པ་རྣམས་ལ་དེ་ལྟ་བུའི་རྣམ་པར་རྟོག་པ་མི་འབྱུང་བར་བསྟན་པའོ། །གཟུགས་ཞེས་བྱ་བ་སྟོང་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། གཟུགས་ཞེས་བྱ་བ་

སྨོན་པ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་དུ་ནི། རྣམ་པར་ཐར་པའི་སྒོ་གསུམ་དང་། དེ་དག་གི་མི་མཐུན་པའི་ཕྱོགས་རྣམས་སུ་རྣམ་པར་རྟོག་པ་མི་འབྱུང་བ་བསྟན་པ་སྟེ། མུ་སྟེགས་ཅན་རྣམས་ནི། གཟུགས་ལ་མི་སྟོང་པ་དང་། མཚན་མ་དང་བཅས་

เล่ม ๙๑ · หน้า 83b

པ་དང་། སྨོན་པ་ཡོད་པར་རྟོག །ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི། གཟུགས་ལ་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དངོས་པོར་རྟོག་གི །བྱང་ཆུབ་སེམས་དཔའ་ལ་དེ་ལྟ་བུའི་རྟོག་པ་མི་འབྱུང་ངོ་ཞེས་བསྟན་ཏོ། །གཟུགས་ཞེས་བྱ་བ་འདུས་བྱས་

སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། གཟུགས་ཞེས་བྱ་བ་མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་དུ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཆོས་རྣམས་ལ་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་དངོས་པོར་རྣམ་པར་རྟོག་པ་རྣམས། བྱང་ཆུབ་སེམས་

དཔའ་ཆོས་ཐམས་ཅད་བཏགས་པ་ཙམ་དུ་སློབ་ཅིང་། བརྩོན་པ་ལ་གནས་པར་བྱེད་པ་རྣམས་ལ་མི་འབྱུང་བ་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཆོས་རྣམས་ལ་སོ་སོར་རྟོག་པ་ན། མི་མཐུན་པའི་ཕྱོགས་ཀྱི་དངོས་པོར་རྟོག་པ་ནི། གཟུགས་ལ་འདུས་བྱས་དང་།

ཀུན་ནས་ཉོན་མོངས་པ་དང་། སྐྱེ་བ་དང་། མི་དབེན་པ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཟག་པ་དང་བཅས་པ་དང་། ཉོན་མོངས་པ་དང་བཅས་པ་དང་། འཇིག་རྟེན་པ་དང་། འཁོར་བར་རྟོག་པའོ། །དེའི་གཉེན་པོའི་དངོས་པོར་སོ་སོར་རྟོག་པ་ནི།

འདུས་མ་བྱས་པ་དང་། རྣམ་པར་བྱང་བ་དང་། འགག་པ་དང་། དབེན་པ་དང་། དགེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་མེད་པ་དང་། འཇིག་རྟེན་ལས་འདས་པ་དང་། མྱ་ངན་ལས་འདས་པར་སོ་སོར་རྟོག་པ་རྣམས། བྱང་ཆུབ་སེམས་

དཔའ་ཆོས་ཐམས་ཅད་བཏགས་པ་ཙམ་དུ་སློབ་ཅིང་འདོམས་པ་ལ་མི་འབྱུང་བར་བསྟན་ཏོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་དང་། ཁམས་

རྣམས་འདུས་པ་ལས་བྱུང་བའི་རེག་པ་དང་། རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་རྣམས་ལ་ཡང་། མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་དངོས་པོར་རྣམ་པར་རྟོག་པ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་འབྱུང་གི །བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་

เล่ม ๙๑ · หน้า 84a

བཏགས་པ་ཙམ་དུ་རྟོགས་ཤིང་། བརྩོན་པ་ལ་འདོམས་པ་རྣམས་ལ་མི་འབྱུང་བར་བསྟན་པ་ཡང་། ཚོར་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དང་། བྱང་ཆུབ་སེམས་དཔའི་མིང་དེ་འདུས་བྱས་ཀྱི་ཁམས་ན་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་མ་བྱས་ཀྱི་ཁམས་ན་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ཡན་

ཆད་ཀྱིས་བསྟན་ཏེ། ཇི་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ལ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་དངོས་པོར་རྣམ་པར་རྟོག་པ་མི་འབྱུང་བ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་

དཔའི་མིང་ཡང་ཀུན་རྫོབ་ཏུ་བརྡ་དང་། ཐ་སྙད་ཙམ་དུ་བཏགས་ཏེ་བརྩོན་པ་ལ་འདོམས་ཀྱི། དོན་དམ་པར་ནི་དེ་དག་ཀྱང་འདུས་བྱས་དང་། འདུས་མ་བྱས་པའི་ཁམས་ན་ཡོད་པའམ། འདུས་བྱས་དང་འདུས་མ་བྱས་པའི་རང་བཞིན་དུ་ཡོད་པའི་རྣམ་པར་རྟོག་པ་མི་འབྱུང་ངོ་ཞེས་བྱ་བའི་དོན་

ཏོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་སྟེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིང་དང་བརྡར་བྱ་བའི་ཆོས་ཀྱི་གདགས་པ་ཁོང་དུ་ཆུད་པར་བྱ་སྟེ་ཞེས་བྱ་བའི་བར་དུ། དེ་ལྟར་རྣམ་པར་རྟོག་པ་མི་འབྱུང་བའི་གཏན་ཚིགས་བསྟན་པ་སྟེ། ཆོས་དེ་དག་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་སྟེ་ཞེས་བྱ་བ་ནི།

ཕུང་པོ་དང་ཁམས་ལ་སོགས་པ་གོང་དུ་སྨོས་པའི་ཆོས་དེ་དག་ལ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་དངོས་པོར་མི་རྟོག་ཅིང་རྣམ་པར་མི་རྟོག་པར་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་མི་རྟོག་པའི་ཆོས་ལ་གནས་ཤིང་།

เล่ม ๙๑ · หน้า 84b

དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དེ་དོན་དམ་པར་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་མི་རྟོག་པའི་ཆོས་ལ་གནས་ནས་ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་

བྱ་བའི་ཕྱིར་མིང་དང་བརྡ་ཙམ་དུ་གདགས་པས། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་

མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཡང་། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ཙམ་ཞིག་ཡིད་ལ་བྱ་བ་མ་གཏོགས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སོགས་པ་དོན་དམ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་བསྒོམ་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་བསྒོམ་པའི་བར་དུ་སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་ཡིན་ཏེ་ཞེས་བྱ་བ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དོན་དམ་པར་ཡང་དག་པར་རྗེས་སུ་མ་མཐོང་བ་ཉིད་ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་ལེགས་པར་རྟོགས་ཤིང་ཁོང་དུ་ཆུད་པ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་རྟོགས་པ་གང་ཡིན་པ་དེ་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར། སོ་སོའི་སྐྱེ་བོའི་

ཚེ་ཡང་ཉོན་མོངས་པར་མི་འགྱུར་ལ། འཕགས་པའི་ཚེ་ཡང་རྣམ་པར་བྱང་བར་མི་འགྱུར་ཏེ། དེ་བཞིན་ཉིད་ནི་རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

เล่ม ๙๑ · หน้า 85a

པའི་ཚེ། མིང་དང་བརྡར་བྱ་བའི་ཆོས་ཀྱི་གདགས་པ་ཁོང་དུ་ཆུད་པར་བྱ་སྟེ་ཞེས་བྱ་བ་ནི། དེ་ལྟར་བརྩོན་པ་ལ་གདམས་པའི་ཡོན་ཏན་མཇུག་བསྡུས་ནས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་མི་དམིགས་ཤིང་བརྗོད་དུ་མེད་ཀྱང་། ཀུན་རྫོབ་ཏུ་མིང་བརྡ་ཙམ་

དུ་གདགས་པ་ཁོང་དུ་ཆུད་པར་བྱ་སྟེ་བརྩོན་པ་ལ་གདམས་པར་བྱའོ་ཞེས་བསྟན་པའོ། །དེ་ལྟར་དེས་མིང་དང་བརྡར་བྱ་བའི་ཆོས་སུ་གདགས་པ་ཁོང་དུ་ཆུད་ནས། གཟུགས་ལ་ཆགས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་ཆགས་པར་འགྱུར་

བ་མེད་དོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཀུན་རྫོབ་ཏུ་མིང་དང་བརྡ་ཙམ་དུ་ཐ་སྙད་དུ་གདགས་ཏེ་བརྩོན་པ་ལ་གདམས་པ་བྱེད་ཀྱང་། དོན་དམ་པར་ཆོས་གང་ཡང་རྗེས་སུ་མ་མཐོང་སྟེ། རྣམ་པར་མི་རྟོག་པ་ལ་གནས་པའི་འབྲས་བུ་གཟུགས་ལ་སོགས་པའི་འཇིག་རྟེན་དང་། འཇིག་རྟེན་

ལས་འདས་པའི་ཆོས་ཐམས་ཅད་ལ་ཆགས་པར་མི་འགྱུར་བ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ཆགས་པར་བྱེད་པའམ། གང་གིས་ཆགས་པར་བྱ་བའམ། གང་ལ་ཆགས་པར་བྱ་བ་དེ་ལྟ་བུའི་ཆོས་ཐམས་ཅད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དེ་ལྟར་

ཆགས་པར་མི་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། གང་ཆགས་པར་བྱེད་པའི་མིང་དང་གང་གིས་ཆགས་པར་འགྱུར་བའི་འདོད་ཆགས་དང་། གང་ལ་ཆགས་པར་བྱ་བའི་དངོས་པོ་དེ་དག་ཐམས་ཅད་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པའོ། །རབ་འབྱོར་དེ་

ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ་ཞེས་བྱ་བ་ནས། གཟུངས་ཀྱི་སྒོ་རྣམས་ཀྱང་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི།

དེ་ལྟར་ཆོས་ཐམས་ཅད་ལ་མ་ཆགས་པར་སྤྱད་པའི་འབྲས་བུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་རྣམས་ཐོབ་པར་འགྱུར་བ་བསྟན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མིང་དང་བརྡར་

เล่ม ๙๑ · หน้า 85b

བྱ་བའི་ཆོས་སུ་གདགས་པ་རྣམས་དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི། ཆོས་རྣམས་མིང་དང་བརྡར་ཐ་སྙད་དུ་བཏགས་ཏེ་བརྩོན་པ་ལ་གདམས་པ་མཇུག་བསྡུས་ཏེ་བསྟན་པའོ། །དེ་ལྟར་བཏགས་པའི་གདམས་པ་བསྟན་ནས། དེ་ནི་སེམས་ཅན་མི་དམིགས་པའི་གདམས་པ་

བསྟན་པར་བྱ་སྟེ། དེ་ཡང་གནས་བརྟན་རབ་འབྱོར་གྱིས་བརྩོན་པ་ལ་གདམས་པ་དང་པོ་ཞུས་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སྨོས་ཏེ་ཞུས་པ་ལ། འཁོར་རྣམས་ཀྱི་ནང་ན་ཁ་ཅིག་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོ་ཡོད་དོ་སྙམ་དུ་ཐེ་ཚོམ་ཟ་བ་

བསལ་བའི་ཕྱིར། རབ་འབྱོར་གང་ཡང་ཁྱོད་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ན་ཞེས་སྨྲས་པ་དེ་ལ། རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སེམས་ཅན་གྱི་དངོས་

པོར་ཡོད་པར་འཛིན་ན། མུ་སྟེགས་ཅན་གྱིས་བཏགས་པའི་བདག་ལ་སོགས་པ་བཞིན་དུ་ཡོད་པར་རྟོག་ན་རྣམ་པར་རྟོག་པ་གསུམ་དུ་འགྱུར་ཏེ། གཟུགས་ལ་སོགས་པ་ཉིད་དམ། དེ་ལས་གཞན་པར་རྟོག་པ་དང་། གཞི་དང་གནས་པའི་དངོས་པོར་རྟོག་པ་དང་། དེ་དག་གང་ལ་ཡང་

མ་གཏོགས་པའི་དངོས་པོར་རྟོག་པ་བསལ་བའི་ཕྱིར། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་

ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་དྲི་བ་རྣམ་པ་ལྔ་དྲིས་ཏེ། དེ་ལ་གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་

ཞེས་བྱ་བས་ནི། གཟུགས་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་པ་དང་། དེ་ལས་གཞན་པ་བྱང་ཆུབ་སེམས་དཔའ་ཡིན་སྙམ་དུ་རྣམ་པར་རྟོག་པ་སྤང་བ་བསྟན་ཏོ། །གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ་ཞེས་

เล่ม ๙๑ · หน้า 86a

བྱ་བས་ནི། གཞི་དང་གནས་པའི་དངོས་པོར་རྟོག་པ་སྤང་བ་བསྟན་ཏོ། །གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བས། དེ་དག་གང་ལ་ཡང་མ་གཏོགས་པའི་དངོས་པོར་རྟོག་པ་སྤང་བ་བསྟན་ཏེ། དེ་ཡང་འདུས་བྱས་དང་འདུས་

མ་བྱས་པའི་ཆོས་གང་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དེ་དག་ལས་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དེ་དག་ལ་བྱང་ཆུབ་སེམས་དཔའ་གནས་པ་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་ལ་དེ་དག་གནས་པ་ཡང་མ་ཡིན། དེ་དག་གང་གི་ནང་དུ་ཡང་མ་

གཏོགས་མ་འབྲེལ་བར་གང་གུད་ན་ཡོད་པ་ཡང་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ལ་གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ནས། རྒ་ཤི་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་འདུས་བྱས་ཀྱི་ཆོས་

རྣམས་ཀྱི་དངོས་པོ་མ་ཡིན་པར་བསྟན་པ་སྟེ། འདུས་བྱས་ཀྱི་ཆོས་དེ་དག་ཀྱང་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། སའི་ཁམས་ལ་སོགས་པ་ཁམས་དྲུག་དང་། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་རིས་སུ་གཏོགས་པ་རྣམས་

མ་ཡིན་ནོ་ཞེས་བསྟན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ནས། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་

སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདུས་མ་བྱས་པའི་ངོ་བོ་ཉིད་དུ་ཡང་ཡོད་པ་མ་ཡིན་པ་བསྟན་ཏེ། འདུས་མ་བྱས་པ་ཞེས་བྱ་བ་ནི། རྒྱུ་རྐྱེན་རྣམས་འདུས་ཤིང་ཚོགས་པས་བྱས་ཏེ་བསྐྱེད་པ་མ་ཡིན་པའི་ཕྱིར། གཟུགས་ལ་སོགས་

པའི་ཆོས་ཉིད་སྟོང་པ་ཉིད་དེ། རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་བཞིན་ཉིད་དེ་ལ་རང་བཞིན་དུ་མར་དབྱེར་མེད་དུ་ཟིན་གྱིས་ཀྱང་། དེའི་གཞི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། ཁམས་

เล่ม ๙๑ · หน้า 86b

དྲུག་དང་། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམས་རིགས་རིགས་སུ་ཕྱེ་བ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཚོར་བའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་རྣམ་པ་དུ་མར་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་བཞིན་ཉིད་དེ་ཉིད་ཀྱང་མ་ཡིན། དེ་ལས་

གཞན་པ་ཡང་མ་ཡིན། དེ་བཞིན་ཉིད་དེ་ལ་གནས་པ་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་ལ་དེ་བཞིན་ཉིད་གནས་པ་ཡང་མ་ཡིན། དེ་དག་གང་དུ་ཡང་མ་གཏོགས་པ་གཞན་ཞིག་གི་དངོས་པོར་ཡོད་པ་ཡང་མ་ཡིན་ནོ་ཞེས་བསྟན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན། དེ་སྐད་དུ་གཟུགས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་བྱ་བ་ནས། རྒ་ཤིའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར་ཞེས་བྱ་བའི་བར་དུ་བཅོམ་ལྡན་འདས་ཀྱིས། རབ་འབྱོར་ཁྱོད་ཇི་

སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་དྲིས་པ་དང་། རབ་འབྱོར་གྱིས་དེ་མ་ལགས་སོ་ཞེས་གསོལ་བའི་ཚིག་བཟླས་ཏེ་བཀའ་སྩལ་ནས། ཁྱོད་ཀྱིས་དོན་གང་ལས་བསམས་ཏེ། གཟུགས་ལ་སོགས་པ་འདུས་བྱས་ཀྱི་ངོ་བོ་ཉིད་

དང་། གཟུགས་ཀྱི་དེ་བཞིན་ཉིད་ལ་སོགས་པ་འདུས་མ་བྱས་པའི་ངོ་བོ་ཉིད་གང་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དེ་དག་ལས་གཞན་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོད་པ་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་ལ་དེ་དག་ཡོད་པ་

ཡང་མ་ཡིན། དེ་དག་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་ཟེར་ཞེས་དེའི་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་གཟུགས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་

དཔར་འགྱུར་བ་ལྟ་ག་ལ་མཆིས་ཞེས་བྱ་བ་ནས། རྒ་ཤིའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས་ཏེ། དེ་ནི་གནས་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། རབ་འབྱོར་ཁྱོད་ཅིའི་ཕྱིར་གཟུགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด