ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๐ · หน้า 158a
པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་
པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་། མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་
ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་
བརྟག་པ་རྣམ་པ་དགུས་དེ་དག་རྣམ་པ་ཐམས་ཅད་དུ་མི་འཐད་པར་སྟོན་ཏོ། །དེ་ལ་རེ་ཞིག་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་དང་པོའི་ཕྱོགས་བསྟན་པའི་ཕྱིར། བྱེད་པོ་ཡིན་པར་གྱུར་པ་དེ། །
ལས་སུ་གྱུར་པ་མི་བྱེད་དོ། །འདི་ནི་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཕྱོགས་ཡིན་ནོ། །བྱེད་པ་པོ་ཡིན་པར་གྱུར་པ་དང་ལས་ཡིན་པར་གྱུར་པའི་མཚན་ཉིད་བསྟན་པའི་ཕྱིར་དེ་ལ་བྱེད་པ་པོ་ཡིན་པར་གྱུར་པ་ནི་བྱ་བ་དང་ལྡན་པའོ། །ལས་ཡིན་པར་གྱུར་པ་ཡང་བྱ་བ་དང་ལྡན་པའོ་ཞེས་བྱ་
བ་སྨྲས་སོ། །དེས་དེ་མི་བྱེད་པ་དང་། དེ་དེའི་བྱ་བ་མ་ཡིན་པར་སྒྲུབ་པ་ནི་འོག་ནས་སྟོན་ཏོ། །བྱེད་པ་པོ་མ་ཡིན་པར་གྱུར་པ། ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་གཉིས་པའི་ཕྱོགས་བསྟན་པའི་ཕྱིར། བྱེད་པོ་
མ་ཡིན་གྱུར་པ་ཡང་། །ལས་སུ་མ་གྱུར་མི་བྱེད་དོ། །འདི་ཡང་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ཡང་ཕྱོགས་ཡིན་ནོ། །བྱེད་པ་པོ་མ་ཡིན་པར་གྱུར་པ་དང་། ལས་མ་ཡིན་པར་གྱུར་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་ཡང་བྱེད་པ་པོ་མ་ཡིན་པར་གྱུར་པ་དང་། ལས་མ་ཡིན་པར་
เล่ม ๑๐๐ · หน้า 158b
གྱུར་པ་ནི་དེ་ལས་བཟློག་པའོ་ཞེས་བྱ་བ་སྨྲས་ཏེ། དམ་བཅའ་བ་ཉེ་བར་གཞག་པ་སྔ་མའི་སྐབས་སུ་བསྟན་པ་ལས་བཟློག་པ་ཡིན་ནོ། །བྱེད་པ་པོ་དང་ལས་དང་མི་བྱེད་པའི་མཚན་ཉིད་བསྟན་པའི་ཕྱིར་བྱེད་པ་པོ་ཞེས་བྱ་བ་ནི་བྱ་བ་བྱེད་པའོ། །ལས་ཞེས་བྱ་བ་ནི་བྱ་བའོ། །མི་བྱེད་དོ་ཞེས་བྱ་བ་ནི་བྱ་བ་མི་བྱེད་པའོ་
ཞེས་བྱ་བ་སྨྲས་སོ། །དེས་དེ་མི་བྱེད་པ་དང་དེ་དེའི་བྱ་བ་མ་ཡིན་པར་སྒྲུབ་པ་ཡང་འོག་ནས་སྟོན་ཏོ། །དེ་ལ་རེ་ཞིག་དམ་བཅས་པའི་དོན་ཉེ་བར་གཞག་པ་སྔ་མ་བསྒྲུབ་པའི་ཕྱིར་བཤད་པ་ཞེས་བྱ་བས་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་
གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་དང་པོ་སྟོན་ཏོ། །ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་བྱ་བས་ནི་བྱེད་པ་པོ་དགག་པའི་སྒྲུབ་པའི་ཆོས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར། བྱེད་པ་པོ་གང་བྱ་བ་ལ་མི་ལྟོས་པ་ཞིག་བྱེད་པ་པོའི་ངོ་བོ་ཉིད་དུ་འདོད་ན་དེ་ལ་བྱ་བ་དང་ལས་མེད་དེ་བྱ་བ་མེད་པར་ཡང་དེ་གྲུབ་པའི་
ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བྱེད་པ་པོ་ཡིན་པར་གྱུར་པ་ནི་སྔ་ནས་བྱ་བ་དང་ལྡན་པ་ཡིན་པས་དེ་ལ་ད་ལས་བྱེད་པའི་བྱ་བ་གཉིས་པ་མེད་པས་བྱེད་པ་པོ་ཡིན་པར་གྱུར་པ་ནི་ལས་མི་བྱེད་པའི་སྒྲུབ་པའི་ཆོས་ཡིན་ནོ། །དེའི་ཕྱིར་བྱ་བ་དང་ལྡན་པ་ལས་ཁྱད་པར་ཡོད་པར་ཡང་མི་རིགས་པས་བྱེད་པ་པོ་ལས་བྱེད་
དོ་ཞེས་བྱ་བ་དེ་མི་འཐད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བྱེད་པ་པོ་སྔ་ནས་བྱེད་པ་དང་ལྡན་པ་དེ་ལ་ད་ལས་བྱེད་པའི་བྱ་བ་གཉིས་པ་མེད་པར་ཡང་ལས་བྱེད་དོ་ཞེས་བརྟག་ན། བྱ་བ་དང་ལྡན་པ་ལས་བྱེད་པ་ལས་ཁྱད་པར་ཡོད་པར་ཡང་མི་རིགས་པས་བྱེད་པ་པོ་ཡིན་པར་གྱུར་པ་ལས་བྱེད་དོ་
ཞེས་བྱ་བ་དེ་མི་འཐད་དོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །ཡང་ན། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་བྱ་བ་ནི་ཆོས་མཐུན་པའི་དཔེའི་ཚིག་ཡིན་ནོ་ཞེས་བྱ་བ་ནི་ཡང་ན་རྩ་བ་དེས་ནི། བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པའི་ཆོས་མཐུན་པའི་དཔེ་བསྟན་ཏེ། མཆོད་སྦྱིན་བྱེད་པ་
པོ་ཡིན་པར་གྱུར་པ་གང་ལ་བསྒྲུབ་པར་བྱ་བ་ཆོས་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། སྒྲུབ་པའི་ཆོས་བྱེད་པ་པོ་ཡིན་པའི་ཕྱིར་ཞེས་བྱ་བ་དག་ཡོད་པ་དེ་འདིར་དཔེ་ཉིད་དུ་བྱའོ། །ད་ནི་དེའི་ཚད་མ་བསྟན་པའི་ཕྱིར་འདིར་རྗེས་སུ་དཔག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དོན་དམ་པར་བྱེད་པ་པོ་ཡིན་པར་གྱུར་
เล่ม ๑๐๐ · หน้า 159a
པ་ལྷས་བྱིན་ཞེས་བྱ་བ་བརྟེན་ཏེ་བཏགས་པ་དང་། མུ་སྟེགས་བྱེད་གྱིས་ཡོངས་སུ་བརྟགས་པ་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་དགེ་བ་དང་མི་དགེ་བ་མི་བྱེད་དེ། བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་
དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བྱེད་པ་པོ་ཡིན་པར་གྱུར་པ་མཆོད་སྦྱིན་ནི་བྱེད་པ་པོ་ཡིན་པའི་ཕྱིར་ལྷས་བྱིན་གྱི་རྒྱུད་ལ་ལས་ཡིན་པར་གྱུར་པ་དགེ་བ་དང་མི་དགེ་བ་མི་བྱེད་པ་དེ་བཞིན་དུ། བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་བྱ་བ་ཆོས་འདི་པ་དག་གིས་ཕུང་པོ་ལྔ་ལ་བརྟེན་ཏེ་
གང་ཟག་ཅེས་བརྟགས་པ་དང་གཞན་མུ་སྟེགས་བྱེད་པ་དག་གིས་ནང་གི་བྱེད་པའི་སྐྱེས་བུ་ཞེས་བྱ་བར་ཡོངས་སུ་བརྟགས་པ་ཡང་། བྱེད་པ་པོ་ཡིན་པའི་ཕྱིར་ལྷས་བྱིན་གྱི་རྒྱུད་ལ་ལས་ཡིན་པར་གྱུར་པ་དགེ་བ་དང་མི་དགེ་བ་མི་བྱེད་དོ། །ཡང་ན་བྱེད་པ་པོ་ཡིན་པར་གྱུར་པ་ཉེ་བར་བཏགས་པ་མ་ཡིན་པ་ཅི་ལྟར་
གཟེགས་ཟན་པ་དག་གིས་བདག་བྱེད་པ་པོ་ཉིད་དུ་བརྟགས་པ་ལྟ་བུ་དེ་དག་གི་ཕྱིར་རྗེས་སུ་དཔག་པ་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྔ་མས་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་བྱ་བ་ཆོས་འདི་པ་དང་། གཞན་མུ་སྟེགས་བྱེད་དག་གིས་གང་ཟག་དང་སྐྱེས་བུ་ཞེས་ཉེ་བར་བཏགས་པ་དེ་ལས་ཡིན་པར་གྱུར་པ་མི་བྱེད་པར་
དགག་པ་བསྟན་ཏོ། །འདིར་ནི་བྱེད་པ་པོ་ཡིན་པར་གྱུར་པ་ཉེ་བར་བཏགས་པ་མ་ཡིན་པ་ཅི་ལྟར་གཟེགས་ཟན་པ་དག་གིས་བདག་བྱེད་པ་པོ་ཉིད་དུ་བརྟགས་པ་ལྟ་བུ་དེ། ལས་ཡིན་པར་གྱུར་པ་མི་བྱེད་པར་དགག་པ་སྟོན་ཏོ། །དོན་དམ་པར་བདག་ལྷས་བྱིན་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་མི་བྱེད་དེ་དངོས་པོ་ཡིན་པའི་ཕྱིར་
དཔེར་ན་ལས་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལས་ཡིན་པར་གྱུར་པ་དགེ་བ་དང་མི་དགེ་བ་དག་ནི་དངོས་པོ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ལ་ལས་མི་བྱེད་པ་དེ་བཞིན་དུ་བྱེད་
པ་པོ་ཡིན་པར་གྱུར་པ་བདག་ལྷས་བྱིན་ཞེས་བྱ་བ་དངོས་པོ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ལ་ལས་མི་བྱེད་དེ། རེ་ཞིག་རྗེས་སུ་དཔག་པ་དེ་གཉིས་ཀྱིས་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་བརྟག་པ་བསྟན་ཏོ། །ད་ནི་དེའི་ཞར་ལ་ལས་ཡིན་པར་གྱུར་པ་བྱེད་པ་པོ་
เล่ม ๑๐๐ · หน้า 159b
ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་གྲུབ་པ་ཕྱོགས་སུ་བྱས་ཏེ་རྗེས་སུ་དཔག་པ་བསྟན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ནི་བྱེད་པ་པོ་བདག་ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། ལས་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་པས་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་
པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་ལས་གཞན་པ་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་ནི་ལས་ཡིན་པའི་ཕྱིར་དོན་དམ་པར་བྱེད་པ་པོ་བདག་ལྷས་བྱིན་གྱི་བྱ་བ་མ་ཡིན་པ་དེ་བཞིན་དུ། ལྷས་བྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་
ཡང་ལས་ཡིན་པའི་ཕྱིར་དོན་དམ་པར་བྱེད་པ་པོ་བདག་ལྷས་བྱིན་གྱི་བྱ་བ་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པས་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། གང་དག་གི་ཕྱོགས་ལ་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་བྱེད་པ་དང་། ལས་ཡིན་པར་
གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་ཡིན་པར་འདོད་པ་དག་གི་ཕྱོགས་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་དམ་བཅས་པ་དེའི་དོན་གང་ཡིན། ཅི་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ལ་བྱེད་པ་པོ་གཞན་ཡོད་པ་ཡིན་ནམ། འོན་ཏེ་བྱེད་པ་པོ་མེད་པ་ཡིན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་རྗེས་སུ་
དཔག་པ་སྔ་མ་གསུམ་གྱིས་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བསྟན་པའི་གཏན་ཚིགས་ཀྱི་དོན་ལྷས་བྱིན་ཉིད་རང་གི་རྒྱུད་ལ་ལས་མི་བྱེད་པ་དང་ལྷས་བྱིན་གྱི་རྒྱུད་ཀྱི་ལས་རང་གི་བྱ་བ་མ་ཡིན་པར་བསྟན་པ་དེས།
ཅི་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ཀྱི་བྱེད་པ་པོ་རང་ཉིད་མ་ཡིན་ན་དེ་ལ་བྱེད་པ་པོ་གཞན་ཞིག་ཡོད་པ་ཡིན་ནམ། འོན་ཏེ་བྱེད་པ་པོ་ཡེ་མེད་པ་ཡིན་ཞེས་གལ་གཉིས་སུ་རྟོག་པ་ཡིན་ནོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་ཚུལ་དྲི་བ་ཡིན་ནོ། །དེའི་ལན་དུ་གལ་ཏེ་བྱེད་པ་པོ་གཞན་ཡོད་པ་ཡིན་ན་ནི་དམ་བཅས་པ་ཉམས་སོ་ཞེས་
བྱ་བ་ནི་དེ་ལྟ་ན་སྔར་དབུ་མ་པས་བྱེད་པ་པོ་དང་ལས་དགག་པར་དམ་བཅས་ལ། ད་འདིར་བྱེད་པ་པོ་གཞན་ཡོད་པར་ཁས་བླངས་པས་དམ་བཅས་པ་ཉམས་སོ། །ཅི་སྟེ་བྱེད་པ་པོ་མེད་པ་ཡིན་ན་ནི་དཔེ་མེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་ན་འདིར་བྱེད་པ་པོ་མེད་པར་སྒྲུབ་པས། སྔར་དཔེར་ན་མཆོད་སྦྱིན་བཞིན་ནོ་
เล่ม ๑๐๐ · หน้า 160a
ཞེས་བྱ་བ་དང་ལས་བཞིན་ནོ་ཞེས་བྱ་བ་དང་དེ་ལས་གཞན་བཞིན་ནོ་ཞེས་དཔེ་བསྟན་པ་དག་བསལ་བས་དེས་ན་དཔེ་སྔ་མ་དག་བསྒྲུབ་པར་བྱ་བས་སྟོང་པས་མི་རུང་ངོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ནོ། །
བདག་མཆོད་སྦྱིན་ཞེས་བྱ་བ་ལྷས་བྱིན་གྱི་རྒྱུད་ཀྱི་བྱེད་པ་པོ་ཉིད་དུ་མ་གྲུབ་པ་ཉིད་དཔེ་ཉིད་དུ་ཉེ་བར་གཞག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་བྱེད་པ་པོ་ཡིན་པར་གྱུར་པ་བདག་མཆོད་སྦྱིན་ཞེས་བྱ་བ་ལྷས་བྱིན་གྱི་རྒྱུད་ཀྱི་བྱེད་པ་པོ་ཉིད་དུ་མ་གྲུབ་པ་ཉིད་དཔེ་ཉིད་དུ་ཉེ་བར་གཞག་པའི་ཕྱིར་དེས་ན་བྱེད་པ་པོ་
གཞན་ཡོད་པ་མ་ཡིན་པའི་ཕྱིར་དམ་བཅས་པ་ཉམས་པ་ཡང་མ་ཡིན་ལ། བྱེད་པ་པོ་མ་ཡིན་པ་ཉིད་དཔེ་ཉིད་དུ་ཉེ་བར་གཞག་པས་དཔེ་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་བྱེད་པ་པོ་ཡིན་པར་གྱུར་པ་བྱ་བ་ལ་མི་ལྟོས་པ་ལ་བྱེད་པ་པོ་ཉིད་དུ་རྟོག་པ་ལ་བྱ་བ་དང་ལས་མི་འཐད་དོ་ཞེས་བྱ་བ་ནི་མཇུག་བསྡུ་
བ་ཡིན་ཏེ། དེ་ལྟར་རེ་ཞིག་རྩ་བ་དང་པོའི་བཤད་པ་དེ་དག་གིས་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་བརྟག་པ་བསྟན་ནས། དེའི་ཞར་ལ་ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་གྲུབ་པ་ཡང་བསྟན་ཏོ། །ད་ནི་རྩ་བ་གཉིས་པའི་བཤད་པ་ལས་ཡིན་
པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་བསྟན་པའི་ཕྱིར། ལས་ཀྱང་བྱེད་པོ་མེད་པར་འགྱུར། །བྱེད་པ་པོ་དེས་དེ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་བྱེད་པ་པོ་ཡིན་པར་གྱུར་པ་དེ་ལས་མི་བྱེད་པ་དེའི་ཚེ། གལ་ཏེ་མི་བྱེད་པའི་ལས་ཡིན་པར་རྟོག་
ན་ལས་དེ་ལ་ཡང་བྱེད་པ་པོ་མེད་པར་འགྱུར་ཏེ། བྱེད་པ་པོ་དེས་ལས་དེ་མ་བྱས་པའི་ཕྱིར་རོ། །དེས་ན་ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ནོ། །ཡང་ན། ལས་ཀྱང་བྱེད་པོ་མེད་པར་འགྱུར། །ཞེས་བྱ་བ་ནི་ལས་ཡིན་པར་གྱུར་པར་རྟོག་པ་ལ་ལས་ཀྱང་ལས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་
བྱེད་པ་པོ་ལ་མི་ལྟོས་པ་ཡིན་ཏེ། ངོ་བོ་ཉིད་ནི་ལྟོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་ན་རྩ་བ་དེས་ནི་ཇི་ལྟར་སྔར་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་བརྟག་པའི་སྐབས་སུ། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་བྱ་བས་བྱེད་པ་པོ་གང་བྱ་བ་ལ་མི་ལྟོས་པ་ཞིག་བྱེད་པ་པོའི་ངོ་བོ་ཉིད་
เล่ม ๑๐๐ · หน้า 160b
དུ་འདོད་ན་དེ་ལ་བྱ་བ་དང་ལས་མེད་དེ་བྱ་བ་མེད་པར་ཡང་དེ་གྲུབ་པའི་ཕྱིར་རོ་ཞེས་བསྟན་པ་དེ་བཞིན་དུ་འདིར་ཡང་ལས་ཡིན་པར་གྱུར་པར་རྟོག་པ་ལ་ལས་ཀྱང་ལས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱེད་པ་པོ་ལ་མ་ལྟོས་པར་ཡང་ལས་ཀྱི་ངོ་བོ་ཉིད་ཡིན་པར་འགྱུར་བས་བྱེད་པ་པོའི་བྱ་བ་མ་ཡིན་པར་འགྱུར་རོ། །དེས་ན་བྱེད་
པ་པོས་མ་བྱས་པ་ཉིད་ཀྱི་ལས་སུ་འགྱུར་ཏེ་ཞེས་བྱ་བ་ནི་བྱེད་པ་པོ་དེས་དེ་མ་བྱས་པའི་ཕྱིར་དང་། ལས་ཡིན་པར་གྱུར་པར་རྟོག་པ་དེས་ན་བྱེད་པ་པོས་མ་བྱས་པ་ཉིད་ཀྱི་ལས་སུ་འགྱུར་བས། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ནོ། །འདིར་ཡང་རྗེས་སུ་དཔག་པ་ནི་སྔ་མ་
བཞིན་ནོ་ཞེས་བྱ་བ་ནི་ཅི་ལྟར་སྔར་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་རྗེས་སུ་དཔག་པའི་ཕྱོགས་ལ། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་བྱ་བ་རྩ་བ་དང་པོ་གཏན་ཚིགས་དང་དཔེའི་ཚིག་ཏུ་བསྒྲུབས་ཏེ། བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་བརྟག་
པའི་རྗེས་སུ་དཔག་པ་དང་། བརྒལ་བ་དང་ལན་དག་བསྟན་པ་དེ་ལས་བཟློག་སྟེ། འདིར་ལས་ཡིན་པར་གྱུར་པ། བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་རྗེས་སུ་དཔག་པའི་ཕྱོགས་ལ། ལས་ཀྱང་བྱེད་པོ་མེད་པར་འགྱུར། །ཞེས་བྱ་བ་རྩ་བ་གཉིས་པ་འདི་གཏན་ཚིགས་དང་དཔེའི་ཚིག་ཏུ་
སྒྲུབ་ཅིང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པའི་རྗེས་སུ་དཔག་པ་དང་། བརྒལ་བ་དང་། ལན་དག་ཀྱང་བསྟན་པར་བྱའོ། །འདི་སྐད་བསྟན་ཏེ། འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་དགེ་བ་དང་མི་དགེ་བ་ནི་བྱེད་པ་པོ་ཡིན་
པར་གྱུར་པ་ལྷས་བྱིན་ཞེས་བྱ་བ་བརྟེན་ཏེ་བརྟགས་པ་དང་། མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟག་པའི་བྱ་བ་མ་ཡིན་ཏེ། ལས་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་ལས་བཞིན་ནོ། །ཡང་ན་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ནི་བདག་ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་བྱེད་པ་པོ་
བཞིན་ནོ། །ཅི་སྟེ་དམ་བཅས་པ་དེའི་དོན་གང་ཡིན་ཅི་ལྷས་བྱིན་གྱི་རྒྱུད་ཀྱི་ལས་བྱེད་པ་པོ་གཞན་གྱི་བྱ་བ་ཡིན་ནམ་འོན་ཏེ་བྱ་བ་མ་ཡིན། དེས་ཅིར་འགྱུར་གལ་ཏེ་བྱེད་པ་པོ་གཞན་གྱི་བྱ་བ་ཡིན་ན་ནི་དམ་བཅས་པ་ཉམས་སོ། །ཅི་སྟེ་བྱ་བ་མ་ཡིན་ན་ནི་དཔེ་མེད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། མཆོད་སྦྱིན་གྱི་རྒྱུད་
เล่ม ๑๐๐ · หน้า 161a
ཀྱི་ལས་བདག་ལྷས་བྱིན་གྱི་བྱ་བ་ཉིད་དུ་མ་གྲུབ་པ་དཔེ་ཉིད་དུ་ཉེ་བར་གཞག་པའི་ཕྱིར་རོ་ཞེས་བྱ་བ་རྗེས་སུ་དཔག་པ་དང་། བརྒལ་བ་དང་ལན་དེ་དག་སྔར་བྱེད་པ་པོ་ཕྱོགས་སུ་བྱས་པ་ལས་བཟློག་སྟེ། འདིར་ལས་ཕྱོགས་སུ་བྱས་པ་ལ་སྦྱར་བར་བྱའོ། །ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་
པ་པོ་ཡང་ལས་མེད་འགྱུར། །ཞེས་བྱ་བ་ནི་ཕྱེད་གོང་མ་ཤོས་ཀྱི་རྗེས་སུ་འབྲང་བས་རྣམ་པར་བཤད་ཟིན་པའི་ཕྱིར་བཤད་མི་དགོས་སོ་ཞེས་བྱ་བ་ནི། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་བྱ་བ་འདིར་སྔར་རྩ་བ་དང་པོའི་སྐབས་སུ་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་རྗེས་སུ་དཔག་
པའི་ཕྱོགས་ལ་གཏན་ཚིགས་དང་དཔེའི་ཚིག་ཏུ་བསྒྲུབས་ཏེ། བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་བརྟག་པའི་རྗེས་སུ་དཔག་པ་དག་བརྒལ་བ་དང་ལན་དག་བསྟན་ཏོ། །ད་འདིར་ནི། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་བྱ་བ་རྩ་བ་གསུམ་པ་འདི་ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་
པར་གྱུར་པའི་བྱ་བ་མ་ཡིན་པར་རྗེས་སུ་དཔག་པའི་ཕྱོགས་ལ་གཏན་ཚིགས་དང་དཔེའི་ཚིག་ཏུ་སྒྲུབ་ཅིང་ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པའི་རྗེས་སུ་དཔག་པ་དང་བརྒལ་བ་དང་ལན་དག་སྟོན་ཏོ། །དེ་ཡང་སྔར། ལས་ཀྱང་བྱེད་པོ་མེད་པར་འགྱུར། །ཞེས་བྱ་བའི་
སྐབས་སུ་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །བྱེད་པ་པོ་ཡང་ལས་མེད་འགྱུར། །ཞེས་བྱ་བ་རྩ་བ་བཞི་པ་འདི་ནི་སྔར་ཅི་ལྟར་ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་རྗེས་སུ་དཔག་པའི་ཕྱོགས་ལ། ལས་ཀྱང་བྱེད་པོ་མེད་པར་འགྱུར། །ཞེས་བྱ་བ་རྩ་བ་གཉིས་པ་གཏན་ཚིགས་དང་
དཔེའི་ཚིག་ཏུ་བསྒྲུབས་ཏེ། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པའི་རྗེས་སུ་དཔག་པ་དང་། བརྒལ་བ་དང་ལན་དག་བསྟན་པ་ལས་བཟློག་སྟེ། འདིར་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་རྗེས་སུ་དཔག་པའི་ཕྱོགས་ལ་གཏན་ཚིགས་དང་དཔེའི་ཚིག་
ཏུ་སྒྲུབ་ཅིང་། བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་བརྟག་པའི་རྗེས་སུ་དཔག་པ་དང་བརྒལ་བ་དང་ལན་དག་སྟོན་ཏེ། དེ་ཡང་སྔར། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་བྱ་བས་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་རྗེས་སུ་དཔག་པའི་སྐབས་སུ་བསྟན་པ་བཞིན་དུ་
เล่ม ๑๐๐ · หน้า 161b
སྦྱར་བར་བྱའོ། །དེ་ལྟར་ན་དམ་འཆའ་བར་བྱེད་པའི་དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པར་འགྱུར་བས། བྱེད་པ་པོ་དང་ལས་དག་ལྟོས་པ་མེད་པར་ཡོད་པ་དེ་ནི་མི་འདོད་དེ། དེའི་ཕྱིར་བྱེད་པ་པོ་དག་ལས་དག་ལྟོས་པ་དང་བཅས་པ་ཉིད་དུ་འདོད་པ་ཁོ་ནར་བྱའོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་
ཕ་རོལ་པོའི་དམ་བཅས་པ་དེ་ལ་དབུ་མ་པའི་རྗེས་སུ་དཔག་པས་གནོད་པར་འགྱུར་བས་བྱེད་པ་པོ་དང་ལས་བྱ་བ་དང་ལྡན་པ་ཕན་ཚུན་ལྟོས་པ་མེད་པ་དག་མི་སྲིད་པའི་ཕྱིར་མི་འདོད་དེ། བྱེད་པ་པོ་དང་ལས་བྱ་བ་དང་མི་ལྡན་པ་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་དུ་འདོད་པ་ཁོ་ནར་བྱའོ། །དེས་ན་དོན་དམ་པར་
བྱེད་པ་པོ་ལྷས་བྱིན་ཞེས་བྱ་བ་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་བྱེད་པ་པོའི་རྒྱུད་ལ་གདོན་མི་ཟ་བར་རྣམ་པར་སྨིན་པར་འགྱུར་བ་མི་བྱེད་པར་ཤེས་པར་བྱར་ནུས་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མཆོད་སྦྱིན་བཞིན་ནོ་ཞེས་བྱ་བ་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་བསྒྲུབས་
པའི་ཚད་མའི་འབྲས་བུ་རྗེས་སུ་དཔག་པ་གཞན་གྱིས་བསྟན་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བྱེད་པ་པོ་ཡིན་པར་གྱུར་པ་མཆོད་སྦྱིན་ཞེས་བྱ་བ་ནི་ལས་ལ་ལྟོས་པ་དང་བཅས་པའི་ཕྱིར་དོན་
དམ་པར་ལྷས་བྱིན་གྱི་རྒྱུད་ལ་ལས་ཡིན་པར་གྱུར་པ་བྱེད་པ་པོའི་རྒྱུད་ལ་གདོན་མི་ཟ་བར་རྣམ་པར་སྨིན་པར་འགྱུར་བ་མི་བྱེད་པར་ཤེས་པར་བྱར་ནུས་པ་དེ་བཞིན་དུ་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་བྱ་བ་ཡང་ལས་ལ་ལྟོས་པ་དང་བཅས་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ལ་ལས་ཡིན་པར་གྱུར་པ་
བྱེད་པ་པོའི་རྒྱུད་ལ་གདོན་མི་ཟ་བར་རྣམ་པར་སྨིན་པར་འགྱུར་བ་མི་བྱེད་པར་ཤེས་པར་བྱར་ནུས་སོ། །དེ་བཞིན་དུ་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་བྱེད་པ་པོ་ལ་གདོན་མི་ཟ་བར་རྣམ་པར་སྨིན་པར་འགྱུར་བ་ནི་བྱེད་པ་པོ་ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། བྱེད་པ་པོ་ལ་ལྟོས་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་
ལས་བཞིན་ནོ་ཞེས་བྱ་བ་ན་ལས་ཡིན་པར་འགྱུར་བ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བསྒྲུབས་པའི་ཚད་མའི་འབྲས་བུ་རྗེས་སུ་དཔག་པ་གཞན་གྱིས་བསྟན་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་
เล่ม ๑๐๐ · หน้า 162a
ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་ནི་བྱེད་པ་པོ་ལ་ལྟོས་པ་དང་བཅས་པའི་ཕྱིར་དོན་དམ་པར་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་གྱི་བྱ་བ་མ་ཡིན་པ་དེ་བཞིན་དུ། ལྷས་བྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་བྱེད་པ་པོ་ལ་གདོན་མི་ཟ་བར་རྣམ་པར་སྨིན་པར་འགྱུར་བ་ཡང་བྱེད་པ་པོ་ལ་ལྟོས་
པ་དང་བཅས་པའི་ཕྱིར་དོན་དམ་པར་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་གྱི་བྱ་བ་མ་ཡིན་ནོ། །དེ་ལྟར་རེ་ཞིག་དམ་བཅས་པའི་དོན་ཉེ་བར་གཞག་པ་སྔ་མ་བསྒྲུབས་ཟིན་ཏེ་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་
པ་དང་པོ་བསྟན་ཟིན་ཏོ། །ད་ནི་དམ་བཅས་པའི་དོན་ཉེ་བར་གཞག་པ་གཉིས་པ་བསྒྲུབ་པའི་ཕྱིར་བཤད་པ་ཞེས་བྱ་བས་ནི་བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་གཉིས་པ་སྟོན་ཏོ། །གལ་ཏེ་བྱེད་པོར་མ་གྱུར་
པ། །ལས་སུ་མ་གྱུར་བྱེད་ན་ནི། །ཞེས་བྱ་བ་ནི་ཕྱོགས་བསྣན་པ་ཡིན་ནོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་ཕ་རོལ་པོའི་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ། ལས་ལ་རྒྱུ་ནི་མེད་པར་འགྱུར། །བྱེད་པ་པོ་མེད་པར་ཡང་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པ་པོ་མ་ཡིན་པར་གྱུར་པར་རྟོག་ན་དེ་བྱ་བ་དང་མི་ལྡན་པས་ལས་མི་བྱེད་ལ།
དེས་མ་བྱས་པར་ཡང་ལས་གྲུབ་པའི་ཕྱིར་ལས་ལ་རྒྱུ་མེད་པར་འགྱུར་ཏེ། ལས་ཀྱི་རྒྱུ་ནི་བྱེད་པ་པོ་ཡིན་པའི་ཕྱིར་རོ། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །བྱེད་པ་པོ་ལས་མི་བྱེད་པ་དང་ལས་ལ་མི་ལྟོས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལས་མ་ཡིན་པར་གྱུར་པར་རྟོག་ན་དེ་བྱ་བ་དང་མི་ལྡན་པས་བྱེད་པ་པོའི་བྱ་བ་མ་ཡིན་པས་
བྱེད་པ་པོ་ལས་མི་བྱེད་ཅིང་ལས་ལ་མི་ལྟོས་པའི་ཕྱིར་བྱེད་པ་པོ་རྒྱུ་མེད་པར་འགྱུར་ཏེ། བྱེད་པ་པོའི་རྒྱུ་ནི་ལས་ཡིན་པའི་ཕྱིར་རོ། །ཚིག་ལེའུར་བྱས་པའི་ཕྱེད་འདིས་ཀྱང་བྱེད་པ་པོ་དང་ལས་ཀྱི་ཆོས་བྱེད་པ་དང་། ལས་དག་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་བསྟན་ཏོ་ཞེས་བྱ་བ་ནི་བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་
མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བསྒྲུབ་པའི་ཆོས་གཏན་ཚིགས་ནི་དེ་དག་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཡིན་ཏེ། བྱེད་པ་པོ་ཡང་ལས་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་བྱེད་པ་པོ་མ་ཡིན་པར་གྱུར་པ་མི་སྲིད་པར་དེ་
เล่ม ๑๐๐ · หน้า 162b
ལས་མ་ཡིན་པར་གྱུར་པ་མི་བྱེད་ལ། ལས་ཀྱང་བྱེད་པ་པོ་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར། ལས་མ་ཡིན་པར་གྱུར་པ་མི་སྲིད་པས་དེ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ནོ་ཞེས་སྟོན་ཏོ། །འདིར་ཆོས་མཐུན་པའི་དཔེ་ཡང་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པར་གྱུར་པ་དང་། མཆོད་སྦྱིན་གྱི་
ལས་མ་ཡིན་པར་གྱུར་པ་གང་དག་ལ། བསྒྲུབ་པར་བྱ་བ་ཆོས་དེས་དེ་མི་བྱེད་པ་དང་། དེ་དེའི་བྱ་བ་མ་ཡིན་པ་དང་། བསྒྲུབ་པའི་ཆོས་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཡོད་པ་དག་ཡིན་པར་སྦྱར་རོ། །འདིར་རྗེས་སུ་དཔག་པ་ནི་བྱེད་པ་པོ་དང་ལས་ཕྱོགས་སུ་བྱས་པ་ལ་ཡང་སྔ་མ་བཞིན་ཏེ། ཁྱད་པར་ནི་
བྱེད་པ་པོ་དང་ལས་མ་ཡིན་པར་གྱུར་པ་དག་ཕྱོགས་སུ་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་སྔར་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་བསྒྲུབ་པའི་ཕྱོགས་ཀྱི་རྗེས་སུ་དཔག་པ་དང་། བརྒལ་བ་དང་ལན་ཅི་སྐད་བསྟན་པ་དེ་ལས་བཟློག་སྟེ། འདིར་བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་
གྱུར་པ་མི་བྱེད་པར་བསྒྲུབ་པའི་ཕྱོགས་ལ་ནི་དོན་དམ་པར་བྱེད་པ་པོ་མ་ཡིན་པར་གྱུར་པ་ལྷས་བྱིན་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་མ་ཡིན་པར་གྱུར་པ་མི་བྱེད་དེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པར་གྱུར་པ་བཞིན་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་སྔར་ལས་མ་ཡིན་པར་གྱུར་
པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བསྒྲུབ་པའི་ཕྱོགས་ཀྱི་རྗེས་སུ་དཔག་པ་དང་། །བརྒལ་བ་དང་ལན་ཇི་སྐད་བསྟན་པ་དེ་ལས་བཟློག་སྟེ། འདིར་ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བསྒྲུབ་པའི་ཕྱོགས་ལ་ནི་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་
མ་ཡིན་པར་གྱུར་པ་ནི་བྱེད་པ་པོ་བདག་ལྷས་བྱིན་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པར་གྱུར་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །ཅི་སྟེ་ཡང་འགའ་ཞིག་ཁོ་བོ་ཅག་ལ་བྱེད་པ་པོ་དང་ལས་དག་ནི་འདི་ལྟ་སྟེ་རང་དབང་ནི་བྱེད་པ་པོའོ། །བྱེད་
པ་པོའི་འདོད་པ་མཆོག་ནི་ལས་སོ་ཞེས་བྱ་བས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར་ཕན་ཚུན་ལྟོས་པ་མེད་པ་ཉིད་ཡིན་པས་དེས་ན་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་ན་ཞེས་བྱ་བ་ནི་འདིར་བརྡ་སྤྲོད་པ་དག་དབུ་མ་པའི་གཏན་ཚིགས་ལྟོས་པ་དང་བཅས་
เล่ม ๑๐๐ · หน้า 163a
པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དོ་ཞེས་སུན་འབྱིན་པའི་ཚིག་ཡིན་ཏེ། དེ་དག་ན་རེ་ཁོ་བོ་ཅག་གི་བརྡ་སྤྲོད་པའི་བྱེད་པ་པོའི་སྡེ་ཚན་ལས་རང་དབང་ནི་བྱེད་པ་པོའོ། །བསྒྲུབ་པའི་མཆོག་ནི་བྱེད་པ་པོའོ། །བྱེད་པ་པོའི་འདོད་པ་མཆོག་ནི་ལས་སོ། །ལས་ཀྱིས་མངོན་པར་འདོད་པ་གང་ཡིན་
པ་དེ་ནི་ཡང་དག་པར་སྦྱིན་པའོ། །གནས་པ་ལས་དགར་བ་ནི་དབྲལ་བའོ། །ཀུན་འཛིན་པ་ནི་གཞིའོ་ཞེས་འབྱུང་བས་དེ་དག་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར་ཕན་ཚུན་ལྟོས་པ་མེད་པ་ཉིད་ཡིན་པས་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་
པ་ཉིད་ཀྱིས། སུན་འབྱིན་པར་བྱེད་པ་ལ་བརྐམ་པ་ཉིད་ཀྱིས་དེ་ལ་གནོད་པ་ཆེན་པོ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁོ་བོའི་གཏན་ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བས་བྱེད་པ་པོ་དང་ལས་དག་གི་བྱེད་པ་དང་ལས་ཞེས་ཐ་སྙད་གདགས་པ་ཉིད་ལ་ཕན་ཚུན་རྒྱུའི་དངོས་པོར་ཉེ་
བར་འགྲོ་བ་ཡོད་པ་ཡིན་པར་བསྒྲུབས་པ་དེས་སུན་འབྱིན་པ་ལ་བརྐམ་པ་ཉིད་ཀྱིས་བརྡ་སྤྲོད་པ་པ་དེ་ལ་རྒྱུ་མེད་པ་དང་། འབྲས་བུ་དང་རྒྱུ་ཐ་མི་དད་པ་དང་། བྱ་བ་དང་བྱེད་པ་པོ་དང་བྱེད་པ་མི་རིགས་པ་དང་། ཆོས་དང་ཆོས་མ་ཡིན་པ་ཡོད་པ་མ་ཡིན་པ་དང་། དེའི་འབྲས་བུ་མེད་པ་དང་། ཐར་པ་དང་མཐོ་
རིས་ཀྱི་ལམ་མི་འཐད་པ་དང་། བྱ་བ་ཐམས་ཅད་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་གནོད་པ་ཆེན་པོ་འབྱུང་བར་འགྱུར་བས་ཀླན་ཀ་དེ་མི་རུང་ངོ་ཞེས་སྟོན་ཏོ། །ཅི་ལྟར་ཞེ་ན་ཞེས་བྱ་བས་ནི་ཅི་ལྟར་དེ་ལ་གནོད་པ་ཆེན་པོ་འབྱུང་བར་འགྱུར་བར་སྟོན་ཏོ། །དེ་ལ་རེ་ཞིག་ཅི་ལྟར་རྒྱུ་མེད་པའི་གནོད་པ་ཆེན་པོ་འབྱུང་བར་
འགྱུར་བ་བསྟན་པའི་ཕྱིར། འདི་ལ་རང་དབང་ནི་བྱེད་པ་པོའོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ལས་སྒྲུབ་པའི་ཐབས་མཁས་པ་ལ་རང་དབང་ཡོད་པའི་ཕྱིར་ལས་ལ་ལྟོས་པ་ཉིད་ཡིན་ལ། བྱེད་པ་པོའི་འདོད་པ་མཆོག་ནི་ལས་སོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་བྱེད་པ་པོ་ལ་ལྟོས་པ་ཉིད་ཡིན་པའི་ཕྱིར་བྱེད་པ་
པོ་དང་ལས་དག་གི་བྱེད་པ་པོ་དང་ལས་ཞེས་ཐ་སྙད་གདགས་པ་ཉིད་ལ་ནི་ཕན་ཚུན་རྒྱུའི་དངོས་པོར་ཉེ་བར་འགྲོ་བ་ཡོད་པ་ཡིན་ན་དེ་ཡང་བྱེད་པ་པོ་དང་ལས་དག་ལྟོས་པ་མེད་པར་སྨྲ་བ་ལ་མི་འཐད་པས། དེའི་ཕྱིར་བྱེད་པ་པོ་དང་ལས་དག་ལ་རྒྱུ་མེད་པར་གྱུར་ཏོ་ཞེས་བྱ་བ་སྨྲས་སོ། །ཅི་ལྟར་འབྲས་བུ་དང་རྒྱུ་མི་
เล่ม ๑๐๐ · หน้า 163b
འཐད་པའི་གནོད་པ་ཆེན་པོ་འབྱུང་བར་འགྱུར་བ་བསྟན་པའི་ཕྱིར་དེ་ལྟར། རྒྱུ་མེད་ན་ནི་འབྲས་བུ་དང་། །རྒྱུ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་རྐྱེན་སོ་སོར་ངེས་པའི་མཐུས་བྱ་བ་ཉིད་ཀྱིས་འབྲས་བུ་ཞེས་བྱ་ཞིང་ལྷན་ཅིག་བྱེད་པའི་རྒྱུ་ཚོགས་སུ་ཟིན་ཀྱང་དེ་ཡོད་ན་འབྱུང་བ་ཉིད་ཀྱི་འབྲས་བུའི་རྒྱུ་ཞེས་བྱ་ན་ལྟོས་
པ་མེད་པ་ལ་ནི་རྒྱུ་མེད་པ་ཡང་རྒྱུར་མི་རུང་ལ། དེའི་འབྲས་བུ་མེད་པ་ཡང་འབྲས་བུར་མི་རུང་ངོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་བྱ་བ་དང་། བྱེད་པ་པོ་དང་། བྱེད་པ་དག་མི་རིགས་པའི་གནོད་པ་ཆེན་པོ་འབྱུང་བར་འགྱུར་བ་བསྟན་པའི་ཕྱིར། ཡང་གཞན་ཡང་། དེ་མེད་ན་ནི་བྱ་བ་དང་། །
བྱེད་པ་པོ་དང་བྱེད་མི་རིགས། །འབྲས་བུ་དེ་མེད་ན་བྱ་བ་དང་བྱེད་པ་པོ་དང་བྱེད་པ་དག་མི་རིགས་ཏེ། འཇིག་རྟེན་པའི་བུམ་པ་ལ་སོགས་པའི་ཡུལ་གྱི་བྱ་བ་དེ་ཡང་བྱེད་པ་པོའི་འདོད་པ་མཆོག་ནི་ལས་སོ་ཞེས་བྱ་བས་བྱེད་པ་པོ་ལ་ལྟོས་པ་ཡིན་ལ། བུམ་པ་སྒྲུབ་ནུས་པའི་རྩོལ་བ་ལ་ཐབས་ཤེས་པ་མ་བརྗེད་
པའི་མཁས་པ་ལ་རང་དབང་ནི་བྱེད་པ་པོའོ་ཞེས་བྱ་བ་དེ་ཡང་བྱེད་པ་པོ་གཞན་ལ་མི་ལྟོས་ཤིང་། ལས་ལ་ལྟོས་པ་ཡིན། བུམ་པ་སྒྲུབ་པའི་ཡན་ལག་དུ་མས་བསྒྲུབ་པར་བྱ་བ་དེ་ཉིད་ཀྱི་སྒྲུབ་པའི་ཡན་ལག་ལས་སྒྲུབ་པའི་མཆོག་ནི་བྱེད་པ་པོའོ་ཞེས་བྱ་བ་དེ་ཡང་བྱེད་པ་པོ་དང་ལས་དག་ལ་ལྟོས་པ་ཡིན་ན་ལྟོས་
པ་མེད་པ་ལ་ནི་དེ་དག་མེད་དེ། གཅད་པར་བྱ་བའི་ཤིང་མེད་ན་བཅད་པ་དང་གཅོད་པ་པོ་དང་གཅོད་པ་དག་མེད་པ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །ཅི་ལྟར་ཆོས་དང་ཆོས་མ་ཡིན་པ་དག་ཡོད་པ་མ་ཡིན་པའི་གནོད་པ་ཆེན་པོ་འབྱུང་བར་འགྱུར་བ་བསྟན་པའི་ཕྱིར། ཡང་གཞན་ཡང་། བྱ་བ་ལ་སོགས་མི་
རིགས་ན། །ཆོས་དང་ཆོས་མིན་ཡོད་མ་ཡིན། །བྱ་བ་དང་བྱེད་པ་པོ་དང་བྱེད་པ་དག་མི་རིགས་ན་ཆོས་དང་ཆོས་མ་ཡིན་པ་དག་ཡོད་པ་མ་ཡིན་ཏེ། ཕ་རོལ་པོའི་ཚུལ་ལས་ཆོས་དང་ཆོས་མ་ཡིན་པ་དག་ནི་བྱ་བ་དང་བྱེད་པ་པོ་དང་བྱེད་པ་དག་གིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་། དེ་དག་གིས་གསལ་
བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ཅི་སྟེ་ཡང་རང་གི་སྡེ་པ་ལ་ལ་འདི་སྐད་ཅེས་འདུ་བྱེད་རྣམས་ལ་བྱེད་པ་པོ་དང་ཚོར་བ་པོ་མེད་པའི་ཕྱིར་བྱེད་པ་པོ་མེད་པའི་སྐྱོན་གྱིས་མི་གནོད་དེ་ཆོས་དང་ཆོས་མ་ཡིན་པ་དག་ལུས་དང་ངག་དང་ཡིད་ཀྱི་བྱ་བའི་ཁྱད་པར་གྱི་བདག་ཉིད་དུ་
เล่ม ๑๐๐ · หน้า 164a
ཁས་བླངས་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་མདོ་སྡེ་པ་དག་སྔར་དབུ་མ་པས་བརྡ་སྤྲོད་པ་དག་ལ། དེ་མེད་ན་ནི་བྱ་བ་དང་། །བྱེད་པ་པོ་དང་བྱེད་མི་རིགས། །ཞེས་བྱ་བས་ལྟོས་པ་མེད་པ་ལ་ནི་བྱ་བ་དང་བྱེད་པ་པོ་ལ་བྱེད་པ་དེ་དག་མེད་དེ། གཅད་པར་བྱ་བའི་ཤིང་མེད་ན་གཅད་པ་དང་།
གཅོད་པ་པོ་དང་གཅོད་པ་དག་མེད་པ་བཞིན་ནོ་ཞེས་སྨྲས་པས་ལྟོས་པ་མེད་པ་ལ་བྱེད་པ་པོ་མེད་པའི་སྐྱོན་གྱི་གནོད་པ་ཡོད་དོ་ཞེས་བཤད་པ་དེ་ཁོ་བོ་ཅག་མདོ་སྡེ་པའི་ཕྱོགས་ལ་མི་གནོད་དེ། ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་མདོ་སྡེ་པའི་ཕྱོགས་ལ་འདུ་བྱེད་རྣམས་ལ་བརྡ་སྤྲོད་པ་པོ་དག་གིས་བརྟགས་པའི་རང་དབང་
ནི་བྱེད་པ་པོའོ་ཞེས་བྱ་བ་ལྟ་བུའི་བྱེད་པ་པོ་དང་ཚོར་བ་པོ་མེད་པའི་ཕྱིར་ལྟོས་པ་མེད་པ་ལ་བྱེད་པ་པོ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་དེས་མི་གནོད་དེ་ཁོ་བོ་ཅག་གི་ཕྱོགས་ལ་རྒྱུ་དང་རྐྱེན་ཚོགས་པ་ནི་ཀུན་རྫོབ་ཏུ་བྱེད་པ་པོར་ཁས་བླངས་ལ། དེས་བྱ་བའི་ཆོས་དང་ཆོས་མ་ཡིན་པ་ལུས་དང་ངག་དང་ཡིད་ཀྱི་
བྱ་བའི་ཁྱད་པར་ཅན་དག་ནི་ལས་ཉིད་དུ་ཁས་བླངས་པའི་ཕྱིར་བརྡ་སྤྲོད་པ་པ་དག་གིས་བརྟགས་པའི་བྱ་བ་དང་བྱེད་པ་པོ་དང་བྱེད་པ་དག་མེད་པས། ཁྱེད་དབུ་མ་པས་ལྟོས་པ་མེད་པ་ལ་བྱེད་པ་པོ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་བཤད་པ་དེ་ཁོ་བོ་ཅག་ལ་མི་གནོད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་
ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། །རྒྱུ་ཕན་འདོགས་པ་ཚོགས་པ་ཙམ་ཐ་སྙད་དུ་བྱེད་པ་པོ་ཉིད་དུ་ཁས་བླངས་པས་དེ་ལ་ལྟོས་པས་ཉིད་ཀྱི་ཆོས་དང་ཆོས་མ་ཡིན་པ་དག་ལས་ཀྱི་སྒྲར་བརྗོད་པའི་ཕྱིར་བྱེད་པ་པོ་མེད་ན་དེ་ལ་ལྟོས་པའི་ལས་མི་འགྲུབ་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དག་མེད་
པའི་སྐྱོན་གྱིས་མི་གནོད་པ་མ་ཡིན་ཏེ། ལྟོས་པའི་རིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་མདོ་སྡེ་པ་དག་ལ་བརྡ་སྤྲོད་པ་པ་དག་གིས་བརྟགས་པའི་རང་དབང་ནི་བྱེད་པ་པོ་ཞེས་བྱ་བ་དེ་ལྟ་བུ་མེད་དུ་ཟིན་ཀྱང་དངོས་པོ་རྒྱུ་རྐྱེན་ལས་འབྱུང་བ་རྣམས་ལ་རྒྱུ་རྐྱེན་གང་དག་གིས་ཕན་འདོགས་པ་ཚོགས་
པ་ཙམ་དག་ཐ་སྙད་དུ་བྱེད་པ་པོ་ཉིད་དུ་ཁས་བླངས་པས་བྱེད་པ་པོ་དེ་ལ་ལྟོས་པ་ཉིད་ཀྱིས་ཆོས་དང་ཆོས་མ་ཡིན་པ་དག་ལས་ཀྱི་སྒྲར་བརྗོད་པའི་ཕྱིར་ཁྱེད་ལ་ཡང་ཁྱེད་རང་གིས་བརྟགས་པའི་བྱེད་པ་པོ་མེད་ན་དེ་ལ་ལྟོས་པའི་ལས་མི་འགྲུབ་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དག་མེད་པའི་
เล่ม ๑๐๐ · หน้า 164b
སྐྱོན་གྱིས་མི་གནོད་པ་མ་ཡིན་ཏེ། གནོད་པ་ཁོ་ནར་འགྱུར་རོ། །གནོད་པའི་རྒྱུ་བསྟན་པའི་ཕྱིར་ལྟོས་པའི་རིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་ཕན་འདོགས་པ་ཚོགས་པ་ཙམ་ཐ་སྙད་དུ་བྱེད་པ་པོ་ཉིད་དུ་ཁས་བླངས་པ་དེ་མེད་ན་གང་ལ་ལྟོས་ནས་ལས་འགྲུབ་པར་འགྱུར་ཏེ་མི་འགྱུར་རོ། །ལས་མི་འགྲུབ་ན་
ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དག་མེད་པའི་སྐྱོན་གྱིས་མི་གནོད་པ་མ་ཡིན་ཏེ། གནོད་པ་ཁོ་ནར་འགྱུར་བས་དེའི་ཕྱིར་ཁྱེད་ཀྱིས་ཀྱང་ལྟོས་པ་དང་བཅས་པ་ཉིད་ཅེས་བྱ་བའི་གཏན་ཚིགས་ཀྱི་དོན་དེ་ཁས་བླང་བར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟོས་པ་མེད་པར་སྨྲ་བ་རྣམས་ལ་ཆོས་དང་ཆོས་མ་ཡིན་པ་
མེད་པས་ཅི་ལྟར་དེའི་འབྲས་བུ་མེད་པའི་གནོད་པ་ཆེན་པོ་འབྱུང་བར་འགྱུར་བ་བསྟན་པའི་ཕྱིར་དེ་ལྟར་ཅི་སྐད་བསྟན་པའི་ཚུལ་གྱིས། ཆོས་དང་ཆོས་མིན་མེད་ན་ནི། །དེ་ལས་བྱུང་བའི་འབྲས་བུ་མེད། །ཆོས་དང་ཆོས་མ་ཡིན་པ་དག་མེད་ན་དེ་དག་ལས་བྱུང་བའི་འབྲས་བུ་ལྷ་དང་མི་དང་སེམས་ཅན་དམྱལ་བ་དང་
དུད་འགྲོ་དང་ཡི་དྭགས་ཀྱི་འགྲོ་བ་དག་ཏུ། ལུས་དང་དབང་པོ་དང་ལོངས་སྤྱོད་འདོད་པ་དང་། མི་འདོད་པའི་བདག་ཉིད་འགྲུབ་པ་དག་མེད་པར་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །ཅི་ལྟར་ཐར་པ་དང་མཐོ་རིས་ཀྱི་ལམ་མི་འཐད་པ་དང་བྱ་བ་ཐམས་ཅད་དེ་ན་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་གནོད་པ་ཆེན་པོ་འབྱུང་
བར་འགྱུར་བ་བསྟན་པའི་ཕྱིར་དེ་ལྟར། འབྲས་བུ་མེད་ན་ཐར་པ་དང་། །མཐོ་རིས་འགྱུར་བའི་ལམ་མི་འཐད། །བྱ་བ་དག་ནི་ཐམས་ཅད་ཀྱང་། །དོན་མེད་ཉིད་དུ་ཐལ་བར་འགྱུར། །འབྲས་བུ་མེད་ན་ཐལ་བར་འགྱུར་བའི་ལམ་རྣལ་འབྱོར་པ་དག་མྱ་ངན་ལས་འདས་པའི་དོན་དུ་ཡང་དག་པའི་ལྟ་བ་སྔོན་དུ་བཏང་
བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ཡང་མི་འཐད་པར་འགྱུར་ལ། མཐོ་རིས་སུ་འགྱུར་བའི་ལམ་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། བསམ་གཏན་དང་སྙོམས་པར་འཇུག་པ་ལ་མངོན་པར་བརྩོན་པ་ཡང་མི་འཐད་པར་འགྱུར་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་
པའི་བྱ་བ་ཐམས་ཅད་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་དེ་ལྟར་བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་ཡིན་པར་རྟོག་པ་ལ་གནོད་པ་ཆེན་པོ་དེ་དག་འབྱུང་བར་འགྱུར་བ་བཟློག་
เล่ม ๑๐๐ · หน้า 165a
དཀའ་བར་རིག་ནས་བྱེད་པ་པོ་དང་ལས་དག་ལྟོས་པ་དང་བཅས་པ་ཉིད་དུ་འདོད་པར་བྱའོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་ཉེས་དམིགས་བསྟན་ནས་ཕྱོགས་ཕྱི་མ་ཡང་དག་པར་འཛིན་དུ་གཞུག་པའི་ཚིག་ཡིན་ནོ། །དེ་ལྟར་གཏན་ཚིགས་ཁ་ན་མ་ཐོ་བ་མེད་པ་ཅི་སྐད་བསྟན་པ་དེ་
ཡོད་པའི་ཕྱིར་བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་ཡིན་པར་སྒྲུབ་པའི་ཕྱོགས་དེ་མི་འཐད་པར་བསྟན་ཏོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་དམ་བཅས་པའི་དོན་ཉེ་བར་གཞག་
པ་གཉིས་པ་ཡང་བསྒྲུབས་ཟིན་ཏེ། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་གཉིས་པ་བསྟན་ཟིན་ཏོ། །ད་ནི་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་
བྱེད་པ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་གསུམ་པ་བསྟན་པར་བྱ་སྟེ། དེའི་ཕྱོགས་སྔ་མ་བསྟན་པའི་ཕྱིར་རྣམ་གྲངས་ཀྱི་ཚུལ་སྨྲ་བ་དག་ན་རེ་རྣམ་གྲངས་ལས་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་
པར་གྱུར་པ་བྱེད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། འདིར་རྣམ་གྲངས་ཀྱི་ཚུལ་སྨྲ་བར་འོས་པ་པ་དག་ན་རེ་ཁོ་བོ་ཅག་གི་ཕྱོགས་ལ་བྱེད་པ་པོ་ནི་སྲོག་གི་རྫས་ཀྱི་རྣམ་གྲངས་ལ་ལྟོས་ན་ཡིན་པར་གྱུར་པ་ཡང་ཡིན་ལ། ལུས་ཀྱི་རྫས་ཀྱི་རྣམ་གྲངས་ལ་ལྟོས་ན་མ་ཡིན་པར་གྱུར་པ་ཡང་ཡིན་ནོ། །ལས་ཀྱང་
འཇིམ་པ་དང་རྒྱུ་སྤུན་ལ་སོགས་པ་རྒྱུའི་རྣམ་གྲངས་ལ་ལྟོས་ན་ཡིན་པར་གྱུར་པ་ཡང་ཡིན་ལ། བུམ་པ་དང་སྣམ་བུ་ལ་སོགས་པ་འབྲས་བུའི་རྣམ་གྲངས་ལ་ལྟོས་ན་མ་ཡིན་པར་གྱུར་པ་ཡང་མ་ཡིན་པས་དེའི་ཕྱིར་བྱེད་པ་པོ་དེ་ལས་དེ་བྱེད་ཅིང་ལས་དེ་ཡང་བྱེད་པ་པོ་དེའི་བྱ་བ་ཡིན་པའི་ཕྱིར་ཁྱེད་ཀྱི་སྒྲུབ་པ་སྔ་མ་
གཉིས་ཀྱི་སྐྱོན་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། བྱེད་པ་པོར་གྱུར་མ་གྱུར་པ། །གྱུར་མ་གྱུར་ཏེ་མི་བྱེད་དོ། །ཞེས་བྱ་བ་སྨྲས་ཏེ། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ནི་བྱ་བ་དང་ལྡན་པ་དང་བྱ་བ་དང་མི་ལྡན་པའོ། །
เล่ม ๑๐๐ · หน้า 165b
ལས་ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་བྱ་བ་དང་ལྡན་པ་དང་བྱ་བ་དང་མི་ལྡན་པའོ། །དེས་དེ་མི་བྱེད་ཅིང་། དེ་དེའི་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡིན་དང་མ་ཡིན་གྱུར་པ་ནི། ཕན་ཚུན་འགལ་བས་ག་ལ་གཅིག །འདི་ལྟར་ཡིན་པ་དང་མ་ཡིན་པར་གྱུར་པ་ནི་ཕན་ཚུན་འགལ་བས་གཅིག་ལ་དུས་གཅིག་
ཏུ་མི་འཐད་དོ། །གལ་ཏེ་ཡིན་ན་ནི་ཅི་ལྟར་མ་ཡིན་པར་འགྱུར་ཅི་སྟེ་མ་ཡིན་ན་ནི་ཅི་ལྟར་ཡིན་པར་འགྱུར་ཏེ། འདི་ལྟར་འཇིག་རྟེན་ན་མེ་ལ་ཚ་བའི་ངོ་བོ་ཉིད་དང་གྲང་བའི་ངོ་བོ་ཉིད་དམིགས་སུ་མེད་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། གནས་གཅིག་པའི་འགལ་བ་དང་གཅིག་གིས་གཅིག་བསལ་བའི་འགལ་བ་དང་འཇིག་རྟེན་
ལ་གྲགས་པའི་འགལ་བ་དེ་དག་ཡོད་པའི་ཕྱིར་དེས་དེ་མི་བྱེད་ཅིང་དེ་དེའི་བྱ་བ་མ་ཡིན་ནོ། །ཅི་སྟེ་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པའི་ཕྱིར་ཡིན་པར་གྱུར་པ་ཡང་ཡིན་ལ་བྱ་བ་དང་བྱེད་པའི་སྔོན་རོལ་ན་བྱེད་པ་པོ་ཉིད་དུ་མེད་པའི་ཕྱིར་མ་ཡིན་པར་གྱུར་པ་ཡང་ཡིན་པས། དེ་ལྟར་ལྟོས་པའི་དབང་གིས་གཅིག་ལ་ཡང་དུས་གཅིག་ན་
གཉི་གའི་བདག་ཉིད་ཡོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་འདིར་ཕ་རོལ་པོ་དག་ན་རེ་བྱེད་པ་པོ་སྲོག་གི་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པའི་ཕྱིར་ཡིན་པར་གྱུར་པ་ཡང་ཡིན་ལ། གཅད་པའི་བྱ་བ་དང་། བྱེད་པ་ཤིང་དང་སྟ་རེ་ལ་སོགས་པའི་སྔོན་རོལ་ན་བྱེད་པ་པོ་གཅོད་པ་པོ་ཉིད་དུ་མེད་པའི་ཕྱིར་མ་ཡིན་པར་གྱུར་པ་ཡང་
མ་ཡིན་པས་དེ་ལྟར་རྫས་ཀྱི་གནས་སྐབས་ལ་ལྟོས་ནས་སྤྱོད་པའི་གནས་སྐབས་མ་ཡིན་པར་གྱུར་པ་དང་། སྤྱོད་པའི་གནས་སྐབས་ལ་ལྟོས་ནས་རྫས་ཀྱི་གནས་སྐབས་ཡིན་པར་གྱུར་པའི་དབང་གིས་དངོས་པོ་གཅིག་ལ་ཡང་དུས་གཅིག་ན་གཉི་གའི་བདག་ཉིད་ཡོད་པའི་ཕྱིར་དེས་དེ་བྱེད་ཅིང་དེ་དེའི་བྱ་བ་ཡིན་པས་
དབུ་མ་པས་ཅི་སྐད་སྨྲས་པའི་སྐྱོན་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། ལྟོས་པའི་ངེས་པ་འགོག་པར་འགྱུར་བའི་ཕྱིར་དང་ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པས་བཀག་པའི་ཕྱིར་སྐྱོན་མེད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ།
ལྟོས་པའི་ངེས་པ་ཡང་མེ་དང་བུད་ཤིང་བརྟག་པའི་རབ་ཏུ་བྱེད་པ་ལས། གལ་ཏེ་མེ་ལྟོས་ཤིང་ཡིན་ལ། །གལ་ཏེ་ཤིང་ལྟོས་མེ་ཡིན་ན། །གང་ལ་ལྟོས་པའི་མེ་དང་ཤིང་། །དང་པོར་གྲུབ་པ་གང་ཞིག་ཡིན། །ཞེས་བྱ་བ་ལ་སོགས་པས་འོག་ནས་འགོག་པར་འགྱུར་བའི་ཕྱིར་དང་། གཉི་གའི་བདག་ཉིད་
เล่ม ๑๐๐ · หน้า 166a
ཡོད་པར་འདོད་པ་ཡང་སྔར་ཡིན་པར་གྱུར་པ་དང་མ་ཡིན་པར་གྱུར་པའི་ཕྱོགས་གཉིས་སུ་བསྟན་པའི་རྗེས་སུ་དཔག་པས་བཀག་ཟིན་པའི་ཕྱིར་རྣམ་པ་གཉིས་སུ་སྨྲ་བ་དག་ལ་ཅི་སྐད་བསྟན་པའི་སྐྱོན་མེད་པ་མ་ཡིན་ནོ། །གལ་ཏེ་མཆོད་སྦྱིན་ནི་བྱེད་པ་པོ་ཉིད་ཀྱང་ཡིན་ལ་བྱེད་པ་པོ་མ་ཡིན་པ་ཉིད་ཀྱང་
ཡིན་པས་དཔེ་མེད་པའི་ཕྱིར་རྗེས་སུ་དཔག་པས་གནོད་པར་མི་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་འདིར་ཕ་རོལ་པོ་དག་སྔར་དབུ་མ་པས་ཡིན་པར་གྱུར་པ་དང་མ་ཡིན་པར་གྱུར་པ་དགག་པའི་ཕྱོགས་གཉིས་སུ་རྗེས་སུ་དཔག་པའི་དཔེ་བསྟན་པ་མ་གྲུབ་པའི་ཕྱིར་དབུ་མ་པའི་རྗེས་སུ་དཔག་པས་ཁོ་བོ་ཅག་ལ་གནོད་པར་མི་འགྱུར་རོ་
ཞེས་ཟེར་བ་ཡིན་ཏེ། དེ་དག་ན་རེ་ཁྱེད་དབུ་མ་པས་སྔར་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པར་རྗེས་སུ་དཔག་པའི་ཕྱོགས་ལ་དོན་དམ་པར་བྱེད་པ་པོ་ཡིན་པར་གྱུར་པ། ལྷས་བྱིན་ཞེས་བྱ་བ་བརྟེན་ཏེ་བརྟགས་པ་དང་། མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པ་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་
དགེ་བ་དང་མི་དགེ་བ་མི་བྱེད་དེ། བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་བཞིན་ནོ་ཞེས་བྱ་བ་དང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་རྗེས་སུ་དཔག་པའི་ཕྱོགས་ལ་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་དགེ་བ་དང་མི་དགེ་བ་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་བྱ་བ་
བསྟན་ཏེ་བརྟག་པ་དང་། མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བྱ་བ་མ་ཡིན་ཏེ། ལས་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་ལས་བཞིན་ནོ་ཞེས་བྱ་བ་དང་། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པར་རྗེས་སུ་དཔག་པའི་ཕྱོགས་ལ་དོན་དམ་པར་བྱེད་པ་པོ་མ་ཡིན་པར་གྱུར་པ་ལྷས་
བྱིན་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་མ་ཡིན་པར་གྱུར་པ་མི་བྱེད་དེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་རྗེས་སུ་དཔག་པའི་ཕྱོགས་ལ་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པར་
གྱུར་པ་ནི་བྱེད་པ་པོ་བདག་ལྷས་བྱིན་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པར་གྱུར་པ་བཞིན་ནོ་ཞེས་སྨྲས་པའི་དཔེ་དེ་དག་མི་འགྲུབ་སྟེ། ཅིའི་ཕྱིར་ཞེ་ན། གང་གི་ཚེ་མཆོད་སྦྱིན་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་གྱི་ལས་ཡིན་པར་གྱུར་
เล่ม ๑๐๐ · หน้า 166b
པའི་གྲོགས་བྱེད་པ་དེའི་ཚེ་ན་མཆོད་སྦྱིན་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་གྱི་ལས་ཡིན་པར་གྱུར་པ་བྱེད་པ་ཡང་ཡིན་ལ། དེའི་ཚེ་ན་ལྷས་བྱིན་གྱི་ལས་ཡིན་པར་གྱུར་པ་དེ་མཆོད་སྦྱིན་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་ཡང་ཡིན་ནོ། །གང་གི་ཚེ་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པར་གྱུར་པ་ལྷས་བྱིན་གྱི་ལས་མ་ཡིན་
པར་གྱུར་པའི་གྲོགས་བྱེད་པ་དེའི་ཚེ་ན་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པར་གྱུར་པ་ལྷས་བྱིན་གྱི་ལས་མ་ཡིན་པར་གྱུར་པ་བྱེད་པ་ཡང་ཡིན་ལ། དེའི་ཚེ་ན་ལྷས་བྱིན་གྱི་ལས་མ་ཡིན་པར་གྱུར་པ་དེ་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་ཡང་ཡིན་ནོ། །དེས་ན་ཁྱེད་ཀྱི་དཔེ་མཆོད་སྦྱིན་བཞིན་ཞེས་བྱ་བ་དང་མཆོད་
སྦྱིན་གྱི་ལས་བཞིན་ནོ་ཞེས་བྱ་བ་དང་། མཆོད་སྦྱིན་བྱེད་པ་པོ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དང་། མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དེ་དག་མེད་པའི་ཕྱིར་ཁྱེད་ཀྱི་རྗེས་སུ་དཔག་པ་སྔ་མ་དེ་དག་གིས་ཁོ་བོ་ཅག་ལ་གནོད་པར་མི་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་
འགྲེལ་པ་བྱེད་པ་ཉིད་ཀྱིས། ལྷས་བྱིན་གྱི་རྒྱུད་ལ་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པར་གྱུར་པའི་ཆ་དང་། མཆོད་སྦྱིན་གྱི་བྱ་བ་མ་ཡིན་པར་གྱུར་པའི་ཆར་གྲུབ་པ་ཉིད་དཔེ་ཉིད་དུ་འདོད་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ལྷས་བྱིན་གྱི་རྒྱུད་ཀྱི་ལས་ལ་མཆོད་སྦྱིན་བྱེད་པ་པོ་ཡིན་པར་གྱུར་པའི་ཆ་དང་། བྱེད་པ་པོ་མ་
ཡིན་པར་གྱུར་པའི་ཆ་གཉིས་ཡོད་པ་དང་། ལྷས་བྱིན་གྱི་རྒྱུད་ཀྱི་ལས་མཆོད་སྦྱིན་གྱི་བྱ་བ་ཡིན་པར་གྱུར་པའི་ཆ་དང་། བྱ་བ་མ་ཡིན་པར་གྱུར་པའི་ཆ་གཉིས་ཡོད་པ་ལས་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པར་གྱུར་པའི་ཆ་དང་། མཆོད་སྦྱིན་གྱི་བྱ་བ་མ་ཡིན་པར་གྱུར་པའི་ཆར་གྲུབ་པ་ཉིད་ཁོ་བོ་དཔེ་ཉིད་དུ་འདོད་པའི་ཕྱིར། ཁོ་
བོ་ལ་དཔེ་མ་གྲུབ་པའི་སྐྱོན་མེད་དོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་ཅི་སྟེ་རྣམ་པ་གཉིས་སུ་སྨྲ་བ་དག་དབུ་མ་པའི་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་རྗེས་སུ་དཔག་པའི་ཕྱོགས་ལ་འདི་སྐད་ཅེས་དམ་བཅས་པ་དེའི་དོན་གང་ཡིན། ཅི་ལྷས་བྱིན་གྱི་རྒྱུད་
ཀྱི་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་ལ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་གཞན་ཡོད་པ་ཡིན་ནམ། འོན་ཏེ་བྱེད་པ་པོ་མེད་པ་ཡིན། དེས་ཅིར་འགྱུར། གལ་ཏེ་བྱེད་པ་པོ་གཞན་ཡོད་པ་ཡིན་ན་ནི་དམ་བཅས་པ་ཉམས་སོ། །ཅི་སྟེ་བྱེད་པ་པོ་མེད་པ་ཡིན་ན་ནི་དཔེ་མེད་དོ་ཞེ་ན། དེ་ནི་རིགས་
เล่ม ๑๐๐ · หน้า 167a
པ་མ་ཡིན་ཏེ། བདག་མཆོད་སྦྱིན་ཞེས་བྱ་བ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལྷས་བྱིན་གྱི་རྒྱུད་ཀྱི་བྱེད་པ་པོ་ཉིད་དུ་མ་གྲུབ་པ་ཉིད་དཔེ་ཉིད་དུ་ཉེ་བར་གཞག་པའི་ཕྱིར་རོ་ཞེས་བྱ་བ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་
པར་རྗེས་སུ་དཔག་པའི་ཕྱོགས་ལ་འདི་སྐད་ཅེས་དམ་བཅས་པ་དེའི་དོན་གང་ཡིན་ཅི་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ཡིན་པ་དང་། མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་གཞན་གྱི་བྱ་བ་ཡིན་ནམ་འོན་ཏེ་བྱ་བ་མ་ཡིན། དེས་ཅིར་འགྱུར་གལ་ཏེ་བྱེད་པ་པོ་གཞན་གྱི་བྱ་བ་ཡིན་ན་ནི་དམ་བཅས་པ་
ཉམས་སོ། །ཅི་སྟེ་བྱ་བ་མ་ཡིན་ན་ནི་དཔེ་མེད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བདག་ལྷས་བྱིན་གྱི་བྱ་བ་ཉིད་དུ་མ་གྲུབ་པ་དེ་ཉིད་དཔེ་ཉིད་དུ་ཉེ་བར་གཞག་པའི་ཕྱིར་རོ་ཞེས་བྱ་བ་བརྒལ་བ་དང་ལན་དེ་དག་སྔར་བརྟག་པ་དང་པོའི་བྱེད་པ་པོ་དང་ལས་ལ་
སོ་སོར་སྦྱར་བ་དག་འདིར་བརྟག་པ་གསུམ་པའི་བྱེད་པ་པོ་དང་ལས་ལ་གཅིག་ཏུ་བསྡུས་ཏེ་རྒྱས་པར་སྦྱར་བར་བྱ་བ་ཡིན་ནོ། །བརྟག་པ་གསུམ་པ་བསྟན་ཏོ། །དེའི་ཕྱིར་དེ་ལྟར་རེ་ཞིག་ཕྱོགས་མཐུན་པ་ལ་བརྟེན་པའི་བྱེད་པ་པོ་དང་ལས་རྣམ་པར་བཞག་པ་དག་དོན་དམ་པ་པ་མ་ཡིན་པས་རབ་ཏུ་བྱེད་པའི་དང་
པོར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་དེ་ཡན་ཆད་དུ་ཕྱོགས་མཐུན་པ་གསུམ་ལ་བརྟེན་པའི་བྱེད་པ་པོ་དང་ལས་རྣམ་པར་གཞག་པ་དག་མི་འཐད་པར་བརྟག་པ་བསྟན་པའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཕྱོགས་མཐུན་པ་གསུམ་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལས་
ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་
དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་དག་སྟེ། དེ་དག་དོན་དམ་པར་རྣམ་པ་ཐམས་ཅད་དུ་མི་འཐད་པས་སྔར་རབ་ཏུ་བྱེད་པའི་དང་པོར་ཕ་རོལ་པོས་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་
เล่ม ๑๐๐ · หน้า 167b
དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་བསྟན་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ།། །།བམ་པོ་བཞི་བཅུ་གཉིས་པ། དེ་ལྟར་ཕྱོགས་མཐུན་པ་གསུམ་མི་འཐད་པར་བརྟག་པ་བསྟན་ནས། ད་ནི་ཕྱོགས་མི་མཐུན་
པ་དྲུག་པོ་དག་མི་འཐད་པར་རིམ་བཞིན་དུ་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་
གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་གཉིས་པ་བསྟན་པར་བྱ་སྟེ། དེའི་ཕྱོགས་སྔ་མ་བསྟན་པའི་ཕྱིར་གལ་ཏེ་བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་བྱེད་ཅིང་། བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་ལས་ཡིན་པར་གྱུར་པ་བྱེད་པས་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། འདི་
ན་སྨྲ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ཡོད་པས་དེ་དག་ལས་ཁ་ཅིག་ན་རེ་བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་བྱེད་དེ། དཔེར་ན་བུམ་པ་དང་སྣམ་བུ་བྱེད་པའི་བྱེད་པ་པོ་ཡིན་པར་གྱུར་པ་ཡོད་པས་བུམ་པ་དང་སྣམ་བུའི་ལས་མ་ཡིན་པར་གྱུར་ཅིང་མེད་པ་བྱེད་པ་ལྟ་བུའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་བྱེད་
པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་བྱེད་དེ། དཔེར་ན་བུམ་པ་དང་སྣམ་བུའི་བྱ་བ་དང་བྱེད་པའི་སྔ་རོལ་ན་བྱེད་པ་པོ་མ་ཡིན་པར་གྱུར་ཅིང་མེད་པས་འཇིམ་པ་དང་རྒྱུ་སྤུན་གྱི་ལས་ཡིན་པར་གྱུར་ཅིང་ཡོད་པ་བྱེད་པ་ལྟ་བུ་ཡིན་པས། དེས་ན་ཁྱེད་ཀྱི་སྒྲུབ་པ་སྔ་མ་གསུམ་གྱི་སྐྱོན་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་
ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། བྱེད་པ་པོ་དང་ལས་དག་ནི། །གྱུར་པ་མ་གྱུར་མི་བྱེད་དེ། །མ་གྱུར་པ་ཡང་གྱུར་མི་བྱེད། །ཅེས་བྱ་བ་སྨྲས་སོ། །གང་གིས་ཅི་ཞིག་མི་བྱེད་ཅེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ། བྱེད་པ་
པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་ལ་བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་ལས་ཡིན་པར་གྱུར་པ་མི་བྱེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་ནི་དམ་བཅའ་བ་ཉེ་བར་གཞག་པ་སྟེ་ཕྱོགས་ཡིན་ནོ། །དེ་གཉིས་ཀྱི་སྒྲུབ་པའི་ཆོས་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེ་ན། འདི་ལྟར། འདིར་ཡང་སྐྱོན་དེར་ཐལ་བར་འགྱུར།
เล่ม ๑๐๐ · หน้า 168a
ཡིན་པར་གྱུར་པ་དང་མ་ཡིན་པར་གྱུར་པའི་ཕྱོགས་སུ་བསྟན་པའི་སྐྱོན་དེ་དག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། །བྱེད་པ་པོ་དང་ལས་རྣམ་པ་དེ་ལྟ་བུ་དག་ཏུ་ཡོངས་སུ་རྟོག་ན་འདིར་ཡང་གང་གི་ཕྱིར་སྔར་བསྟན་པའི་སྐྱོན་བྱེད་པ་པོ་ཡིན་པར་གྱུར་པ་ལ་བྱ་བ་མེད་པ་དང་། ལས་ལ་བྱེད་
པ་པོ་མེད་པ་དང་། ལས་ཡིན་པར་གྱུར་པ་ལ་བྱ་བ་མེད་པ་དང་། བྱེད་པ་པོ་ལ་ལས་མེད་པ་དང་། བྱེད་པ་པོ་དང་ལས་མ་ཡིན་པར་གྱུར་པ་དག་ལ་རྒྱུ་མེད་པར་འགྱུར་བ་དེའི་ཕྱིར་བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་ལ། ལས་མ་ཡིན་པར་གྱུར་པ་ཡང་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་
ནོ། །བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་ལ་ལས་ཡིན་པར་གྱུར་པ་ཡང་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ནོ། །དེ་དག་གི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་དོན་དམ་པར་བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་ལ། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་
བྱེད་དེ་ཞེས་དམ་བཅས་པ་ལ་ཁྱད་པར་ཡོད་པར་ཟད་ཀྱི། སྦྱོར་བའི་ཡན་ལག་ལྷག་མ་དག་ནི་རྒྱས་པར་སྔ་མ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །འདི་ལྟར་སྦྱར་ཏེ་དོན་དམ་པར་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་མ་ཡིན་པར་གྱུར་པ་མི་བྱེད་དེ། བྱེད་པ་པོ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་
བྱེད་པ་པོ་ཡིན་པར་གྱུར་པ་བཞིན་ནོ། །དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པར་གྱུར་པ་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། ལས་མ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པར་གྱུར་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་བྱེད་པ་པོ་མ་ཡིན་པར་གྱུར་པ་
ལྷས་བྱིན་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་ཡིན་པར་གྱུར་པ་མི་བྱེད་དེ་བྱེད་པ་པོ་མ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པར་གྱུར་པ་བཞིན་ནོ། །དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་ནི་བྱེད་པ་པོ་མ་ཡིན་པར་གྱུར་པ་ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། ལས་ཡིན་པར་གྱུར་པའི་ཕྱིར་དཔེར་
ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་བཞིན་ནོ། །བརྒལ་བ་དང་ལན་དག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །ད་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་
เล่ม ๑๐๐ · หน้า 168b
བསྟན་པའི་ཕྱིར། དེ་བཞིན་དུ། བྱེད་པ་པོ་དང་ལས་དག་ནི། །གྱུར་དང་བཅས་པ་མ་གྱུར་དང་། །གྱུར་མ་གྱུར་པ་མི་བྱེད་དེ། །ཞེས་བྱ་བ་སྨྲས་ཏེ། བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་དང་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་ལ་ལས་མ་ཡིན་པར་གྱུར་པ་དང་ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་
བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ཏེ། འདིར་ལས་མ་ཡིན་པར་གྱུར་པ་སྨོས་པ་ནི་སྔ་མ་བརྣན་པའི་ཕྱིར་རོ། །དེ་དག་ནི་དམ་བཅའ་བ་ཉེ་བར་གཞག་པ་སྟེ་ཕྱོགས་ཡིན་ནོ། །དེ་དག་གི་སྒྲུབ་པའི་ཆོས་བསྟན་པའི་ཕྱིར། གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། བྱེད་པ་པོ་ཡིན་པར་གྱུར་
པ་ལས་བྱ་བ་མེད་པ་དང་། ལས་མ་ཡིན་པར་གྱུར་པ་ལ་རྒྱུ་མེད་པ་དང་། ལས་ཡིན་པ་དང་མ་ཡིན་པ་དང་མ་ཡིན་པར་གྱུར་པ་ཕན་ཚུན་འགལ་བས་ག་ལ་གཅིག་ཅེས་བསྟན་པའི་ཕྱིར་རོ། །འདིར་དེ་དག་གི་རྗེས་སུ་དཔག་པ་ཡང་འདི་ལྟར་སྦྱར་ཏེ། དོན་དམ་པར་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་ནི་ལྷས་བྱིན་གྱི་རྒྱུད་
ལ་ལས་མ་ཡིན་པར་གྱུར་པ་མི་བྱེད་དེ། བྱེད་པ་པོ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་བྱེད་པ་པོ་ཡིན་པར་གྱུར་པ་བཞིན་ནོ། །དོན་དམ་པར་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་དེ། བྱེད་པ་པོ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་བྱེད་
པ་པོ་ཡིན་པར་གྱུར་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པར་གྱུར་པ་བྱེད་པ་ཡིན་པར་གྱུར་པ་ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། ལས་མ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པར་གྱུར་པ་བཞིན་ནོ། །དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ཡིན་པ་དང་
མ་ཡིན་པར་གྱུར་པ་ནི་བྱེད་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། ལས་ཡིན་པ་དང་མ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བཞིན་ནོ། །བརྒལ་བ་དང་ལན་དག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །ད་ནི་བྱེད་པ་པོ་མ་ཡིན་པར་
གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་བསྟན་པའི་ཕྱིར་དེ་བཞིན་དུ། བྱེད་པ་པོ་དང་ལས་དག་ནི། །མ་གྱུར་པ་ནི་གྱུར་བཅས་དང་། །གྱུར་མ་གྱུར་པ་མི་བྱེད་དེ། །ཞེས་བྱ་བ་སྨྲས་ཏེ། བྱེད་པ་
เล่ม ๑๐๐ · หน้า 169a
པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་དང་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་ལ། ལས་ཡིན་པར་གྱུར་པ་དང་ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ཏེ། འདིར་ཡང་ལས་ཡིན་པར་གྱུར་པ་སྨོས་པ་ནི་སྔ་མ་བརྣན་པའི་ཕྱིར་རོ། །དེ་དག་
ནི་དམ་བཅའ་བ་ཉེ་བར་གཞག་པ་སྟེ་ཕྱོགས་ཡིན་ནོ། །དེ་དག་གི་སྒྲུབ་པའི་ཆོས་བསྟན་པའི་ཕྱིར། གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། བྱེད་པ་པོ་མ་ཡིན་པར་གྱུར་པ་ལ་རྒྱུ་མེད་པ་དང་། ལས་ཡིན་པར་གྱུར་པ་ལ་བྱ་བ་མེད་པ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་ཕན་ཚུན་འགལ་
བས་ག་ལ་གཅིག་ཅེས་བསྟན་པའི་ཕྱིར་རོ། །འདིར་དེ་དག་གི་རྗེས་སུ་དཔག་པ་ཡང་འདི་ལྟར་སྦྱར་ཏེ་དོན་དམ་པར་བྱེད་པ་པོ་མ་ཡིན་པར་གྱུར་པ་ནི་ལྷས་བྱིན་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་ཡིན་པར་གྱུར་པ་མི་བྱེད་དེ། བྱེད་པ་པོ་མ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་བྱེད་པ་པོ་མ་ཡིན་པར་གྱུར་པ་བཞིན་ནོ། །
དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་ནི་བྱེད་པ་པོ་མ་ཡིན་པར་གྱུར་པ་ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། ལས་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་བཞིན་ནོ། །དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་ནི་བྱེད་པ་པོ་མ་ཡིན་པར་གྱུར་པ་
ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། ལས་ཡིན་པ་དང་མ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་ཡིན་པ་དང་མ་ཡིན་པ་བཞིན་ནོ། །བརྒལ་བ་དང་ལན་དག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །ད་ནི་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་
པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བརྟག་པ་གཉིས་པ་བསྟན་པའི་ཕྱིར། དེ་བཞིན་དུ། བྱེད་པ་པོར་གྱུར་
མ་གྱུར་ནི། །ལས་སུ་གྱུར་དང་མ་གྱུར་པ། །མི་བྱེད་ཅེས་བྱ་བ་སྨྲས་ཏེ། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་
เล่ม ๑๐๐ · หน้า 169b
པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་ཕྱིར་མ་ཡིན་ཏེ། དེ་དག་ནི་དམ་བཅའ་བ་ཉེ་བར་གཞག་པ་སྟེ་ཕྱོགས་ཡིན་ནོ། །དེ་དག་གི་སྒྲུབ་པའི་ཆོས་བསྟན་པའི་ཕྱིར་འདིར་ཡང་གཏན་ཚིགས་ནི་གོང་དུ་བསྟན་པས་ཤེས་པར་བྱ། འདིར་ཡང་དམ་བཅས་པ་ལ་ཁྱད་པར་
ཡོད་པ་འབའ་ཞིག་ཏུ་ཟད་ཀྱི་སྦྱོར་བའི་ཡན་ལག་ལྷག་མ་དག་ནི་རྒྱས་པར་སྔ་མ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ཕན་ཚུན་འགལ་བས་ག་ལ་གཅིག་ཅེས་བྱ་བ་དང་། ལས་ཡིན་པར་གྱུར་པ་ལ་བྱ་བ་མེད་པ་དང་། ལས་མ་ཡིན་པར་གྱུར་པ་ལ་རྒྱུ་མེད་པར་འགྱུར་རོ་ཞེས་
བསྟན་པ་དག་གིས་ཤེས་པར་བྱའོ། །འདིར་དེ་དག་གི་རྗེས་སུ་དཔག་པ་ཡང་འདི་ལྟར་སྦྱར་ཏེ། དོན་དམ་པར་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལྷས་བྱིན་ནི་ལྷས་བྱིན་གྱི་རྒྱུད་ལ་ལས་ཡིན་པར་གྱུར་པ་མི་བྱེད་དེ། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་བྱེད་པ་པོ་ཡིན་པ་དང་མ་ཡིན་
པར་གྱུར་པ་བཞིན་ནོ། །དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་ནི་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལྷས་བྱིན་གྱི་བྱ་བ་མ་ཡིན་ཏེ། ལས་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་ཡིན་པར་གྱུར་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་
གྱུར་པ་ལྷས་བྱིན་གྱི་ལས་མ་ཡིན་པར་གྱུར་པ་མི་བྱེད་དེ། །བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་བཞིན་ནོ། །དོན་དམ་པར་ལྷས་བྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པར་གྱུར་པ་ནི་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལྷས་བྱིན་གྱི་བྱ་བ་མ་ཡིན་
ཏེ། ལས་མ་ཡིན་པར་གྱུར་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ལས་མ་ཡིན་པར་གྱུར་པ་བཞིན་ནོ། །བརྒལ་བ་དང་ལན་དག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལྟར་བྱེད་པ་པོ་དང་ལས་བརྟག་པའི་ཕྱོགས་ལ་ཕྱོགས་མཐུན་པ་གསུམ་དང་ཕྱོགས་མི་མཐུན་པ་དྲུག་སྟེ་སྤྱིར་དགུར་
ཤེས་པར་བྱའོ། །གལ་ཏེ་འདིར་ཕ་རོལ་པོ་དག་ན་རེ་དེ་ལྟར་བྱེད་པ་པོ་ཡང་མེད་ལ་ལས་ཀྱང་མེད་ན་ཁྱོད་ཀྱིས་རྒྱུ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་རོ་ཞེས་གང་དག་བསྟན་པ་དེ་དག་ཐམས་ཅད་ཁྱོད་ལ་རྗེས་སུ་འབྲེལ་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། གང་གི་ཕྱིར་དེ་ལྟར་
เล่ม ๑๐๐ · หน้า 170a
བརྟགས་ན། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ། དེའི་ཕྱིར་བྱེད་པ་པོ་དང་ལས་ཉིད་ལ་བྱེད་པ་པོ་དང་ལས་ཀྱི་རྒྱུ་ཡོད་པ་ནི་ཐ་སྙད་པར་ཕན་ཚུན་ལྟོས་པ་ཉིད་ཡིན་གྱི་དེ་མ་གཏོགས་པར་དེ་ལས་གཞན་པ། གྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །
ཞེས་བྱ་བ་སྨྲས་ཏེ། བྱེད་པ་པོ་ནི། ལས་ལ་བརྟེན་ཅིང་ལས་ལ་གནས། །ལས་ལ་ལྟོས་ནས་བྱེད་པ་པོ། །ཞེས་གདགས་ཤིང་བརྗོད་དོ། །དེའི་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་ཞིང་དེའི་ལས་ཞེས་གདགས་ཤིང་བརྗོད་དོ། །དེའི་ཕྱིར་དེ་གཉིས་ནི་ལྟོས་པ་ཅན་དུ་གདགས་པ་ཡིན་གྱི་ངོ་བོ་ཉིད་དུ་
གྲུབ་པ་དང་མ་གྲུབ་པ་མེད་དོ། །དེའི་ཕྱིར་དེ་ལྟར་དེ་གཉིས་ཡོད་པ་ཉིད་དང་མེད་པ་ཉིད་དུ་ཁས་མ་བླངས་པས་དབུ་མའི་ལམ་དུ་གདགས་པ་ཡིན་ནོ། །གདགས་པ་དེ་མ་གཏོགས་པར་དེ་ཉིད་འགྲུབ་པའི་མཚན་ཉིད་གཞན་མ་མཐོང་ངོ་། །དེ་ལྟ་བས་ན་རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་གཏན་ཚིགས་ཀྱི་དོན་
མ་གྲུབ་པ་ཉིད་ཀྱི་ལན་གདབ་དཀའ་བ་དང་། དཔེའི་སྐྱོན་ཡོད་པ་དང་། གཏན་ཚིགས་གཞན་དུ་རྟོག་ན་ཡང་དོན་འགལ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། སྔར་ཕ་རོལ་པོ་དག་གིས་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་
འདས་ཀྱིས་དེ་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་བསྟན་པའི་ཕྱིར་རོ། །འདི་ན་གང་མེད་པ་ལ་ནི་བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་བྱེད་པ་པོ་དང་ལས་མ་བསྟན་ཏེ། དཔེར་ན་བོང་བུ་དང་རྔ་མོའི་རྭ་དག་བཞིན་ནོ་ཞེས་སྨྲས་པའི་གཏན་ཚིགས་དོན་དམ་པར་སྒྲུབ་ན་ནི་དོན་མ་གྲུབ་པ་ཉིད་ཡིན་ལ་ཀུན་རྫོབ་ཏུ་སྒྲུབ་ན་
ནི་དོན་འགལ་བ་ཉིད་ཡིན་ཞིང་དཔེ་ཡང་མེད་པས་ཕ་རོལ་པོ་དག་གི་ཕྱོགས་མ་གྲུབ་པོ། །གང་དག་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་ཉིད་གསུངས་པའི་ཕྱིར་རོ་ཞེས་ཟེར་བ་དེ་དག་དགག་པའི་ཕྱིར་རོ། །དེ་བཞིན་
ཉེར་ལེན་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པས་འདྲ་བར་བསྟན་པར་བྱ་སྟེ་ཞེས་བྱ་བ་ནི་གང་ཟག་ཏུ་སྨྲ་བ་དག་ཕུང་པོ་ནི་ཉེ་བར་བླང་བ་ཡིན་ལ་གང་ཟག་ནི་ཉེ་བར་ལེན་པ་པོ་ཡིན་ནོ་ཞེས་ཟེར་བ་དགག་པའི་ཕྱིར་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་ཞེས་བྱ་བ་ནི་ཅི་
เล่ม ๑๐๐ · หน้า 170b
སྐད་བསྟན་པའི་འབད་པ་ཉེ་བར་བསྟན་པ་བཞིན་དུའོ་ཞེས་བྱ་བ་ནི་བྱེད་པ་པོ་དང་ལས་དག་བསལ་བ་བཞིན་དུའོ། །ཉེར་ལེན་ཞེས་བྱ་བ་ནི་ཉེ་བར་ལེན་པ་སྟེ། དངོས་པོའི་རྐྱེན་དུ་བལྟ་བར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཡོངས་སུ་གཟུང་བའི་ཕྱིར་ཏེ། གང་ལ་དངོས་
པོ་ཡོད་པ་དེ་ལ་བྱེད་པ་པོ་དུ་མ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་ལེན་པ་ཞེས་བྱ་བའི་སྒྲ་ནི་དངོས་པོ་སྟེ་ཉེ་བར་ལེན་པ་པོ་གང་ཟག་དང་ཉེ་བར་བླང་བ་ཕུང་པོ་གཉི་ག་ལ་སྤྱིར་སྙེགས་སོ། །གང་ལ་དངོས་པོ་ཡོད་པ་དེ་ལ་བྱེད་པ་པོའི་སྡེ་ཚན་དུ་གཏོགས་པ་བྱེད་པ་པོ་དང་ལས་དང་བྱེད་པ་དང་ཡང་དག་པར་སྦྱིན་
པ་དང་། བླང་བ་ལ་སོགས་པ་དག་ཡོད་པའི་ཕྱིར་རོ། །ཅི་སྐད་བསྟན་པའི་འབད་པ་ནི་ཅི་ལྟར་བྱེད་པ་པོ་ལས་ལ་བརྟེན་ཅིང་ལས་ཀྱང་བྱེད་པ་པོ་ལ་བརྟེན་ནས་འབྱུང་བ་དེ་བཞིན་དུ། ཉེ་བར་ལེན་པ་པོ་ཡང་ཉེ་བར་བླང་བ་ལ་བརྟེན་ཅིང་ཉེ་བར་བླང་བ་ཡང་ཉེ་བར་ལེན་པ་པོ་ལ་བརྟེན་ནས་འབྱུང་བར་འགྱུར་བས་ཉེ་བར་ལེན་
པ་པོ་དང་ཉེ་བར་བླང་བ་དག་གི་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་ཉིད་ནི་དོན་དམ་པ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་བྱ་བའི་བཤད་པ་ཡིན་ཏེ་དེ་ནི་དམ་བཅའ་བ་ཉེ་བར་གཞག་པ་སྟེ་ཕྱོགས་ཡིན་ནོ། །དེའི་སྒྲུབ་པའི་ཆོས་བསྟན་པའི་ཕྱིར་ཅི་ལྟར་ཞེ་ན། ལས་དང་བྱེད་པོ་བསལ་ཕྱིར་
རོ། །བསལ་བ་ཞེས་བྱ་བ་ནི་བཀག་པའོ། །ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏེ་གང་གི་ཕྱིར་དེ་ལྟར་བྱེད་པ་པོ་དང་ལས་དག་བསལ་བ་བསྟན་པ་དེ་ཉིད་ཀྱིས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཀྱང་བསལ་བར་ཤེས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཅི་ལྟར་བྱེད་པ་པོ་དང་ལས་བརྟག་པའི་སྐབས་སུ་བྱེད་པོ་
ཡིན་པར་གྱུར་པ་དེ་ལས་སུ་གྱུར་པ་མི་བྱེད་དོ། །བྱེད་པོ་མ་ཡིན་གྱུར་པ་ཡང་། །ལས་སུ་མ་གྱུར་མི་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་ཅི་སྐད་བསྟན་པ་ཐམས་ཅད་ཀྱིས་འདིར་ཡང་ཅི་རིགས་པར་ཤེས་པར་བྱའོ། །དེ་དག་གི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་དེ་ལ་ཕྱོགས་ཙམ་ཞིག་བསྟན་པར་བྱ་སྟེ། དོན་དམ་
པར་ལེན་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་བྱ་བ་ཉེ་བར་བླང་བ་ཡིན་པ་གྱུར་པ་ཕུང་པོ་ཞེས་བྱ་བ། དེའི་སྒྲར་བརྗོད་པ་དག་ལེན་པར་མི་བྱེད་པར་གཟུང་བར་བྱ་སྟེ། ཉེ་བར་བླང་བ་ལ་ལྟོས་པའི་ཕྱིར་དཔེར་ན་མཆོད་སྦྱིན་བཞིན་ནོ། །དོན་དམ་པར་ཉེ་བར་ལེན་པ་པོ་མ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་བྱ་བ་ཉེ་བར་
เล่ม ๑๐๐ · หน้า 171a
བླང་བ་མ་ཡིན་པར་གྱུར་པ་ཉེ་བར་ལེན་པར་མི་བྱེད་པ་དང་། ཉེ་བར་ལེན་པ་པོ་ཡིན་པ་དང་། མ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་བྱ་བ་ཉེ་བར་བླང་བ་ཡིན་པ་དང་མ་ཡིན་པར་གྱུར་པ་ཉེ་བར་ལེན་པར་མི་བྱེད་དེ་ཞེས་བྱ་བ་དག་ལ་ཡང་དམ་བཅས་པ་ལ་ཁྱད་པར་ཡོད་པར་ཟས་ཀྱི་སྦྱོར་བའི་ཡན་ལག་ལ་ལྷག་
མ་དག་ནི་རྒྱས་པར་སྔ་མ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཉེ་བར་ལེན་པ་པོ་བརྟག་པའི་ཕྱོགས་མཐུན་པ་གསུམ་ཡིན་ནོ། །དེ་བཞིན་དུ་དོན་དམ་པར་ཉེ་བར་བླང་བ་ཡིན་པར་གྱུར་པ་ཡང་ཉེ་བར་ལེན་པ་པོ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་བྱ་བའི་ཉེ་བར་བླང་བ་མ་ཡིན་ཏེ། ཉེ་བར་ལེན་པ་པོ་ལ་ལྟོས་པའི་ཕྱིར་
དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ཉེ་བར་བླང་བ་མ་ཡིན་པར་གྱུར་པ་བཞིན་ནོ། །དོན་དམ་པར་ཉེ་བར་བླང་བ་མ་ཡིན་པར་གྱུར་པ་ཉེ་བར་ལེན་པ་པོ་མ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་བྱ་བ་ནི་ཉེ་བར་བླང་བ་མ་ཡིན་པ་དང་ཉེ་བར་བླང་བ་ཡིན་པ་དང་མ་ཡིན་པར་གྱུར་པ་ཉེ་བར་ལེན་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལྷས་བྱིན་ཞེས་
བྱ་བའི་ཉེ་བར་བླང་བ་མ་ཡིན་ཏེ་ཞེས་བྱ་བ་དག་ལ་ཡང་དམ་བཅས་པ་ལ་ཁྱད་པར་ཡོད་པར་ཟད་ཀྱི་སྦྱོར་བའི་ཡན་ལག་ལྷག་མ་དག་ནི་རྒྱས་པར་སྔ་མ་བཞིན་ནོ་ཞེས་བྱ་བ་དག་ནི་ཉེ་བར་བླང་བ་བརྟག་པའི་ཕྱོགས་མཐུན་པ་གསུམ་ཡིན་ནོ། །དེ་བཞིན་དུ་ཕྱོགས་མི་མཐུན་པ་དག་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་
ཕྱོགས་མི་མཐུན་པ་དྲུག་པོ་དག་ཀྱང་བྱེད་པ་པོ་དང་ལས་ཀྱི་སྐབས་སུ་བསྟན་པ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་ཡིན་པར་འགྱུར་བ་ལ་སོགས་པ་དག་དོན་དམ་པར་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བས་ནི་བརྟག་པ་དགུ་པོ་དག་མི་འཐད་པའི་རིགས་པ་བསྟན་ཏོ། འདིར་ཡང་
གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དཔེ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དང་མི་ལྡན་པས་མེད་པ་དང་། གཏན་ཚིགས་གཞན་དུ་རྟོག་ན་ཡང་དོན་འགལ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ན། །ཅི་ལྟར་དོན་དམ་པར་བྱེད་པ་པོ་དང་ལས་དང་ཉེ་བར་ལེན་པ་པོ་དང་
ཉེ་བར་བླང་བ་དག་མི་འཐད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་མི་འཐད་པར་འདྲ་བར་བསྟན་པའི་ཕྱིར། ཅི་ལྟར་དོན་དམ་པར་བྱེད་པ་པོ་དང་ལས་དག་གི་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་བསལ་བ་དེ་བཞིན་དུ། བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་འང་ཤེས་པར་བྱ། །རང་དང་
เล่ม ๑๐๐ · หน้า 171b
གཞན་ལ་གྲགས་པའི་རྒྱུ་དང་འབྲས་བུ་དང་། ཡོན་ཏན་དང་ཡོན་ཏན་ཅན་དང་། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དང་། ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་དངོས་པོ་ལྷག་མ་རྣམས་ཀྱང་ཤེས་པར་བྱ་སྟེ། རྒྱུ་དང་འབྲས་བུ་ལ་བརྟེན་ཅིང་འབྲས་བུ་ཡང་རྒྱུ་ལ་བརྟེན་ནས་འགྲུབ་པ་ལ་སོགས་པ་དག་ཐ་སྙད་
པ་ཡིན་གྱི་དོན་དམ་པ་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་ཡང་འབྲས་བུ་སྐྱེད་པར་བྱེད་པ་ན་ཡིན་པར་གྱུར་པ་ཞེས་བྱའོ། །དེ་ལས་གཞན་པ་ནི་མ་ཡིན་པར་གྱུར་པའོ། །འབྲས་བུ་ཡང་ཡང་བསྐྱེད་པར་བྱ་བ་ན་ཡིན་པར་གྱུར་པ་ཞེས་བྱའོ། །དེ་ལས་གཞན་པ་ནི་མ་ཡིན་པར་གྱུར་པའོ། །དེ་བཞིན་དུ་ཡོན་ཏན་དང་
ཡོན་ཏན་ཅན་ལ་སོགས་པ་ལྷག་མ་རྣམས་ལ་ཡང་སྦྱར་ཏེ། བརྟག་པའི་ཕྱོགས་དགུ་དགུར་དབྱེ་ཞིང་མི་འཐད་པ་དང་དེ་དག་ལྟོས་ཏེ་གདགས་པ་མ་གཏོགས་པར་རྣམ་པ་གཞན་གང་གིས་ཀྱང་དེ་དག་འགྲུབ་པར་འགྱུར་བའི་མཚན་ཉིད་མི་འཐད་པར་བསྟན་པར་བྱའོ། །ད་ནི་བྱེད་པ་པོ་དང་ལས་དང་ཉེ་བར་
ལེན་པ་པོ་དང་ཉེ་བར་བླང་བ་དང་རྒྱུ་དང་འབྲས་བུ་དང་ཡོན་ཏན་དང་ཡོན་ཏན་ཅན་དང་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དང་། ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་དངོས་པོ་བརྟེན་ནས་འགྲུབ་པ་ཅི་སྐད་བསྟན་པ་དེ་དག་ཐ་སྙད་པ་ཡིན་གྱི་དོན་དམ་པ་པ་མ་ཡིན་པར་སློབ་དཔོན་གྱི་ཞལ་སྔ་ནས་ཚིག་
ལེའུར་བྱས་པ་དག་གིས་བསྒྲུབས་ཏེ། མདོར་བཀའ་སྩལ་པ། དེ་ཉིད་ལ་བརྟེན་ནས་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་བྱེ་བྲག་ཏུ་བཤད་པ་རྒྱ་ཆེར་སྟོན་ཏོ། །དེ་ལ་འགྲེལ་པ་བྱེད་པས་ཅིའི་ཕྱིར་དེ་དག་བྱེ་བྲག་ཏུ་བཤད་པའི་དགོས་པ་དང་བསམ་པ་བསྟན་པའི་ཕྱིར། གང་དག་རྒྱུ་དང་འབྲས་
བུ་ལ་སོགས་པ་དག་གི་དོན་དམ་པ་པའི་རྒྱུ་དང་འབྲས་བུ་ལ་སོགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་དེ་དག་གི་མངོན་པར་ཞེན་པའི་ཟུག་རྔུ་དེ་བསལ་བར་འདོད་པས་སློབ་དཔོན་གྱིས་བཀའ་སྩལ་པའི་ལུང་ཁས་བླངས་ནས་ཅུང་ཟད་དཔྱད་པར་བྱའོ་ཞེས་བྱ་བ་སྨྲས་སོ། །དོན་དམ་པར་འོ་མ་ཡིན་པར་གྱུར་པ་ནི་ཞོ་
ཡིན་པར་གྱུར་པ་མི་བྱེད་དེ། འབྲས་བུ་ལ་ལྟོས་པའི་ཕྱིར་དཔེར་ན་རྒྱུ་སྤུན་དག་བཞིན་ནོ་ཞེས་བྱ་བས་ནི་རྒྱུའི་ངོ་བོ་ཉིད་ཀྱིས་འབྲས་བུའི་ངོ་བོ་ཉིད་མི་བྱེད་པར་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྒྱུ་སྤུན་
เล่ม ๑๐๐ · หน้า 172a
གྱི་ངོ་བོ་ཉིད་ནི་འབྲས་བུ་སྣམ་བུའི་ངོ་བོ་ཉིད་ལ་ལྟོས་པའི་ཕྱིར་ཞོའི་ངོ་བོ་ཉིད་མི་བྱེད་པ་དེ་བཞིན་དུ་འོ་མའི་ངོ་བོ་ཉིད་ཀྱང་འབྲས་བུ་ཞོའི་ངོ་བོ་ཉིད་ལ་ལྟོས་པའི་ཕྱིར་ཞོའི་ངོ་བོ་ཉིད་མི་བྱེད་དོ། །དངོས་པོ་ལྷག་མ་གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །གལ་ཏེ་མཐོང་བ་དང་གྲགས་པའི་
གནོད་པས་གནོད་པར་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་རྗེས་སུ་དཔག་པ་སྔ་མ་དེ་ལ་མངོན་སུམ་དང་འགལ་བ་དང་གྲགས་པ་དང་འགལ་བའི་གནོད་པར་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དམ་བཅས་པ་ཁྱད་པར་ཅན་བྱས་
པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། མངོན་སུམ་དང་གྲགས་པ་ནི་ཀུན་རྫོབ་ཡིན་གྱི་ཁོ་བོས་ནི་དོན་དམ་པར་དགག་པ་བྱས་པའི་ཕྱིར་དེ་དག་དང་འགལ་བའི་སྐྱོན་མེད་དོ། །ཡང་ན་དོན་དམ་པར་སྨྲ་བ་རྣམས་འདོད་པའི་འོ་མ་ནི་བསམས་པའི་ཞོའི་རྒྱུ་མ་ཡིན་ཏེ་འོ་མ་ཡིན་པའི་དཔེར་ན་དེ་ལས་གཞན་
པའི་འོ་མ་བཞིན་ནོ་ཞེས་བྱ་བས་ནི་རྒྱུའི་ངོ་བོ་ཉིད་དགག་པའི་རྗེས་སུ་དཔག་པ་སྟོན་ཏོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཐ་སྙད་པའི་རྒྱུ་འོ་མ་ནི་འོ་མ་ཡིན་པའི་ཕྱིར་ཕ་རོལ་པོ་དག་གིས་བསམས་
པའི་དོན་དམ་པ་པའི་ཞོའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ཕ་རོལ་པོ་དག་སྨྲ་བར་འདོད་པ་དོན་དམ་པ་པའི་འོ་མ་ཡང་འོ་མ་ཡིན་པའི་ཕྱིར། །ཕ་རོལ་པོ་དག་གིས་བསམས་པའི་དོན་དམ་པ་པའི་ཞོའི་རྒྱུ་མ་ཡིན་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་བཞིན་དུ་དོན་དམ་པ་སྨྲ་བར་འདོད་པའི་ཞོ་
ནི་འོ་མའི་རྒྱུ་ཅན་མ་ཡིན་ཏེ། འོ་མ་ལ་ལྟོས་པའི་ཕྱིར་དཔེར་ན་དེ་ལས་གཞན་པའི་ཞོ་བཞིན་ནོ་ཞེས་བྱ་བས་ནི་འབྲས་བུའི་ངོ་བོ་ཉིད་དགག་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་
ཐ་སྙད་པའི་འབྲས་བུ་ཞོ་ནི་འོ་མ་ལ་ལྟོས་པའི་ཕྱིར་ཕ་རོལ་པོ་དག་སྨྲ་བར་འདོད་པ་དོན་དམ་པ་པའི་འོ་མའི་རྒྱུ་ཅན་མ་ཡིན་པ་བཞིན་དུ་ཕ་རོལ་པོ་དག་སྨྲ་བར་འདོད་པ་དོན་དམ་པ་པའི་ཞོ་ཡང་འོ་མ་ལ་ལྟོས་པའི་ཕྱིར་ཕ་རོལ་པོ་དག་སྨྲ་བར་འདོད་པ་དོན་དམ་པ་པའི་འོ་མའི་རྒྱུ་ཅན་མ་ཡིན་ཏེ། ལྷག་མ་རྣམས་
เล่ม ๑๐๐ · หน้า 172b
ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ཡང་ན་དོན་དམ་པར་ཞོ་ནི་འོ་མའི་རྒྱུ་ཅན་མ་ཡིན་པར་ཤེས་པར་བྱ་སྟེ། རྒྱུ་ལ་ལྟོས་པའི་ཕྱིར་དཔེར་ན་སྣམ་བུ་བཞིན་ནོ་ཞེས་བྱ་བས་ནི་འབྲས་བུའི་ངོ་བོ་ཉིད་དགག་པ་གཏན་ཚིགས་དང་དཔེ་རིགས་མི་མཐུན་པས་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་
དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣམ་བུ་ནི་རྒྱུ་སྤུན་ལ་ལྟོས་པའི་ཕྱིར་འོ་མའི་རྒྱུ་ཅན་མ་ཡིན་པ་དེ་བཞིན་དུ་དོན་དམ་པ་པའི་ཞོ་ཡང་རྒྱུ་འོ་མ་ལ་ལྟོས་པའི་ཕྱིར་དོན་དམ་པ་པའི་འོ་མའི་རྒྱུ་ཅན་མ་ཡིན་ཏེ། ལྷག་མ་རྣམས་ལ་ཡང་
དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །འདིར་ཁ་ཅིག་ན་རེ་དོན་དམ་པར་འོ་མ་ནི་ཞོ་མི་བྱེད་དེ་ཞེས་དམ་བཅས་པ་དེའི་དོན་གལ་ཏེ་ཐ་སྙད་དུ་བྱེད་པ་ཡིན་ན་ནི་དཔེ་མེད་པ་དང་ཕྱོགས་སྔ་མ་ལ་གནོད་དོ། །ཅི་སྟེ་རང་གི་བྱ་བ་མི་བྱེད་པ་ཉིད་ཡིན་ན་ནི་དེ་ལྟ་ན་ཡང་དཔེ་མེད་པ་དང་མ་ངེས་པ་ཉིད་དེ་ཐམས་ཅད་ཀྱང་བྱ་བ་སོ་སོར་
ངེས་པ་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པས་སྔར་དོན་དམ་པར་འོ་མ་ཡིན་པར་གྱུར་པ་ནི་ཞོ་ཡིན་པར་གྱུར་པ་མི་བྱེད་དེ། འབྲས་བུ་ལ་ལྟོས་པའི་ཕྱིར་དཔེར་ན་རྒྱུ་སྤུན་དག་བཞིན་ནོ་ཞེས་བསྒྲུབས་པ་དེ་ལ་འདིར་སློབ་དཔོན་བློ་བརྟན་ན་རེ་དམ་བཅས་པ་དེའི་དོན་གང་ཡིན། གལ་ཏེ་དོན་དམ་
པར་ནི་མི་བྱེད་པ་ལ་ཐ་སྙད་དུ་ནི་བྱེད་དོ་ཞེས་དམ་འཆའ་བ་ཡིན་ན་ནི་དེས་ན་ཁྱོད་ཀྱི་དཔེ་མེད་པ་དང་། ཕྱོགས་སྔ་མ་ལ་གནོད་པས་མི་རུང་སྟེ་ཅིའི་ཕྱིར་ཞེ་ན། འོ་མས་དོན་དམ་པར་ཞོ་མ་བྱེད་ལ་ཐ་སྙད་དུ་ནི་བྱེད་པའི་དཔེ་ཡང་དེ་དང་མཐུན་པ་ལས་བླང་དགོས་ན་ཁྱོད་ཀྱི་དཔེ་རྒྱུ་སྤུན་དག་གིས་ནི་དོན་དམ་པར་ཡང་ཞོ་
མི་བྱེད་ལ་ཐ་སྙད་དུ་ཡང་ཞོ་མི་བྱེད་པ་ཡིན་པས་འོ་མའི་དཔེར་མི་རུང་ངོ་། །གཞན་ཡང་ཁྱོད་ཀྱིས་སྔར་ནི་དོན་དམ་པར་འོ་མས་ཞོ་མི་བྱེད་དོ་ཞེས་དམ་བཅས་ལ་ད་འདིར་ནི་དོན་དམ་པར་ནི་མི་བྱེད་ལ་ཐ་སྙད་དུ་ནི་བྱེད་པར་དམ་བཅས་པས། དེས་ན་སྔར་དམ་བཅས་པའི་ཕྱོགས་ལ་ཡང་གནོད་པས་མི་རུང་ངོ་། །ཅི་
སྟེ་ཁྱོད་ཀྱིས་དམ་བཅས་པ་དེའི་དོན་འོ་མས་རང་གི་བྱ་བ་ཞོ་མི་བྱེད་པ་ཉིད་ཡིན་ན་ནི་དེ་ལྟ་ན་ཡང་དཔེ་མེད་པ་དང་གཏན་ཚིགས་མ་ངེས་པ་ཉིད་ཡིན་པས་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། འོ་མས་རང་གི་བྱ་བ་མི་བྱེད་པ་ཉིད་ཀྱི་དཔེ་ཡང་དེ་དང་མཐུན་པ་ལས་བླང་དགོས་ན་ཁྱོད་ཀྱི་དཔེ་རྒྱུ་སྤུན་དག་གི་རང་གི་བྱ་བ་སྣམ་བུ་
เล่ม ๑๐๐ · หน้า 173a
བྱེད་པ་ཡིན་པས་འོ་མའི་དཔེར་མི་རུང་ངོ་། །གཞན་ཡང་ཁྱོད་ཀྱི་གཏན་ཚིགས་འབྲས་བུ་ལ་ལྟོས་པའི་ཕྱིར་ཞེས་བྱ་བ་དེ་དོན་དམ་པར་འོ་མ་དང་རྒྱུ་སྤུན་དག་གིས་ཞོ་མི་བྱེད་པའི་གཏན་ཚིགས་ཡིན་ནམ། འོན་ཏེ་ཀུན་རྫོབ་ཏུ་རྒྱུ་སྤུན་དག་གིས་ཞོ་མི་བྱེད་པའི་གཏན་ཚིགས་ཡིན་པ་མ་ངེས་པ་ཉིད་
ཡིན་པས་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་བརྟག་པ་སྔ་མ་ནི་ཁས་མ་བླངས་པའི་ཕྱིར་རོ། །བརྟག་པ་ཕྱི་མ་ལ་ཡང་རྒྱུ་སྤུན་ལ་སོགས་པ་ཞོའི་རྒྱུ་མ་ཡིན་པ་ཉིད་དང་སྣམ་བུ་ལ་སོགས་པ་འོ་མའི་འབྲས་བུ་མ་ཡིན་པ་ཉིད་དུ་གྲུབ་པ་དག་དཔེ་ཉིད་
དུ་འདོད་པའི་ཕྱིར་དཔེ་མེད་པ་མ་ཡིན་ལ། དམ་བཅས་པ་ཁྱད་པར་ཅན་ཡིན་པའི་ཕྱིར་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁྱོད་ཀྱི་བརྟག་པ་སྔ་མ་ལྟར་དོན་དམ་པར་འོ་མས་ཞོ་མི་བྱེད་ལ། ཐ་སྙད་དུ་བྱེད་པར་ཁོ་བོས་ཁས་མ་བླངས་ཀྱི་དོན་དམ་པ་ཁོ་ནར་མི་བྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་ཁོ་བོ་ལ་དཔེ་
མེད་པ་དང་ཕྱོགས་སྔ་མ་ལ་གནོད་པའི་སྐྱོན་མེད་དོ། །བརྟག་པ་ཕྱི་མ་ལྟར་འོ་མས་དོན་དམ་པར་རང་གི་བྱ་བ་ཞོ་མི་བྱེད་པ་ཉིད་ཁས་བླངས་པ་ལ་ནི་རྒྱུ་སྤུན་ལ་སོགས་པ་ཞོའི་རྒྱུ་མ་ཡིན་པ་ཉིད་དང་། སྣམ་བུ་ལ་སོགས་པ་འོ་མའི་འབྲས་བུ་མ་ཡིན་པ་ཉིད་དུ་གྲུབ་པ་དག་དཔེ་ཉིད་དུ་འདོད་པའི་ཕྱིར་དཔེ་མེད་པ་མ་
ཡིན་ལ། ཁོ་བོས་དོན་དམ་པར་འོ་མས་ཞོ་མི་བྱེད་དེ་ཞེས་དམ་བཅས་པ་ཁྱད་པར་ཅན་བྱས་པའི་ཕྱིར་ཁོ་བོའི་གཏན་ཚིགས་འབྲས་བུ་ལ་ལྟོས་པའི་ཕྱིར་ཞེས་བྱ་བས་དོན་དམ་པར་འོ་མ་དང་རྒྱུ་སྤུན་དག་གིས་ཞོ་མི་བྱེད་པར་འགྲུབ་པའི་ཕྱིར་མ་ངེས་པ་ཉིད་ཀྱང་མ་ཡིན་པས། སློབ་དཔོན་བློ་བརྟན་གྱི་ཀླན་ཀ་དེ་ནི་བཟང་པོ་
མ་ཡིན་ནོ། །འདིར་གྲངས་ཅན་དག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་གྲངས་ཅན་དག་གི་གཞུང་ལས་རྒྱུ་ལ་འབྲས་བུ་སྔ་ན་ནུས་པའི་ཚུལ་གྱིས་ཡོད་པ་ཕྱིས་རྐྱེན་རྣམས་ཀྱིས་བསལ་བར་བྱེད་ཅིང་འབྱུང་བས་རྒྱུ་འོ་མ་ལ་ཡང་འབྲས་བུ་ཞོ་སྔ་ན་ཡོད་ལ། ས་བོན་ལ་ཡང་མྱུ་གུ་སྔ་ན་ཡོད། འཇིམ་པ་ལ་
ཡང་བུམ་པ་སྔ་ན་ཡོད་རྒྱུ་སྤུན་ལ་ཡང་སྣམ་བུ་སྔ་ན་ཡོད། རྩི་ཀྱང་ལ་ཡང་སབ་མ་སྔ་ན་ཡོད། མེར་མེར་པོ་ལ་སོགས་པ་དག་ལ་ཡང་མིག་ལ་སོགས་པ་དག་སྔ་ན་ཡོད་དོ་ཞེས་ཟེར་བའི་གཞུང་སྟོན་ཏེ། འབྲས་བུ་སྔ་ན་ཡོད་པར་སྨྲ་བ་དེ་དག་གི་གཞུང་གཟུགས་པའི་གཏན་ཚིགས་ནི་རྣམ་པ་ལྔ་སྟེ། མེད་མི་བྱེད་
เล่ม ๑๐๐ · หน้า 173b
ཕྱིར་རྒྱུ་ལེན་ཕྱིར། །ཐམས་ཅད་འབྱུང་བ་མེད་ཕྱིར་དང་། །ནུས་པས་ནུས་ཅན་བྱེད་ཕྱིར་དང་། །རྒྱུ་ཡོད་ཕྱིར་ནི་འབྲས་བུ་ཡོད། །ཅེས་བྱ་བས་མེད་པ་ལ་མི་བྱེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་དང་། །རྒྱུ་ལེན་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་དང་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་དང་།
ནུས་པས་ནུས་པ་ཅན་བྱེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་དང་། རྒྱུ་ཡོད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་དག་གོ་རིམས་བཞིན་དུ་སྟོན་ཏོ། །དེ་ལ་རེ་ཞིག་མེད་པ་ལ་མི་བྱེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་བསྟན་པའི་ཕྱིར། འབྲས་བུ་སྔ་ན་ཡོད་པ་རྒྱུ་ཡོད་པ་ཉིད་
ཀྱིས་བྱེད་དེ། མེད་པ་ལ་མི་བྱེད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་བྱེད་པ་མེད་དེ་དཔེར་ན་རུས་སྦལ་གྱི་སྤུ་ལ་གོས་བྱེད་པ་མེད་པ་བཞིན་ནོ། །ཞོ་ལ་ནི་བྱེད་པ་ཡོད་པས་དེའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ན་རྒྱུ་འོ་མ་ལྟ་བུ་གང་ལ་འབྲས་བུ་ཞོ་སྔ་ན་ཡོད་པ་དེ་ལ་ནི་རྐྱེན་གྱིས་
གསལ་བར་བྱེད་ཀྱི། རྒྱུ་རུས་སྦལ་གྱི་སྤུ་ལྟ་བུ་གང་ལ་འབྲས་བུ་གོས་སྔ་ན་མེད་པ་དེ་ལ་ནི་རྐྱེན་གྱིས་གསལ་བར་མི་བྱེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །རྒྱུ་ལེན་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་བསྟན་པའི་ཕྱིར། གལ་ཏེ་འབྲས་བུ་སྔ་ན་མེད་པར་གྱུར་ན། དཔེར་
ན་འོ་མ་ལ་ཞོ་སྔ་ན་མེད་པ་བཞིན་དུ་རྩི་ཀྱང་ལ་སོགས་པ་དག་ཀྱང་མེད་པར་འདྲ་བས། ཞོའི་དོན་དུ་དེའི་རྒྱུ་འོ་མ་ལེན་པར་མི་བྱེད་པ་ཞིག་ན་ལེན་པར་ཡང་བྱེད་པས་དེ་ལྟར་རྒྱུ་ལེན་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འབྲས་བུ་སྔ་ན་མེད་པར་གྱུར་ན་དཔེར་ན་རྒྱུ་འོ་མ་ལ་འབྲས་བུ་ཞོ་
སྔ་ན་མེད་པ་བཞིན་དུ་འབྲས་བུ་རྩི་ཀྱང་ལ་སོགས་པ་དག་ཀྱང་སྔ་ན་མེད་པར་འདྲ་བས་ཅི་ལྟར་རྩི་ཀྱང་ལ་སོགས་པའི་དོན་དུ་དེའི་རྒྱུ་འོ་མ་ལེན་པར་མི་བྱེད་པ་དེ་བཞིན་དུ་ཞོའི་དོན་དུ་ཡང་དེའི་རྒྱུ་འོ་མ་ལེན་པར་མི་བྱེད་པ་ཞིག་ན། དེ་ལྟ་མ་ཡིན་ཏེ་རྩི་ཀྱང་ལ་སོགས་པའི་དོན་དུ་ནི་དེའི་རྒྱུ་འོ་མ་ལེན་པར་མི་བྱེད་ལ། ཞོའི་
དོན་དུ་ནི་དེའི་རྒྱུ་འོ་མ་ལེན་པར་བྱེད་པས་དེ་ལྟར་རྒྱུ་ལེན་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཐམས་ཅད་འབྱུང་བ་མེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་བསྟན་པའི་ཕྱིར་གལ་ཏེ་འབྲས་བུ་སྔ་ན་མེད་པར་གྱུར་ན། དཔེར་ན་འོ་མ་ལ་ཞོ་སྔ་ན་མེད་པ་བཞིན་དུ་འཇིག་རྟེན་
เล่ม ๑๐๐ · หน้า 174a
གསུམ་པོ་དག་ཀྱང་མེད་པར་འདྲ་བས་ཞོ་བཞིན་དུ་འཇིག་རྟེན་གསུམ་པོ་དག་ཀྱང་འབྱུང་བར་འགྱུར་བའི་རིགས་ན། དེ་དག་མི་འབྱུང་བས། དེ་ལྟར་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འབྲས་བུ་སྔ་ན་མེད་པར་གྱུར་ན་དཔེར་
ན་རྒྱུ་འོ་མ་ལ་འབྲས་བུ་ཞོ་སྔ་ན་མེད་པ་བཞིན་དུ་འབྲས་བུ་འཇིག་རྟེན་གསུམ་པོ་དག་ཀྱང་སྔ་ན་མེད་པར་འདྲ་བས་ཅི་ལྟར་རྒྱུ་འོ་མ་ལས་འབྲས་བུ་ཞོ་འབྱུང་བ་བཞིན་དུ་རྒྱུ་འོ་མ་ལ་འབྲས་བུ་འཇིག་རྟེན་གསུམ་པོ་དག་ཀྱང་འབྱུང་བར་འགྱུར་བའི་རིགས་ན། དེ་ལྟར་མ་ཡིན་ཏེ་རྒྱུ་འོ་མ་ལས་འབྲས་བུ་ཞོ་ནི་འབྱུང་གི །
འབྲས་བུ་འཇིག་རྟེན་གསུམ་པོ་དག་ནི་མི་འབྱུང་བས། དེ་ལྟར་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ནུས་པས་ནུས་པ་ཅན་བྱེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་བསྟན་པའི་ཕྱིར། གལ་ཏེ་འབྲས་བུ་སྔ་ན་མེད་པར་གྱུར་ན། ཅིའི་ཕྱིར་རྫ་མཁན་ནུས་པས་
འཇིམ་པ་ནུས་པ་ཅན་དག་ཁོ་ན་ལས་བུམ་པ་སྒྲུབ་པར་བྱེད་ཅིང་ཐམས་ཅད་ལས་མི་བྱེད་པར་ངེས་པ་འདི་འབྱུང་བར་འགྱུར། དེ་ལྟར་ནུས་པས་ནུས་པ་ཅན་བྱེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་པར་སེམས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འབྲས་བུ་སྔ་ན་མེད་པར་གྱུར་ན་དཔེར་ན་རྒྱུ་ནུས་པ་ཅན་འཇིམ་པ་ལ་འབྲས་བུ་
བུམ་པ་སྔ་ན་མེད་པ་བཞིན་དུ་རྒྱུ་འོ་མ་ལ་སོགས་པ་དག་ལ་ཡང་འབྲས་བུ་བུམ་པ་སྔ་ན་མེད་པར་འདྲ་བས་ཅི་ལྟར་རྫས་མཁན་མི་ནུས་པས། རྒྱུ་འོ་མ་ལ་སོགས་པ་ནུས་པ་ཅན་མ་ཡིན་པ་དག་ལས་འབྲས་བུ་བུམ་པ་སྒྲུབ་པར་མི་བྱེད་པ་དེ་བཞིན་དུ་རྫ་མཁན་ནུས་པས་རྒྱུ་འཇིམ་པ་ནུས་པ་ཅན་དག་ལས་ཀྱང་འབྲས་བུ་བུམ་པ་སྒྲུབ་པར་
མི་བྱེད་པ་ཞིག་ན། དེ་ལྟ་མ་ཡིན་ཏེ་རྫ་མཁན་ནུས་པས་རྒྱུ་འཇིམ་པ་ནུས་པ་ཅན་དག་ཁོ་ན་ལས་འབྲས་བུ་བུམ་པ་སྒྲུབ་པར་བྱེད་ཅིང་རྫ་མཁན་མི་ནུས་པས་རྒྱུ་འོ་མ་ལ་སོགས་པ་ནུས་པ་ཅན་མ་ཡིན་པ་ཐམས་ཅད་ལས་འབྲས་བུ་བུམ་པ་སྒྲུབ་པར་མི་བྱེད་པར་ངེས་པར་འདི་འབྱུང་བར་འགྱུར་བས་དེ་ལྟར་ནུས་པས་ནུས་པ་ཅན་
བྱེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་པར་སེམས་སོ་ཞེས་ཟེར་རོ། །རྒྱུ་ཡོད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་བསྟན་པའི་ཕྱིར། འདིས་ཀྱང་འབྲས་བུ་སྔ་ན་ཡོད་པ་ཁོ་ནར་མངོན་ཏེ། གང་མེད་པ་ལ་ནི་རྒྱུའི་དངོས་པོ་ཡོད་པ་མ་ཡིན་པས་གལ་ཏེ་འབྲས་བུ་སྔ་ན་མེད་པར་
เล่ม ๑๐๐ · หน้า 174b
གྱུར་ན་དེ་ལ་ཡང་རྒྱུའི་དངོས་པོ་མེད་པར་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་པས་དེ་ལྟར་རྒྱུ་ཡོད་པའི་ཕྱིར་ཡང་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་འབྲས་བུ་གང་མེད་པ་དེ་ལ་ནི་རྒྱུའི་དངོས་པོ་ཡོད་པ་མ་ཡིན་པས་གལ་ཏེ་འབྲས་བུ་སྔ་ན་མེད་པར་གྱུར་ན་དཔེར་ན་འབྲས་བུ་ཞོ་ལ་སོགས་པ་གང་
དག་ཕྱིས་རྐྱེན་གྱིས་གསལ་བར་བྱ་སྟེ། འབྱུང་བར་འགྱུར་བ་དེ་དག་ལ་ཡང་རྒྱུའི་དངོས་པོ་འོ་མ་ལ་སོགས་པ་དག་མེད་པར་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་ཏེ། དེ་དག་ལ་རྒྱུའི་དངོས་པོ་ཡོད་པས་དེ་ལྟར་རྒྱུ་ཡོད་པའི་ཕྱིར་ཡང་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་འབྲས་བུ་སྔ་ན་ཡོད་པར་གཞུང་
གཟུགས་པ་ལྔ་པོ་དེ་དག་གི་སྤྱིའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་འོ་མ་ལ་ནི་ཞོ་སྔ་ན་ཡོད་པ་ཁོ་ན་ཡིན་ཏེ་དེ་ཡོད་ན་འབྱུང་བའི་ཕྱིར་རོ། །གང་ལ་གང་སྔ་ན་མེད་པ་དེ་ནི་དེ་ཡོད་ཀྱང་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཀྱི་རྗེས་སུ་འགྲོ་བ་
བསྟན་པ་དང་། མི་མཐུན་པའི་ཕྱོགས་ཀྱི་དཔེས་ལྡོག་པ་བསྟན་པ་ཡིན་ཏེ། འདི་ན་རྒྱུ་གང་ལ་འབྲས་བུ་གང་སྔ་ན་མེད་པ་དཔེར་ན་བྱེ་མ་ལ་འབྲུ་མར་སྔ་ན་མེད་པ་དེ་ནི་བྱེ་མ་དེ་ཡོད་ཀྱང་འབྲུ་མར་འབྱུང་བར་མི་འགྱུར་གྱི། རྒྱུ་འོ་མ་ལ་འབྲས་བུ་ཞོ་སྔ་ན་ཡོད་པ་དེ་ནི་འོ་མ་དེ་ཡོད་ན་ཞོ་འབྱུང་བར་འགྱུར་བའི་ཕྱིར་འབྲས་བུ་
སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །འདི་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་མེད་པ་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བ་དེ་ནི་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གྲངས་ཅན་དག་གི་མེད་པ་ལ་མི་བྱེད་པའི་
ཕྱིར་ཞེས་བྱ་བའི་ཕྱོགས་ཀྱི་ཆོས་ཀྱིས་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་དེ་ནི་ཕྱོགས་ཀྱི་ཆོས་མ་ཡིན་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་སྟོན་ཏོ། །ཅི་ལྟར་ཞེ་ན། གྲངས་ཅན་དག་གིས་ཕྱོགས་ནི་ཆོས་ཅན་རྒྱུ་ལ་བསྒྲུབ་པར་བྱ་བ་ཆོས་འབྲས་བུ་སྔ་ན་ཡོད་པ་ཞེས་བྱ་བ་སྒྲུབ་པ་ཡིན་པས།
དེའི་ཕྱོགས་ཀྱི་ཆོས་གཏན་ཚིགས་ནི་མེད་པ་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བ་དེ་མ་ཡིན་ཏེ། འདི་ལྟར་ཡང་ནི་ཁྱེད་ཀྱི་ཕྱོགས་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ཞེས་བྱ་བ་དེ་དེ་ལྟར་མ་ཡིན་པས་གཞི་མ་གྲུབ་པའི་ཕྱིར་ཕྱོགས་ཀྱི་ཆོས་ཅི་སྐད་བརྗོད་དུ་ཟིན་ཀྱང་ཁྱེད་ཀྱི་ཕྱོགས་མི་འགྲུབ་མོད་ཀྱི། འོན་ཀྱང་རེ་ཞིག་རིགས་
เล่ม ๑๐๐ · หน้า 175a
པའི་རྒྱུ་ཐབས་ཙམ་གྱིས་བརྒྱུད་ན་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་བསྒྲུབ་པའི་ཕྱོགས་ཀྱི་ཆོས་ནི་ཡོད་པ་ལ་བྱེད་པའི་ཕྱིར་རོ་ཞེས་བརྗོད་ན་ཐ་སྙད་ཙམ་དུ་ཡང་རུང་བ་ཞིག་ན། ཁྱེད་ཀྱིས་མེད་པ་ལ་མི་བྱེད་པའི་ཕྱིར་ཞེས་བརྗོད་པ་ནི་དཔེར་ན་འགའ་ཞིག་སྒྲ་རྟག་པར་བསྒྲུབ་པའི་ཕྱོགས་ཀྱི་ཆོས་ཐམས་
ཅད་མི་རྟག་པའི་ཕྱིར་རོ་ཞེས་ཟེར་བ་དེ་འབྲེལ་པ་མེད་པའི་ཕྱིར་ཕྱོགས་ཀྱི་ཆོས་མ་ཡིན་པ་དེ་བཞིན་དུ། ཁྱེད་ཀྱི་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་བསྒྲུབ་པའི་ཕྱོགས་ཀྱི་ཆོས་མེད་པ་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བ་དེ་ཡང་འབྲེལ་པ་མེད་པས་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །འདིར་
གལ་ཏེ་གྲངས་ཅན་དག་ན་རེ་ཁོ་བོ་ཅག་གིས་མེད་པ་ལ་མི་བྱེད་པའི་ཕྱིར་ཞེས་གང་སྨྲས་པ་དེ་ནི་གཏན་ཚིགས་སུ་གཞག་པ་མ་ཡིན་གྱི། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེར་གཞག་པ་ཡིན་ཏེ། དེས་ན་ཅི་ལྟར་ནམ་མཁའི་མེ་ཏོག་ལྟ་བུ་སྔ་ན་མེད་པ་ལ་ནི་རྐྱེན་གྱིས་གསལ་བར་མི་བྱེད་ཀྱི། རྒྱུ་འོ་མ་ལྟ་བུ་གང་ལ་
འབྲས་བུ་ཞོ་སྔ་ན་ཡོད་པ་དེ་རྐྱེན་གྱིས་གསལ་བར་བྱེད་པས། དེའི་ཕྱིར་མེད་པ་ལ་མི་བྱེད་པའི་ཕྱོགས་ལས་བཟློག་ན་ཡོད་པ་ལ་བྱེད་པར་འགྱུར་བས། དེས་ཀྱང་འབྲས་བུ་སྔ་ན་ཡོད་པ་ཁོ་ནར་འགྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཆོས་མི་
མཐུན་པའི་དཔེར་རྟག་ཏུ་ཡང་བྱེད་པའི་ཕྱིར་ཞེས་ཉེ་བར་སྦྱོར་བས། གཏན་ཚིགས་མངོན་པའི་ཕྱིར་ཐ་སྙད་ཀྱི་ཕྱོགས་ལ་ནི་དོན་མ་གྲུབ་པ་ཉིད་དང་དོན་འགལ་བ་ཉིད་དེ། ཡོད་པ་ལ་བྱེད་པ་མི་སྲིད་པའི་ཕྱིར་དང་མེད་པ་ལ་དེ་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་གིས་མེད་པ་ལ་མི་བྱེད་པའི་
ཕྱིར་ཞེས་གང་སྨྲས་པ་དེ་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེར་བརྟག་ན། དེས་ན་ཅི་ལྟར་ནམ་མཁའི་མེ་ཏོག་ལྟ་བུ་སྔ་ན་མེད་པ་ལ་རྐྱེན་གྱིས་གསལ་བར་མི་བྱེད་པའི་ཕྱོགས་ལས་བཟློག་ན། འོ་མ་ལ་ཞོ་སྔ་ན་ཡོད་པ་ལ་རྐྱེན་གྱིས་གསལ་བར་བྱེད་པའི་ཕྱིར་ཞེས་ཉེ་བར་སྦྱར་བའི་སྦྱོར་བ་བྱ་དགོས་པས་དེ་ལྟར་མེད་
པ་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ལས་བཟློག་ན་ཡོད་པ་ལ་བྱེད་པའི་ཕྱིར་ཞེས་བྱ་བ་དེ་གཏན་ཚིགས་ཡིན་པར་མངོན་ནོ། དེ་ལྟར་མངོན་ན་སྐྱོན་ཅིར་འགྱུར་ཞེ་ན། དེའི་ཕྱིར་རེ་ཞིག་ཐ་སྙད་ཀྱི་ཕྱོགས་ལ་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་ཀྱི་སྐྱོན་དུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན་འདི་ལྟར་
เล่ม ๑๐๐ · หน้า 175b
ཐ་སྙད་རྒྱུ་ལ་འབྲས་བུ་ཡོད་པར་གྱུར་ན་ཡོད་པ་ལ་ནི་རྒྱུས་བྱེད་པ་མི་སྲིད་པའི་ཕྱིར་དཔེར་ན་སྒྲ་ལ་མིག་གིས་གཟུང་བ་ཉིད་མི་སྲིད་པ་བཞིན་དུ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཐ་སྙད་དུ་རྒྱུ་ལ་འབྲས་བུ་མེད་པར་གྱུར་ན་ནི་མེད་པ་ལ་ནི་རྒྱུས་བྱེད་པ་མི་སྲིད་པའི་ཕྱིར་དཔེར་ན་བུམ་པའི་རྒྱུ་འཇིམ་པ་ལ་འབྲས་
བུ་བུམ་པ་མེད་པ་རྐྱེན་རྣམས་ཀྱིས་བྱེད་པའི་ཕྱིར། ཁྱེད་ཀྱི་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ལ་བྱེད་དོ་ཞེས་དམ་བཅས་པ་དོན་འགལ་བ་ཉིད་དོ། །དེ་ལྟར་རེ་ཞིག་གྲངས་ཅན་དག་གིས་མེད་པ་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བས་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་དེ་ནི་ཐ་སྙད་ཀྱི་ཕྱོགས་ལ་ཡང་མ་གྲུབ་པོ། །
དོན་དམ་པར་ནི་གཏན་ཚིགས་དང་དཔེ་མེད་དོ་ཞེས་བྱ་བ་ནི་གལ་ཏེ་དེ་དོན་དམ་པར་སྒྲུབ་ན་ནི་ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་དང་དཔེ་མེད་པས་ཤིན་ཏུ་ཡང་མི་འགྲུབ་པོ། །གང་ལ་གང་སྔ་ན་ཡོད་པ་དེ་ནི་དེ་ལས་མི་འབྱུང་སྟེ། དཔེར་ན་རྒྱུའི་རང་གི་བདག་ཉིད་
བཞིན་པས་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་གྲངས་ཅན་དག་གིས་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་རྣམ་པ་ལྔ་པོ། །མེད་མི་བྱེད་ཕྱིར་རྒྱུ་ལེན་ཕྱིར། །ཐམས་ཅད་འབྱུང་བ་མེད་ཕྱིར་དང་། །ནུས་པས་ནུས་ཅན་བྱེད་ཕྱིར་དང་། །རྒྱུ་ཡོད་ཕྱིར་ན་འབྲས་བུ་
ཡོད། །ཅེས་བྱ་བ་དེ་དག་ཐམས་ཅད་སྤྱིར་སུན་དབྱུང་བའི་རིགས་པ་སྟོན་ཏེ། དཔེར་ན་རྒྱུའི་བདག་ཉིད་གང་ལ་རྒྱུའི་རང་གི་བདག་ཉིད་གང་སྔ་ན་ཡོད་པ་དེ་ནི་རྒྱུའི་རང་གི་བདག་ཉིད་དེ་ལ་མི་འབྱུང་བ་དེ་བཞིན་དུ་གྲངས་ཅན་དག་གིས་བརྟགས་པ་ལྟར་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་གྱུར་ན་དེ་ཡང་དེ་ལས་མི་འབྱུང་
བར་ངེས་པས་དེས་ན་གྲངས་ཅན་དག་གིས་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་དམ་བཅས་པ་དེ་ལ་རྒྱུ་ཆོས་ཅན་གྱི་ཁྱད་པར་འབྲས་བུ་འབྱུང་བ་དེ་དག་བསལ་ཅིང་། རྒྱུ་ཆོས་ཅན་ལས་འབྲས་བུ་མི་འབྱུང་བར་བསྒྲུབ་པའི་སྐྱོན་ཡོད་པས་དེའི་ཕྱིར་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་
ཡང་འདི་སྐད་ཅེས་འབྲས་བུ་སྔ་ན་མེད་པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་གདགས་པར་འདོད་པས་མེད་པ་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དག་ཉེ་བར་བཞག་སྟེ། གང་ལ་གང་སྔ་ན་མེད་པ་དེ་ལ་ནི་བྱེད་པ་ལ་སོགས་པ་མེད་དེ་དཔེར་ན་རི་བོང་གི་རྭ་བཞིན་
เล่ม ๑๐๐ · หน้า 176a
པས་དེའི་ཕྱིར་འབྲས་བུ་སྔ་ན་མེད་པར་སྨྲ་བ་རྣམས་ཀྱིས་འབྲས་བུ་སྔ་ན་མེད་པ་ཉིད་དུ་དམ་བཅས་པ་ལ་ཡང་བྱེད་པ་ལ་སོགས་པ་བསལ་བའི་སྐྱོན་ཡོད་དོ་ཞེས་ཟེར་ན་ཞེས་བྱ་བས་ནི་འདི་སྐད་སྟོན་ཏོ། །གྲངས་ཅན་དག་གི་གཞུང་ལས། མེད་མི་བྱེད་ཕྱིར་རྒྱུ་ལེན་ཕྱིར། །ཐམས་ཅད་འབྱུང་བ་
མེད་ཕྱིར་དང་། །ནུས་པས་ནུས་ཅན་བྱེད་ཕྱིར་དང་། །རྒྱུ་ཡོད་ཕྱིར་ནི་འབྲས་བུ་ཡོད། །ཅེས་བྱ་བ་ལྔ་པོ་དེ་དག་གཞུང་གཟུགས་པ་རྣམ་པ་ལྔ་ཞེས་བྱ་བར་ཡང་སྒྲུབ་ལ། གཞུང་གཟུགས་པ་མ་ཡིན་པ་རྣམ་པ་ལྔ་ཞེས་བྱ་བར་ཡང་སྒྲུབ་སྟེ། དེའི་གཞུང་གཟུགས་པ་རྣམ་པ་ལྔ་ཞེས་བྱ་བར་སྒྲུབ་པ་ནི་གྲངས་ཅན་དག་གིས་
གྲུབ་པའི་མཐའ་ལས་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པའི་གཏན་ཚིགས་སུ། མེད་པ་ལ་མི་བྱེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་དང་། རྒྱུ་ལེན་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་དང་། ཐམས་ཅད་འབྱུང་བ་མེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་དང་། ནུས་པས་ནུས་པ་ཅན་བྱེད་པའི་ཕྱིར་འབྲས་བུ་སྔ་
ན་ཡོད་པ་དང་། རྒྱུ་ཡོད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པ་རྣམ་པ་ལྔ་ཅི་སྐད་སྔར་བསྟན་པ་དག་ཉིད་ཡིན་ནོ། །གཞུང་གཟུགས་པ་མ་ཡིན་པ་རྣམ་པ་ལྔ་ཞེས་བྱ་བར་སྒྲུབ་པ་ནི་གྲངས་ཅན་དག་གིས་སངས་རྒྱས་ལ་སོགས་པ་རྒྱུ་ལ་འབྲས་བུ་སྔ་ན་མེད་པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་
ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་གདགས་པའི་གཏན་ཚིགས་སུ་མེད་པ་ལ་བྱེད་པ་མེད་པའི་ཕྱིར་ཆོས་ཅན་གྱི་ཁྱད་པར་བསལ་བ་དང་། རྒྱུ་ལེན་པ་མེད་པའི་ཕྱིར་ཆོས་ཅན་གྱི་ཁྱད་པར་བསལ་བ་དང་། ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཆོས་ཅན་གྱི་ཁྱད་པར་བསལ་བ་དང་། ནུས་པས་ནུས་པ་
ཅན་བྱེད་པ་མེད་པའི་ཕྱིར་ཆོས་ཅན་གྱི་ཁྱད་པར་བསལ་བ་དང་། རྒྱུ་མེད་པའི་ཕྱིར་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་སྒྲུབ་པ་ཡིན་པས། དེའི་ཕྱིར་འདིར་དེ་དག་ན་རེ་འདི་སྐད་ཅེས་ཁོ་བོ་ཅག་གི་གཞུང་གཟུགས་པ་རྣམ་པ་ལྔ་པོ་དེ་དག་ནི་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་རང་གི་གཞུང་
གཟུགས་པའི་གཏན་ཚིགས་མ་ཡིན་གྱི། སངས་རྒྱས་པ་ལ་སོགས་པ་རྒྱུ་ལ་འབྲས་བུ་སྔ་ན་མེད་པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་གདགས་པའི་གཏན་ཚིགས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ན་རྒྱུ་གང་ལ་འབྲས་བུ་གང་སྔ་ན་མེད་པ་དཔེར་ན་རི་བོང་
เล่ม ๑๐๐ · หน้า 176b
རྭ་ལ་རྣོ་བ་ཉིད་སྔ་ན་མེད་པ་ལྟ་བུ་དེ་ལ་ནི་དེ་བསལ་བར་བྱ་བའི་བྱེད་པ་ཡང་མེད་ལ། དེའི་དོན་དུ་རྒྱུ་ལེན་པ་ཡང་མེད། རྒྱུ་དེ་ལས་འབྲས་བུ་ཐམས་ཅད་འབྱུང་བ་ཡང་མེད། དེ་ནུས་པས་ནུས་པ་ཅན་བྱེད་པ་ཡང་མེད། དེ་ལ་རྒྱུ་ཡང་མེད་པ་དེ་བཞིན་དུ། ཁྱེད་སངས་རྒྱས་པ་ལ་སོགས་པ་རྒྱུ་ལ་འབྲས་བུ་སྔ་
ན་མེད་པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་ལ་ཡང་འབྲས་བུ་སྔ་ན་མེད་པ་དེ་བསལ་བར་བྱ་བའི་བྱེད་པ་ཡང་མེད་ལ། དེའི་དོན་དུ་རྒྱུ་ལེན་པ་ཡང་། རྒྱུ་དེ་ལ་འབྲས་བུ་ཐམས་ཅད་འབྱུང་བ་ཡང་མེད། དེ་ནུས་པས་ནུས་པ་ཅན་བྱེད་པ་ཡང་མེད། དེ་ལ་རྒྱུ་ཡང་མེད་པར་འགྱུར་ཏེ། དེ་ལྟ་ན་ཁྱེད་ཀྱི་དམ་
བཅས་པ་དེ་ལ་ཆོས་ཅན་རྒྱུའི་ཁྱད་པར་འབྲས་བུ་རྐྱེན་གྱིས་བྱེད་པ་བསལ་བ་དང་། དེའི་དོན་དུ་རྒྱུ་ལེན་པ་བསལ་བ་དང་། རྒྱུ་དེ་ལས་འབྲས་བུ་འབྱུང་བ་བསལ་བ་དང་། དེ་ནུས་པས་ནུས་པ་ཅན་བྱེད་པ་བསལ་བ་དང་། དེ་ལ་རྒྱུ་ཡོད་པ་བསལ་བའི་སྐྱོན་ཡོད་པས་ཁྱེད་རྒྱུ་ལ་འབྲས་བུ་སྔ་ན་མེད་
པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་དེ་ཡང་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་མི་གནོད་དེ། ལེགས་པར་ཟིན་པ་མ་ཡིན་པ་དེ་གཉིས་ཀ་ཡང་བསལ་བར་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ཀྱི་རྒྱུ་ལ་འབྲས་བུ་སྔ་ན་མེད་པར་སྨྲ་བ་རྣམས་
ཀྱིས་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་ཕྱིར་ཡོད་པར་སྨྲ་བ་དེ་ནི་ཁོ་བོ་ཅག་དབུ་མ་པའི་ཕྱོགས་ལ་མི་གནོད་དེ། ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་ནི་ཁྱེད་གྲངས་ཅན་དག་གི་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་བརྟག་པ་ལེགས་པར་ཟིན་པ་མ་ཡིན་པའི་མཐའ་དེ་དང་། མདོ་སྡེ་པ་ལ་སོགས་པས་རྒྱུ་ལ་
འབྲས་བུ་སྔ་ན་མེད་པར་བརྟག་པ་ལེགས་པར་ཟིན་པ་མ་ཡིན་པའི་མཐའ་དེ་གཉི་ག་ཡང་བསལ་བར་འདོད་པའི་ཕྱིར་ཏེ། དེས་ན་ཁོ་བོས་ནི་ཁྱེད་ཀྱིས་ལེགས་པར་ཟིན་པ་མ་ཡིན་པའི་མཐའ་བསལ་བ། ཁྱོད་ཀྱིས་ནི་མདོ་སྡེ་པ་ལ་སོགས་པའི་ལེགས་པར་ཟིན་པ་མ་ཡིན་པའི་མཐའ་བསལ་བ་ནི་ཁོ་བོའི་
གྲོགས་བྱས་ཏེ། དེ་ལྟར་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ང་ཡི་བསྟན་པ་སུན་འབྱིན་པ། །ངུར་སྨྲིག་གོས་དག་གྱོན་བྱེད་ཅིང་། །འབྲས་བུ་ཡོད་དང་མེད་སྨྲ་བ། །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །འདིར་ཕ་རོལ་པོ་དག་ན་རེ་འབྲས་བུ་ཡོད་པ་
เล่ม ๑๐๐ · หน้า 177a
དང་མེད་པ་སྐྱེ་བ་མེད་དོ་ཞེས་བརྗོད་ན་གྲགས་པའི་གནོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྒྱུ་མའི་སྐྱེས་བུ་བཞིན་དུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་བྱ་བ་བྱེད་པ་ལ་སོགས་པ་དག་ཐ་སྙད་པས་
ཁས་བླངས་པའི་ཕྱིར་དང་། དོན་དམ་པར་རྒྱུས་འབྲས་བུ་ཡོད་པ་དང་མེད་པ་བྱེད་པ་བསལ་བའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། བདེན་པ་གཉི་གར་མི་འགལ་བས་སྐྱོན་མེད་དོ། །ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཞེས་བྱ་བ་དེ་ཡང་འདིར་གླགས་ཡོད་པའི་ཚིག་ཡིན་པའི་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་
ཁོ་ན་ཡིན་ཏེ། འགའ་ཞིག་འབྱུང་བའི་ཕྱིར་རོ་ཞེས་ཉེ་བར་སྦྱོར་བས་གཏན་ཚིགས་མངོན་པའི་ཕྱིར་ཐ་སྙད་དུ་ཡང་དཔེ་མེད་དོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་སྔར་གྲངས་ཅན་དག་གི་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ནོ་ཞེས་གཞུང་གཟུགས་པ་དེ་གླགས་ཡོད་
པའི་ཚིག་ཡིན་པས་མི་རུང་བར་སུན་དབྱུང་བ་ཡིན་ཏེ། དེ་ཅི་ལྟར་གླགས་ཡོད་པའི་ཚིག་ཡིན་ཞེ་ན། གྲངས་ཅན་དག་གི་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ཏེ། ཐམས་ཅད་འབྱུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལས་བཟློག་ན་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ཏེ། འགའ་ཞིག་འབྱུང་བའི་
ཕྱིར་རོ་ཞེས་ཉེ་བར་སྦྱར་བའི་སྦྱོར་བ་བྱ་དགོས་པས་དེ་ལྟར་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཞེས་བྱ་བ་ལས་བཟློག་ན་འགའ་ཞིག་འབྱུང་བའི་ཕྱིར་ཞེས་བྱ་བ་དེ་གཏན་ཚིགས་ཡིན་པར་མངོན་ནོ། །དེ་ལྟར་མངོན་ན་སྐྱོན་ཅིར་འགྱུར་ཞེ་ན། དེའི་ཕྱིར་དོན་དམ་པར་རྒྱུའི་འབྲས་བུ་ཡོད་པ་དང་གཏན་ཚིགས་དེའི་དོན་
མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ་ལྟ་ཕར་ཞོག་གི་རེ་ཞིག་ཐ་སྙད་དུ་ཡང་དེ་ལ་དཔེ་མེད་པ་ཉིད་ཀྱི་སྐྱོན་དུ་ཡང་འགྱུར་ཏེ། རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ཁོ་ན་ཡིན་ཏེ། འགའ་ཞིག་འབྱུང་བའི་ཕྱིར་དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བ་མེད་པའི་ཕྱིར་རོ། །འདིར་ཕ་རོལ་པོ་དག་ན་རེ་དེ་ལྟར་ཁོ་བོ་ཅག་རྒྱུ་ལ་འབྲས་བུ་སྔ་
ན་ཡོད་པར་སྨྲ་བའི་གཏན་ཚིགས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཞེས་བྱ་བ་དེ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་མི་རུང་ན་ཁྱེད་རྒྱུ་ལ་འབྲས་བུ་སྔ་ན་མེད་པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་ལ་ཡང་དེ་མི་རུང་བའི་སྐྱོན་ཡོད་པ་ཡིན་ཏེ། མེད་པ་ལ་འགའ་ཡང་འབྱུང་བ་མེད་པའི་ཕྱིར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་
เล่ม ๑๐๐ · หน้า 177b
ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དམ་བཅས་པ་ལ་སྐྱོན་ཡོད་པ་ཡང་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་སྔར་དོན་དམ་པར་རྒྱུས་འབྲས་བུ་ཡོད་པ་དང་མེད་པ་བྱེད་པ་བསལ་བའི་ཕྱིར་སྐྱོན་མེད་དོ་ཞེས་བཤད་ཟིན་པས་དེ་ལ་དོན་དམ་པར་རྒྱུས་འབྲས་
བུ་སྔ་ན་ཡོད་པ་བསལ་བར་བྱེད་དོ་ཞེས་བྱ་བར་རྗེས་སུ་འགྲོ་བའི་དཔེ་ཁྱོད་ལ་མེད་པའི་ཕྱིར་ཁོ་བོ་ཅག་གི་དམ་བཅས་པ་ལ་སྐྱོན་མེད་དོ། །འདིས་རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གི་ལན་དག་ཀྱང་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་
མི་འཐད་པར་བསལ་བ་འདིས་རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་དང་། ནུས་པས་ནུས་པ་ཅན་བྱེད་པའི་ཕྱིར་ཞེས་བྱ་བ་དང་། རྒྱུ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དག་གི་ལན་ཀྱང་ཅི་རིགས་པར་བཏབ་པ་ཡིན་ནོ། །མར་མེ་བུམ་པ་དམིགས་པར་བྱ་བའི་ཕྱིར་ལེན་པ་དེ་ལ་ཡང་དེའི་བསལ་བ་དམིགས་སུ་མེད་པས་རང་
གི་གཏན་ཚིགས་རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་མ་ངེས་པ་ཉིད་དོ་ཞེས་བྱ་བས་ནི། སྔར་གྲངས་ཅན་དག་གི་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་གཞུང་གཟུགས་པའི་གཏན་ཚིགས་རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྟོན་ཏེ། ཅི་ལྟར་ཞེ་ན། དཔེར་ན་མར་མེ་བུམ་པ་མུན་ཁྲོད་ན་འདུག་པ་དམིགས་པར་བྱ་བའི་རྒྱུར་ལན་
ཀྱང་། མར་མེ་དེ་ལ་བུམ་པ་དེའི་བསལ་བ་དམིགས་པ་སྔ་ན་མེད་པས། དེས་ན་ཅི་རེ་ཞིག་བུམ་པ་དམིགས་པར་བྱ་བའི་རྒྱུ་མར་མེ་ལེན་པ་དེ་ལ་བུམ་པའི་བསལ་བ་དམིགས་པ་སྔ་ན་མེད་པ་བཞིན་དུ་རྒྱུ་ལ་འབྲས་བུ་སྔ་ན་མེད་པར་འགྱུར་རམ། འོན་ཏེ་བུམ་པ་དམིགས་པར་བྱ་བའི་རྒྱུར་འཇིམ་པ་ལེན་པ་དེ་ལ་བུམ་པའི་བསལ་
བ་དམིགས་པ་ཡོད་པར་འགྱུར་བ་མ་ངེས་པས། དེའི་ཕྱིར་གྲངས་ཅན་དག་རང་གིས་གཏན་ཚིགས་རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པས་མི་རུང་ངོ་། །གྲངས་ཅན་དག་ལས་གང་དག་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་མ་ཡིན་མོད་ཀྱི་ཆ་ཕྲ་བའི་ཕྱིར་རམ། ཟིན་གྱིས་ནོན་པའི་ཕྱིར་མི་དམིགས་སོ་ཞེས་ཟེར་བ་དེ་
དག་ལ་ཡང་རགས་པ་ཉིད་དང་། ཟིལ་གྱིས་མ་ནོན་པ་ཉིད་སྔ་ན་མེད་པ་ལས་ཕྱིས་ཡོད་པའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་མ་ཡིན་པས་ཕྱོགས་སྔ་མ་ལ་གནོད་དེ་ཞེས་བྱ་བས་ནི། གྲངས་ཅན་དག་ན་རེ་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ཡིན་མོད་ཀྱི་འབྲས་བུ་ཆ་ཕྲ་བའི་ཕྱིར་དཔེར་ན་དུ་བ་དང་རྡུལ་དང་། ཁུག་རྣ་ལ་སོགས་
เล่ม ๑๐๐ · หน้า 178a
པ་བར་སྣང་ལ་ཡིན་པ་དེ་ན་ཡོད་ཀྱང་ཆ་ཕྲ་བའི་ཕྱིར་མི་དམིགས་པ་དང་། འབྲས་བུ་ཟིལ་གྱིས་ནོན་པའི་ཕྱིར་དཔེར་ན་སྐར་མ་དང་ཟླ་བའི་འོད་ལ་སོགས་པ་ཉི་མས་ཟིལ་གྱིས་ནོན་པ་དེ་ན་ཡོད་ཀྱང་ཟིལ་གྱིས་ནོན་པའི་ཕྱིར་མི་དམིགས་པ་བཞིན་ནོ་ཞེས་ཟེར་བ་དེ་དག་ལ་ཡང་ཆ་ཕྲ་བ་དང་ཟིལ་གྱིས་ནོན་
པའི་གནས་སྐབས་ན། རགས་པ་ཉིད་དང་ཟིལ་གྱིས་མ་ནོན་པ་ཉིད་སྔ་ན་མེད་པ་ལས་ཕྱིས་ཡོད་པར་གྱུར་པའི་ཕྱིར་འབྲས་བུ་རགས་པ་ཉིད་དང་། ཟིལ་གྱིས་མ་ནོན་པ་ཉིད་སྔ་ན་ཡོད་པ་མ་ཡིན་པས་དེས་ན་གྲངས་ཅན་དག་གིས་ཕྱོགས་སྔ་མ་ལས་རྒྱུ་ལ་འབྲས་བུ་སྔ་ན་ཡོད་དོ་ཞེས་དམ་བཅས་པ་ལ་གནོད་པས་མི་རུང་ངོ་། །རྒྱུ་
ལ་འབྲས་བུ་སྔ་ན་ཡོད་པ་ཡིན་མོད་ཀྱི་མི་དམིགས་པའི་གཏན་ཚིགས་ནི་གྲངས་ཅན་དག་གི་གཞུང་ལས། ཧ་ཅང་རིང་ཕྱིར་ཉེ་ཕྱིར་དང་། །དབང་པོ་ཉམས་ཕྱིར་ཡིད་མེད་ཕྱིར། །ཆ་ཕྲ་ཕྱིར་དང་བསྒྲིབས་ཕྱིར་དང་། །ཟིལ་གནོན་ཕྱིར་དང་འདྲེས་ཕྱིར་རོ། །ཞེས་འབྱུང་ཞེས་ཀྱང་གྲག་གོ། །ཆ་ཕྲ་བ་ཡོད་པར་བསམས་
པ་གང་ཡིན་པ་དེ་རགས་པར་མཐོང་ངོ་ཞེས་ཟེར་བ་དག་གི་དམ་བཅས་པ་ལ་ཡང་རགས་པ་ཉིད་དུ་ཡོད་པར་རྗེས་སུ་དཔོག་པས་ཆ་ཕྲ་བར་ཡོད་པ་ཉིད་བསལ་བའི་ཕྱིར་ཆོས་ཀྱི་ངོ་བོ་ཉིད་ལས་ལོག་པའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་གྲངས་ཅན་དག་ན་རེ་འབྲས་བུ་རྒྱུའི་གནས་སྐབས་ན་ཆ་ཕྲ་བ་ཉིད་དུ་ཡོད་པ་གང་ཡིན་པ་དེ་
ཕྱིས་འབྲས་བུའི་གནས་སྐབས་སུ། རགས་པ་ཉིད་དུ་མཐོང་བར་འགྱུར་ཏེ། ཆ་ཕྲ་ཕྱིར་ནི་དེ་མི་དམིགས། །མེད་ཕྱིར་མ་ཡིན་འབྲས་ལས་དམིགས། །ཞེས་ཟེར་བ་དེ་དག་གི་དམ་བཅས་པ་དེ་ལ་ཡང་ཕྱིས་འབྲས་བུའི་གནས་སྐབས་སུ་རགས་པ་ཉིད་དུ་ཡོད་པར་རྗེས་སུ་དཔོག་པས་རྒྱུའི་གནས་སྐབས་ན་ཆ་ཕྲ་བ་
ཉིད་དུ་ཡོད་པར་འདོད་པ་ཉིད་བསལ་བའི་ཕྱིར་རྒྱུའི་གནས་སྐབས་ན་འབྲས་བུའི་ཆོས་ཀྱི་ངོ་བོ་ཉིད་ཆ་ཕྲ་བ་ཉིད་དུ་ཡོད་པར་འདོད་པ་ལས་ལོག་པའི་སྐྱོན་ཡོད་པས་མི་རུང་སྟེ། དེ་ཡང་འདི་ལྟར་རྗེས་སུ་དཔག་སྟེ། དཔེར་ན་འབྲས་བུ་འབྲས་བུའི་གནས་སྐབས་ན་རགས་པ་ཉིད་དུ་ཡོད་པ་དེ་ཡོད་པ་ཉིད་ཡིན་པའི་ཕྱིར་ཆ་
ཕྲ་བ་ཉིད་དུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་འབྲས་བུ་རྒྱུའི་གནས་སྐབས་ན་ཆ་ཕྲ་བ་ཉིད་དུ་ཡོད་པ་དེ་ཡང་ཡོད་པ་ཉིད་ཡིན་པའི་ཕྱིར་ཆ་ཕྲ་བ་ཉིད་དུ་ཡོད་པ་མ་ཡིན་པས། དེས་ན་རྒྱུ་ལ་འབྲས་བུ་ཆ་ཕྲ་བ་ཉིད་དུ་ཡོད་པར་བསམས་པ་གང་ཡིན་པ་དེ་ཡོད་པར་མ་གྲུབ་པོ། །བྱེ་བྲག་ཏུ་སྨྲ་བ་དག་གི་དམ་བཅས་པའི་ཕྱོགས་
เล่ม ๑๐๐ · หน้า 178b
ལ་ཡང་ཡོད་པ་གང་ཡིན་པ་དེ་ནི་ད་ལྟར་ཡིན་པས་ད་ལྟར་ཉིད་ཡོད་པར་རྗེས་སུ་དཔོག་པས་འབྲས་བུ་འདས་པ་དང་མ་འོངས་པ་ཉིད་ཀྱི་ཁྱད་པར་བསལ་བའི་ཕྱིར་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་གིས་འདས་པ་དང་མ་འོངས་པའི་དུས་གཉིས་ཀྱང་ད་ལྟར་བཞིན་དུ་
ཡོད་པར་དམ་བཅས་པའི་ཕྱོགས་ལ་ཡང་ཡོད་པ་གང་ཡིན་པ་དེ་ནི་ད་ལྟར་ཉིད་ཡིན་པས་དེས་འབྲས་བུ་འདས་པ་དང་མ་འོངས་པ་ཞིག་ནས་མེད་པ་དང་། སྔ་ན་མེད་པ་དེ་གཉིས་ད་ལྟར་བཞིན་དུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཁྱད་པར་བསལ་བའི་ཕྱིར་དེ་གཉིས་ད་ལྟར་ཉིད་བཞིན་དུ་ཡོད་པར་དམ་བཅས་པའི་ཆོས་
ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་པས་མི་རུང་སྟེ། དེས་ན་འདས་པ་དང་མ་འོངས་པ་གཉིས་ད་ལྟར་བཞིན་དུ་ཡོད་པར་མ་གྲུབ་པོ། །གང་དག་རྒྱུ་ནི་འབྲས་བུ་བྱེད་པ་ཉིད་མ་ཡིན་གྱི་འདི་ལྟར་བསལ་བར་བྱེད་དོ་ཞེས་ཟེར་བ་དེ་དག་ལ་ཡང་འདི་སྐད་ཅེས་གང་གིས་ཅི་ཞིག་བཞིན་དུ་བསལ་བར་བྱེད་ཅེས་བརྒལ་ཞིང་བརྟག་
པའོ་ཞེས་བྱ་བས་ནི་གྲངས་ཅན་དག་ལས་གང་དག་རྒྱུ་ནི་འབྲས་བུ་སྔོན་མ་བྱུང་བ་བྱེད་པ་མ་ཡིན་གྱི། འབྲས་བུ་རྒྱུ་ལ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་བསལ་བར་བྱེད་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ལ་རྒྱུས་འབྲས་བུ་བསལ་བར་བྱེད་པ་དེ་རྐྱེན་གང་གི་དངོས་པོ་ཅི་ཞིག་བསལ་བར་བྱེད་པ་བཞིན་དུ་བསལ་བར་བྱེད་ཅེས་བརྒལ་
ཞིང་བརྟག་པ་སྟོན་ཏོ། །གལ་ཏེ་མར་མེས་བུམ་པ་ཡོད་པར་གྱུར་པ་བསལ་བར་བྱེད་པ་བཞིན་དུའོ་ཞེ་ན་ཞེས་བྱ་བས་ནི་གལ་ཏེ་དེ་སྐད་ཅེས་ཟེར་ནའོ། །ཕྱོགས་དེའི་ལན་ནི་སྐྱེ་བ་མེད་པའི་རབ་ཏུ་བྱེད་པར་དོན་དམ་པར་མར་མེ་ནི་བུམ་པ་བསལ་བར་བྱེད་པ་མ་ཡིན་ཏེ། མིག་གི་ཡུལ་ཡིན་པའི་ཕྱིར་དང་། ཐོགས་
པ་དང་བཅས་པའི་ཕྱིར་དང་། གཟུགས་ཅན་ཡིན་པའི་ཕྱིར་དང་། རེག་པ་ཡིན་པའི་ཕྱིར་དང་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་དག་གི་ཕྱིར་དཔེར་ན་བོང་བ་བཞིན་ནོ་ཞེས་རྗེས་སུ་དཔག་པ་དག་གིས་ལན་བཏབ་ཟིན་ཏོ་ཞེས་བྱ་བ་ནི། སྔར་རྐྱེན་བརྟག་པའི་སྐབས་ལྟག་
འོག་དག་ཏུ་རྗེས་སུ་དཔག་པ་དག་གིས་དེ་སྐད་བསྟན་ཟིན་ཏོ།། །།བམ་པོ་བཞི་བཅུ་གསུམ་པ། གྲངས་ཅན་དག་ལས་གང་དག་མཁས་པར་རློམ་པ་དག་འདི་སྐད་ཅེས་ཟེར་ཏེ། འབྲས་བུ་མ་སྐྱེས་པ་དང་ཞིག་པ་དག་ཀྱང་ནུས་པའི་བདག་ཉིད་དུ་ཡོད་པས་དེའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཞེས་
เล่ม ๑๐๐ · หน้า 179a
བྱའི། གསལ་བའི་བདག་ཉིད་དུ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་གྲངས་ཅན་དག་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་གཞུང་འཛུགས་པའི་སྐབས་སྟོན་ཏེ། འདིར་དེ་དག་ན་རེ་འབྲས་བུ་མ་འོངས་པ་མ་སྐྱེས་པ་དང་འདས་པ་ཞིག་པ་དག་ཀྱང་ནུས་པའི་བདག་ཉིད་དུ་ཡོད་པས་དེའི་
ཕྱིར་འབྲས་བུ་སྔ་ན་ཡོད་པ་ཞེས་བྱའི། གསལ་བའི་བདག་ཉིད་དུ་ཡོད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །རྒྱུས་འབྲས་བུ་བྱེད་དོ་ཞེས་བྱ་བ་ཡང་བྱེད་དོ་ཞེས་བྱ་བ་ལ་དོན་དུ་མ་ཡོད་པའི་ཕྱིར་སྒྲ་དེའི་དོན་ནི་རྒྱུ་འབྲས་བུའི་ངོ་བོ་ཉིད་དུ་འགྱུར་བ་ཡིན་པར་རྣམ་པར་བཤད་དོ་ཞེས་བྱ་བས་ནི་གྲངས་ཅན་དག་ན་རེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་
བྱ་བ་ཡང་བྱེད་དོ་ཞེས་བྱ་བའི་སྒྲ་ནི་མེད་པ་གདོད་བྱེད་པ་དང་། ཡོད་པ་ཡང་ཁྱད་པར་དུ་བྱེད་པ་དང་། རྒྱུའི་དངོས་པོ་དེ་ཉིད་ཀྱིས་རང་གི་ངོ་བོ་ཉིད་སྤངས་ནས་འབྲས་བུའི་ངོ་བོ་ཉིད་དུ་གཞན་དུ་འགྱུར་བར་བྱེད་པ་ལ་སོགས་པ་དོན་དུ་མ་དག་ལ་འཇུག་སྟེ། སྐབས་འདིར་ནི་རྒྱུའི་དངོས་པོ་དེ་ཉིད་ཀྱིས་རང་གི་ངོ་བོ་ཉིད་
སྤངས་ནས་འབྲས་བུའི་ངོ་བོ་ཉིད་དུ་གཞན་དུ་འགྱུར་བར་བྱེད་པ་ཡིན་པས། སྒྲ་དེའི་དོན་ནི་རྒྱུ་འབྲས་བུའི་ངོ་བོ་ཉིད་དུ་འགྱུར་བ་ཡིན་པར་རྣམ་པར་བཤད་དོ་ཞེས་ཟེར་རོ། །ཅི་སྟེ་འབྲས་བུ་མ་སྐྱེས་པ་དང་། ཞིག་པ་དག་ཡོད་པར་ཅི་ལྟར་ཤེས་པར་བྱ་ཞེ་ན་ཞེས་བྱ་བ་ནི་གྲངས་ཅན་དག་གིས། སངས་རྒྱས་པ་
དག་གི་དོགས་པ་བསུ་བའི་ཚིག་ཡིན་ཏེ། ཅི་སྟེ་ཁྱེད་སངས་རྒྱས་པ་དག་ན་རེ་འབྲས་བུ་མ་འོངས་པ་མ་སྐྱེས་པ་དང་འདས་པ་ཞིག་པ་དག་ཡོད་པར་ཅི་ལྟར་ཤེས་པར་བྱ་ཞེས་ཟེར་ནའོ། །དེའི་ལན་དུ་ཁོ་བོ་ཅག་གིས་ཀྱང་ཚིག་ཙམ་གྱིས་འདས་པ་དང་མ་འོངས་པ་དག་ཡོད་པར་མི་འགྲུབ་ཀྱི་ཚད་མས་བསྒྲུབ་
དགོས་པས་དེའི་ཕྱིར། འབྲས་བུ་སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ་དུས་ཀྱིས་བསྡུས་པའི་ཕྱིར་དང་ཞེས་བསྟན་པའི་ཕྱིར། དཔེར་ན་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་
རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ད་ལྟར་གྱི་འབྲས་བུ་ནི་ད་ལྟར་གྱི་དུས་ཀྱིས་བསྡུས་པའི་ཕྱིར་དང་། ད་ལྟར་གྱི་ཞེས་བསྟན་པའི་ཕྱིར་ཡོད་པ་ཁོ་ནར་ཤེས་པར་བྱ་བ་དེ་བཞིན་དུ་འབྲས་བུ་སྔ་ན་མེད་པ་མ་འོངས་པ་ཞེས་བྱ་བ་དང་ཞིག་ནས་མེད་པ་འདས་པ་ཞེས་བྱ་བ་དག་ཀྱང་འདས་པའི་དུས་ཀྱིས་བསྡུས་པ་དང་།
เล่ม ๑๐๐ · หน้า 179b
མ་འོངས་པའི་དུས་ཀྱིས་བསྡུས་པའི་ཕྱིར་དང་། འདས་པའི་ཞེས་བསྟན་པ་དང་། མ་འོངས་པའི་ཞེས་བསྟན་པའི་ཕྱིར་ཡོད་པ་ཁོ་ནར་ཤེས་པར་བྱའོ། །གལ་ཏེ་འབྲས་བུ་སྐྱེས་པའི་དུས་ན་རྒྱུ་ཅི་ལྟར་མ་ཞིག་ཅེ་ན་ཞེས་བྱ་བ་ཡང་གྲངས་ཅན་དག་གིས། སངས་རྒྱས་པ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ཏེ། ཁོ་
བོ་ཅག་གི་རྒྱུ་འབྲས་བུའི་ངོ་བོ་ཉིད་དུ་འགྱུར་བ་ཡིན་པར་རྣམ་པར་བཤད་པ་དེ་ལ་གལ་ཏེ། ཁྱེད་སངས་རྒྱས་པ་དག་ན་རེ་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་ཅི་ལྟར་མ་ཞིག་པར་ཡོད་ཅེས་ཟེར་ནའོ། །དེའི་ལན་དུ་ཁོ་བོ་ཅག་གིས་ཀྱང་ཚིག་ཙམ་གྱིས་དེ་མི་འགྲུབ་ཀྱི་ཚད་མས་བསྒྲུབ་དགོས་པས་དེའི་ཕྱིར་རྒྱུ་ནི་འབྲས་བུ་སྐྱེ་
བའི་དུས་ན་མ་ཞིག་པ་ཁོ་ན་ཡིན་ཏེ། ངེས་པར་སྐྱེ་བའི་ཕྱིར་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུའི་བདག་ཉིད་ནི་རྒྱུ་ལས་ངེས་པར་གདོན་མི་ཟ་བ་ཁོ་
ནར་སྐྱེ་བའི་ཕྱིར་འབྲས་བུ་ཉིད་སྐྱེ་བའི་དུས་ན་འབྲས་བུ་ཉིད་མ་ཞིག་པ་ཁོ་ན་ཡིན་པ་དེ་བཞིན་དུ་རྒྱུའི་བདག་ཉིད་ཀྱང་འབྲས་བུའི་ངོ་བོ་ཉིད་དུ་ངེས་པར་གདོན་མི་ཟ་བ་ཁོ་ནར་སྐྱེ་བའི་ཕྱིར་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ཤེས་པ་ལ་ལོག་པ་དང་མ་ལོག་པ་དང་ཐེ་ཚོམ་ཅན་གྱི་རྒྱུ་
ཡིན་པའི་ཕྱིར་དང་། གཞན་གྱི་དོན་ཉིད་ཡིན་པའི་ཕྱིར་དང་། ཤེས་པ་ཡོད་པ་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གིས་ཀྱང་ཤེས་པར་བྱའོ་ཞེས་བྱ་བ་ནི་གྲངས་ཅན་དག་ན་རེ་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཁོ་ན་ཡིན་པའི་གཏན་ཚིགས་ངེས་པར་སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་མཚན་
ཉིད་ཀྱི་སྒྲའི་ཚུལ་ཉེ་བར་བཟུང་བའི་ཕྱིར་མཚོན་པ་ཙམ་དུ་ཟད་ཀྱི། དེ་བཞིན་དུ་རྒྱུ་ནི་འབྲས་བུ་སྐྱེ་བའི་དུས་ན་མ་ཞིག་པ་ཁོ་ན་ཡིན་ཏེ། ཤེས་པ་ལོག་པའི་རྒྱུ་ཡིན་པའི་ཕྱིར་དང་ཤེས་པ་མ་ལོག་པའི་རྒྱུ་ཡིན་པའི་ཕྱིར་དང་། ཤེས་པ་ཐེ་ཚོམ་ཅན་གྱི་རྒྱུ་ཡིན་པའི་ཕྱིར་དང་། གཞན་གྱི་དོན་ཉིད་ཡིན་པའི་ཕྱིར་དང་།
ཤེས་པ་ཡོད་པ་ཉིད་མ་ཡིན་པའི་ཕྱིར་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་ཀྱང་བརྗོད་པར་བྱའོ་ཞེས་ཟེར་རོ། ཡང་ན་རྒྱུ་འོ་མ་ཞེས་བྱ་བའི་སྐད་ཅིག་མ་ལས་འབྲས་བུ་ཞོ་ཞེས་བྱ་བའི་སྐད་ཅིག་མ་གཞན་ཉིད་མ་ཡིན་ཏེ། བ་ལས་བྱུང་བའི་ཕྱིར་དཔེར་ན་ཞོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་ནི་གྲངས་ཅན་དག་རྒྱུ་ལས་
เล่ม ๑๐๐ · หน้า 180a
འབྲས་བུ་གཞན་ཉིད་མ་ཡིན་པར་སྒྲུབ་པའི་ཚད་མ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུ་ཞོའི་བདག་ཉིད་ནི་བ་ལས་བྱུང་བའི་ཕྱིར་ཞོའི་བདག་ཉིད་ལས་གཞན་ཉིད་མ་ཡིན་
པ་དེ་བཞིན་དུ་རྒྱུ་འོ་མ་ཞེས་བྱའི་སྐད་ཅིག་མ་ཡང་བ་ལས་བྱུང་བའི་ཕྱིར་དེ་ལས་འབྲས་བུ་ཞོ་ཞེས་བྱ་བའི་སྐད་ཅིག་མ་གཞན་ཉིད་མ་ཡིན་ནོ། །ཡང་ན་འདས་པའི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་ལས་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ཉིད་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་
ཡིན་པའི་ཕྱིར་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་བཞིན་ནོ་ཞེས་བྱ་བ་ནི་སྔར་འོ་མ་དང་ཞོ་ཕྱོགས་སུ་བྱས་པས་ཕྱི་རོལ་གྱི་དངོས་པོའི་རྒྱུ་ལས་འབྲས་བུ་གཞན་ཉིད་མ་ཡིན་པར་བསྒྲུབས་པ་བརྣན་པའི་ཕྱིར་འདིར་འདས་པ་དང་ད་ལྟར་གྱི་རྣམ་པར་ཤེས་པ་ཕྱོགས་སུ་བྱས་ཏེ། ནང་གི་དངོས་པོའི་རྒྱུ་ལས་
འབྲས་བུ་གཞན་ཉིད་མ་ཡིན་པར་བསྒྲུབ་པའི་ཚད་མ་བསྟན་པ་ཡིན་ཏེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །གལ་ཏེ་རྒྱུ་ཐ་དད་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་གིས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་གྲངས་ཅན་དག་གིས། སངས་རྒྱས་པའི་དོགས་པ་བསུ་བའི་ཚིག་ཡིན་ཏེ། གལ་ཏེ་ཁྱེད་སངས་
རྒྱས་པ་དག་ན་རེ་ཅི་རེ་ཞིག་མིག་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རྒྱུད་ཐ་མི་དད་པའི་འདས་པའི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་ལས་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ཉིད་མ་ཡིན་པ་ལྟ་བུར་འགྱུར་རམ། འོན་ཏེ་མིག་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རྒྱུད་ཐ་དད་པའི་འདས་
པའི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་ལས་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ཉིད་ཡིན་པ་ལྟ་བུར་འགྱུར་བ་མ་ངེས་པས། དེས་ན་གྲངས་ཅན་དག་གི་གཏན་ཚིགས་མིག་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་དོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེའི་ལན་དུ་ཁོ་བོ་ཅག་
གྲངས་ཅན་དག་ཀྱང་འདི་སྐད་ཅེས། དེ་དག་ཀྱང་ཕྱོགས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། རྒྱུད་ཐ་དད་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་ཀྱང་ཁོ་བོ་ཅག་གི་ཕྱོགས་གཞན་ཉིད་མ་ཡིན་པ་ཞེས་བྱ་བའི་ཁོངས་སུ་གཏོགས་པ་ཉིད་ཡིན་པའི་ཕྱིར་ཁོ་བོ་ཅག་གི་གཏན་
เล่ม ๑๐๐ · หน้า 180b
ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ། འདི་ལྟར་སྙིང་སྟོབས་དང་རྡུལ་དང་མུན་པ་དག་ནི་བརྟག་པ་དང་ཐམས་ཅད་དུ་སོང་བའི་ཕྱིར་ཐམས་ཅད་ཀྱང་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་རྒྱུད་ཐ་དད་པ་མེད་པའི་ཕྱིར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདི་མན་ཆད་འགྲེལ་པ་བྱེད་པ་ཉིད་ཀྱིས་ཕྱོགས་སྔ་མའི་གཞུང་སུན་འབྱིན་
པ་སྟོན་ཏེ། དེ་ལ་རེ་ཞིག་སྔར་གྲངས་ཅན་དག་གིས་རྒྱུ་ནི་འབྲས་བུ་སྐྱེ་བའི་དུས་ནམ་ཞིག་པ་ཁོ་ན་ཡིན་ཏེ། ངེས་པར་སྐྱེ་བའི་ཕྱིར་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་གང་སྨྲས་པ་དེ་སུན་དབྱུང་བའི་ཕྱིར་འདིར་ཡང་འདས་པའི་རྒྱུ་ཕྱོགས་སུ་བྱེད་ན་ནི་གཞི་མ་གྲུབ་པ་ལ་སོགས་པའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། འདི་ན་
འབྲས་བུ་སྐྱེས་པས་རྒྱུ་ཞེས་ཐ་སྙད་གདགས་པ་ཡིན་ལ། འབྲས་བུ་སྐྱེས་པ་དེའི་ཚེ་ན་རྒྱུ་འདས་པ་ཡིན་པས་འདས་པའི་རྒྱུ་སྟེ། འབྲས་བུ་སྐྱེ་བའི་དུས་ན་མ་ཞིག་པ་ཁོ་ན་ཡིན་ཏེ་ཞེས་ཕྱོགས་སུ་བྱེད་ན་ནི་གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་སྐྱོན་ཡོད་དེ། རྒྱུ་འདས་པ་དེ་ནི་ཞིག་ནས་མེད་པ་ཡིན་པས་ཁྱོད་ཀྱིས་དེ་
མ་ཞིག་པར་བསྒྲུབ་པའི་གཏན་ཚིགས་ངེས་པར་སྐྱེ་བའི་ཕྱིར་ཞེས་གང་སྨྲས་པ་དེའི་མ་གྲུབ་པའི་སྐྱོན་ཡོད་པས་མི་རུང་ངོ་། །ད་ལྟར་གྱི་རྒྱུ་ཕྱོགས་སུ་བྱེད་ན་ནི་དཔེ་མེད་དེ། དེའི་འབྲས་བུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ་འབྲས་བུ་མ་སྐྱེས་པའི་ཚེ་ན་རྒྱུ་མ་འདས་པ་ད་ལྟར་ཡོད་པ་དེ་འབྲས་བུ་སྐྱེ་བའི་དུས་ན་མ་
ཞིག་པ་ཁོ་ན་ཡིན་ཏེ་ཞེས་ཕྱོགས་སུ་བྱེད་ན་ནི་དཔེ་མ་གྲུབ་པའི་སྐྱོན་ཡོད་དེ། ད་ལྟར་གྱི་རྒྱུ་དེ་ཡོད་པའི་དུས་ན་དེའི་འབྲས་བུ་མ་གྲུབ་པའི་ཕྱིར་ཁྱོད་ཀྱི་དེ་མ་ཞིག་པར་བསྒྲུབ་པའི་དཔེ་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་གང་སྨྲས་པ་དེ་མ་གྲུབ་པའི་སྐྱོན་ཡོད་པས་མི་རུང་ངོ་། །འབྲས་བུ་གཞན་མ་ཡིན་པ་གང་ཡིན་པ་དེ་
ཡང་དེའི་རྒྱུ་མ་ཡིན་ཏེ། གཞན་མ་ཡིན་པའི་ཕྱིར་རང་གི་བདག་ཉིད་བཞིན་པས་གཞན་མ་ཡིན་པ་ཉིད་དུ་རྗེས་སུ་དཔོག་པའི་དམ་བཅས་པ་ལ་རྒྱུ་རྒྱུ་མ་ཡིན་པ་ཉིད་ཀྱིས་དེའི་རྒྱུ་ཉིད་བསལ་བའི་ཕྱིར་ཆོས་ཅན་གྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་གིས། ཡང་ན་རྒྱུ་
འོ་མ་ཞེས་བྱ་བའི་སྐད་ཅིག་མ་ལས་འབྲས་བུ་ཞོ་ཞེས་བྱ་བའི་སྐད་ཅིག་མ་གཞན་ཉིད་མ་ཡིན་ཏེ། བ་ལས་བྱུང་བའི་ཕྱིར་དཔེར་ན་ཞོའི་བདག་ཉིད་བཞིན་ནོ། །ཡང་ན་འདས་པའི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་ལས་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ཉིད་མ་ཡིན་
เล่ม ๑๐๐ · หน้า 181a
ཏེ། མིག་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་བཞིན་ནོ་ཞེས་གང་སྨྲས་པ་དེ་སུན་འབྱིན་པར་བྱེད་དེ། ཁྱེད་རྒྱུ་ལས་འབྲས་བུ་གཞན་ཉིད་མ་ཡིན་པར་འདོད་པ་དེས་ན་ས་བོན་དེ་ཡང་མྱུ་གུ་དེའི་རྒྱུ་མ་ཡིན་ཏེ། གཞན་མ་ཡིན་པའི་དཔེར་ན་མྱུ་
གུའི་རང་གི་བདག་ཉིད་བཞིན་དུ་འགྱུར་བས། དེས་ན་ཁྱེད་རྒྱུ་ལས་འབྲས་བུ་གཞན་མ་ཡིན་པ་ཉིད་རྗེས་སུ་དཔོག་པའི་དམ་བཅས་པ་ལ་རྒྱུ་དང་འབྲས་བུ་གཞན་མ་ཡིན་པར་གྱུར་པས། རྒྱུ་གང་ཡིན་པ་དེ་འབྲས་བུའི་རྒྱུ་མ་ཡིན་པ་ཉིད་ཀྱིས་དེའི་རྒྱུ་ཉིད་བསལ་བའི་ཕྱིར་གཞན་ཉིད་མ་ཡིན་པར་བསྒྲུབ་པའི་ཆོས་ཅན་
རྒྱུ་དང་འབྲས་བུ་ཞེས་བྱ་བའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་། །མ་ཞིག་པ་ཞེས་བྱ་བའི་དོན་ཀྱང་གང་ཡིན་ཞེས་བྱ་བ་ནི་ཁྱེད་གྲངས་ཅན་དག་གི་རྒྱུ་ནི་འབྲས་བུ་སྐྱེ་བའི་དུས་ན་མ་ཞིག་པ་ཁོ་ན་ཡིན་ཏེ་ཞེས་གང་སྨྲས་པ་དེའི་དོན་ཀྱང་གང་ཡིན་ཞེས་དྲི་བའི་ཚིག་ཡིན་ནོ། །གལ་ཏེ་རང་བཞིན་གྱིས་བག་ལ་ཞ་བོའོ་
ཞེ་ན་ནི་དཔེ་མེད་དོ་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ། འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཞེས་བྱ་བ་ནི་དེའི་དུས་ན་རྒྱུ་དེ་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་ཡོན་ཏན་ཆ་མཉམ་པའི་རང་བཞིན་གྱིས་བག་ལ་ཞ་ཞིང་འདུག་གི་མེད་པར་གྱུར་པ་མ་ཡིན་པས་མ་ཞིག་པ་ཡིན་ནོ་ཞེ་ན། ད་ལྟ་ན་རྒྱུ་དེ་འབྲས་བུ་སྐྱེ་བའི་
དུས་ན་རང་བཞིན་གྱིས་བག་ལ་ཞ་ཞིང་འདུག་གི་ཞིག་པ་མ་ཡིན་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་མེད་པས་མི་རུང་ངོ་། །གལ་ཏེ་མི་གསལ་བའོ་ཞེ་ན་ཡང་སྐྱོན་དེ་ཉིད་དོ་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཞེས་བྱ་བ་དེ་མི་གསལ་བ་ཡིན་ནོ་ཞེ་ན་ཡང་དཔེ་མེད་
པའི་སྐྱོན་དེ་ཉིད་དུ་འགྱུར་ཏེ། མི་གསལ་བ་ནི་བག་ལ་ཞ་བ་ཡིན་ལ། གསལ་བ་ནི་བག་ལ་མ་ཞ་བ་ཡིན་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་མེད་པའི་ཕྱིར་དེ་ཡང་མི་རུང་ངོ་། །ཞིག་པ་དང་སྔ་ན་མེད་པ་དག་ཡོད་པར་རྟོག་པ་ལ་ནི་དཔེ་མེད་པ་དང་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་བྱ་བས་ནི་སྔར་
གྲངས་ཅན་དག་གིས་འབྲས་བུ་སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། དུས་ཀྱིས་བསྡུས་པའི་ཕྱིར་དང་། འི་ཞེས་བསྟན་པའི་ཕྱིར་དཔེར་ན་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་གང་སྨྲས་པ་དེ་སུན་འབྱིན་པར་བྱེད་དེ། ཞིག་ནས་མེད་པ་དང་སྔ་ན་མེད་པ་ཡིན་ན་དེ་གཉིས་ད་ལྟར་གྱི་
เล่ม ๑๐๐ · หน้า 181b
འབྲས་བུ་མ་ཡིན་པས། ཁྱེད་ཀྱི་དཔེ་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་བྱ་བ་མེད་པས་མི་རུང་བ་དང་གཞན་ཡང་ཞིག་ནས་མེད་པ་དང་སྔ་ན་མེད་པ་ཞེས་སྔར་ཁས་བླངས་ལ་ད་ནི་དེ་གཉིས་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ་ཞེས་ཟེར་བ་ནི་རང་གི་ཁས་བླངས་པས་གནོད་པས་མི་རུང་ངོ་། །གལ་ཏེ་ད་ལྟར་ཡིན་ནོ་ཞེས། ད་ལྟར་
ཉིད་དུ་རྗེས་སུ་དཔོག་པའི་དམ་བཅས་པ་ལ་རྒྱུ་མ་ཡིན་པ་ཉིད་ཀྱིས་རྒྱུ་ཉིད་བསལ་བའི་ཕྱིར་ཆོས་ཅན་གྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པའི་དཔེ་ནི་ད་ལྟར་ཡིན་ཏེ། དཔེར་ན་ད་ལྟར་གྱི་འབྲས་བུ་མ་ཞིག་པར་ཡོད་པ་དེ་བཞིན་དུ་འབྲས་བུ་
སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཁོ་ནར་ཡོད་དོ་ཞེས་ཟེར་ན། དེ་ལྟ་ན་གྲངས་ཅན་དག་རྒྱུ་དང་འབྲས་བུ་གཞན་མ་ཡིན་པ་ཉིད་དུ་སྨྲ་བ་རྒྱུ་མ་ཞིག་པ་ད་ལྟར་ཉིད་ཡིན་པར་རྗེས་སུ་དཔོག་པའི་དམ་བཅས་པ་ལ་ད་ལྟར་ནི་འབྲས་བུའི་བདག་ཉིད་ཡིན་པས་རྒྱུ་མ་ཡིན་པ་ཉིད་ཀྱིས་རྒྱུ་ཉིད་རྒྱུ་མ་ཡིན་པར་བསལ་བའི་ཕྱིར་འབྲས་
བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཁོ་ན་ཡིན་ཏེ་ཞེས་སྒྲུབ་པའི་ཆོས་ཅན་རྒྱུ་ཞེས་བྱ་བའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་། །ད་ལྟར་གྱི་འབྲས་བུ་ཡང་རྫས་སུ་ཡོད་པ་ཉིད་དུ་མི་འགྲུབ་སྟེ་མ་སྐྱེས་པའི་ཕྱིར་རོ། །དེ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་དཔེ་མེད་དོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་གིས་འབྲས་བུ་
སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། དུས་ཀྱིས་བསྡུས་པའི་ཕྱིར་དང་། འི་ཞེས་བསྟན་པའི་ཕྱིར་དཔེར་ན་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་གང་སྨྲས་པའི་དཔེ་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་བྱ་བ་དེ་རྫས་སུ་ཡོད་པར་མི་འགྲུབ་པར། །སུན་འབྱིན་པར་སྟོན་ཏེ་ད་ལྟར་གྱི་
འབྲས་བུ་ཡང་མ་སྐྱེས་པའི་ཕྱིར་རྫས་སུ་ཡོད་པ་ཉིད་དུ་མི་འགྲུབ་པའི་ཕྱིར་ཕ་རོལ་པོ་དག་གི་དཔེ་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་བྱ་བ་དེ་མེད་པས་མི་རུང་ངོ་། །འདིས་དུས་ཀྱིས་བསྡུས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་གཉིས་ལ་ཡང་སྐྱོན་གྱིས་ལན་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་ད་ལྟར་གྱི་
འབྲས་བུ་རྫས་སུ་ཡོད་པ་ཉིད་དུ་མ་གྲུབ་པ་འདིས། སྔར་གྲངས་ཅན་དག་གིས་འབྲས་བུ་སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། དུས་ཀྱིས་བསྡུས་པའི་ཕྱིར་དང་། འི་ཞེས་བསྟན་པའི་ཕྱིར་ཞེས་གང་སྨྲས་པའི་གཏན་ཚིགས་དེ་གཉིས་ལ་ཡང་ད་ལྟར་གྱི་འབྲས་བུ་རྫས་སུ་ཡོད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด