ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๐ · หน้า 132b

བར་བྱེད་དོ། དེ་དག་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །དེ་བས་ན་དེ་དག་ལ་སོགས་པ་ལ་མངོན་པར་ཞེན་པ་སྤང་བར་འདོད་པས་བསྟན་བཅོས་བརྩམས་པས་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཚུལ་ཁྲིམས་ཀྱི་སྡོམ་པ་དང་དབང་པོའི་སྡོམ་པ་ལ་སོགས་པ་ཚོགས་ཀྱི་ལམ་གྱི་རྗེས་སུ་མཐུན་པ་

དག་འཇིག་རྟེན་ན་མངོན་སུམ་དུ་མཐོང་བ་ལ་ཁོ་བོ་ཅག་ཀྱང་སྐུར་པ་མི་འདེབས་ཏེ། དེ་དག་ཐ་སྙད་པ་ཡིན་པ་ལ་ཁྱེད་ཅག་དོན་དམ་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་སློབ་དཔོན་གྱིས་བསྟན་བཅོས་བརྩམས་པ་མཛད་པས་ཉེས་པ་མེད་དོ།། །།བམ་པོ་སུམ་ཅུ་དགུ་པ། ཅི་སྟེ་བུམ་པ་སྐྱེའོ་

ཞེས་བྱ་བ་དང་། སྣམ་བུ་སྐྱེའོ་ཞེས་བྱ་བ་དེ་དག་ཐ་སྙད་པ་ཡིན་གྱི་དོན་དམ་པ་མ་ཡིན་པར་ཅི་ལྟར་ངེས་པར་གཟུང་བར་བྱ་ཞེ་ན། དེ་ཉོན་ཅིག །འདི་ལ་སྐྱེས་ན་བུམ་པ་དང་སྣམ་བུ་ཡིན་གྱི་མ་སྐྱེས་ན་ནི་མ་ཡིན་ནོ། །སྐྱེས་པ་ལ་ནི་ཡང་སྐྱེ་བ་མེད་པའི་ཕྱིར་བུམ་པ་དང་སྣམ་བུ་སྐྱེའོ་ཞེས་བྱ་བ་དེ་མི་འཐད་དོ། །

ཅི་སྟེ་མ་སྐྱེས་ཀྱང་བུམ་པ་བློ་ལ་བཞག་ནས་མིང་སྒྲོ་བཏགས་ཏེ། བུམ་པ་སྐྱེའོ་ཞེའོ་ཞེས་བརྗོད་ན་ནི་དེ་ཐ་སྙད་ཙམ་དུ་ཟད་དེ་བློ་ལ་བཞག་པའི་བུམ་པ་ལ་ནི་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་སྐྱེ་བ་དེ་ལ་བརྟེན་ནས་དེ་ལ་སྐྱེ་བཞིན་པ་སྐྱེད་པ་མི་འཐད་པར་བསྟན་པ་དེ་ཉིད་བརྣན་པའི་

ཕྱིར་ཚིག་ལེའུར་བྱས་པ་འོག་མའི་མགོ་འདྲེན་པ་སྟོན་ཏོ། །སྐྱེ་བ་ཞེས་བྱ་བ་ནི་སྐྱེས་པ་ལ་ཡང་མེད་ལ་མ་སྐྱེས་པ་ལ་ཡང་མེད་པའི་ཕྱིར་སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་དུ་ཟད་དེ་དོན་དམ་པར་མེད་པས་སྐྱེ་བ་དེ་ལ་བརྟེན་ནས་སྐྱེ་བཞིན་པ་བསྐྱེད་དེ་ཞེས་བྱ་བ་མེད་པར་བསྟན་ཏེ། །བྱེ་བྲག་ཏུ་

སྨྲ་བ་གང་དག་གཟུགས་ལ་སོགས་པ་དང་། བུམ་པ་ལ་སོགས་པ་དག་དུས་འཕོ་བའི་ཕྱིར་ཡོད་པ་ཁོ་ན་ལས་སྐྱེ་བར་རྟོག་ན་ཞེས་བྱ་བས་ནི་བྱེ་བྲག་ཏུ་སྨྲ་བ་ཐམས་ཅད་ཡོད་པར་སྨྲ་བ་དག་དུས་གསུམ་གྱི་དངོས་པོ་རྣམས་ནི་ཡོད་པ་ཁོ་ན་ལས་མ་འོངས་པའི་དུས་ནས་ད་ལྟར་གྱི་དུས་སུ་འཕོ་ཞིང་

ད་ལྟར་གྱི་དུས་ནས་ཀྱང་འདས་པའི་དུས་སུ་འཕོ་བའི་ཕྱིར་དེ་དག་ཡོད་པ་ཁོ་ན་ལས་སྐྱེ་བས་སྐྱེ་བ་དེ་ལ་བརྟེན་ནས་རྩ་བའི་སྐྱེ་བས་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་བྱ་བར་རྟོག་པས། འདིར་དེ་དག་ན་རེ་དངོས་པོ་ནི་མེད་པ་ལས་སྐྱེ་བ་མ་ཡིན་གྱི་མ་འོངས་པའི་དུས་ན་བུམ་པ་གཟུགས་དང་རོ་དང་

เล่ม ๑๐๐ · หน้า 133a

དྲི་དང་རེག་པའི་ངོ་བོ་ཉིད་དུ་ཡོད་པ་དེ་ད་ལྟར་བྱུང་བའི་དུས་སུ་བུམ་པའི་ངོ་བོ་ཉིད་འཕོ་ཞིང་སྐྱེ་ལ། ད་ལྟར་གྱི་དུས་ནས་འདས་པའི་དུས་སུ་ཡང་དེ་བཞིན་དུ་ཅི་རིགས་པར་འཕོ་ཞིང་སྐྱེ་བས་སྐྱེ་བ་དེ་ལ་བརྟེན་ནས་རྩ་བའི་སྐྱེ་བས་སྐྱེ་བཞིན་པ་དེ་སྐྱེད་པར་བྱེད་དོ་ཞེས་ཟེར་རོ། །དེ་སྐད་

ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། གལ་ཏེ་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་མ་སྐྱེས་པ་འགའ་ཞིག་རྐྱེན་རྣམས་སམ་དེ་དག་འདུས་པའམ་གཞན་ལ་ཡོད་པར་འགྱུར་

གྲང་ན་ཞེས་བྱ་བ་ལ་སོགས་ལ་སྨྲས་སོ། །དེ་ནི་ཅི་ཕྱིར་དེར་སྐྱེ་འགྱུར། །ཡོད་པ་དེ་ཅིའི་ཕྱིར་དུས་དེར་སྐྱེ་བར་འགྱུར་ཏེ་ཡོད་པ་སྐྱེ་བ་ནི་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་གལ་ཏེ་བྱེ་བྲག་ཏུ་སྨྲ་བ་དག་འདོད་པ་ལྟར་དངོས་པོ་སྐྱེ་བའི་སྔོན་རོལ་མ་སྐྱེས་པའི་

གནས་སྐབས་མ་འོངས་པའི་དུས་ན་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་མ་སྐྱེས་པ་འགའ་ཞིག་རྐྱེན་རྣམས་སོ་སོའམ། དེ་དག་འདུས་པའམ་དེ་ལས་གཞན་པའི་ཕྱོགས་ཤེད་ན་ཡོད་པར་གྱུར་ན། ཡོད་པ་དེ་ཅིའི་ཕྱིར་མ་འོངས་པའི་དུས་ནས་ད་ལྟར་གྱི་དུས་དེར་འཕོ་ཞིང་སྐྱེ་བ་དང་། ད་

ལྟར་གྱི་དུས་ནས་འདས་པའི་དུས་སུ་འཕོ་ཞིང་སྐྱེ་བར་འགྱུར་ཏེ། ཡོད་པ་སྐྱེ་བ་ནི་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཡོད་པ་དུས་འཕོ་ཞིང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །དེའི་ཕྱིར། ཡོད་ན་སྐྱེ་བར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ།

དངོས་པོ་ཡོད་པ་དུས་འཕོ་ཞིང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་འདིས་ནི་སྐྱེ་བའི་སྔོན་རོལ་ན་དངོས་པོ་མ་སྐྱེས་པ་ཡོད་པར་སྨྲ་བ་རྣམས་ཀྱི་དམ་བཅས་པ་ནི་ཡོད་པ་ཉིད་དུ་རྗེས་སུ་དཔག་པས་སྐྱེ་བ་མེད་པ་དང་ལྡན་པ་ཉིད་ཀྱིས་སྐྱེ་བ་བསལ་བའི་ཕྱིར་ཡོད་པར་སྨྲ་བ་རྣམས་

ཀྱི་རང་གི་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་བསྟན་ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་གོང་མ་འདིས་ནི་ཡོད་པར་སྨྲ་བ་རྣམས་ཀྱི་དམ་བཅས་པ་དེ་ནི་རང་གི་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་ཡོད་པས་མི་རུང་བར་བསྟན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་དག་གི་དམ་བཅས་པ་ནི་དངོས་

เล่ม ๑๐๐ · หน้า 133b

པོ་སྔ་ན་ཡོད་པ་ཉིད་དུ་རྗེས་སུ་དཔོག་པ་ཡིན་པས་དེས་ན་གང་ཡོད་པ་དེ་ནི་སྐྱེ་བ་མེད་པ་དང་ལྡན་པ་ཉིད་ཡིན་པས་སྐྱེ་བ་བསལ་བའི་ཕྱིར་ཡོད་པ་སྐྱེའོ་ཞེས་སྨྲ་བ་དེ་དག་གི་རང་གི་རྗེས་སུ་དཔག་པ་ལ་གནོད་པར་འགྱུར་རོ། །ཡོད་པར་སྨྲ་བ་ཞེས་བྱ་བ་ནི་གང་དག་དངོས་པོ་རྣམས་ཡོད་པ་ཁོ་ན་ལས་སྐྱེ་བར་སྨྲ་བ་བདག་

གོ། །དུས་འཕོ་བར་སྨྲ་བ་རྣམས་ལ་ཡང་ཡོད་པ་ཉིད་དུ་རྗེས་སུ་དཔོག་པས་ད་ལྟར་གྱི་དུས་སུ་འཕོ་བ་མེད་པ་ཉིད་ཀྱིས་ད་ལྟར་གྱི་དུས་སུ་འཕོ་བ་བསལ་བའི་ཕྱིར་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་གོང་མ་འདིས་དུས་འཕོ་བར་སྨྲ་བ་རྣམས་ཀྱི་དམ་བཅས་པ་དེ་ཡང་རང་གི་རྗེས་སུ་དཔག་

པ་ལ་གནོད་པའི་སྐྱོན་ཡོད་པས་མི་རུང་བར་བསྟན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་དག་གི་དམ་བཅས་པ་ཡང་དངོས་པོ་སྔ་ན་ཡོད་པ་ཉིད་རྗེས་སུ་དཔོག་པ་ཡིན་པས་དེས་ན་གང་ཡོད་པ་དེ་ནི་མ་འོངས་པའི་དུས་ནས་ད་ལྟར་གྱི་དུས་སུ་འཕོ་བ་མེད་པ་ཉིད་ཡིན་པས་ད་ལྟར་གྱི་དུས་སུ་འཕོ་བ་བསལ་བའི་ཕྱིར་

དུས་འཕོ་བར་སྨྲ་བ་དེ་དག་གི་རང་གི་རྗེས་སུ་དཔག་པ་ལ་གནོད་པར་འགྱུར་རོ། །དུས་འཕོ་བར་སྨྲ་བ་ཞེས་བྱ་བ་དེ་ནི་གང་དག་དངོས་པོ་རྣམས་མ་འོངས་པའི་དུས་ནས་ད་ལྟར་གྱི་དུས་སུ་འཕོ་ཞིང་ད་ལྟར་གྱི་དུས་ནས་འདས་པའི་དུས་སུ་འཕོ་བར་སྨྲ་བ་དག་གོ། །འདིས་ནི་དངོས་པོ་དང་མཚན་ཉིད་

དང་གནས་སྐབས་དང་གཞན་པ་གཞན་དུ་འགྱུར་བ་ཞེས་བྱ་བ་དག་གི་ལན་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཡོད་པར་སྨྲ་བ་རྣམས་དང་དུས་འཕོ་བར་སྨྲ་བ་རྣམས་ཀྱི་དམ་བཅས་པ་མི་འཐད་པར་བསྟན་པའི་སྐབས་འདིས་ནི་དངོས་པོ་གཞན་དུ་འགྱུར་བར་སྨྲ་བ་དང་། མཚན་ཉིད་གཞན་དུ་འགྱུར་བར་

སྨྲ་བ་དང་གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་དང་གཞན་པ་གཞན་དུ་འགྱུར་བར་སྨྲ་བ་ཞེས་བྱ་བ་དག་གི་ལན་བཏབ་པ་ཡིན་ནོ། །དེ་ལ་དངོས་པོ་གཞན་དུ་འགྱུར་བར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་བཙུན་པ་དྷརྨ་ཏྲ་ཏ་སྟེ། དེ་ན་རེ་དཔེར་ན་གསེར་གྱི་ངོ་བོ་ཉིད་ནི་གདུ་བུ་དང་དཔུང་རྒྱན་ལ་སོགས་

པའི་དབྱིབས་ཀྱི་དངོས་པོར་གཞན་དུ་འགྱུར་བར་ཟད་ཀྱི་གསེར་གྱི་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་རིང་པོ་དང་ཐུང་ངུ་ལ་སོགས་པའི་དབྱིབས་ཀྱི་དངོས་པོ་གཞན་དུ་འགྱུར་བར་ཟད་ཀྱི་ཆོས་ཀྱི་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་ཟེར་རོ། །དེ་ལ་མདོ་

เล่ม ๑๐๐ · หน้า 134a

སྡེ་པ་དག་ན་རེ་དེ་ནི་གྲངས་ཅན་གྱི་ཕྱོགས་སུ་ས་གཞག་པར་བྱའོ་ཞེས་ཟེར་བས་ནི་དེའི་ལན་ཐེབས་པ་མ་ཡིན་ཏེ། འདི་ལྟར་བཙུན་པ་དྷརྨ་ཏྲ་ཏ་ན་རེ་མདོ་སྡེ་པ་དག་ཀྱང་མེད་པར་སྨྲ་བའི་ཕྱོགས་སུ་གཞག་པར་བྱའོ་ཞེས་ཟེར་བའི་ཕྱིར། །འདིར་དབུ་མ་པས་ནི་དེ་ལ་རྣམ་པ་གཞན་

གྱིས་ལན་གདབ་པར་བྱ་སྟེ། དོན་དམ་པར་འདས་པ་དང་མ་འོངས་པ་ནི་དངོས་པོ་ཡོད་པ་མ་ཡིན་ཏེ། རྫས་ཡིན་པའི་ཕྱིར་དཔེར་ན་ད་ལྟར་བཞིན་ནོ། །དེས་ན་དྷརྨ་ཏྲ་ཏས་དངོས་པོ་རྫས་ཉིད་དུ་རྗེས་སུ་དཔག་པས་ནི་འདས་པ་དང་མ་འོངས་པ་དག་ད་ལྟར་བཞིན་དུ་རྫས་ཉིད་ཡིན་ན་དེ་གཉིས་ཀྱང་ད་ལྟར་

ཉིད་ཡིན་པར་འགྱུར་བས་འདས་པ་དང་མ་འོངས་པ་བསལ་བའི་ཕྱིར་དེའི་དམ་བཅས་པ་ལ་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་ལན་བཏབ་པ་ཡིན་ནོ། །མཚན་ཉིད་གཞན་དུ་འགྱུར་བར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་བཙུན་པ་གྷོ་ཤ་ཀ་སྟེ། དེ་ན་རེ་དཔེར་ན་མི་གཅིག་

ལ་ཆུང་མ་གསུམ་ཡོད་པ་གཅིག་ལ་ལྷག་པར་ཆགས་ཀྱང་གཉིས་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པས། ལྷག་པར་ཆགས་པ་དང་མ་ཆགས་པའི་མཚན་ཉིད་གཞན་དུ་འགྱུར་བར་ཟད་ཀྱི་མིའི་དངོས་པོ་ཉིད་ལ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་རྣམས་དུས་གསུམ་དུ་འཇུག་པ་ན་ཡང་

མ་འོངས་པ་གང་ཡིན་པ་དེ་མ་འོངས་པ་ཉིད་ཀྱི་མཚན་ཉིད་དང་ལྡན་པ་ན་ད་ལྟར་དང་འདས་པ་གཉིས་དེའི་མཚན་ཉིད་དང་བྲལ་བ་མ་ཡིན་པས་ལྡན་པ་དང་མ་བྲལ་བའི་མཚན་ཉིད་གཞན་དུ་འགྱུར་བར་ཟད་ཀྱི་ཆོས་ཀྱི་དངོས་པོ་ཉིད་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་ཟེར་རོ། །དེ་ལ་མདོ་སྡེ་པ་དག་ན་རེ་དེ་ལྟ་ན་དུས་

གསུམ་འདྲེས་པར་འགྱུར་རོ་ཞེས་ཟེར་བས་ནི་དེའི་ལན་ཐེབས་པ་མ་ཡིན་ཏེ། འདི་ལྟར་བཙུན་པ་གྷོ་ཤ་ཀ་ན་རེ་དུས་གསུམ་ཆར་གསལ་བའི་ངོ་བོ་ཉིད་དུ་ཡོད་པ་ཡིན་ན་ནི་འདྲེས་པར་ཡང་འགྱུར་བ་ཞིག་ན་མ་འོངས་པའི་མཚན་ཉིད་ཀྱི་དུས་ན་མ་འོངས་པ་གསལ་བའི་ངོ་བོ་ཉིད་ཀྱིས་གཙོ་ཆེ་བ་ཡིན་ལ་ད་

ལྟར་དང་འདས་པ་གཉིས་ནུས་པའི་ངོ་བོ་ཉིད་ཙམ་དུ་ཟད་པས་ནུས་པ་ཙམ་གྱིས་ནི་གསལ་བ་དང་འདྲེས་པར་མི་འགྱུར་རོ་ཞེས་ཟེར་བའི་ཕྱིར་རོ། །འདིར་དབུ་མ་པས་ནི་དེ་ལ་རྣམ་པ་གཞན་གྱིས་ལན་གདབ་པར་བྱ་སྟེ། དོན་དམ་པར་མ་འོངས་པ་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། མ་འོངས་པའི་

เล่ม ๑๐๐ · หน้า 134b

མཚན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་མཚན་ཉིད་ཀྱི་ངོ་བོ་ཉིད་བཞིན་ནོ། །དེས་ན་གྷོ་ཤ་ཀས་དངོས་པོ་མཚན་ཉིད་དང་ལྡན་པ་ཉིད་དུ་རྗེས་སུ་དཔག་པས་ནི་འདས་པ་དང་མ་འོངས་པ་དག་ལ་ད་ལྟར་བཞིན་དུ་མཚན་ཉིད་ཡོད་ན་དེ་གཉིས་ཀྱང་ད་ལྟར་ཉིད་ཡིན་པར་འགྱུར་བས་

འདས་པ་དང་མ་འོངས་པ་བསལ་བའི་ཕྱིར་དེའི་དམ་བཅས་པ་ལས་ཡང་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་ལན་བཏབ་པ་ཡིན་ནོ། །གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་བཙུན་པ་བ་སུ་མི་ཏྲ་སྟེ། དེ་ན་རེ་དཔེར་ན་གཅིག་མལ་གྱི་

ཤོད་ཐབས་གཅིག་བཞག་པ་ལ་གཅིག་ཅེས་བྱ་ཞིང་དེའི་སྟིང་དུ་བཅུ་དང་བརྒྱ་དང་སྟོང་མལ་ལ་སོགས་པའི་ཤོད་ཐབས་ཀྱི་གནས་སྐབས་གཞན་དག་བཞག་ན་སྟོང་ལ་སོགས་པའི་གནས་སྐབས་གཞན་དུ་འགྱུར་བར་ཟད་ཀྱི་གཅིག་མལ་གྱི་ཤོད་ཉིད་ལ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ། ཆོས་རྣམས་

དུས་གསུམ་དུ་འཇུག་པ་ན་ཡང་མ་འོངས་པ་ནས་ད་ལྟར་དང་འདས་པའི་གནས་སྐབས་གཞན་དུ་གྱུར་པ་ན་གནས་སྐབས་གཞན་དུ་བརྗོད་པར་ཟད་ཀྱི་ཆོས་ཀྱི་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་ཟེར་རོ། །དེ་ལ་མདོ་སྡེ་པ་དག་ན་རེ་དེ་ལྟ་ན་གནས་སྐབས་ཐ་དད་པ་ཙམ་དུ་ཟད་ཀྱི་རྫས་ལ་ཐ་དད་པ་མེད་པས་དུས་གསུམ་འདྲེས་

པར་འགྱུར་རོ་ཞེས་ཟེར་བས་ནི་དེའི་ལན་ཐེབས་པ་མ་ཡིན་ཏེ། འདི་ལྟར་བཙུན་པ་བ་སུ་མི་ཏྲ་ན་རེ་དུས་གསུམ་གྱི་རྫས་གནས་སྐབས་ཅིག་ན་ཡོད་ན་ནི་འདྲེས་པར་ཡང་འགྱུར་བ་ཞིག་ན་གནས་སྐབས་གཞན་དུ་འགྱུར་བས་འདྲེས་པར་མི་འགྱུར་རོ་ཞེས་ཟེར་བའི་ཕྱིར་རོ། །འདིར་དབུ་མ་པས་ནི་དེ་ལ་རྣམ་པ་

གཞན་གྱིས་ལན་གདབ་པར་བྱ་སྟེ། དོན་དམ་པར་མ་འོངས་པ་ནི་རྫས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། མ་འོངས་པའི་རྫས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དཔེར་ན་ད་ལྟར་གྱི་རྫས་ཀྱི་ངོ་བོ་ཉིད་བཞིན་ནོ། །དེས་ན་བ་སུ་མི་ཏྲས་དངོས་པོ་རྫས་ཉིད་དུ་རྗེས་སུ་དཔག་པས་ནི་འདས་པ་དང་མ་འོངས་པ་དག་ད་ལྟར་བཞིན་དུ་རྫས་ཉིད་

ཡིན་ན་དེ་གཉིས་ཀྱང་ད་ལྟར་ཉིད་ཡིན་པར་འགྱུར་བས་འདས་པ་དང་མ་འོངས་པ་བསལ་བའི་ཕྱིར་དེའི་དམ་བཅས་པ་ལ་ཡང་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་ལན་བཏབ་པ་བཞིན་ནོ། །གཞན་པ་གཞན་དུ་འགྱུར་བར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་བཙུན་པ་བུད་དྷ་དེ་བ་སྟེ།

เล่ม ๑๐๐ · หน้า 135a

དེ་ན་རེ་དཔེར་ན་བུད་མེད་གཅིག་ལ་སྔ་ཕྱི་གཞན་ལ་ལྟོས་ནས་མ་ལ་ལྟོས་ནས་ནི་བུ་མོ་ཞེས་ཀྱང་བྱ་ལ་བུ་ལ་ལྟོས་ནས་ནི་མ་ཞེས་ཀྱང་བྱ་སྟེ། དེ་ལ་ནི་སྔ་ཕྱི་གཞན་པ་ལ་ལྟོས་ནས་ནི་གཞན་དུ་འགྱུར་བར་ཟད་ཀྱི། བུད་མེད་དེ་ཉིད་ལ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་རྣམས་

དུས་གསུམ་དུ་འཇུག་པ་ན་ཡང་མ་འོངས་པ་གཞན་ལ་ལྟོས་ནས་ད་ལྟར་དང་འདས་པ་དག་གཞན་དུ་བརྗོད་པར་ཟད་ཀྱི་ཆོས་ཀྱི་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་ཟེར་རོ། །དེ་ལ་མདོ་སྡེ་པ་དག་ན་རེ་དེ་ལྟ་ན་སྔ་ཕྱི་ལས་གཞན་དུ་བརྗོད་པ་ཙམ་དུ་ཟད་ཀྱི་དངོས་པོ་ལ་གཞན་པ་ཉིད་མེད་པས་དུས་

གསུམ་འདྲེས་པར་འགྱུར་རོ་ཞེས་ཟེར་བས་ནི་དེའི་ལན་ཐེབས་པ་མ་ཡིན་ཏེ། འདི་ལྟར་བཙུན་པ་བུད་དྷ་དེ་བ་ན་རེ་དུས་གསུམ་གྱི་རྫས་མ་དང་བུ་ལྟ་བུ་དག་གནས་སྐབས་གཅིག་ན་ཡོད་ན་ནི་འདྲེས་པར་ཡང་འགྱུར་བ་ཞིག་ན་སྔ་ཕྱི་ལ་ལྟོས་པས་གཞན་དུ་འགྱུར་བས་འདྲེས་པར་མི་འགྱུར་རོ་ཞེས་ཟེར་བའི་

ཕྱིར་རོ། །འདིར་དབུ་མ་པས་ནི་དེ་ལ་རྣམ་པ་གཞན་གྱིས་ལན་གདབ་པར་བྱ་སྟེ། དོན་དམ་པར་མ་འོངས་པ་ནི་དངོས་པོའི་ངོ་བོ་ཉིད་མ་ཡིན་ཏེ། མ་འོངས་པའི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་དཔེར་ན་ད་ལྟར་གྱི་དངོས་པོའི་ངོ་བོ་ཉིད་བཞིན་ནོ། །དེས་ན་བུད་དྷ་དེ་བས་དངོས་པོ་རྣམས་དངོས་པོའི་

ངོ་བོ་ཉིད་དུ་རྗེས་སུ་དཔག་པས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བཞིན་དུ་དངོས་པོའི་ངོ་བོ་ཉིད་ཡིན་ན་དེ་གཉིས་ཀྱང་དེ་ལྟར་ཉིད་ཡིན་པར་འགྱུར་བས། འདས་པ་དང་མ་འོངས་པ་བསལ་བའི་ཕྱིར་དེའི་དམ་བཅས་པ་ལ་ཡང་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་

ལན་བཏབ་པ་ཡིན་ནོ། །དེ་དག་ནི་མངོན་པར་བརྩོན་པ་རྣམས་ཀྱི་ཆེད་དུ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ཏེ་ཞར་ལ་བཤད་པས་ཆོག་གོ། །གལ་ཏེ་གྲངས་ཅན་དག་དངོས་པོ་ཡོད་པ་ཉིད་གསལ་བར་བྱེད་པས་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་འདིར་གྲངས་ཅན་དག་ན་རེ་ཁོ་བོ་ཅག་གི་ཕྱོགས་ལ་དངོས་པོ་མ་

འོངས་པའི་དུས་ན་ནུས་པའི་བདག་ཉིད་དུ་ཡོད་པ་རྐྱེན་རྣམས་ཀྱིས་ད་ལྟར་གྱི་དུས་སུ་གསལ་བར་བྱེད་པས་ཁྱེད་ཀྱི་བསྒྲུབ་པའི་སྐྱོན་དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། གསལ་བ་

เล่ม ๑๐๐ · หน้า 135b

བཀག་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །མ་སྐྱེས་པ་ཡོད་པར་ཅི་ལྟར་ཤེས་པར་བྱར་ནུས་ཞེས་བྱ་བ་ནི་དབུ་མ་པས་གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བ་དག་ལ་ཕར་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་མ་སྐྱེས་པ་ནི་ཡོད་པར་ཁོ་ནར་ཤེས་པར་བྱར་ནུས་ཏེ། དུས་ཀྱིས་

བསྡུས་པའི་ཕྱིར་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ད་ལྟར་གྱི་དངོས་པོ་ནི་དུས་ཀྱིས་བསྡུས་པའི་ཕྱིར་ཡོད་པ་ཁོ་ནར་ཤེས་པར་བྱར་ནུས་པ་དེ་བཞིན་

དུ་མ་འོངས་པ་མ་སྐྱེས་པ་ཡང་དུས་ཀྱིས་བསྡུས་པའི་ཕྱིར་ཡོད་པ་ཁོ་ནར་ཤེས་པར་བྱར་ནུས་སོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དོན་དམ་པར་ད་ལྟར་གྱི་དངོས་པོ་ཡང་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པས་དཔེ་མེད་པའི་ཕྱིར་འདོད་པའི་དོན་མི་འགྲུབ་པོ་

ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་ལ་དོན་དམ་པར་མ་འོངས་པ་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པ་བཞིན་དུ། ད་ལྟར་གྱི་དངོས་པོ་ཡང་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པས་དེས་ན་ཁྱེད་ཀྱི་དཔེ་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་བྱ་བ་དེ་མེད་པའི་ཕྱིར་ཁྱེད་ཀྱི་འདོད་པའི་དོན་མ་སྐྱེས་པ་ཡོད་པ་ཁོ་ནར་

ཤེས་པར་བྱར་ནུས་ཏེ་ཞེས་བྱ་བ་དེ་མི་འགྲུབ་པོ་འདིས་ནི་གཟུགས་ལ་སོགས་པ་དག་སྔ་ན་མེད་པ་དང་ཞིག་ནས་མེད་པ་ཉིད་བསྒྲུབ་པ་ལ་ཡང་སྐྱོན་གྱིས་ལན་བཏབ་པར་རིག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་ན་རེ་གཟུགས་ལ་སོགས་པ་སྔ་ན་མེད་པ་ནི་ཡོད་པ་ཁོ་ནར་ཤེས་པ་བྱར་ནུས་ཏེ།

མ་འོངས་པའི་དུས་ཀྱིས་བསྡུས་པའི་ཕྱིར་དཔེར་ན་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་ཟེར་བ་དང་། གཟུགས་ལ་སོགས་པ་ཞིག་ནས་མེད་པ་ཡང་། །ཡོད་པ་ཁོ་ནར་ཤེས་པར་བྱར་ནུས་ཏེ། །འདས་པའི་དུས་ཀྱིས་བསྡུས་པའི་ཕྱིར་དཔེར་ན་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་ཟེར་བ་དེ་དག་ལ་ཡང་སྔ་མ་

བཞིན་དུ་དཔེ་མེད་པའི་ཕྱིར་འདོད་པའི་དོན་མི་འགྲུབ་པོ་ཞེས་བྱ་བའི་སྐྱོན་གྱིས་ལན་བཏབ་པར་རིག་པར་བྱའོ། །འདིར་གལ་ཏེ་ཕ་རོལ་པོ་དག་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་བྱ་བའི་དཔེ་དེ་བསྒྲུབ་པའི་ཕྱིར་གལ་ཏེ་ཁྱེད་དབུ་མ་པས་ད་ལྟར་གྱི་དངོས་པོ་ཡང་མེད་པར་བཤད་ན་ཐ་སྙད་ཀྱི་བདེན་པ་ལ་

เล่ม ๑๐๐ · หน้า 136a

གནོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཐ་སྙད་ཀྱི་བདེན་པ་ལ་གནོད་པར་ཡང་མི་འགྱུར་ཏེ། ད་ལྟར་གྱི་གཟུགས་ལ་སོགས་པའི་དངོས་པོ་དག་སྒྱུ་མ་ལ་སོགས་པ་བཞིན་དུ་ཡོད་པ་ཉིད་དུ་ཁས་བླངས་

པའི་ཕྱིར་དང་། ཐ་སྙད་དུ་གཟུགས་ལ་སོགས་པ་དག་བཏགས་པའི་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་སྒྱུ་མའི་བུད་མེད་ཀྱི་ལུས་ལ་བུད་མེད་ཀྱི་ངོ་བོ་ཉིད་མེད་ཀྱང་སྒྱུ་མ་མི་ཤེས་པ་དག་འདི་ཡོད་དོ་ཞེས་ཟེར་བ་དེ་བཞིན་དུ་ད་ལྟར་གྱི་གཟུགས་ལ་སོགས་པའི་དངོས་

པོ་དག་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་མོད་ཀྱི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་དང་། ཀུན་རྫོབ་ཀྱི་ཐ་སྙད་དུ་གཟུགས་ལ་སོགས་པ་དག་རྫས་སུ་ནི་མེད་ཀྱི་ས་ལ་སོགས་པ་རང་གི་ཚོགས་པའི་ཡན་ལག་འདུས་པ་ཙམ་ལས་བཏགས་པའི་ཡོད་པ་ཉིད་དུ་ཁས་བླངས་

པའི་ཕྱིར་ཐ་སྙད་ཀྱི་བདེན་པ་ལ་གནས་པར་ཡང་མི་འགྱུར་ལ་དོན་དམ་པར་ཁྱེད་ཀྱི་དཔེ་ཡོད་པར་ཡང་མི་འགྲུབ་པོ། །ཞར་ལ་བཤད་པས་ཆོག་གིས་སྐབས་ཉིད་བསྡུ་བར་བྱ་སྟེ་དེ་ལྟར་རེ་ཞིག །སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཅི་ལྟ་བུར་ཡང་སྐྱེད་མི་བྱེད། །ཅེས་བྱ་བ་དེ་བཤད་ཟིན་ཏོ་ཞེས་བྱ་

བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། ཡང་བཤད་པ། གལ་ཏེ་སྐྱེ་བ་དེ་ཡིས་ནི། །སྐྱེ་བཞིན་པ་ནི་སྐྱེད་བྱེད་ན། གལ་ཏེ་ཁྱེད་འདོད་པ་ལྟར་སྐྱེ་བ་དེས་སྐྱེད་བཞིན་པ་སྐྱེད་པར་བྱེད་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་འདོད་པ་ལྟར་སྐྱེ་བ་ཞེས་བྱ་བ་དེས་སྐྱེ་བཞིན་པ་དེ་སྐྱེད་པར་བྱེད་པ་ཡིན་ན་འོ་ན་ནི་དེས་ན་སྐྱེ་

བ་ཞེས་བྱ་བ་དེ་སྐྱེད་པར་བྱེད་པ་ཡིན་པས་སྐྱེ་བ་མ་ཡིན་པར་འགྱུར་བས་སྐྱེ་བ་ཞེས་བྱ་བ་འདུས་བྱས་ཀྱི་མཚན་ཉིད་དུ་འདོད་པ་དེ་མེད་པའི་ཕྱིར་ཕ་རོལ་པོ་དག་གི་གཏན་ཚིགས་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པས་ཕུང་པོ་ལ་སོགས་པ་དག་ལ་ངོ་བོ་ཉིད་ཡོད་པར་

བསྒྲུབ་པར་བྱ་བ་མི་འགྲུབ་པོ་ཞེས་བྱ་བར་སྟོན་ཏེ། །དེ་ཉིད་བསྟན་པའི་ཕྱིར་འོ་ན་དེས་ན། །སྐྱེ་བ་དེ་ནི་སྐྱེད་བྱེད་པ་ཡིན་ཏེ། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་སྐྱེད་པར་བྱེད་པ་ནི་སྐྱེ་བ་མ་ཡིན་ཏེ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། དཔེར་ན་ཕ་བུའི་སྐྱེ་བ་མ་ཡིན་པ་བཞིན་ནོ་ཞེས་

เล่ม ๑๐๐ · หน้า 136b

བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཕ་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་བུའི་སྐྱེ་བ་མ་ཡིན་པ་དེ་བཞིན་དུ་སྐྱེད་པར་བྱེད་པ་ཡང་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་འདུས་བྱས་ཀྱི་སྐྱེ་བ་

མ་ཡིན་ནོ། །དེ་ལྟ་ན། སྐྱེ་བ་ཡང་ནི་གང་ཞིག་ཡིན་སྐྱེ་བ་ལ་སྐྱེ་བའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་དེ་ལྟར་ན་ཕ་རོལ་པོ་དག་སྐྱེ་བ་ཞེས་བྱ་བ་འདུས་བྱས་ཀྱི་མཚན་ཉིད་དུ་འདོད་པ་དེ་གང་ཞིག་ཡིན་ཏེ། སྐྱེ་བའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ཡང་རྒོལ་བ་

སྐྱེ་བ་སྐྱེད་པར་བྱེད་དོ་ཞེས་ཟེར་བའི་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་བཟློག་པའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་སྐྱེ་བ་མེད་ན་རྒོལ་བ་ཕ་རོལ་པོ་དག་ན་རེ་སྐྱེ་བས་གཞན་སྐྱེད་པར་བྱེད་དོ་ཞེས་ཟེར་བའི་དམ་བཅས་པ་དེ་ལ་ཆོས་ཅན་སྐྱེ་བ་ཞེས་བྱ་

བ་དེའི་ངོ་བོ་ཉིད་ཡོད་པར་འདོད་པ་ལས་བཟློག་པའི་སྐྱོན་ཆོས་ཅན་སྐྱེ་བ་ཞེས་བྱ་བ་དེའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་སྐྱོན་ཡོད་པས་ཕ་རོལ་པོའི་སྒྲུབ་པར་མ་གྲུབ་པོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་དེ་ལྟར་སྐྱེ་བ་དེ་སྐྱེད་བཞིན་པ་གཞན་སྐྱེད་པར་བྱེད་པ་ཡང་ཡིན་ལ། སྐྱེ་བ་དེ་ཉིད་ཀྱང་སྐྱེ་བ་

གཞན་གྱིས་སྐྱེད་པར་བྱེད་པས་སྐྱེ་བའི་ངོ་བོ་ཉིད་མེད་པ་མ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་གཞན་གྱིས་སྐྱེད་པར་བྱེད་དོ་ཞེས་ཀྱང་བརྗོད་པར་མི་ནུས་པས་དེ་སྐད་བརྗོད་ན་འདིར་ཉེ་བར་གནས་པར་འགྱུར་ཏེ། གལ་ཏེ་སྐྱེ་

བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྐྱེ་བ་གཞན་ཞིག་གིས་སྐྱེ་བ་དེ་སྐྱེད་པར་བྱེད་ན་དེ་ལྟ་ན་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། དེ་ཡང་གཞན་གྱིས་བསྐྱེད་ཅིང་དེ་ཡང་གཞན་གྱིས་བསྐྱེད་དེ་མཐའ་མེད་པར་འགྱུར་བས་དེ་ནི་མི་འདོད་དོ། །

ཡང་ན་ཐུག་པ་མེད་པར་ཐལ་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་སྐྱེ་བ་ལ་སྐྱེད་པ་མེད་པ་ཉིད་དུ་འདོད་པར་བྱའོ་ཞེས་བྱ་བ་ནི། ཡང་ན་ཐུག་པ་མེད་པར་ཐལ་བར་འགྱུར་བའི་སྐྱོན་མི་འདོད་ན་ནི་སྐྱེ་བ་དེ་ལ་སྐྱེད་པར་བྱེད་པ་གཞན་མེད་པ་ཉིད་དུ་འདོད་པར་བྱ་དགོས་ཏེ་དེ་ལྟ་ན་ཡང་སྐྱེ་བའི་ངོ་བོ་ཉིད་

เล่ม ๑๐๐ · หน้า 137a

ཡོད་པར་མི་འགྲུབ་པོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་དེ་ལྟར་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་གལ་ཏེ་སྐྱེ་བ་དེ་སྐྱེ་བ་གཞན་གྱིས་སྐྱེད་པར་འགྱུར་ན་ཐུག་པ་མེད་པར་ཐལ་བར་འགྱུར་བས་དེ་ནི་མི་འདོད་དེ། སྐྱེ་བ་དེ་ལ་སྐྱེད་པར་བྱེད་པ་

གཞན་མེད་པ་ཁོ་ནར་སྐྱེས་སོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་ཕྱིར་བཤད་པ། ཅི་སྟེ་སྐྱེ་བ་མེད་སྐྱེས་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །དེ་ནི་མི་འདོད་པས་དེའི་ཕྱིར་སྐྱེ་བར་རྟོག་པར་མ་བྱེད་ཅིག་ཅེས་བྱ་བ་སྨྲས་ཏེ། ཅི་ལྟར་

སྐྱེ་བ་དེ་སྐྱེད་པར་བྱེད་པ་གཞན་མེད་པར་སྐྱེས་ན་ནི་བུམ་པ་དང་སྣམ་བུ་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་སྐྱེད་པ་གཞན་མེད་པར་སྐྱེ་བར་འགྱུར་བ་ཞིག་ན་དེ་ནི་མི་འདོད་པས་དེའི་ཕྱིར་སྐྱེ་བས་སྐྱེ་བཞིན་པ་གཞན་སྐྱེད་པར་བྱེད་དོ་ཞེས་བྱ་བར་རྟོག་པར་མ་བྱེད་ཅིག །ཡང་གཞན་

ཡང་འདི་ལ་སྐྱེ་བ་ཅན་རྣམས་ཀྱི་སྐྱེ་བ་ནི་ཡོད་པའམ། མེད་པའམ། ཡོད་མེད་ཅིག་སྐྱེ་བར་འགྱུར་གྲང་ན་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོའི་གྲུབ་པའི་མཐའ་འདི་ལ་བུམ་པ་དང་སྣམ་བུ་དང་མྱུ་གུ་ལ་སོགས་པ་དངོས་པོ་གང་དག་ལ་སྐྱེ་བ་ཡོད་པ་དེ་དག་ནི་སྐྱེ་བ་ཅན་ཞེས་བྱ་སྟེ། སྐྱེ་བ་

ཅན་དེ་རྣམས་ཀྱི་སྐྱེ་བ་ཞིག་ཡོད་པར་བརྟག་ན་དངོས་པོ་ཡོད་པའམ་མེད་པའམ། ཡོད་མེད་ཅིག་སྐྱེ་བར་འགྱུར་གྲང་ན་རྣམ་པ་ཐམས་ཅད་ཀྱང་མི་འཐད་པར་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་དེ་ལ། །རེ་ཞིག་ཡོད་དང་མེད་པ་ཡང་། །སྐྱེ་བར་རིགས་པ་མ་ཡིན་ནོ། །ཡོད་མེད་ཉིད་ཀྱང་

མ་ཡིན་ཏེ། །གོང་དུ་བསྟན་པ་ཉིད་ཡིན་ནོ། །ཞེས་བྱ་བ་སྨྲས་སོ། །གོང་དུ་བསྟན་པ་ཉིད་ཡིན་ནོ་ཞེས་བྱ་བ་དྲན་པར་བྱ་བའི་ཕྱིར་སྐྱེ་བ་མེད་པའི་རབ་ཏུ་བྱེད་པར། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་བྱ་བ་དང་། གང་ཚེ་ཆོས་ནི་ཡོད་པ་དང་། །མེད་དང་

ཡོད་མེད་མི་སྒྲུབ་པ། །ཞེས་བྱ་བ་དག་བསྟན་པ་ཉིད་ཡིན་པས་དེའི་ཕྱིར་ཡང་འབད་པར་བྱ་མི་དགོས་སོ་ཞེས་བྱ་བ་སྨྲས་སོ། །ཡང་གཞན་ཡང་། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །འགག་བཞིན་པ་ཉིད་ཡིན་པའི་ཕྱིར་དཔེར་ན་འཆི་བཞིན་པ་ཉིད་བཞིན་ནོ། །

เล่ม ๑๐๐ · หน้า 137b

ཞེས་བྱ་བས་ནི་དངོས་པོ་ཐམས་ཅད་ནི་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་བ་ཡིན་པས་དེ་ལ་སྐྱེ་བ་མི་འཐད་པར་སྟོན་ཏེ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཆི་བཞིན་པ་ཉིད་ནི་འགག་བཞིན་པ་ཉིད་

ཡིན་པའི་ཕྱིར་སྐྱེ་བར་མི་འཐད་པ་དེ་བཞིན་དུ་འགག་བཞིན་པ་ཉིད་ཀྱང་འགག་བཞིན་པ་ཉིད་ཡིན་པའི་ཕྱིར་སྐྱེ་བ་མི་འཐད་དོ། །གལ་ཏེ་འགག་བཞིན་པ་ཉིད་མ་ཡིན་པ་སྐྱེ་བས་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་སྐྱེ་བཞིན་པའི་གནས་སྐབས་ན་འགག་པར་མི་འགྱུར་བས་སྐྱེ་བ་ཡོད་པའི་ཕྱིར་ཉེས་པ་

མེད་དོ་ཞེས་ཟེར་ནའོ། །དེ་ཡང་མི་འཐད་པར་བསྟན་པའི་ཕྱིར། གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །དངོས་པོའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་གལ་ཏེ་དངོས་པོ་སྐྱེ་བཞིན་

པ་ཉིད་ན་འགག་པར་མི་འགྱུར་ན་དེ་དངོས་པོ་ཉིད་ཡིན་པར་མི་འཐད་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ནི་དངོས་པོའི་མཚན་ཉིད་འགག་པ་དང་མི་

ལྡན་པའི་ཕྱིར་དངོས་པོར་མི་འཐད་པ་དེ་བཞིན་དུ་འགག་བཞིན་མ་ཡིན་པ་ཡང་དངོས་པོའི་མཚན་ཉིད་འགག་པ་དང་མི་ལྡན་པའི་ཕྱིར་དངོས་པོར་མི་འཐད་དོ། །གལ་ཏེ་གནས་པ་ཉིད་ཀྱིས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་དངོས་པོའི་མཚན་ཉིད་

འགག་པ་དང་མི་ལྡན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པས་མི་རུང་ངོ་ཞེས་སྐྱོན་འདོགས་པ་ཡིན་ཏེ། དེ་དག་ན་རེ་གནས་པ་ནི་འགག་པ་དང་མི་ལྡན་པའི་དངོས་པོ་ཉིད་ཡིན་པར་འཐད་པས་དེས་ན་ཅི་རེ་ཞིག་འགག་པ་དང་མི་ལྡན་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་དུ་འགག་

བཞིན་མ་ཡིན་པ་དེ་དངོས་པོར་མི་འཐད་པར་འགྱུར་རམ། །འོན་ཏེ་འགག་པ་དང་མི་ལྡན་པའི་ཕྱིར་གནས་པ་བཞིན་དུ་འགག་བཞིན་མ་ཡིན་པ་དངོས་པོར་འཐད་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་དེ་གཏན་ཚིགས་ཉིད་དུ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་

เล่ม ๑๐๐ · หน้า 138a

འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པའི་ཕྱིར་འགག་བཞིན་མ་ཡིན་པ་ཉིད་དུ་མ་གྲུབ་པས་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། གནས་པ་དེ་ཡང་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པའི་ཕྱིར་འགག་བཞིན་མ་ཡིན་པ་ཉིད་དུ་མ་གྲུབ་

པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི། གནས་པ་ཉིད་རྟག་པ་ཉིད་དང་རྗེས་སུ་འབྲེལ་པའི་ཁུངས་སློབ་དཔོན་འཕགས་པ་ལྷས་དབུ་མའི་ཚིག་ལེའུར་བྱས་པ་བརྒྱ་པ་ལས། གནས་མེད་དངོས་པོ་ག་ལ་ཡོད། །མི་

རྟག་པས་ན་ག་ལ་གནས། །གལ་ཏེ་དངོས་པོ་གནས་གྱུར་ན། །ཐ་མར་རྙིངས་པར་མི་འགྱུར་རོ། །གལ་ཏེ་ཁོར་ཟུག་མི་རྟག་ཡོད། །ཁོར་ཟུག་གནས་པར་མི་འགྱུར་རོ། །ཡང་ན་རྟག་པར་གྱུར་པ་ལས། །ཕྱིས་ནི་མི་རྟག་པར་ཡང་འགྱུར། །གལ་ཏེ་དངོས་པོ་མི་རྟག་དང་། །ལྷན་ཅིག་

གནས་པ་ཡོད་གྱུར་ན། །མི་རྟག་ལོག་པར་འགྱུར་བའམ། །ཡང་ན་གནས་པ་བརྫུན་པར་འགྱུར། །ཞེས་གསུངས་པ་དག་འདིར་རྒྱས་པར་སྔ་མ་བཞིན་དུ་སྦྱར་བ་ཡིན་ནོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་ལས་སྐྱེ་བ་མི་འཐད་པར་བསྒྲུབས་ཟིན་ཏོ། །ད་ནི་གནས་པ་མི་འཐད་པར་སྒྲུབ་པའི་

ཕྱིར་ཇེ་དང་པོར་ཕྱོགས་སྔ་མ་ཉེ་བར་གཞག་པར་བྱ་སྟེ། དེའི་ཕྱིར་འདིར་སྨྲས་པ། སྐྱེ་བ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ཡོད་ན་འབྱུང་བའི་ཆོས་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་

རིམས་བཞིན་དུ་སྦྱར་ཏེ། འདི་ན་གང་མེད་པ་དེ་ལ་ནི་ད་ཡོད་ན་འབྱུང་བའི་ཆོས་མེད་དོ། དཔེར་ན་རུས་སྦལ་གྱི་སྤུ་མེད་པ་ལ་དེའི་གོས་འབྱུང་བ་མེད་པ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །སྐྱེ་བ་ཡོད་པ་ལ་ནི་གནས་པའི་མཚན་ཉིད་འབྱུང་བའི་ཆོས་ཡོད་པས་ཞེས་

བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཅི་སྐད་སྨོས་པའི་འཐད་པས་སྐྱེ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འདི་ན་རུས་སྦལ་གྱི་སྤུ་མེད་པ་ལ་དེའི་གོས་འབྱུང་བ་མེད་པ་ལྟ་བུ་དག་ནི་ཡོད་པ་མ་ཡིན་གྱི་སྐྱེ་བ་ཡོད་པ་ལ་གནས་

เล่ม ๑๐๐ · หน้า 138b

པའི་མཚན་ཉིད་འབྱུང་བའི་ཆོས་ཡོད་པ་དེ་ནི་ཡོད་པ་ཁོ་ན་ཡིན་པས་དེའི་ཕྱིར་སྐྱེ་བ་ཡོད་ན་གནས་པའི་མཚན་ཉིད་འབྱུང་བའི་ཆོས་ཡོད་པའི་གཏན་ཚིགས་ཀྱི་འཐད་པ་དེས་ན་སྐྱེ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ།

སྐྱེ་བ་མེད་པ་ཁོ་ནས་དེ་རབ་ཏུ་གྲུབ་པ་ཡིན་མོད་ཀྱི་འོན་ཀྱང་ཐ་སྙད་དུ་གྲགས་པའི་སྐྱེ་བ་ཁས་བླངས་ནས་དོན་དམ་པར་གནས་པ་བརྟག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔར་སྐྱེ་བ་མེད་པར་བསྟན་པ་ཁོ་ནས་དོན་དམ་པར་གནས་པ་མེད་པ་དེ་ཡང་རབ་ཏུ་གྲུབ་པ་ཡིན་མོད་ཀྱི། འོན་

ཀྱང་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་རིམ་གྱིས་དགག་པའི་དབང་དུ་བྱས་ཏེ་ཐ་སྙད་དུ་གྲགས་པའི་སྐྱེ་བ་ཁས་བླངས་ནས་དོན་དམ་པར་གནས་པ་མེད་པར་བརྟག་པར་བྱའོ་ཞེས་སྟོན་ཏོ། །དེའི་ཕྱིར་འདི་ལ་དོན་དམ་པར་དངོས་པོ་དེ་གནས་པའམ། མི་གནས་པའམ། གནས་བཞིན་པ་

ཞིག་གནས་གྲང་ན་ཞེས་བྱ་བས་བརྟག་པ་རྣམ་པ་གསུམ་ཉེ་བར་བཟུང་ནས་རྣམ་པ་ཐམས་ཅད་ཀྱང་མི་འཐད་པར་སྟོན་ཏོ། །དེ་ལ་བརྟག་པ་དང་པོ་བསྟན་པའི་ཕྱིར། །དངོས་པོ་གནས་པ་མི་གནས་ཏེ། །ད་ལྟར་དང་འདས་པའི་དུས་གཉིས་གཅིག་ཏུ་ཚོགས་པ་མི་སྲིད་པའི་ཕྱིར་དཔེར་ན་ཤི་བ་

དང་སྐྱེས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཤི་བ་དང་སྐྱེས་པའི་དུས་གཉིས་ནི་གཅིག་ཏུ་ཚོགས་པ་མི་སྲིད་པའི་ཕྱིར་ཤི་བའི་དུས་ན་སྐྱེས་པའི་དུས་ན་མེད་པ་

དེ་བཞིན་དུ་དངོས་པོ་གནས་ཟིན་པ་དང་ད་ལྟར་གནས་པའི་དུས་གཉིས་ཀྱང་གཅིག་ཏུ་ཚོགས་པ་མི་སྲིད་པའི་ཕྱིར་དངོས་པོ་གནས་ཟིན་པ་དེ་གནས་པར་མི་བྱེད་དོ། །ཡང་ན་གནས་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་གནས་པར་མི་བྱེད་དོ་ཞེས་པ་ནི་འཐད་པ་གཞན་གྱིས་བརྣན་པ་སྟེ། གནས་ཟིན་

པ་ལ་ཡང་གནས་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། གནས་པ་དང་གནས་པ་པོ་གཉིས་སུ་ཡང་ཐལ་བར་འགྱུར་བའི་ཕྱིར་གནས་པ་གནས་པར་མི་བྱེད་དོ། །བརྟག་པ་གཉིས་པ་བསྟན་པའི་ཕྱིར། །དངོས་པོ་མ་གནས་གནས་པ་མིན། །མ་གནས་པའི་ཕྱིར་དཔེར་ན་འགག་པ་བཞིན་

เล่ม ๑๐๐ · หน้า 139a

ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འགག་པ་ལ་ནི་གནས་པའི་བྱ་བ་མེད་པས་མ་གནས་པའི་ཕྱིར་གནས་པར་མི་བྱེད་པ་དེ་བཞིན་དུ་དངོས་པོ་མ་གནས་

པ་ལ་ཡང་གནས་པའི་བྱ་བ་མེད་པས་མ་གནས་པའི་ཕྱིར་གནས་པར་མི་བྱེད་དོ། །བརྟག་པ་གསུམ་པ་བསྟན་པའི་ཕྱིར་གནས་བཞིན་པ་ཡང་མི་གནས་ཏེ། གནས་པ་དང་མ་གནས་པ་མ་གཏོགས་པར་དེ་སྲིད་པའི་ཕྱིར་ཏེ་ཞེས་བྱ་བ་སྨྲས་སོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་སྔར། སྐྱེས་

དང་མ་སྐྱེས་སྐྱེ་བཞིན་པ། །ཅི་ལྟར་བུར་ཡང་སྐྱེད་མི་བྱེད། །སོང་དང་མ་སོང་བསྒོམ་པ་ཡིས། །དེ་དག་རྣམ་པར་བཤད་པ་ཡིན། །ཞེས་བྱ་བས་རྗེས་སུ་དཔག་པ་རྒྱས་པར་བསྟན་པ་བཞིན་དུ་འདིར་ཡང་བརྗོད་པར་བྱ་བ་དང་། དེར་སྐྱེ་བཞིན་པ་དགག་པའི་ཚད་མ་དོན་དམ་པར་སྐྱེ་བཞིན་པ་

སྐྱེད་པར་མི་བྱེད་དེ། ངོ་བོ་ཉིད་ངེས་པར་མ་ཟིན་པའི་ཕྱིར་དཔེར་ན་འགག་བཞིན་པ་བཞིན་ནོ། །ཡང་ན་དོན་དམ་པར་སྐྱེ་བཞིན་པ་སྐྱེད་པར་མི་བྱེད་དེ་དུས་གཞན་དུ་འཕོ་བ་ལ་མངོན་པར་ཕྱོགས་པའི་ཕྱིར་དཔེར་ན་འགག་བཞིན་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ཅི་སྐད་བསྟན་པ་བཞིན་དུ་

འདིར་ཡང་དོན་དམ་པར་གནས་བཞིན་པ་གནས་པར་མི་བྱེད་དེ། ངོ་བོ་ཉིད་ངེས་པར་མ་ཟིན་པའི་ཕྱིར་དཔེར་ན་འགག་བཞིན་པ་བཞིན་ནོ། །ཡང་ན་དོན་དམ་པར་གནས་བཞིན་པ་གནས་པར་མི་བྱེད་དེ་དུས་གཞན་དུ་འཕོ་བ་ལ་མངོན་པར་ཕྱོགས་པའི་ཕྱིར་དཔེར་ན་འགག་བཞིན་པ་བཞིན་ནོ། །ཅི་

སྟེ་གནས་བཞིན་པ་ཞེས་བྱ་བ་དེ་ཅུང་ཟད་ནི་མ་གནས་པའོ་ཞེས་བྱ་བར་རྟོག་ན་དེ་ལྟ་ན་ཡང་དེའི་གང་ཅུང་ཟད་གནས་པ་དེ་ནི་གནས་པར་མི་བྱེད་དོ་དེའི་གནས་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེའི་གང་ཅུང་ཟད་མ་གནས་པ་དེ་ཡང་གནས་པར་མི་བྱེད་དེ་གནས་པས་སྟོང་པའི་ཕྱིར་དཔེར་ན་

མ་འོངས་པ་བཞིན་ནོ། །གལ་ཏེ་གནས་བཞིན་པ་ཞེས་བྱ་བ་ནི་གནས་པ་ལ་མངོན་པར་ཕྱོགས་པའོ་ཞེ་ན། བརྒལ་ཞིང་བརྟག་པ་ནི་དེ་གང་ཞིག་ཡིན། གནས་པ་ཞིག་གམ་འོ་ན་ཏེ་མ་གནས་པ་ཞིག་ཡིན་ཞེས་བྱ་བ་དེ་ཉིད་ཡིན་ནོ། །ལན་ཀྱང་གནས་པ་ནི་གནས་པར་མི་བྱེད་དེ། དེའི་གནས་པ་

เล่ม ๑๐๐ · หน้า 139b

དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །མ་གནས་པ་ཡང་གནས་པར་མི་བྱེད་དེ་གནས་པས་སྟོང་པའི་ཕྱིར་དཔེར་ན་མ་འོངས་པ་བཞིན་ནོ་ཞེས་བྱ་བ་དེ་ཉིད་ཡིན་ནོ་ཞེས་རྒྱས་པར་བརྗོད་པར་བྱ་བ་ཡིན་ནོ། །ཡང་གཞན་ཡང་འདི་ལ་གནས་བཞིན་པ་ཞེས་བྱ་བ་ནི་གང་གི་ཅུང་ཟད་ནི་གནས་ཅུང་ཟད་ནི་མ་གནས་པའམ།

ཡང་ན་དེ་ལས་གཞན་པ་གནས་པའམ་མ་གནས་པ་ཞིག་ཡིན་གྲང་ན། དེ་ལ་གལ་ཏེ་གནས་པ་དང་མ་གནས་པ་དེ་གནས་པས་གནས་པར་བྱེད་ན་རེ་ཞིག་དེའི་གང་ཅུང་ཟད་གནས་པ་དེ་ནི་གནས་པ་དེ་ལས་གནས་པར་བྱས་པ་མ་ཡིན་ལ། གནས་པ་དེ་གནས་བཞིན་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་

དེ་གནས་ན་གནས་བཞིན་པ་མ་ཡིན་ཞིང་གནས་བཞིན་པ་གནས་པར་མི་བྱེད་དོ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །གལ་ཏེ་ཅུང་ཟད་གནས་པ་དེ་གནས་པ་མེད་པ་ཁོ་ནར་གནས་ན་ནི་དེའི་ལྷག་མ་ཡང་དེ་བཞིན་དུ་གནས་པ་མེད་པ་ཁོ་ནར་གནས་པར་འགྱུར་བར་ངེས་སོ། །ཡང་ན་དེའི་གང་ཅུང་ཟད་ནི་གནས་པ་

མེད་པ་ཁོ་ནར་གནས་ལ་ཅུང་ཟད་ནི་གནས་པས་གནས་པར་བྱེད་པ་ལ་ཁྱད་པར་ཅི་ཡོད་པ་བརྗོད་དགོས་སོ། །ཅི་སྟེ་དེའི་གང་ཅུང་ཟད་གནས་པ་དེ་ཡང་གནས་པ་ཁོ་ནས་གནས་པར་བྱས་ནས་ནི་དེ་ལྟ་ན་མ་གནས་པ་གནས་པས་གནས་པར་བྱེད་ཀྱི་གནས་བཞིན་པ་གནས་པར་བྱེད་པ་མ་ཡིན་ནོ། །ཡང་

གཞན་ཡང་དེའི་གང་ཅུང་ཟད་གནས་པ་དེ་ནི་གནས་པས་གནས་པར་མི་བྱེད་དེ་གནས་ཟིན་པའི་ཕྱིར་རོ། །དེས་ན་དེའི་ལྷག་མ་མ་གནས་པ་གང་ཡིན་པ་གནས་པས་གནས་པར་བྱེད་དོ་ཞེས་བྱ་བར་འགྱུར་ཏེ། དེ་ལྟར་གནས་བཞིན་པ་གནས་པར་བྱེད་དོ་ཞེས་གང་སྨྲས་པ་དེ་ཉམས་པར་གྱུར་ཏོ། །ཅི་སྟེ་

དེའི་གང་ཅུང་ཟད་གནས་པ་དེ་ཡང་ཡང་གནས་པས་གནས་པར་བྱེད་ན་ནི་དེ་ལ་གནས་པ་ཉིད་ཀྱིས་བྱས་པའི་ཁྱད་པར་ཅན་དུ་འགྱུར་བ་ཞིག་ན་མི་འགྱུར་ཏེ། གནས་ཟིན་པ་དེ་ལ་ནི་ཡང་གནས་པར་བྱ་བའི་ཕྱིར་བྱ་བ་འགའ་ཡང་རྩོམ་པར་མི་བྱེད་པས་དེའི་ཕྱིར་གནས་བཞིན་པ་དེ་ནི་གནས་པར་མི་བྱེད་དོ། །

བརྟག་པ་གསུམ་པོ་དེ་དག་གིས་ནི་སྐྱེ་བ་ཁས་བླངས་ན་ཡང་གནས་པ་མི་འཐད་པར་བསྟན་ཏོ། །ད་ནི་སྐྱེ་བ་ཁས་མ་བླངས་ན་ཡང་གནས་པ་མི་འཐད་པར་བསྟན་པའི་ཕྱིར། གང་གི་ཚེ་དོན་དམ་པར་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པར་བསྟན་པའི་ཚུལ་གྱིས་དངོས་པོ་ཐམས་ཅད་ཀྱི་སྐྱེ་བ་བསལ་

เล่ม ๑๐๐ · หน้า 140a

བ་དེའི་ཚེ། མ་སྐྱེས་གང་ཡིན་གནས་པར་བྱེད། །ཅེས་བྱ་བ་སྨྲས་སོ། །སྐྱེ་བ་ཁས་བླངས་སམ་མ་བླངས་ཀྱང་རུང་སྟེ། དངོས་པོ་འགའ་ཡང་གནས་པར་མི་བྱེད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །དེས་ན་དེ་ཡོད་ན་འབྱུང་བའི་ཆོས་ཡོད་པའི་

ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོ་སྐྱེ་བ་ཡོད་པར་སྒྲུབ་པའི་གཏན་ཚིགས་དེ་དོན་དམ་པར་སྒྲུབ་ན་ནི་དོན་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་སྒྲུབ་ན་ནི་དོན་འགལ་བ་ཉིད་ཡིན་ནོ། །ཡང་གཞན་

ཡང་། དངོས་པོ་འགག་བཞིན་ཉིད་ལ་ནི། །གནས་པ་འཐད་པར་མི་འགྱུར་རོ། །མི་མཐུན་པ་ཉིད་ཡིན་པའི་ཕྱིར་གང་ཞིག་གང་དང་མི་མཐུན་པ་དེ་ལ་ནི་དེ་ཡོད་ན་འབྱུང་བ་མེད་དེ། དཔེར་ན་སྣང་བ་གསལ་བ་དང་མུན་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་དངོས་པོ་ཐམས་ཅད་ནི་མི་རྟག་

པ་ཉིད་དང་རྗེས་སུ་འབྲེལ་བ་ཡིན་པས་དེ་ལ་གནས་པ་མི་འཐད་པར་སྟོན་ཏོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣང་བ་བསལ་བ་དང་མུན་པ་ནི་མི་མཐུན་པ་ཉིད་ཡིན་པའི་ཕྱིར་སྣང་བ་དེ་ཡོད་ན་

མུན་པ་འབྱུང་བ་མེད་པ་དེ་བཞིན་དུ་དངོས་པོ་འགག་བཞིན་པ་ཉིད་དང་གནས་པ་ཡང་མི་མཐུན་པ་ཉིད་ཡིན་པའི་ཕྱིར་འགག་བཞིན་པ་དེ་ཡོད་ན་གནས་པ་འབྱུང་བ་མེད་དོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་འགག་བཞིན་པ་ཉིད་མ་ཡིན་པ་གནས་པས་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་གནས་

པའི་གནས་སྐབས་ན་འགག་པར་མི་འགྱུར་བས་གནས་པ་ཡོད་པའི་ཕྱིར་ཉེས་པ་མེད་དོ་ཞེས་ཟེར་ནའོ། །དེ་ཡང་མི་འཐད་པར་བསྟོན་པའི་ཕྱིར། གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་བའི་ཕྱིར་རོ་ཞེས་བྱ་

བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་གལ་ཏེ་དངོས་པོ་གནས་པའི་གནས་སྐབས་ན་འགག་པར་མི་འགྱུར་ན་དེ་དངོས་པོ་ཉིད་ཡིན་པར་མི་འཐད་པར་སྟོན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་ཡང་ན་དེ་ནི་དངོས་པོ་ཉིད་མ་ཡིན་ཏེ། འགག་བཞིན་པ་མ་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ་

เล่ม ๑๐๐ · หน้า 140b

ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ནི་འགག་བཞིན་པ་མ་ཡིན་པའི་ཕྱིར་དངོས་པོ་ཉིད་མ་ཡིན་པ་དེ་བཞིན་དུ་འགག་བཞིན་པ་མ་ཡིན་པ་དེ་ཡང་

འགག་བཞིན་པ་མ་ཡིན་པའི་ཕྱིར་དངོས་པོ་ཉིད་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཅི་སྟེ་སྐྱེ་བའི་འོག་ཏུ་གནས་པའི་བྱ་བ་མཐུ་ཆེ་བའི་ཕྱིར་འགག་བཞིན་པ་ཡང་མ་ཡིན་དངོས་པོ་ཡང་མ་ཡིན་པ་དང་རྟག་པ་ཡང་མ་ཡིན་ཏེ། གནས་པའི་འོག་ཏུ་རྒ་བ་དང་མི་རྟག་པ་ཉིད་འབྱུང་བའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི།

ཕ་རོལ་པོ་དག་སྔར་དབུ་མ་པས། གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །ཞེས་བཤད་པ་དེ་མི་རིགས་པར་སྒྲུབ་པའི་ཚིག་ཡིན་ནོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་གཟུགས་ལ་སོགས་པའི་དངོས་པོ་འདི་དག་

གི་གནས་པའི་སྐད་ཅིག་མ་ལ་མི་རྟག་པ་ཉིད་མེད་པར་གྱུར་ན་ཕྱིས་ཀྱང་དེ་དང་ལྡན་པར་མི་འགྱུར་ཏེ། དེ་མེད་པར་འབྱུང་བའི་ཕྱིར་དཔེར་ན་མེ་ནི་ཆུ་མེད་ཀྱང་འབྱུང་བའི་ཚུལ་ཅན་ཡིན་པས་ནམ་ཡང་ཆུའི་དངོས་པོར་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་མཐོང་བའི་ཕྱིར་དགག་ཏུ་མི་རུང་ངོ་། །

ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་འཇིག་པ་ཞེས་བྱ་བ་འཇིག་རྟེན་ན་མངོན་སུམ་དུ་མཐོང་བའི་ཕྱིར་དགག་ཏུ་མི་རུང་ངོ་ཞེས་ཟེར་བ་ཡིན་ནོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་ཕྱིར་དེ་ཉིད་བརྟག་པར་བྱ་སྟེ། ཅི་འཇིག་པ་མཐོང་བ་དེ་དེ་དང་འབྲེལ་པ་ཉིད་ལའམ། འོན་ཏེ་དེ་མེད་པ་

ལ་མཐོང་། དེ་ལ་བརྟག་པ་སྔ་མ་ལ་ནི་གནས་པ་མི་འགྲུབ་པོ། བརྟག་པ་གཉིས་པ་ལ་ནི་དངོས་པོ་འགག་བཞིན་པ་མ་ཡིན་པ་ཉིད་མི་འགྲུབ་པས་གཉི་ག་ལ་ཡང་འདོད་པའི་དོན་ཉམས་སོ་ཞེས་བྱ་བ་སྨྲས་སོ། །གང་དག་མཁས་སུ་རེ་བ་ཉིད་ཀྱིས་དཔེར་ན་སྔ་ན་སངས་རྒྱས་ཉིད་མེད་པ་ཡང་ཕྱིས་

སངས་རྒྱས་ཉིད་དུ་འགྱུར་བ་དེ་བཞིན་དུ། སྔ་ན་འཇིག་པ་མེད་པ་ཡང་ཕྱིས་འཇིག་པ་ཉིད་དུ་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་གང་དག་བདག་གིས་འདི་སྐད་སྨྲས་ན་སངས་རྒྱས་ཀྱི་བཀའ་དང་སྒྲའི་བསྟན་བཅོས་ལ་མཁས་པ་ཉིད་དུ་གཞན་གྱིས་དཔོག་པར་འགྱུར་རོ་སྙམ་པས། དཔེར་ན་

เล่ม ๑๐๐ · หน้า 141a

སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་སེམས་ཀྱི་སྐད་ཅིག་མ་ལ་སྔ་ན་སངས་རྒྱས་ཉིད་མེད་པ་ཡང་ཕྱིས་སངས་རྒྱས་ཉིད་དུ་ལུང་བསྟན་ནས་སངས་རྒྱས་སུ་འགྲུབ་པར་འགྱུར་བ་དེ་བཞིན་དུ་དངོས་པོ་གནས་པའི་དུས་ན་སྔ་ན་འཇིག་པ་མེད་པ་ཡང་ཕྱིས་འཇིག་པའི་རྐྱེན་དང་ཕྲད་ནས་འཇིག་

པ་ཉིད་དུ་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྒྲུབ་པ་དེ་ནི་ཐ་སྙད་དུ་ཡང་མི་གནོད་དོ། །ཤེས་པའི་སྐད་ཅིག་མ་གང་ལ་སངས་རྒྱས་ཉིད་མེད་པ་དེ་ནི་ཕྱིས་ཀྱང་སངས་རྒྱས་ཉིད་དུ་འགྱུར་བར་ཁས་མ་བླངས་པའི་ཕྱིར་ཏེ། འདི་ལྟར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་

པ་སྤངས་པའི་ཤེས་པའི་སྐད་ཅིག་མ་ལ་སངས་རྒྱས་ཉིད་ཀྱི་སྒྲར་བརྗོད་པར་བྱ་ཞིང་དེ་ལ་ནི་སངས་རྒྱས་ཉིད་མེད་ན་མི་འབྱུང་བ་མེད་པས་དེ་ནི་གྱི་ནའོ་ཞེས་བྱ་བ་སྨྲས་ཏེ། སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་སེམས་ཀྱི་སྐད་ཅིག་མ་གང་ལ་སངས་རྒྱས་ཉིད་མེད་པ་དེ་ནི་ཕྱིས་ཀྱང་སངས་རྒྱས་ཉིད་དུ་མི་འགྱུར་ལ། སངས་

རྒྱས་ཀྱི་སྒྲིབ་པ་སྤངས་པའི་ཡེ་ཤེས་དེ་ནི་སངས་རྒྱས་ཉིད་ཡོད་ན་འབྱུང་བ་ཡིན་པས་སོ་སོའི་སྐྱེ་བོའི་དུས་ན་སྒྲིབ་པ་སྤངས་པའི་ཡེ་ཤེས་ནི་ཡོད་ལ། སངས་རྒྱས་ཉིད་དུ་ནི་མ་གྲུབ་པ་ཞིག་ཕྱིས་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་བ་མ་ཡིན་པའི་ཕྱིར་སྔ་ན་སངས་རྒྱས་ཉིད་མེད་པ་དང་ཕྱིས་སངས་རྒྱས་ཉིད་དུ་གྱུར་

པ་གཉིས་གནས་སྐབས་ཐ་དད་པས་དཔེར་མི་རུང་ངོ་། །དེ་བཞིན་དུ་རྒ་བ་ཉིད་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་འཇིག་པ་སྔ་ན་མེད་པ་ཕྱིས་འཇིག་པ་ཉིད་དུ་འགྱུར་བ་མ་ཡིན་གྱི་སྔ་ནས་འཇིག་པ་དང་ལྡན་པས་འགག་བཞིན་པ་ཡིན་པ་དེ་བཞིན་དུ་རྒ་བ་ལ་ཡང་སྔ་ན་མེད་པ་ལས་ཕྱིས་རྒ་བ་ཉིད་དུ་འགྱུར་བ་མ་

ཡིན་ཏེ། སྔ་ནས་རྒ་བ་དང་ལྡན་པས་རྒ་བཞིན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གང་གི་ཕྱིར་དེ་ལྟར་རྒ་ཤི་མེད་པའི་དངོས་པོ་ཡོད་པ་ཉིད་མི་འཐད་པ་དང་ལྡན་པ་དེའི་ཕྱིར་སློབ་དཔོན་གྱིས་བཤད་པ། དངོས་པོ་ཐམས་ཅད་དུས་ཀུན་དུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་

པར། །གནས་པའི་དངོས་པོ་གང་ཞིག་ཡིན། །ཞེས་བྱ་བས་ནི་དངོས་པོ་ཐམས་ཅད་མི་རྟག་པ་དང་རྗེས་སུ་འབྲེལ་བའི་ཕྱིར་རྒ་བ་དང་འཆི་བའི་ཆོས་ཅན་ཡིན་པས་གནས་པ་མེད་པར་བསྟན་ཏོ། །གང་ལ་སྐྱེ་བ་ཡོད་ན་གནས་པ་འབྱུང་བར་མཐོང་བའི་སྐྱེ་བ་མ་གྲུབ་པས་དེའི་ཕྱིར་དོན་མ་གྲུབ་པ་ཉིད་

เล่ม ๑๐๐ · หน้า 141b

ཉམས་པ་མེད་པའམ། དོན་འགལ་བ་ཉམས་པ་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། སྔར་ཕ་རོལ་པོ་དག་ན་རེ་སྐྱེ་བ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ཡོད་ན་འབྱུང་བའི་ཆོས་ཡོད་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་དེ་དོན་དམ་པར་སྒྲུབ་ན་ནི་དོན་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་སྒྲུབ་ན་ནི་དོན་འགལ་

བ་ཉིད་ཡིན་ནོ། །ཡང་གཞན་ཡང་། འདི་ལ་ཁྱེད་གནས་པ་ལ་གནས་པ་ཡོད་པར་འདོད་པ་དེ་ལ་ཡང་གནས་པ་དེ་གནས་པ་གཞན་གྱིས་སམ། དེ་ཉིད་ཀྱིས་གནས་པར་འདོད་གྲང་ན། དེ་གཉི་ག་ཡང་མི་རིགས་པས་དེའི་ཕྱིར་བཤད་པ། གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་མི་

རིགས། །ཅི་ལྟ་ཞེ་ན། ཅི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །ཅི་ལྟར་སྐྱེ་བ་རང་ཉིད་ཀྱིས་སྐྱེད་པར་མི་རིགས་ཤེ་ན། ཅི་སྐད་དུ། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཅི་ལྟར་སྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །ཅེས་

སྨྲས་པའི་ཕྱིར་རོ། །ཅི་ལྟར་སྐྱེ་བ་གཞན་གྱིས་བསྐྱེད་པར་མི་རིགས་ཤེ་ན། ཅི་སྐད་དུ། གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །ཅི་སྟེ་སྐྱེ་བ་མེད་སྐྱེས་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །ཞེས་སྨྲས་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་། གནས་པ་འདི་

ནི་མི་གནས་པས། །རང་གི་བདག་ཉིད་ཇི་ལྟར་གནས། །ཅི་སྟེ་གནས་པས་གནས་བྱེད་ན། །གནས་ན་ཅི་ཞིག་གནས་སུ་ཡོད། །ཅེས་བྱ་བ་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པས་སྐྱེ་བ་རང་གི་བདག་ཉིད་ཀྱིས་སྐྱེད་པ་དགག་པའི་རྗེས་སུ་འབྲང་བས་གནས་པ་རང་གི་བདག་ཉིད་ཀྱིས་གནས་པ་

དགག་པ་ཡང་བརྗོད་པར་བྱའོ། །གལ་ཏེ་གནས་པ་གཞན་ཞིག་གིས། །དེ་གནས་ཐུག་པ་མེད་པར་འགྱུར། །ཅི་སྟེ་གནས་པ་མེད་གནས་ནི། །ཐམས་ཅད་དེ་བཞིན་གནས་པར་འགྱུར། །ཞེས་བྱ་བ་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པས་འདིར་ཡང་སྐྱེ་བ་གཞན་གྱིས་སྐྱེད་པ་དགག་པའི་རྗེས་སུ་

འབྲང་བས་གནས་པ་གཞན་གྱིས་གནས་པ་དགག་པ་ཡང་བརྗོད་པར་བྱའོ་ཞེས་བྱ་བས་ནི་ཅི་ལྟར་རྩ་བའི་སྐྱེ་བ་རང་དང་གཞན་གྱིས་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་རྩ་བའི་གནས་པ་ཡང་རང་དང་གཞན་གྱིས་གནས་པར་མི་བྱེད་པར་བསྟན་ཏོ། །དེའི་ཕྱིར་དེ་ལྟར་གནས་པ་མེད་པས་སྐྱེ་བ་ནི་ཡོད་པ་ཁོ་ན་

เล่ม ๑๐๐ · หน้า 142a

ཡིན་ཏེ། དེ་ཡོད་ན་འབྱུང་བའི་ཆོས་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་ལན་གདབ་དཀའོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་གནས་པ་མེད་པས་སྔར་ཕ་རོལ་པོ་དག་ན་རེ་སྐྱེ་བ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ཡོད་ན་

འབྱུང་བའི་ཆོས་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་དེ་ཡོད་ན་འབྱུང་བའི་ཆོས་མེད་དེ་དཔེར་ན་རུས་སྦལ་གྱི་སྤུ་མེད་པ་ལ་དེའི་གོས་འབྱུང་བ་མེད་པ་བཞིན་ནོ། །སྐྱེ་བ་ཡོད་པ་ལ་ནི་གནས་པའི་མཚན་ཉིད་འབྱུང་བའི་ཆོས་ཡོད་པས་དེའི་ཕྱིར་གཏན་ཚིགས་ཅི་སྐད་སྨོས་པའི་འཐད་པས་སྐྱེ་བ་

ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བའི་གཏན་ཚིགས་དེའི་དོན་མ་གྲུབ་པར་བསྟན་ཏོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་ལས་གནས་པ་ཡང་མི་འཐད་པར་བསྒྲུབས་ཟིན་ཏོ། །ད་ནི་འགག་པ་མི་འཐད་པར་བསྒྲུབ་པའི་ཕྱིར་ཇེ་དང་པོར་ཕྱོགས་སྔ་མ་ཉེ་བར་གཞག་པར་བྱ་སྟེ། དེའི་ཕྱིར་འདིར་སྨྲས་པ།

དོན་དམ་པར་དངོས་པོ་རྣམས་ཀྱི་སྐྱེ་བ་དང་གནས་པ་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་དང་ལྷན་ཅིག་སྤྱོད་པའི་ཆོས་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་དེ་དག་དང་ལྷན་ཅིག་སྤྱོད་པའི་ཆོས་མེད་དོ། །དཔེར་ན་རྟའི་རྭ་ལ་འགག་པ་མེད་པ་བཞིན་ནོ། །སྐྱེ་བ་དང་གནས་པ་དག་ལ་ནི་ལྷན་ཅིག་སྤྱོད་

པའི་ཆོས་འགག་པ་ཡོད་པས་དེའི་ཕྱིར་གཏན་ཚིགས་ཅི་སྐད་སྨོས་པའི་མཐུས་དོན་དམ་པར་སྐྱེ་བ་དང་གནས་པ་དག་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་

སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རྟའི་རྭ་ལ་སོགས་པ་མེད་པ་གང་དག་ལ་ལྷན་ཅིག་སྤྱོད་པའི་ཆོས་འགག་པ་མེད་པ་དེ་དག་ནི་དོན་དམ་པར་མེད་པ་ཡིན་གྱི། སྐྱེ་བ་དང་གནས་པ་གང་དག་ལ་ལྷན་ཅིག་སྤྱོད་པའི་ཆོས་འགག་པ་ཡོད་པ་དེ་དག་ནི་དོན་དམ་པར་

ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དངོས་པོའི་འགག་པ་ཡང་འགགས་པའམ་མ་འགགས་པའམ་འགག་བཞིན་པ་ཞིག་འགག་པར་འགྱུར་གྲང་ན་དེ་རྣམ་པ་ཐམས་ཅད་དུ་མི་འཐད་པས་དེའི་ཕྱིར་བཤད་པ་ཞེས་བྱ་བ་ལ་

เล่ม ๑๐๐ · หน้า 142b

སོགས་པ་སྨྲས་ཏེ། འགག་པ་དེ་བརྟག་པ་རྣམ་པ་གསུམ་ཆར་དུ་མི་འཐད་པར་སྟོན་ཏོ། །དེ་ལ་བརྟག་པ་དང་པོ་བསྟན་པའི་ཕྱིར། འགགས་པ་འགག་པར་མི་བྱེད་དེ། །ཤི་བ་ཡང་འཆི་བར་འགྱུར་ན་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །བརྟག་པ་གཉིས་པ་བསྟན་པའི་ཕྱིར། །མ་འགགས་

པ་ཡང་འགག་མི་བྱེད། །འགག་པས་སྟོང་པ་ནི་འགག་པར་མི་བྱེད་དེ་འགག་པ་མེད་པའི་ཕྱིར་གནས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གནས་པ་འགག་པས་སྟོང་

པ་ནི་འགག་པ་མེད་པའི་ཕྱིར་འགག་པར་མི་བྱེད་པ་དེ་བཞིན་དུ་མི་འགགས་པ་འགག་པས་སྟོང་པ་ཡང་འགག་པ་མེད་པའི་ཕྱིར་འགག་པར་མི་བྱེད་དོ། །བརྟག་པ་གསུམ་པ་བསྟན་པའི་ཕྱིར། །འགག་བཞིན་པ་ཡང་དེ་བཞིན་མིན། །འགག་པར་མི་བྱེད་དེ་འགགས་པ་དང་མ་འགགས་པ་མ་གཏོགས་

པར་འགག་བཞིན་པ་མི་སྲིད་པའི་ཕྱིར་དང་། སྐྱོན་གཉི་གར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ཡང་ན་དོན་དམ་པར་འགག་བཞིན་པ་ནི་འགག་པར་མི་བྱེད་དེ་དུས་སུ་འཕོ་བ་ལ་མངོན་པར་ཕྱོགས་པའི་ཕྱིར་སྐྱེ་བར་འདོད་པ་བཞིན་ནམ་ད་ལྟར་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་

པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྐྱེ་བར་འདོད་པའམ། ད་ལྟར་ནི་དུས་སུ་འཕོ་བ་ལ་མངོན་པར་ཕྱོགས་པའི་ཕྱིར་འགག་པར་མི་བྱེད་པ་དེ་བཞིན་དུ་འགག་བཞིན་པ་ཡང་དུས་སུ་འཕོ་བ་ལ་མངོན་པར་ཕྱོགས་པའི་ཕྱིར་འགག་པར་མི་བྱེད་

དོ། །ཡང་ན་ཅི་སྟེ་འགག་བཞིན་པ་ཞེས་བྱ་བ་དེ་ཅུང་ཟད་ནི་འགགས་ཅུང་ཟད་ནི་མ་འགགས་པའོ་ཞེས་བྱ་བར་རྟོག་ན་དེ་ལྟ་ན་ཡང་དེའི་གང་ཅུང་ཟད་འགགས་པ་དེ་ནི་འགག་པར་མི་བྱེད་དོ། །དེའི་འགག་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེའི་གང་ཅུང་ཟད་མ་འགགས་པ་དེ་ཡང་འགག་པར་མི་

བྱེད་དེ་འགག་པས་སྟོང་པའི་ཕྱིར་དཔེར་ན་མ་འོངས་པ་བཞིན་ནོ། །གལ་ཏེ་འགག་བཞིན་པ་ཞེས་བྱ་བ་ནི་འགག་པ་ལ་མངོན་པར་ཕྱོགས་པའོ་ཞེ་ན། བརྒལ་ཞིང་བརྟག་པ་ནི་དེ་གང་ཞིག་ཡིན། འགགས་པ་ཞིག་གམ། འོན་ཏེ་མ་འགགས་པ་ཞིག་ཡིན་ཞེས་བྱ་བ་དེ་ཉིད་ཡིན་ནོ། །ལན་ཀྱང་

เล่ม ๑๐๐ · หน้า 143a

འགགས་པ་ནི་འགག་པར་མི་བྱེད་དེ། དེའི་འགག་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །མ་འགགས་པ་ཡང་འགག་པར་མི་བྱེད་དེ་འགག་པས་སྟོང་པའི་ཕྱིར་དཔེར་ན་མ་འོངས་པ་བཞིན་ནོ་ཞེས་བྱ་བ་དེ་ཉིད་ཡིན་ནོ། །གཞན་ཡང་འདི་ལ་འགག་བཞིན་པ་ཞེས་བྱ་བ་ནི་ཅུང་ཟད་

ནི་འགགས་ཅུང་ཟད་ནི་མ་འགགས་པའམ། ཡང་ན་དེ་ལས་གཞན་པ་འགགས་པའམ་མ་འགགས་པ་ཞིག་ཡིན་གྲང་ན། དེ་ལ་གལ་ཏེ་འགགས་པ་དང་མ་འགགས་པ་དེ་འགག་པས་འགོག་པར་བྱེད་ན། རེ་ཞིག་དེའི་གང་ཅུང་ཟད་འགགས་པ་དེ་ནི་འགག་པ་དེས་བཀག་པ་མ་ཡིན་ལ།

འགགས་པ་དེ་འགག་བཞིན་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་འགགས་ན་འགག་བཞིན་པ་མ་ཡིན་ཞིང་འགག་བཞིན་པ་འགོག་པར་བྱེད་དོ་ཞེས་བརྗོད་པའི་ཕྱིར་རོ། །གལ་ཏེ་ཅུང་ཟད་འགགས་པ་དེ་འགག་པ་མེད་པ་ཁོ་ནར་འགགས་ན་ནི་དེའི་ལྷག་མ་ཡང་དེ་བཞིན་དུ་འགག་པ་མེད་པ་ཁོ་

ནར་འགག་པར་འགྱུར་བར་ངེས་སོ། །ཡང་ན་དེའི་གང་ཅུང་ཟད་ནི་འགག་པ་མེད་པ་ཁོ་ནར་འགགས་ལ་ཅུང་ཟད་ནི་འགག་པས་འགག་པར་བྱེད་པ་ལ་ཁྱད་པར་ཅི་ཡོད་པ་བརྗོད་དགོས་སོ། །ཅི་སྟེ་དེའི་གང་ཅུང་ཟད་འགགས་པ་དེ་ཡང་འགག་པ་ཁོ་ནས་བཀག་ན་ནི་དེ་ལྟ་ན་མ་འགགས་པ་འགག་

པས་འགག་པར་བྱེད་ཀྱི། འགག་བཞིན་པ་འགག་པར་བྱེད་པ་མ་ཡིན་ནོ། །ཡང་གཞན་ཡང་དེའི་གང་ཅུང་ཟད་འགགས་པ་དེ་ནི་འགག་པས་འགག་པར་མི་བྱེད་དེ་འགགས་ཟིན་པའི་ཕྱིར་རོ། །དེས་ན་དེའི་ལྷག་མ་མ་འགགས་པ་གང་ཡིན་པ་དེ་འགག་པས་འགག་པར་བྱེད་དོ་ཞེས་བྱ་བར་འགྱུར་

ཏེ། དེ་ལྟ་ན་འགག་བཞིན་པ་འགག་པར་བྱེད་དོ་ཞེས་གང་སྨྲས་པ་དེ་ཉམས་པར་འགྱུར་རོ། །ཅི་སྟེ་དེའི་གང་ཅུང་ཟད་འགགས་པ་དེ་ཡང་། ཡང་འགག་པས་འགག་པར་བྱེད་ན་ནི་དེ་ལ་འགག་པ་གཉིས་ཀྱིས་བྱས་པའི་ཁྱད་པར་ཅན་དུ་འགྱུར་བ་ཞིག་ན་མི་འགྱུར་ཏེ། འགགས་ཟིན་པ་དེ་ལ་ནི་

ཡང་དགག་པར་བྱ་བའི་ཕྱིར་བྱ་བ་འགའ་ཡང་རྩོམ་པར་མི་བྱེད་པས་དེའི་ཕྱིར་འགག་བཞིན་པ་དེ་ཡང་འགག་པར་མི་བྱེད་དོ། །བརྟག་པ་གསུམ་པོ་དེ་དག་གིས་ནི་སྐྱེ་བ་ཁས་བླངས་ན་ཡང་འགག་པ་མི་འཐད་པར་བསྟན་ཏོ། །ད་ནི་སྐྱེ་བ་ཁས་མ་བླངས་ན་ཡང་འགག་པ་མི་འཐད་པར་བསྟན་པའི་

เล่ม ๑๐๐ · หน้า 143b

ཕྱིར། ཡང་ན་དངོས་པོ་ཐམས་ཅད་ཀྱི་སྐྱེ་བ་བཀག་པའི་ཕྱིར། མ་སྐྱེས་གང་ཞིག་འགག་པར་བྱེད། མ་སྐྱེས་པ་ལ་ནི་འགག་པ་མི་སྲིད་དེ་མ་སྐྱེས་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་

ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མོ་གཤམ་གྱི་བུ་ནི་མ་སྐྱེས་པའི་ཕྱིར་འགག་པ་མི་སྲིད་པ་དེ་བཞིན་དུ་མ་སྐྱེས་པ་ཡང་མ་སྐྱེས་པའི་ཕྱིར་འགག་པ་མི་སྲིད་དོ། །དེའི་ཕྱིར་དེ་ལྟར་སྐྱེ་བ་ཁས་བླངས་སམ་ཁས་མ་བླངས་ཀྱང་རུང་སྟེ། འགག་པ་ཇི་ལྟར་ཡང་མི་འགྲུབ་པོ་ཞེས་བྱ་བ་ནི་མཇུག་བསྡུ་

བ་ཡིན་ནོ། །ཡང་གཞན་ཡང་འདི་ལ་འགག་པ་ནི་གནས་པའམ་མ་གནས་པ་ལ་བརྟག་གྲང་ན་དེ་ནི་གཉི་ག་ལ་ཡང་མི་རུང་སྟེ་ཞེས་བྱ་བས་ནི་བརྟག་པ་དེ་གཉི་ག་ལ་ཡང་འགག་པ་མི་འཐད་པར་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་སྔ་མ་བསྟན་པའི་ཕྱིར། །རེ་ཞིག་དངོས་པོ་གནས་པ་ལ། །འགག་པ་འཐད་པར་

མི་འགྱུར་རོ། །གནས་པའི་བྱ་བ་སྐྱེས་པ་ལ་གནས་པ་དང་མི་མཐུན་པའི་འགག་པར་མི་འཐད་དེ། གནས་པའི་ཕྱིར་དེ་ནི་གྲགས་པ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །བརྟག་པ་གཉིས་པ་བསྟན་པའི་ཕྱིར་གལ་ཏེ་མ་གནས་པ་ལ་འགག་པ་ཡོད་པས་ཉེས་པ་མེད་དོ་ཞེ་ན། དངོས་པོ་མ་གནས་པ་ལ་ཡང་། །འགག་པ་

འཐད་པར་མི་འགྱུར་རོ། །མ་གནས་པའི་ཕྱིར་དཔེར་ན་འགགས་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འགགས་པ་ནི་མ་གནས་པའི་ཕྱིར་འགག་པར་མི་

འཐད་པ་དེ་བཞིན་དུ་མ་གནས་པ་ཡང་མ་གནས་པའི་ཕྱིར་འགག་པར་མི་འཐད་དོ། །ཡང་གཞན་ཡང་འདི་ལ་གནས་སྐབས་འདི་གནས་སྐབས་དེ་ཉིད་ཀྱིས་གནས་པ་འགག་གམ་གནས་སྐབས་གཞན་གྱིས་གནས་པ་འགག་ཅེས་བྱ་བ་ནི་དངོས་པོ་གནས་སྐབས་གང་གིས་གནས་པའི་གནས་སྐབས་དེ་ཉིད་

ཀྱིས་འགག་གམ། གནས་སྐབས་གཞན་གྱིས་གནས་པ་འགག་གྲང་ན། བརྟག་པ་གཉི་ག་ཡང་མི་འཐད་པར་སྟོན་ཏོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་འདྲི་བའི་ཚིག་ཡིན་ནོ། །བརྟག་པ་སྔ་མ་བསྟན་པའི་ཕྱིར། །གནས་སྐབས་དེ་ཡིས་གནས་པ་ནི། །དེ་ཡིས་འགག་པ་ཉིད་མི་འགྱུར། །གནས་སྐབས་

เล่ม ๑๐๐ · หน้า 144a

གང་གིས་སྔར་ཉེ་བར་མཚོན་པའི་གནས་སྐབས་དེས་ནི་འགག་པ་ཉིད་དུ་མི་འགྱུར་ཏེ། སྔོན་གྱི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པའི་ཕྱིར་དཔེར་ན་འོ་མ་འོ་མའི་གནས་སྐབས་ཉིད་ཀྱིས་འགག་པ་ཉིད་དུ་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་

དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འོ་མ་འོ་མའི་གནས་སྐབས་དེ་ཉིད་ཀྱིས་གནས་པ་ནི་སྔོན་གྱི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པའི་ཕྱིར་གནས་སྐབས་དེ་ཉིད་ཀྱིས་འགག་པ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་དངོས་པོ་གཞན་གནས་སྐབས་གང་གིས་སྔར་ཉེ་བར་

མཚོན་པའི་གནས་སྐབས་དེ་ཉིད་ཀྱིས་གནས་པ་ཡང་སྔོན་གྱི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པའི་ཕྱིར་གནས་སྐབས་དེས་འགག་པ་ཉིད་དུ་མི་འགྱུར་རོ། །བརྟག་པ་གཉིས་པ་བསྟན་པའི་ཕྱིར། །གནས་སྐབས་གཞན་གྱིས་གནས་པ་ཡང་། །གཞན་གྱིས་འགག་པ་ཉིད་མི་འགྱུར། །ཞེས་བྱ་བ་ལ་སོགས་

པ་སྨྲས་སོ། །ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། འདིར་གཞན་གྱིས་འགག་པ་ཉིད་དུ་མི་འགྱུར་ཞེས་བྱ་བར་བལྟའི། གཞན་དུ་ན་གཞན་མ་ཡིན་པས་འགོག་གོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ནི། གཞན་གྱིས་འགག་པ་ཉིད་མི་འགྱུར། །ཞེས་བྱ་བ་ཉིད་བཤད་པ་སྟེ། གཞན་ཉིད་

ཀྱིས་ནི་འགག་མི་འགྱུར། །ཞེས་བྱ་བར་མི་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བ་ནི་གནས་སྐབས་གཞན་གྱིས་གནས་པ་ཡང་གཞན་གྱིས་འགག་པ་ཉིད་དུ་མི་འགྱུར་བ་དེ་ནི་འདིར་དམ་བཅའ་བ་ཉེ་བར་གཞག་པ་སྟེ། ཕྱོགས་ཡིན་ནོ། །གཞན་ཉིད་ཀྱིས་ཆོས་གཏན་

ཚིགས་ནི་གཞན་ཉིད་ཡིན་ནོ་ཞེས་བྱ་བ་ནི་གནས་སྐབས་གཞན་གྱིས་གནས་པ་ཡང་གཞན་གྱིས་འགག་པ་ཉིད་དུ་མི་འགྱུར་བར་སྒྲུབ་པའི་ཆོས་གཏན་ཚིགས་ནི་གཞན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་འོ་མ་ནི་ཞོའི་གནས་སྐབས་ཀྱིས་འགག་པར་མི་འགྱུར་ཏེ། དེ་ལས་

གཞན་ཉིད་ཡིན་པའི་ཕྱིར་དཔེར་ན་དེ་ལ་གཞན་པའི་ཕྲུ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འོ་མ་ལས་གཞན་པའི་ཕྲུ་བ་ལ་སོགས་པ་ནི་འོ་མ་ལས་གཞན་ཉིད་ཡིན་པའི་ཕྱིར་འོ་མ་ཕྲུ་བའི་

เล่ม ๑๐๐ · หน้า 144b

གནས་སྐབས་ཀྱིས་འགག་པ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་འོ་མ་ལས་གཞན་པའི་ཞོ་ཡང་འོ་མ་ལས་གཞན་ཉིད་ཡིན་པའི་ཕྱིར་འོ་མ་ཞོའི་གནས་སྐབས་ཀྱིས་འགག་པ་ཉིད་དུ་མི་འགྱུར་རོ། །ཕྱིར་རྒོལ་བ་དག་ན་རེ་འགག་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དངོས་པོ་ལ་བརྟེན་པའི་ཕྱིར་དཔེར་ན་ཚོས་པ་བཞིན་ནོ་

ཞེས་ཟེར་ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པས་འགག་པ་ཡང་མེད་པར་སྒྲུབ་པའི་ཕྱོགས་སྔ་མ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་ཆན་ཚོས་པ་ནི་འབྲས་ཆན་གྱི་དངོས་པོ་ལ་བརྟེན་

པའི་ཕྱིར་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་འགག་པ་ཡང་དངོས་པོ་ལ་བརྟེན་པའི་ཕྱིར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་བཤད་པ། གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་བ། །དེ་ཚེ་ཆོས་རྣམས་ཐམས་ཅད་

ཀྱི། །འགག་པ་འཐད་པར་མི་འགྱུར་རོ། །གང་གི་ཚེ་ཅི་སྐད་བསྟན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་སྐྱེ་བ་མི་འཐད་པ་དེའི་ཚེ་འགག་པ་ཡང་མི་འཐད་དེ། ཚོས་པར་བྱ་བ་དང་ཚོས་པ་མ་གྲུབ་པས་དཔེ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་སྨྲས་སོ། །ཡང་གཞན་ཡང་འདི་ལ་འགག་པ་ནི་དངོས་

པོ་ཡོད་པའམ་མེད་པ་ལ་བརྟག་གྲང་ན་ཞེས་བྱ་བས་ནི་བརྟག་པ་དེ་གཉི་ག་ལ་ཡང་འགག་པ་མི་འཐད་པར་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་སྔ་མ་བསྟན་པའི་ཕྱིར། རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །མི་མཐུན་པ་ཉིད་ཡིན་པའི་ཕྱིར་དཔེར་ན་མེ་དང་གྲང་བ་ཉིད་བཞིན་ནོ་ཞེས་

བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་དང་གྲང་བ་ཉིད་ནི་མི་མཐུན་པ་ཉིད་ཡིན་པའི་ཕྱིར་མེ་ལ་གྲང་བ་ཉིད་མི་འཐད་པ་དེ་བཞིན་དུ་དངོས་པོ་ཡོད་པ་དང་འགག་པ་ཡང་མི་མཐུན་

པ་ཉིད་ཡིན་པའི་ཕྱིར་དངོས་པོ་ཡོད་པ་ལ་འགག་པ་མི་འཐད་དོ། །དེའི་ཕྱིར། དངོས་དང་དངོས་པོ་མེད་པ་དག །གཅིག་ཉིད་ན་ནི་འཐད་པ་མེད། །ཅེས་བྱ་བ་སྨྲས་སོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །ཅི་སྟེ་ཡང་དངོས་པོར་གྱུར་ནས་དེ་ཉིད་དང་བྲལ་བ་ན་དངོས་པོ་མེད་པ་ཞེས་བྱའོ་སྙམ་

เล่ม ๑๐๐ · หน้า 145a

ན་ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་དག་འདི་སྙམ་དུ། སྔར་དངོས་པོར་གྱུར་ནས་དེ་ཉིད་དང་བྲལ་བ་ན་དངོས་པོ་མེད་པ་ཞེས་བྱ་བས་དངོས་པོ་ཡོད་པ་ལ་འགག་པ་འཐད་པར་འགྱུར་བར་སེམས་ནའོ། །དེ་མི་འཐད་པར་བསྟན་པའི་ཕྱིར་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འོ་ན་ནི་དེ་ཉིད་ཀྱིས་དོན་དམ་

པར་ཕྱི་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་མེད་པ་ཉིད་ཡིན་ཏེ། དངོས་པོར་གྱུར་ནས་དངོས་པོ་མེད་པར་གྱུར་པས་ངོ་བོ་ཉིད་མེད་པ་ཉིད་ཆེས་གསལ་བར་བསྟན་ཏེ། སྒྱུ་མ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། མ་གྲུབ་པའི་སྔོན་རོལ་གྱི་གནས་སྐབས་ཉིད་དུ་ཡང་འགག་པར་འགྱུར་བས་དངོས་པོ་རྣམས་

ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ།། །།བམ་པོ་བཞི་བཅུ་པ། བརྟག་པ་ཕྱི་མ་བསྟན་པའི་ཕྱིར། །ཅི་སྟེ་དངོས་པོ་མེད་པ་ལ་རྟོག་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་ཅི་སྟེ་དངོས་པོ་མེད་པ་ལ་འགག་པ་ཡོད་པར་རྟོག་ན་དེ་ཡང་མི་འཐད་པར་སྟོན་ཏོ། །དངོས་པོ་མེད་པ་ལ་འགག་པ་ཡོད་པར་རྟོག་པ་དག་སུ་ཞེ་ན།

གཞན་སེལ་བར་སྨྲ་བ་དག་སྟེ། དེའི་ཕྱིར་ཅི་ལྟར་ཁ་ཅིག་ན་རེ་གཟུགས་ཀྱི་བློ་ནི་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་ཡིན་ཏེ། དེ་མཐོང་ན་དེའི་བློ་སྐྱེ་བའི་ཕྱིར་རོ། །འདི་ན་གང་མཐོང་ན་གང་གི་བློ་སྐྱེ་བ་དེ་ནི་དེའི་ཡུལ་ཅན་ཡིན་ཏེ། དཔེར་ན་རྟ་ལ་སོགས་པའི་བདག་ཉིད་གཞན་མེད་པའི་ལྐོག་ཤལ་ལ་སོགས་

པ་མཐོང་ན་བ་ལང་གི་བློ་སྐྱེ་བ་བཞིན་ནོ། །དེ་བཞིན་དུ་རོ་ལ་སོགས་པའི་བདག་ཉིད་གཞན་མེད་པའི་གཟུགས་མཐོང་ན་གཟུགས་ཀྱི་བློ་སྐྱེ་བས་དེའི་ཕྱིར་གཟུགས་ཀྱི་བློ་ནི་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། དེ་ནི་གཞན་སེལ་བར་སྨྲ་བ་དག་དངོས་པོ་

མེད་པ་ལ་འགག་པ་ཡོད་པར་སྒྲུབ་པའི་རྗེས་སུ་དཔག་པ་ཡིན་ནོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བ་ལང་ངོ་སྙམ་པའི་

བློ་ནི་རྟ་ལ་སོགས་པའི་བདག་ཉིད་གཞན་མེད་པའི་ལྐོག་ཤལ་ལ་སོགས་པ་མཐོང་ན་བ་ལང་གི་བློ་སྐྱེ་བའི་ཕྱིར་བ་ལང་གི་བདག་ཉིད་ལས་གཞན་པ་རྟ་ལ་སོགས་པ་མེད་པའི་ཡུལ་ཅན་ཡིན་པས་དེའི་ཡུལ་བ་ལང་གི་བདག་ཉིད་ལས་གཞན་པ་རྟ་ལ་སོགས་པའི་དངོས་པོ་མེད་པ་དེ་ལ་ནི་སོ་སོར་མ་བརྟགས་པར་འགོག་

เล่ม ๑๐๐ · หน้า 145b

པའི་ཚུལ་གྱིས་འགག་པ་ཡོད་པས། རྟ་ལ་སོགས་པའི་དངོས་པོ་མེད་པ་འགག་པ་ཡོད་པ་དེ་བཞིན་དུ་གཟུགས་སོ་སྙམ་པའི་བློ་ཡང་རོ་ལ་སོགས་པའི་བདག་ཉིད་གཞན་མེད་པའི་གཟུགས་མཐོང་ན་གཟུགས་ཀྱི་བློ་སྐྱེ་བའི་ཕྱིར་གཟུགས་ཀྱི་བདག་ཉིད་ལས་གཞན་པ་རོ་ལ་སོགས་པ་མེད་པའི་ཡུལ་ཅན་ཡིན་

པས། དེའི་ཡུལ་གཟུགས་ཀྱི་བདག་ཉིད་ལས་གཞན་པ་རོ་ལ་སོགས་པའི་དངོས་པོ་མེད་པ་དེ་ལ་ཡང་སོ་སོར་མ་བརྟགས་པར་འགོག་པའི་ཚུལ་འགག་པ་ཡོད་པས་རོ་ལ་སོགས་པའི་དངོས་པོ་མེད་པ་ལ་ཡང་འགག་པ་ཡོད་དོ་ཞེས་ཟེར་རོ། །འདི་སྐད་བསྟན་ཏེ་དེ་དག་གི་གཞུང་ལས་སྒྲའི་དོན་ནི་གཞན་སེལ་བ་

ཡིན་ཏེ། དཔེར་ན་བ་ལང་ཞེས་བྱ་བའི་སྒྲ་བརྗོད་པའི་དུས་ན་དེས་རྟ་ལ་སོགས་པའི་དངོས་པོ་གཞན་ཐམས་ཅད་བསལ་བས་རྟ་ལ་སོགས་པ་གཞན་བསལ་བ་དེ་དག་གི་དངོས་པོ་མེད་པ་དེ་དག་ལ་ནི་སོ་སོར་མ་བརྟགས་པར་འགོག་པའི་ཚུལ་གྱིས་འགག་པ་ཡོད་པས་རྟ་ལ་སོགས་པའི་དངོས་པོ་མེད་པ་ལ་

འགག་པ་ཡོད་པ་དེ་བཞིན་དུ་གཟུགས་ཞེས་བྱ་བའི་སྒྲ་བརྗོད་པའི་དུས་ན་དེས་ཀྱང་རོ་ལ་སོགས་པའི་དངོས་པོ་གཞན་ཐམས་ཅད་བསལ་བས་རོ་ལ་སོགས་པ་གཞན་བསལ་བ་དེ་དག་གི་དངོས་པོ་མེད་པ་དེ་དག་ལ་ཡང་སོ་སོར་མ་བརྟགས་པར་འགོག་པའི་ཚུལ་གྱིས་འགག་པ་ཡོད་པས། རོ་ལ་སོགས་པའི་

དངོས་པོ་མེད་པ་ལ་ཡང་འགག་པ་ཡོད་དོ། །སྒྲའི་དོན་གཞན་སེལ་བ་དེ་སྒྲུབ་པའི་ཚད་མ་ནི་གཟུགས་ཀྱི་བློ་ནི་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་ཡིན་ཏེ། དེ་མཐོང་ན་དེའི་བློ་སྐྱེ་བའི་ཕྱིར་དཔེར་ན་རྟ་ལ་སོགས་པའི་བདག་ཉིད་གཞན་མེད་པའི་ལྐོག་ཤལ་ལ་སོགས་པ་མཐོང་ན་བ་ལང་གི་བློ་སྐྱེ་བ་བཞིན་ནོ་

ཞེས་བྱ་བ་ཡིན་ཏེ་ཅི་ལྟར་བ་ལང་གི་བློས་བ་ལང་མཐོང་ན་བ་ལང་གི་བློ་སྐྱེ་བའི་ཕྱིར་བ་ལང་གི་བློ་ནི་བ་ལང་གི་བདག་ཉིད་ལས་གཞན་པ་རྟ་ལ་སོགས་པ་མེད་པའི་ཡུལ་ཅན་ཡིན་པས། བ་ལང་གི་བློས་ཀྱང་ཡུལ་བ་ལང་མ་གཏོགས་པར་རྟ་ལ་སོགས་པའི་དངོས་པོ་གཞན་ཐམས་ཅད་བསལ་བ་དེ་བཞིན་དུ་

གཟུགས་ཀྱི་བློས་ཀྱང་གཟུགས་མཐོང་ན་གཟུགས་ཀྱི་བློ་སྐྱེ་བའི་ཕྱིར་གཟུགས་ཀྱི་བློ་ནི་གཟུགས་ཀྱི་བདག་ཉིད་ལས་གཞན་པ་རོ་ལ་སོགས་པ་མེད་པའི་ཡུལ་ཅན་ཡིན་པས་གཟུགས་ཀྱི་བློས་ཀྱང་ཡུལ་གཟུགས་མ་གཏོགས་པ་རོ་ལ་སོགས་པའི་དངོས་པོ་གཞན་ཐམས་ཅད་བསལ་ཏོ། །ཅི་ལྟར་གཟུགས་ཀྱི་བློ་

เล่ม ๑๐๐ · หน้า 146a

བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་གྱིས་གཟུགས་ཀྱི་བདག་ཉིད་ལས་གཞན་པ་རོ་ལ་སོགས་པ་དངོས་པོ་གཞན་ཐམས་ཅད་སེལ་བ་དེ་བཞིན་དུ་གཟུགས་ཀྱི་སྒྲ་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་གྱིས་ཀྱང་གཟུགས་ཀྱི་བདག་ཉིད་ལས་གཞན་པ་སྒྲ་ལ་སོགས་པ་དངོས་པོ་

གཞན་ཐམས་ཅད་སེལ་བར་བྱེད་པས་སྒྲའི་དོན་ནི་གཞན་སེལ་བ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲས་སོ། །ཅིའི་ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། དེ་ཉིད་ཀྱིས་གཏན་ཚིགས་དེ་མ་གྲུབ་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ།

གཞན་སེལ་བ་སྨྲ་བ་དག་གི་གཏན་ཚིགས་དེ་མཐོང་ན་དེའི་བློ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་ཀྱིས་གཏན་ཚིགས་དེ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅི་ལྟར་མ་གྲུབ་ཅེ་ན། དེ་མཐོང་ན་དེའི་བློ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་གང་ཡིན། གལ་ཏེ་དེ་ཞེས་བྱ་བའི་སྒྲ་

གཟུགས་ལ་སྙེགས་ཏེ། གཟུགས་དེ་མཐོང་ན་གཟུགས་དེའི་བློ་སྐྱེ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེས་གཟུགས་ཀྱི་བློ་དེ་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་ཡིན་པར་སྒྲུབ་ན་ནི་འོ་ན་དེ་ལྟ་ན་གཟུགས་མཐོང་ཞིང་གཟུགས་ཀྱི་བློ་སྐྱེ་བ་དེ་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་ཡིན་པར་མི་རུང་སྟེ།

གཟུགས་ཀྱི་བདག་ཉིད་ཡོད་པའི་ཡུལ་ཅན་ཡིན་པར་འགྱུར་བས་དེས་ན་གཟུགས་ཀྱི་བློ་ནི་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བར་བསྒྲུབས་པ་དེ་མི་འགྲུབ་པས་གཏན་ཚིགས་དེ་རིགས་པ་མ་ཡིན་ནོ། །འོན་ཏེ་གཟུགས་ཀྱི་བློ་ནི་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་ཡིན་ཏེ་ཞེས་བྱ་

བར་སྒྲུབ་ན་ནི་དེས་ན་གཟུགས་མཐོང་ངོ་ཞེས་བྱ་བར་ཡང་མི་རུང་ལ་གཟུགས་ཀྱི་བློ་སྐྱེ་ཞེས་བྱར་ཡང་མི་རུང་སྟེ་འདི་ལྟར་ཅི་ཡང་མེད་པའི་ཡུལ་ཅན་གྱི་བློ་ཞིག་སྐྱེ་བས། དེས་ན་ཅི་ལྟར་སྒྲ་ལ་མིག་གི་བཟུང་བ་ཉིད་མེད་པ་དེ་བཞིན་དུ་བློ་ལ་ཡང་གཟུགས་མཐོང་བ་ཡང་མེད་ལ་གཟུགས་ཀྱི་བློ་སྐྱེ་བ་ཡང་མེད་པས་དེ་ལྟ་ན་

ཅི་ཡང་མེད་པའི་ཡུལ་ཅན་གྱི་བློ་ལ་གཟུགས་ཀྱི་བདག་ཉིད་ཀྱི་བློ་ཡང་མེད་པའི་ཕྱིར་གཟུགས་ཀྱི་བདག་ཉིད་ཀྱི་བློ་ཡོད་པ་ལ་ལྟོས་ནས་རོ་ལ་སོགས་པའི་བདག་ཉིད་གཞན་མེད་པའི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བར་སྒྲུབ་པའི་ཕྱོགས་ཀྱི་ཁྱད་པར་མ་གྲུབ་པས་གཏན་ཚིགས་ཀྱི་གཞི་ཡང་མ་གྲུབ་པའི་ཕྱིར་གཟུགས་ཀྱི་བློ་

เล่ม ๑๐๐ · หน้า 146b

ནི་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བར་སྒྲུབ་པ་དེ་མི་འགྲུབ་པས་གཏན་ཚིགས་དེ་རིགས་པ་མ་ཡིན་ནོ། །ཅི་སྟེ་དེ་ཞེས་བྱ་བའི་སྒྲ་ཡུལ་མེད་པ་ཉིད་ལ་སྙེགས་ཏེ། ཡུལ་མེད་པ་དེ་མཐོང་ན་ཡུལ་མེད་པ་དེའི་བློ་སྐྱེ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེས་གཟུགས་ཀྱི་བློ་དེ་བདག་ཉིད་ལས་

གཞན་མེད་པའི་ཡུལ་ཅན་ཡིན་པར་སྒྲུབ་ན་ནི་དེས་ན་འདི་སྐད་བསྟན་པར་འགྱུར་ཏེ། བློ་ནི་བདག་ཉིད་ལས་གཞན་མེད་པའི་ཡུལ་ཅན་ཡིན་ཏེ། ཡུལ་མེད་པའི་ཕྱིར་རོ་ཞེས་བྱ་བར་འགྱུར་བས་གཏན་ཚིགས་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་མི་འགྲུབ་པས་རིགས་པ་མ་ཡིན་ནོ། །གཞན་

ཡང་། དཔེ་ལ་བསྒྲུབ་པར་བྱ་བ་ཆོས་མ་ཚང་བའི་སྐྱོན་ཡོད་པའི་ཕྱིར་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་བ་ལང་ངོ་སྙམ་པའི་བློ་ནི་མེད་པའི་ཡུལ་ཅན་མ་ཡིན་ཏེ། བ་ལང་ངོ་སྙམ་པའི་བློའི་ཡུལ་ནི་བ་ལང་གི་དངོས་པོ་ཡོད་པ་ཁོ་ན་ཡིན་པས་དེས་ན་ཕ་རོལ་པོའི་དཔེ་བ་ལང་གི་བློ་སྐྱེ་བ་བཞིན་ནོ་ཞེས་བྱ་བ་དེ་ལ་བསྒྲུབ་

པར་བྱ་བ་ཆོས་མེད་པའི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བ་དེ་མ་ཚང་བའི་སྐྱོན་ཡོད་པའི་ཕྱིར་རིགས་པ་མ་ཡིན་ནོ། །གཞན་ཡང་གཟུགས་ཀྱི་བློ་ནི་གཟུགས་ཀྱི་བདག་ཉིད་ལས་གཞན་པ་རོ་ལ་སོགས་པ་མེད་པའི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བ་དེ་ལ་གཟུགས་ཞེས་བྱ་བ་དེ་ནི་རྣམ་པར་རྟོག་པ་གཅིག་གོ། །རོ་ལ་སོགས་

པ་ཞེས་བྱ་བ་དེ་ནི་རྣམ་པར་རྟོག་པ་གཉིས་པའོ། །གཟུགས་ཀྱི་བདག་ཉིད་ལས་ཞེས་བྱ་བ་དེ་ནི་རྣམ་པར་རྟོག་པ་གསུམ་པའོ། །རོ་ལ་སོགས་པ་གཞན་ཞེས་བྱ་བ་དེ་ནི་རྣམ་པར་རྟོག་པ་བཞི་པའོ། །མེད་དོ་ཞེས་བྱ་བ་དེ་ནི་རྣམ་པར་རྟོག་པ་ལྔ་པ་སྟེ་སྐད་ཅིག་མ་གཅིག་ལ་རྣམ་པར་རྟོག་པ་ལྔ་དུས་གཅིག་ཏུ་འབྱུང་

བ་མི་སྲིད་པའི་ཕྱིར་སྒྲའི་དོན་གཞན་སེལ་བ་ཞེས་བྱ་བ་དེ་མི་རིགས་སོ། །དེ་ལྟར་གཞན་སེལ་བར་སྨྲ་བ་དག་དངོས་པོ་མེད་པ་ལ་འགག་པ་ཡོད་པར་འདོད་པའི་ཕྱོགས་མི་འཐད་པར་བསྟན་ནས། ད་ནི་གཞན་གང་དག་དངོས་པོ་མེད་པ་ལ་འགག་པ་ཡོད་པར་འདོད་པ་དེ་དག་དགག་པའི་ཕྱིར། ཡང་བཤད་པ།

དངོས་པོ་མེད་པར་གྱུར་པ་ལའང་། འགག་པ་འཐད་པར་མི་འགྱུར་རོ། །མེད་པའི་ཕྱིར། མགོ་གཉིས་པ་ལ་ཅི་ལྟར་ནི། །གཅད་དུ་མེད་པ་དེ་བཞིན་ནོ། །ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་

เล่ม ๑๐๐ · หน้า 147a

ན་མགོ་གཉིས་པ་མེད་པ་ནི་མེད་པའི་ཕྱིར་གཅད་དུ་མེད་པ་དེ་བཞིན་དུ་དངོས་པོ་མེད་པའི་ཕྱིར་འགག་པར་མི་འགྱུར་རོ། །འདིས་ནི་མེད་པ་ཉིད་དུ་རྗེས་སུ་དཔོག་པས་འགོག་པ་མེད་པ་ཉིད་ཀྱིས་དངོས་པོ་མེད་པ་ལ་འགག་པ་ཡོད་པར་སྨྲ་བ་རྣམས་ཀྱི་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་

བསལ་བའི་སྐྱོན་ཡོད་པར་སྟོན་ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་གོང་མ་འདིས་ནི་ཕ་རོལ་པོ་དངོས་པོ་མེད་པ་ལ་འགག་པ་ཡོད་པར་སྨྲ་བ་རྣམས་དངོས་པོ་མེད་པ་ཉིད་དུ་རྗེས་སུ་དཔོག་པས་དངོས་པོ་མེད་པ་ལ་འགག་པ་ཡང་མེད་པ་ཉིད་ཀྱིས་དེ་རྣམས་ཀྱི་དམ་བཅས་པ་ལ་ཆོས་ཅན་དངོས་པོ་མེད་པ་ཞེས་བྱ་བ་འགག་པ་

ཡོད་པར་སྒྲུབ་པའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་པར་བསྟན་ཏེ། དེ་དག་གི་རྗེས་སུ་དཔག་པ་ཉིད་ཀྱིས་དངོས་པོ་མེད་པ་ལ་འགག་པ་ཡོད་པར་དམ་བཅས་པ་མི་འགྲུབ་པར་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གཞན་ཡང་ཁྱེད་ཅག་འགག་པའི་འགག་པ་ཞེས་སྨྲས་པ་དེ་དོན་དམ་པར་ཡོད་ན་རང་གི་བདག་

ཉིད་ཀྱིས་སམ་གཞན་གྱི་བདག་ཉིད་ཀྱིས་འགག་པར་འགྱུར་གྲང་ན། དེ་ལ། འགག་པ་འགག་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་འགག་མི་རིགས། །ཅི་ལྟར་ཞེ་ན། ཅི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །ཅི་ལྟར་སྐྱེ་བ་རང་ཉིད་ཀྱིས་སྐྱེད་པར་མི་རིགས་ཞེ་ན། ཅི་སྐད་དུ། སྐྱེ་བ་

འདིས་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཅི་ལྟར་སྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །ཅེས་སྨྲས་པའི་ཕྱིར་རོ། །ཅི་ལྟར་སྐྱེ་བ་གཞན་གྱིས་བསྐྱེད་པར་མི་རིགས་ཤེ་ན། ཅི་སྐད་དུ། གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །

ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །ཞེས་སྨྲས་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་། འགག་པ་འདི་ནི་མ་འགགས་པས། །རང་གི་བདག་ཉིད་ཅི་ལྟར་འགག །ཅི་སྟེ་འགག་པས་འགག་བྱེད་ན། །འགགས་ན་ཅི་ཞིག་འགག་ཏུ་ཡོད། །ཅེས་བྱ་བ་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པས། སྐྱེ་བ་

རང་གི་བདག་ཉིད་ཀྱིས་སྐྱེད་པ་དགག་པའི་རྗེས་སུ་འབྲང་བས་འགག་པ་རང་གི་བདག་ཉིད་ཀྱིས་འགག་པ་དགག་པ་ཡང་བརྗོད་པར་བྱའོ། །གལ་ཏེ་འགག་པ་གཞན་ཞིག་གིས། །དེ་འགག་ཐུག་པ་མེད་པར་འགྱུར། །ཅི་སྟེ་འགག་པ་མེད་འགག་ན། །ཐམས་ཅད་དེ་བཞིན་འགག་པར་འགྱུར། །ཞེས་

เล่ม ๑๐๐ · หน้า 147b

བྱ་བ་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པས་འདིར་ཡང་སྐྱེ་བ་གཞན་གྱིས་སྐྱེད་པ་དགག་པའི་རྗེས་སུ་འབྲང་བས་འགག་པ་གཞན་གྱིས་འགག་པ་དགག་པ་ཡང་བརྗོད་པར་བྱའོ་ཞེས་བྱ་བས་ནི་ཅི་ལྟར་རྩ་བའི་སྐྱེ་བ་རང་དང་གཞན་གྱིས་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་རྩ་བའི་འགག་པ་ཡང་རང་དང་གཞན་གྱིས་

འགག་པར་མི་བྱེད་པར་བསྟན་ཏོ། །གང་དག་འཇིག་པ་ཅན་རྣམས་ནི་འཇིག་པའི་རྒྱུས་འཇིག་གོ་ཞེས་ཟེར་བ་དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བས་ནི་གང་དག་འཇིག་པ་ལ་རྒྱུ་ཡོད་པར་འདོད་པ་དག་གི་གཞུང་མི་འཐད་པར་སྟོན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་གང་ཞིག་གང་གི་འཇིག་པའི་རྒྱུ་

ཡིན་ནོ་ཞེས་ངེས་པར་ཤེས་པ་དེ་ནི་དེའི་འཇིག་པའི་རྒྱུ་མ་ཡིན་ཏེ། དེ་ལས་གཞན་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་དག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིག་པའི་རྒྱུ་དེ་ལས་གཞན་

པ་འཇིག་པའི་རྒྱུ་མ་ཡིན་པ་དག་ནི་འཇིག་པ་དེ་ལས་གཞན་ཡིན་པའི་ཕྱིར་དེའི་འཇིག་པའི་རྒྱུ་མ་ཡིན་པ་དེ་བཞིན་དུ་གང་ཞིག་གང་གི་འཇིག་པའི་རྒྱུ་ཡིན་ནོ་ཞེས་ངེས་པར་ཤེས་པ་དེ་ཡང་འཇིག་པ་དེ་ལས་གཞན་ཡིན་པའི་ཕྱིར་དེའི་འཇིག་པའི་རྒྱུ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་བསྒྲུབ་པ་རྒྱས་པ་ཅི་སྐད་བསྟན་པས་སྐྱེ་བ་དང་

གནས་པ་དང་འགག་པ་བསལ་བའི་ཕྱིར་རབ་ཏུ་བྱེད་པའི་དང་པོར་ཕ་རོལ་པོས་སྨྲས་པའི་གཏན་ཚིགས་དང་དཔེ་དག་དོན་དམ་པར་ནི་དོན་མ་གྲུབ་པ་ཉིད་དང་མེད་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་གཏན་ཚིགས་དང་དཔེ་དག་བརྗོད་ན་ནི་དོན་འགལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྐབས་འདིའི་མཇུག་བསྡུ་བ་དང་ཚད་མའི་འབྲས་

བུ་ཡིན་ནོ། །ཅི་སྐད་བསྟན་པའི་ཚུལ་གྱིས་འབྲས་བུའི་དབང་གིས་མཇུག་བསྡུ་བའི་ཕྱིར། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ནི་འདུས་བྱས་མེད། །དེ་ལ་ཕ་རོལ་པོས་དོན་དམ་པར་འདུས་བྱས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་འདུས་བྱས་ཀྱི་ངོ་བོ་ཉིད་དག་ཡོད་པ་ཁོ་ནར་གཟུང་བར་བྱ་སྟེ།

སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་མ་གྲུབ་པོ་ཞེས་བྱ་བ་ནི་རབ་ཏུ་བྱེད་པའི་སྐབས་སྤྱིའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །གང་དག་དོན་དམ་པར་བ་ལང་ལ་སོགས་པ་འདུས་བྱས་དག་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་མཚན་ཉིད་ལྐོག་

เล่ม ๑๐๐ · หน้า 148a

ཤལ་ལ་སོགས་པ་དག་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་དེ་དག་ལ་ཡང་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། སྔར་ནི་འདུས་བྱས་ཀྱི་སྤྱིའི་མཚན་ཉིད་སྐྱེ་བ་དང་གནས་པ་དང་འཇིག་པ་དག་དགག་པར་བསྟན་ཏོ། །ད་ནི་བྱེ་བྲག་པ་ལ་སོགས་པས་འདུས་བྱས་ཀྱི་རང་རང་གི་

མཚན་ཉིད་སོ་སོར་ངེས་པ་གང་ཡོད་པར་བརྟགས་པ་དགག་པ་སྟོན་ཏེ། དེ་དག་གི་སྒྲུབ་པ་དེ་ཡང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་སྦྱར་རོ། །དེ་དག་དགག་པ་ཡང་སྔར་འདུས་བྱས་ཀྱི་སྤྱིའི་མཚན་ཉིད་དགག་པའི་རྗེས་སུ་དཔག་པ་ཅི་སྐད་བསྟན་པ་བཞིན་དུ་བྱས་ཏེ།

དེའི་ཕྱིར་དེ་བཞིན་དུ་ཅི་ལྐོག་ཤལ་ལ་སོགས་པ་མཚན་ཉིད་དེ་དག་མཚན་ཉིད་དང་བཅས་པ་ཡིན་ནམ་འོན་ཏེ་མཚན་ཉིད་མེད་པ་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱའོ། །དེ་ལ་གལ་ཏེ་དེ་དག་མཚན་ཉིད་དང་བཅས་པ་ཡིན་ན་ནི་དེ་ལྟ་ན་ལྐོག་ཤལ་ལ་སོགས་པ་དེ་དག་བ་ལང་གི་བ་ལང་ཉིད་དམ་འདུས་བྱས་ཉིད་མཚོན་པར་

བྱེད་པ་མ་ཡིན་ཏེ། མཚན་ཉིད་དང་བཅས་པའི་ཕྱིར་དཔེར་ན་བ་ལང་གི་རྫས་བཞིན་ནོ། །ཅི་སྟེ་དེ་དག་མཚན་ཉིད་མེད་པ་ཡིན་ན་ནི་མཚན་ཉིད་མེད་པའི་ཕྱིར་དེ་དག་རང་ཉིད་མི་འགྲུབ་པས་དེ་དག་གི་མཚན་ཉིད་ཀྱིས་གཞི་མཚོན་པར་མི་ནུས་སོ་ཞེས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ་ཞེས་བྱ་བ་སྨྲས་ཏེ། ཅི་ལྟར་སྔར། གལ་

ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཅི་སྟེ་སྐྱེ་བ་འདུས་མ་བྱས། །ཅི་ལྟར་འདུས་བྱས་མཚན་ཉིད་ཡིན། །ཞེས་བྱ་བས་དོན་དམ་པར་སྐྱེ་བ་ལ་སོགས་པ་འདུས་བྱས་ཉིད་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མི་འདོད་དེ། འདུས་བྱས་ཡིན་པའི་ཕྱིར་དཔེར་ན་མཚན་ཉིད་ཀྱི་གཞི་

བཞིན་ནོ་ཞེས་བྱ་བ་དང་། དོན་དམ་པར་སྐྱེ་བ་འདུས་མ་བྱས་ནི་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་བར་འོས་པ་མ་ཡིན་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་དང་། གལ་ཏེ་མཚན་ཉིད་ཀྱི་གཞི་འཁོར་ལོ་ཡང་མཚན་ཉིད་ཀྱི་གཞི་སྐྱེས་བུ་

ཆེན་པོ་གཞན་མཚོན་པར་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་མ་ངེས་པ་ཉིད་དོ་ཞེ་ན། མཚན་ཉིད་ཀྱི་གཞི་འཁོར་ལོ་ནི་མཚན་ཉིད་ཀྱི་གཞི་སྐྱེས་བུ་ཆེན་པོ་གཞན་ལ་འདུས་བྱས་ཉིད་དུ་མཚོན་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་རྗེས་སུ་དཔག་པ་བརྒལ་བའི་

เล่ม ๑๐๐ · หน้า 148b

ལན་དང་བཅས་པ་རྒྱས་པར་བསྟན་པ་བཞིན་དུ་འདིར་ཡང་། གལ་ཏེ་མཚན་ཉིད་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཅི་སྟེ་མཚན་ཉིད་འདུས་མ་བྱས། །ཅི་ལྟར་འདུས་བྱས་མཚན་ཉིད་ཡིན། །ཞེས་བྱ་བས་དོན་དམ་པར་ལྐོག་ཤལ་ལ་སོགས་པ་འདུས་བྱས་ཉིད་ནི་འདུས་བྱས་ཀྱི་མཚན་ཉིད་

ཡིན་པར་མི་འདོད་དེ། འདུས་བྱས་ཡིན་པའི་ཕྱིར་དཔེར་ན་མཚན་ཉིད་ཀྱི་གཞི་བ་ལང་གི་རྫས་བཞིན་ནོ་ཞེས་བྱ་བ་དང་། དོན་དམ་པར་ལྐོག་ཤལ་ལ་སོགས་པ་འདུས་མ་བྱས་ནི་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་བར་འོས་པ་མ་ཡིན་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་པས་རང་

གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་དང་། གལ་ཏེ་མཚན་ཉིད་ཀྱི་གཞི་བ་ལང་ཡང་མཚན་ཉིད་ཀྱི་གཞི་ཕྱུགས་བདག་ཆེན་པོ་གཞན་མཚོན་པར་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་མ་ངེས་པ་ཉིད་དོ་ཞེ་ན། མཚན་ཉིད་ཀྱི་གཞི་བ་ལང་གི་མཚན་ཉིད་ཀྱི་གཞི་ཕྱུགས་བདག་ཆེན་པོ་གཞན་ལ་འདུས་བྱས་

ཉིད་དུ་མཚོན་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་ཅི་རིགས་པས་རྗེས་སུ་དཔག་པ་བརྒལ་བའི་ལན་དང་བཅས་པ་དག་རྒྱས་པར་སྦྱར་རོ། །དེ་དག་ལ་མཚན་ཉིད་གཞན་དག་ཡོད་ན་ནི་ཐུག་པ་མེད་པར་ཐལ་བར་འགྱུར་ལ། མཚན་ཉིད་གཞན་

མེད་ན་ནི་མཚན་ཉིད་ཀྱི་གཞི་ལ་ཡང་ཐལ་བ་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཅི་ལྟར་སྔར། སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་པ་མེད། །མེད་ན་དེ་དག་འདུས་བྱས་མིན། །ཞེས་ཅི་སྐད་བསྟན་

པ་བཞིན་དུ་འདིར་ཡང་། རང་གི་མཚན་ཉིད་སོ་སོ་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་པ་མེད། །མེད་ན་དེ་དག་འདུས་བྱས་མིན། །ཞེས་བྱ་བ་ལ་སོགས་པ་ཅི་རིགས་པར་བརྗོད་པར་བྱའོ། །གཞན་དག་ན་རེ་དོན་དམ་པར་འདུས་བྱས་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ།

གཉེན་པོ་དང་བཅས་པའི་ཕྱིར་རོ། །འདི་ན་གང་མེད་པར་ཤེས་པ་དེ་ནི་གཉེན་པོ་དང་བཅས་པ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །འདུས་བྱས་ལ་ནི་གཉེན་པོ་འདུས་མ་བྱས་ཡོད་པས་དེའི་ཕྱིར་གཏན་ཚིགས་ཅི་སྐད་སྨོས་པའི་མཐུས་དོན་དམ་པར་འདུས་བྱས་ཡོད་པ་ཁོ་ནར་ཤེས་པར་

เล่ม ๑๐๐ · หน้า 149a

བྱ་སྟེ། དེས་ན་རྗེས་སུ་དཔག་པ་སྔར་སྨྲས་པ་དག་ལ་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་ཅིང་ཕུང་པོ་ལ་སོགས་པ་དག་ཀྱང་འགྲུབ་པོ་ཞེས་ཟེར་རོ་ཞེས་བྱ་བ་ནི་རང་གི་སྡེ་པ་དག་རིགས་པ་ཅན་གྱི་རྒྱུ་ཐབས་ཀྱིས་འདུས་མ་བྱས་ཡོད་པའི་སྒོ་ནས་འདུས་བྱས་ཡོད་པར་སྒྲུབ་

པ་ཡིན་ཏེ། དེ་དག་གི་སྒྲུབ་པ་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། རྗེས་སུ་དཔག་པ་དེས་ན་དབུ་མ་པས་སྔར་སྨྲས་པའི་རྗེས་སུ་དཔག་པ་

དག་ལ་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་ཅིང་ཁོ་བོ་ཅག་གི་སྒྲུབ་པ་ཕུང་པོ་ལ་སོགས་པ་དག་ཀྱང་འགྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འདི་ལ་འདུས་བྱས་རབ་ཏུ་གྲུབ་ན་ནི་དེ་བསལ་བས་འདུས་མ་བྱས་ཞེས་བྱ་བ་རྫས་ཅུང་ཞིག་ཡོད་པར་

བརྗོད་དུ་ཡང་རུང་གྲང་ན། འདུས་བྱས་དེ་བརྟགས་ན་ཡོད་པ་མ་ཡིན་པས་དེའི་ཕྱིར། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཅི་ལྟར་འགྲུབ། །ཐ་སྙད་དུ་ཡང་རི་བོང་གི་རྭ་བཞིན་དུ་མ་སྐྱེས་པས་རྫས་ཉིད་དུ་མ་གྲགས་སོ་ཞེས་བྱ་བར་དགོངས་ཏེ། དེའི་ཕྱིར་གཏན་ཚིགས་ལ་སོགས་པ་དེ་དག་

མི་སྲིད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། འདུས་བྱས་ཡོད་ན་དེ་ལ་ལྟོས་ནས་འདུས་མ་བྱས་ཀྱང་རིང་པོ་ལ་ལྟོས་ནས་ཐུང་ངུ་འགྲུབ་པའི་ཚུལ་དུ་འགྲུབ་པས་འདུས་མ་བྱས་ཡོད་པའི་སྒོ་ནས་འདུས་བྱས་སྒྲུབ་ཏུ་ཡང་རུང་གྲང་ན། འདུས་བྱས་མ་གྲུབ་པས་འདུས་མ་བྱས་ཞེས་བྱ་བ་ནི་ཐ་སྙད་དུ་ཡང་རི་བོང་གི་རྭ་བཞིན་

དུ་མ་སྐྱེས་པས་རྫས་ཉིད་དུ་མ་གྲགས་པའི་ཕྱིར་ཕ་རོལ་པོ་དག་གི་གཏན་ཚིགས་ལ་སོགས་པ་དེ་དག་མི་སྲིད་པ་ཉིད་དོ། །འདིར་སྨྲས་པ། གལ་ཏེ་དོན་དམ་པར་སྐྱེ་བ་ལ་སོགས་པ་དག་མཚན་ཉིད་མ་ཡིན་པར་སྟོན་ན་དེ་ལྟ་ན་དེ་དག་འདུས་བྱས་ཀྱི་མཚན་ཉིད་ཡིན་པ་ཉིད་བསལ་བ་རྗེས་སུ་བསྒྲུབས་པས་

ཕྱོགས་དང་གཏན་ཚིགས་དང་དཔེའི་གཞི་ལ་སོགས་པ་མ་གྲུབ་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་ནི་རང་གི་སྡེ་པ་དག་དབུ་མ་པ་ལ་མཚན་ཉིད་དང་། མཚན་ཉིད་ཀྱི་གཞི་མ་གྲུབ་པས་ཕྱོགས་དང་གཏན་ཚིགས་དང་དཔེའི་གཞན་ལ་སོགས་པ་མ་གྲུབ་པའི་སྐྱོན་ཡོད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་

เล่ม ๑๐๐ · หน้า 149b

ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། དོན་དམ་པར་ཡོད་པ་མ་ཡིན་ཡང་ཐ་སྙད་དུ། རྨི་ལམ་ཅི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྨི་ལམ་ཅི་བཞིན་ཞེས་བྱ་བའི་དཔེ་བསྟན་པའི་

ཕྱིར་ཅི་ལྟར་རྨི་ལམ་རྣམ་པར་བརྟགས་པ་ཉམས་སུ་མྱོང་བ་དྲན་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། ལྷས་བྱིན་གྱིས་བརླབས་པའི་རྒྱུ་ཅན་ཡུལ་འདོད་པ་དང་། མི་འདོད་པ་དག་དང་ཕྲད་པ་ཉེ་བར་དམིགས་པའི་འབྲས་བུ་དང་ལྡན་པ་བརྟགས་ན་ངོ་བོ་ཉིད་མེད་ཀྱང་ཐ་སྙད་དུ་ཡོད་པ་ལ་སོགས་པའི་བློའི་

རྒྱུ་ཉིད་ཀྱིས་ཡུལ་ཉིད་དུ་འགྱུར་བ་དང་ཞེས་བྱ་བ་སྨྲས་ཏེ། དེས་ནི་རྨི་ལམ་གྱི་རྒྱུ་དང་འབྲས་བུ་དང་ངོ་བོ་ཉིད་བསྟན་ཏོ། །དེ་ལ་རྨི་ལམ་གྱི་རྒྱུ་ནི་རྣམ་པ་བཞི་སྟེ། རྣམ་པར་བརྟགས་པ་ཉམས་སུ་མྱོང་བ་དྲན་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། ལྷས་བྱིན་གྱིས་བརླབས་པའོ། །དེ་ལ་ཡང་རྣམ་པར་

བརྟགས་པ་ཉམས་སུ་མྱོང་བ་དྲན་པ་ནི་སྔོན་གཉིད་མ་ལོག་པའི་གནས་སྐབས་ན་ཡུལ་གྱི་མཚན་མ་ཕྱི་རོལ་ན་མེད་བཞིན་དུ་སེམས་ཀྱིས་རྣམ་པར་བརྟགས་པ་ཉམས་སུ་མྱོང་བ་གཉིད་ལོག་པའི་ཚེ་དྲན་པ་ན་རྒྱུ་དེས་རྨི་ལམ་རྨི་བར་འགྱུར་བའོ། །ཆོས་ནི་སྔོན་གཉིད་མ་ལོག་པའི་གནས་སྐབས་ན་དགེ་བའི་ཆོས་

རྒྱ་ཆེན་པོ་སྤྱད་པའི་རྒྱུས་གཉིད་ལོག་པའི་ཚེ་ན་རྨི་ལམ་བཟང་པོ་རྨི་བར་འགྱུར་རོ། །ཆོས་མ་ཡིན་པ་དེ་ལས་བཟློག་པའོ། །ལྷས་བྱིན་གྱིས་བརླབས་པ་ནི་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་མཐུས་ས་ར་ནས་རྨི་ལམ་རྨིས་པ་ལྟ་བུ་སྟེ། རྨི་ལམ་གང་ལས་རྒྱུ་དེ་བཞི་ཡོད་པ་ནི་དེ་དག་གི་རྒྱུ་ཅན་ཞེས་བྱའོ། །

རྨི་ལམ་གྱི་འབྲས་བུ་ནི་གཉིད་ལོག་པའི་གནས་སྐབས་ན་ཡུལ་འདོད་པ་དང་མི་འདོད་པ་ཉམས་སུ་མྱོང་བ་སྟེ། དེ་ཡང་རྣམ་པ་གཉིས་ཏེ་ཡུལ་འདོད་པ་དང་ཕྲད་པ་ཉེ་བར་དམིགས་པ་དང་། ཡུལ་མི་འདོད་པ་དང་ཕྲད་པ་ཉེ་བར་དམིགས་པའོ། །རྨི་ལམ་གང་ལ་འབྲས་བུ་དེ་དག་ཡོད་པ་དེ་ནི་དེ་དག་དང་ལྡན་

པ་ཞེས་བྱའོ། །རྨི་ལམ་གྱི་ངོ་བོ་ཉིད་ནི་བརྟགས་ན་ངོ་བོ་ཉིད་མེད་ཀྱང་ཐ་སྙད་དུ་ཡོད་པ་དང་མེད་པའི་བློའི་རྒྱུ་ཉིད་ཀྱིས་ཡུལ་ཉིད་དུ་འགྱུར་བ་སྟེ། །ཉིད་ལོག་པའི་གནས་སྐབས་ན་ཡོད་པའི་བློའི་རྒྱུ་ཉིད་ཀྱིས་ཡུལ་ཉིད་དུ་འགྱུར་བ་དང་། སད་པའི་གནས་སྐབས་ན་མེད་པའི་བློའི་རྒྱུ་ཉིད་ཀྱིས་ཡུལ་ཉིད་དུ་

เล่ม ๑๐๐ · หน้า 150a

འགྱུར་བའོ། །སྒྱུ་མ་བཞིན་ཞེས་བྱ་བའི་དཔེ་བསྟན་པའི་ཕྱིར། ཅི་ལྟར་སྒྱུ་མ་སྒྱུ་མ་མཁན་དང་གསང་སྔགས་དང་སྨན་གྱི་མཐུ་ཁྱད་པར་ཅན་ལས་གླང་པོ་ཆེ་དང་ཁྱུ་མཆོག་དང་བུད་མེད་དང་གནས་ལ་སོགས་པའི་ངོ་བོ་ཉིད་དུ་འབྱུང་བ་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་དག་ངོ་བོ་ཉིད་མེད་

ཀྱང་ཤེས་པ་འཁྲུལ་པའི་རྒྱུ་ཡིན་པའི་ཕྱིར་ཡོད་དོ་ཞེས་བརྗོད་པ་དང་ཞེས་བྱ་བ་སྨྲས་ཏེ། དེས་ཀྱང་སྒྱུ་མའི་རྒྱུ་དང་འབྲས་བུ་དང་ངོ་བོ་ཉིད་བསྟན་ཏེ་གོ་རིམས་བཞིན་ནོ། །དྲི་ཟའི་གྲོང་ཁྱེར་ཅི་བཞིན་དུ། །ཞེས་བྱ་བའི་དཔེ་བསྟན་པའི་ཕྱིར། ཅི་ལྟར་དྲི་ཟའི་གྲོང་ཁྱེར་འོབས་རྒྱ་ཆེན་པོ་དང་སྒོ་དང་སྒོ་ཁང་དང་། ཡང་

ཐོག་དཀར་པོ་དགའ་བ་འཚེར་བག་ཅན་དང་ཁྱམས་ཟླ་བ་ཅན་དང་སྐར་ཁུང་དང་། ཁང་པ་བརྩེགས་མ་དང་ལྡན་པའི་གྲོང་ཁྱེར་གྱི་བློ་སྐྱེ་བའི་རྒྱུ་ཡིན་པ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དྲི་ཟའི་གྲོང་ཁྱེར་གྱི་ངོ་བོ་ཉིད་བསྟན་ཏོ། །ད་ནི་དཔེ་དེ་གསུམ་གྱིས་མཚོན་པའི་དོན་གྱི་དངོས་པོ་བསྟན་པའི་ཕྱིར། དེ་བཞིན་སྐྱེ་དང་

དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །ཞེས་བྱ་བ་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དག་ཅི་ལྟ་བ་དེ་བཞིན་དུ་ཀུན་རྫོབ་ཏུ་སྐྱེ་བ་དང་གནས་པ་དང་འཇིག་པ་དག་གསུངས་སོ་ཞེས་བྱ་བར་སྦྱར་རོ། །གང་དག་ལ་ཅིའི་ཕྱིར་གསུངས་ཤེ་ན། དེའི་ཕྱིར་དྲང་སྲོང་དེ་

ཁོ་ན་ཉིད་མཐོང་བའི་མིག་ཡང་དག་པར་བྱེ་བ་རྣམས་ལ་འདུས་བྱས་ཀྱི་སྐྱེ་བ་ལ་སོགས་པའི་བློ་སྐྱེ་བའི་རྒྱུ་ཉིད་དུ་གསུངས་སོ་ཞེས་བྱ་བ་སྨྲས་ཏེ། རྣལ་འབྱོར་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བའི་བློ་གྲོས་ཀྱི་མིག་ཡང་དག་པར་བྱེ་བ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པའི་ཕྱིར་འདུས་

བྱས་ཀྱི་མཚན་ཉིད་དང་། མཚན་ཉིད་ཀྱི་གཞི་ཤེས་པའི་བློ་སྐྱེད་པའི་རྒྱུ་ཉིད་དུ་གསུངས་སོ། །དེ་ལ་མི་མཁས་པ་དག་དངོས་པོར་མངོན་པར་ཞེན་པའི་ཚུལ་བསྟན་པའི་ཕྱིར། མི་ཤེས་པ་བློ་གྲོས་ཀྱི་མིག་ཟུམ་པ་རྣམས་ནི་རྨི་ལམ་ལ་སོགས་པ་བཞིན་དུ་དངོས་པོ་རྣམས་སྐྱེའོ་གནས་སོ་འགག་གོ་ཞེས་ཡང་དག་པའི་དོན་

གྱི་མངོན་པའི་ང་རྒྱལ་སྐྱེད་པར་བྱེད་དོ་ཞེས་བྱ་བ་སྨྲས་ཏེ། སོ་སོའི་སྐྱེ་བོ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པ་བློ་གྲོས་ཀྱི་མིག་ཟུམ་པ་རྣམས་ནི། བཅོམ་ལྡན་འདས་ཀྱིས་སྐྱེ་བ་དང་གནས་པ་དང་འཇིག་པ་བཀའ་སྩལ་པ་དེ་དག་ལ་དཔེར་ན་གཉིད་ལོག་པ་རྨི་ལམ་ན་བདེན་པར་འཛིན་པ་དང་། སྒྱུ་མ་དང་དྲི་

เล่ม ๑๐๐ · หน้า 150b

ཟའི་གྲོང་ཁྱེར་གྱི་རྒྱུས་མི་ཤེས་པ་དག་དེ་དག་ལ་དངོས་པོར་མངོན་པར་ཞེན་པ་དེ་བཞིན་དུ་འདུ་བྱེད་རྣམས་དོན་དམ་པར་ཡང་སྐྱེའོ་གནས་སོ་འགག་གོ་ཞེས་ཡང་དག་པའི་དོན་གྱི་མངོན་པའི་ང་རྒྱལ་སྐྱེད་པར་བྱེད་དོ། །དེའི་ཕྱིར་དེ་ལྟར་མཁས་པ་དང་མཁས་པ་མ་ཡིན་པ་དག་གི་ཐ་སྙད་ཀྱི་དབང་གིས་སྐྱེ་བ་ལ་སོགས་པ་

དག་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་ཕྱོགས་དང་གཏན་ཚིགས་དང་དཔེའི་གཞི་ལ་སོགས་པ་མ་གྲུབ་པའི་སྐྱོན་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། ཅི་ལྟར་རྨི་ལམ་མཐོང་བ་དང་། སྒྱུ་མ་བྱས་པ་དང་། དྲི་ཟའི་གྲོང་ཁྱེར་དག་སྐྱེས་པ་དང་གནས་པ་དང་ཞིག་པར་བརྗོད་ཀྱང་དེ་དག་ལ་སྐྱེས་པ་དང་གནས་པ་

དང་ཞིག་པ་ཅི་ཡང་མེད་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་སྐྱེ་བ་དང་གནས་པ་དང་འཇིག་པ་དག་བཀའ་སྩལ་མོད་ཀྱི་འོན་ཀྱང་དེ་དག་ལ་སྐྱེད་པར་བྱེད་པ་དང་། གནས་པར་བྱེད་པ་དང་། འཇིག་པར་བྱེད་པ་ཅི་ཡང་མེད་དོ། །འོན་ཀྱང་ཀུན་རྫོབ་ཏུ་བདེན་པའི་ལུགས་རྣམ་པར་བཞག་པའི་ཕྱིར་

མཁས་པ་རྣམས་ལ་ཐ་སྙད་ཀྱི་དབང་གིས་བཀའ་སྩལ་པར་ཡང་ཁས་ལེན་ལ། མི་མཁས་པ་དག་དེ་ལ་མངོན་པའི་ང་རྒྱལ་སྐྱོད་པར་བྱེད་པའི་རྒྱུ་ཉིད་དུ་ཡང་ཁས་ལེན་པ་དེའི་ཕྱིར་ཁོ་བོ་ཅག་དབུ་མ་པ་ལ་ཀུན་རྫོབ་ཏུ་ཕྱོགས་དང་གཏན་ཚིགས་དང་དཔེའི་གཞི་ལ་སོགས་པ་མ་གྲུབ་པའི་སྐྱོན་མེད་དོ་འདི་ལ་ཁ་ཅིག་ན་རེ་

ཀུན་ནས་ཉོན་མོངས་པ་འཇུག་པའི་རྒྱུ་དེ་ལས་གཞན་པ་རྣམ་པར་རྟོག་པ་གསུམ་པོ་དག་བསྟན་པའི་ཕྱིར་རྨི་ལམ་ལ་སོགས་པ་དཔེ་གསུམ་བསྟན་ཏོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གསུང་རབ་འདི་ལ་རྨི་ལམ་ལ་སོགས་པ་དཔེ་གསུམ་གསུངས་པ་དེ་ཅིའི་ཕྱིར་ཞེ་ན། །འདིར་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ཁ་ཅིག་ན་རེ་ཀུན་

ནས་ཉོན་མོངས་པའི་འཇུག་པའི་རྒྱུ་ཡུལ་ཡོད་པར་སྨྲ་བ་དག་གིས་ཕྱི་རོལ་གྱི་དོན་ཡིན་པར་བརྟགས་པ་དེ་ནི་མ་ཡིན་ཏེ། དེ་ལས་གཞན་པ་རྣམ་པར་རྟོག་པ་གསུམ་པོ་ཀུན་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་དག་ཡིན་པས་རྣམ་པར་རྟོག་པ་གསུམ་པོ་དེ་དག་བསྟན་པའི་ཕྱིར་རྨི་ལམ་དང་སྒྱུ་མ་

དང་དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ་དཔེ་གསུམ་པོ་དག་གོ་རིམས་བཞིན་དུ་བསྟན་ཏོ་ཞེས་ཟེར་ཏེ། དེ་དག་ན་རེ་ཅི་ལྟར་རྨི་ལམ་རྣམ་པར་བརྟགས་པ་ཉམས་སུ་མྱོང་བ་དྲན་པ་དང་ཆོས་དང་ཆོས་མ་ཡིན་པ་དང་ལྷས་བྱིན་གྱིས་བརླབས་པའི་རྒྱུ་ཅན་ཡུལ་འདོད་པ་དང་མི་འདོད་པ་དག་དང་ཕྲད་པ་ཉེ་བར་དམིགས་པའི་

เล่ม ๑๐๐ · หน้า 151a

འབྲས་བུ་དང་ལྡན་པ་བརྟགས་ན་ངོ་བོ་ཉིད་མེད་ཀྱང་ཐ་སྙད་དུ་ཡོད་པ་ལ་སོགས་པའི་བློའི་རྒྱུ་ཉིད་ཀྱིས་ཡུལ་ཉིད་དུ་འགྱུར་བ་ལ་ཀུན་བརྟགས་པའི་དབང་གིས་ཀུན་ནས་ཉོན་མོངས་པའི་འཇུག་པ་འབྱུང་བར་འགྱུར་བ་དེ་བཞིན་དུ་ཕྱི་རོལ་གྱི་དོན་མེད་པར་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་སྤྲོས་པའི་བག་ཆགས་

བསགས་པའི་རྒྱུ་ལས་བྱུང་བའི་རྣམ་པར་རྟོག་པས་གཟུང་བ་དང་འཛིན་པའི་རྣམ་པར་སྒྲོ་བཏགས་ཤིང་ཀུན་བརྟགས་པ་རྨི་ལམ་ལྟ་བུ་ལ་མངོན་པར་ཞེན་པའི་དབང་གིས་ཀྱང་ཀུན་ནས་ཉོན་མོངས་པའི་འཇུག་པ་འབྱུང་བར་འགྱུར་རོ། །ཅི་ལྟར་སྒྱུ་མ་སྒྱུ་མ་མཁན་དང་གསང་སྔགས་དང་སྨན་གྱི་མཐུ་ཁྱད་པར་ཅན་

ལས། གླང་པོ་ཆེ་དང་ཁྱུ་མཆོག་དང་བུད་མེད་དང་གནས་ལ་སོགས་པའི་ངོ་བོ་ཉིད་དུ་བྱུང་བ་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་དག་ངོ་བོ་ཉིད་མེད་ཀྱང་ཤེས་པ་འཁྲུལ་པའི་རྒྱུ་ཡིན་པའི་ཕྱིར་ཡོད་དོ་ཞེས་བརྗོད་པ་སྒྱུ་མའི་རྒྱུ་གཞན་གྱི་དབང་གིས་བྱུང་བ་ལ་མངོན་པར་ཞེན་པའི་དབང་གིས་ཀུན་ནས་ཉོན་མོངས་པའི་འཇུག་

པ་འབྱུང་བར་འགྱུར་བ་དེ་བཞིན་དུ་མིང་དང་གཟུགས་ལ་སོགས་པ་འདུ་བྱེད་ཀྱི་མཚན་ཉིད་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྒྱུའི་རྐྱེན་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་དབང་ཅན་སྒྱུ་མ་ལྟ་བུ་ལ་མངོན་པར་ཞེན་པའི་དབང་གིས་ཀྱང་ཀུན་ནས་ཉོན་མོངས་པའི་འཇུག་

པ་འབྱུང་བར་འགྱུར་རོ། །ཅི་ལྟར་དྲི་ཟའི་གྲོང་ཁྱེར་འོབས་རྒྱ་ཆེན་པོ་དང་སྒོ་དང་སྒོ་ཁང་དང་ཡང་ཐོག་དཀར་པོ་དགའ་བ་འཚེར་བག་ཅན་དང་ཁྱམས་ཟླ་བ་ཅན་དང་སྐར་ཁུང་དང་ཁང་པ་བརྩེགས་མ་དང་ལྡན་པའི་གྲོང་ཁྱེར་གྱི་བློ་སྐྱེ་བོའི་རྒྱུ་ནམ་མཁའ་ལ་ཡོངས་སུ་གྲུབ་པ་ལ་མངོན་པར་ཞེན་པའི་དབང་གིས་ཀུན་

ནས་ཉོན་མོངས་པའི་འཇུག་པ་འབྱུང་བར་འགྱུར་བ་དེ་བཞིན་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་ཤིང་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་དུས་ན། དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དང་དྲི་ཟའི་གྲོང་ཁྱེར་ལྟ་བུ་ལ་མངོན་པར་

ཞེན་པའི་དབང་གིས་ཀྱང་ཀུན་ནས་ཉོན་མོངས་པའི་འཇུག་པ་འབྱུང་བར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེ་དག་དགག་པ་དང་དཔེ་གསུམ་པོ་བསྟན་པའི་ཚིག་ལེའུར་བྱས་པ་དེའི་དོན་རྣམ་པ་གཞན་དུ་བཤད་པ་བསྟན་པའི་ཕྱིར་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གཞན་དག་ན་རེ་ཕ་རོལ་པོས་སྐྱེ་

เล่ม ๑๐๐ · หน้า 151b

བ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། མངོན་སུམ་གྱི་བློའི་གཟུང་བ་ཡིན་པའི་ཕྱིར་དང་། བྱེད་པ་པོ་ཡོད་པའི་ཕྱིར་དང་། རྒྱུད་ཐ་མི་དད་པས་འཛིན་པའི་ཕྱིར་དཔེར་ན་གཟུགས་བཞིན་ནོ་ཞེས་སྨྲས་པ་དེ་དག་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར་རྨི་ལམ་ལ་སོགས་པ་དཔེ་གསུམ་པོ་དག་གོ་རིམས་

བཞིན་དུ་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཞན་དག་ན་རེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཡིན་ཏེ། དེས་ན་སློབ་དཔོན་ལེགས་ལྡན་བྱེད་ཉིད་ན་རེ་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །འདི་ལ་ཕས་ཀྱི་རྒོལ་བ་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་དག་ལ་

མངོན་པར་ཞེན་པ་ཡིན་པས་ཕ་རོལ་པོ་འདི་དག་ན་རེ་སྐྱེ་བ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། མངོན་སུམ་གྱི་བློའི་གཟུང་བ་ཡིན་པའི་ཕྱིར་དཔེར་ན་གཟུགས་བཞིན་ནོ་ཞེས་ཟེར་བ་ནི་རྗེས་སུ་དཔག་པ་གཅིག་ཡིན་ནོ། །སྐྱེ་བ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བྱེད་པ་པོ་ཡོད་པའི་ཕྱིར་དཔེར་

ན་གཟུགས་བཞིན་ནོ་ཞེས་ཟེར་བ་ནི་རྗེས་སུ་དཔག་པ་གཉིས་པ་ཡིན་ནོ། །སྐྱེ་བ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། རྒྱུད་ཐ་མི་དད་པས་འཛིན་པའི་ཕྱིར་དཔེར་ན་གཟུགས་བཞིན་ནོ་ཞེས་ཟེར་བ་ནི་རྗེས་སུ་དཔག་པ་གསུམ་པ་ཡིན་ཏེ། དེ་དག་གི་རྗེས་སུ་དཔག་པ་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་

པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ནི་མིག་ལ་སོགས་པ་མངོན་སུམ་གྱི་བློའི་གཟུང་བ་ཡིན་པའི་ཕྱིར་དང་། བྱེད་པ་པོ་ཞེས་ཐ་སྙད་གདགས་པ་རྒྱུ་དང་རྐྱེན་ཡོད་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱི་རྒྱུད་ཐ་མི་དད་པས་སྤྱི་མཐུན་

དུ་འཛིན་པ་ཡིན་པའི་ཕྱིར་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཀྱང་མིག་ལ་སོགས་པ་མངོན་སུམ་གྱི་བློའི་གཟུང་བ་ཡིན་པའི་ཕྱིར་དང་། བྱེད་པ་པོ་ཞེས་ཐ་སྙད་གདགས་པ་རྒྱུ་དང་རྐྱེན་ཡོད་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱི་རྒྱུད་ཐ་མི་དད་པས་སྤྱི་མཐུན་དུ་འཛིན་པ་ཡིན་པའི་ཕྱིར་ཡོད་

པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཕ་རོལ་པོས་སྨྲས་པའི་རྗེས་སུ་དཔག་པ་གསུམ་པོ་དེ་དག་གི་གཏན་ཚིགས་དེ་གསུམ་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར་སློབ་དཔོན་གྱིས་རྨི་ལམ་ལ་སོགས་པ་དཔེ་གསུམ་པོ་དག་གོ་རིམས་བཞིན་དུ་གསུངས་ཏེ། འཇིག་རྟེན་ན་རྨི་ལམ་ཡང་ཡིད་ལ་སོགས་པའི་མངོན་སུམ་གྱི་བློའི་

เล่ม ๑๐๐ · หน้า 152a

གཟུང་བ་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་མངོན་སུམ་གྱི་བློའི་གཟུང་བ་ཡིན་པའི་ཕྱིར་དཔེར་ན་གཟུགས་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ནམ། འོན་ཏེ་མངོན་སུམ་གྱི་བློའི་གཟུང་བ་ཡིན་པའི་ཕྱིར་དཔེར་ན་རྨི་ལམ་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཡོད་པ་མ་

ཡིན་པ་ཁོ་ནར་འགྱུར་བ་མ་ངེས་པས་ཕ་རོལ་པོས་སྨྲས་པའི་རྗེས་སུ་དཔག་པ་དང་པོ་མ་གྲུབ་པོ། །དེ་བཞིན་དུ་འཇིག་རྟེན་ན་སྒྱུ་མ་ལ་ཡང་བྱེད་པ་པོ་སྒྱུ་མ་མཁན་དང་རྒྱུ་རྐྱེན་དག་ཡོད་པར་མཐོང་བས་དེས་ན་ཅི་རེ་ཞིག་བྱེད་པ་པོ་ཡོད་པའི་ཕྱིར་དཔེར་ན་གཟུགས་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཡོད་པ་

ཁོ་ན་ཡིན་ནམ། འོན་ཏེ་བྱེད་པ་པོ་ཡོད་པའི་ཕྱིར་དཔེར་ན་སྒྱུ་མ་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཡོད་པ་མ་ཡིན་པ་ཁོ་ནར་འགྱུར་བ་མ་ངེས་པས་ཕ་རོལ་པོས་སྨྲས་པའི་རྗེས་སུ་དཔག་པ་གཉིས་པ་མ་གྲུབ་བོ། །དེ་བཞིན་དུ་འཇིག་རྟེན་ན་དྲི་ཟའི་གྲོང་ཁྱེར་ཡང་རྒྱུད་ཐ་མི་དད་པས་འཛིན་པར་མཐོང་བས་དེས་

ན་ཅི་རེ་ཞིག་རྒྱུད་ཐ་མི་དད་པས་འཛིན་པའི་ཕྱིར་དཔེར་ན་གཟུགས་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ནམ། འོན་ཏེ་རྒྱུད་ཐ་མི་དད་པས་འཛིན་པའི་ཕྱིར་དཔེར་ན་དྲི་ཟའི་གྲོང་ཁྱེར་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཡོད་པ་མ་ཡིན་པ་ཁོ་ནར་གྱུར་པ་མ་ངེས་པས་ཕ་རོལ་པོས་སྨྲས་པའི་རྗེས་སུ་

དཔག་པ་གསུམ་པ་མ་གྲུབ་སྟེ། རེ་ཞིག་དེ་དག་ནི་རིག་པས་ཕ་རོལ་པོའི་སྒྲུབ་པ་སུན་ཕྱུང་ནས་དོན་དམ་པར་སྐྱེ་བ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་མ་ཡིན་ཞིང་ཀུན་རྫོབ་ཏུ་རྨི་ལམ་ལ་སོགས་པ་བཞིན་དུ་ཡོད་པར་ཁས་བླངས་པར་བསྟན་པ་ཡིན་ནོ། །ད་ནི་དེ་ཉིད་ཐེག་པ་ཆེ་ཆུང་གི་ཚད་མས་བསྒྲུབ་པར་བྱ་

སྟེ། དེ་ལ་རེ་ཞིག་ཐེག་པ་ཆུང་ངུའི་ལུང་གི་ཚད་མས་བསྒྲུབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་ཀྱི་ཐེག་པ་ལ་བདག་དང་བདག་གི་ངོ་བོ་ཉིད་མེད་པ་ཉིད་ཡིན་ཡང་དེ་ལྟར་སྣང་བའི་ཕྱིར་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་བུར་དག་

དང་མཚུངས། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །དེ་ཉིད་གཟིགས་པས་བཀའ་སྩལ་ཏོ། །ཞེས་གསུངས་ལ་ཞེས་བྱ་བ་སྨྲས་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་དོན་དམ་པར་ཆོས་ཐམས་ཅད་གང་ཟག་བདག་དང་བདག་གི་ངོ་བོ་ཉིད་མེད་པ་ཉིད་ཡིན་

เล่ม ๑๐๐ · หน้า 152b

ཡང་ཀུན་རྫོབ་ཏུ་བདག་དང་བདག་གི་ངོ་བོ་ཉིད་ཀྱི་རྣམ་པ་ད་ལྟར་སྣང་བའི་ཕྱིར་དེ་ལ་མངོན་པར་ཞེན་པ་ཉོན་མོངས་པའི་སྒྲིབ་པར་འགྱུར་བས་དེའི་གཉེན་པོར་ཕུང་པོ་དག་དབུ་བ་རྡོས་པ་ལ་སོགས་པ་དང་འདྲའོ་ཞེས་གསུངས་པས། དོན་དམ་པར་གང་ཟག་བདག་དང་བདག་གི་ངོ་བོ་ཉིད་མེད་པ་ཉིད་ཡིན་ལ་ཀུན་རྫོབ་ཏུ་དབུ་བ་

རྡོས་པ་ལ་སོགས་པ་དང་འདྲ་བ་ཙམ་དུ་ཁས་བླང་བར་བྱའོ་ཞེས་བསྟན་ཏོ། །དེ་ལ། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཞེས་བྱ་བ་ནི་བརྟག་མི་བཟོད་པའི་ཕྱིར་རོ། །ཚོར་བ་ཆུ་བུར་དག་དང་མཚུངས། །ཞེས་བྱ་བ་ནི་བྱུང་ནས་འཇིག་ཅིང་མེད་པའི་ཕྱིར་རོ། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །ཞེས་བྱ་བ་ནི་ཡང་དག་པ་

མ་ཡིན་པར་སྒྲོ་གཏགས་པའི་ཕྱིར་རོ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །ཞེས་བྱ་བ་ནི་སྙིང་པོ་དམིགས་སུ་མེད་པའི་ཕྱིར་རོ། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཞེས་བྱ་བ་ནི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །དེ་ཉིད་གཟིགས་པས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་ཏོ་ཞེས་བྱ་བའི་ཐ་ཚིག་སྟེ། ཁ་ཅིག་ལས་ནི་ཉི་མའི་གཉེན་ཀྱིས་བཀའ་སྩལ་ཏོ་ཞེས་ཀྱང་འབྱུང་ངོ་། །ཐེག་པ་ཆེན་པོའི་ལུང་གི་ཚད་མས་བསྒྲུབ་པ་བསྟན་པའི་ཕྱིར། ཐེག་པ་ཆེན་པོ་ལ་ཡང་འདུས་བྱས་རྣམས་ངོ་བོ་ཉིད་མེད་པ་ཉིད་ཡིན་ཡང་དེ་ལྟར་སྣང་ཞིང་དེ་ལྟར་བསྟན་པའི་ཕྱིར་ཉོན་མོངས་

པ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོར། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་དེ་ལྟར་བལྟ་བར་བྱ། །ཞེས་གསུངས་པས་ཞེས་བྱ་བ་སྨྲས་ཏེ། ཐེག་པ་ཆེན་པོ་ལ་དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་ཡང་ཀུན་རྫོབ་ཏུ་སྒྱུ་མ་ལ་སོགས་

པའི་ངོ་བོ་ཉིད་ཀྱི་རྣམ་པ་དེ་ལྟར་སྣང་ཞིང་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ཙམ་དུ་སྣང་བ་དེ་ལྟར་བསྟན་པའི་ཕྱིར་དེ་ལ་མངོན་པར་ཞེན་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པར་འགྱུར་བས་དེའི་གཉེན་པོར་འདུས་བྱས་ཐམས་ཅད་སྐར་མ་ལ་སོགས་པ་དང་འདྲའོ་ཞེས་གསུངས་

པས་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་ལ་ཀུན་རྫོབ་ཏུ་སྐར་མ་ལ་སོགས་པ་དང་འདྲ་བ་ཙམ་དུ་ཁས་བླང་བར་བྱའོ་ཞེས་བསྟན་ཏོ། །དེ་ལ། སྐར་མ་རབ་རིབ་མར་མེ་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་འདིས་ནི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་བཞི་བསྟན་ཏེ། རང་བཞིན་གྱི་མཚན་ཉིད་དང་།

เล่ม ๑๐๐ · หน้า 153a

རོ་མྱོང་བའི་ཡུལ་གྱི་མཚན་ཉིད་དང་། ཉེས་དམིགས་རྗེས་སུ་རྟོགས་པའི་མཚན་ཉིད་དང་། ངེས་པར་འབྱུང་བ་རྗེས་སུ་རྟོགས་པའི་མཚན་ཉིད་དོ། །དེ་ལ་ཕུང་པོ་ལྔའི་བདག་ཉིད་དངོས་པོ་ཅི་ལྟར་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྒྱུ་དང་རྐྱེན་རྣམས་ཚོགས་པས་བྱས་པའི་ཕྱིར་

འདུས་བྱས་ཞེས་བྱའོ། །དེ་དག་ཐམས་ཅད་ཀྱི་རང་བཞིན་གྱི་མཚན་ཉིད་ནི། སྐར་མ་རབ་རིབ་མར་མེ་དང་། །ཞེས་བྱ་བ་དཔེ་གསུམ་གྱིས་བསྟན་ཏེ། སྐར་མ་ཞེས་བྱ་བས་ནི་ཅི་ལྟར་སྐར་མ་རྣམས་མཚན་མོ་སྣང་བར་འགྱུར་གྱི་ཉིན་མོ་མི་སྣང་བར་དེ་བཞིན་དུ་འདུས་བྱས་འདི་ཡང་མ་རིག་པའི་ཉེས་པའི་མུན་

པ་ཡོད་ན་སྣང་གི་ཡེ་ཤེས་ཀྱི་ཉི་མའི་སྣང་བ་འབྱུང་བ་ན་མི་སྣང་བས་སྐར་མ་ལྟ་བུའི་རང་བཞིན་དུ་བལྟ་བར་བྱའོ། །རབ་རིབ་ཅེས་བྱ་བས་ནི་གང་ཟག་དང་ཆོས་སུ་ལྟ་བ་ལ་མངོན་པར་ཞེན་པའི་རང་བཞིན་གྱི་འདུས་བྱས་ནི་དོན་མེད་པར་སྣང་བའི་རྒྱུས་རབ་རིབ་ལྟ་བུར་བལྟ་བར་བྱའོ། །མར་མེ་ཞེས་བྱ་བས་

ནི་རྣམ་པར་ཤེས་པའི་མཚན་ཉིད་ནི་ལས་ཀྱི་རས་དང་སྲེད་པའི་སྣུམ་ལ་བརྟེན་ཏེ་སྐྱེ་ཞིང་འབར་བས་མར་མེ་ལྟ་བུར་བལྟ་བར་བྱའོ། །རོ་མྱོང་བའི་ཡུལ་ཀྱི་མཚན་ཉིད་ནི་སྒྱུ་མའི་དཔེས་བསྟན་ཏེ། ནོར་བའི་རྣམ་པར་སྣང་བའི་ཕྱིར་རོ། །ཉེས་དམིགས་རྗེས་སུ་རྟོགས་པའི་མཚན་ཉིད་ནི་རྣམ་པ་གཉིས་

ཏེ། མི་རྟག་པར་རྗེས་སུ་རྟོགས་པ་དང་། སྡུག་བསྔལ་བར་རྗེས་སུ་རྟོགས་པའོ། །དེ་ལ་ཟིལ་པའི་དཔེས་ནི་མི་རྟག་པར་རྗེས་སུ་རྟོགས་པ་བསྟན་ཏེ། ཡུན་རིང་དུ་མི་གནས་པའི་ཕྱིར་རོ། །ཆུ་བུར་གྱི་དཔེས་ནི་སྡུག་བསྔལ་བར་རྗེས་སུ་རྟོགས་པ་བསྟན་ཏེ། ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་ཡིན་ལ་ཚོར་

བ་གང་ཅི་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་གསུངས་པའི་ཕྱིར་རོ། །ཚོར་བ་ཐམས་ཅད་ནི་སྡུག་བསྔལ་རྣམ་པ་གསུམ་གྱི་སྡུག་བསྔལ་དུ་རིག་པར་བྱ་སྟེ། དེ་ལ་སྡུག་བསྔལ་གྱི་ཚོར་བ་དང་། གང་དག་དེ་དང་མཐུན་པའི་འདུ་བྱེད་དེ་དག་ནི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །བདེ་བའི་ཚོར་

བ་དང་། གང་དག་དེ་དང་མཐུན་པའི་འདུ་བྱེད་དེ་དག་ནི་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་། གང་དག་དེ་དང་མཐུན་པའི་འདུ་བྱེད་དེ་དག་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །ངེས་པར་འབྱུང་བ་རྗེས་སུ་རྟོགས་

เล่ม ๑๐๐ · หน้า 153b

པའི་མཚན་ཉིད་ནི་གང་ཟག་དང་ཆོས་སྟོང་པར་རྗེས་སུ་རྟོགས་པའི་དམིགས་པ་དེས་ངེས་པར་འབྱུང་བ་སྟེ། རྨི་ལམ་གློག་དང་སྤྲིན་ལྟ་བུར། །ཞེས་བྱ་བའི་དཔེ་གསུམ་གྱིས་བསྟན་ཏོ། །དེ་ལ་རྨི་ལམ་གྱི་དཔེས་ནི་འདས་པའི་འདུས་བྱས་དེ་དག་བདག་མེད་པ་རྣམ་པ་གཉིས་སུ་རྗེས་སུ་རྟོགས་པ་བསྟན་ཏོ། །

གློག་གི་དཔེས་ནི་ད་ལྟར་བྱུང་བ་རྣམས་གཅིག་དང་དུ་མའི་རང་བཞིན་དང་མི་ལྡན་པས་རང་བཞིན་གཟུང་དུ་མེད་པའི་ཕྱིར་བདག་མེད་པ་གཉིས་པོ་དེ་རྗེས་སུ་རྟོགས་པ་བསྟན་ཏོ། །སྤྲིན་གྱི་དཔེས་ནི་དེའི་ས་བོན་གནས་ངན་ལེན་མ་འོངས་པའི་བདག་ཉིད་སྤྲིན་ལྟ་བུས་སེམས་ནམ་མཁའ་ལྟ་བུ་ལ་འབྲས་བུ་སྐྱེད་

པ་རྣམས་གཅིག་དང་དུ་མའི་རང་བཞིན་དང་མི་ལྡན་པས་རང་བཞིན་གཟུང་དུ་མེད་པའི་ཕྱིར་བདག་མེད་པ་གཉིས་པོ་དེ་རྗེས་སུ་རྟོགས་པ་བསྟན་ཏོ། །འདུས་བྱས་དེ་ལྟར་བལྟ་བར་བྱ། །ཞེས་བྱ་བས་ནི་དཔེ་རྣམ་པ་དགུ་པོ་དེ་དག་གིས་མཚོན་པའི་དོན་གྱི་དངོས་པོ་བསྟན་ཏེ། ཕུང་པོ་ལྔའི་བདག་ཉིད་དངོས་པོ་ཅི་ལྟར་

སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྒྱུ་དང་རྐྱེན་རྣམས་ཚོགས་པས་བྱས་པའི་ཕྱིར་འདུས་བྱས་ཞེས་བྱ་སྟེ། འདུས་བྱས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་དེ་ལྟར་བལྟ་བར་བྱའོ་ཞེས་གསུངས་སོ། །དེ་དག་གིས་ནི་འདི་ལ་བྱང་ཆུབ་སེམས་དཔས་རྟག་ཏུ་འདུས་བྱས་ཐམས་ཅད་རང་བཞིན་དེ་ལྟར་བརྟག་པ་

ལ་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་དང་། རྣལ་འབྱོར་ལ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དང་། གཡེང་བ་ཚར་གཅད་ནས་སེམས་རབ་ཏུ་གཟུང་བར་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་མཐའ་དག་རྣམ་པར་འཇོག་པས་ཟབ་པ་དང་རྒྱ་ཆེ་བ་ཡང་བསྟན་ཏོ། །དེའི་

ཕྱིར་འདི་ལ་སྐྲག་པའི་གནས་མེད་དེ། བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་བརྟགས་ནས་བཟོད་པ་བསྐྱེད་པར་བྱའོ་ཞེས་ཟེར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཡང་དག་པར་འཛིན་དུ་གཞུག་པ་ཡིན་ཏེ། དེ་ལྟར་རིགས་པ་དང་ལུང་གི་ཚད་མས་ཅི་སྐད་བསྟན་པ་དེའི་ཕྱིར་དེ་བཞིན་གཤེགས་པ་དེའི་

གསུང་རབ་དང་དབུ་མའི་བསྟན་བཅོས་འདི་ལ་ཀུན་རྫོབ་ཏུ་ཡང་བདག་དང་ཆོས་སུ་ཉེ་བར་གདགས་པའི་དངོས་པོ་ཐམས་ཅད་མེད་དོ་སྙམ་དུ་སེམས་པའི་སྐྲག་པའི་གནས་མེད་དོ། །བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཀུན་རྫོབ་ཏུ་བདག་དང་ཆོས་སུ་ཉེ་བར་གདགས་པའི་གཞི་འདུས་བྱས་ཀྱི་སྐྱེ་བ་ལ་

เล่ม ๑๐๐ · หน้า 154a

སོགས་པ་དག་རྨི་ལམ་ལ་སོགས་པ་བཞིན་དུ་ཐ་སྙད་གདགས་སུ་ཡོད་པ་དང་། དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་ཡོངས་སུ་བརྟགས་ནས་དེ་བཞིན་གཤེགས་པའི་གསུང་རབ་དང་དབུ་མའི་བསྟན་བཅོས་འདི་ལ་བཟོད་པ་བསྐྱེད་པར་བྱའོ་ཞེས་སློབ་དཔོན་ལེགས་ལྡན་བྱེད་ཉིད་དེ་

སྐད་ཅེས་ཟེར་རོ། །གཞན་དག་ན་རེ་བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་བདག་མེད་པའི་དཔེར་སྒྱུ་མ་དང་བྲག་ཅ་དང་གཟུགས་བརྙན་དང་སྨིག་རྒྱུ་དང་རྨི་ལམ་དང་དབུ་བ་རྡོས་པ་དང་ཆུའི་ཆུ་བུར་དང་ཆུ་ཤིང་གི་ཕུང་པོ་དག་བསྟན་ཏེ། འདི་ལ་དེ་བཞིན་ཉིད་དམ་མ་ནོར་བ་དེ་བཞིན་ཉིད་ནི་འགའ་ཡང་

མེད་ཀྱི་འདི་དག་ནི་སྤྲོས་པ་ཡང་ཡིན་ལ་འདི་དག་ནི་བརྫུན་པ་ཡང་ཡིན་ནོ་ཞེས་ཀྱང་གསུངས་སོ། །ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བ་ལ་བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ། བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་

པ་མཚན་ཉིད་གསུམ་པོ་དག་རྨི་ལམ་ལ་སོགས་པ་དཔེ་གསུམ་པོ་དག་དང་འདྲ་བར་གསུངས་པའི་ཚིག་ལེའུར་བྱས་པ་དེ་བཤད་པའི་སྐབས་འདི་ལ་འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏ་ནི་དེ་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །གཞན་མ་ཡིན་པ་ན་རེ་དེ་ལ་འདིར་བདག་ཏུ་སྣང་བ་ནི་

ནོར་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར་དང་། བདག་ཅེས་བྱ་བའི་སྒྲ་ཡང་བདག་གི་ཚིག་ཡིན་པའི་ཕྱིར་དེ་དག་ལ་བདག་གཞན་ཡང་མེད་ལ་རང་ཉིད་ཀྱང་མ་ཡིན་ཏེ། དབང་ཕྱུག་མ་ཡིན་པ་བཞིན་པས་ཁུངས་དེས་ནི་ཉན་ཐོས་ཀྱི་ཐེག་པ་ལ་གང་ཟག་བདག་མེད་པའི་སྒྲའི་དོན་བྱེ་བྲག་ཏུ་རྟོགས་

པར་བྱ་བ་ཡིན་པའི་ཕྱིར་ཆོས་བདག་མེད་པ་ཉིད་བསྟན་པར་མི་ནུས་སོ། །ནུས་པར་གྱུར་ན་ནི་ཐེག་པ་གཞན་ཡོངས་སུ་གཟུང་བ་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བས་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་མི་རིགས་པར་སུན་འབྱིན་

པའི་ཚིག་ཡིན་ནོ། །གཞན་མ་ཡིན་པ་ན་རེ་ཞེས་བྱ་བ་ལ་གཞན་མ་ཡིན་པ་ནི་རང་ཉིད་ཡིན་པས་སློབ་དཔོན་ལེགས་ལྡན་བྱེད་ཉིད་ན་རེ་འདི་སྐད་ཅེས་ཟེར་ཏེ། གནས་བརྟན་བུད་དྷ་པཱ་ལི་ཏས་བཅོམ་ལྡན་འདས་ཀྱིས་ཆོས་བདག་མེད་པའི་དཔེར་སྒྱུ་མ་དང་བྲག་ཅ་ལ་སོགས་པ་དག་བསྟན་ཏོ་ཞེས་བཤད་

เล่ม ๑๐๐ · หน้า 154b

པ་དང་། བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ། བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་རོ་ཞེས་བཤད་པ་དེ་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་ཁུངས་དེ་ནི་ཉན་ཐོས་ཀྱི་ཐེག་པ་ལ་གང་ཟག་བདག་མེད་པའི་དོན་བྱེ་བྲག་ཏུ་

རྟོགས་པར་བྱ་བའི་དཔེ་དང་དོན་དང་སྒྲར་གསུངས་པ་ཡིན་པ་ལས་གནས་བརྟན་བུད་དྷ་པཱ་ལི་ཏས་དེ་དག་ཆོས་བདག་མེད་པའི་དོན་བྱེ་བྲག་ཏུ་རྟོགས་པར་བྱ་བའི་དཔེ་དང་དོན་དང་སྒྲ་ཡིན་པར་གསུངས་སོ་ཞེས་བཤད་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་དོན་དམ་པར་གང་ཟག་

བདག་དང་བདག་གི་ངོ་བོ་ཉིད་མེད་པ་ཉིད་ཡིན་པ་ལས་ཀུན་རྫོབ་ཏུ་བདག་ཏུ་སྣང་བ་ནི་ནོར་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་དག་ལ་གང་ཟག་བདག་མེད་པ་ཉིད་བསྟན་པའི་ཕྱིར་བདག་མེད་དོ་ཞེས་གསུངས་པའི་བདག་གི་སྒྲ་ནི་ཆོས་ཀྱི་ཚིག་མ་ཡིན་གྱི་བདག་གི་ཚིག་ཡིན་པའི་

ཕྱིར་ཕུང་པོ་ལྔ་པོ་དེ་དག་ལ་གང་ཟག་བདག་གཞན་ཡང་མེད་ལ། ཕུང་པོ་ལྔ་པོ་དེ་དག་རང་ཉིད་ཀྱང་བདག་མ་ཡིན་ཏེ་དཔེར་ན་དབང་ཕྱུག་མ་ཡིན་ནོ་ཞེས་བྱ་བས་དེ་ལ་དབང་ཕྱུག་གཞན་ཡང་མེད་ལ་དེ་ཉིད་ཀྱང་དབང་ཕྱུག་མ་ཡིན་པར་བསྟན་པ་བཞིན་པས། བཅོམ་ལྡན་འདས་ཀྱིས་གསུངས་པའི་

ཁུངས་དེས་ནི་ཉན་ཐོས་ཀྱི་ཐེག་པ་ལ་གང་ཟག་བདག་མེད་པའི་སྒྲའི་དོན་བྱེ་བྲག་ཏུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཆོས་བདག་མེད་པ་ཉིད་བསྟན་པར་མི་ནུས་སོ། །གལ་ཏེ་ནུས་པར་གྱུར་ན་ནི་ཐེག་པ་ཆེན་པོ་གཞན་ཡོངས་སུ་གཟུང་བ་དོན་མེད་པ་ཉིད་དུ་འགྱུར་བ་ཞིག་ན་མི་འགྱུར་བས་དེའི་ཕྱིར། བཅོམ་

ལྡན་འདས་ཀྱིས་འདུ་བྱེད་རྣམས་བདག་མེད་པའི་དཔེར་སྒྱུ་མ་དང་བྲག་ཅ་ལ་སོགས་པ་དག་བཀའ་སྩལ་པ་ཡང་གང་ཟག་བདག་མེད་པའི་དཔེར་བཀའ་སྩལ་པ་ཡིན་ལ། ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པ་ཡང་གང་ཟག་བདག་མེད་པའི་དོན་དུ་གསུངས་པ་ཡིན་གྱི་ཆོས་ངོ་བོ་ཉིད་མེད་པའི་

དོན་དུ་གསུངས་པ་མ་ཡིན་ལ། བདག་ཅེས་བྱ་བའི་སྒྲ་ཡང་གང་ཟག་ཅེས་བྱ་བའི་ཚིག་ཡིན་གྱི་ཆོས་ཀྱི་ངོ་བོ་ཉིད་ཀྱི་ཚིག་མ་ཡིན་པ་ལས་གནས་བརྟན་བུད་དྷ་པཱ་ལི་ཏས་དེ་དག་ཆོས་བདག་མེད་པའི་དཔེ་དང་དོན་དང་སྒྲ་གསུངས་སོ་ཞེས་བཤད་པ་དེ་རིགས་པ་མ་ཡིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་

เล่ม ๑๐๐ · หน้า 155a

རབ་ཏུ་བྱེད་པའི་དང་པོར་བསྒྲུབ་པ་སྨྲས་པའི་སྐྱོན་བརྗོད་པས་འདུས་བྱས་རྣམས་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པའི་རབ་ཏུ་བྱེད་པ་བདུན་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་

བུར་ལྟ་བ་ནི་ཕ་རོལ་པོས་སྔར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་འདུས་ཀྱི་ངོ་བོ་ཉིད་ཡོད་པར་བསྒྲུབ་པའི་ཕྱོགས་སྔ་མ་དོན་དམ་པར་འདུས་བྱས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་འདུས་བྱས་ཀྱི་ངོ་བོ་ཉིད་དག་ཡོད་པ་ཁོ་ནར་གཟུང་བར་བྱ་སྟེ། སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་

དག་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་དག་གི་སྒྲུབ་པའི་སྐྱོན་བརྗོད་པས་འདུས་བྱས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འདུས་བྱས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཡོད་པ་བསྟན་པའི་ཕྱིར་དང་། །འདུས་བྱས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་

པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ་དེའི་ཕྱིར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། རབ་འབྱོར་ཅི་ཙམ་དུ་འདུས་བྱས་ཡིན་པ་

ཙམ་དུ་བརྫུན་ནོ་ཞེས་བྱ་བ་གསུངས་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་གང་འདུས་བྱས་ལ་མི་སྤྱོད་པ་དང་འདུས་མ་བྱས་ལ་མི་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བ་གསུངས་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེའི་མཐའ་གཞན་

དག་ལས་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ལ་གནས་པ་སྟེ། དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་འདུས་བྱས་ཀྱང་མེད་འདུས་མ་བྱས་ཀྱང་མེད་དོ། །གང་ལ་འདུས་བྱས་ཀྱང་མེད་འདུས་མ་བྱས་ཀྱང་མེད་པ་དེ་ལ་ནི་གཉིས་སུ་འཇུག་པ་མེད་དོ། །གང་ལ་གཉིས་སུ་འཇུག་པ་མེད་པ་དེ་ནི་དེ་བཞིན་

ཉིད་དོ་ཞེས་བྱ་བ་གསུངས་པ་དང་། དེ་བཞིན་དུ་འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཚངས་པ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ཅི་ཡོད། སྨྲས་པ། འཇམ་དཔལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་

เล่ม ๑๐๐ · หน้า 155b

སྙད་ཙམ་དུ་ཐ་དད་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་གཟུངས་འདི་འཛིན་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་རློམ་སེམས་སུ་མི་བྱེད་དམིགས་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་

གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་ནོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་

པ་འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་སྐྱེ་བའི་ཆོས་ཅན་ཡང་མ་ཡིན། འགག་པའི་ཆོས་ཅན་ཡང་མ་ཡིན་ནོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་

བྱེད་རྣམས་དང་རྣམ་པར་ཤེས་པ་སྐྱེ་བའི་ཆོས་ཅན་ཡང་མ་ཡིན་འགག་པའི་ཆོས་ཅན་ཡང་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་རྟོག་པ་མ་གཏོགས་པར་འདུས་བྱས་དང་འདུས་མ་བྱས་མེད་དེ་བྱིས་པ་རྨོངས་པ་རྣམས་ནི་མོ་གཤམ་གྱིས་རྨི་ལམ་ན་བུ་མཐོང་བ་དེ་བཞིན་དུ་འདུས་

བྱས་དང་འདུས་མ་བྱས་ཞེས་འཛིན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་འདུས་བྱས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་ཡིན་ཏེ། དེའི་ཕྱིར་ཁོ་བོ་རང་གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱི་འདུས་བྱས་

རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་མ་ཡིན་ཏེ། འདི་ལྟར་ལུང་དེ་དག་ཀྱང་ཡོད་དོ། །གང་གི་ཕྱིར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་འདུས་བྱས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེ་དག་འདིར་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ནི་སློབ་དཔོན་

གྱི་ཞལ་སྔ་ནས་ཀྱིས་མཁྱེན་རླབས་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བདུན་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་

เล่ม ๑๐๐ · หน้า 156a

བར་སྦྱར་བ་རྫོགས་སོ།། །།བམ་པོ་བཞི་བཅུ་གཅིག་པ། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བརྒྱད་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་

བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་

ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས་འདིར་ཡང་བསྟན་བཅོས་མཛད་པས་ཅི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། སྟོང་པ་

ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཉིད་དུ་

སྟོན་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས། བྱེད་པ་པོ་དང་ལས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དག་ཡིན་ནོ་དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་

དབང་དུ་བྱས་ནས་རབ་ཏུ་བྱེད་པ་བརྒྱད་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བརྒྱད་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། བྱེད་པ་པོ་དང་ལས་བརྟག་པའི་རབ་

ཏུ་བྱེད་པ་བརྒྱད་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་ཅེས་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན་རྣམ་པ་གང་གིས་ནི་འབྲས་བུ་དེ་ཐོབ་ཅེ་ན། ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་

เล่ม ๑๐๐ · หน้า 156b

པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས། དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །

སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་དེ་ལྟར་བཀག་ཏུ་ཟིན་ཀྱང་དེ་དག་ལ་མངོན་པར་ཞེན་པ་རང་གི་སྡེ་པ་དག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་

བྱ་བར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་

པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་གང་མེད་པ་ལ་ནི་བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་བྱེད་པ་པོ་དང་ལས་མ་བསྟན་ཏེ། དཔེར་ན་བོང་བུ་དང་རྔ་མོའི་རྭ་དག་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །ཕུང་པོ་ལ་སོགས་པ་དག་ལ་ནི་བཅོམ་ལྡན་འདས་ཀྱིས་དེ་དག་

ལ་བརྟེན་ནས་བྱེད་པ་པོ་དང་ལས་བསྟན་པ་འདི་ཡོད་དེ། ལེགས་པར་སྤྱད་པའི་ཆོས་སྤྱད་བྱ། །ཉེས་པར་སྤྱད་པ་དེ་མི་སྤྱད། །ཆོས་སྤྱོད་འཇིག་རྟེན་འདི་དང་ནི། །ཕ་རོལ་དུ་ཡང་བདེ་བར་གནས། །ཞེས་བྱེད་པ་པོ་དང་ལས་ཀྱང་བསྟན་ཏོ་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། ཚིགས་སུ་བཅད་

པའི་ཕྱེད་འོག་མས་ནི་བྱེད་པ་པོ་བསྟན་ལ། ཕྱེད་གོང་མས་ནི་ལས་བསྟན་ཏོ། །ལས་བསྟན་པ་དེ་ཉིད་ཀྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པའི་ཕྱིར་དེ་ལ་ཆོས་མངོན་པ་ལས། ལས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་

དགེ་བ་ཡང་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་ཀུན་ནས་བླང་བ་དང་དོན་དམ་པ་པའི་བྱེ་བྲག་གིས་རྣམ་པ་བཞིའོ་ཉེས་བྱ་བ་ནི་ཆོས་མངོན་པ་ལས། དོན་དམ་དགེ་བ་ཐར་པ་སྟེ། །ངོ་བོ་རྩ་བ་ངོ་ཚ་ཁྲེལ། །མཚུངས་ལྡན་དེ་དང་ལྡན་པ་སྟེ། །ཀུན་ནས་བསླང་བ་བྱ་ལ་སོགས། །ཞེས་བྱ་བས་ངོ་བོ་ཉིད་ཀྱིས་

เล่ม ๑๐๐ · หน้า 157a

འཕྲོད་པའི་སྨན་དང་། དེ་དང་ལྡན་པའི་སྨན་ཁུ་དང་། དེས་ཀུན་ནས་བསླང་བའི་སྨན་མར་ལ་སོགས་པའི་དཔེས་ངོ་བོ་ཉིད་ཀྱི་དགེ་བ་ནི་མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པ་གསུམ་པ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ། །མཚུངས་པར་ལྡན་པའི་དགེ་བ་ནི་དེ་དག་དང་

མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཀུན་ནས་བསླང་བའི་དགེ་བ་ནི་དེ་དག་གིས་ཀུན་ནས་བསླང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་སོ། །དོན་དམ་པ་པའི་དགེ་བ་ནི་ཐར་པའོ་ཞེས་བཤད་པ་ཡིན་ནོ། །མི་དགེ་བ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་མཚུངས་པར་

ལྡན་པ་དང་ཀུན་ནས་བསླང་བ་དང་། འཁོར་བའི་བྱེ་བྲག་གིས་རྣམ་པ་བཞི་སྟེ། འཁོར་བའི་མི་དགེ་བ་ནི་འཁོར་བར་གཏོགས་པ་ཐམས་ཅད་དེ་ལོག་པར་ལྟ་བ་ལ་སོགས་པ་འཁོར་བ་པའི་མི་དགེ་བ་རྣམས་སོ། །ལུང་དུ་མ་བསྟན་པ་ཡང་རྣམ་པར་སྨིན་པ་ལས་སྐྱེས་པ་དང་སྤྱོད་ལམ་ལས་བྱུང་བ་དང་བཟོའི་

གནས་ལས་བྱུང་བ་དང་སྤྲུལ་པ་ལས་བྱུང་བའི་བྱེ་བྲག་གིས་རྣམ་པ་བཞིའོ་ཞེས་འབྱུང་བས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་རྣམ་པར་སྨིན་པར་འགྱུར་བ་ལས་སྐྱེས་པའི་འབྲས་བུ་དང་། སྤྱོད་ལམ་བྱེད་པ་ལས་བྱུང་བའི་སེམས་དང་། བཟོའི་གནས་བྱེད་པ་ལས་བྱུང་བའི་སེམས་དང་། སྤྲུལ་པ་

བྱེད་པ་ལས་བྱུང་བའི་སེམས་དག་ནི་ལུང་དུ་མ་བསྟན་པའོ་ཞེས་འབྱུང་ངོ་། །དེའི་ཕྱིར་གཏན་ཚིགས་ཅི་སྐད་སྨོས་པའི་མཐུས་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འདི་ན་བཅོམ་ལྡན་འདས་ཀྱིས་བོང་བུའི་རྭ་

ལ་སོགས་པ་མེད་པ་གང་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་མ་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་པ་མ་ཡིན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གང་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་

འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་གལ་ཏེ་དོན་དམ་པར་དེ་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདོད་ན་ནི་དོན་མ་གྲུབ་པ་ཉིད་དོ། །འོན་ཏེ་དབྱུག་པས་མ་བཟློག་པའི་ཕྱིར་ཐ་སྙད་དུ་འདོད་ན་ནི་དོན་འགལ་བ་ཉིད་དང་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ། །

เล่ม ๑๐๐ · หน้า 157b

བཅོམ་ལྡན་འདས་ཀྱིས་དོན་དམ་པར་དེ་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་བསྟན་ཏོ་ཞེས་བྱར་ཡང་དཔེ་མེད་དེ། འདི་ལྟར་དོན་དམ་པར་དངོས་པོ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་ཅི་ལྟར་དེ་དག་མི་འཐད་པ་དེ་ལྟར་བརྟག་པར་བྱ་སྟེ་འདི་ལ་བྱེད་པ་པོ་དེ་ཡང་ཡིན་པར་གྱུར་པའམ། མ་ཡིན་པར་གྱུར་

པའམ། ཡིན་པ་དང་མ་ཡིན་པར་གྱུར་པ་ཞིག་ལས་བྱེད་པར་འགྱུར་ཞིང་ལས་ཀྱང་ཡིན་པར་གྱུར་པའམ་མ་ཡིན་པར་གྱུར་པའམ། ཡིན་པ་དང་མ་ཡིན་པར་གྱུར་པ་ཞིག་བྱེད་པ་པོའི་བྱ་བར་འགྱུར་གྲང་ན། དེ་དག་རྣམ་པ་ཐམས་ཅད་དུ་མི་འཐད་པས་དེའི་ཕྱིར་བཤད་པ་ཞེས་བྱ་བས་ནི་ཕ་རོལ་པོ་དག་ཕུང་པོ་ལ་

སོགས་པ་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱིས་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ་ཞེས་སྒྲུབ་པའི་གཏན་ཚིགས་ཀྱི་དོན་མི་འགྲུབ་པས་བསྒྲུབ་པར་བྱ་བ་ཡང་མི་འགྲུབ་པར་བསྟན་ཏོ། །དེ་ལ་འདིར་འགྲེལ་པ་བྱེད་

པས་བྱེད་པ་པོ་དང་ལས་བརྟག་པའི་མུ་རྣམ་པ་དྲུག་ཉེ་བར་གཞག་སྟེ། དེ་ལ་ཡང་མུ་དང་པོ་གསུམ་ནི་བྱེད་པ་པོ་བརྟག་པ་ཡིན་ལ། མུ་ཐ་མ་གསུམ་ནི་ལས་བརྟག་པ་ཡིན་ནོ། །དེ་ལ་བྱེད་པ་པོ་བརྟག་པའི་མུ་གསུམ་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལས་མི་བྱེད་པ་དང་། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་

མི་བྱེད་པ་དང་། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་མི་བྱེད་པའོ། །ལས་བརྟག་པའི་མུ་གསུམ་ནི་ལས་ཡིན་པར་གྱུར་པ་བྱེད་པ་པོའི་བྱ་བ་ཡིན་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོའི་བྱ་བ་མ་ཡིན་པ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོའི་བྱ་བ་མ་ཡིན་པའོ། །དེ་དག་ཀྱང་

བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་འགྱུར་བ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་

པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด