ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๐ · หน้า 79b
ཁྱོད་ཀྱི་དངོས་པོ་མེད་པ་དེ་གང་གི་ཡིན་པར་བརྟག །འདི་ལྟར་དངོས་པོའི་དངོས་པོ་མེད་པར་འགྱུར་གྲང་ན། དངོས་པོ་དེ་ཡང་ཡོད་པ་མ་ཡིན་ན་དངོས་པོ་མེད་པ་དེ་གང་གི་ཡིན་པར་འགྱུར། དེ་ལྟ་བས་ན་དངོས་པོ་མེད་པ་དེ་སྟོན་པའི་རྗེས་སུ་དཔག་པ་ཡོད་པ་མ་ཡིན་པས་མདོ་སྡེ་པ་དག་གིས་
ནམ་མཁའ་དངོས་པོ་མེད་པ་ཉིད་དུ་འདོད་པའི་དོན་དེ་རབ་ཏུ་མི་འགྲུབ་པོ། །ཡང་ན་གཞན་དུ་བརྟག་སྟེ་ཞེས་བྱ་བ་ལ་སོགས་པས་ནི། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་རྩ་བ་དེ་གཉིས་ཀྱི་དོན་རྣམས་གཞན་དུ་རྣམ་
པར་བཤད་པ་སྟོན་ཏོ། །དེའི་ཕྱོགས་སྔ་མ་ཉེ་བར་གཞག་པ་བསྟན་པའི་ཕྱིར་ཕ་རོལ་པོས་སྨྲས་པ། ནམ་མཁའ་དངོས་པོ་ཡིན་ཏེ་ཞེས་བྱ་བའི་དོན་དེ་བསྟན་པར་མི་ནུས་ཏེ། ཁྱོད་ཀྱིས། མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །ཞེས་བྱ་
བས་དཔེ་མེད་པ་དང་དཔེ་བསྒྲུབས་སུ་ཟིན་ཀྱང་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་མི་འགྲུབ་པ་ཁོ་ནར་འགྱུར་རོ་ཞེས་སྨྲས་པས་དེའི་ཕྱིར་ཁོ་བོས་བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིར་ཕ་རོལ་པོ་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་ཁོ་བོས་སྔར་ནམ་མཁའ་ནི་དངོས་པོ་ཡིན་ཏེ། ཡུལ་
དེ་ལ་འདུན་པའི་འདོད་ཆགས་སྤོང་བའི་ཕྱིར་དཔེར་ན་གཟུགས་བཞིན་ནོ། །ཡང་ན་སྙོམས་པར་འཇུག་པའི་དམིགས་པ་ཡིན་པའི་ཕྱིར་དཔེར་ན་རྣམ་པར་ཤེས་པ་ལ་སོགས་པ་བཞིན་ནོ། །ཡང་ན་འདུས་མ་བྱས་ཡིན་པའི་ཕྱིར་དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ་ཞེས་བྱ་བའི་
གཏན་ཚིགས་དང་། དཔེ་རྣམ་པ་གསུམ་སྨྲས་པས་ནམ་མཁའ་དངོས་པོ་ཡིན་ཏེ་ཞེས་བྱ་བའི་དོན་དེ་བསྟན་པར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། དབུ་མ་པ་ཁྱོད་ཀྱིས། མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །ཞེས་བྱ་བས་དཔེ་མ་བསྟན་པར་
བསྒྲུབ་པར་བྱའོ་འགྲུབ་པ་མེད་དོ་ཞེས་དཔེ་མེད་པར་བསྟན་པ་དང་། དཔེ་གཟུགས་དང་རྣམ་པར་ཤེས་པ་ལ་སོགས་པ་དང་། མྱ་ངན་ལས་འདས་པ་དག་ཀུན་རྫོབ་ཏུ་བསྒྲུབས་སུ་ཟིན་ཀྱང་བསྒྲུབ་པར་བྱ་བ་ནམ་མཁའ་དངོས་པོ་ཡིན་ཏེ་ཞེས་བྱ་བ་དང་། སྒྲུབ་པ་ཡུལ་དེ་ལ་འདུན་
เล่ม ๑๐๐ · หน้า 80a
པའི་འདོད་ཆགས་སྤོང་བའི་ཕྱིར་ཞེས་བྱ་བ་དང་། སྙོམས་པར་འཇུག་པའི་དམིགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་དང་། འདུས་མ་བྱས་ཡིན་པའི་ཕྱིར་ཞེས་བྱ་བ་དག་མི་འགྲུབ་པ་ཁོ་ནར་འགྱུར་རོ་ཞེས་སྨྲས་པས་ཁོ་བོ་ཅག་གིས་ནམ་མཁའ་དངོས་པོ་ཡིན་ཏེ་ཞེས་
བྱ་བའི་དོན་དེ་བསྟན་པར་མི་ནུས་མོད་ཀྱི་འོན་ཀྱང་རིགས་པའི་བསྟན་བཅོས་ལས་གཏན་ཚིགས་དང་དཔེ་གང་ཡང་རུང་བ་ལ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བ་ནི་ཡང་སྒྲུབ་པ་ལ་ལྟོས་པར་བྱའོ་ཞེས་བྱ་བའི་མཚན་ཉིད་ཡོད་པས་དེའི་ཕྱིར་ཁོ་བོས་སྒྲུབ་པ་སྔ་མ་དེ་ཉིད་འདིར་ཡང་བསྒྲུབ་པར་བྱ་
སྟེ་ཞེས་ཟེར་བ་ཡིན་ནོ། །དེ་དག་གི་སྒྲུབ་པ་ཉིད་བསྟན་པའི་ཕྱིར་གཟུགས་ལ་སོགས་པ་ལ་དངོས་པོ་ཡོད་པ་ཁོ་ན་ཡིན་ཏེ་ལྟོས་པས་དེ་དག་མེད་པ་ཡོད་པའི་ཕྱིར་རོ། །འདི་ན་གང་ཡོད་པ་དེ་ལ་ནི་ལྟོས་པས་དངོས་པོ་མེད་པ་ཡོད་དེ་དཔེར་ན་གཟུགས་ལ་རོ་ཉིད་མེད་པ་བཞིན་ནོ། །གང་མེད་པ་
དེ་ལ་ནི་ལྟོས་པས་དངོས་པོ་མེད་པ་མེད་དེ་དཔེར་ན་རྟའི་རྭ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།
དཔེར་ན་གཟུགས་དངོས་པོ་ཡོད་པ་ལ་ནི་དེ་ལ་ལྟོས་པས་གཟུགས་ལ་རོ་ཉིད་མེད་པ་ཡོད་ཀྱི་རྟའི་རྭ་དངོས་པོ་མེད་པ་ལ་ནི་དེ་ལ་ལྟོས་པས་རྟའི་རྭ་ལ་རོ་ཉིད་མེད་པ་མེད་པས་གཟུགས་ལ་རོ་ཉིད་མེད་པ་ཡོད་པའི་ཕྱིར་གཟུགས་དངོས་པོ་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་གཟུགས་དང་རྣམ་པར་
ཤེས་པ་ལ་སོགས་པ་དང་མྱ་ངན་ལས་འདས་པ་དངོས་པོ་ཡོད་པ་དག་ལ་ཡང་དེ་དག་ལ་ལྟོས་པས་གཟུགས་དང་རྣམ་པར་ཤེས་པ་ལ་སོགས་པ་དང་མྱ་ངན་ལས་འདས་པ་དག་ལ་དེ་དག་མེད་པ་ཡོད་པའི་ཕྱིར་གཟུགས་དང་རྣམ་པར་ཤེས་པ་ལ་སོགས་པ་དང་མྱ་ངན་ལས་འདས་པ་དག་ནི་
དངོས་པོ་ཡོད་པ་ཁོ་ན་ཡིན་ནོ། །དེ་དག་དངོས་པོ་ཡོད་པ་ཁོ་ན་ཡིན་པས་ཁོ་བོ་ཅག་བྱེ་བྲག་ཏུ་སྨྲ་བ་དག་གིས་དཔེ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ནམ་མཁའ་དངོས་པོ་ཡིན་ཏེ་ཞེས་བྱ་བའི་དོན་དེ་འགྲུབ་བོ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་ཁྱོད་ཀྱིས་ལན་ཅིག་
เล่ม ๑๐๐ · หน้า 80b
མ་ཡིན་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཕུང་པོ་ལ་སོགས་པ་ཉིད་ཀྱིས་མེད་པ་ཉིད་དུ་བརྗོད་པས་དེའི་ཕྱིར་ལྟོས་པས་དེ་དག་མེད་པ་ཡོད་པའི་ཕྱིར་དངོས་པོ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཁོ་བོ་ཅག་བྱེ་བྲག་ཏུ་སྨྲ་བ་དག་གི་གཏན་ཚིགས་ཀྱི་དོན་ཡུལ་དེ་ལ་འདུན་པའི་འདོད་ཆགས་
སྤང་བའི་ཕྱིར་ཞེས་བྱ་བ་དང་སྙོམས་པར་འཇུག་པའི་དམིགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་དང་། འདུས་མ་བྱས་ཡིན་པའི་ཕྱིར་ཞེས་བྱ་བ་དེ་དག་གི་དོན་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དབུ་མ་པ་ཁྱོད་ཀྱིས་ལན་ཅིག་མ་ཡིན་པར་དང་པོ་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་ནས་
བརྩམས་ཏེ་འདིའི་བར་དུ་ལན་དུ་མར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཕུང་པོ་སྐྱེ་མཆེད་ཀྱི་ངོ་བོ་ཉིད་ཀྱིས་མེད་པ་ཉིད་དུ་བརྗོད་པས་ཕུང་པོ་ལ་སོགས་པ་དེ་དག་གི་དངོས་པོའི་ངོ་བོ་ཉིད་མེད་པ་ཉིད་ཡོད་པར་བསྒྲུབས་པ་དེའི་ཕྱིར་ཕུང་པོ་ལ་སོགས་པ་དངོས་པོ་ཡོད་པ་དེ་དག་ལ་ལྟོས་པས་དེ་དག་མེད་
པ་ཡོད་པའི་ཕུང་པོ་ལ་སོགས་པ་དེ་དག་དངོས་པོ་ཡོད་པ་ཁོ་ན་ཡིན་ནོ། །དེ་དག་དངོས་པོ་ཡོད་པ་ཁོ་ན་ཡིན་པས། ཡུལ་དེ་ལ་འདུན་པའི་འདོད་ཆགས་སྤོང་བའི་ཕྱིར་ཞེས་བྱ་བ་དང་། སྙོམས་པར་འཇུག་པའི་དམིགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་དང་། འདུས་མ་བྱས་ཡིན་པའི་ཕྱིར་
ཞེས་བྱ་བའི་གཏན་ཚིགས་དེ་དག་གི་དོན་མ་གྲུབ་པ་ཉིད་ཀྱང་མ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་ནམ་མཁའ་དངོས་པོ་ཡིན་ཏེ་ཞེས་བྱ་བའི་དོན་དེ་འགྲུབ་པོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ཁོ་བོས་གཟུགས་ལ་སོགས་པའི་དངོས་པོ་ཡོད་པ་
ཉིད་དགག་པ་བྱས་པར་ཟད་ཀྱི་དེ་དག་མེད་པར་མ་བསྟན་པས་དེའི་ཕྱིར་གཟུགས་ཞེས་བྱ་བའི་དངོས་པོ་ཡོད་པ་མ་ཡིན་ན་གང་ལ་རོ་ཉིད་མེད་པར་འགྱུར་ཏེ། དེ་མེད་པའི་ཕྱིར་དཔེ་མ་གྲུབ་པས་འདོད་པའི་དོན་གྲུབ་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་ཏུ་སྨྲ་བ་དག་གི་སྒྲུབ་པ་དེ་ལ་ཡང་དཔེ་མི་
འགྲུབ་བོ། །ཅིའི་ཕྱིར་ཞེ་ན། ཁོ་བོས་མེད་པར་དགག་པའི་ཚུལ་གྱིས་གཟུགས་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་གི་དངོས་པོ་ཡོད་པ་ཉིད་དགག་པ་བྱས་པར་ཟད་ཀྱི་མ་ཡིན་པར་དགག་པའི་ཚུལ་གྱི་གཟུགས་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་མེད་པར་མ་བསྟན་
เล่ม ๑๐๐ · หน้า 81a
པས་དེའི་ཕྱིར་གཟུགས་ཞེས་བྱ་བའི་དངོས་པོ་ཡོད་པ་མ་ཡིན་ན་གང་ལ་ལྟོས་པས་དེ་ལ་རོ་ཉིད་མེད་པ་ཡོད་པར་འགྱུར་ཏེ། དངོས་པོ་ཡོད་པ་མ་ཡིན་པས་དངོས་པོ་མེད་པ་ཡང་ཡོད་པ་མ་ཡིན་ནོ། །དངོས་པོ་ཡོད་པ་ལ་ལྟོས་པས་དངོས་པོ་མེད་པ་ཡོད་པ་དེ་མེད་
པའི་ཕྱིར་ཁྱོད་ཀྱི་དཔེ་འདི་ན་གང་ཡོད་པ་དེ་ལ་ནི་ལྟོས་པས་དངོས་པོ་མེད་པ་ཡོད་དེ་དཔེར་ན་གཟུགས་ལ་རོ་ཉིད་མེད་པ་བཞིན་ནོ་ཞེས་བྱ་བ་དེ་མ་གྲུབ་པས་ཁྱོད་ཀྱི་འདོད་པའི་དོན་ནམ་མཁའ་དངོས་པོ་ཡིན་ཏེ་ཞེས་བྱ་བ་དེ་གྲུབ་པ་མེད་དོ། །གཞན་དག་གིས་སྨྲས་པ། དངོས་པོ་དང་དངོས་པོ་མེད་
པ་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ཤེས་པ་ཡོད་པའི་ཕྱིར་རོ། །འདི་ན་གང་ལ་ཤེས་པ་ཡོད་པ་དེ་ནི་ཡོད་དེ་དཔེར་ན་ཆོས་ཉིད་བཞིན་ནོ་ཞེས་བྱ་བ་ནི་འདིར་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་དངོས་པོ་དང་དངོས་པོ་མེད་པ་ཤེས་པའི་གང་ཟག་ཡོད་པའི་གཏན་ཚིགས་ཀྱིས་དངོས་པོ་དང་
དངོས་པོ་མེད་པ་དག་ཀྱང་ཡོད་པར་སྒྲུབ་པ་ཡིན་ནོ། །དེ་དག་ནི་སྒྲུབ་པ་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཆོས་ཉིད་ལ་ནི་དེ་མཁྱེན་པའི་སངས་རྒྱས་བཅོམ་
ལྡན་འདས་ཡོད་པའི་ཕྱིར་ཆོས་ཉིད་ཀྱང་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་དངོས་པོ་དེ་དང་དངོས་པོ་མེད་པ་དག་ལ་ཡང་དེ་དག་ཤེས་པའི་རྣལ་འབྱོར་པ་ཡོད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་གང་དག་ཀྱང་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་
པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། ཕ་རོལ་པོའི་ཡིད་ལ་བསམས་པས་བརྟགས་པའི་དངོས་པོ་དང་དངོས་པོ་མེད་པ་ཤེས་པ་དེ་ཡང་དངོས་པོའམ་དངོས་པོ་མེད་པ་ཞིག་ཡིན་གྲང་ན། དེ་གཉི་ག་དགག་པ་ཡང་བསྟན་ཟིན་པས་དེ་དག་ཤེས་པ་ཡོད་པར་མི་འགྲུབ་པོ་ཞེས་བྱ་བ་
སྨྲས་ཏེ། ཕ་རོལ་པོ་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་གིས་ཡིད་ལ་བསམས་པས་བརྟགས་པའི་དངོས་པོ་དང་དངོས་པོ་མེད་པ་ཤེས་པ་ཞིག་ཡོད་པར་གྱུར་ན་དེ་ཡང་དངོས་པོའམ་དངོས་པོ་མེད་པ་ཞིག་ཡིན་གྲང་ན། དེ་གཉི་ག་དགག་པ་ཡང་བསྟན་ཟིན་ཏེ། དེ་ལ་ཤེས་པ་དེ་དངོས་
เล่ม ๑๐๐ · หน้า 81b
པོ་ནི་མ་ཡིན་ཏེ་ནམ་མཁའི་དངོས་པོ་དགག་པ་ཇི་སྐད་བསྟན་པ་ཉིད་ཀྱིས་བཀག་ཟིན་པའི་ཕྱིར་རོ། །དངོས་པོ་མེད་པ་ཡང་མ་ཡིན་ཏེ་མ་སྐྱེས་པའི་ཕྱིར་མ་སྐྱེས་པ་ལ་འཇིག་པ་ཡང་མེད་པས་དངོས་པོ་མེད་པ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ཤེས་པ་དེ་དངོས་པོ་འམ་དངོས་པོ་མེད་པའི་བདག་
ཉིད་དུ་མ་གྲུབ་པས་དངོས་པོ་དང་དངོས་པོ་མེད་པ་ཤེས་པ་མེད་དོ། །དེ་མེད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དག་ཀྱང་ཡོད་པ་མ་ཡིན་པ་ཁོ་ནའོ། །དངོས་པོ་དང་དངོས་པོ་མེད་པ་དང་མི་མཐུན་པའི་ཤེས་པ་གཞན་ཞིག་ཡོད་པར་རྟོག་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་དངོས་པོ་དང་དངོས་
པོ་མེད་པ་ཤེས་པ་དེ་དངོས་པོའི་ངོ་བོ་ཉིད་ཀྱང་མ་ཡིན་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་མ་ཡིན་པས་ཡོད་པར་མ་གྲུབ་པ་དང་། དེ་དག་འདིར་འདི་སྐད་ཅེས་དངོས་པོ་དང་དངོས་པོ་མེད་པ་ཤེས་པ་དེ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་ག་དང་མི་མཐུན་པ་དངོས་པོ་ཡང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་པ་གཞན་ཞིག་
ཡོད་པར་རྟོག་ཅིང་དེ་སྐད་ཅེས་ཟེར་བ་ཡིན་ནོ། །དེ་ལྟར་རྟོག་ན་དེ་ཡང་མི་རུང་སྟེ་དེའི་ཕྱིར་བཤད་པ། དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །དེ་ནི་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་དང་དངོས་པོ་མེད་པ་ནི་ཕན་ཚུན་
མི་མཐུན་པའི་ཆོས་ཡིན་པས་དེ་གཉིས་གང་ཟག་གཅིག་གི་རྒྱུད་ལ་ཡོད་པར་མི་འཐད་པས་དངོས་པོ་དང་དངོས་པོ་མེད་པ་ཤེས་པའི་གང་ཟག་དངོས་པོ་དང་དངོས་པོ་མེད་པ་དང་མི་མཐུན་པ་དངོས་པོ་ཡང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་པ་དེ་ལྟ་བུ་ནི་ཡོད་པ་མ་ཡིན་པ་ཉིད་དོ། །དེ་མེད་ན་
གང་གིས་དངོས་པོ་མེད་པ་དག་ཤེས་པར་འགྱུར་ཏེ། གང་གིས་ཀྱང་ཤེས་པར་མི་འགྱུར་རོ། །དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་དག་ཤེས་པའི་གང་ཟག་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དག་ཀྱང་ཡོད་པ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་
རྣམ་གྲངས་ཀྱི་ཚུལ་སྨྲ་བ་དག་གིས་བརྟགས་པའི་དངོས་པོ་དང་དངོས་པོ་མེད་པ་དང་མི་མཐུན་པ་དེ་དག་ཤེས་པ་ཡོད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་འདིར་འུག་པ་པ་རྣམ་གཉིས་སུ་སྨྲ་བ་དག་ན་རེ་ཁོ་བོ་ཅག་ནི་རྣམ་གྲངས་ཀྱི་ཚུལ་གྱིས་གཉི་ག་ཡིན་པར་སྨྲས་ཏེ། དཔེར་ན་ཕའི་རྣམ་
เล่ม ๑๐๐ · หน้า 82a
གྲངས་ལ་ལྟོས་ནས་ནི་བུ་ཡང་ཡིན་ལ། བུའི་རྣམ་གྲངས་ལ་ལྟོས་ནས་ནི་ཕ་ཡང་ཡིན་པ་དེ་བཞིན་དུ་ལུས་ཀྱི་རྣམ་གྲངས་ལ་ལྟོས་ནས་ནི་དངོས་པོ་ཡང་ཡིན་ལ་སྲོག་གི་རྣམ་གྲངས་ལ་ལྟོས་ནས་ནི་དངོས་པོ་མེད་པ་ཡང་ཡིན་པས་དེའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་དངོས་པོ་དང་
དངོས་པོ་མེད་པར་ཤེས་པའི་གང་ཟག་དེ་ནི་དངོས་པོ་ཡང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་པར་འགྲུབ་པས་ཁྱེད་ཀྱིས་དངོས་པོ་དང་དངོས་པོ་མེད་པ་མི་མཐུན་པའི་ཆོས་གཉིས་གང་ཟག་གཅིག་གི་རྒྱུད་ལ་ཡོད་པ་མ་ཡིན་ནོ་ཞེས་བཤད་པའི་ཉེས་པ་དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བ་
ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ་དེ་ནི་རིགས་པ་མ་ཡིན་ཏེ་གཅིག་ལ་བདག་ཉིད་མི་མཐུན་པ་གཉིས་མི་སྲིད་པའི་ཕྱིར་དང་། ལྟོས་པ་མི་འཐད་པའི་ཕྱིར་དང་། དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་
ཞེས་བྱ་བ་སྨྲས་ཏེ། འུག་པ་པ་དག་གི་ཚུལ་དེ་ཡང་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་གཅིག་ལ་ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་ཞེས་བྱ་བ་བདག་ཉིད་མི་མཐུན་པ་གཉིས་མི་སྲིད་དེ། དཔེར་ན་དེ་ཉིད་སྣང་བ་ཡིན་ལ་མུན་པ་ཡང་ཡིན་ནོ་ཞེས་བྱ་བ་ལྟ་བུ་མི་སྲིད་པའི་
ཕྱིར་དང་ལྟོས་པ་ཡང་མི་འཐད་དེ་ཤི་བ་ལ་ལྟོས་ནས་གསོན་པོ་ཡིན་ལ་གསོན་པ་ལ་ལྟོས་ནས་ཤི་བ་ཡིན་ནོ་ཞེས་བྱ་བ་དཔེར་ན་བྱ་གག་ཕྱེད་ཤི་ཕྱེད་སོས་པ་ལྟ་བུ་མི་འཐད་པའི་ཕྱིར་དང་། རྣམ་པ་གཉིས་ཡིན་པ་དེ་སྟོན་པའི་རྗེས་སུ་དཔག་པ་ཁྱེད་ལ་མེད་པའི་ཕྱིར་རོ་ཞེས་བྱ་བར་མདོ་མཛད་པས་
དགོངས་སོ། །གང་གི་ཕྱིར་དེ་ལྟར་དཔྱད་ན། ནམ་མཁའ་འཐད་པ་མི་བཟོད་པ། །དེའི་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཞེས་ཕ་རོལ་པོས་སྨྲས་པའི་དངོས་པོ་ཉིད་ལ་སོགས་པ་སྟོན་པའི་སྒྲུབ་པ་སུན་འབྱིན་པ་བསལ་བའི་
དབང་གིས་མཇུག་བསྡུས་སོ་ཞེས་བྱ་བ་ནི་རབ་ཏུ་བྱེད་པའི་སྐབས་འདིར་ཁམས་དྲུག་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པ་ལས་དང་པོ་ནམ་མཁའི་ཁམས་བརྟག་པའི་དབང་དུ་བྱས་ཏེ་བཤད་པའི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་གང་གི་ཕྱིར་བརྟགས་ན་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་
เล่ม ๑๐๐ · หน้า 82b
དག་མེད་ཅིང་། མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་མ་གཏོགས་པའི་དངོས་པོ་གཞན་ཡང་མེད་དེ་དངོས་པོ་མེད་ན་དངོས་པོ་མེད་པ་ཡང་མེད་པའི་ཕྱིར་ནམ་མཁའ་ནི་བྱེ་བྲག་ཏུ་སྨྲ་བ་དག་གིས་ཡོངས་སུ་བརྟགས་པ་ལྟར་དངོས་པོ་ཡང་མ་ཡིན་ལ་མདོ་སྡེ་པ་དག་གིས་ཡོངས་སུ་བརྟགས་
པ་ལྟར་དངོས་པོ་མེད་པ་ཡང་མ་ཡིན། ཁ་ཅིག་གིས་སྐྱེས་བུ་ལྟར་ཡོངས་སུ་བརྟགས་པའི་མཚན་ཉིད་ཀྱི་གཞི་ཡང་མ་ཡིན་གཞན་དག་གིས་མི་སྒྲིབ་པ་ལྟར་ཡོངས་སུ་བརྟགས་པའི་མཚན་ཉིད་ཀྱང་མ་ཡིན་ནོ། །འདི་ལྟར་གལ་ཏེ་ནམ་མཁའ་ཞེས་བྱ་བ་ཅུང་ཞིག་ཡོད་པར་
གྱུར་ན་དེ་བཞི་པོ་དེ་དག་ལས་གང་ཡང་རུང་བ་ཞིག་ཏུ་འགྱུར་གྲང་ན། བཞི་པོ་དེ་དག་ཀྱང་མེད་པས་དེའི་ཕྱིར་ནམ་མཁའ་ཡོད་པ་མ་ཡིན་ནོ། །ཕ་རོལ་པོས་སྨྲས་པའི་དངོས་པོ་ཉིད་ལ་སོགས་པ་སྟོན་པའི་སྒྲུབ་པ་སུན་འབྱིན་པ་ཞེས་བྱ་བ་ནི་ཕ་རོལ་པོ་རང་གི་སྡེ་པ་དང་གཞན་དག་གིས་སྨྲས་པའི་
དངོས་པོ་དང་དངོས་པོ་མེད་པ་དང་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་སྟོན་པའི་སྒྲུབ་པ་ཕྱོགས་སྔ་མ་ཅི་སྐད་བསྟན་པ་དེ་དག་ཉིད་སུན་འབྱིན་པ་ཡང་ཡིན་ཏེ་དབུ་མ་པ་ལ་སྐྱོན་འདོགས་པའི་ཚིག་ཡིན་པའི་ཕྱིར་རོ། །དེ་དག་བསལ་བའི་དབང་གིས་མཇུག་བསྡུས་སོ་ཞེས་བྱ་བ་ནི་དབུ་མ་པས་ཕྱོགས་
སྔ་མ་དེ་དག་མི་འཐད་པར་བསལ་བའི་མཐུ་དང་དབང་གིས་ནམ་མཁའི་ཁམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་སྐབས་ཀྱི་མཇུག་བསྡུས་པ་ཡིན་ནོ།། །།བམ་པོ་སུམ་ཅུ་ལྔ་པ། ད་ནི་ཇི་ལྟར་ནམ་མཁའ་བརྟགས་ན་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་མཚན་
ཉིད་ཀྱི་གཞི་ཡང་མ་ཡིན་མཚན་ཉིད་ཀྱང་མ་ཡིན་ཏེ། ནམ་མཁའ་ཞེས་བྱ་བ་ཅི་ཡང་མ་ཡིན་པ་དེ་བཞིན་དུ་ས་ལ་སོགས་པ་ཁམས་ལྔ་པོ་གཞན་གང་དག་ཡིན་པ་དེ་དང་འདྲ་བར་བསྟན་པའི་ཕྱིར་ཁམས་ལྔ་པོ། གཞན་གང་དག་ཀྱང་ནམ་མཁའ་མཚུངས། །ཞེས་བྱ་བ་སྨྲས་སོ། །ཁམས་ཞེས་
བྱ་བའི་དོན་ནི་འབྱུང་ཁུངས་ཀྱི་དོན་ཏེ། གསེར་གྱི་འབྱུང་ཁུངས་བཞིན་དུ་ནམ་མཁའ་ལ་སོགས་པ་དག་ཀྱང་སྡུག་བསྔལ་དང་ཡིད་མི་བདེ་བ་ལ་སོགས་པ་དག་གི་འབྱུང་ཁུངས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ཁམས་ཞེས་བྱ་བའི་ཚིག་གི་དོན་བཤད་པ་ཡིན་ཏེ་སྡུག་བསྔལ་དང་ཡིད་མི་བདེ་བ་ལ་
เล่ม ๑๐๐ · หน้า 83a
སོགས་པ་དག་གི་འབྱུང་ཁུངས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ཁམས་དྲུག་པོ་དེ་དག་ཉིད་ལས་ལུས་འབྱུང་བའི་ཕྱིར་ཏེ། ལུང་ལས་རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུ་གང་ཟག་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་ཁམས་ཞེས་བྱ་བའི་དོན་
གྱི་བྱེད་པ་མེད་པར་རང་གི་མཚན་ཉིད་འཛིན་པའི་དོན་ཏོ་ཞེས་བྱ་བ་ནི་ཁམས་ཞེས་བྱ་བའི་ཚིག་གི་དོན་རྣམ་པ་གཞན་དུ་བཤད་པ་ཡིན་ཏེ། འཛིན་པའི་དོན་ནི་ཁམས་ཀྱི་དོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ལྔ་པོ་ཞེས་བྱ་བ་ནི་ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་ཞེས་བྱ་བ་དག་གོ་ཞེས་བྱ་
བ་ནི་ཁམས་ལྷག་མ་ལྔ་པོ་དག་གི་མིང་བསྟན་པ་ཡིན་ནོ། །གཞན་ཞེས་བྱ་བ་ནི་ནམ་མཁའི་འོག་ཏུ་དགག་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདིར་གཞན་དག་ན་རེ་ལུང་ལས་ཁམས་བསྟན་པ་ལས་དང་པོར་སའི་ཁམས་བསྟན་པས་ཆུ་ལ་སོགས་པ་ལྷག་མ་རྣམས་གཞན་ཡིན་ན་འདིར་
ཅིའི་ཕྱིར་ནམ་མཁའི་ཁམས་དང་པོར་བསྟན་ཅིང་ས་ལ་སོགས་པ་ལྷག་མ་རྣམས་གཞན་ཞེས་བཤད་ཅེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གཞན་ཞེས་བྱ་བ་ནི་ནམ་མཁའི་འོག་ཏུ་དགག་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བཤད་དེ། བསྟན་
བཅོས་མཛད་པས་ལུང་ལས་ཁམས་བསྟན་པའི་གོ་རིམས་ཀྱི་དབང་དུ་མ་མཛད་ཀྱི་རབ་ཏུ་བྱེད་པའི་སྐབས་འདིར་ཁམས་རྣམས་དགག་པའི་གོ་རིམས་ཀྱི་དབང་དུ་མཛད་པའི་ཕྱིར་ཏེ། དེ་ཡང་འཇིག་རྟེན་ནི་ཕལ་ཆེར་ནམ་མཁའ་ལ་ཅི་ཡང་མ་ཡིན་པར་མོས་ལ་ས་ལ་སོགས་པ་དག་ལ་ནི་དངོས་པོ་ལ་
སོགས་པར་མངོན་པར་ཞེན་པས་དེའི་ཕྱིར་འཇིག་རྟེན་ལ་ནམ་མཁའ་ཅི་ཡང་མ་ཡིན་པར་གྲགས་པའི་དོན་གྱིས་ས་ལ་སོགས་པ་ཅི་ཡང་མ་ཡིན་པར་མ་གྲགས་པའི་དོན་རབ་ཏུ་བསྒྲུབ་པའི་དཔེ་བསྟན་པའི་ཕྱིར་ནམ་མཁའ་ཅི་ཡང་མ་ཡིན་པར་གྲུབ་པ་དང་པོར་བསྟན་ཏོ། །གང་དག་ཀྱང་ནམ་
མཁའ་མཚུངས་ཞེས་བྱ་བ་ནི་ཁམས་ལྔ་པོ་གཞན་གང་དག་ཡིན་པ་དེ་དག་ཀྱང་ནམ་མཁའ་དང་མཚུངས་པར་དགག་པར་བྱ་སྟེ། ཅི་ལྟར། ནམ་མཁའི་ཁམས་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ནས་བརྩམས་ཏེ། དེ་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་
เล่ม ๑๐๐ · หน้า 83b
མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཞེས་བྱ་བའི་བར་གྱིས་ནམ་མཁའ་དགག་པ་བསྟན་པ་དེ་བཞིན་དུ་འདིར་ཡང་། ས་སོགས་མཚན་ཉིད་སྔ་རོལ་ན། །ས་སོགས་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ནས་བརྩམས་ཏེ། དེ་ཕྱིར་ས་སོགས་དངོས་པོ་མིན། །དངོས་
མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཞེས་བྱ་བའི་བར་དུ་རྒྱ་ཆེར་བརྗོད་པར་བྱ་ཞིང་ས་ལ་སོགས་པ་ཁམས་ལྔ་པོ་གཞན་གང་དག་ཡིན་པ་དེ་དག་ཀྱང་ནམ་མཁའ་དང་དགག་པ་མཚུངས་པའི་ཕྱིར་འདྲ་བར་བསྟན་པར་བྱའོ་ཞེས་བྱ་བ་ནི་ཅི་ལྟར་སྔར་ནམ་མཁའ་བརྟག་པའི་སྐབས་སུ། ནམ་
མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་
འཇུག་པར་འགྱུར། །མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །མཚན་གཞི་
འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །དེ་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །
དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །དེ་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཞེས་བྱ་བ་སྒྲུབ་པ་དང་བརྒལ་བའི་ལན་དང་བཅས་པ་དག་གིས་ཅི་ལྟར་ནམ་མཁའ་བརྟགས་ན་
དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན། མཚན་ཉིད་ཀྱི་གཞི་ཡང་མ་ཡིན་མཚན་ཉིད་ཀྱང་མ་ཡིན་ཏེ། ནམ་མཁའ་ཞེས་བྱ་བ་ཅི་ཡང་མ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ཡང་། ས་སོགས་མཚན་ཉིད་སྔ་རོལ་ན། །ས་སོགས་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ནས་
เล่ม ๑๐๐ · หน้า 84a
བརྩམས་ཏེ། དེ་ཕྱིར་ས་སོགས་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན། ཞེས་བྱ་བའི་བར་དུ་རྒྱ་ཆེར་བརྗོད་པར་བྱ་ཞིང་། དེ་དག་སྒྲུབ་པ་དང་བརྒལ་བའི་ལན་དང་བཅས་པ་དག་གིས་ས་ལ་སོགས་པ་ཁམས་ལྔ་
པོ་གཞན་དག་ཡིན་པ་དེ་དག་ཀྱང་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་མཚན་ཉིད་ཀྱི་གཞི་ཡང་མ་ཡིན་མཚན་ཉིད་ཀྱང་མ་ཡིན་ཏེ། ས་ལ་སོགས་པ་ཁམས་ལྔ་པོ་གཞན་གང་དག་ཡིན་པ་དེ་དག་ཀྱང་ཅི་ཡང་མ་ཡིན་ནོ་ཞེས་འདྲ་བར་བསྟན་པར་བྱའོ། །འདིར་གཞན་དག་ན་རེ་
དེ་ལྟར་ཁམས་དྲུག་པོ་དག་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་ལ་རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་ཞེས་གསུངས་པས་ཁམས་དྲུག་པོ་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དག་
གི་མཚན་ཉིད་སྲ་བ་དང་། གཡོ་བ་དང་། སྐབས་འབྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་དག་ཡོད་པར་བསྟན་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཁམས་དེ་དག་དེ་ལྟར་ཡོད་པར་བསྟན་པ་ནི་
དེ་ལྟར་བསྟན་པས་གདུལ་བའི་སྐྱེ་བོ་མང་པོ་ལ་རྗེས་སུ་ཐུགས་བརྩེ་བས་ཐ་སྙད་དུ་གྲགས་པ་ཐ་སྙད་ཀྱི་བདེན་པར་གཏོགས་པ་ཡིན་གྱི་དོན་དམ་པར་ནི་ཁམས་རྣམས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ་ཁམས་དེ་དག་བསྟན་པས་འདུལ་བའི་སྐྱེ་བོ་རྒྱལ་པོ་ཆེན་པོ་ཟས་གཙང་ལ་སོགས་པ་ལས་དང་
པོ་པ་རྣམས་ལ་རྗེས་སུ་ཐུགས་བརྩེ་བས་དེ་དག་གདུལ་ཞིང་གཟུད་པ་དང་རབ་ཏུ་འགོད་པའི་ཕྱིར་ཐ་སྙད་དུ་གྲགས་པའི་དབང་དུ་མཛད་ནས་རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་ཞེས་གསུངས་པས་ཁམས་དྲུག་པོ་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་
པར་ཤེས་པ་ཞེས་བྱ་བ་དག་གི་མཚན་ཉིད་སྲ་བ་དང་གཤེར་བ་དང་ཚ་བ་དང་གཡོ་བ་དང་སྐབས་འབྱེད་པ་དང་རྣམ་པར་ཤེས་པར་བྱེད་པ་དག་ཡོད་པར་བསྟན་ཏེ་དེ་དག་ནི་ཐ་སྙད་ཀྱི་བདེན་པར་གཏོགས་པ་ཡིན་གྱི་དོན་དམ་པར་ནི་ཁམས་རྣམས་ཡོད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་
เล่ม ๑๐๐ · หน้า 84b
གསུང་རབ་ལ་ཞེས་བྱ་བ་ལ་ཅིའི་ཕྱིར་གསུང་རབ་ཅེས་བྱ་ཞེ་ན། ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་མངོན་སུམ་དུ་བྱ་བ་དང་བསྒོམ་པར་བྱ་བའི་བདེན་པ་བཞི་པོ་དག་ལ་གདམས་ངག་དང་རྗེས་སུ་སྟོན་པའི་གསུང་གང་ཡིན་པ་དེ་ནི་གསུང་རབ་པོ། །ཡང་ན་ལས་དང་ཉོན་
མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་རབ་ཀྱི་མཐར་ཕྱིན་པ་བརྙེས་པའི་གསུང་གང་ཡིན་པ་དེ་ནི་གསུང་རབ་པོ། །ཡང་ན་སྐྱེ་བོ་སྐལ་བ་དང་ལྡན་པ་འཁོར་བའི་བཙོན་རར་ཆུད་པ་ཚེ་རབས་བརྒྱུད་པས་བསྒྲིབས་པ་དག་རབ་ཏུ་ཐར་བར་མཛད་པའི་གསུང་གང་ཡིན་པ་དེ་ནི་གསུང་རབ་པོ། །
ཡང་ན་དོན་དམ་པར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་ཆད་པ་མེད་པ་དང་། རྟག་པ་མེད་པ་ལ་སོགས་པ་རྟོགས་པ་ཉིད་ཀྱིས་རྟོགས་པར་མཛད་པའི་གསུང་གང་ཡིན་པ་དེ་ནི་གསུང་རབ་པོ། །ཡང་ན་སེར་སྐྱ་དང་། གཟེགས་ཟན་དང་། རྐང་མིག་དང་། འཕེལ་བ་དང་།
ཁྱབ་འཇུག་དང་། ལྷ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དག་གིས་མི་འཕྲོགས་པ་ཉིད་ཀྱི་འབྱོར་པ་ཆེན་པོ་ལྷ་དང་མི་དང་ལྷ་མ་ཡིན་དང་འགྲོ་བ་རྣམས་ལས་བརྙེས་པའི་གསུང་གང་ཡིན་པ་དེ་ནི་གསུང་རབ་པོ། །ཇི་ལྟར་དེས་འབྱོར་པ་ཆེན་པོ་དེ་ལྟ་བུ་བརྙེས་ཤེ་ན།
རྟེན་ཅིང་འབྲེལ་པར་འབྱུང་བ་ཐུན་མོང་མ་ཡིན་པ་སྟོན་པར་མཛད་པའི་ཕྱིར་དང་། ཐུགས་རྗེ་ཆེན་པོའི་མཐུས་ཕས་ཀྱི་རྒོལ་བ་ངེས་པར་ཚར་གཅོད་པ་ལ་སོགས་པའི་ཡོན་ཏན་ཡང་དག་པར་བསགས་པའི་ཕྱིར་རོ། །ཁམས་རྣམས་ཡོད་པའི་ཕྱིར་ཁས་བླངས་པ་ལ་གནོད་པ་ཡང་མེད་ལ། སྐྱེ་
མཆེད་རྣམས་འགྲུབ་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཀུན་རྫོབ་ཏུ་ཁམས་རྣམས་ཡོད་པའི་ཕྱིར་ཁས་བླངས་པ་ལ་གནོད་པ་ཡང་མེད་ལ། དོན་དམ་པར་ཁམས་ངོ་བོ་ཉིད་མེད་པར་བསྟན་པས་སྐྱེ་མཆེད་རྣམས་འགྲུབ་པར་ཡང་མི་འགྱུར་རོ། །
ཡང་ཁ་ཅིག་ན་རེ་ཁྱོད་ཀྱིས་དོན་དམ་པར་དངོས་པོ་ཐམས་ཅད་ལ་སྐུར་པ་བཏབ་པའི་ཕྱིར་ལོག་པའི་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའི་ཚུལ་ཅན་རྗེས་སུ་བརྗོད་པས་བཅོམ་ལྡན་འདས་ཀྱི་གསུང་རབ་ལྟར་བཅོས་པས་འཇིག་རྟེན་རྒྱང་འཕེན་པའི་འདོད་པ་བསྒྲུབ་པར་བྱ་བའི་ཕྱིར་འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་མ་
เล่ม ๑๐๐ · หน้า 85a
ཡིན་པས་སྤང་བར་བྱ་བ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་རྗེས་སུ་དཔག་པ་དང་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་དང་། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་
པ་འདི་ལ་རང་གི་སྡེ་པ་དག་ལས། འདུས་བཟང་ལ་སོགས་པ་ཁ་ཅིག་དབུ་མའི་བསྟན་བཅོས་བརྩམས་པ་དགག་པར་འདོད་པ་དག་དཔེར་ན་རབ་རིབ་ཅན་འགའ་ཞིག་གིས་སྐྲ་ཤད་དང་། སྦྲང་བུ་དང་། སྦྲང་བུ་མཆུ་རིངས་ལ་སོགས་པའི་དོན་ཡོད་པ་མ་ཡིན་པ་རང་གི་མིག་གི་སྐྱོན་གྱིས་
སྒྲོ་བཏགས་ནས་སེལ་བར་བྱེད་པ་བཞིན་དུ་དབུ་མའི་བསྟན་བཅོས་ལ་ཆད་པར་ལྟ་བ་ཡོད་པ་མ་ཡིན་བཞིན་དུ་དེ་དག་རང་གི་བློ་གྲོས་ངན་པའི་སྐྱོན་གྱིས་སྒྲོ་བཏགས་ནས་དེ་ཉན་པ་ལ་མངོན་པར་ཚོགས་པ་དག་ཕྱིར་ཟློག་པར་བྱེད་ཅེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་
འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལ་འདིར་ཕ་རོལ་པོ་དག་ནི་སྐྱོན་ཆ་མ་མཉམ་པས་རབ་རིབ་སྐྱེས་པ་དག་སྐྲ་ཤད་དང་སྦྲང་བུ་དང་། སྦྲང་བུ་མཆུ་རིངས་ལ་སོགས་པ་དོན་ཡང་དག་པ་མ་ཡིན་པ་དག་སེལ་བར་བྱེད་པ་དང་འདྲ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕ་རོལ་པོ་འདུས་བཟང་ལ་སོགས་པ་
བློ་གྲོས་ཆུང་ངུ་དབུ་མའི་བསྟན་བཅོས་བརྩམས་པ་དགག་པར་འདོད་པ་དག་ནི་དཔེར་ན་རླུང་དང་། མཁྲིས་པ་དང་། བད་ཀན་ཀྱི་སྐྱོན་ཆ་མ་མཉམ་པས་མིག་ལ་རབ་རིབ་སྐྱེས་པ་དག་སྐྲ་ཤད་དང་སྦྲང་བུ་དང་སྦྲང་བུ་མཆུ་རིངས་ལ་སོགས་པའི་དོན་ཡང་དག་པ་མ་ཡིན་པ་དག་རང་གི་མིག་གི་
སྐྱོན་གྱིས་སྒྲོ་བཏགས་ནས་སེལ་བར་བྱེད་པ་དང་འདྲ་སྟེ། ཅི་ལྟ་ཞེ་ན། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་རྗེས་སུ་དཔག་པ་དང་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་དང་། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་
སྩལ་པ་འདི་ལ་རྟག་པ་དང་ཆད་པར་ལྟ་བའི་མཐའ་ཡོད་པ་མ་ཡིན་བཞིན་དུ་འདུས་བཟང་ལ་སོགས་པ་དེ་དག་རང་གི་བློ་གྲོས་ངན་པའི་སྐྱོན་གྱིས་སྒྲོ་བཏགས་ནས་དེ་ཉན་པ་ལ་མངོན་པར་ཕྱོགས་པ་དག་ཕྱིར་བཟློག་པའི་ཕྱིར་དབུ་མའི་བསྟན་བཅོས་ལ་ཡང་དག་པ་མ་ཡིན་པས་སྒྲོ་འདོགས་པར་
เล่ม ๑๐๐ · หน้า 85b
བྱེད་པ་ཙམ་དུ་ཟད་ཀྱི། དབུ་མའི་བསྟན་བཅོས་ལ་རྟག་པ་དང་ཆད་པར་ལྟ་བའི་མཐའ་གཉིས་མེད་པའི་ཕྱིར་རོ། །ཅི་ལྟར་རྟག་པ་དང་ཆད་པར་ལྟ་བ་མེད་ཅེ་ན། དེའི་ཕྱིར་འདི་ལྟར་ཁོ་བོས་ནི་སྐྱེ་མཆེད་རྣམས་ཀྱི་ཡོད་པ་ཉིད་དགག་པ་སྨྲས་པ་ན་ངོ་བོ་ཉིད་ཡོད་པ་དགག་པ་བྱས་པར་ཟད་
ཀྱི་དངོས་པོ་མེད་པ་ཉིད་དུ་ནི་མ་སྨྲས་ཏེ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་མེད་པར་དགག་པའི་ཚུལ་གྱིས་དོན་དམ་པར་སྐྱེ་མཆེད་རྣམས་ཀྱི་ཡོད་པ་ཉིད་དགག་པར་ཟད་ཀྱི། མ་ཡིན་པར་དགག་པའི་ཚུལ་གྱིས་དངོས་པོ་མེད་པ་ཉིད་དུ་ནི་མ་སྨྲས་པས་དབུ་མའི་བསྟན་བཅོས་ལ་རྟག་པ་དང་
ཆད་པར་ལྟ་བའི་མཐའ་གཉིས་མེད་པའི་ཕྱིར་ཆད་པར་ལྟ་བ་མ་ཡིན་ཏེ། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་ཡང་དག་པ་ཡིན་པས་དད་པ་མཆོག་བསྐྱེད་དེ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་བསྟན་པ་དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར་མདོ་སྡེ་
ལས། ཇི་སྲིད་སེམས་ཀྱི་སྤྱོད་ཡུལ་བ། །ཡོད་མེད་གཉིས་ཀྱི་མཐར་ཡང་འགྱུར། །སྤྱོད་ཡུལ་འགག་པར་གྱུར་ན་ནི། །སེམས་ཀྱང་ཡང་དག་འགག་པར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ་དངོས་པོར་མ་ལྷུང་བ་ནི་དངོས་པོ་མེད་པས་ཆོས་འགའ་ཡང་དངོས་པོ་མེད་པར་
མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཅི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་སོ། །འདིར་སློབ་དཔོན་ཉིད་ཀྱིས་བསྟན་བཅོས་གཞན་དག་གི་སྐབས་སུ་བཀའ་སྩལ་པའི་ཁུངས་ཀྱང་བསྟན་པའི་ཕྱིར་དེ་བཞིན་དུ་སློབ་དཔོན་ཉིད་ཀྱིས་ཀྱང་གཞན་དག་ཏུ། འདི་ནི་ཡོད་ཉིད་
འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །ནག་པོ་མིན་ཞེས་སྨྲས་པ་ན། །དཀར་པོ་ཡིན་ཞེས་མ་བརྗོད་བཞིན། །ཞེས་གསུངས་སོ་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཉིད་ཀྱིས་འཇིག་རྟེན་བརྟག་པ་ཞེས་བྱ་བའི་བསྟན་བཅོས་མཛད་པ་
ལས་དེ་སྐད་བཀའ་སྩལ་ཏེ། དཔེར་ན་འགའ་ཞིག་གིས་ནག་པོ་མ་ཡིན་ནོ་ཞེས་སྨྲས་པས་དེས་ནག་པོ་དགག་པ་ཙམ་ཉིད་བྱས་པར་ཟད་ཀྱི། དཀར་པོ་ཉིད་དུ་མ་བསྟན་པ་དེ་དེ་བཞིན་དུ་འདིར་ཡང་མེད་པར་དགག་པའི་ཚུལ་གྱིས་ཡོད་པ་ཉིད་དགག་པ་ཙམ་བསྟན་པས། མ་ཡིན་
เล่ม ๑๐๐ · หน้า 86a
པར་དགག་པའི་ཚུལ་གྱིས་མེད་པ་ཉིད་དུ་མ་བསྟན་པས་ཆད་པར་ལྟ་བ་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་དེ་གཉི་ག་ཡང་ལྟ་བ་ངན་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཡོད་པ་དང་མེད་པར་ལྟ་བ་རྣམ་པ་དེ་གཉིས་ནི་རྟག་པ་དང་ཆད་པར་ལྟ་བ་ཡིན་པས་གཉི་
ག་ཡང་ལྟ་བ་ངན་པ་ཁོ་ན་ཡིན་ཏེ། དེ་ལྟར་ལྟ་བ་དེས་ནི་དོན་དམ་པ་མི་མཐོང་ཞེས་ཚིག་ལེའུར་བྱས་པ་འོག་མའི་མགོ་འདྲེན་པ་སྟོན་ཏོ། །ཅིའི་ཕྱིར་རྣམ་པ་དེ་གཉི་ག་ཡང་ལྟ་བ་ངན་པ་ཁོ་ན་ཡིན་ཞེ་ན། མཁས་པ་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་བདེ་བ་འདོད་པའི་གེགས་ཡིན་པའི་ཕྱིར་
རོ་ཞེས་བྱ་བ་སྨྲས་ཏེ། རྣལ་འབྱོར་པ་མཁས་པ་གང་དོན་དམ་པར་རྣམ་པར་རྟོག་པའི་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བས་སངས་རྒྱས་ཉིད་ཐོབ་པའི་བདེ་བ་འདོད་པ་དེའི་གེགས་ནི་མཐའ་གཉིས་སུ་ལྟ་བ་དེ་ཡིན་པའི་ཕྱིར་རོ། །ཅི་ལྟ་ཞེ་ན་ཞེས་བྱ་བས་ནི་མཐའ་གཉིས་སུ་ལྟ་བ་དེ་ཇི་ལྟར་མཁས་
པ་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་བདེ་བ་འདོད་པའི་གེགས་ཡིན་པ་དེ་སྟོན་ཏོ། །དེ་ལ་རེ་ཞིག་ཅི་ལྟར་ཡོད་པའི་མཐར་ལྟ་བ་དེ་དེའི་གེགས་ཡིན་པར་བསྟན་པའི་ཕྱིར། འདི་ལ་དོན་དམ་པར་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་འཇིག་རྟེན་ལས་འདས་པ་དང་དགེ་བ་
དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་གལ་ཏེ་ཚུལ་གང་གིས་ཐ་སྙད་གདགས་སུ་རུང་བ་དེས་བདག་ཉིད་ཐོབ་པའི་ངོ་བོ་ཉིད་ཡིན་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདོད་པ་ན་སྤྱོད་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའོ། །གཟུགས་ན་སྤྱོད་པ་ཞེས་བྱ་བ་ནི་བསམ་གཏན་བཞི་ལ་
སོགས་པའོ། །གཟུགས་མེད་པ་ན་སྤྱོད་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་བཞི་ལ་སོགས་པའོ། །འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པའོ། །དགེ་བ་ཞེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དགེ་བ་བཅུའི་ལས་ཀྱི་
ལམ་རྣམས་སོ། །མི་དགེ་བ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །ལུང་དུ་མ་བསྟན་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པའོ། །དེ་དག་དོན་དམ་པར་གལ་ཏེ་ཚུལ་གང་གིས་ཐ་སྙད་གདགས་སུ་རུང་བ་དེས་བདག་ཉིད་ཐོབ་
เล่ม ๑๐๐ · หน้า 86b
པའི་ངོ་བོ་ཉིད་ཡིན་པར་གྱུར་ན་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ལ་སོགས་པ་དེ་དག་དོན་དམ་པར་གལ་ཏེ་ཅི་ལྟར་སྦྱིན་པའི་བྱ་བ་སྒྲུབ་པར་བྱེད་པ་ལ་སོགས་པ་དང་། བསམ་གཏན་དག་སྒྲུབ་པར་བྱེད་པ་ལ་སོགས་པ་དང་། སྙོམས་པར་འཇུག་པ་དག་སྒྲུབ་པར་བྱེད་པ་ལ་སོགས་པ་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་པ་སྒོམ་པར་བྱེད་པ་ལ་སོགས་པ་དང་། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་སྒྲུབ་པར་བྱེད་པའི་ཚུལ་གང་གིས་ཐ་སྙད་གདགས་སུ་རུང་བའི་ཚུལ་དེས་བདག་ཉིད་ཐོབ་པའི་ངོ་བོ་ཉིད་ཡིན་ཞིང་། ངོ་བོ་ཉིད་ཡོད་པ་ཡིན་པར་གྱུར་ནའོ། །དེ་ལྟར་
གྱུར་ན་དེ་ཇི་ལྟར་གེགས་ཡིན་ཞེ་ན། དེའི་ཕྱིར་དགེ་བ་དང་། མི་དགེ་བའི་ཆོས་རྣམས་བསྐྱེད་པ་དང་། མི་སྐྱེད་པའི་ཕྱིར་འབད་པ་དོན་མེད་པ་ཉིད་དུ་འགྱུར་ཏེ་ཡོད་པའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་ཡོད་པ་བཞིན་པས་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་
བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་དང་སྣམ་བུ་ཡོད་པ་ནི་ཡོད་པའི་ཕྱིར་དེ་དག་བསྐྱེད་པ་དང་མི་སྐྱེད་པའི་ཕྱིར་འབད་པ་དོན་མེད་པ་ཉིད་ཡིན་པ་དེ་བཞིན་དུ་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱང་ཚུལ་གང་གིས་ཐ་སྙད་
གདགས་སུ་རུང་བའི་ཚུལ་དེས་བདག་ཉིད་ཐོབ་པའི་ངོ་བོ་ཉིད་དུ་ཡོད་པར་གྱུར་ན་ཡོད་པའི་ཕྱིར་དགེ་བའི་ཆོས་རྣམས་བསྐྱེད་པ་དང་། མི་དགེ་བའི་ཆོས་རྣམས་མི་སྐྱེད་པའི་ཕྱིར་འབད་པ་དོན་མེད་པ་ཉིད་དུ་འགྱུར་བས་དེའི་ཕྱིར་ཡོད་པར་ལྟ་བ་ནི་མཁས་པ་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་བདེ་
བ་འདོད་པའི་གེགས་ཡིན་ནོ། །བདེ་བ་དང་ལྡན་པ་རྣམས་ཀྱང་བདེ་བའི་ཁྱད་པར་ཉམས་པ་མེད་པ་དང་། སྡུག་བསྔལ་དང་ལྡན་པ་རྣམས་ཀྱང་སྡུག་བསྔལ་གྱི་ཁྱད་པར་ཉམས་པ་མེད་པར་འགྱུར་ཏེ། རྩིག་པ་ལ་བྲིས་པའི་རི་མོ་བཞིན་དུ་སྲོག་ཆགས་རྣམས་ཀྱི་ན་ཚོད་དང་བོང་ཚོད་དང་སྤྱོད་
ལམ་གྱི་ཁྱད་པར་དག་ལ་སྐྱེ་བྲི་མེད་པར་འགྱུར་རོ་ཞེས་པ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ་དེ་ལྟར་འདོད་པ་ན་སྤྱོད་པ་ལ་སོགས་པ་དེ་དག་དོན་དམ་པར་གལ་ཏེ་ཚུལ་གང་གིས་ཐ་སྙད་གདགས་སུ་རུང་བའི་ཚུལ་དེས་བདག་ཉིད་ཐོབ་པའི་ངོ་བོ་ཉིད་དུ་ཡོད་པར་གྱུར་ཅིང་། དགེ་བ་དང་
เล่ม ๑๐๐ · หน้า 87a
མི་དགེ་བའི་ཆོས་རྣམས་བསྐྱེད་པ་དང་མི་སྐྱེད་པའི་ཕྱིར་འབད་པ་དོན་མེད་པ་ཉིད་དུ་གྱུར་ན་སེམས་ཅན་བདེ་བ་དང་སྡུག་བསྔལ་དང་ལྡན་པ་རྣམས་ཀྱང་བདེ་བ་དང་སྡུག་བསྔལ་གྱི་ཁྱད་པར་ཉམས་པ་མེད་པར་འགྱུར་ཏེ། རྩིག་པ་ལ་བྲིས་པའི་རི་མོ་བཞིན་དུ་སྲོག་
ཆགས་རྣམས་ཀྱི་ན་ཚོད་དང་བོང་ཚོད་དང་སྤྱོད་ལམ་གྱི་ཁྱད་པར་དག་ལ་སྐྱེ་བྲི་མེད་པར་འགྱུར་བས་ཡོད་པའི་མཐར་ལྟ་བ་དེ་ནི་མཁས་པ་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་བདེ་བ་འདོད་པའི་གེགས་ཡིན་པའི་ཕྱིར་ལྟ་བ་ངན་པ་ཁོ་ན་ཡིན་ནོ། །ད་ནི་ཅི་ལྟར་མེད་པའི་མཐར་ལྟ་བ་དེ་དེའི་གེགས་ཡིན་པ་
བསྟན་པའི་ཕྱིར་ཅི་སྟེ་ཁམས་གསུམ་པ་དང་། འཇིག་རྟེན་ལས་འདས་པ་དང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ངོ་བོ་ཉིད་མེད་པ་ཡིན་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཅི་སྟེ་དོན་དམ་པར་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་འཇིག་རྟེན་ལས་
འདས་པ་དང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་གལ་ཏེ་ཀུན་རྫོབ་ཏུ་ཚུལ་གང་གིས་ཐ་སྙད་གདགས་པ་ཙམ་གྱི་ཚུལ་དེར་ཡང་མེད་པ་ཡིན་པར་གྱུར་ནའོ། །དེ་ལྟར་གྱུར་ན་དེ་ཅི་ལྟར་གེགས་ཡིན་ཞེ་ན། དེ་ལྟ་ན་ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་བསྐྱེད་པ་དང་མི་སྐྱེད་
པའི་ཕྱིར་འབད་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་རྣོན་པོར་བྱ་བའི་ཕྱིར་འབད་པ་བཞིན་པས་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་
རི་བོང་གི་རྭ་མེད་པ་ནི་མེད་པའི་ཕྱིར་ཏེ་རྣོན་པོ་དང་རྟུལ་པོར་བྱ་བའི་ཕྱིར་འབད་པ་དོན་མེད་པ་ཉིད་ཡིན་པ་དེ་བཞིན་དུ་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱང་ཀུན་རྫོབ་ཏུ་ཚུལ་གང་གིས་ཐ་སྙད་གདགས་པ་ཙམ་གྱི་ཚུལ་དེར་ཡང་མེད་པ་ཡིན་པར་གྱུར་ན་མེད་པའི་ཕྱིར་དགེ་བའི་ཆོས་རྣམས་བསྐྱེད་
པ་དང་མི་དགེ་བའི་ཆོས་རྣམས་མི་སྐྱེད་པའི་ཕྱིར་འབད་པ་དོན་མེད་པ་ཉིད་དུ་འགྱུར་བས་དེའི་ཕྱིར་མེད་པར་ལྟ་བ་ཡང་མཁས་པ་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་བདེ་བ་འདོད་པའི་གེགས་ཡིན་ནོ། །ཐ་སྙད་ཆད་པར་འགྱུར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་
เล่ม ๑๐๐ · หน้า 87b
ལྟར་འདོད་པ་ན་སྤྱོད་པ་ལ་སོགས་པ་དེ་དག་ཀུན་རྫོབ་ཏུ་ཡང་གལ་ཏེ་ཚུལ་གང་གིས་ཐ་སྙད་གདགས་པ་ཙམ་གྱི་ཚུལ་དེར་ཡང་མེད་པ་ཡིན་པར་གྱུར་ཅིང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་བསྐྱེད་པ་དང་མི་སྐྱེད་པའི་ཕྱིར་འབད་པ་དོན་མེད་པ་ཉིད་དུ་གྱུར་ན་འཇིག་རྟེན་ན་དགེ་བ་དང་མི་
དགེ་བའི་ཆོས་རྣམས་བསྐྱེད་པ་དང་མི་སྐྱེད་པ་ལ་སོགས་པའི་ཐ་སྙད་དག་ཆད་པར་འགྱུར་བས་མེད་པའི་མཐར་ལྟ་བ་དེ་ཡང་མཁས་པ་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་བདེ་བ་འདོད་པའི་གེགས་ཡིན་པའི་ཕྱིར་ལྟ་བ་ངན་པ་ཁོ་ན་ཡིན་ནོ། །དེ་ལྟར་རྣམ་པ་དེ་གཉི་ག་ཡང་ལྟ་བ་ངན་པ་ཁོ་ན་ཡིན་པ་
དེའི་ཕྱིར་འདིར་བསྟན་བཅོས་མཛད་པས་ལྟ་བ་ངན་པ་དེ་སྤང་བ་དེའི་ཕྱིར་འདི་བཤད་དེ་ཞེས་བྱ་བར་སྦྱར་རོ། །ལྟ་བ་ངན་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པ། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེས་ནི་བལྟ་བར་བྱ། །ཉེ་བར་ཞི་བ་ཞི་
མི་མཐོང་། །བློ་ཆུང་ངུ་གང་དག་རབ་རིབ་ཅན་དབང་པོ་ཉམས་པས་ཟླ་བ་གཉིས་ལ་སོགས་པ་ཡང་དག་པ་མ་ཡིན་པ་མཐོང་བ་བཞིན་དུ་དངོས་པོ་རྣམས་ལ་ཡོད་པ་ཉིད་དང་མེད་པ་ཉིད་དུ་ལྟ་བ་དེ་དག་གིས་ནི་དོན་དམ་པའི་བདེན་པ་ཤིན་ཏུ་ཆ་ཕྲ་བ་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱི་སྤྱོད་ཡུལ་བལྟ་
བར་བྱ་བ་ཉེ་བར་ཞི་ཞིང་ཞི་བ་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་བློ་ཆུང་ངུ་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་མཆོག་ཏུ་ཟབ་པ་མ་རྟོགས་པ་ན་དངོས་པོ་རྣམས་ལ་ཡོད་པ་ཉིད་དང་མེད་པ་ཉིད་དུ་རྗེས་སུ་ལྟ་བ་ཆད་པ་དང་རྟག་པར་ལྟ་བས་བློ་གྲོས་ཀྱི་མིག་བསྒྲིབས་པ་དེ་དག་གིས་ནི་དོན་དམ་
པའི་བདེན་པ་མྱ་ངན་ལས་འདས་པ་བལྟ་བར་བྱ་བའི་མཚན་མ་ཐམས་ཅད་ཉེ་བར་ཞི་ཞིང་གནོད་པ་ཐམས་ཅད་ཞི་བ་ངོ་བོ་ཉིད་ཀྱིས་སྟོང་པ་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །བལྟ་བར་བྱ་བ་ཉེ་བར་ཞི་བ་ཞེས་བྱ་བ་ནི་འདི་ལ་བལྟ་བར་བྱ་བ་མཚན་མ་ཐམས་ཅད་མི་སྣང་བར་གྱུར་པའི་ཕྱིར་རོ་ཞེས་
བྱ་བ་ནི་དོན་དམ་པ་འདི་ལ་བལྟ་བར་བྱ་བའི་མཚན་མ་ཐམས་ཅད་མི་སྣང་བར་གྱུར་པའི་ཕྱིར་བལྟ་བར་བྱ་བ་ཉེ་བར་ཞི་བ་ཞེས་བྱའོ། །ཞི་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཏེ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་ཤིན་ཏུ་ཆ་ཕྲ་བ་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱི་སྤྱོད་ཡུལ་
เล่ม ๑๐๐ · หน้า 88a
བལྟ་བར་བྱ་བ་ཉེ་བར་ཞི་བ་དེ་ནི་གནོད་པ་ཐམས་ཅད་དང་བྲལ་ཞིང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞི་བ་ཞེས་བྱའོ། །ཡོད་པ་དང་མེད་པའི་མཐར་ལྟ་བ་དེ་ཅི་ལྟར་ལྟ་བ་ངན་པ་ཁོ་ན་ཡིན་པ་སྔར་རིགས་པས་བསྒྲུབས་པ་དེའི་ལུང་གི་ཁུངས་བསྟན་པའི་ཕྱིར། མདོ་སྡེ་
ལས། གང་གིས་གང་ལ་རྐྱེན་རྣམས་ཀྱིས། །ཡོད་པར་བསྒྲུབས་མེད་ཉིད་དུ་འགྱུར། །ལྟ་ངན་སྐྱེ་བར་སྨྲ་བ་ཡིས། །ཡོད་པ་དང་ནི་མེད་པར་བསྟན། །ཞེས་ཅི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གང་གིས་དངོས་པོ་གང་ལ་རྐྱེན་རྣམས་ཀྱིས་ཡོད་པ་ཉིད་དུ་
བསྒྲུབས་པར་གྱུར་ན་དེ་ནི་ཡོད་པའི་མཐར་ལྟ་བ་ཡིན་པས་ལྟ་བ་ངན་པ་ཁོ་ན་ཡིན་ལ་དེ་ཞིག་པར་གྱུར་པ་ན་མེད་པ་ཉིད་དུ་འགྱུར་ཏེ། དེ་ནི་མེད་པའི་མཐར་ལྟ་བ་ཡིན་པས་དེ་ཡང་ལྟ་བ་ངན་པ་ཁོ་ན་ཡིན་ནོ། །དེའི་ཕྱིར། ལྟ་ངན་སྐྱེ་བར་སྨྲ་བ་ཡིས། །ཡོད་པ་དང་ནི་མེད་པར་བསྟན། །
ཞེས་གསུངས་ཏེ། སྐྱེ་བ་ཡོད་ན་མ་ཞིག་གི་བར་དུ་ཡོད་པ་ཉིད་ཅེས་ཀྱང་སྟོན་ལ་དེ་ཞིག་པ་ན་མེད་པ་ཉིད་ཅེས་ཀྱང་སྟོན་པས་དེ་ནི་ལྟ་བ་ངན་པ་ཁོ་ན་ཡིན་ནོ། །མཁས་པ་གང་སྟོང་པ་ཉིད་ལ་ལྟ་བ་དང་བསྒོམ་པའི་མིག་སྨན་དང་ལྡན་པས་བློ་གྲོས་ཀྱི་མིག་གི་སྐྱོན་དང་བྲལ་བར་གྱུར་པ་བློ་གྲོས་ཀྱི་མིག་
ཡང་དག་པར་བྱེད་པ་དེས་ནི་དངོས་པོ་རྣམས་ཀྱི་ཅི་ལྟ་བ་ཉིད་མཐོང་སྟེ་ཞེས་བྱ་བ་ནི་མཁས་པ་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་མཆོག་ཏུ་ཟབ་པ་རྟག་པ་དང་ཆད་པའི་མཐའ་དང་བྲལ་བ་རྟོགས་པ་ན་དངོས་པོ་རྣམས་ལ་ཡོད་པ་ཉིད་དང་མེད་པ་ཉིད་དུ་རྗེས་སུ་མི་ལྟ་བ་སྟོང་པ་ཉིད་ལ་ལྟ་བ་དང་བསྒོམ་པའི་
མིག་སྨན་དང་ལྡན་པས་བློ་གྲོས་ཀྱི་མིག་གི་སྐྱོན་དང་བྲལ་བར་གྱུར་པ་བློ་གྲོས་ཀྱི་མིག་ཡང་དག་པར་བྱེ་བ་དེ་དག་གིས་ནི་དོན་དམ་པའི་བདེན་པ་ཤིན་ཏུ་ཆ་ཕྲ་བ་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱི་སྤྱོད་ཡུལ་བལྟ་བར་བྱ་བ་ཉེ་བར་ཞི་ཞིང་ཞི་བ་ཅི་ལྟ་བ་ཉིད་མཐོང་ངོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ལུང་
གི་ཁུངས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། གང་ཚེ་འཇིག་རྟེན་ཡོད་མིན་ཞིང་། །མེད་མིན་ཡོད་མེད་མིན་མཐོང་བ། །དེ་ཚེ་སེམས་ནི་རྣམ་ལྡོག་ཅིང་། །བདག་མེད་ཉིད་ཀྱང་རྟོགས་པར་འགྱུར། །ཞེས་ཇི་སྐད་གསུངས་པ་ལྟ་
เล่ม ๑๐๐ · หน้า 88b
བུ་སྟེ་གང་གི་ཚེ་གཟུགས་ལ་སོགས་པ་ཡུལ་རྣམས་དངོས་པོ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཡོད་མེད་ཀྱང་མ་ཡིན་པར་མཐོང་བ་དེའི་ཚེ་ན་ལོག་པར་འཛིན་པའི་རྣམ་པར་རྟོག་པ་མེད་པས་ཀུན་གཞི་རྣམ་པར་ཤེས་པ་གནས་འགྱུར་ཞིང་ཆོས་བདག་མེད་པ་ཞེས་བྱ་བ་དེ་ཁོ་ན་ཉིད་རྟོགས་པར་
འགྱུར་རོ་ཞེས་གསུངས་ཏེ། དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དགག་པ་ཙམ་ཉིད་དབུ་མའི་ལམ་ཞེས་བྱའི་དེ་གཉིས་ཀྱི་བར་ན་ཅི་ཡང་མེད་དོ། །དེ་བཞིན་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་མདོ་འོད་སྲུངས་ཀྱི་ལེའུ་ལས། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་
གཅིག་གོ། །མེད་ཅེས་བྱ་བ་འདི་ཡང་མཐའ་གཅིག་གོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བས་ཀྱང་དེ་ཉིད་ཀྱི་ཡིད་ཆེས་པའི་ལུང་གི་ཁུངས་བསྟན་ཏོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ས་ལ་སོགས་པ་ཁམས་རྣམས་ཡོད་པར་སྟོན་པའི་གཏན་ཚིགས་མཚན་ཉིད་ཡིན་
པའི་ཕྱིར་རོ་ཞེས་བྱ་བ་ཉེ་བར་གཞག་པ་དེའི་སྐྱོན་བརྗོད་པས་ཁམས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཁམས་བརྟག་པའི་རབ་ཏུ་བྱེད་པ་ལྔ་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་ལྟ་བ་ནི་ཕ་རོལ་
པོས་ཁམས་རྣམས་ཡོད་པར་སྟོན་པའི་ཕྱོགས་སྔ་མ་དོན་དམ་པར་ཁམས་རྣམས་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཉེ་བར་གཞག་པ་དེ་དག་གི་སྒྲུབ་པའི་སྐྱོན་བརྗོད་པས་ཁམས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །ཁམས་
རྣམས་སྟོང་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་བསྟན་པའི་ཕྱིར་དང་ཁམས་རྣམས་སྟོང་པ་ཉིད་དུ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ།
དེའི་ཕྱིར་འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ནང་གི་སའི་ཁམས་གང་ཡིན་པ་དང་ཕྱི་རོལ་གྱི་སའི་ཁམས་གང་ཡིན་པ་དེ་གཉིས་སུ་མེད་པའི་དོན་ཏོ། །དེ་ཡང་དེ་བཞིན་གཤེགས་པས་ཤེས་རབ་དང་ཡེ་ཤེས་ཀྱིས་གཉིས་སུ་མེད་པ་དང་གཉིས་སུ་དབྱེར་མེད་
เล่ม ๑๐๐ · หน้า 89a
པ་དང་མཚན་ཉིད་གཅིག་པ་འདི་ལྟ་སྟེ། མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་གསུངས་པའི་ལུང་གི་དོན་དེ་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཁམས་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེའི་ཚིག་གི་དོན་
ནི་སྔར་སྐྱེ་མཆེད་བརྟག་པའི་སྐབས་སུ་བཤད་པ་བཞིན་ནོ། །གཅིག་པ་ཉིད་དང་ཐ་དད་པ་ཉིད་ཀྱི་མཐའ་གཉིས་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། བུ་མོ་ཁམས་དག་ཇི་ལྟར་
བལྟ་བར་བྱ། བུ་མོས་སྨྲས་པ་འཇམ་དཔལ་འདི་ལྟ་སྟེ་དཔེར་ན་འཇིག་རྟེན་གསུམ་བསྐལ་པས་བསྲེགས་པ་ན་ཐལ་བ་ཡང་མེད་པ་ལྟར་རོ་ཞེས་བྱ་བ་གསུངས་པའི་ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ཁུངས་དེས་ཀྱང་ཁམས་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེའི་ཚིག་
གི་དོན་ཀྱང་སྔར་སྐྱེ་མཆེད་བརྟག་པའི་སྐབས་སུ་བཤད་པ་བཞིན་ཏེ། ནང་དང་ཕྱི་རོལ་གྱི་ཁམས་རྣམས་ལ་ཅི་ཡང་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་མདོ་སྡེའི་མཐའ་གཞན་དག་ལས་གཟུགས་མེད་པ་དང་། བསྟན་དུ་མེད་པ་དང་།
གནས་པ་མེད་པ་དང་། སྣང་བ་མེད་པ་དང་། རྣམ་པར་རིག་པ་མེད་པ་གང་ཡིན་པ་དེ་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བ་གསུངས་པའི་ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་ཁམས་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་ལ་གཟུགས་
མེད་པ་ཞེས་བྱ་བ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །བསྟན་དུ་མེད་པ་ཞེས་བྱ་བ་ནི་བསྟན་པར་མི་ནུས་པའི་ཕྱིར་རོ། །གནས་པ་མེད་པ་ཞེས་བྱ་བ་ནི་ལུས་དང་གནས་མེད་པའི་ཕྱིར་རོ། །སྣང་བ་མེད་པ་ཞེས་བྱ་བ་ནི་ཡུལ་ཉིད་དུ་སྣང་བ་མེད་པའི་ཕྱིར་རོ། །རྣམ་པར་རིག་པ་མེད་
པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་རིག་པས་གཟུང་དུ་མེད་པའི་ཕྱིར་ཏེ་ཚིག་གི་དོན་གཅིག་གིས་གཅིག་བཤད་པ་ཡིན་པའི་དོན་དམ་པའི་བདེན་པ་དེ་ལ་མངོན་པར་ཞེན་པར་མི་བྱ་བ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་
เล่ม ๑๐๐ · หน้า 89b
ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་ཆགས་པ་མེད་པའི་མཚན་ཉིད་དེ་གང་ཆོས་གང་གི་མཚན་ཉིད་ཡིན་པ་དེ་ནི་དེའི་མཚན་ཉིད་མེད་པ་ཡིན་པས་ཆོས་འགའ་ཡང་མཚན་ཉིད་མངོན་པར་བསྒྲུབ་པའི་ཕྱིར་ཉེ་བར་མི་གནས་སོ་ཞེས་བྱ་བ་གསུངས་པའི་
ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་ཁམས་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ་ཆགས་པ་མེད་པའི་མཚན་ཉིད་བསྟན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས།
ངས་ནི་འཇིག་རྟེན་ཕུང་པོ་བསྟན། །དེ་ལ་འཇིག་རྟེན་གནས་པར་འགྱུར། །མཁས་པ་དེ་ལ་མི་གནས་པ། །འཇིག་རྟེན་ཆོས་ཀྱིས་མི་གོས་སོ། །འཇིག་རྟེན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །དེ་ཕྱིར་དེ་ཡིས་དེ་རྟོགས་པས། །འཇིག་
རྟེན་ཆོས་ཀྱིས་མི་གོས་སོ། །ཞེས་བྱ་བ་གསུངས་པའི་ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་ཁམས་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་དག་གི་ཚིག་གི་དོན་ཀྱང་སྔར་སྐྱེ་མཆེད་བརྟག་པའི་སྐབས་སུ་བཤད་པ་བཞིན་ཏེ། ཁམས་
རྣམས་ལ་མཚན་ཉིད་མེད་པ་དང་། དེ་ལ་མི་གནས་པ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་བྱ་བ་དེ་ནི་འཕགས་པ་སངས་རྒྱས་
ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས་ཀྱང་གསུངས་ཏེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་གསུངས་པའི་ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་ཁམས་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་སྔར། ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་ཆགས་པ་མེད་པའི་མཚན་ཉིད་དེ་ཞེས་བཀའ་སྩལ་པ་དེ་ལ་འཕགས་པ་ཤཱ་རིའི་བུ་ཆགས་པ་མེད་པ་ཉིད་གང་ཡིན་སྙམ་དུ་ཐེ་
เล่ม ๑๐๐ · หน้า 90a
ཚོམ་ཟ་བ་དེ་བསལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་མེད་པ་ཉིད་དང་ཡོངས་སུ་གྲུབ་པ་མེད་པ་ཉིད་གང་ཡིན་པ་དེ་ནི་ཆགས་པ་མེད་པ་ཉིད་ཅེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །ལུང་གི་
དོན་དེ་དག་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེ་དག་གིས་ཁམས་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་དེ་ནི་བསྟན་བཅོས་མཛད་པས་ཁམས་རྣམས་སྟོང་པ་ཉིད་དུ་བསྟན་པའི་ཡོན་ཏན་ཡིན་ཏེ། དེ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་མཁྱེན་རླབས་ཡིན་པས་རྟོག་གེ་སྐམ་པོ་ཙམ་
གྱིས་ཁམས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་མ་ཡིན་ཏེ། ལུང་དེ་དག་ཀྱང་ཡོད་དོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་ཁམས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ལྔ་པ་རྒྱ་ཆེར་འགྲེལ་པ། སློབ་དཔོན་
སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་འདོད་ཆགས་དང་ཆགས་པ་དང་ཞེ་སྡང་དང་སྡང་བ་ལ་སོགས་པ་དག །ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པར་བཞེད་པའི་དབང་
གིས་རབ་ཏུ་བྱེད་པ་དྲུག་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟའོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་
སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ་བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅས་པ་མཛད་པས། འདིར་རབ་ཏུ་བྱེད་པ་དྲུག་པ་བརྩམ་པའི་སྐབས་སུ་ཡང་
འགྲེལ་པ་བྱེད་པས་སྔར་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་
เล่ม ๑๐๐ · หน้า 90b
བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ཡོད་པ་ཉིད་དུ་སྟོན་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས་དོན་དམ་པར་ཕུང་
པོ་དང་། ཁམས་དང་། སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་
ཀྱི་ཁྱད་པར་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་དྲུག་པ་བརྩམ་མོ་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་རབ་ཏུ་བྱེད་པ་དྲུག་པ་བརྩམས་ན་འདོད་པའི་དོན་འགྲུབ་པར་
འགྱུར་བའི་ཕྱིར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། འདོད་ཆགས་དང་ཆགས་པ་དང་ཞེ་སྡང་དང་སྡང་བ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་དྲུག་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། འདོད་ཆགས་དང་
ཆགས་པ་བརྟག་པའི་རབ་ཏུ་བྱེད་པ་དྲུག་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་འདོད་ཆགས་དང་ཆགས་པ་དང་ཞེ་སྡང་དང་སྡང་བ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས། འདིར་རབ་ཏུ་བྱེད་པ་དྲུག་པ་བརྩམ་པའི་སྐབས་སུ་ཡང་འགྲེལ་པ་བྱེད་པས་གཞུང་འོག་ནས་
འབྱུང་བ་དང་སྦྱར་བའི་དོན་དེའི་དབང་དུ་བྱས་ནས། འདོད་ཆགས་དང་ཆགས་པ་དང་ཞེ་སྡང་དང་སྡང་བ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་དྲུག་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། འདོད་ཆགས་ཞེས་བྱ་བ་ནི་ཆགས་པ་དང་ལྷག་པར་
ཆགས་པ་ཞེས་བྱ་བ་དག་གི་རྣམ་གྲངས་སོ། །ཆགས་པ་ཞེས་བྱ་བ་ནི་གང་གི་ཕུང་པོ་ལྔ་ལ་འདོད་ཆགས་ལ་སོགས་པ་སྐྱེས་པའོ། །ཞེ་སྡང་ཞེས་བྱ་བ་ནི་ཞེ་སྡང་བ་དང་ཁོང་ཁྲོ་བ་ཞེས་བྱ་བ་དག་གི་རྣམ་གྲངས་སོ། །སྡང་བ་ཞེས་བྱ་བ་ནི་གང་གི་ཕུང་པོ་ལྔ་ལ་ཞེ་སྡང་ལ་སོགས་པ་
เล่ม ๑๐๐ · หน้า 91a
སྐྱེས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གཏི་མུག་དང་རྨོངས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པ་ཅན་ཐམས་ཅད་བསྡུའོ། །རབ་ཏུ་བྱེད་པ་དྲུག་པ་འདིའི་འབྲས་བུ་ནི་གང་ཡིན་རྣམ་པ་གང་གིས་ནི་འབྲས་བུ་དེ་ཐོབ་ཅེ་ན།
འདོད་ཆགས་དང་ཆགས་པ་དང་ཞེ་སྡང་དང་སྡང་བ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་
བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་དེ་ལྟར་བཀག་ཏུ་ཟིན་ཀྱང་
དེ་དག་ལ་མངོན་པར་ཞེན་པ་རང་གི་སྡེ་པ་དག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་དང་
ཉེས་དམིགས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་གང་མེད་པ་ལ་ནི་བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་དང་ཉེས་
དམིགས་མ་བསྟན་ཏེ། དཔེར་ན་རུས་སྦལ་གྱི་སྤུ་དག་བཞིན་ནོ་ཞེས་བྱ་བ་ནི། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པ་དག་ལ་བརྟེན་ནས། ཆགས་པས་ཆོས་རྣམས་མི་ཤེས་ཤིང་། །ཆགས་པས་ཆོས་རྣམས་མི་མཐོང་སྟེ། །མི་
གང་འདོད་ཆགས་སྟེན་བྱེད་པ། །དེ་ཚེ་མུན་པ་མུན་གནག་འབྱུང་། །སྡང་བས་ཆོས་རྣམས་མི་ཤེས་ཤིང་། །སྡང་བས་ཆོས་རྣམས་མི་མཐོང་སྟེ། །མི་གང་ཞེ་སྡང་སྟེན་བྱེད་པ། །དེ་ཚེ་མུན་པ་མུན་གནག་འགྱུར། །རྨོངས་པས་ཆོས་རྣམས་མི་ཤེས་ཤིང་། །རྨོངས་པས་ཆོས་རྣམས་
เล่ม ๑๐๐ · หน้า 91b
མི་མཐོང་སྟེ། །མི་གང་གཏི་མུག་སྟེན་བྱེད་པ། །དེ་ཚེ་མུན་པ་མུན་གནག་འགྱུར། །ཞེས་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་བསྟན་པས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི་གང་། ཉེས་དམིགས་ནི་གང་ཞེ་ན། ཆགས་པས་ཆོས་
རྣམས་མི་ཤེས་ཤིང་། །ཆགས་པས་ཆོས་རྣམས་མི་མཐོང་སྟེ། །ཞེས་བྱ་བ་དེ་དག་ནི་ཀུན་ནས་ཉོན་མོངས་པའོ། །མི་གང་འདོད་ཆགས་སྟེན་བྱེད་པ། །དེ་ཚེ་མུན་པ་མུན་གནག་འགྱུར། །ཞེས་བྱ་བ་དེ་དག་ནི་ཉེས་དམིགས་ཏེ་ལུང་ལས། མུན་ཁྲོད་ནས་མུན་ཁྲོད་དུ་འགྲོ་བ་དང་། མུན་ཁྲོད་ནས་སྣང་བར་འགྲོ་
བ་དང་། སྣང་བ་ནས་མུན་ཁྲོད་དུ་འགྲོ་བ་དང་། སྣང་བ་ནས་སྣང་བར་འགྲོ་བ་ཞེས་བྱ་བ་གང་ཟག་བཞི་གསུངས་པ་ལས། མུན་ཁྲོད་ནས་མུན་ཁྲོད་དུ་འགྲོ་བ་ཞེས་བྱ་བ་དང་སྦྱར་རོ། །ཡང་ན། ཆགས་པས་ཆོས་རྣམས་མི་ཤེས་ཤིང་། །ཆགས་པས་ཆོས་རྣམས་མི་མཐོང་སྟེ། །དེ་ཚེ་མུན་པ་
མུན་གནག་འགྱུར། །ཞེས་བྱ་བ་དེ་དག་ནི་ཉེས་དམིགས་སོ། །མི་གང་འདོད་ཆགས་སྟེན་བྱེད་པ། །ཞེས་བྱ་བ་དེ་ནི་ཀུན་ནས་ཉོན་མོངས་པའོ། །ཡང་ན་ཆགས་པས་ཞེས་བྱ་བ་དེ་ནི་ཀུན་ནས་ཉོན་མོངས་པའོ། །ཆོས་རྣམས་མི་ཤེས་པ་དང་། མི་མཐོང་བ་དང་། མི་གང་འདོད་
ཆགས་སྟེན་བྱེད་པ། །དེ་ཚེ་མུན་པ་མུན་གནག་འགྱུར། །ཞེས་བྱ་བ་དེ་དག་ནི་ཉེས་དམིགས་སོ། །སྟེན་བྱེད་པ་ཞེས་བྱ་བ་ནི་སྐྱེ་བ་དང་དུ་ལེན་པར་བྱེད་པ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་འཐད་པས་ཕུང་པོ་
དང་ཁམས་དང་སྐྱེ་མཆེད་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འདི་ན་བཅོམ་ལྡན་འདས་ཀྱིས་རུས་སྦལ་གྱི་སྤུ་ལ་སོགས་པ་མེད་པ་གང་དག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་མ་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་པ་
མ་ཡིན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གང་དག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འདུ་བྱེད་
เล่ม ๑๐๐ · หน้า 92a
ཀྱི་ཚོགས་འདོད་ཆགས་ལ་སོགས་པའི་འཇུག་པ་ཤས་ཆེ་བ་ལ་བརྟེན་ནས་འདོད་ཆགས་ལ་སོགས་པ་དང་དེ་དག་གི་ཉེས་དམིགས་ཀྱི་སྐྱོན་བསྟན་པ། སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དེ་དག་ནི་ཐ་སྙད་པར་ཡོད་པ་ཡིན་གྱི་དོན་
དམ་པ་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་། དེ་དག་གི་ཉེས་དམིགས་ཀྱི་སྐྱོན་བསྟན་པ་སྒྱུ་མ་ལ་སོགས་པ་ལྟ་བུ་དེ་དག་ནི་ཐ་སྙད་པར་ཡོད་པ་ཡིན་གྱི་དོན་དམ་པ་པ་ནི་མ་ཡིན་པས་དེའི་ཕྱིར་ཕྱོགས་སྔ་མ་སྨྲ་བ་
དག་གི་ཕུང་པོ་ལ་སོགས་པ་དོན་དམ་པར་ཡོད་པར་སྒྲུབ་པའི་གཏན་ཚིགས་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་དེ་མི་འགྲུབ་པས་ཕུང་པོ་ལ་སོགས་པ་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །འདོད་ཆགས་ལ་སོགས་པ་དང་དེ་དག་གི་ཉེས་དམིགས་
ཀྱི་སྐྱོན་བསྟན་པ་དེ་དག་ཀྱང་གཞི་གང་ལ་བརྟེན་ནས་གདགས་པ་མཛད་ཅེ་ན། དེའི་ཕྱིར་འདུ་བྱེད་ཀྱི་ཚོགས་འདོད་ཆགས་ལ་སོགས་པའི་འཇུག་པ་ཤས་ཆེ་བ་ལ་བརྟེན་ནས་ཞེས་བྱ་བ་སྨྲས་ཏེ། ཕུང་པོ་ལྔ་པོའི་འདུ་བྱེད་ཀྱི་ཚོགས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་
འཇུག་པ་ཤས་ཆེ་བ་ལ་བརྟེན་ནས་གདགས་པ་མཛད་དོ། །དེ་ལ་བརྟེན་ནས་གང་དག་གདགས་པ་མཛད་ཅེ་ན། དེའི་ཕྱིར་འདོད་ཆགས་ལ་སོགས་པ་དང་དེ་དག་གི་ཉེས་དམིགས་ཀྱི་སྐྱོན་བསྟན་པ་ཞེས་བྱ་བ་སྨྲས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཀུན་ནས་
ཉོན་མོངས་པ་དང་། དེ་དག་གི་ཉེས་དམིགས་ཀྱི་སྐྱོན་བསྟན་པ་དག་གདགས་པ་མཛད་དོ། །འདོད་ཆགས་ལ་སོགས་པ་དང་དེ་དག་གི་ཉེས་དམིགས་ཀྱི་སྐྱོན་བསྟན་པ་དེ་དག་ཀྱང་ཇི་ལྟ་བུ་དག་ཡིན་ཞེ་ན། དེའི་ཕྱིར་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་ཞེས་བྱ་
བ་སྨྲས་ཏེ། སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་རོ། །སྨིག་རྒྱུ་ལྟ་བུ་ཞེས་བྱ་བ་ནི་རྫས་སུ་མེད་པའི་ཕྱིར་རོ། །རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་སྤྱོད་པ་མེད་པའི་ཕྱིར་རོ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་དང་དེ་
เล่ม ๑๐๐ · หน้า 92b
དག་གི་ཉེས་དམིགས་ཀྱི་སྐྱོན་བསྟན་པ་སྒྱུ་མ་ལ་སོགས་པ་ལྟ་བུ་དེ་དག་ཐ་སྙད་པ་ཡིན་ནམ་དོན་དམ་པ་པ་ཡིན་ཞེ་ན། དེའི་ཕྱིར་དེ་དག་ནི་ཐ་སྙད་པར་ཡོད་པ་ཡིན་གྱི་དོན་དམ་པ་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་དམ་བཅའ་བ་ཉེ་བར་བཞག་པ་ཡིན་ནོ། །འདིར་ཕ་རོལ་པོ་དག་ན་རེ་
ཅིའི་ཕྱིར་དེ་དག་དོན་དམ་པ་པ་མ་ཡིན་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་དེའི་ཕྱིར་དེ་དག་ཉིད་བརྟག་པར་བྱ་སྟེ་ཞེས་བྱ་བ་སྨྲས་སོ། །འདི་ལ་ཁྱོད་ཆགས་པ་འདོད་ཆགས་ཀྱི་སྔ་རོལ་ནའམ། ཕྱིས་སམ། འདོད་ཆགས་དང་། ཆགས་པ་
དག་ལྷན་ཅིག་ན་ཡོད་པའམ་འདོད་ཆགས་ཆགས་པའི་སྔ་རོལ་ནའམ། ཕྱིས་སམ་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ན་ཡོད་པར་འདོད་གྲང་ན་ཞེས་བྱ་བ་ནི་བསྟན་བཅོས་མཛད་པས་ཕ་རོལ་པོ་དག་ལ་བརྟག་པའི་མུ་རྣམ་པ་དྲུག་ཉེ་བར་བཞག་པ་ཡིན་ཏེ། དེ་ལ་ཡང་མུ་དང་པོ་
གསུམ་ནི་འདོད་ཆགས་བརྟག་པ་ཡིན་ལ། མུ་ཐ་མ་གསུམ་ནི་ཆགས་པ་བརྟག་པ་ཡིན་ནོ། །དེ་ལ་འདོད་ཆགས་བརྟག་པའི་མུ་གསུམ་ནི་ཆགས་པ་འདོད་ཆགས་ཀྱི་སྔ་རོལ་ན་ཡོད་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་པ་དང་། ཆགས་པ་འདོད་ཆགས་པས་ཕྱིས་ཡོད་
པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་པ་དང་། ཆགས་པ་དང་འདོད་ཆགས་ལྷན་ཅིག་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་པའོ། །ཆགས་པ་བརྟག་པའི་མུ་གསུམ་ནི་འདོད་ཆགས་ཆགས་པའི་སྔ་རོལ་ན་ཡོད་པ་ལ་བརྟེན་ནས་ཆགས་པ་ཡོད་པར་འདོད་པ་དང་། འདོད་
ཆགས་ཆགས་པས་ཕྱིས་ཡོད་པ་ལ་བརྟེན་ནས་ཆགས་པ་ཡོད་པར་འདོད་པ་དང་། འདོད་ཆགས་དང་ཆགས་པ་ལྷན་ཅིག་པ་ལ་བརྟེན་ནས་ཆགས་པ་ཡོད་པར་འདོད་པ་སྟེ། དེ་དག་ཐམས་ཅད་མི་འཐད་པར་རིམ་པ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལ་མུ་དང་པོར་བསྒྲུབས་པའི་ཕྱིར།
དེ་ལ་རེ་ཞིག །གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་འདོད་ཆགས་མེད་པ་ཞིག་ཡོད་པར་གྱུར་ན་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་གལ་ཏེ་ཁྱེད་ཆགས་པ་འདོད་ཆགས་
เล่ม ๑๐๐ · หน้า 93a
ཀྱི་སྔ་རོལ་ན་ཡོད་པར་འདོད་ན་དེ་ལྟར་ན་ཁྱེད་འདོད་ཆགས་མེད་པའི་སྔ་རོལ་ན་ཆགས་པ་འདོད་ཆགས་མེད་པ་ཞིག་ཡོད་པར་བསྒྲུབ་ཅིང་། ཆགས་པ་འདོད་ཆགས་མེད་པ་དེ་ལ་བརྟེན་ནས་ཕྱིས་འདོད་ཆགས་སྐྱེ་བར་འགྱུར་བས། དེས་ན་ཀུན་ནས་ཉོན་
མོངས་པ་ཡང་ཡོད་ལ་དེའི་ཉེས་དམིགས་ཀྱང་ཡོད་པས་ཁྱེད་ཕུང་པོ་ལ་སོགས་པ་དག་དོན་དམ་པར་ཡོད་པར་སྒྲུབ་པའི་གཏན་ཚིགས་ཀྱི་དོན་འགྲུབ་པར་འགྱུར་རོ་སྙམ་དུ་སེམས་ན་དེ་ཡང་མི་རུང་སྟེ། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་པར་གྱུར་ན་ཆགས་པ་དེ་འདོད་
ཆགས་མེད་པར་མི་རུང་སྟེ་འདོད་ཆགས་དང་བཅས་པའི་ཆགས་པ་ཉིད་ཡིན་པར་འགྱུར་རོ། །དེའི་ཚེ་ན་དེ་ཆགས་པ་ཉིད་ཡིན་པར་གྱུར་ན་དེ་ལ་བརྟེན་ནས་ཕྱིས་འདོད་ཆགས་སྐྱེ་བར་འགྱུར་བ་དོན་མེད་པས་ཆགས་པ་ལ་བརྟེན་ནས་འདོད་ཆགས་སྐྱེ་བར་མི་འགྱུར་བས་འདོད་ཆགས་མི་སྐྱེའོ། །དེས་
ན་འདོད་ཆགས་མེད་པས་ཀུན་ནས་ཉོན་མོངས་པ་ཡང་མེད་ལ། དེའི་ཉེས་དམིགས་ཀྱང་མེད་པས་ཁྱེད་ཕུང་པོ་ལ་སོགས་པ་དག་དོན་དམ་པར་ཡོད་པར་སྒྲུབ་པའི་གཏན་ཚིགས་ཀྱི་དོན་མི་འགྲུབ་པ་ཉིད་དོ་ཞེས་སྟོན་ཏོ། །འདོད་ཆགས་དང་ཆགས་པ་དང་ལྷག་པར་ཆགས་པ་ཞེས་བྱ་བ་དག་ནི་རྣམ་
གྲངས་ཏེ། དེ་མེད་ཅིང་མ་གཏོགས་པ་འདོད་ཆགས་ལ་མི་ལྟོས་པ་ཞིག་ཡོད་པར་གྱུར་ནའོ་ཞེས་བྱ་བ་ནི། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །ཞེས་བྱ་བའི་ཚིག་གི་དོན་བཤད་པ་ཡིན་ཏེ། འདོད་ཆགས་ཞེས་བྱ་བའི་ཚིག་གི་དོན་ནི་འདོད་
ཆགས་དང་ཆགས་པ་དང་ལྷག་པར་ཆགས་པ་ཞེས་བྱ་བ་དག་གི་རྣམ་གྲངས་སོ། །འདོད་ཆགས་མེད་པའི་ཆགས་ཡོད་ན། །ཞེས་བྱ་བའི་ཚིག་གི་དོན་ནི་འདོད་ཆགས་དེ་མེད་ཅིང་དེ་མ་གཏོགས་པ་འདོད་ཆགས་ལ་མི་ལྟོས་པའི་ཆགས་པ་འདོད་ཆགས་མེད་པ་
ཞིག་ཡོད་པར་གྱུར་ནའོ། །འདིར་ཕ་རོལ་པོའི་བསམ་པ་ནི་འདོད་ཆགས་མེད་པའི་སྔ་རོལ་ན་ཆགས་པ་ཉིད་མི་འཐད་པས་ཕྱིས་ཆགས་པར་འགྱུར་བའི་གང་ཟག་མ་ཆགས་པ་ཞིག་ཡོད་པས་དེ་ལ་བརྟེན་ནས་ཕྱིས་འདོད་ཆགས་ཡོད་པར་འགྱུར་རོ་སྙམ་དུ་སེམས་པ་ཡིན་པས་
เล่ม ๑๐๐ · หน้า 93b
དེ་བསལ་བའི་ཕྱིར་འདིར་འགྲེལ་པ་བྱེད་པས་སྨིན་པ་མེད་པར་འབྲས་བུ་སྨིན་པ་ཉིད་མི་འཐད་པ་ལྟར་ཆགས་པ་ཉིད་མི་འཐད་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྨིན་པ་མེད་པར་འབྲས་བུ་སྨིན་པ་ཉིད་མི་འཐད་པ་ལྟར་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། ཇི་ལྟར་སྨིན་པ་མེད་པར་འབྲས་
བུ་སྨིན་པ་ཉིད་མི་འཐད་པ་ལྟར་འདོད་ཆགས་མེད་པར་ཆགས་པ་ཉིད་མི་འཐད་པ་ནི་མ་ཡིན་ཏེ། སྨིན་པ་མེད་པར་འབྲས་བུ་སྨིན་པ་ཉིད་མི་འཐད་ཀྱང་འབྲས་བུ་མ་སྨིན་པ་ཉིད་ཡོད་པ་ལྟར་འདོད་ཆགས་མེད་པར་ཆགས་པ་ཉིད་མི་འཐད་པ་མ་ཡིན་ཏེ། མ་ཆགས་པ་ཉིད་མེད་དོ། །འདི་སྐད་
བསྟན་ཏེ་ཕ་རོལ་པོའི་བསམ་པ་ལྟར་གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་པར་གྱུར་ན་དེ་འདོད་ཆགས་མེད་པའི་མ་ཆགས་པ་ཉིད་མ་ཡིན་གྱི་ཆགས་པ་ཉིད་ཡིན་ཏེ། ཇི་ལྟར་སྨིན་པ་མེད་པར་འབྲས་བུ་སྨིན་པ་ཉིད་མེད་ཀྱང་འབྲས་བུ་མ་སྨིན་པ་ཉིད་ཡོད་པ་ལྟར་འདིར་ནི་དེ་ལྟ་མ་
ཡིན་ཏེ་ཆགས་པ་སྔ་ན་ཡོད་པ་དེ་ལ་འདོད་ཆགས་མེད་པར་ཆགས་པ་ཉིད་མེད་པ་མ་ཡིན་གྱི། དེ་འདོད་ཆགས་མེད་ཀྱང་ཆགས་པ་ཉིད་ཡིན་པར་འགྱུར་རོ། །དེའི་ཚེ་ན་དེ་ཆགས་པ་ཉིད་ཡིན་པར་གྱུར་ན་དེ་ལ་བརྟེན་ནས་ཕྱིས་འདོད་ཆགས་སྐྱེ་བར་འགྱུར་བ་དོན་མེད་པས་ཆགས་པ་ལ་
བརྟེན་ནས་འདོད་ཆགས་སྐྱེ་བར་མི་འགྱུར་བས་འདོད་ཆགས་མི་སྐྱེའོ། །དེས་ན་འདོད་ཆགས་མེད་པས་ཀུན་ནས་ཉོན་མོངས་པ་ཡང་མེད་ལ་དེའི་ཉེས་དམིགས་ཀྱང་མེད་པས་ཁྱེད་ཕུང་པོ་ལ་སོགས་པ་དག་དོན་དམ་པར་སྒྲུབ་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །བརྟག་པ་
འདི་ལས་ཅིར་འགྱུར་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འདོད་པའི་བསམ་པ་ལྟར་བརྟག་པ། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །ཞེས་བྱ་བ་འདི་ལ་དོན་ཅིར་འགྱུར་ཞེ་ན་ཞེས་བརྟག་པ་ཡིན་ནོ། །དེ་ལ་དོན་ཅིར་འགྱུར་ཞེ་ན། དེ་ལ་བརྟེན་ནས་
འདོད་ཆགས་ཡོད་ཅེས་བྱ་བར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་ཆགས་པ། དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་ཏེ། ཆགས་པ་འདིའི་འདོད་ཆགས་ནི་འདིའོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་འདོད་པའི་བསམ་པ་ལྟར་བརྟག་པ།
เล่ม ๑๐๐ · หน้า 94a
གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །ཞེས་བྱ་བ་འདི་ལས་དོན་ཅིར་འགྱུར་ཞེ་ན། འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་པ་དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་ཏེ། ཆགས་པ་སྔ་རོལ་ན་ཡོད་པ་
འདིའི་འདོད་ཆགས་འདིའོ་ཞེས་བྱ་བར་འགྱུར་རོ། །འདི་ལྟར་གང་གི་ཚེ་ལྷས་བྱིན་མ་ཆགས་པ་ཆགས་པར་བྱེད་པ་དེའི་ཚེ་ན་འདོད་ཆགས་ཞེས་བྱ་སྟེ། མ་ཆགས་པ་འདིའི་འདོད་ཆགས་ནི་འདི་ཡིན་ནོ་ཞེས་བྱ་བ་ཡིན་ན་གལ་ཏེ་ཆགས་པ་ལ་བརྟེན་ནས་འདོད་ཆགས་ཡོད་པ་ཉིད་
དུ་འདོད་ན། འོ་ན་དེ་ལྟ་ན་འདོད་ཆགས་མེད་ཀྱང་དེ་ཆགས་པ་ཉིད་ཡིན་པར་འགྱུར་རོ། །དེ་སྐད་བསྟན་ཏེ་ཆགས་པ་ནི་འདོད་ཆགས་མེད་པར་མི་སྲིད་ལ་འདོད་ཆགས་ཀྱང་ཆགས་པ་མེད་པར་མི་སྲིད་པ་ཡིན་ན་གལ་ཏེ་འདོད་ཆགས་མེད་པའི་སྔ་རོལ་ན་ཆགས་པར་མ་གྱུར་པ་དེ་
ཆགས་པ་ཡིན་པར་རྟོག་ན། འོ་ན་དེ་ལྟ་ན་འདོད་ཆགས་མེད་ཀྱང་དེ་ཆགས་པ་ཉིད་ཡིན་པར་ཐལ་བར་འགྱུར་བས་དེ་ནི་མི་རུང་ངོ་། །དེ་ལྟ་ན་སྐྱོན་གཞན་འདིར་ཡང་འགྱུར་ཏེ། ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཕ་རོལ་
པོ་དག་འདོད་པའི་བསམ་པ་ལྟར་གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་པར་བརྟག་ན་ཆགས་པ་ཞེས་བྱ་བ་དེ་རང་གི་ངོ་བོ་ཉིད་ཀྱིས་ཆགས་པ་ཉིད་དུ་གྲུབ་པ་དེ་ལ་བརྟེན་ནས་ཕྱིས་འདོད་ཆགས་ཡོད་པའི་སྐྱོན་དུ་འགྱུར་རོ། །ཆགས་པ་ཡིན་ན་དེ་ལ་འདོད་ཆགས་སྐྱེ་བ་དོན་
མེད་པ་ཉིད་དུ་འགྱུར་བས་ཞེས་བྱ་བ་ནི་འདོད་ཆགས་མེད་པར་ཡང་སྔ་ནས་ཆགས་པ་ཉིད་ཡིན་པར་གྱུར་ན་དེ་ལ་ཡང་འདོད་ཆགས་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་ཏེ། འདོད་ཆགས་ཕྱིས་སྐྱེ་བ་དེས་ཆགས་པ་སྔ་ན་ཡོད་པ་དེ་ལ་ཁྱད་པར་ལྷག་པ་ཅུང་ཟད་ཀྱང་སྐྱེད་པར་མི་བྱེད་པའི་ཕྱིར་རོ། །
དེ་ནི་མི་འདོད་དོ་ཞེས་བྱ་བ་ནི་འདོད་ཆགས་མེད་པའི་སྔ་རོལ་ན་ཆགས་པ་ཡོད་པ་དེ་ནི་ཐ་སྙད་ཐམས་ཅད་དང་འགལ་བས་མི་འདོད་དོ། །འོན་ཏེ་འདོད་ཆགས་ཀྱི་ཆགས་པ་ཉིད་དུ་འགྱུར་བར་བྱེད་ན་ནི་དེ་ལྟ་ན་འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་པར་ཁས་བླང་བར་མི་བྱའོ། །དེ་ལྟར་
เล่ม ๑๐๐ · หน้า 94b
ན་འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་བར་སྐབས་ཀྱི་དོན་ལས་བཟློག་པས་རྗེས་སུ་དཔག་པ་ནི་འདི་ལྟ་སྟེ་ཞེས་བྱ་བར་སྦྱར་ཏེ། གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕ་རོལ་པོ་དག་འདོད་པའི་བསམ་པ་ལྟར་གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་པར་
གྱུར་ཅིང་ཆགས་པ་དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་གྱུར་ན། ཆགས་པ་དེ་ལ་འདོད་ཆགས་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བས་ཞེས་བྱ་བའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་རོ། །སྐབས་ཀྱི་དོན་ལས་བཟློག་པས་ཞེས་བྱ་བ་ལ་སྐབས་ཀྱི་དོན་གང་ཞེ་ན། གླགས་ཡོད་
པའི་ཚིག་ཡིན་པའི་སྐབས་ཀྱི་དོན་ཏེ། འདོད་ཆགས་མེད་ཀྱང་དེ་ཆགས་པ་ཉིད་ཡིན་པར་འགྱུར་རོ། །དེ་ནི་མི་རུང་བས་སྐབས་ཀྱི་དོན་དེ་ལས་བཟློག་པས་དོན་གཞན་གོ་བར་འགྱུར་བའི་སྒོ་ནས་འདིར་རྗེས་སུ་དཔག་པའི་སྦྱོར་བ་བྱ་སྟེ། འདོད་ཆགས་མེད་པའི་སྔ་རོལ་ན་ཆགས་
པ་ཉིད་ཀྱང་མེད་པས་དེ་ལ་བརྟེན་ནས་ཕྱིས་འདོད་ཆགས་སྐྱེ་བ་ཡང་མེད་ལ། འདོད་ཆགས་མེད་ན་ཀུན་ནས་ཉོན་མོངས་པ་དང་དེའི་ཉེས་དམིགས་བསྟན་པ་ཡང་མེད་པས་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་བསྟན་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པར་
སྟོན་ཏོ། །ཆགས་པ་ནི་འདོད་ཆགས་མེད་ན་མི་འབྱུང་བའི་ཚུལ་ཅན་ཡིན་ཏེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་འདོད་ཆགས་ཀྱི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།
དཔེར་ན་འདོད་ཆགས་ཀྱི་རང་གི་བདག་ཉིད་ནི་རང་གི་བདག་ཉིད་ལ་ལྟོས་པ་དང་བཅས་པའི་ཕྱིར་འདོད་ཆགས་ཀྱི་རང་གི་བདག་ཉིད་མེད་ན་འདོད་ཆགས་ཀྱི་རང་གི་བདག་ཉིད་མི་འབྱུང་བའི་ཚུལ་ཅན་ཡིན་པ་དེ་བཞིན་དུ་ཆགས་པ་ཡང་འདོད་ཆགས་ལ་ལྟོས་པ་དང་བཅས་པའི་ཕྱིར། འདོད་
ཆགས་མེད་ན་མི་འབྱུང་བའི་ཚུལ་ཅན་ཡིན་ནོ། །དེའི་ཕྱིར་འདོད་ཆགས་མེད་པའི་སྔ་རོལ་ན་ཆགས་པ་ཉིད་ཀྱང་མེད་པས་དེ་ལ་བརྟེན་ནས་ཕྱིས་འདོད་ཆགས་སྐྱེ་བ་ཡང་མེད་ལ། འདོད་ཆགས་མེད་ན་ཀུན་ནས་ཉོན་མོངས་པ་དང་དེའི་ཉེས་དམིགས་བསྟན་པ་ཡང་མེད་པས་ཕ་རོལ་པོའི་གཏན་
เล่ม ๑๐๐ · หน้า 95a
ཚིགས་ཀྱི་དོན་ཀུན་ནས་ཉོན་མོངས་པ་དང་། ཉེས་དམིགས་བསྟན་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པའི་ཕྱིར་དོན་དམ་པར་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དག་ཡོད་པ་མ་ཡིན་ནོ། །འདོད་ཆགས་བརྟག་པའི་མུ་གསུམ་ལས་ཆགས་པ་འདོད་ཆགས་ཀྱི་སྔ་རོལ་
ན་ཡོད་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་པ་ཞེས་བྱ་བ་མུ་དང་པོ་མི་འཐད་པར་བསྒྲུབས་ཟིན་ཏོ།། །།བམ་པོ་སུམ་ཅུ་དྲུག་པ། ད་ནི་འདོད་ཆགས་བརྟག་པའི་མུ་གསུམ་ལས་ཆགས་པ་འདོད་ཆགས་པས་ཕྱིས་ཡོད་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་པ་ཞེས་བྱ་བ་
མུ་གཉིས་པ་མི་འཐད་པར་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་འདིར་སྨྲས་པ། ཆོས་མངོན་པའི་མཚན་ཉིད་ལས། ཀུན་འགྲོ་ཞེས་བྱ་རང་གི་སར། །ཉོན་མོངས་ཅན་གྱི་སྔར་ཀུན་འགྲོ། །ཞེས་འབྱུང་བས་ཆགས་པ་ཉིད་འདོད་ཆགས་ཀྱི་རྒྱུ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདིར་ནི་
ཕྱོགས་སྔ་མ་སྨྲ་བ་དག་ཆགས་པ་འདོད་ཆགས་པས་ཕྱིས་ཡོད་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་བསྒྲུབ་སྟེ། དེ་དག་ན་རེ་ཆོས་མངོན་པའི་མཛོད་ལས་རྒྱུ་དྲུག་པོ་ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་ཏུ་འགྲོ་བའི་རྒྱུ་དང་།
རྣམ་པར་སྨིན་པའི་རྒྱུ་དང་། བྱེད་པའི་རྒྱུ་དག་ལས་ཀུན་དུ་འགྲོ་བའི་རྒྱུ་ནི། ཀུན་འགྲོ་ཞེས་བྱ་རང་གི་སར། །ཉོན་མོངས་ཅན་གྱི་སྔར་ཀུན་འགྲོ། །ཞེས་འབྱུང་བས་རང་གི་ས་པའི་ཀུན་དུ་འགྲོ་བའི་ཆོས་སྔར་བྱུང་བ་རྣམས་ནི་ཉོན་མོངས་པ་ཅན་གྱི་ཆོས་ཕྱི་མ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་
ཏེ། དེ་དག་ཀྱང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལྔ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ལྟ་བ་གཉིས་དང་། སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཐེ་ཚོམ་གཉིས་དང་། མ་རིག་པ་མ་འདྲེས་པ་གཅིག་དང་། མ་རིག་པ་མཚུངས་པར་
ལྡན་པ་གཅིག་སྟེ། ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་ཀུན་དུ་འགྲོ་བའི་རྒྱུ་ཞེས་བྱ་སྟེ། རང་གི་ཁམས་ལ་དམིགས་པའི་ཕྱིར་རོ་ཞེས་བཤད་པས་འདིར་ཆགས་པ་འདོད་ཆགས་པས་ཕྱིས་ཡོད་པ་ནི་ཡང་འདོད་ཆགས་ཕྱིས་སྐྱེ་བའི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་ཁྱེད་ན་རེ་ཆགས་པ་ཡིན་ན་
เล่ม ๑๐๐ · หน้า 95b
དེ་ལ་འདོད་ཆགས་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བས་དེ་ནི་མི་འདོད་དོ་ཞེས་ཟེར་བའི་ཉེས་པ་དེ་ཁོ་བོ་ཅག་ལ་མེད་དོ། །འདི་སྐད་བསྟན་ཏེ། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུ་ལ་འདོད་ཆགས་ལ་སོགས་པ་བག་ལ་ཉལ་བའི་ཚུལ་དུ་རང་གི་ངོ་བོ་གཟུང་དུ་མེད་པར་ཡོད་པ་ཉིད་ཡིན་པས་སོ་སོའི་སྐྱེ་
བོ་ཐམས་ཅད་ནི་འདོད་ཆགས་དང་བཅས་པས་ཆགས་པ་ཡིན་ནོ། །གང་གི་ཚེ་འདོད་ཆགས་ལ་སོགས་པ་བག་ལ་ཉལ་བའི་ཚུལ་དུ་གནས་པ་དེ་དག་རྐྱེན་རྙེད་ནས་གསལ་བར་གྱུར་པ་དེའི་ཚེ་ན་འདོད་ཆགས་སྐྱེས་པ་ཞེས་བྱ་སྟེ། ཆོས་མངོན་པའི་མཛོད་ལས། བག་ལ་ཉལ་བ་མ་སྤངས་དང་། ཡུལ་
ནི་ཉེ་བར་གྱུར་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་པ། །ཉོན་མོངས་རྒྱུ་ནི་རྫོགས་པ་ཡིན། །ཞེས་བཤད་པས་དེའི་ཕྱིར་ཆགས་པ་ཉིད་འདོད་ཆགས་ཀྱི་རྒྱུ་ཡིན་པའི་ཕྱིར་ཁྱེད་ན་རེ་འདོད་ཆགས་མེད་པར་ཆགས་པ་ཡིན་པར་འདོད་ན་ཆགས་ཟིན་པའི་ཕྱིར་དེ་ལ་འདོད་ཆགས་སྐྱེ་བ་དོན་
མེད་པ་ཉིད་དུ་འགྱུར་རོ་ཞེས་ཟེར་བའི་ཉེས་པ་དེ་ཁོ་བོ་ཅག་ལ་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བཤད་པ། ཆགས་པ་ཡོད་པར་གྱུར་ན་ཡང་། །འདོད་ཆགས་ཡོད་པར་ག་ལ་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཁྱོད་ཀྱི་ཆགས་པ་
ཡོད་པར་གྱུར་ན་ཡང་འདོད་ཆགས་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ། འདི་ལྟར་ཆགས་པ་ལ་འདོད་ཆགས་ཀྱི་བྱ་བ་ཅི་ཡང་མེད་དོ། །ཆགས་པར་མི་བྱེད་ན་ནི། ཇི་ལྟར་འདོད་ཆགས་ཡིན་པར་འགྱུར། ཅི་སྟེ་འགྱུར་ན་ནི་གང་ཡང་འདོད་ཆགས་མ་ཡིན་པ་ཉིད་དུ་མི་འགྱུར་བས་དེ་ནི་མི་འདོད་དེ་དེའི་
ཕྱིར་ཆགས་པ་ཉིད་ནི་འདོད་ཆགས་ཀྱི་རྒྱུ་ཡིན་པར་མི་འཐད་དོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟར་མ་ཆགས་པ་ལ་འདོད་ཆགས་སྐྱེ་བ་ན་ཆགས་པ་ཞེས་བརྗོད་པའི་རྐྱེན་ལ་བརྟེན་པ་ཡིན་གྱི། དེ་འདོད་ཆགས་གང་གིས་ཆགས་པར་གྱུར་པ་ལ་ཆགས་པ་ཞེས་བརྗོད་པ་དེ་ཉིད་ཀྱིས་ཆགས་
པར་གྱུར་པ་ལ་འདོད་ཆགས་སྐྱེ་བ་དོན་མེད་པ་ཉིད་ཀྱི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། ཡང་འཇིག་རྟེན་ན་གྲགས་པའི་ཚུལ་ནི་མ་ཆགས་པ་འདོད་ཆགས་དང་ཕྲད་པས་ཆགས་པ་ཞེས་བྱ་བའི་ཐ་སྙད་ཀྱི་རྐྱེན་ལ་བརྟེན་པ་ཡིན་གྱི་ཆགས་པ་སྔ་ན་ཡོད་པ་དེ་ཀུན་དུ་འགྲོ་བའི་འདོད་ཆགས་གང་གིས་
เล่ม ๑๐๐ · หน้า 96a
ཆགས་པར་གྱུར་པ་ལ་ནི་ཡང་འདོད་ཆགས་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་ཏེ། དཔེར་ན་དེ་ལས་གཞན་ལ་འདོད་ཆགས་མི་སྐྱེ་བ་བཞིན་པས་དེའི་ཕྱིར་ཆགས་པ་ཉིད་འདོད་ཆགས་ཀྱི་རྒྱུ་མ་ཡིན་ནོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་འདི་སྐད་ཅེས་འོ་ན་ཆགས་
པ་དེ་འདོད་ཆགས་ཀྱི་རྒྱུ་མ་ཡིན་ཡང་བླ་སྟེ་ཆགས་པ་ཉིད་དུ་ནི་བརྗོད་པར་བྱའོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདོད་ཆགས་མེད་པའི་སྔ་རོལ་ན། །ཆགས་པ་དེ་
ཡོད་པ་ཞེས་བྱ་བ་ནི་ཚིག་ཙམ་དུ་ཟད་དེ་དེ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཆགས་པ་སྔ་ན་མེད་དོ། །ག་ལ་འགྱུར། །ཞེས་བྱ་བ་ནི་མི་སྲིད་པ་སྟེ། ཆགས་པ་ཡོད་པར་གྱུར་ན་ཡང་། །འདོད་ཆགས་ཡོད་པར་ག་ལ་འགྱུར། །ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་གལ་ཏེ་
ཕ་རོལ་པོ་དག་འདོད་པའི་བསམ་པ་ལྟར་ཆགས་པ་ཉིད་ཡོད་པར་གྱུར་ན་ཡང་དེ་འདོད་ཆགས་ཀྱི་རྒྱུ་ཡིན་པར་ག་ལ་འགྱུར་ཏེ། མི་འགྱུར་བ་ཉིད་དོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །ཡང་ན་ལྷས་བྱིན་ཆགས་པ་ནི་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་
མ་ཡིན་ཏེ། ཆགས་པ་ཡིན་པའི་ཕྱིར་མཆོད་སྦྱིན་ཆགས་པ་བཞིན་ནོ་ཞེས་བྱ་བ་ནི་དོན་དེ་ཉིད་ཡང་ན་ཚད་མས་ཀྱང་བསྒྲུབ་པར་བྱ་སྟེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་
སྦྱིན་ཆགས་པ་ནི་ཆགས་པ་ཡིན་པའི་ཕྱིར་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་པ་དེ་བཞིན་དུ་ལྷས་བྱིན་ཆགས་པ་ཡང་ཆགས་པ་ཡིན་པའི་ཕྱིར་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་ནོ། །གལ་ཏེ་དེ་ནི་མི་སྲིད་དེ་
ཆགས་པ་རྒྱུད་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པ་ཉིད་ཕྱོགས་སུ་བྱེད་ན་གྲུབ་པ་ལ་སྒྲུབ་པ་དང་། དོན་འགལ་བ་ཉིད་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་རྗེས་སུ་དཔག་པ་སྔ་མ་དེ་མི་སྲིད་དེ་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་སུན་འབྱིན་པར་བྱེད་པ་
เล่ม ๑๐๐ · หน้า 96b
ཡིན་ཏེ། དེ་དག་ན་རེ་ཁྱེད་དབུ་མ་པས་ལྷས་བྱིན་ཆགས་པ་ནི་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་གང་ཡིན། ལྷས་བྱིན་ཆགས་པ་འདོད་ཆགས་ཀྱི་རྒྱུ་མ་ཡིན་ཏེ་ཞེས་བྱ་བ་དེ་རྒྱུད་ཐ་དད་པའི་འདོད་ཆགས་ཀྱི་རྒྱུ་མ་
ཡིན་པ་ཉིད་ཕྱོགས་སུ་བྱེད་དམ་འོན་ཏེ་རྒྱུ་ཐ་དད་པ་མ་ཡིན་པའི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པ་ཉིད་ཕྱོགས་སུ་བྱེད། དེ་ལ་གལ་ཏེ་ལྷས་བྱིན་ཆགས་པ་རྒྱུད་ཐ་དད་པ་མཆོད་སྦྱིན་གྱི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པ་ཉིད་ཕྱོགས་སུ་བྱེད་ན་ནི་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་པས་མི་རུང་སྟེ། འདི་ལྟར་
ལྷས་བྱིན་ཆགས་པ་རྒྱུད་ཐ་དད་པ་མཆོད་སྦྱིན་གྱི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པ་ཉིད་ནི་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པས་དེ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་པས་མི་རུང་ངོ་། །འོན་ཏེ་ལྷས་བྱིན་ཆགས་པ་རྒྱུད་ཐ་དད་པ་མ་ཡིན་པ་ལྷས་བྱིན་ཉིད་ཀྱི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པ་ཉིད་
ཕྱོགས་སུ་བྱེད་ན་ནི་དོན་འགལ་བ་ཉིད་ཡིན་པས་མི་རུང་སྟེ། འདི་ལྟར་ཁྱེད་ཀྱི་དཔེ་མཆོད་སྦྱིན་ཆགས་པ་བཞིན་ནོ་ཞེས་བྱ་བ་དེ་ལ་ཆགས་པ་ཉིད་ཀྱི་མཚན་ཉིད་ཡོད་པ་དེ་ཡང་མཆོད་སྦྱིན་རང་གི་རྒྱུད་ལ་འདོད་ཆགས་སྐྱེ་བའི་རྒྱུ་ཉིད་ཡིན་པ་བཞིན་དུ་ལྷས་བྱིན་ཆགས་པ་ལ་ཆགས་པ་ཉིད་ཀྱི་
མཚན་ཉིད་ཀྱི་མཚན་ཉིད་ཡོད་པ་དེ་ཡང་ལྷས་བྱིན་རང་གི་རྒྱུད་ལ་འདོད་ཆགས་སྐྱེ་བའི་རྒྱུ་ཉིད་ཡིན་པས་ཁྱེད་ལྷས་བྱིན་ཆགས་པ་ནི་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་ཏེ་ཞེས་སྒྲུབ་པ་དང་དོན་འགལ་བ་ཉིད་ཡིན་པས་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་
ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁོ་བོའི་དམ་བཅས་པ་དེ་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱང་མ་ཡིན་ལ་དོན་འགལ་བ་ཉིད་ཀྱང་མ་ཡིན་པས་ཁྱེད་ཀྱི་ཀླན་ཀ་དེ་ནི་བཟང་པོ་མ་ཡིན་ནོ། །ཇི་ལྟར་གྲུབ་པ་ལ་སྒྲུབ་པ་ཉིད་
མ་ཡིན་ཞེ་ན། དེའི་ཕྱིར། ཆགས་པ་རྒྱུད་ཐ་དད་པ་མ་ཡིན་པའི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པ་ཉིད་ཕྱོགས་སུ་བྱས་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ལ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལྷས་བྱིན་ཆགས་པ་རྒྱུད་ཐ་དད་པ་མཆོད་སྦྱིན་གྱི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པ་ཉིད་ཕྱོགས་སུ་བྱས་
เล่ม ๑๐๐ · หน้า 97a
ན་ནི་གྲུབ་པ་ལ་སྒྲུབ་པ་ཉིད་དུ་འགྱུར་གྲང་ན། ཁོ་བོས་ལྷས་བྱིན་ཆགས་པ་རྒྱུད་ཐ་དད་པ་མ་ཡིན་པ་ལྷས་བྱིན་ཉིད་ཀྱི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པ་ཉིད་ཕྱོགས་སུ་བྱས་པས་དེ་ཁྱེད་ལ་མ་གྲུབ་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཉིད་མ་ཡིན་ནོ། །ཇི་ལྟར་དོན་
འགལ་བ་ཉིད་མ་ཡིན་ཞེ་ན། དེའི་ཕྱིར། བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་བཞིན་དུ་རིགས་མི་མཐུན་པའི་ཕྱོགས་འགོག་པའི་ཕྱིར་དོན་འགལ་བ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཁོ་བོ་ལ་ཇི་ལྟར་དོན་དམ་པར་ལྷས་བྱིན་
ཆགས་པ་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་པར་གྲུབ་པ་དེ་བཞིན་དུ་མཆོད་སྦྱིན་ཆགས་པ་ཡང་མཆོད་སྦྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་པར་གྲུབ་པས། བསྒྲུབ་པར་བྱ་བ་ལྷས་བྱིན་ཆགས་པ་ལྷས་བྱིན་གྱི་རྒྱུད་
ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་པ་དང་རིགས་མཐུན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་བཞིན་དུ་དེའི་མི་མཐུན་པའི་ཕྱོགས་མཆོད་སྦྱིན་ཆགས་པ་མཆོད་སྦྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་པར་ཡང་འགོག་པའི་ཕྱིར་མི་མཐུན་པའི་
ཕྱོགས་མེད་པས་དོན་འགལ་བ་ཉིད་ཀྱང་མ་ཡིན་ནོ། །ཅི་སྟེ་མཆོད་སྦྱིན་ཆགས་པས་འདོད་ཆགས་སྒྲུབ་པ་ཉེ་བར་ཕུལ་བ་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་སྐྱེ་བའི་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་དང་། བྱེད་པའི་རྒྱུས་གཞན་གྱི་རྒྱུད་ཀྱི་ཆགས་པ་ཡང་གཞན་གྱི་རྒྱུད་ལ་འདོད་ཆགས་སྐྱེ་
བའི་རྒྱུ་ཡིན་པའི་ཕྱིར་དཔེ་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འདི་སྐད་ཅེས། ཁྱེད་དབུ་མ་པ་ལ་གྲུབ་པ་ལ་སྒྲུབ་པ་དང་དོན་འགལ་བ་ཉིད་ཀྱི་སྐྱོན་མེད་དུ་ཟིན་ཀྱང་ཁྱེད་ཀྱི་དཔེ་མཆོད་སྦྱིན་ཆགས་པ་བཞིན་ནོ་ཞེས་བྱ་བ་དེ་མི་འགྲུབ་པས་དཔེ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བ་ཡིན་ཏེ།
དེ་དག་ན་རེ་གང་གི་ཚེ་མཆོད་སྦྱིན་ཆགས་པས་ལྷས་བྱིན་རྒྱུད་ལ་འདོད་ཆགས་བསྐྱེད་པའི་རྐྱེན་མེ་ཏོག་དང་། བྱུག་པ་ལ་སོགས་པ་དག་ལྷས་བྱིན་ལ་ཉེ་བར་ཕུལ་བས། ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་སྐྱེ་བས་མཆོད་སྦྱིན་ཆགས་པ་ཡང་ལྷས་བྱིན་གྱི་
เล่ม ๑๐๐ · หน้า 97b
རྒྱུད་ལ་འདོད་ཆགས་སྐྱེ་བའི་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར། ཁྱེད་ཀྱི་དཔེ་མཆོད་སྦྱིན་ཆགས་པ་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བས་སྟོང་པས་ཁྱེད་ལ་དཔེ་མེད་དོ། །གཞན་ཡང་
ཆོས་མངོན་པ་ལས། རང་ལས་གཞན་པ་བྱེད་པའི་རྒྱུ། །ཞེས་འབྱུང་བས་བྱེད་པའི་རྒྱུ་ནི་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་ཆོས་སྐྱེ་བའི་བྱེད་པའི་རྒྱུ་ཡིན་ཏེ། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ་ཞེས་བྱ་བས་མཆོད་སྦྱིན་ཆགས་པ་ཡང་ལྷས་
བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེ་ལ་གེགས་མི་བྱེད་པའི་ཕྱིར་བྱེད་པའི་རྒྱུ་ཡིན་པས་མཆོད་སྦྱིན་ཆགས་པ་ཡང་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་ཡིན་པའི་ཕྱིར། ཁྱེད་ཀྱི་དཔེ་མཆོད་སྦྱིན་གྱི་ཆགས་པ་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་
དེའི་མངོན་སུམ་གྱི་རྒྱུ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བས་སྟོང་པས་ཁྱེད་ལ་དཔེ་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁོ་བོའི་དཔེ་མེད་པ་མ་ཡིན་པས་ཁྱེད་ཀྱི་
ཀླན་ཀ་དེ་ནི་སུན་འབྱིན་པ་ལྟར་སྣང་བ་ཡིན་པའི་ཕྱིར་རིགས་པ་མ་ཡིན་ནོ། །ཇི་ལྟར་དཔེ་མེད་པ་མ་ཡིན་ཞེ་ན་དེའི་ཕྱིར། རྒྱུ་ཐུན་མོང་མ་ཡིན་པ་ཉིད་འགོག་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་ཐུན་མོང་མ་ཡིན་པ་
ལྷས་བྱིན་ཆགས་པ་ཉིད་དེའི་རྒྱུ་མ་ཡིན་པར་འགོག་པའི་ཕྱིར་མཆོད་སྦྱིན་ཆགས་པ་ཡང་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་ཐུན་མོང་མ་ཡིན་པ་འགོག་པས་དཔེ་བསྒྲུབ་པར་བྱ་བས་མི་སྟོང་པའི་ཕྱིར་དཔེ་མེད་པ་མ་ཡིན་ཏེ། རྒྱུ་ཐུན་མོང་མ་ཡིན་པ་
ལྷས་བྱིན་ཆགས་པ་ཉིད་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བའི་མངོན་སུམ་གྱི་རྒྱུ་མ་ཡིན་པ་དེ་བཞིན་དུ་མཆོད་སྦྱིན་ཆགས་པ་ཡང་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་ཐུན་མོང་མ་ཡིན་པ་དེའི་དཔེར་དེ་རུང་བའི་ཕྱིར་རོ། །གཞན་ཡང་འདོད་ཆགས་སྒྲུབ་
เล่ม ๑๐๐ · หน้า 98a
པ་མེ་ཏོག་དང་བྱུག་པ་ལ་སོགས་པ་དག་ནི་འདོད་པའི་རྣམ་པར་རྟོག་པའི་རྒྱུ་ཡིན་པའི་ཕྱིར་ཡང་ཁོ་བོའི་དཔེ་མེད་པ་མ་ཡིན་ཏེ། འདི་ལྟར་ཁྱེད་ན་རེ་མཆོད་སྦྱིན་ཆགས་པས་འདོད་ཆགས་སྒྲུབ་པ་ཉེ་བར་ཕུལ་བ་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་སྐྱེ་བའི་རྒྱུ་ཉིད་
དུ་ཁས་བླངས་པའི་ཕྱིར་དཔེ་མེད་དོ་ཞེས་ཟེར་བ་དེ་ཡང་དེ་ལྟ་མ་ཡིན་ཏེ། འདི་ལྟར་འདོད་ཆགས་སྒྲུབ་པའི་རྐྱེན་མེ་ཏོག་དང་བྱུག་པ་ལ་སོགས་པ་དག་ནི་འདོད་པ་དང་དགའ་བའི་རྣམ་པར་རྟོག་པའི་རྒྱུ་ཡིན་གྱི་འདོད་ཆགས་ཀྱི་མངོན་སུམ་གྱི་རྒྱུ་མ་ཡིན་པས་མཆོད་སྦྱིན་ཆགས་པས་འདོད་ཆགས་
སྒྲུབ་པ་ཉེ་བར་ཕུལ་བ་དེ་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་སྐྱེ་བའི་རྒྱུ་ཉིད་དུ་ཁས་མ་བླངས་པའི་ཕྱིར་མཆོད་སྦྱིན་ཆགས་པ་ལྷས་བྱིན་གྱི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པས། ཁོ་བོའི་དཔེ་མཆོད་སྦྱིན་ཆགས་པ་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་པ་
བཞིན་ནོ་ཞེས་བྱ་བ་དེ་གྲུབ་པས་དཔེ་མེད་པ་མ་ཡིན་ནོ། །གཞན་ཡང་བསྒྲུབ་པར་བྱ་བ་ཁྱད་པར་ཅན་ཡིན་པའི་ཕྱིར་ཡང་ཁོ་བོའི་དཔེ་མེད་པ་མ་ཡིན་ཏེ། ཁོ་བོས་སྔར་དམ་བཅས་པའི་བསྒྲུབ་པར་བྱ་བ་ནི་ལྷས་བྱིན་ཆགས་པ་ནི་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་རྒྱུ་མ་ཡིན་
ཏེ་ཞེས་ཁྱད་པར་མེད་པ་མ་ཡིན་གྱི། ལྷས་བྱིན་ཆགས་པ་ནི་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་ཏེ་ཞེས་དམ་བཅས་པ་ནི་བསྒྲུབ་པར་བྱ་བ་ཁྱད་པར་ཅན་ཡིན་པའི་ཕྱིར་མཆོད་སྦྱིན་ཆགས་པ་ནི་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་
མངོན་སུམ་གྱི་རྒྱུ་མ་ཡིན་པས་ཁོ་བོའི་དཔེ་མཆོད་སྦྱིན་ཆགས་པ་ལྷས་བྱིན་གྱི་རྒྱུད་ལ་འདོད་ཆགས་གང་སྐྱེ་བ་དེའི་མངོན་སུམ་གྱི་རྒྱུ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དེ་གྲུབ་པས་དཔེ་མེད་པ་མ་ཡིན་ནོ། །དེ་ནི་སུན་འབྱིན་པ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཁོ་བོའི་དཔེ་མེད་པ་མ་ཡིན་
པས་ཁྱེད་ཀྱི་ཀླན་ཀ་སུན་འབྱིན་པ་ལྟར་སྣང་བ་ཡིན་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་བརྟག་པའི་མུ་གསུམ་ལས་ཆགས་པ་འདོད་ཆགས་པས་ཕྱིས་ཡོད་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་པ་ཞེས་བྱ་བ་མུ་གཉིས་པ་ནི་འཐད་པར་
เล่ม ๑๐๐ · หน้า 98b
བསྒྲུབས་ཟིན་ཏོ། །འདོད་ཆགས་བརྟག་པའི་མུ་གསུམ་ལས་ཆགས་པ་དང་འདོད་ཆགས་ལྷན་ཅིག་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་པ་ཞེས་བྱ་བ་མུ་གསུམ་པ་ནི་ཆགས་པ་བརྟག་པའི་མུ་གསུམ་པ་དང་ཅིག་ཅར་འོག་ནས་གནས་སྐབས་ཅིག་ཏུ་སྟོན་ཏོ། །ད་ནི་
ཆགས་པ་བརྟག་པའི་མུ་གསུམ་ལས་འདོད་ཆགས་ཆགས་པའི་སྔ་རོལ་ན་ཡོད་པ་ལ་བརྟེན་ནས་ཆགས་པ་ཡོད་པར་འདོད་པ་ཞེས་བྱ་བ་མུ་དང་པོ་མི་འཐད་པར་བསྒྲུབ་པར་བྱ་སྟེ། དེའི་ཕྱིར། ཅི་སྟེ་ཆགས་པའི་སྔ་རོལ་ན་འདོད་ཆགས་ཡོད་པར་འདོད་ན་དེ་ལྟ་ན་ཡང་། ཆགས་པ་
ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་བྱ་བ་སྨྲས་ཏེ་ཆགས་པ་ཡོད་པར་ཡོངས་སུ་བརྟག་ན་འདོད་ཆགས་ཡོད་དམ་མེད་ཀྱང་རུང་སྟེ། ཆགས་པ་ལ་ཡང་འདོད་ཆགས་མི་འཐད་པ་དེ་ཉིད་དང་རིམ་པ་མཚུངས་སོ། །དེ་ཉིད་བསྟན་པའི་ཕྱིར་དགག་
པའི་ཐབས་འོག་ནས་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །ཇི་ལྟ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པས་དེ་ཉིད་བཤད་པ། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །གལ་ཏེ་ཆགས་པའི་
སྔ་རོལ་ན་འདོད་ཆགས་ཆགས་པ་མེད་པ་ཞིག་ཡོད་པར་གྱུར་ན་ཆགས་པ་མེད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་གལ་ཏེ་ཁྱེད་འདོད་ཆགས་ཆགས་པའི་སྔ་རོལ་ན་ཡོད་པར་འདོད་ན་དེ་ལྟ་ན་ཁྱེད་ཆགས་པ་མེད་པའི་སྔ་རོལ་ན་འདོད་ཆགས་ཆགས་པ་མེད་པ་ཞིག་ཡོད་པར་བསྒྲུབ་ཅིང་འདོད་
ཆགས་ཆགས་པ་མེད་པ་དེ་ལ་བརྟེན་ནས་ཕྱིས་ཆགས་པ་སྐྱེ་བར་འགྱུར་བས། དེས་ན་ཀུན་ནས་ཉོན་མོངས་པ་ཡང་ཡོད་ལ། དེའི་ཉེས་དམིགས་ཀྱང་ཡོད་པས། ཁྱེད་ཕུང་པོ་ལ་སོགས་པ་དག་དོན་དམ་པར་ཡོད་པར་སྒྲུབ་པའི་གཏན་ཚིགས་ཀྱི་དོན་འགྲུབ་པར་འགྱུར་རོ་སྙམ་དུ་
སེམས་ན་དེ་ཡང་མི་རུང་སྟེ། གལ་ཏེ་ཆགས་པའི་སྔ་རོལ་ན་འདོད་ཆགས་ཡོད་པར་གྱུར་ན་ཆགས་པ་མེད་པར་འདོད་ཆགས་ཡོད་པ་དང་ཆགས་པ་ཡང་སྔ་ན་མེད་པར་འགྱུར་རོ། །ཆགས་པ་མེད་ན་གཞི་མེད་པས་འདོད་ཆགས་ཀྱང་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཡང་མེད་
เล่ม ๑๐๐ · หน้า 99a
ལ་དེའི་ཉེས་དམིགས་ཀྱང་མེད་པས་ཁྱེད་ཕུང་པོ་ལ་སོགས་པ་དག་དོན་དམ་པར་ཡོད་པར་སྒྲུབ་པའི་གཏན་ཚིགས་ཀྱི་དོན་མི་འགྲུབ་པ་ཉིད་དོ་ཞེས་སྟོན་ཏོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་དག་འདོད་པའི་བསམ་པ་ལྟར་བརྟག་པ།
གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །ཞེས་བྱ་བ་དེ་ལ་ཆགས་པ་མེད་པའི་སྐྱོན་དུ་འགྱུར་བ་འབའ་ཞིག་ཏུ་ཡང་མ་ཟད་དེ་སྐྱོན་གཞན་འདི་ལྟ་བུ་དག་ཏུ་ཡང་འགྱུར་རོ་ཞེས་སྟོན་ཏོ། །ཕ་རོལ་པོ་དག་གི་བསམ་པ་ལྟར་བརྟག་པ་དེ་ལ་སྐྱོན་ཅིར་
འགྱུར་ཞེ་ན། དེ་ལ་བརྟེན་ནས་ཆགས་པ་ཡོད། །ཅེས་བྱ་བར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་ཆགས་པ་མེད་པའི་འདོད་ཆགས་དེ་ལ་བརྟེན་ནས་ཆགས་པ་ཡོད་པར་འགྱུར་ཏེ། འདོད་ཆགས་འདིས་འདི་ཆགས་སོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་
འདོད་པའི་བསམ་པ་ལྟར་བརྟག་པ། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །ཞེས་བྱ་བ་དེ་ལ་དོན་ཅིར་འགྱུར་ཞེ་ན། ཆགས་པའི་སྔ་རོལ་ན་ཆགས་པ་མེད་པའི་འདོད་ཆགས་སྔ་ན་ཡོད་པ་དེ་ལ་བརྟེན་ནས་ཆགས་པ་ཕྱིས་ཡོད་པར་འགྱུར་ཏེ་
འདོད་ཆགས་སྔ་ན་ཡོད་པ་འདིས་ཆགས་པ་སྔ་ན་མེད་པ་འདི་ཕྱིས་ཆགས་པར་འགྱུར་རོ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་ཕ་རོལ་པོ་དག་འདོད་པའི་བསམ་པ་ལྟར་ཆགས་པ་མེད་པའི་འདོད་ཆགས་སྔ་ན་ཡོད་པ་དེ་ལ་བརྟེན་ནས་ཆགས་པ་ཕྱིས་ཡོད་པར་གྱུར་ན་དེ་ལ་སྐྱོན་ཅིར་འགྱུར་
ཞེ་ན། དེའི་ཕྱིར་དེ་ལྟ་ན་སྐྱོན་འདིར་འགྱུར་ཏེ་ཞེས་བྱ་བ་སྨྲས་སོ། །སྐྱོན་གང་ཞེ་ན། འདི་ལ་ཆགས་པར་བྱེད་པས་འདོད་ཆགས་སོ་ཞེས་དངོས་པོ་བསྒྲུབ་པ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྡ་སྤྲོད་པ་ལས་གང་གི་ཚེ་དངོས་པོ་འགའ་ཞིག་ཆགས་པར་བྱེད་པ་དེའི་
ཚེ་ན་འདོད་ཆགས་པ་ཉིད་ཡིན་ནོ་ཞེས་འདོད་ཆགས་ཀྱི་དངོས་པོ་བསྒྲུབ་པ་ཡིན་ནའོ། །དངོས་པོ་ནི་གཞི་ལ་རག་ལས་པའི་ཕྱིར་གཞིའི་སྔ་རོལ་ན་མེད་དེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དངོས་པོ་ཞེས་པ་འདོད་ཆགས་ཀྱི་བདག་ཉིད་དེ་ནི་བརྟེན་པ་ཡིན་ལ་དེས་དངོས་པོ་གང་
เล่ม ๑๐๐ · หน้า 99b
ཆགས་པར་བྱེད་པ་དེ་ནི་དེའི་གཞི་ཡིན་པས་དངོས་པོ་ནི་གཞི་ལ་རག་ལས་པའི་ཕྱིར་གཞི་ཆགས་པ་ཞེས་བྱ་བའི་སྔ་རོལ་ན་དེ་ལ་བརྟེན་པའི་འདོད་ཆགས་ཡོད་པར་མི་འདོད་དོ། །དཔེར་ན་ཚོས་པ་འབྲས་ཆན་གྱི་སྔ་རོལ་ན་མེད་པ་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ཏེ། དཔེར་ན་
ཚོས་པ་ཞེས་བྱ་བ་ནི་བརྟེན་པ་ཡིན་ལ་འབྲས་ཆན་ནི་གཞི་ཡིན་པས་འབྲས་ཆན་གྱི་སྔ་རོལ་ན་ཚོས་པ་མེད་པ་དེ་བཞིན་དུ་འདོད་ཆགས་ནི་བརྟེན་པ་ཡིན་ལ། ཆགས་པ་ནི་གཞི་ཡིན་པས་ཆགས་པའི་སྔ་རོལ་ན་འདོད་ཆགས་མེད་དོ། །དེ་བས་ན་གལ་ཏེ་ཕ་རོལ་པོ་འདོད་པའི་
བསམ་པ་ལྟར་ཆགས་པ་མེད་པའི་འདོད་ཆགས་སྔ་ན་ཡོད་པ་དེ་ལ་བརྟེན་ནས་ཆགས་པ་ཕྱིས་ཡོད་པར་གྱུར་ན་དཔེར་ན་འབྲས་ཆན་མེད་པའི་སྔ་རོལ་ན་ཚོས་པ་ཡོད་པའི་སྐྱོན་དུ་འགྱུར་བ་བཞིན་དུ་ཆགས་པ་མེད་པའི་སྔ་རོལ་ན་འདོད་ཆགས་ཡོད་པའི་སྐྱོན་དུ་འགྱུར་བས་དེ་ནི་
མི་རུང་ངོ་། །གལ་ཏེ་ཆགས་པ་ལ་མི་ལྟོས་པར་འདོད་ཆགས་ཡོད་པར་འདོད་ན་ནི་དེ་ལྟ་ན་སྐྱོན་གཞན་འདིར་ཡང་འགྱུར་ཏེ། འདོད་ཆགས་ཡོད་ན་ཆགས་ཡོད་འགྱུར། །ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ་ཕ་རོལ་པོ་དག་འདོད་པའི་བསམ་པ་ལྟར་གལ་ཏེ་ཆགས་པའི་སྔ་
རོལ་ན་འདོད་ཆགས་ཡོད་པར་བརྟགས་ན་ཆགས་པ་ལ་མི་ལྟོས་པའི་འདོད་ཆགས་སྔ་ན་ཡོད་ཅིང་། འདོད་ཆགས་ཞེས་བྱ་བ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་སྔ་ན་ཡོད་པ་དེ་ལ་བརྟེན་ནས་ཕྱིས་ཆགས་པ་ཡོད་པར་འགྱུར་ཏེ། དེ་ལྟ་ན་གཞིའི་སྔ་རོལ་ན་བརྟེན་པ་ཡོད་པ་ཉིད་ཀྱི་
སྐྱོན་དུ་འགྱུར་རོ། །དེ་ནི་མི་འདོད་དེ་ཞེས་བྱ་བ་ནི་ཆགས་པའི་སྔ་རོལ་ན་འདོད་ཆགས་ཡོད་པ་དེ་ནི་ཐ་སྙད་ཐམས་ཅད་དང་འགལ་བས་མི་འདོད་དོ། །འོན་ཏེ་ཆགས་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་ན་ནི་དེ་ལྟ་ན་ཆགས་པའི་སྔ་རོལ་ན་འདོད་ཆགས་ཡོད་པར་ཁས་བླང་
བར་མི་བྱའོ། །དེའི་ཕྱིར་དོན་དེ་ཉིད་ལ་འཇིག་རྟེན་ལ་གྲགས་པའི་དཔེ་བསྟན་པའི་ཕྱིར་ཚོས་པ་ཉིད་ལ་མི་ལྟོས་པར་ཚོས་པ་སྐྱེ་བ་མི་འཐད་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་འབྲས་ཆན་ཚོས་པ་ཉིད་ལ་མི་ལྟོས་པར་ཚོས་པའི་བྱ་བ་སྐྱེ་བར་མི་འཐད་པ་དང་། འབྲས་བུ་སྨིན་
เล่ม ๑๐๐ · หน้า 100a
པ་ཉིད་ལ་མི་ལྟོས་པར་སྨིན་པའི་བྱ་བ་སྐྱེ་བར་མི་འཐད་པ་བཞིན་དུ་ཆགས་པ་ཉིད་ལ་མི་ལྟོས་པར་འདོད་ཆགས་སྐྱེ་བར་མི་འཐད་དོ། །དེ་ལྟར་ན། འདིར་ཡང་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་སྐབས་ཀྱི་དོན་ལས་བཟློག་པས་རྗེས་སུ་དཔག་པ་ནི་
འདི་ལྟར་བྱ་སྟེ་ཞེས་བྱ་བར་སྦྱར་ཏེ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕ་རོལ་པོ་དག་འདོད་པའི་བསམ་པ་ལྟར་གལ་ཏེ་ཆགས་པའི་སྔ་རོལ་ན་འདོད་ཆགས་ཡོད་པར་གྱུར་ཅིང་། འདོད་ཆགས་དེ་ལ་བརྟེན་ནས་ཆགས་པ་ཡོད་པར་གྱུར་ན་གཞི་ལ་མི་ལྟོས་པར་བྱ་བ་ཡོད་
པར་འགྱུར་བའི་སྐྱོན་གྱི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་རོ། །སྐབས་ཀྱི་དོན་ལས་བཟློག་པ་ཞེས་བྱ་བ་ལ་སྐབས་ཀྱི་དོན་གང་ཞེ་ན། གླགས་ཡོད་པའི་ཚིག་ཡིན་པའི་སྐབས་ཀྱི་དོན་ཏེ། ཆགས་པ་མེད་ཀྱང་འདོད་ཆགས་ཡོད་པ་ཉིད་ཡིན་པར་འགྱུར་བའོ། །དེ་ནི་
མི་རུང་བས་སྐབས་ཀྱི་དོན་དེ་ལས་བཟློག་པས་དོན་གཞན་གོ་བར་འགྱུར་བའི་སྒོ་ནས་འདིར་རྗེས་སུ་དཔག་པའི་སྦྱོར་བ་བྱ་སྟེ། ཆགས་པ་མེད་པའི་སྔ་རོལ་ན་འདོད་ཆགས་ཉིད་ཀྱང་མེད་པས་དེ་ལ་བརྟེན་ནས་ཕྱིས་ཆགས་པར་འགྱུར་བ་ཡང་མེད་ལ་ཆགས་པ་མེད་ན་ཀུན་ནས་
ཉོན་མོངས་པ་དང་དེའི་ཉེས་དམིགས་བསྟན་པ་ཡང་མེད་པས་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་ཀུན་ནས་ཉོན་མོངས་པ་དང་། ཉེས་དམིགས་བསྟན་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པར་སྟོན་ཏོ། །འདོད་ཆགས་ནི་ཆགས་པ་མེད་ན་མི་འབྱུང་བའི་ཚུལ་ཅན་ཡིན་ཏེ་ལྟོས་
པ་དང་བཅས་པའི་ཕྱིར་དཔེར་ན་ཆགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཆགས་པའི་རང་གི་བདག་ཉིད་ནི་རང་གི་བདག་ཉིད་ལ་
ལྟོས་པ་དང་བཅས་པའི་ཕྱིར་ཆགས་པའི་རང་གི་བདག་ཉིད་མེད་ན་ཆགས་པའི་རང་གི་བདག་ཉིད་མི་འབྱུང་བའི་ཚུལ་ཅན་ཡིན་པ་དེ་བཞིན་དུ་འདོད་ཆགས་ཀྱང་ཆགས་པ་ལ་ལྟོས་པ་དང་བཅས་པའི་ཕྱིར་ཆགས་པ་མེད་ན་མི་འབྱུང་བའི་ཚུལ་ཅན་ཡིན་ནོ། །དེའི་ཕྱིར་ཆགས་པ་མེད་
เล่ม ๑๐๐ · หน้า 100b
པའི་སྔ་རོལ་ན་འདོད་ཆགས་ཉིད་ཀྱང་མེད་པས་དེ་ལ་བརྟེན་ནས་ཕྱིས་ཆགས་པར་འགྱུར་བ་ཡང་མེད་ལ། ཆགས་པ་མེད་ན་ཀུན་ནས་ཉོན་མོངས་པ་དང་དེའི་ཉེས་དམིགས་བསྟན་པ་ཡང་མེད་པས་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་
བསྟན་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པའི་ཕྱིར། དོན་དམ་པར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ཡོད་པ་མ་ཡིན་ནོ། །གལ་ཏེ་ཕ་མེད་པར་ཡང་བུ་ལ་སོགས་པ་ཡོད་པ་མི་སྲིད་པའི་ཕྱིར་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དབུ་མ་པའི་གཏན་ཚིགས་
ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དོ་ཞེས་ཟེར་བ་ཡིན་ཏེ། དེ་དག་ན་རེ་འཇིག་རྟེན་ན་ཕ་དང་བུ་ལ་སོགས་པ་དག་ལྟོས་པ་དང་བཅས་པ་ཉིད་ཡིན་ཡང་ཕ་ཤི་འམ་ཡུལ་གཞན་དུ་སོང་སྟེ་མེད་པའི་ཕྱི་ན་བུ་ལ་སོགས་པ་དག་ཡོད་པ་སྲིད་པའི་ཕྱིར་དེས་ན་ཅི་རེ་
ཞིག་ལྟོས་པ་དང་བཅས་པའི་ཕྱིར་ཆགས་པའི་རང་གི་བདག་ཉིད་བཞིན་དུ་ཆགས་པ་མེད་ན་འདོད་ཆགས་མི་འབྱུང་བའི་ཚུལ་ཅན་ཡིན་པར་འགྱུར་རམ། འོན་ཏེ་ལྟོས་པ་དང་བཅས་པའི་ཕྱིར་ཕ་མེད་པར་ཡང་བུ་ལ་སོགས་པ་ཡོད་པ་སྲིད་པ་ལྟ་བུར་འགྱུར་ཏེ། དེ་བས་ན་ཁྱེད་
དབུ་མ་པའི་གཏན་ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཉིད་ཀྱི་ཕྱིར་དེ་ཡང་བཀག་ཟིན་པས་དེ་ནི་མི་གནོད་དོ་ཞེས་བྱ་བ་སྨྲས་ཏེ་ཇི་ལྟར་ཁོ་བོས་དོན་དམ་
པར་འདོད་ཆགས་དང་ཆགས་པ་དག་ལ་སྔ་ཕྱི་མེད་པར་བཀག་པ་དེ་བཞིན་དུ་ཕ་དང་བུ་ལ་སོགས་པ་དག་ལ་ཡང་སྔ་ཕྱི་མེད་པར་བཀག་ཟིན་པས་དེའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་པའི་ཕྱིར་ཁྱེད་ཀྱི་ཀླན་ཀ་དེ་ནི་ཁོ་བོ་ལ་མི་གནོད་དོ། །འདོད་ཆགས་བརྟག་
པའི་མུ་གསུམ་ལས་འདོད་ཆགས་ཆགས་པའི་སྔ་རོལ་ན་ཡོད་པ་ལ་བརྟེན་ནས་ཆགས་པ་ཡོད་པར་འདོད་པ་ཞེས་བྱ་བ་མུ་དང་པོ་མི་འཐད་པར་བསྒྲུབས་ཟིན་ཏེ། །ད་ནི་ཆགས་པ་བརྟག་པའི་མུ་གསུམ་ལས་འདོད་ཆགས་པ་ཆགས་པ་བས་ཕྱིས་ཡོད་པ་ལ་བརྟེན་ནས་ཆགས་པ་
เล่ม ๑๐๐ · หน้า 101a
ཡོད་པར་འདོད་པ་ཞེས་བྱ་བ་མུ་གཉིས་པ་མི་འཐད་པར་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་འདིར་སྨྲས་པ། འདོད་ཆགས་ཀྱི་སྐད་ཅིག་མ་སྔར་བྱུང་བའི་ཚུལ་ཅན་ཆགས་པའི་སྐད་ཅིག་མ་སྐྱེ་བར་འདོད་པ་མེད་པ་ཉིད་ཆགས་པའི་སྐད་ཅིག་མ་ཕྱི་
མ་སྐྱེ་བར་འདོད་པའི་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདིར་ནི་ཕྱོགས་སྔ་མ་སྨྲ་བ་དག་འདོད་ཆགས་ཆགས་པ་པས་ཕྱིས་ཡོད་པ་ལ་བརྟེན་ནས་ཆགས་པ་ཡོད་པར་བསྒྲུབ་སྟེ། དེ་དག་ན་རེ་ཁོ་བོ་ཅག་ནི་འདོད་ཆགས་ཡོད་པ་ལ་བརྟེན་
ནས་ཆགས་པ་ཡོད་པར་འདོད་པ་རིགས་པ་གང་གིས་དེ་ལྟར་འདོད་ཅེ་ན། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་འདོད་ཆགས་ལ་སོགས་པ་བག་ལ་ཉལ་བའི་ཚུལ་དུ་རང་གི་ངོ་བོ་གཟུང་དུ་མེད་པར་ཡོད་པ་ཉིད་ཡིན་པས་འདོད་ཆགས་ཀྱི་སྐད་ཅིག་མ་སྔར་བྱུང་བའི་
ཚུལ་ཅན་གང་ལ་ཆགས་པའི་སྐད་ཅིག་མ་ཕྱིས་སྐྱེ་བར་འདོད་པ་ད་དུང་མེད་པ་དེ་ཉིད་གང་གི་ཚེ་རྐྱེན་རྙེད་ནས་གསལ་བར་གྱུར་པ་དེའི་ཚེ་ན་དེས་ཆགས་པར་འགྱུར་བས། འདོད་ཆགས་ཀྱི་སྐད་ཅིག་མ་སྔར་བྱུང་བའི་ཚུལ་ཅན་ཆགས་པའི་སྐད་ཅིག་མ་སྐྱེ་བར་འདོད་པ་མེད་པ་དེ་ཉིད་
ཆགས་པའི་སྐད་ཅིག་མ་ཕྱི་མ་སྐྱེ་བར་འདོད་པའི་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་ཁྱེད་ན་རེ་ཆགས་པ་མེད་པར་འདོད་ཆགས་ཡོད་པར་འདོད་ན་གཞི་མེད་པར་བྱ་བ་ཡོད་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བའི་ཉེས་པ་དེ་ཁོ་བོ་ཅག་ལ་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་
འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ། འདོད་ཆགས་ཡོད་པར་གྱུར་ན་ཡང་། །ཆགས་པ་ཡོད་པར་ག་ལ་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཁྱེད་ཀྱི་འདོད་ཆགས་ཡོད་པར་གྱུར་ན་ཡང་ཆགས་པ་ཡོད་པར་ཉིད་དུ་ག་ལ་འགྱུར་ཏེ་འདི་ལྟར་གལ་ཏེ་འདོད་ཆགས་ཡོད་ན་ཆགས་
པར་འགྱུར་ན་ཆགས་པ་དེ་འདོད་ཆགས་དེས་ཆགས་པར་གྱུར་པ་མ་ཡིན་ནོ། །ཆགས་པ་མ་ཡིན་ན་ནི་ཇི་ལྟར་ཆགས་པར་འགྱུར་ཅི་སྟེ་འགྱུར་ན་ནི་ནམ་ཡང་ཆགས་པ་མ་ཡིན་པ་ཉིད་དུ་མི་འགྱུར་བས་དེ་ནི་མི་འདོད་དོ། །དེའི་ཕྱིར་འདོད་ཆགས་ཀྱི་སྐད་ཅིག་མ་སྔར་བྱུང་བའི་ཚུལ་ཅན་
เล่ม ๑๐๐ · หน้า 101b
ཆགས་པའི་སྐད་ཅིག་མ་སྐྱེ་བར་འདོད་པ་མེད་པ་ཉིད་ནི་ཆགས་པའི་སྐད་ཅིག་མ་ཕྱི་མ་སྐྱེ་བར་འདོད་པའི་རྒྱུ་ཡིན་པར་མི་འཐད་དོ། །དེ་ཉིད་བསྟན་པའི་ཕྱིར། ཡོད་པར་མི་འགྱུར་བ་ཉིད་དེ་ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་སྐད་ཅིག་མ་སྔ་མ་ལ་བརྟེན་པའི་འདོད་ཆགས་ཀྱི་སྐད་
ཅིག་མ་གང་ཡིན་པ་དེ་ནི་སེམས་ཀྱི་སྐད་ཅིག་མ་སྔ་མ་དེ་ཉིད་དང་ལྷན་ཅིག་ཏུ་འགགས་པས་འདོད་ཆགས་ཀྱི་སྐད་ཅིག་མ་སྔར་བྱུང་བའི་ཚུལ་ཅན་དེ་ཆགས་པའི་སྐད་ཅིག་མ་ཕྱི་མ་སྐྱེ་བར་འདོད་པའི་རྒྱུ་ཉིད་མ་ཡིན་པའི་ཕྱིར་འདོད་ཆགས་ཡོད་པར་གྱུར་ན་ཡང་ཆགས་པ་ཡོད་པར་མི་འགྱུར་
བ་ཉིད་དོ། །འདིར་ཕ་རོལ་པོ་དག་ན་རེ་འོ་ན་དེ་ལྟ་ན་ཆགས་པ་ཞེས་བྱ་བའི་ཐ་སྙད་ཇི་ལྟར་ཡོད་པར་འགྱུར་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདོད་ཆགས་ཀྱི་སྐད་ཅིག་མ་དུས་ཐ་དད་པ་ཉིད་ཀྱིས་ཆགས་པའི་སྐད་ཅིག་མ་ཕྱིས་
འབྱུང་བ་ཆགས་པ་ཉིད་དུ་བྱེད་པར་མི་འགྲུབ་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་སྐད་ཅིག་མ་སྔ་མ་ལ་བརྟེན་པའི་འདོད་ཆགས་ཀྱི་སྐད་ཅིག་མ་གང་ཡིན་པ་དེ་ནི་སེམས་ཀྱི་སྐད་ཅིག་མ་སྔ་མ་དེ་ཉིད་དང་ལྷན་ཅིག་ཏུ་འགགས་པས་འདོད་ཆགས་ཀྱི་སྐད་ཅིག་མ་སྔ་མ་དུས་ཐ་དད་པ་ཉིད་
ཀྱིས་ཆགས་པའི་སྐད་ཅིག་མ་ཕྱིས་འབྱུང་བ་ཆགས་པ་ཉིད་དུ་བྱེད་པར་མ་གྲུབ་པའི་ཕྱིར་ཆགས་པ་ཞེས་བྱ་བའི་ཐ་སྙད་ནི་ཀུན་རྫོབ་ཙམ་དུ་བརྗོད་པར་ཟད་ཀྱི་དོན་དམ་པར་ཡོད་པ་མ་ཡིན་ནོ། །འདིར་ཕ་རོལ་པོ་དག་ན་རེ་ཇི་ལྟར་འདོད་ཆགས་ཀྱི་སྐད་ཅིག་མ་སྔ་མ་འགག་བཞིན་པ་ལས་
འདོད་ཆགས་ཀྱི་སྐད་ཅིག་མ་ཕྱི་མ་གང་སྐྱེ་བ་དེས་དེ་ཉིད་དང་དུས་གཅིག་ཏུ་སྐྱེ་བའི་སེམས་ཀྱི་སྐད་ཅིག་མ་ཕྱི་མ་དེ་ཆགས་པར་བྱེད་པས་འདོད་ཆགས་ཀྱི་སྐད་ཅིག་མ་སྔར་བྱུང་བའི་ཚུལ་ཅན་ཆགས་པའི་སྐད་ཅིག་མ་སྐྱེ་བར་འདོད་པ་མེད་པ་དེ་ཉིད་ཆགས་པའི་སྐད་ཅིག་མ་ཕྱི་མ་སྐྱེ་བར་
འདོད་པའི་རྒྱུ་ཉིད་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དཔེར་ན་ཚོས་པ་གཞན་གྱིས་གཞན་ཚོས་པ་ཉིད་དུ་མི་འཐད་པ་བཞིན་ཏེ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་སེམས་ཀྱི་སྐད་ཅིག་མ་ལ་བརྟེན་པའི་འདོད་ཆགས་ཀྱི་
เล่ม ๑๐๐ · หน้า 102a
སྐད་ཅིག་མ་ནི་སེམས་ཀྱི་སྐད་ཅིག་མ་ཕྱི་མ་ཆགས་པར་བྱེད་པ་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་དཔེར་ན་ལྷས་བྱིན་གྱིས་ཁྱིམ་ན་ཚོས་པའི་བྱ་བ་གཞན་ཡོད་པས་མཆོད་སྦྱིན་གྱི་ཁྱིམ་གྱི་འབྲས་ཆན་གཞན་ཚོས་པ་ཉིད་དུ་མི་འཐད་པ་བཞིན་དུ་དེ་ཉིད་མི་འཐད་པར་
བསྟན་པའི་རིགས་པ་གཞན་བསྟན་པའི་ཕྱིར་འདོད་ཆགས་ཀྱི་སྐད་ཅིག་མ་འདས་པས་ད་ལྟར་ཆགས་པ་ཉིད་དུ་བྱེད་པར་མི་འཐད་པའི་ཕྱིར་རྗེས་སུ་དཔག་པའི་གནོད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འདོད་ཆགས་ཀྱི་སྐད་ཅིག་མ་འདས་པས་སེམས་ཀྱི་སྐད་ཅིག་
མ་ཕྱི་མ་ཆགས་པར་བྱེད་ཅེས་བྱ་བར་ད་ལྟར་ཉིད་ཀྱིས་གནོད་པར་འགྱུར་ཏེ་ཇི་ལྟར་དེས་གནོད་པར་འགྱུར་ཞེ་ན། དོན་དམ་པར་ད་ལྟར་གྱི་སེམས་ཀྱི་སྐད་ཅིག་མ་ནི་ད་ལྟར་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་འདས་པའི་འདོད་ཆགས་ཀྱི་སྐད་ཅིག་མ་བཞིན་ནོ་ཞེས་བྱ་བར་མདོ་མཛད་
པས་དགོངས་སོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་ཇི་ལྟར་དེས་གནོད་པར་འགྱུར་ཞེ་ན། ལྷས་བྱིན་གྱི་འདོད་ཆགས་ནི་ལྷས་བྱིན་ཆགས་པ་ཉིད་ཀྱི་རྒྱུ་མ་ཡིན་ཏེ། འདོད་ཆགས་ཡིན་པའི་ཕྱིར་དཔེར་ན་རྒྱུད་ཐ་དད་པའི་འདོད་ཆགས་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་
ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྒྱུད་ཐ་དད་པ་མཆོད་སྦྱིན་གྱི་འདོད་ཆགས་ནི་འདོད་ཆགས་ཡིན་པའི་ཕྱིར་ལྷས་བྱིན་ཆགས་པ་ཉིད་ཀྱི་རྒྱུ་མ་ཡིན་པ་དེ་བཞིན་དུ་རྒྱུད་ཐ་དད་པ་མ་ཡིན་པ་ལྷས་
བྱིན་གྱི་འདོད་ཆགས་ཀྱང་འདོད་ཆགས་ཡིན་པའི་ཕྱིར་ལྷས་བྱིན་ཆགས་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །འདིར་ཕ་རོལ་པ་དག་ན་རེ་མཆོད་སྦྱིན་གྱི་འདོད་ཆགས་ནི་ལྷས་བྱིན་ཆགས་པ་ཉིད་ཀྱི་རྒྱུ་ཡིན་ཏེ། འདི་ལྟར་གང་གི་ཚེ་མཆོད་སྦྱིན་འདོད་ཆགས་ཀྱི་ཡུལ་དང་ལྡན་པར་གྱུར་པ་དེའི་ཚེ་དེས་
ལྷས་བྱིན་འདོད་ཆགས་ལྷག་པར་སྤྱོད་པ་ལ་སྦྱར་བར་བྱེད་པའི་ཕྱིར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །འདིར་སྔ་ཕྱི་རྣམ་པར་བརྟག་པ་ལ་
เล่ม ๑๐๐ · หน้า 102b
ཀླན་ཀའི་སྐབས་མེད་དེ་གཏན་ཚིགས་ལྟར་སྣང་བར་མ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་ཕ་རོལ་པོ་དག་འདོད་ཆགས་དང་ཆགས་པ་དག་སྔ་ཕྱིར་འདོད་པ་མི་འཐད་པར་བརྟག་པའི་སྐབས་འདིར་ལ་ཕ་རོལ་པོའི་ཀླན་ཀའི་སྐབས་མེད་དེ་འདི་ལྟར་འདིར་རྒྱུ་ཐུན་མོང་མ་ཡིན་པ་
དགག་པ་བསྟན་པའི་ཕྱིར་ཕ་རོལ་པོ་དག་གིས་དབུ་མ་པའི་གཏན་ཚིགས་ཀྱི་དོན་ཇི་སྐད་བསྟན་པ་དག་གཏན་ཚིགས་ལྟར་སྣང་བ་ཡིན་པར་མ་བསྟན་པའི་ཕྱིར་རོ། །ཆགས་པ་བརྟག་པའི་མུ་གསུམ་ལས་འདོད་ཆགས་ཆགས་པ་བས་ཕྱིས་ཡོད་པ་ལ་བརྟེན་ནས་ཆགས་པ་ཡོད་པར་འདོད་པ་ཞེས་བྱ་བ་
མུ་གཉིས་པ་མི་འཐད་པར་བསྒྲུབས་ཟིན་ཏོ། །ད་ནི་འདོད་ཆགས་བརྟག་པའི་མུ་གསུམ་ལས་ཆགས་པ་དང་འདོད་ཆགས་ལྷན་ཅིག་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་པ་ཞེས་བྱ་བ་མུ་གསུམ་པ་དང་། ཆགས་པ་བརྟག་པའི་མུ་གསུམ་ལས་འདོད་ཆགས་དང་ཆགས་པ་ལྷན་
ཅིག་པ་ལ་བརྟེན་ནས་ཆགས་པ་ཡོད་པར་འདོད་པ་ཞེས་བྱ་བ་མུ་གསུམ་པ་དེ་གཉིས་ཆར་མི་འཐད་པར་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་ཅི་སྟེ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་ནས་འདོད་ཆགས་དང་ཆགས་པ་གཉིས་ལྷན་ཅིག་ཉིད་དུ་སྐྱེ་བར་འདོད་ན་ཞེས་བྱ་བ་སྨྲས་ཏེ། ཅི་སྟེ་ཕ་རོལ་པོ་དག་འདོད་
ཆགས་དང་ཆགས་པ་དག་སྔ་ཕྱིར་མི་འགྲུབ་པའི་སྐྱོན་གྱི་མུ་བཞི་ཇི་སྐད་སྔར་བསྟན་པ་དེ་དག་ཏུ་གྱུར་ན་མི་རུང་ངོ་སྙམ་ནས་འདོད་ཆགས་དང་ཆགས་པ་གཉིས་ལ་སྔ་ཕྱི་མེད་དེ། འདི་ལྟར་དེ་གཉིས་ནི་ལྷན་ཅིག་ཏུ་སྐྱེ་བ་ཡིན་པས་གཅིག་ལ་གཅིག་བརྟེན་ནས་འདོད་ཆགས་ཀྱང་ཡོད་ལ་
ཆགས་པ་ཡང་ཡོད་པས་ཀུན་ནས་ཉོན་མོངས་པ་དང་དེའི་ཉེས་དམིགས་བསྟན་པ་ཡོད་པའི་ཕྱིར་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་འགྲུབ་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་སྙམ་ན་དེ་ཡང་མི་རུང་ངོ་། །དེའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ཀྱིས།
དེ་ལ་ཡང་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བར་མི་འཐད་པའི་རིགས་པ་ཉོན་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །ཞེས་བྱ་བ་ནི་འདོད་ཆགས་
เล่ม ๑๐๐ · หน้า 103a
དང་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བར་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། བརྟག་པ་དེ་ལ། འདི་ལྟར་འདོད་ཆགས་ཆགས་པ་དག །ཕན་ཚུན་ལྟོས་པ་མེད་པར་འགྱུར། །ཅིའི་ཕྱིར་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བར་མི་
རིགས་ཤེ་ན། ཕ་རོལ་པོ་དག་འདོད་པའི་བསམ་པ་ལྟར་འདོད་ཆགས་དང་ཆགས་པ་དག་ལ་སྔ་ཕྱི་མེད་དེ་དེ་གཉིས་ལྷན་ཅིག་ཉིད་དུ་སྐྱེ་བར་བརྟག་པ་དེ་ལ་སྐྱོན་འདི་ལྟ་བུར་འགྱུར་ཏེ་འདི་ལྟར་གལ་ཏེ་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བར་གྱུར་ན་འདོད་ཆགས་དང་
ཆགས་པ་དག །དཔེར་ན་ལྷས་བྱིན་དང་མཆོད་སྦྱིན་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ལྷན་ཅིག་ཉིད་དུ་སྐྱེས་པ་དག་ཕན་ཚུན་ལྟོས་པ་མེད་པར་འགྱུར་རོ། །ལྟོས་པ་མེད་པ་ཉིད་བསྟན་པའི་ཕྱིར། ཆགས་པ་འདིའི་འདོད་ཆགས་ནི་འདིའོ། །འདོད་ཆགས་འདིས་ནི་འདི་
ཆགས་པར་གྱུར་ཏོ་ཞེས་ལྟོས་པ་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ལྟོས་པ་མེད་པར་གྱུར་ན་འདོད་ཆགས་མེད་པར་ཡང་ཆགས་པ་ཡོད་ལ་ཆགས་པ་མེད་པར་ཡང་འདོད་ཆགས་ཡོད་པར་འགྱུར་བས་དེ་ལྟར་གྱུར་ན་འདིའི་འདོད་ཆགས་ནི་འདིའོ། །འདིས་ནི་འདི་ཆགས་པར་གྱུར་ཏོ་
ཞེས་བྱ་བ་དེ་དག་གི་མི་འཐད་དོ། །དེ་དག་མི་འཐད་ན་འདོད་ཆགས་ཀྱང་མི་འཐད་པ་ཉིད་ལ་ཆགས་པ་ཡང་མི་འཐད་པ་ཉིད་དུ་འགྱུར་བས་དེ་ནི་མི་རུང་ངོ་། །དེའི་ཕྱིར་དེ་ནི་མི་འདོད་དོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་འདོད་ཆགས་ནི་ཆགས་པར་བྱེད་པ་ཡིན་ལ། ཆགས་པ་ནི་ཆགས་པར་བྱ་བ་
ཡིན་ན་ལྷན་ཅིག་ཉིད་དུ་སྐྱེས་པ་ཕན་ཚུན་ལྟོས་པ་མེད་པ་དག་ལ་དེ་དག་མི་འཐད་པས་དེའི་ཕྱིར་འདོད་ཆགས་དང་ཆགས་པ་དག་ལྟོས་པ་མེད་པ་དག་ནི་ཐ་སྙད་ཐམས་ཅད་དང་འགལ་བས་མི་འཐད་དོ། །འོ་ན་ཇི་ལྟར་འདོད་ཅེ་ན། དེའི་ཕྱིར་དེ་གཉིས་ནི་ལྟོས་པ་དང་བཅས་པ་ཉིད་དུ་འདོད་དེ། །འདིར་
ཕྱོགས་ཀྱི་ཆོས་ཀྱི་དབང་གིས་རྗེས་སུ་དཔག་པ་ནི་འདི་ལྟར་བྱ་སྟེ་ཞེས་བྱ་བར་སྦྱར་ཏེ། ལྟོས་པ་དང་བཅས་པའི་གཏན་ཚིགས་ཡོད་པའི་དབང་གིས་སོ། །འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་གི་དངོས་པོ་མེད་དེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་ས་བོན་དང་མྱུ་གུ་དག་བཞིན་ནོ་
เล่ม ๑๐๐ · หน้า 103b
ཞེས་བྱ་བ་དེ་དག་ནི་ཆོས་ཅན་དང་བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ས་བོན་དང་མྱུ་གུ་དག་ནི་ལྟོས་པ་དང་བཅས་པའི་ཕྱིར་དེ་དག་ལ་ལྷན་ཅིག་གི་དངོས་པོ་མེད་པ་དེ་བཞིན་དུ་འདོད་ཆགས་དང་ཆགས་པ་དག་ཀྱང་
ལྟོས་པ་དང་བཅས་པའི་ཕྱིར་དེ་དག་ལ་ཡང་ལྷན་ཅིག་གི་དངོས་པོ་མེད་དོ། །འདིར་བྱེ་བྲག་ཏུ་སྨྲ་བ་དག་གིས་སྨྲས་པ། གཏན་ཚིགས་ཀྱི་དོན་དེ་གང་ཡིན། ཅི་སྐྱེ་བ་ལ་ལྟོས་པ་དང་བཅས་པའི་ཕྱིར་རམ་འོན་ཏེ་བརྗོད་པ་ཁྱད་པར་ཅན་བསྟན་པ་ལ་ལྟོས་པ་དང་བཅས་པའི་ཕྱིར་ཡིན་ཞེས་བྱ་
བ་ནི་འདིར་བྱེ་བྲག་ཏུ་སྨྲ་བ་དག་དབུ་མ་པའི་གཏན་ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་ཡིན་པར་སྐྱོན་འདོགས་པ་ཡིན་ཏེ། དེ་དག་ན་རེ་ཁྱེད་དབུ་མ་པའི་གཏན་ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེའི་དོན་གང་ཡིན། ཅི་སེམས་དང་སེམས་ལས་
བྱུང་བ་དག་མར་མེ་དང་འོད་དག་སྐྱེ་བ་ལ་ལྟོས་པ་དང་བཅས་པའི་ཕྱིར་ལྷན་ཅིག་གི་དངོས་པོ་མེད་པ་ཡིན་ནམ། འོན་ཏེ་བ་ལང་གི་རྭ་གཉིས་ལ་འདི་ནི་གཡས་པའོ་འདི་ནི་གཡོན་པའོ་ཞེས་བརྗོད་པ་ཁྱད་པར་ཅན་བསྟན་པ་ལ་ལྟོས་པ་དང་བཅས་པའི་ཕྱིར་ལྷན་ཅིག་གི་དངོས་པོ་མེད་པ་ཡིན་ཞེས་
གལ་གཉིས་སུ་རྟོག་གོ། །དེ་ལ་གལ་ཏེ་སྐྱེ་བ་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ་ཞེ་ན་ནི་སེམས་དང་སེམས་ཀྱི་རྗེས་སུ་འཇུག་པ་དག་ལྷན་ཅིག་འབྱུང་བ་རྣམས་ཀྱང་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ཡིན་པའི་ཕྱིར་དང་། མར་མེ་དང་འོད་དག་ཀྱང་ལྷན་ཅིག་འབྱུང་བའི་ཕྱིར་མ་ངེས་པ་ཉིད་དོ་
ཞེས་བྱ་བ་ནི་གལ་ཏེ་ཁྱེད་དབུ་མ་པ་དག་སྐྱེ་བ་ལ་ལྟོས་པ་དང་བཅས་པའི་ཕྱིར་ལྷན་ཅིག་གི་དངོས་པོ་མེད་དོ་ཞེས་བྱ་བར་སྒྲུབ་ན་ནི་དེས་ན་ཁྱེད་ཀྱི་གཏན་ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་ཆོས་མངོན་པའི་མཛོད་ལས། ལྷན་ཅིག་
འབྱུང་གང་ཕན་ཚུན་འབྲས། །ཞེས་བཤད་པས་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཕན་ཚུན་འབྲས་བུ་ཡིན་ཏེ་ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་སྟེ་ཆོས་གང་དག་ཕན་ཚུན་འབྲས་བུ་དང་། ཕན་ཚུན་ཕན་འདོགས་པར་བྱེད་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །དེ་ཡང་ཇི་ལྟ་
เล่ม ๑๐๐ · หน้า 104a
ཞེ་ན། དཔེར་ན། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །ཞེས་བཤད་པ་ལྟ་བུ་སྟེ། འབྱུང་བ་ཆེན་པོ་བཞི་པོ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུ་དང་། སེམས་ཀྱང་སེམས་
ཀྱི་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། དེ་དག་ཀྱང་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུ་དང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་གནས་པ་དང་འགག་པ་ཞེས་བྱ་བ་གསུམ་པོ་དག་ཀྱང་མཚན་ཉིད་ཀྱི་གཞིའི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ།
མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་དག་གི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུའོ་ཞེས་བཤད་པས། ལྷན་ཅིག་འབྱུང་བའི་རྒྱུས་སེམས་དང་སེམས་ལས་བྱུང་བ་དག་ལྟོས་པ་དང་བཅས་པ་ཡང་ཡིན་ལ་དེ་དག་ལ་ལྷན་ཅིག་གི་དངོས་པོ་ཡང་ཡོད་པས་དེས་ན་ཅི་ལྟོས་པ་དང་བཅས་པའི་
ཕྱིར་ས་བོན་དང་མྱུ་གུ་དག་བཞིན་དུ་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་གི་དངོས་པོ་མེད་པར་འགྱུར་རམ། འོན་ཏེ་ལྟོས་པ་དང་བཅས་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དག་བཞིན་དུ་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་གི་དངོས་པོ་ཡོད་པར་འགྱུར་བ་མ་ངེས་པ་དང་།
གཞན་ཡང་མར་མེ་དང་འོད་དག་ཀྱང་ལྟོས་པ་དང་བཅས་པ་ཡང་ཡིན་ལ། དེ་དག་ལ་ལྷན་ཅིག་གི་དངོས་པོ་ཡང་ཡོད་པས་དེས་ན་ཅི་ལྟོས་པ་དང་བཅས་པའི་ཕྱིར་ས་བོན་དང་མྱུ་གུ་དག་བཞིན་དུ་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་གི་དངོས་པོ་མེད་པར་འགྱུར་རམ། འོན་ཏེ་ལྟོས་
པ་དང་བཅས་པའི་ཕྱིར་མར་མེ་དང་འོད་དག་བཞིན་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་གི་དངོས་པོ་ཡོད་པར་འགྱུར་བ་ཡང་མ་ངེས་པ་ཉིད་དོ། །གལ་ཏེ་བརྗོད་པ་ཁྱད་པར་ཅན་བསྟེན་པ་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ་ཞེ་ན་ཡང་བ་ལང་གི་རྭ་ལྷན་ཅིག་འབྱུང་བ་གཉིས་ལ་ཡང་འདི་ནི་
གཡོན་པའོ་འདི་ནི་གཡས་པའོ་ཞེས་བརྗོད་པ་ཁྱད་པར་ཅན་བསྟེན་པ་མཐོང་བས་དེ་ལྟ་ན་ཡང་མ་ངེས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་ཁྱེད་དབུ་མ་པ་དག་བརྗོད་པ་ཁྱད་པར་ཅན་བསྟན་པ་ལ་ལྟོས་པ་དང་བཅས་པའི་ཕྱིར་ལྷན་ཅིག་གི་དངོས་པོ་མེད་དོ་ཞེས་བྱ་བར་སྒྲུབ་ན་ནི་དེས་ཀྱང་ཁྱེད་ཀྱི་གཏན་ཚིགས་
เล่ม ๑๐๐ · หน้า 104b
ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་བ་ལང་གི་རྭ་ལྷན་ཅིག་འབྱུང་བ་གཉིས་ལ་ཡང་ལྟོས་པ་དང་བཅས་པའི་དབང་གིས་འདི་ནི་གཡོན་པའོ་འདི་ནི་གཡས་པའོ་ཞེས་བརྗོད་པ་ཁྱད་པར་ཅན་བསྟན་པ་མཐོང་བས་དེས་ན་ཅི་ལྟོས་པ་
དང་བཅས་པའི་ཕྱིར་ས་བོན་དང་མྱུ་གུ་དག་བཞིན་དུ་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་གི་དངོས་པོ་མེད་པར་འགྱུར་རམ། འོན་ཏེ་ལྟོས་པ་དང་བཅས་པའི་ཕྱིར་བ་ལང་གི་རྭ་དག་བཞིན་དུ་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་གི་དངོས་པོ་ཡོད་པར་འགྱུར་བ་མ་ངེས་པ་ཉིད་
ཡིན་པས། ཁྱེད་ཀྱི་གཏན་ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་ཡིན་པས་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཚོགས་པའི་དབང་པོ་ཁོ་ན་ལས་སེམས་དང་སེམས་ཀྱི་རྗེས་སུ་འཇུག་པ་དག་དང་མར་མེ་
འོད་དང་བཅས་པ་དག་འབྱུང་བས་ཐ་སྙད་དུ་ཡང་ལྷན་ཅིག་གི་དངོས་པོར་ཁས་མ་བླངས་པའི་ཕྱིར་དང་བ་ལང་གི་རྭ་གཉིས་ཀྱང་དོན་དམ་པར་མ་གྲུབ་པའི་ཕྱིར་ཅི་སྐད་སྨྲས་པའི་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་བ་དང་བརྗོད་པ་ཁྱད་པར་ཅན་བསྟེན་པ་དེ་དག་ལ་ལྟོས་པ་དང་བཅས་པ་ནི་ཡོད་ལ་ལྷན་
ཅིག་གི་དངོས་པོ་ནི་མེད་པས་ཁོ་བོའི་གཏན་ཚིགས་དོན་དང་མཐུན་པའི་ཕྱིར་ཁོ་བོའི་གཏན་ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །འདི་ལྟར་སེམས་དང་སེམས་ལས་བྱུང་བ་དག་ཀྱང་རང་གི་ལེན་པའི་རྒྱུ་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་
ཡིད་ལ་བྱེད་པའི་ཚོགས་པ་ཅི་རིགས་པའི་དབང་ཁོ་ན་ལས་འབྱུང་བས་རང་རང་གི་ལེན་པའི་རྒྱུ་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་དེ་དག་ལེན་པའི་རྒྱུའི་དབང་དུ་བྱས་ན་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པས་དེ་དག་ལ་ལྷན་ཅིག་གི་དངོས་པོ་ཡོད་པར་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་ཁས་མ་བླངས་
པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དག་ཀྱང་རང་རང་གི་ལེན་པའི་རྒྱུ་ལ་ལྟོས་པ་དང་བཅས་པའི་ཕྱིར་ས་བོན་དང་མྱུ་གུ་དག་བཞིན་དུ་དེ་དག་ལྷན་ཅིག་གི་དངོས་པོ་མེད་ལ། མར་མེ་དང་འོད་དག་ཀྱང་རང་རང་གི་ལེན་པའི་རྒྱུ་འབྲུ་མར་དང་སྙིང་པོ་དང་གོང་བུ་ལ་སོགས་པ་ཚོགས་པའི་དབང་ཁོ་
เล่ม ๑๐๐ · หน้า 105a
ན་ལས་འབྱུང་བས་རང་རང་གི་ལེན་པའི་རྒྱུ་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་དེ་དག་ཀྱང་ལེན་པའི་རྒྱུའི་དབང་དུ་བྱས་ནས་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པས་དེ་དག་ལ་ལྷན་ཅིག་གི་དངོས་པོ་ཡོད་པར་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་ཁས་མ་བླངས་པའི་ཕྱིར་མར་མེ་
དང་འོད་དག་ཀྱང་རང་རང་གི་ལེན་པའི་རྒྱུ་ལ་ལྟོས་པ་དང་བཅས་པའི་ཕྱིར་ས་བོན་དང་མྱུ་གུ་དག་བཞིན་དུ་དེ་དག་ལ་ཡང་ལྷན་ཅིག་གི་དངོས་པོ་མེད་པས་ཁོ་བོའི་གཏན་ཚིགས་ཀྱི་དོན་སྐྱེ་བ་ལ་ལྟོས་པ་དང་བཅས་པའི་ཕྱིར་ལྷན་ཅིག་གི་དངོས་པོ་མེད་དོ་ཞེས་བསྒྲུབས་ན་ཡང་དཔེར་ན་ས་བོན་དང་མྱུ་གུ་
དག་ལྟོས་པ་དང་བཅས་པའི་ཕྱིར་དེ་དག་ལ་ལྷན་ཅིག་གི་དངོས་པོ་མེད་པ་དེ་བཞིན་དུ་འདོད་ཆགས་དང་ཆགས་པ་དག་ཀྱང་ལྟོས་པ་དང་བཅས་པའི་ཕྱིར་དེ་དག་ལ་ཡང་ལྷན་ཅིག་གི་དངོས་པོ་མེད་དོ་ཞེས་བྱ་བ་དང་མཐུན་པས་མ་ངེས་པ་ཉིད་མ་ཡིན་ནོ། །བ་ལང་གི་རྭ་ལྟ་བུ་བརྗོད་པ་ཁྱད་པར་ཅན་བསྟན་པ་
དག་ནི་ཁོ་བོའི་ཕྱོགས་ལ་དོན་དམ་པར་མ་གྲུབ་པའི་ཕྱིར་ཁོ་བོ་འདོད་ཆགས་དང་ཆགས་པ་དག་ལྟོས་པ་དང་བཅས་པའི་ཕྱིར་དེ་དག་ལ་དོན་དམ་པར་ལྷན་ཅིག་གི་དངོས་པོ་མེད་པར་སྒྲུབ་པའི་མི་མཐུན་པའི་ཕྱོགས་བ་ལང་གི་རྭ་དག་མེད་པས་དེས་ན་ཅི་ལྟོས་པ་དང་བཅས་པའི་ཕྱིར་ས་བོན་དང་མྱུ་གུ་དག་
བཞིན་དུ་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་གི་དངོས་པོ་མེད་པར་འགྱུར་རམ། འོན་ཏེ་ལྟོས་པ་དང་བཅས་པའི་ཕྱིར་བ་ལང་གི་རྭ་དག་བཞིན་དུ་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་གི་དངོས་པོ་ཡོད་པར་འགྱུར་ཞེས་བྱ་བའི་མ་ངེས་པ་ཉིད་མེད་དོ། །ཇི་སྐད་སྨྲས་པའི་སྐྱོན་
མེད་དོ་ཞེས་བྱ་བ་ནི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གཞན་ཡང་འདི་ལ་འདོད་ཆགས་དང་ཆགས་པ་དག་གཅིག་པ་ཉིད་ལ་ལྷན་ཅིག་ཉིད་དུ་བརྟག་གམ་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་དུ་བརྟག་གྲང་ན་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་དག་ན་རེ་གང་
དག་ལྷན་ཅིག་ཉིད་དོ་ཞེས་ཟེར་བའི་འདོད་ཆགས་དང་ཆགས་པ་དེ་དག་གཅིག་པ་ཉིད་ལ་ལྷན་ཅིག་ཉིད་དུ་བརྟག་གམ། ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་དུ་བརྟག་གྲང་ན་དེ་གཉི་ག་ཡང་མི་འཐད་པར་སྟོན་ཏོ། །དེ་དག་ལ་རེ་ཞིག་གལ་ཏེ་གཅིག་པ་ཉིད་ལ་ལྷན་ཅིག་ཉིད་དུ་རྟོག་ན་དེ་ཡང་མི་རུང་སྟེ་ཅིའི་
เล่ม ๑๐๐ · หน้า 105b
ཕྱིར་ཞེ་ན། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །ཞེས་བྱ་བ་སྨྲས་ཏེ་རེ་ཞིག་གཅིག་པ་ཉིད་ཡིན་ན་ལྷན་ཅིག་ཉིད་མི་འཐད་དོ། །དེ་ནི་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བ་ནི། །གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །ཞེས་བྱ་བ་དེ་ནི་རེ་ཞིག་གཅིག་པ་ཉིད་ཡིན་ན་ལྷན་ཅིག་ཉིད་མི་
འཐད་པར་དམ་བཅའ་བ་ཉེ་བར་གཞག་པའི་ཚིག་ཡིན་ནོ། །དེ་ཡི་བསྒྲུབ་པ་བསྟན་པའི་ཕྱིར། །དེ་ཉིད་དེ་དང་ལྷན་ཅིག་མིན། །ཞེས་བྱ་བ་སྨྲས་སོ། །ལྷན་ཅིག་ཉིད་ནི་གཉིས་ལས་ཡོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི། །དེ་ཉིད་དེ་དང་ལྷན་ཅིག་མིན། །ཞེས་རྗེས་
སུ་འགྲོ་བ་བསྟན་པ་དེའི་ལྡོག་པ་བསྟན་པའི་ཚིག་ཡིན་ཏེ། ཡང་འཇིག་རྟེན་ལ་གྲགས་པའི་ཚུལ་ལྟར་བྱ་ན་ཡང་ལྷན་ཅིག་ཉིད་ནི། དངོས་པོ་གཉིས་ལ་ཡོད་པའི་ཕྱིར། །འདི་ན་བ་ལང་གཅིག་པུ་ཞེས་བྱ་བ་ནི་གཅིག་པ་ཉིད་དེ་བ་ལང་གཅིག་ཅིག་ལ་སྙེགས་སོ། །དེ་ལ་བ་ལང་གཅིག་པུ་དེ་ཉིད་
བ་ལང་གཅིག་པུ་དེ་ཉིད་དང་ཇི་ལྟར་ལྷན་ཅིག་ཏུ་འགྱུར་ཏེ། དེའི་ཕྱིར་གཅིག་པ་ཉིད་ཡིན་ན་ལྷན་ཅིག་ཉིད་མི་འཐད་དོ་ཞེས་བྱ་བར་དགོངས་སོ། །དེས་ན་དེ་ནི་ཆོས་མཐུན་པའི་དཔེའི་ཚིག་ཀྱང་ཡིན་ནོ་ཞེས་བྱ་བ་ནི། དེ་ཉིད་དེ་དང་ལྷན་ཅིག་མིན། །ཞེས་སྨོས་པའི་སྒྲུབ་པ་དེས་ན་ཚིག་དེ་ནི་འདིར་གཅིག་པ་ཉིད་
ཡིན་ན། ལྷན་ཅིག་ཉིད་མི་འཐད་པར་སྒྲུབ་པའི་ཆོས་མཐུན་པའི་དཔེའི་ཚིག་ཀྱང་ཡིན་ཏེ། དཔེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་བསྟན་དགོས་པས། འདིར་འདོད་ཆགས་དེ་ཉིད་ཀྱི་རང་གི་བདག་ཉིད་ལ་སོགས་པ་གང་ལ་བསྒྲུབ་པར་བྱ་བ་ཆོས་ལྷན་ཅིག་ཉིད་དུ་
མི་སྐྱེ་བ་དང་། སྒྲུབ་པའི་ཆོས་གཅིག་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དག་ཡོད་པ་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་འདོད་ཆགས་ནི་ཆགས་པ་དང་ལྷན་ཅིག་ཉིད་དུ་མི་སྐྱེ་སྟེ། གཅིག་ཉིད་ཡིན་པའི་ཕྱིར་དཔེར་ན་འདོད་ཆགས་དེ་ཉིད་ཀྱི་རང་གི་བདག་ཉིད་བཞིན་པས་རང་གི་རྗེས་
སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འདོད་ཆགས་དེ་ཉིད་ཀྱི་རང་གི་བདག་ཉིད་ནི་གཅིག་ཉིད་ཡིན་པའི་ཕྱིར་འདོད་
เล่ม ๑๐๐ · หน้า 106a
ཆགས་དེ་ཉིད་དང་ལྷན་ཅིག་ཉིད་དུ་མི་སྐྱེ་བ་དེ་བཞིན་དུ་འདོད་ཆགས་ཀྱང་གཅིག་ཉིད་ཡིན་པའི་ཕྱིར་ཆགས་པ་དང་ལྷན་ཅིག་ཉིད་དུ་མི་སྐྱེའོ། །གལ་ཏེ་སློབ་དཔོན་གྱིས་ཡན་ལག་རྫོགས་པར་མ་བརྗོད་པའི་ཕྱིར་སྒྲུབ་པ་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་
རོལ་པོ་དག་ན་རེ་སློབ་དཔོན་བཙུན་པ་ཀླུ་སྒྲུབ་ཀྱིས། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །དེ་ཉིད་དེ་དང་ལྷན་ཅིག་མིན། །ཞེས་སྨྲས་པ་དེ་ལ་ཕྱོགས་དང་དཔེ་ཡོད་དུ་ཟིན་ཀྱང་གཏན་ཚིགས་མེད་པས་དེའི་ཕྱིར་སྒྲུབ་པ་མ་ཚང་བའི་སྐྱོན་ཡོད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་ན་དེའི་ལན་
དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་སློབ་དཔོན་གྱི་ཚིག་དག་དོན་གྱི་ཚིག་ཡིན་པའི་ཕྱིར་དང་། དོན་གྱི་ཚིག་དག་གིས་ནི་དོན་ཆེན་པོ་དག་སྐྱེད་པར་བྱེད་དེ་ཚིག་ཉུང་ངུ་ཉིད་ཡིན་ཡང་སྦྱོར་བའི་ཚིག་དུ་མ་དག་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་
ནི་མདོ་མཛད་པ་ཡིན་ལ་མདོ་ནི་དོན་སྨོས་པ་ཙམ་ཡིན་པའི་ཕྱིར་དང་། དོན་སྨོས་པ་ཙམ་གྱི་ཚིག་དག་གིས་ནི་སྦྱོར་བའི་ཚིག་དུ་མ་དག་འགྲུབ་པའི་ཕྱིར་ཁྱེད་ཀྱི་ཀླན་ཀ་དེ་བཟང་པོ་མ་ཡིན་ནོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་འགྲེལ་པ་བྱེད་པ་ཁྱོད་ཉིད་ཀྱང་སྦྱོར་བའི་ཚིག་དག་སྨྲ་བ་ཡིན་པས་
སྒྲུབ་པའི་ཡན་ལག་གི་རྒྱུས་ཤེས་བཞིན་དུ་ཕྱོགས་སུ་ལྷུང་བའི་དབང་གིས་སློབ་དཔོན་གྱིས་ཁ་འཛིན་པ་ནི་མི་རིགས་པ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་སྦྱོར་བའི་ཚིག་དག་ལ་ནི་མ་ཚང་བ་ཉིད་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ།
འགྲེལ་པ་བྱེད་པ་དག་གི་སྦྱོར་བའི་ཚིག་དག་ལ་ནི་གལ་ཏེ་ཕྱོགས་དང་དཔེ་ཡོད་ཀྱང་གཏན་ཚིགས་མེད་ན་སྒྲུབ་པ་མ་ཚང་བ་ཉིད་དུ་ཡང་འགྱུར་བ་བདེན་ན་ཁོ་བོས་ནི་སྔར་འདོད་ཆགས་ནི་ཆགས་པ་དང་ལྷན་ཅིག་ཉིད་དུ་མི་སྐྱེ་སྟེ་གཅིག་ཉིད་ཡིན་པའི་ཕྱིར་དཔེར་ན་འདོད་ཆགས་དེ་ཉིད་ཀྱི་རང་གི་བདག་
ཉིད་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་ཡན་ལག་རྫོགས་པར་བརྗོད་པའི་ཕྱིར་ཁོ་བོ་ལ་ནི་སྒྲུབ་པ་མ་ཚང་བ་ཉིད་ཀྱི་སྐྱོན་མེད་དོ། །ཡང་ན་མི་འགྱུར་ཏེ་དེ་ལ་ཡང་གང་གི་ཚེ་རབ་ཏུ་བྱེད་པའམ་གྲུབ་པའི་མཐའ་ལས་ཅུང་ཟད་ལ་ལ་ལ་གྲགས་པ་ཡིན་ནའོ་ཞེས་བྱ་བ་ནི་ཡང་ན་འགྲེལ་
เล่ม ๑๐๐ · หน้า 106b
པ་བྱེད་པ་དག་གི་སྦྱོར་བའི་ཚིག་དག་ལ་ཡང་གལ་ཏེ་ཡན་ལག་རྫོགས་པར་མ་བརྗོད་ན་ཡང་སྒྲུབ་པ་མ་ཚང་བ་ཉིད་ཀྱི་སྐྱོན་དུ་མི་འགྱུར་ཏེ་དེ་དག་གི་སྦྱོར་བའི་ཚིག་དེ་ལ་ཡང་གང་གི་ཚེ་རབ་ཏུ་བྱེད་པའི་སྐབས་སམ་ལུང་གི་གྲུབ་པའི་མཐའ་ལས་ཕྱོགས་སམ་དཔེ་འམ་གཏན་ཚིགས་ཅུང་ཟད་ཅིག་རྒོལ་
བ་དང་ཕྱིར་རྒོལ་བ་ལ་ལ་ལ་གྲགས་པ་ཡིན་ན་དེའི་ཚེ་ཡན་ལག་རྫོགས་པར་མ་བརྗོད་ཀྱང་སྒྲུབ་པ་མ་ཚང་བ་ཉིད་ཀྱི་སྐྱོན་དུ་མི་འགྱུར་རོ། །དེ་ལྟར་རེ་ཞིག་འདོད་ཆགས་དང་ཆགས་པ་དག་གཅིག་པ་ཉིད་ཡིན་ན་ལྷན་ཅིག་པ་མི་འཐད་དོ། །ཅི་སྟེ་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་དུ་རྟོག་ན་དེ་ཡང་
མི་རུང་སྟེ། ཅིའི་ཕྱིར་ཞེ་ན། དེ་ལྟ་ན་ཡང་གང་གི་ཚེ་འགལ་བ་མེད་པའི་གཅིག་པ་ཉིད་ལ་ལྷན་ཅིག་ཉིད་མེད་པ་དེའི་ཚེ། ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། །ཞེས་བྱ་བ་སྨྲས་ཏེ་ཅི་སྟེ་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་དུ་རྟོག་ན་དེ་ལྟ་ན་ཡང་གང་གི་ཚེ་འཇིག་
རྟེན་ལ་གཅིག་པ་ཉིད་དང་ལྷན་ཅིག་ཉིད་ཅེས་བྱ་བ་དོན་འགལ་བ་མེད་པའི་ཕྱོགས་ལ་ཡང་ཇི་སྐད་བསྟན་པའི་ཚུལ་གྱིས་བརྟགས་ན་ལྷན་ཅིག་ཉིད་མེད་པ་དེའི་ཚེ་ཅི་སྟེ་ཐ་དད་པ་ཉིད་ཡིན་ན་ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། འདིར་ཐ་དད་ཉིད་ཀྱི་མི་མཐུན་པའི་ཕྱོགས་ནི་ལྷན་ཅིག་ཉིད་
ཡིན་ན་མི་མཐུན་པ་དེ་གཉིས་གཅིག་ན་ཇི་ལྟར་ལྷན་ཅིག་གནས་པར་འགྱུར་ཏེ། དེའི་ཕྱིར་ཐ་དད་པ་ཉིད་ཡིན་ན་ཡང་ལྷན་ཅིག་ཉིད་མི་འཐད་དོ། །དེ་ཉིད་བསྟན་པའི་ཕྱིར། ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་ཡོད་པ་མ་ཡིན་པ་ཉིད་དེ། རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་
ཕྱིར་དང་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པ་ལ་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་ཡོད་པ་མ་ཡིན་པར་དགག་པའི་རྗེས་སུ་དཔག་པ་ཡོད་པའི་ཕྱིར་དང་། ཕ་རོལ་པོ་ལ་ཐ་དད་པ་ཉིད་ལ་
ལྷན་ཅིག་ཉིད་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཐ་དད་པ་ཉིད་ཡིན་ན་ཡང་ལྷན་ཅིག་ཉིད་མི་འཐད་དོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །འདི་ཡང་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བ་ནི། ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด