ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๑ · หน้า 1b
༄༅༅། །བམ་པོ་ལྔ་བཅུ་ལྔ་པ། གནས་མའི་བུའི་སྡེ་པ་དག་གིས་སྨྲས་པ། གང་ཟག་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལས་དེ་ཉིད་དམ་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་
ཡིན་པ་དེ་བཞིན་དུ་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་ཕྱོགས་གཉི་གར་བསྟན་པའི་སྐྱོན་དེ་དག་ཁོ་བོ་ཅག་ལ་མི་གནོད་དེ་གང་ཟག་དེ་ལྟ་བུ་དེ་འཁོར་རོ་ཞེས་བྱ་བ་ནི་ཉན་ཐོས་
གནས་མའི་བུའི་སྡེ་པ་དག་གི་གཞུང་ལས། གང་ཟག་ནི་ཕུང་པོ་ལ་སོགས་པ་དང་གཅིག་པ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པ་དེ་བཞིན་དུ་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་པར་བྱ་བ་ཉིད་མ་
ཡིན་པར་འབྱུང་བས་དེའི་ཕྱིར་འདིར་དེ་དག་ན་རེ་ཁོ་བོ་ཅག་གི་ཕྱོགས་ལ་གང་ཟག་ནི་རྟག་པ་དང་མི་རྟག་པ་ཉིད་གཉི་གར་ཡང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཁྱེད་ཀྱིས་སྔར་རྟག་པ་དང་མི་རྟག་པའི་ཕྱོགས་
གཉི་གར་བསྟན་པའི་སྐྱོན་དེ་དག་ཁོ་བོ་ཅག་ལ་མི་གནོད་དེ། དེ་ལྟར་རྟག་པ་དང་མི་རྟག་པའི་མཐའ་གཉི་གར་ཡང་བརྗོད་པར་བྱ་བ་མ་ཡིན་པའི་གང་ཟག་རྣམ་པ་དེ་ལྟ་བུ་དེ་འགྲོ་བ་ལྔར་འཁོར་རོ་ཞེས་ཟེར་
เล่ม ๑๐๑ · หน้า 2a
བའི་གཞུང་ཡིན་ནོ་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན་གང་ཞིག་འཁོར་བར་
འགྱུར། །འཁོར་བར་མི་འགྱུར་བ་ཁོ་ན་སྟེ། །མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གནས་མའི་བུའི་སྡེ་པ་དག་གིས་བཏགས་པའི་གང་ཟག་རྣམ་པ་དེ་ལྟ་བུ་དེ་འགྲོ་བ་ལྔར་འཁོར་རོ་ཞེས་བྱ་བར་ཕུང་པོ་དང་ཁམས་དང་སྐྱེ་
མཆེད་རྣམས་ལ་གང་ཟག་དེ་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར་གང་ཞིག་འཁོར་བར་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྣམ་པ་ལྔ་ནི་དེ་བཞིན་གཤེགས་པ་བརྟག་པའི་སྐབས་ནས། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་
མེད་དེར་དེ་མེད། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་འོག་ནས་འབྱུང་བས་འདིར་འགྲེལ་པ་མ་བྱས་སོ། །དེ་ལྟར་དེ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་ཉེ་བར་གཞག་པའི་ཚིག་ཡིན་ནོ། །
ཞེས་བྱ་བ་ནི་འཁོར་བར་མི་འགྱུར་བ་ཁོ་ན་སྟེ། མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཞེས་བྱ་བ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་འདིར་སྦྱོར་བའི་ཚིག་ནི། དོན་དམ་པར་གང་ཟག་ཡོད་པ་མ་ཡིན་ཏེ། གཟུགས་སུ་
เล่ม ๑๐๑ · หน้า 2b
རུང་བ་དང་། མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་ལ་མ་གཏོགས་པའི་མཚན་ཉིད་དམིགས་སུ་མེད་པའི་ཕྱིར། དཔེར་ན་བོང་བུའི་རྭ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་
ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བོང་བུའི་རྭ་ནི་ཕུང་པོ་ལྔ་ལ་མ་གཏོགས་པའི་མཚན་ཉིད་དམིགས་སུ་མེད་པའི་ཕྱིར་ཡོད་པ་མ་ཡིན་པ་དེ་བཞིན་དུ། གང་ཟག་ཀྱང་ཕུང་པོ་ལྔ་ལ་མ་གཏོགས་པའི་མཚན་ཉིད་དམིགས་སུ་མེད་པའི་ཕྱིར་ཡོད་པ་མ་ཡིན་པར་འཁོར་
བར་མི་འགྱུར་རོ། །ཅི་སྟེ་མེད་བཞིན་དུ་ཡང་དེ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་བློ་གྲོས་ཉམས་པས་རབ་རིབ་ཅན་གྱི་སྐྲ་ཤད་དང་། སྦྲང་བུ་ལ་སོགས་པ་ཡོད་པར་མཐོང་བ་བཞིན་དུ་དེ་ཡོད་པར་རྣམ་པར་རྟོག་ན་ཞེས་བྱ་བ་ནི་ཇི་སྟེ་རྗེས་སུ་དཔག་པ་སྔ་མས་གང་ཟག་མེད་པར་གྲུབ་བཞིན་དུ་
ཡང་གནས་མའི་བུའི་སྡེ་པ་ལ་སོགས་པ་དག་གང་ཟག་ལ་མངོན་པར་ཞེན་པའི་བག་ཆགས་ཀྱིས་བདག་མེད་པར་ལྟ་བའི་བློ་གྲོས་ཉམས་པས་དཔེར་ན། རབ་རིབ་ཅན་གྱི་སྐྲ་ཤད་དང་། སྦྲང་བུ་ལ་སོགས་པ་མེད་བཞིན་དུ། ཡོད་པར་མཐོང་བ་བཞིན་དུ་གང་ཟག་དེ་ཡོད་པར་རྣམ་པར་རྟོག་ནའོ། །དེ་
ཡང་མི་འབད་པར་བསྟན་པའི་ཕྱིར། དེ་ལྟ་ན་ཡང་། ཉེ་བར་ལེན་ནས་ཉེར་ལེན་པར། །འཁོར་ན་སྲིད་པ་མེད་པར་འགྱུར། ཉེ་བར་ལེན་པ་ནས། ཉེ་བར་ལེན་པར་འཁོར་ན། ཉེ་བར་ལེན་པའི་བར་དུ་ཉེ་བར་ལེན་པ་མེད་ཅིང་། ཉེ་བར་ལེན་པ་དང་བྲལ་བར་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། ཉེ་
བར་ལེན་པ་དང་། སྲིད་པ་དང་། ཕུང་པོ་དང་། འགྲོ་བ་ཞེས་བྱ་བ་དག་ནི་རྣམ་གྲངས་ཏེ། གལ་ཏེ་གང་ཟག་དེ་འགྲོ་བ་ལྔ་པོ་དེ་དག་གི་ཉེ་བར་ལེན་པ་སྔ་མ་གཞན་ནས། ཕྱི་མ་གཞན་དུ་འཁོར་བར་བརྟགས་ན་ཉེ་བར་ལེན་པ་སྔ་ཕྱི་གཉིས་ཀྱི་བར་དུ་དེ་ལ་ཉེ་བར་ལེན་པ་མེད་པར་འགྱུར་ཏེ། ཉེ་བར་ལེན་པ་མེད་
ན་གང་གིས་དེ་འཁོར་བར་མངོན་པའི་གསལ་བར་བྱེད་པ་མེད་པས། དེ་འཁོར་བར་མི་འགྲུབ་པོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར་ཉེ་བར་ལེན་པ་ནི་སྲིད་པ་ཞེས་གདགས་པས། ཉེ་བར་ལེན་པ་མེད་ན་སྲེད་པ་དེ་ཡང་མེད་པའི་ཕྱིར། སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་
เล่ม ๑๐๑ · หน้า 3a
བར་འགྱུར། །སྲིད་པ་མེད་དང་ཉེ་བར་ལེན་པ་མེད་པ་ནི། གསལ་བར་བྱེད་པ་མེད་པའི་ཕྱིར་རོ། །ཞེས་བྱ་བ་སྨྲས་སོ། །གལ་ཏེ་བར་མ་དོའི་སྲིད་པའི་ཕུང་པོ་ཉེ་བར་ལེན་པས། ཉེ་བར་ལེན་པ་དང་བཅས་པ་ཉིད་དུ་འགྲུབ་པའི་ཕྱིར། སྐྱོན་མེད་དོ་ཞེ་ན། ཞེས་བྱ་བ་ནི་གལ་ཏེ་ཕ་
རོལ་པོ་དག །འདི་སྐད་ཅེས་བར་མ་དོའི་སྲིད་པའི་ཕུང་པོ་རྣམས་ཀྱིས། ཉེ་བར་ལེན་པ་དང་བཅས་པ་ཉིད་དུ་གྱུར་ནས། ཕྱིས་འབྱུང་བར་འདོད་པའི་སྲིད་པ་ཉེ་བར་ལེན་པར་བྱེད་པས། དབུ་མ་པ་ན་རེ་སྲིད་པ་མེད་པ་དང་། ཉེ་བར་ལེན་པ་མེད་པ་ནི། གསལ་བར་བྱེད་པ་མེད་པའི་ཕྱིར་རོ། །ཞེས་
ཟེར་བའི་སྐྱོན་མེད་དོ་ཞེས་ཟེར་ནའོ། །དེའི་ལེན་དུ་གནས་བརྟན་བུདྡྷ་པཱ་ལི་ཏ་ལ་སོགས་པ་ཁ་ཅིག་ན་རེ། དེ་ཡོངས་སུ་གཏོང་བ་ནི། ཇི་སྐད་སྨོས་པའི་སྐྱོན་རྗེས་སུ་འབྲང་བའི་ཕྱིར། དེ་ནི་ལན་དུ་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་བར་མ་དོའི་སྲིད་པའི་ཕུང་པོ་གཏོང་བ་ནས། ཕུང་
པོ་ཕྱི་མར་འཕོ་བའི་དུས་ན། ཉེ་བར་ལེན་པ་མེད་པ་ཁོ་ན་ཡིན་པ་དེའི་ཕྱིར། གསལ་བར་བྱེད་པ་མེད་པ་ལ་སོགས་པའི་སྐྱོན་དེ་བཞིན་དུ་རྗེས་སུ་འབྲང་བའི་ཕྱིར། ཕ་རོལ་པོའི་ཚིག་དེ་ནི་ལན་དུ་མི་རུང་ངོ་ཞེས་གནས་བརྟན་བུདྡྷ་པཱ་ལི་ཏ་ལ་སོགས་པ་དག་དེ་སྐད་ཟེར་རོ། །དེ་ནི་རིགས་པ་མ་
ཡིན་ཏེ། སྐད་ཅིག་མ་གཅིག་ཁོ་ན་ལ་སྲིད་པ་སྔ་མ་དང་ཕྱི་མ་གཏོང་ཞིང་། ལེན་པའི་ཕྱིར་རོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུདྡྷ་པཱ་ལི་ཏ་ལ་སོགས་པའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སུན་འབྱིན་པའི་ཚིག་ཡིན་ཏེ། ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། འདི་ལྟར་
གསལ་བར་བྱེད་པ་མེད་པས། གང་ཟག་ཉིད་མེད་པའི་ཕྱིར། དེ་འཁོར་བར་མི་འགྱུར་རོ་ཞེས་བསྒྲུབ་པར་བྱ་བའི་རིགས་པ་ལས། དེ་ལྟར་མ་བསྒྲུབ་པར་གང་ཟག་དེ་བར་མ་དོའི་གནས་པའི་གནས་སྐབས་ནས། སྲིད་པ་ཕྱི་མར་འཕོ་བའི་གནས་སྐབས་ན་ཉེ་བར་ལེན་པ་མེད་པའི་སྐྱོན་དུ་འགྱུར་
རོ། །ཞེས་བཤད་པ་དེ་ནི་གལ་ཏེ་གང་ཟག་གཅིག་ཡོད་པར་གྱུར་ན། དེ་སྐད་ཅིག་མ་གཅིག་ཁོ་ན་ལ་སྲང་མདའི་མཐོ་དམན་བཞིན་དུ་བར་མ་དོའི་སྲིད་པ་གཏོང་སྲིད་པ་ཕྱི་མ་ལེན་པར་ཡང་རུང་བས། གནས་བརྟན་བུད་དྷ་པཱ་ལི་ཏ་ལ་སོགས་པའི་རྣམ་པར་བཤད་པ་དེས། ཕ་རོལ་པོའི་གཞུང་སུན་
เล่ม ๑๐๑ · หน้า 3b
མི་ཕྱིན་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་རིགས་ཤེ་ན་འགྲེལ་པ་བྱེད་པ་ཉིད་ཀྱིས་འདི་ལྟར་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་རིགས་སོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་དེ་ཕུང་པོ་རྣམས་ལ་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར། འཁོར་བར་མི་འགྱུར་བ་ཁོ་
ནའོ་ཞེས་བྱ་བ་དེ་ལྟར་རྣམ་པར་བཤད་ན་རིགས། ཕ་རོལ་པོས་སྨྲས་པ། གང་ཟག་ནི་ཡོད་པ་ཁོ་ན་ཡིན་ཏེ། ཉེ་བར་ལེན་པ་གཞན་དུ་འཕོ་བས་གནས་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ནི་ཉེ་བར་ལེན་པ་གཞན་དུ་འཕོ་བས་མི་གནས་ཏེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །གང་ཟག་ལ་ནི་ཉེ་བར་ལེན་པ་
གཞན་དུ་འཕོ་བས་གནས་པ་འདི་ལྟ་བུ་ཡོད་དེ། བཅོམ་ལྡན་འདས་ཀྱིས་དེའི་ཚེ་དེའི་དུས་ན་ང་ཉིད་ང་ལས་ནུར་གྱུར་ཏོ། །ང་ཉིད་ལེགས་མཐོང་དུ་གྱུར་ཏོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས། གང་ཟག་ནི་ཡོད་པ་ཁོ་ན་ཡིན་ནོ། །ཞེས་བྱ་བ་ནི། དེ་ལྟར་གང་ཟག་མེད་
པས་འཁོར་བ་མེད་དོ། །ཞེས་བསྟན་པ་དང་། འདིར་ཡང་ཕ་རོལ་པོ་དག་གང་ཟག་ཡོད་པར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱོར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་
རིམས་བཞིན་དུ་སྦྱར་ཏེ། འདི་ན་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུ་གང་དག་ཉེ་བར་ལེན་པ་གཞན་དུ་འཕོ་བས་མི་གནས་པ་དེ་དག་ནི་མེད་པ་ཡིན་གྱི། གང་ཟག་གང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལས་ནུ་དང་ལེགས་མཐོང་ལ་སོགས་པ་ལྟ་བུ་དག་ཏུ་ཉེ་བར་ལེན་པ་གཞན་དུ་འཕོ་བས་གནས་པ་
དེ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་སློབ་དཔོན་གྱིས་བཤད་པ། ཉེ་བར་ལེན་པ་ནས་ཉེ་བར་ལེན་པར་འཁོར་ན་དེ་སྲིད་པ་སྔ་ཕྱིར་གདགས་པའི་གནས་ཉེ་བར་ལེན་པ་དང་ལྡན་པ་མ་ཡིན་པར་འགྱུར་ཏེ། ལྷས་བྱིན་གྱི་ཁྱིམ་ནས་ཁྱིམ་གཞན་དུ་རྒྱུ་བ་བཞིན་
པས་སྲིད་པའི་ངོ་བོ་ཉིད་དང་བྲལ་ཞིང་སྲིད་པ་མེད་པར་འགྱུར་རོ། །དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་དེའི་ཉེ་བར་ལེན་པ་མ་ཡིན་པས་ཉེ་བར་ལེན་པ་མེད་པར་ཡང་འགྱུར་རོ་ཞེས་བྱ་བ་ཡང་སྨྲས་སོ། །དེས་ན་སྔར་ཚིག་ལེའུར་བྱས་པ་ལས། །སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་བར་
เล่ม ๑๐๑ · หน้า 4a
འགྱུར། །ཞེས་སྨོས་པ་དེ་བྱེ་བྲག་ཏུ་བཤད་དོ། །ཇི་ལྟར་སྲིད་པ་མེད་པ་དང་ཉེ་བར་ལེན་པ་མེད་པར་འགྱུར་ཞེ་ན། གང་གི་ཕྱིར་ང་ལས་ནུའི་ཉེ་བར་ལེན་པ་ནས་ལེགས་མཐོང་གི་ཉེ་བར་ལེན་པར་འཁོར་ན་གང་ཟག་དེ་དེའི་བར་སྐབས་ན་སྲིད་པ་སྔ་ཕྱིར་གདགས་པའི་གནས་ཉེ་བར་ལེན་པ་དང་
ལྡན་པ་མ་ཡིན་པར་འགྱུར་ཏེ། དཔེར་ན་ལྷས་བྱིན་ཁྱིམ་སྔ་མ་ནས་ཁྱིམ་ཕྱི་མ་གཞན་དུ་རྒྱུ་བའི་བར་སྐབས་ན་དེ་ཁྱིམ་སྔ་མ་བཏང་བའི་གནས་དང་ལྡན་པ་ཡང་མ་ཡིན་ལ། ཁྱིམ་ཕྱི་མ་མ་བླངས་པའི་གནས་དང་ལྡན་པ་ཡང་མ་ཡིན་པས་ཁྱིམ་སྔ་ཕྱིར་གདགས་པའི་གནས་ཉེ་བར་ལེན་པ་དང་ལྡན་པ་མ་ཡིན་
པ་དེ་བཞིན་དུ། གང་ཟག་དེ་ཡང་ཉེ་བར་ལེན་པ་སྔ་མ་བཏང་བའི་གནས་དང་ལྡན་པ་ཡང་མ་ཡིན་ལ་ཉེ་བར་ལེན་པ་ཕྱི་མ་མ་བླངས་པའི་གནས་དང་ལྡན་པ་ཡང་མ་ཡིན་པས་སྲིད་པ་སྔ་ཕྱིར་གདགས་པའི་གནས་ཉེ་བར་ལེན་པ་དང་ལྡན་པ་མ་ཡིན་པའི་ཕྱིར་སྲིད་པའི་ངོ་བོ་ཉིད་དང་བྲལ་ཞིང་སྲིད་པ་མེད་པར་འགྱུར་
རོ། །སྲིད་པ་དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་སྲིད་པ་དེ་གང་ཟག་དེའི་ཉེ་བར་ལེན་པ་མ་ཡིན་པས་ཉེ་བར་ལེན་པ་མེད་པར་ཡང་འགྱུར་རོ། །དེ་ལྟར་སྲིད་པ་མེད་པ་དེར་ཉེ་བར་ལེན་པ་མེད་པ་ནི་གསལ་བར་བྱེད་པའི་ཕྱིར་དེའི་གང་ཞིག་ཡིན་ཞིང་ཅི་ཞིག་འཁོར་བར་འགྱུར་ཏེ། ནམ་མཁའི་མེ་ཏོག་བཞིན་དུ་མེད་པའི་ཕྱིར་འཁོར་བར་
མི་འགྱུར་བ་ཁོ་ན་སྟེ། དེས་ནི་ཉེ་བར་ལེན་པ་པོ་གང་ཟག་དགག་པ་བསྟན་ཏོ། །གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་དེ་ལྟར་སྔ་ཕྱིའི་བར་སྐབས་ན་གང་ཟག་ལ་སྲིད་པ་དང་ཉེ་བར་ལེན་པ་མེད་དུ་ཟིན་ཀྱང་། གང་ཟག་དེས་མ་འོངས་པའི་སྲིད་པ་ཕྱི་མ་དག་ཉེ་བར་ལེན་པར་བྱེད་པས་དེས་ན་ཉེ་བར་ལེན་པ་
དང་བཅས་པ་ཡང་ཡིན་ལ་འཁོར་བ་ཡང་འགྲུབ་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོ་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཁྱེད་ཉེ་བར་ལེན་པ་གང་དག་ཉེ་བར་ལེན་པར་འདོད་པ་དེ་དག་ཀྱང་དེས་ཉེ་བར་ལེན་པར་མི་བྱེད་དེ། ཉེ་བར་ལེན་པ་ཡིན་པའི་ཕྱིར། དཔེར་
ན་དེ་ལས་གཞན་པའི་ཉེ་བར་ལེན་པ་བཞིན་པས་རྗེས་སུ་དཔག་པ་ལས་དེ་ལྟར། སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་
เล่ม ๑๐๑ · หน้า 4b
རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་ལས་གཞན་པ་མཆོད་སྦྱིན་གྱི་ཉེ་བར་ལེན་པ་ནི་ཀུན་རྫོབ་ཏུ་ཉེ་བར་ལེན་པ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱིས་ཉེ་བར་ལེན་པར་མི་བྱེད་པ་དེ་བཞིན་དུ། ལྷས་བྱིན་གྱི་ཉེ་བར་ལེན་པ་དག་ཀྱང་ཀུན་རྫོབ་ཏུ་ཉེ་བར་ལེན་པ་ཡིན་པའི་ཕྱིར་དོན་དམ་པར་
ལྷས་བྱིན་གྱིས་ཉེ་བར་ལེན་པར་མི་བྱེད་པས། དེ་ལྟར་སྲིད་པ་དང་ཉེ་བར་ལེན་པ་མེད་ན་གང་ཟག་དེ་གང་ཞིག་ཡིན་ཞིང་ཅི་ཞིག་འཁོར་བར་འགྱུར་ཏེ། དེས་ནི་ཉེ་བར་བླང་བ་ཕུང་པོ་དག་དགག་པ་བསྟན་ཏོ། །དེ་ལྟར་རེ་ཞིག་དོན་དམ་པར་འདུ་བྱེད་རྣམས་དང་སེམས་ཅན་དང་གང་ཟག་འཁོར་བར་
མི་འཐད་དོ་ཞེས་བྱ་བ་ནི་སྔར། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །སེམས་ཅན་ལ་ཡང་རིམ་འདི་མཚུངས། །ཞེས་སྨོས་པའི་མཇུག་བསྡུས་པ་ཡིན་ཏེ། དེ་ལྟར་རེ་ཞིག་འཐད་པ་ཇི་སྐད་བསྟན་པའི་ཚུལ་གྱིས་
བརྟགས་ན་དོན་དམ་པར་ཉན་ཐོས་ཀྱིས་བརྟགས་པའི་འདུ་བྱེད་རྣམས་དང་། མུ་སྟེགས་ཀྱིས་བརྟགས་པའི་སེམས་ཅན་དང་། གནས་མ་བུའི་སྡེ་པ་དག་གིས་བརྟགས་པའི་གང་ཟག་འཁོར་བར་མི་འཐད་པས་རབ་ཏུ་བྱེད་པའི་དང་པོར་ཕ་རོལ་པོ་དག་གིས་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་
ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པར་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་མ་ཡིན་པར་གྲུབ་བོ། །ད་ནི་སྔར་ཕ་རོལ་པོ་དག་ན་རེ་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་སྟེ། དེ་
དག་ལ་ཐར་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་དེ་མི་གྲུབ་པར་བསྟན་པའི་ཕྱིར། ད་ནི་མྱ་ངན་ལས་འདས་པ་ཞིག་ཡོད་པར་གྱུར་ན་ཡང་དེ་དག་ལས་གང་ཡང་རུང་བ་ཞིག་མྱ་ངན་ལས་འདས་པར་འགྱུར་གྲང་ན་ཞེས་བྱ་བ་སྨྲས་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་ཐར་པ་དང་མྱ་ངན་ལས་
འདས་པ་ཞིག་ཡོད་པར་གྱུར་ན་ཡང་འདུ་བྱེད་རྣམས་དང་། སེམས་ཅན་དང་གང་ཟག་དེ་དག་ལས་གང་ཡང་རུང་བ་ཞིག་མྱ་ངན་ལས་འདས་པར་འགྱུར་གྲང་ན། ཐམས་ཅད་ཀྱང་མི་འཐད་པར་སྟོན་ཏོ། །དེ་ལ་གལ་ཏེ་དོན་དམ་པར་འདུ་བྱེད་རྣམས་མྱ་ངན་ལས་འདའ་བར་འདོད་ན། འདུ་བྱེད་མྱ་ངན་
เล่ม ๑๐๑ · หน้า 5a
འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །ཞེས་བྱ་བ་ལ། ཅིའི་ཕྱིར་འདུ་བྱེད་རྣམས་མྱ་ངན་ལས་འདའ་བར་མི་འཐད་ཅེ་ན། དོན་དམ་པར་མ་བསྐྱེད་པའི་ཕྱིར་དང་ཞེས་བྱ་བ་སྨྲས་སོ། །འདིར་ཡང་གལ་ཏེ་འདུ་བྱེད་རྣམས་རྟག་པ་འམ་མི་རྟག་པ་ཞིག་མྱ་ངན་
ལས་འདའ་གྲང་ན། དེ་ལ་རེ་ཞིག་རྟག་པ་ནི་མི་འདའ་སྟེ། ཐ་སྙད་དུ་ཡང་རྟག་པ་དག་མ་གྲུབ་པའི་ཕྱིར་རོ། །མི་རྟག་པ་ཡང་མི་འདའ་བར་བསྟན་པའི་ཕྱིར། དོན་དམ་པར་མི་རྟག་པ་རྣམས་ནི་མྱ་ངན་ལས་འདའ་བར་མི་འཐད་དེ། མི་རྟག་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་ས་ལ་སོགས་པ་བཞིན་ནོ་
ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཕྱི་རོལ་གྱི་ས་ལ་སོགས་པ་ནི་མི་རྟག་པའི་ཕྱིར་མྱ་ངན་ལས་འདའ་བར་མི་འཐད་པ་དེ་བཞིན་དུ། འདུ་བྱེད་མི་རྟག་པ་རྣམས་ཀྱང་མི་རྟག་པའི་ཕྱིར་
མྱ་ངན་ལས་འདའ་བར་མི་འཐད་དོ། །ཅི་སྟེ་སེམས་ཅན་མྱ་ངན་ལས་འདའོ་ཞེ་ན་ཡང་། །སེམས་ཅན་མྱ་ངན་འདའ་བར་ཡང་། །ཇི་ལྟ་བུར་ཡང་འཐད་མི་འགྱུར། །རྟག་པ་འམ་མི་རྟག་པར་ཡོངས་སུ་བརྟགས་པའོ་ཞེས་བྱ་བས་ནི། སེམས་ཅན་རྟག་པ་དང་མི་རྟག་པར་ཡོངས་སུ་བརྟགས་པ་ཡང་
མྱ་ངན་ལས་འདའ་བར་མི་འཐད་པར་སྟོན་ཏོ། །དེ་ལ་རྟག་པ་ཡང་མྱ་ངན་ལས་འདའ་བར་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་རེ་ཞིག་རྟག་པ་ནི། མྱ་ངན་ལས་མི་འདའ་སྟེ། རྒྱུ་མེད་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ་དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་
པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའ་ནི་རྒྱུ་མེད་པའི་ཕྱིར་མྱ་ངན་ལས་མི་འདའ་བ་དེ་བཞིན་དུ། སེམས་ཅན་རྟག་པ་ཡང་རྒྱུ་མེད་པའི་ཕྱིར་མྱ་ངན་ལས་མི་འདའོ། །དེ་ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། རྒྱུ་མེད་པ་ནི་ཡོད་པ་ཉིད་དུ་མ་གྲགས་པའི་
ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་པས་རྟག་པ་ཉིད་དང་རྒྱུ་མེད་པ་ཉིད་དུ་རྗེས་སུ་དཔོག་པས་ཐར་པ་མི་འཐོབ་པས་དེ་བསལ་བའི་ཕྱིར་རྟག་པ་ཉིད་དུ་སྨྲ་བའི་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་སོ། །སེམས་ཅན་མི་རྟག་པ་ཡང་མྱ་ངན་ལས་མི་འདའ་བར་བསྟན་པའི་
เล่ม ๑๐๑ · หน้า 5b
ཕྱིར། མི་རྟག་པ་ཡང་མྱ་ངན་ལས་མི་འདའ་སྟེ། དོན་དམ་པར་གང་མི་རྟག་པ་དེ་ནི་མྱ་ངན་ལས་མི་འདའ་སྟེ། མི་རྟག་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་ས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཕྱི་རོལ་གྱི་ས་ལ་
སོགས་པ་ནི་མི་རྟག་པའི་ཕྱིར་མྱ་ངན་ལས་མི་འདའ་བ་དེ་བཞིན་དུ། སེམས་ཅན་མི་རྟག་པ་ཡང་མི་རྟག་པའི་ཕྱིར་མྱ་ངན་ལས་མི་འདའོ། །དེ་ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། འདིར་ཡང་མི་རྟག་པ་ཉིད་དུ་རྗེས་སུ་དཔོག་པས་ཐར་པ་མི་འཐོབ་པས་དེ་བསལ་བའི་ཕྱིར་སེམས་ཅན་མི་རྟག་པ་ཉིད་དུ་སྨྲས་པའི་
དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་སོ། །གནས་མའི་བུའི་སྡེ་པ་དག་གང་ཟག་ནི་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པས་ཇི་སྐད་སྨོས་པའི་སྐྱོན་མེད་པའི་ཕྱིར་མྱ་ངན་ལས་འདས་པ་འགྲུབ་པོ་ཞེས་ཟེར་ན་ཞེས་བྱ་བ་ནི་ཉན་ཐོས་གནས་མའི་
བུའི་སྡེ་པ་དག་ན་རེ་གང་ཟག་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པ་དེ་བཞིན་དུ་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་ཕྱོགས་གཉི་གར་བསྟན་པའི་སྐྱོན་དེ་དག་ཁོ་བོ་ཅག་ལ་མི་གནོད་དེ། གང་ཟག་དེ་ལྟ་བུ་དེ་མྱ་ངན་
ལས་འདའོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། གང་ཟག་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཞིག་རྫས་སུ་ཡོད་པ་ཉིད་དུ་གྲུབ་ཏུ་ཟིན་ན་ཡང་། དོན་དམ་པར་ཐར་པ་མི་འཐད་དེ། བརྟེན་
ཏེ་གདགས་པའི་ཕྱིར། དཔེར་ན་བུམ་པ་བཞིན་པས་རྗེས་སུ་དཔག་པས་གནོད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་བརྟེན་ཏེ་
གདགས་པའི་ཕྱིར་ཐར་པ་མི་འཐད་པ་དེ་བཞིན་དུ། གང་ཟག་རྟག་པ་དང་། མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ནི་རྫས་སུ་ཡོད་པ་ཉིད་མ་ཡིན་མོད་ཀྱིས། རེ་ཞིག་ཕ་རོལ་པོ་དག་འདོད་པ་ལྟར་རྫས་སུ་ཡོད་པ་ཉིད་དུ་གྲུབ་ཏུ་ཟིན་ན་ཡང་དེ་ནི་བརྟེན་ཏེ་གདགས་པའི་ཕྱིར་དོན་དམ་པར་ཐར་པ་མི་
เล่ม ๑๐๑ · หน้า 6a
འཐད་དེ། རྫས་སུ་ཡོད་པ་ཉིད་དུ་རྗེས་སུ་དཔོག་པས་མྱ་ངན་ལས་འདས་པ་ཡོད་པར་སྒྲུབ་པ་ལ་གནོད་པར་འགྱུར་རོ། །དེ་ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། གང་རྫས་ཡིན་པ་དེ་ནི་མི་རྟག་སྟེ། དཔེར་ན་གཟུགས་ལ་སོགས་པ་བཞིན་པས་རྫས་ཉིད་དུ་རྗེས་སུ་དཔག་པས་
མི་རྟག་པ་ཉིད་དང་། བརྗོད་པར་བྱ་བ་ཉིད་ཀྱིས་དེ་དག་ཏུ་བརྗོད་པར་བྱ་བ་ཉིད་མ་ཡིན་པ་བསལ་བའི་ཕྱིར་རྫས་སུ་ཡོད་པ་ཉིད་དུ་སྨྲ་བའི་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་སོ། །གཞན་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་སྐད་
ཅིག་མ་ལ་གལ་ཏེ་གང་ཟག་ཡོད་ན་ནི་རྟག་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ། གལ་ཏེ་མེད་ན་ནི་ཆད་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་བྱ་བས་ནི། གནས་མའི་བུའི་སྡེ་པ་དག་གང་ཟག་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་མྱ་ངན་ལས་འདའ་བར་འདོད་པ་དག་གི་ཕྱོགས་ལ། གལ་ཏེ་ཕུང་པོའི་
ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་སྐད་ཅིག་མ་ལ་གང་ཟག་ཡོད་ན་ནི་རྟག་པ་ཉིད་ཀྱི་སྐྱོན་དུ་འགྱུར་བས་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་བའི་གཞུང་ཉམས་པར་འགྱུར་ལ། གལ་ཏེ་མེད་ན་ནི་ཆད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བས་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་
ཡིན་ནོ་ཞེས་ཟེར་བའི་གཞུང་ཉམས་པར་འགྱུར་བས་མི་རུང་སྟེ། དེ་ནི་སྔར་ཡང་། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་བསྟན་ཟིན་པས་མི་རུང་ངོ་། །ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་ན་ནི། དབུ་མ་པ་སྨྲ་བ་དང་མཐུན་པར་སྨྲ་བ་ཡིན་
ནོ་ཞེས་བྱ་བ་དེ་ནི་དེ་ལྟར་ན་སྔར་དབུ་མ་པས། དེའི་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་བཤད་པའི་གཞུང་དང་མཐུན་པས། དེ་ལྟ་ན་ཕ་རོལ་པོ་དག་འདོད་པའི་གང་ཟག་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་མྱ་ངན་ལས་འདའོ་ཞེས་ཟེར་བའི་
གཞུང་ཉམས་སོ། །གལ་ཏེ་རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གྱི་གཟུགས་ལ་སོགས་པ་དག་ཡོད་པ་དག་གི་ཡོད་པ་དང་མེད་པ་ཉིད་དུ་ཐ་སྙད་གདགས་པར་བྱ་བ་མ་ཡིན་ཡང་དངོས་པོ་ཡོད་པ་ཉིད་ཡིན་པ་བཞིན་ཏེ་ཞེས་བྱ་བ་ནི་གནས་མའི་བུའི་སྡེ་པ་དག་འདི་སྐད་ཅེས་ཟེར། དཔེར་ན་ཉེ་
เล่ม ๑๐๑ · หน้า 6b
བར་གནས་པ་ལས་བྱུང་བའི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གྱི་གཟུགས་ལ་སོགས་པ་དང་། རྣལ་འབྱོར་པ་རབ་ཀྱི་མཐར་ཕྱིན་པའི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གྱི་ཆོས་ཀྱི་དབྱིངས་དག་ཡོད་པ་དང་མེད་པ་ཉིད་དུ་ཐ་སྙད་གདགས་པར་བྱ་བ་མ་ཡིན་ཡང་
དངོས་པོ་ཡོད་པ་ཉིད་ཡིན་པ་དེ་བཞིན་དུ། ཁོ་བོ་ཅག་གི་གང་ཟག་ཀྱང་ཡོད་པ་དང་མེད་པ་ཉིད་དུ་ཐ་སྙད་གདགས་པར་བྱ་བ་མ་ཡིན་ཡང་དངོས་པོ་ཡོད་པ་ཉིད་ཡིན་པས་དེ་ཐར་པར་ཡང་འཐད་དོ་ཞེས་ཟེར་བའི་གཞུང་ཡིན་ནོ། །དེ་ཇི་ལྟར་ཤེས་ཤེ་ན། བདག་ཏུ་སྨྲ་བ་དག་གིས་རང་གི་གྲུབ་པའི་མཐའ་ལས་
འབྱུང་བའི་ཁུངས་བསྟན་པའི་ཕྱིར། དེ་ལྟར་ཡང་། ཐར་ལ་གལ་ཏེ་བདག་ཡོད་རྟག །གལ་ཏེ་མེད་ན་མི་རྟག་འགྱུར། །སྐྱེས་བུ་བརྗོད་པར་བྱ་མིན་ཡང་། །མཁས་པས་ཤེས་པར་བྱ་མིན་མིན། །ཞེས་སྨྲས་པ་ལྟ་བུའོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་ཀྱི་སྐད་ཅིག་མ་ལ་གལ་ཏེ་གང་ཟག་ཡོད་ན་ནི་རྟག་པ་ཉིད་ཀྱི་སྐྱོན་དུ་འགྱུར་ལ། གལ་ཏེ་མེད་ན་ནི་ཆད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བས་ཁོ་བོ་ཅག་གི་གྲུབ་པའི་མཐའ་ལས་སྐྱེས་བུ་གང་ཟག་ནི་ཇི་ལྟར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་
དེ་བཞིན་དུ་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ལ། དེ་ལྟར་བརྗོད་པར་བྱ་བ་མ་ཡིན་ཡང་མཁས་པ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་པ་མ་ཡིན་ཏེ། ཤེས་བྱའི་ཡུལ་ཉིད་དུ་ཡོད་པ་ཁོ་ན་ཡིན་ནོ་ཞེས་འབྱུང་བའི་གང་ཟག་རྣམ་པ་དེ་ལྟ་བུ་ད་མྱ་ངན་ལས་འདའ་བར་འགྱུར་བས་ཐར་པ་
འཐད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་ཡིན་ཏེ། དངོས་པོ་ཡོད་པ་ཉིད་ཡིན་ན་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་བས་གྲུབ་པའི་མཐའ་དང་འགལ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་རྣམ་པར་ཤེས་པ་
རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གྱི་གཟུགས་ལ་སོགས་པ་དག་ཀྱང་དངོས་པོ་ཡོད་པ་ཉིད་ཡིན་ན་སྤྱིའི་མཚན་ཉིད་ལ་ལྟོས་ནས་དེ་ཉིད་དུ་བརྗོད་པར་བྱ་བ་ཉིད་དང་། རང་གི་མཚན་ཉིད་ལ་ལྟོས་ནས་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་དུ་ཡང་ཐལ་བར་འགྱུར་ལ། ཆོས་ཀྱི་དབྱིངས་ཀྱང་རོ་གཅིག་པ་ཉིད་ལ་
เล่ม ๑๐๑ · หน้า 7a
ལྟོས་ནས་དེ་ཉིད་དུ་བརྗོད་པར་བྱ་བ་ཉིད་དང་། ཀུན་བརྟགས་པའི་ངོ་བོ་ཉིད་དང་། མཚན་ཉིད་མི་འདྲ་བ་ལ་ལྟོས་ནས་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་དུ་ཡང་ཐལ་བར་འགྱུར་བས་ཁྱེད་ཀྱི་གྲུབ་པའི་མཐའ་དང་འགལ་བ་དེ་བཞིན་དུ། གང་ཟག་དེ་ཡང་དངོས་པོ་
ཡོད་པ་ཉིད་ཡིན་ན་དངོས་པོ་ཡོད་པ་ཉིད་དུ་རྗེས་སུ་དཔོག་པས། དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་བས་དེ་དག་ཏུ་བརྗོད་པར་བྱ་བ་ཉིད་མ་ཡིན་པ་བསལ་བས་རང་གི་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་པའི་ཕྱིར་གྲུབ་པའི་མཐའ་དང་འགལ་
བས་དེ་ནི་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་རྣམ་པ་གཞན་བསྟན་པའི་ཕྱིར། དོན་དམ་པར་གང་ཟག་གི་བློ་འདི་ནི། དངོས་པོ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། བློ་ཡིན་པའི་ཕྱིར། དཔེར་ན་བུམ་པ་ལ་སོགས་པའི་བློ་བཞིན་པས། གང་ཟག་དངོས་པོ་ཉིད་དུ་མ་གྲུབ་པའི་ཕྱིར་དོན་
དམ་པར་དེ་ལ་ཐར་པ་མེད་དོ། །ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ལ་སོགས་པའི་བློ་ནི་བློ་ཡིན་པའི་ཕྱིར་དངོས་པོ་ཡོད་པའི་ཡུལ་ཅན་མ་ཡིན་
པས་དེ་དག་གི་ཡུལ་བུམ་པ་ལ་སོགས་པ་དག་དངོས་པོ་ཉིད་དུ་མ་གྲུབ་པ་དེ་བཞིན་དུ། གང་ཟག་གི་བློ་འདི་ཡང་བློ་ཡིན་པའི་ཕྱིར་དངོས་པོ་ཡོད་པའི་ཡུལ་ཅན་མ་ཡིན་པས། དེའི་ཡུལ་གང་ཟག་ཀྱང་དངོས་པོ་ཉིད་དུ་མ་གྲུབ་པའི་ཕྱིར་དོན་དམ་པར་དེ་ལ་ཐར་པ་མེད་དོ། །དེ་ལྟར་ཇི་སྐད་བསྟན་པའི་རྣམ་
པ་དེ་དག་གིས་ནི་གང་ཟག་དངོས་པོ་ཉིད་དུ་མ་གྲུབ་པར་དགག་པ་དང་། ཕ་རོལ་པོའི་གྲུབ་པའི་མཐའ་ཉེ་བར་སྨྲས་པ་ཡིན་པར་བསྟན་ཏེ། འདི་ལྟར་བདག་ཏུ་སྨྲ་བ་དག་གང་ཟག་གི་དཔེས་ནི་བདག་སྒྲུབ་པར་བྱེད་ལ། ཆོས་ཀྱི་དཔེས་ནི་དངོས་པོ་སྒྲུབ་པར་བྱེད་པ་དེ་དག་གི་གང་ཟག་དང་། ཆོས་མ་སྐྱེས་
པའི་ཕྱིར་ཡོད་པ་ཉིད་དུ་མ་གྲུབ་པས་དཔེ་མེད་པའི་ཕྱིར། དེ་དག་གིས་དབུ་མ་པ་ལ་དོན་དམ་པར་བདག་དང་དངོས་པོ་ཡོད་པ་ཉིད་དུ་སྒྲུབ་པར་མི་ནུས་ལ། ཀུན་རྫོབ་ཏུ་བསྒྲུབས་ན་ནི་དོན་འགལ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་གང་ཟག་ནི་རྫས་སུ་ཡོད་པ་ཡིན་ཏེ། རྣམ་པར་ཤེས་པར་བྱ་བ་ཡིན་
เล่ม ๑๐๑ · หน้า 7b
པའི་ཕྱིར། དཔེར་ན་གཟུགས་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ཤེས་བྱ་ཡིན་པའི་གཏན་ཚིགས་ཀྱིས་གང་ཟག་གི་རྫས་སུ་ཡོད་པར་སྒྲུབ་པ་གཞུང་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།
དཔེར་ན་གཟུགས་ནི་རྣམ་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་རྫས་སུ་ཡོད་པ་ཡིན་པ་དེ་བཞིན་དུ། གང་ཟག་ཀྱང་རྣམ་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་རྫས་སུ་ཡོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེས་ནི་རི་བོང་གི་རྭ་ལ་སོགས་པ་དག་གིས་མ་
ངེས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ནི་རི་བོང་གི་རྭ་ལ་སོགས་པ་རྫས་སུ་མེད་པ་དག་ཀྱང་རྣམ་པར་ཤེས་པར་བྱ་བ་ཡིན་པར་མཐོང་བས་དེས་ནི་ཅི་རེ་ཞིག་གང་ཟག་རྣམ་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། དཔེར་ན་གཟུགས་བཞིན་དུ་རྫས་སུ་ཡོད་པ་ཡིན་ནམ། འོན་ཏེ་རྣམ་པར་ཤེས་པར་
བྱ་བ་ཡིན་པའི་ཕྱིར། དཔེར་ན་རི་བོང་གི་རྭ་ལ་སོགས་པ་བཞིན་རྫས་སུ་ཡོད་པ་མ་ཡིན་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །མ་ངེས་པ་ཉིད་འབའ་ཞིག་ཏུ་མ་ཟད་དེ་དོན་འགལ་བ་ཉིད་ཀྱང་ཡིན་པར་བསྟན་པའི་ཕྱིར། རྣམ་པར་ཤེས་པར་བྱ་བ་
ཉིད་ཀྱང་མི་རྟག་པ་ཉིད་ལ་སོགས་པ་དག་མེད་ན་མི་འབྱུང་བའི་ཕྱིར་རྟག་པ་དེ་དང་མི་མཐུན་པའི་ཆོས་བསྒྲུབས་པས་དོན་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བུམ་པ་ལ་སོགས་པ་རྣམ་པར་ཤེས་པར་བྱ་བ་ཉིད་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་
ལ་སོགས་པ་དག་དང་འབྲེལ་པ་ཡིན་པའི་ཕྱིར། ཁྱེད་ཀྱི་གཏན་ཚིགས་རྣམ་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་དེས་རྟག་པ་ལ་སོགས་པ་དེ་དང་མི་མཐུན་པའི་ཆོས་མི་རྟག་པ་ལ་སོགས་པ་བསྒྲུབས་པས་ཁྱེད་གང་ཟག་རྫས་སུ་ཡོད་པ་རྟག་པ་ཉིད་སྒྲུབ་པ་དང་དོན་འགལ་བ་ཉིད་ཀྱང་ཡིན་
པས་མ་གྲུབ་པོ། །རང་གི་སྡེ་པ་དེ་དག་ལས་ཁ་ཅིག་གིས་སྨྲས་པ། འདུ་བྱེད་རྒྱུ་དང་རྐྱེན་གཅིག་ནས་གཅིག་ཏུ་རྒྱུན་ཆགས་སུ་འཆུགས་པ་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་སྐྱེས་པ་རྣམས་ཐར་པ་དང་བདེ་འགྲོར་འགྲོ་བ་ལ་གེགས་བྱེད་པའི་འདོད་ཆགས་ལ་སོགས་པས་བཅིངས་པའི་
เล่ม ๑๐๑ · หน้า 8a
ཕྱིར་བཅིངས་པ་ཡང་འགྲུབ་ལ། བཅིངས་པ་རྣམས་དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པ་ལས་བྱུང་བ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཤར་བས་མི་ཤེས་པའི་མུན་པ་བསལ་བ་ནི་འདོད་ཆགས་ལ་སོགས་པའི་བཅིང་བ་ལས་ངེས་པར་འགྲོལ་
བའི་ཕྱིར་ཐར་པ་ཡང་འགྲུབ་པོ། དེ་དག་ཀྱང་འབྲས་བུའི་སྐད་ཅིག་མ་སྐྱེ་བའི་དུས་ན་རྒྱུའི་སྐད་ཅིག་མ་འཇིག་པའི་ཕྱིར་རྟག་པ་ལ་ཡང་མ་ཡིན་ལ། རྒྱུན་རྟག་པའི་ཕྱིར་མི་རྟག་པ་ཡང་མ་ཡིན་པས་ཕྱོགས་གཉིས་ཀར་བསྟན་པའི་སྐྱོན་མེད་དོ་ཞེས་བྱ་བ་ནི་འདིར་ཉན་ཐོས་མདོ་སྡེ་པ་དག་འདུ་བྱེད་སྐྱེ་ཞིང་
འཇིག་པའི་ཆོས་ཅན་རྟག་ཆད་ཀྱི་སྐྱོན་དང་བྲལ་བ་རྣམས་ལ་འདོད་ཆགས་ལ་སོགས་པས་བཅིངས་པའི་འཁོར་བ་དང་། དེ་ལས་ཐར་པའི་མྱ་ངན་ལས་འདས་པ་ཡོད་པར་རྟོག་པའི་གཞུང་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། སྐྱེ་འཇིག་ཆོས་ཅན་
འདུ་བྱེད་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། །སྔ་མ་བཞིན་དུ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་སྔར་འདུ་བྱེད་མི་རྟག་པ་རྣམས་ལ་འཁོར་བ་དང་མྱ་ངན་ལས་འདས་པ་མི་འཐད་པར་བསྟན་པ་དེ་བཞིན་དུ་འདིར་ཉན་ཐོས་མདོ་སྡེ་པ་དག་གི་གཞུང་དགག་པའི་སྐབས་སུ་ཡང་འདུ་བྱེད་སྐྱེ་བ་དང་
འཇིག་པའི་ཆོས་ཅན་མི་རྟག་པ་རྣམས་ལ་འཁོར་བ་དང་མྱ་ངན་ལས་འདས་པ་མི་འཐད་པ་སྟོན་ཏོ། །དེའི་ཕྱིར་སྔ་མ་བཞིན་དུ་ཞེས་བྱ་བ་ནི་སྔ་མ་དང་མཚུངས་ཏེ། འདུ་བྱེད་མི་རྟག་པ་རྣམས་ལ་འཁོར་བ་དང་མྱ་ངན་ལས་འདས་པ་མི་འཐད་པར་སྔར་བསྟན་པ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །
ཞེས་བྱ་བ་སྨྲས་སོ། །དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་དེར་དོན་དམ་པར་ནང་གི་འདུ་བྱེད་རྣམས་འཁོར་བར་མི་འཐད་དེ། མི་རྟག་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དང་། དོན་དམ་པར་མི་རྟག་པ་མྱ་ངན་ལས་འདས་པར་མི་འཐད་དེ། མི་རྟག་པའི་ཕྱིར་
དཔེར་ན་ཕྱི་རོལ་གྱི་ས་ལ་སོགས་པ་བཞིན་ནོ་ཞེས་བསྟན་པ་དེ་བཞིན་དུ། འདིར་ཡང་འདུ་བྱེད་སྐྱེ་བ་དང་འཇིག་པའི་ཆོས་ཅན་རྣམས་ལ་བཅིངས་པ་དང་ཐར་པ་མི་འཐད་དོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་སྔར། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །མི་རྟག་ན་ཡང་འཁོར་མི་འགྱུར། ཞེས་བྱ་བའི་སྐབས་
เล่ม ๑๐๑ · หน้า 8b
སུ་དང་། འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །ཞེས་བྱ་བའི་སྐབས་སུ་འདུ་བྱེད་མི་རྟག་པ་རྣམས་ལ་བཅིངས་པ་དང་ཐར་པ་མི་འཐད་པར་བསྟན་པ་དེ་བཞིན་དུ། འདིར་མདོ་སྡེ་པས་འདུ་བྱེད་སྐྱེ་བ་དང་འཇིག་པའི་ཆོས་ཅན་མི་རྟག་པར་དམ་བཅས་པ་རྣམས་
ལ་ཡང་བཅིངས་པ་དང་ཐར་པ་མི་འཐད་པར་སྔ་མ་བཞིན་དུ་སྦྱར་རོ། །དེའི་ཕྱིར་སྡེ་པ་གཞན་དག་གིས་ཡོངས་སུ་བརྟགས་པའི་འདུ་བྱེད་རྣམས་ལ་ཡང་དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པ་རྣམ་པ་ཐམས་ཅད་དུ་མི་འཐད་དེ། འདུ་བྱེད་སྐད་ཅིག་མ་རེ་རེ་ལ་འཇིག་པ་འམ་དུས་
གཞན་དུ་གནས་པ་འམ་རྟག་པ་དང་། མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་བརྟགས་པ་རྣམས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་སྔ་མའི་མཇུག་བསྡུ་བ་དང་གཏན་ཚིགས་ཀྱི་སྐྱོན་ཡིན་ནོ། །ཡང་ན། སྐྱེ་འཇིག་ཆོས་ཅན་འདུ་བྱེད་རྣམས། །མི་
འཆིང་གྲོལ་བར་མི་འགྱུར་ཏེ། །ཞེས་བྱ་བ་ནི་འདུ་བྱེད་ངེས་པར་མི་གནས་པ་རྣམས་ལ་བཅིངས་པ་དང་ཐར་པའི་མཚན་ཉིད་དུས་ཐ་དད་པར་མྱོང་བར་འགྱུར་བའི་གནས་སྐབས་གཞན་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་ཚིག་ལེའུར་བྱས་པ་དེའི་དོན་ནི་རྣམ་པ་གཅིག་ཏུ་ན་
འདུ་བྱེད་ངེས་པར་མི་གནས་པ་སྐད་ཅིག་མ་གཅིག་ལ་འཇིག་པའི་ངང་ཅན་རྣམས་ལ་བཅིངས་པ་དང་ཐར་པའི་མཚན་ཉིད་སྐད་ཅིག་མ་སྔ་ཕྱི་ལ་དུས་ཐ་དད་པར་མྱོང་བར་འགྱུར་བའི་གནས་སྐབས་གཞན་མི་སྲིད་པའི་ཕྱིར་འདུ་བྱེད་རྣམས་ལ་བཅིངས་པ་དང་ཐར་པ་མི་འཐད་པར་བསྟན་ཏོ། །ཡང་
ན། །སྐྱེ་འཇིག་ཆོས་ཅན་འདུ་བྱེད་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། །ཞེས་བྱ་བ་ནི་འདུ་བྱེད་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་སྐྱེས་པ་རྣམས་ནི་ཞིག་པའི་ཕྱིར་དང་། མ་བཅིངས་པ་རྣམས་ལ་ནི་ཐར་པ་སྐད་ཅིག་མ་ཕྱི་མ་ལ་འབྱུང་བར་འགྱུར་བ་མི་འཐད་པའི་ཕྱིར་རམ་འགལ་
བའི་ཕྱིར་རོ་ཞེས་བྱ་བས་ནི། ཡང་རྣམ་པ་གཅིག་ཏུ་ནི་ཚིག་ལེའུར་བྱས་པ་དེའི་དོན་ནི་འདུ་བྱེད་སྐད་ཅིག་མ་གང་ལ་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་སྐྱེས་པ་རྣམས་ནི་དེ་དག་ཉིད་དང་ལྷན་ཅིག་ཏུ་འགགས་པའི་ཕྱིར་བཅིང་དུ་མེད་པས་བཅིངས་པ་མི་འཐད་ལ། མ་བཅིངས་པ་རྣམས་ལ་
เล่ม ๑๐๑ · หน้า 9a
ནི་ཐར་པའི་མཚན་ཉིད་སྐད་ཅིག་མ་ཕྱི་མ་ལ་འབྱུང་བར་འགྱུར་བ་དེའི་དུས་ན་ཡོད་པར་མི་འཐད་པའི་ཕྱིར། ཐར་པ་མི་འཐད་པའམ། སྐད་ཅིག་མ་གཅིག་ལ་བཅིངས་པ་དང་ཐར་པ་ཡོད་ཅེས་བྱར་ནི་འགལ་བའི་ཕྱིར་མི་རུང་ངོ་ཞེས་བསྟན་ཏོ། །སྨྲས་པ། མཚན་ཉིད་
ལས། མི་སློབ་སེམས་ནི་སྐྱེ་བཞིན་པ། །སྒྲིབ་པ་ལས་ནི་རྣམ་པར་གྲོལ། །ཞེས་འབྱུང་ངོ་ཞེས་བྱ་བ་ནི་ཆོས་མངོན་པ་པ་དག་ན་རེ། དབུ་མ་པས། སྐྱེ་འཇིག་ཆོས་ཅན་འདུ་བྱེད་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། ཞེས་བྱ་བས་འདུ་བྱེད་སྐྱེ་བ་དང་འཇིག་པའི་ཆོས་ཅན་རྣམས་ལ་
བཅིངས་པ་དང་ཐར་པའི་མཚན་ཉིད་མི་འཐད་དོ་ཞེས་བཤད་པ་དེ་མི་རུང་སྟེ། འདི་ལྟར་ཆོས་མངོན་པའི་མཚན་ཉིད་ལས་མི་སློབ་པའི་སེམས་སྐྱེ་བཞིན་པའི་ཚེ་ན་བར་ཆད་མེད་པའི་ལམ་གྱིས་ནི་ཉོན་མོངས་པའི་ཐོབ་པ་སྤོང་ལ། རྣམ་པར་གྲོལ་བའི་ལམ་གྱིས་ནི་མྱ་ངན་ལས་འདས་པའི་འཐོབ་པ་
བསྐྱེད་དེ། དཔེར་ན་རྐུན་པོ་ཕྱིར་ཕྱུང་ནས་སྒོ་གཅོད་པའི་ཚུལ་བཞིན་པས། དེས་ན་སེམས་འགག་པ་དང་མ་སྐྱེས་པ་དག་ལ་བཅིངས་པ་དང་ཐར་པ་མེད་ཀྱང་སྐྱེ་བཞིན་པ་སྒྲུབ་པ་ལས་རྣམ་པར་གྲོལ་བ་ལ་ཐར་པ་འགྲུབ་པོ་ཞེས་ཟེར་བའི་གཞུང་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ།
འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྐྱེ་བཞིན་པ་ཡང་ཉོན་མོངས་པ་ཅན་ནམ་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ལ་སྐྱོན་དེ་ཉིད་དུ་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སེམས་སྐྱེ་བཞིན་པ་དེ་ཉོན་མོངས་པ་ཅན་ཡིན་ན་ནི་ཉོན་མོངས་པ་ཅན་དེ་ལ་དེ་དང་མི་མཐུན་པའི་ཐར་པ་མི་འཐད་ལ། ཉོན་
མོངས་པ་ཅན་མ་ཡིན་ན་ཡང་མ་བཅིངས་པའི་ཕྱིར་དེ་ལ་ཐར་པ་མི་འཐད་དོ། །གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་སེམས་སྐྱེ་བཞིན་པ་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པས་དེའི་ཕྱིར་ཇི་སྐད་སྨོས་པའི་སྐྱོན་མེད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་
ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བརྗོད་པར་བྱ་བ་ཉིད་མ་ཡིན་པ་ལས་ཡང་ཉོན་མོངས་པར་འགྱུར་བཞིན་པ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པ་དེ་བཞིན་དུ་སྐྱེ་བཞིན་པ་ཡང་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་ཐར་པ་མེད་དོ་
เล่ม ๑๐๑ · หน้า 9b
ཞེས་བྱ་བ་སྨྲས་སོ། །གལ་ཏེ་རྒྱུན་ལ་བཅིངས་པ་དང་ཐར་པ་ཡོད་པས་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་རྟག་པ་དང་མི་རྟག་པའི་ཕྱོགས་ལ་སྐྱོན་ཇི་སྐད་བསྟན་པ་དག་ཡོངས་སུ་སྤང་བར་འདོད་པར་སྐད་ཅིག་མའི་རྒྱུད་ཐ་དད་པའི་ཕྱིར་སེམས་ཀྱི་སྐད་ཅིག་མ་སྔ་མ་ལ་བཅིངས་པ་འགྲུབ་ལ།
སྐད་ཅིག་མ་ཕྱི་མ་ལ་ཐར་པ་ཡང་འགྲུབ་པར་སྐྱོན་མེད་དོ་ཞེས་ཟེར་བའི་གཞུང་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ། རྒྱུན་རྫས་སུ་མེད་པའི་ཕྱིར་དང་། རྒྱུན་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་
དང་། བརྗོད་པར་བྱ་བ་ཉིད་མ་ཡིན་པ་དག་ལ་སྔ་མ་བཞིན་དུ་ཐར་པ་མི་འགྲུབ་པའི་ཕྱིར་དང་། བཅིངས་པ་དང་། ཐར་པ་དག་ལ་ཐ་སྙད་པར་འདོད་ན་ནི་དམ་བཅས་པ་ཉམས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རེ་ཞིག་དེ་དག་གིས་ནི་རང་གི་སྡེ་པ་དག་འདུ་བྱེད་སྐྱེ་བ་དང་། འཇིག་
པའི་ཆོས་ཅན་རྣམས་ལ་བཅིངས་པ་དང་ཐར་པ་ཡོད་པར་འདོད་པའི་གཞུང་དགག་པ་བསྟན་ཏོ། །ད་ནི་དེ་དག་སེམས་ཅན་ལ་བཅིངས་པ་དང་ཐར་པ་ཡོད་པར་འདོད་པའི་གཞུང་དགག་པའི་ཕྱིར། སེམས་ཅན་བཅིངས་པ་དང་། ཐར་པ་སྨྲས་པ་ལ་ཡང་བཤད་པར་བྱ་སྟེ། སྔ་མ་
བཞིན་དུ་སེམས་ཅན་ཡང་། །མི་འཆིང་གྲོལ་བར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། སྔ་མ་བཞིན་དུ་ཞེས་བྱ་བའི་སྒྲ་འདི་སྔར་ནི་འདུ་བྱེད་མི་རྟག་པ་རྣམས་ལ་བཅིངས་པ་དང་། ཐར་པ་མི་འཐད་པ་སྔ་མ་བཞིན་དུ་སྦྱར་རོ་ཞེས་བསྟན་ཏོ། །འདིར་ནི་སེམས་ཅན་རྟག་པ་དང་།
མི་རྟག་པ་ལ་བཅིངས་པ་དང་། ཐར་པ་མི་འཐད་པ་སྔ་མ་བཞིན་དུ་སྦྱོར་རོ་ཞེས་བྱ་བར་སྟོན་ཏེ། དེའི་ཕྱིར་སྔ་མ་བཞིན་དུ་སེམས་ཅན་ཡང་མི་འཆིང་སྟེ། རྟག་པ་དང་མི་རྟག་པའི་ཕྱོགས་ལ་སྐྱོན་སྨོས་པའི་ཕྱིར་རོ། །གྲོལ་བར་ཡང་མི་འགྱུར་ཏེ། འདུ་བྱེད་རྟག་པ་དང་མི་རྟག་པ་རྣམས་ལ་
ཐར་པ་མི་འཐད་པར་བསྟན་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་སྔར་ཡང་། སེམས་ཅན་ལ་ཡང་རིམ་འདི་མཚུངས། །ཞེས་བྱ་བས་སེམས་ཅན་རྟག་པ་དང་། མི་རྟག་པ་ལ་བཅིངས་པ་མི་འཐད་པར་བསྟན་ཟིན་ན་ཡང་འདིར་ཡང་
เล่ม ๑๐๑ · หน้า 10a
བསྟན་ཅི་དགོས་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སེམས་ཅན་བཅིངས་པ་དགག་པ་སྔར་བསྟན་པ་དང་ཁྱད་པར་མེད་དུ་ཟིན་ཀྱང་རྒོལ་བ་ཐ་དད་དེ། སྔར་ནི་སེམས་ཅན་བཅིངས་པ་འབའ་ཞིག་ཏུ་དམ་བཅས་
པ་བསལ་བར་འདོད་པའི་ཕྱིར་རོ། །འདིར་ནི་སེམས་ཅན་བཅིངས་པ་དང་ཐར་པ་གཉི་གར་དམ་བཅས་པ་དེ་དག་དགག་པ་འདྲ་བར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །གཞན་དག་གིས་སྨྲས་པ། སེམས་ཅན་གྱི་ཉེ་བར་ལེན་པ་ནི་འཆིང་བ་ཡིན་པའི་ཕྱིར་ཉེ་བར་ལེན་པ་ནི་འཆིང་བ་
ཡིན་ལ། དེ་གཏན་དུ་ཉེ་བར་ཞི་བ་ནི་ཐར་པ་ཡིན་ཞིང་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། འདུ་བྱེད་རྣམས་དང་། སེམས་ཅན་རྟག་པ་དང་། མི་རྟག་པའི་ཕྱོགས་སུ་བསྟན་པའི་སྐྱོན་མི་འཐད་པས་ཇི་སྐད་སྨོས་པའི་སྐྱོན་མེད་དོ་ཞེས་བྱ་བ་ནི་འདིར་གནས་མའི་བུའི་སྡེ་
པ་ལ་སོགས་པ་གང་ཟག་ཏུ་སྨྲ་བ་དག་ན་རེ། འདི་ལ་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཉེ་བར་ལེན་པ་ནི་འཆིང་བ་ཡིན་ལ། དེ་གཏན་དུ་ཉེ་བར་ཞི་བ་ནི་ཐར་པ་ཡིན་པར་གསུངས་པས་གང་ཟག་ལ་བཅིངས་པ་དང་ཐར་པ་ཡང་ཡོད་ལ། དེ་རྟག་པ་དང་། མི་རྟག་པ་ཉིད་དུ་ཡང་བརྗོད་པར་བྱ་བ་མ་
ཡིན་པའི་ཕྱིར་ཇི་སྐད་སྨོས་པའི་སྐྱོན་མེད་དོ་ཞེས་ཟེར་བའི་གཞུང་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གལ་ཏེ་ཉེ་བར་ལེན་འཆིང་ན། །ཉེ་བར་ལེན་བཅས་འཆིང་མི་འགྱུར། །གལ་ཏེ་དོན་དམ་པར་ཉེ་བར་ལེན་པ་འཆིང་བ་ཡིན་ན་ཉེ་
བར་ལེན་པ་དང་བཅས་པའི་ཉེ་བར་ལེན་པ་པོ་ལྷས་བྱིན་ཉེ་བར་ལེན་པ་གང་གིས་ཉེ་བར་ལེན་པ་དང་བཅས་པར་བརྗོད་པ་དེ་ནི་འཆིང་བར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཉེ་བར་ལེན་པ་འཆིང་བ་ཡིན་ན་ཉེ་བར་ལེན་པ་དང་བཅས་པའི་གང་ཟག་དེ་འཆིང་བར་མི་འགྱུར་ཏེ། བཅིངས་ཟིན་
པའི་ཕྱིར་རོ། །ཡང་ན། གལ་ཏེ་ཉེ་བར་ལེན་འཆིང་ན། །ཉེ་བར་ལེན་བཅས་གྲོལ་མི་འགྱུར། །ཞེས་བྱ་བར་ཡང་སྦྱར་ཏེ། དེ་དང་ལྡན་པ་དེ་གྲོལ་བར་མི་འདོད་དེ་དགག་པ་མི་མཐུན་པའི་ཕྱིར་རོ་ཞེས་བྱ་བས་ནི་ཡང་ན་ཚིག་ལེའུར་བྱས་པ་དེས། གལ་ཏེ་ཉེ་བར་ལེན་པ་འཆིང་བ་
เล่ม ๑๐๑ · หน้า 10b
ཡིན་ན་ཉེ་བར་ལེན་པ་དང་བཅས་པའི་གང་ཟག་དེ་འཆིང་བར་མི་འགྱུར་ཏེ། བཅིངས་ཟིན་པའི་ཕྱིར་རོ་ཞེས་བྱ་བར་གཟུང་བའི་ཚིག་གི་སྐབས་ཉིད་ཀྱིས། འདིར་གལ་ཏེ་ཉེ་བར་ལེན་པ་འཆིང་བ་ཡིན་ན་ཉེ་བར་ལེན་པ་དང་བཅས་པའི་གང་ཟག་དེ་གྲོལ་བར་མི་འགྱུར་ཏེ། དགག་པ་མི་མཐུན་
པའི་ཕྱིར་རོ་ཞེས་བྱ་བར་ཡང་སྦྱར་རོ་ཞེས་བསྟན་ཏོ། །ཡང་ན་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་ལེན་པ་དེ་ཉེ་བར་མི་ལེན་ཏེ། ཉེ་བར་ལེན་པ་ཡིན་པའི་ཕྱིར། དཔེར་ན་མཆོད་སྦྱིན་གྱི་ཉེ་བར་ལེན་པ་བཞིན་ནོ་ཞེས་བྱ་བས་ནི་ཉེ་བར་ལེན་པ་བཅིངས་པ་མ་ཡིན་པར་བསྒྲུབ་པའི་རྗེས་
སུ་དཔོག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་ཉེ་བར་ལེན་པ་ནི་ཀུན་རྫོབ་ཏུ་ཉེ་བར་ལེན་པ་ཡིན་པའི་ཕྱིར། དོན་དམ་པར་ལྷས་བྱིན་གྱི་འཆིང་བ་མ་ཡིན་པ་དེ་བཞིན་དུ་ལྷས་
བྱིན་གྱི་ཉེ་བར་ལེན་པ་ཡང་ཀུན་རྫོབ་ཏུ་ཉེ་བར་ལེན་པ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་འཆིང་བ་མ་ཡིན་ནོ། །དེ་ཅི་སྟེ་དམ་བཅས་པ་དེའི་དོན་གང་ཡིན། གལ་ཏེ་ཉེ་བར་ལེན་པར་བྱེད་པའི་ཉེ་བར་ལེན་པ་གང་ཡིན་པ་དེའི་འཆིང་བ་མ་ཡིན་ནོ་ཞེ་ན་ནི་དཔེ་མེད་དོ། །མཆོད་སྦྱིན་གྱི་ཉེ་བར་ལེན་པ་
འཆིང་བ་ཡིན་པའི་ཕྱིར་རོ། །ཇི་སྟེ་འཆིང་བ་གཞན་ཞིག་ཡོད་དོ་ཞེ་ན་ནི་ཕྱོགས་སྔ་མ་ལ་གནོད་དོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་དམ་བཅས་པ་སྔ་མ་དེའི་དོན་ལ་དཔེ་མེད་པ་དང་རང་གིས་ཁས་བླངས་པ་ལ་གནོད་པའི་སྐྱོན་ཡོད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ།
འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་རིགས་པ་མ་ཡིན་ཏེ། མཆོད་སྦྱིན་གྱི་ཉེ་བར་ལེན་པ་ལྷས་བྱིན་གྱི་འཆིང་བ་ཉིད་དུ་མ་གྲུབ་པ་ཉིད་དཔེ་ཉིད་དུ་འདོད་པའི་ཕྱིར་དཔེ་མེད་པ་ཡང་མ་ཡིན་ལ། དེ་ལས་གཞན་པའི་འཆིང་བ་ཁས་མ་བླངས་པའི་ཕྱིར་ཕྱོགས་སྔ་མ་ལ་གནོད་པ་ཡང་མེད་
དོ་ཞེས་བྱ་བ་སྨྲས་ཏེ། དེ་དག་གི་གོ་རིམས་བཞིན་དུ་དཔེ་མེད་པ་མ་ཡིན་པ་དང་ཕྱོགས་སྔ་མ་ལ་གནོད་པ་མེད་པར་ལན་བཏབ་བོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་རང་གི་ཉེ་བར་ལེན་པ་འདི་ནི་ཉེ་བར་ལེན་པ་མ་ཡིན་ཏེ། བརྗོད་པ་ཁྱད་པར་ཅན་
เล่ม ๑๐๑ · หน้า 11a
བསྟན་པ་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་ཉེ་བར་ལེན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་ཉེ་བར་ལེན་
པ་ནི་བརྗོད་པ་ཁྱད་པར་ཅན་རྟེན་པ་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ལྷས་བྱིན་གྱི་ཉེ་བར་ལེན་པ་མ་ཡིན་པ་དེ་བཞིན་དུ་ཞེས་བྱ་བ་སྨྲས་ཏེ། ལྷས་བྱིན་གྱི་རང་གི་ཉེ་བར་ལེན་པ་འདི་ཡང་བརྗོད་པ་ཁྱད་པར་ཅན་རྟེན་པ་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ལྷས་བྱིན་གྱི་ཉེ་བར་ལེན་པ་མ་
ཡིན་པས། དབུ་མ་པའི་དཔེ་མེད་པ་ཡང་ཡིན་ལ། ཕྱོགས་སྔ་མ་ལ་གནོད་པ་ཡང་མེད་དེ། རེ་ཞིག་དེས་ནི་ཉེ་བར་ལེན་པ་དང་བཅས་པ་ལ་བཅིངས་པ་དང་ཐར་པ་མི་འཐད་པར་བསྟན་ཏོ། །ད་ནི་ཉེ་བར་ལེན་པ་མེད་པ་ལ་བཅིངས་པ་དང་ཐར་པ་མི་འཐད་པར་བསྟན་པའི་ཕྱིར། འདི་ལྟར་
ཉེ་བར་ལེན་པ་མེད་པ་ཡང་། །ཡོད་པ་ཉིད་དུ་མ་གྲུབ་པས། །ཉེ་བར་ལེན་མེད་མི་འཆིང་སྟེ། །ཉེ་བར་ལེན་པ་མེད་པ་ཡང་འཆིང་བར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་ལེན་པ་མེད་ན་གཞི་མེད་པའི་གང་ཟག་ཡོད་པར་མི་འགྲུབ་པས་དེ་ལ་བཅིངས་པ་དང་ཐར་པ་ཡང་མི་འཐད་དོ། །
ཉེ་བར་ལེན་པ་དང་བཅས་པ་དང་ཉེ་བར་ལེན་པ་མེད་པའི་མཚན་ཉིད་ཀྱི་གནས་སྐབས་མ་གཏོགས་པར་གནས་སྐབས་གཞན་མེད་པས་དེའི་ཕྱིར། གནས་སྐབས་གང་ཞིག་འཆིང་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། འཆིང་བ་མེད་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་
ནི་མཇུག་བསྡུ་བ་ཡིན་ཏེ། གནས་སྐབས་གསུམ་པ་གཞན་མེད་པས་དེ་ལ་ཡང་བཅིངས་པ་དང་ཐར་པ་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་གིས་སྨྲས་པ། སེམས་ཅན་བཅིངས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་འཆིང་བ་ཡོད་པའི་ཕྱིར། དཔེར་ན་ལྕགས་སྒྲོག་ལ་
སོགས་པ་འཆིང་བ་ཡོད་ན་དེས་བཅིང་བར་བྱ་བ་ཡང་ཡོད་པ་བཞིན་པས། འཆིང་བ་ཉེ་བར་ལེན་པ་འདི་ཡོད་པས། དེའི་ཕྱིར་སེམས་ཅན་བཅིངས་པ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་འདིར་ཕ་རོལ་པོ་དག་འཆིང་བ་ཡོད་པའི་གཏན་ཚིགས་ཀྱིས་བཅིངས་པ་ཡང་ཡོད་པར་བསྒྲུབ་
เล่ม ๑๐๑ · หน้า 11b
པའི་རྗེས་སུ་དཔག་པ་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྕགས་སྒྲོག་ལ་སོགས་པ་འཆིང་བ་ཡོད་ན་དེས་བཅིང་བར་བྱ་བ་རྟ་ལ་
སོགས་པ་ཡང་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཉེ་བར་ལེན་པ་འཆིང་བ་ཡོད་ན་དེས་བཅིང་བར་བྱ་བ་སེམས་ཅན་ཡང་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ཁྱོད་འདོད་པ་ལྟར། གལ་ཏེ་བཅིངས་
པའི་སྔ་རོལ་ན། །འཆིང་བ་ཡོད་ན་འཆིང་ལ་རག །དེ་ཡང་མེད་དེ་བཅིངས་པའི་སྔ་རོལ་ན། །འཆིང་བ་དེ་ཡང་མེད་དེ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཁྱོད་འདོད་པ་ལྟར་སེམས་ཅན་བཅིངས་པའི་སྔ་རོལ་ན་འདོད་ཆགས་ལ་སོགས་པ་འཆིང་བ་ཡོད་ན་ནི་དེས་འཆིང་བར་ཡང་འདོད་ལ་རག་ན།
བཅིངས་པའི་སྔ་རོལ་ན་འཆིང་བ་དེ་ཡང་མེད་དེ་འཆིང་བར་མི་བྱེད་དེ། དེ་ནི་སྔར། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །དེ་ལ་བརྟེན་ནས་ཆགས་པ་ཡོད། །འདོད་ཆགས་ཡོད་ན་ཆགས་ཡོད་འགྱུར། །ཞེས་བསྟན་པའི་ཚུལ་གྱིས་དགག་པར་བྱའོ། །
འདིས་ནི་ཉེ་བར་ལེན་པའི་ཆོས་དུས་ཐ་དད་པ་མ་ཡིན་པ་ཉིད་བསྟན་ཏོ་ཞེས་བྱ་བ་ནི། ཚིག་ལེའུར་བྱས་པའི་སྐབས་འདིས་ནི་འཆིང་བ་ཉེ་བར་ལེན་པ་མེད་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་བཅིངས་པ་དང་འཆིང་བ་གཉིས་དུས་ཐ་དད་པ་མ་ཡིན་པ་ཉིད་ཡིན་པར་བསྟན་ཏོ། །དེའི་ཕྱིར་རྗེས་སུ་
དཔག་པ་ནི་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་ལེན་པ་ནི་ལྷས་བྱིན་གྱི་འཆིང་བ་མ་ཡིན་ཏེ། དུས་མཉམ་པའི་ཕྱིར་དཔེར་ན་ལྷས་བྱིན་གྱི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་བསྒྲུབ་པར་བྱ་བའི་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ་
དཔེར་ན་ལྷས་བྱིན་གྱི་རང་གི་བདག་ཉིད་ནི་རང་གི་བདག་ཉིད་དང་དུས་མཉམ་པའི་ཕྱིར་དེ་དེའི་འཆིང་བ་མ་ཡིན་པ་དེ་བཞིན་དུ། ལྷས་བྱིན་གྱི་ཉེ་བར་ལེན་པ་ཡང་ལྷས་བྱིན་དང་དུས་མཉམ་པའི་ཕྱིར་དེ་དེའི་འཆིང་བ་མ་ཡིན་ནོ། །ཡང་ན། གལ་ཏེ་བཅིངས་པའི་སྔ་རོལ་ན། །འཆིང་བ་ཡོད་ན་
เล่ม ๑๐๑ · หน้า 12a
འཆིང་ལ་རག །དེ་ཡང་མེད་དེ། བཅིངས་པའི་སྔ་རོལ་ན་འཆིང་བ་དེ་ཡང་མེད་དེ། འདིས་ནི་ཉེ་བར་ལེན་པའི་ཆོས་སྔ་ན་མེད་པ་ཉིད་བསྟན་ཏེ་ཞེས་བྱ་བ་ནི་ཡང་རྣམ་པ་གཅིག་ཏུ་ན་ཚིག་ལེའུར་བྱས་པའི་སྐབས་འདིས་ནི་འཆིང་བ་ཉེ་བར་ལེན་པ་མེད་པར་སྒྲུབ་པའི་ཆོས་གཏན་ཚིགས་
ནི་བཅིངས་པའི་སྔ་རོལ་ན་འཆིང་བ་མེད་པ་ཉིད་ཡིན་པར་བསྟན་ཏོ། །དེའི་རྗེས་སུ་དཔག་པ་ནི་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་ལེན་པ་ནི་ལྷས་བྱིན་གྱི་འཆིང་བ་མ་ཡིན་ཏེ། སྔ་ན་མེད་པའི་ཕྱིར། དཔེར་ན་མཆོད་སྦྱིན་གྱི་ཉེ་བར་ལེན་པ་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་
བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་ཉེ་བར་ལེན་པ་ནི་ལྷས་བྱིན་གྱི་སྔ་ན་མེད་པའི་ཕྱིར་དེ་དེའི་འཆིང་བ་མ་ཡིན་པ་དེ་བཞིན་དུ། ལྷས་བྱིན་གྱི་ཉེ་བར་ལེན་པ་ཡང་ལྷས་བྱིན་གྱི་སྔ་ན་མེད་པའི་ཕྱིར་དེ་དེའི་འཆིང་བ་མ་ཡིན་
ནོ། །ད་ནི་བཅིངས་པ་དང་མ་བཅིངས་པ་དང་། འཆིང་བཞིན་པ་དག་ལ་འཆིང་བ་དང་འཆིང་བའི་རྩོམ་པ་མི་འཐད་པ་ལྷག་མ་དག་སོང་བ་དང་། མ་སོང་བ་དང་། བགོམ་པ་དག་ལ་འགྲོ་བ་དང་འགྲོ་བའི་རྩོམ་པ་མི་འཐད་པར་ཇི་སྐད་བསྟན་པ་བཞིན་འདྲ་བར་སྦྱར་བའི་ཕྱིར། ལྷག་
མ་ནི། །སོང་དང་མ་སོང་བགོམ་པས་བསྟན། །ཅི་ཞིག་བསྟན་ཞེ་ན། བཅིངས་པ་མི་འཐད་པར་བསྒྲུབ་པ་ལྷག་མ་དག་སྟེ། ཇི་ལྟར་དེར་སོང་བ་དང་མ་སོང་བ་དང་། བགོམ་པ་དག་ལ་འགྲོ་བ་མི་འཐད་པར་བསྟན་པ་དེ་བཞིན་དུ། འདིར་ཡང་བཅིངས་པ་ཡང་མི་འཆིང་སྟེ་
བཅིངས་ཟིན་པའི་ཕྱིར། དཔེར་ན། བཅིངས་པ་ལ་ཡང་འཆིང་བ་དོན་མེད་པའམ། བཅིངས་ཟིན་པར་ཐེ་ཚོམ་མེད་པ་བཞིན་ནོ། །མ་བཅིངས་པ་ཡང་མི་འཆིང་སྟེ། བཅིངས་པ་བསལ་བའི་ཕྱིར། དཔེར་ན་ཐར་པ་བཞིན་ནོ། །འཆིང་བཞིན་པ་དང་། བརྗོད་པར་བྱ་བ་མ་ཡིན་
པ་ཡང་མི་འཆིང་སྟེ། སྐྱོན་གཉི་གར་འགྱུར་བའི་ཕྱིར་དང་། བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དཔེར་ན་ཐར་བཞིན་པ་ལ་འཆིང་བ་མི་འཐད་པ་བཞིན་ནོ། །ཇི་ལྟར་དེར་སོང་བ་དང་མ་སོང་བ་དང་། བགོམ་པ་དག་ལ་འགྲོ་བའི་རྩོམ་པ་མེད་པར་བསྟན་པ་དེ་བཞིན་དུ་འདིར་ཡང་བཅིངས་
เล่ม ๑๐๑ · หน้า 12b
པ་དང་། མ་བཅིངས་པ་དང་། འཆིང་བཞིན་པ་དག་ལ་འཆིང་བའི་རྩོམ་པ་མེད་དེ། བཅིངས་པ་ལ་ནི་འཆིང་བའི་རྩོམ་པ་མེད་དོ། །བཅིངས་ཟིན་པའི་ཕྱིར། དཔེར་ན་བཅིངས་ནས་ཡུན་རིང་དུ་ལོན་པ་བཞིན་ནོ། །མ་བཅིངས་པ་ལ་ཡང་འཆིང་བའི་རྩོམ་པ་མེད་དེ་མ་བཅིངས་པའི་ཕྱིར། དཔེར་ན་
ཐར་པ་བཞིན་ནོ། །འཆིང་བཞིན་པ་དང་བརྗོད་པར་བྱ་བ་མ་ཡིན་པ་ལ་ཡང་འཆིང་བའི་རྩོམ་པ་མེད་དེ། སྐྱོན་གཉི་གར་འགྱུར་བའི་ཕྱིར་དང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དཔེར་ན་ཐར་བཞིན་པ་ལ་ཡང་འཆིང་བའི་རྩོམ་པ་མེད་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་
པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་དཔེ་ཡིན་པར་ཅི་རིགས་པར་གོ་རིམས་བཞིན་དུ་སྦྱར་ཏེ། དེ་དག་ལ་འཆིང་བ་དང་འཆིང་བའི་རྩོམ་པ་དང་ཐར་པ་དང་ཐར་པའི་རྩོམ་པ་མེད་པར་བརྗོད་པར་བྱའོ། །འདིར་སྨྲས་པ། བཅིངས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་གཉེན་པོ་ཡོད་པའི་ཕྱིར་རོ། །
ཤེས་པའི་གཉེན་པོ་མི་ཤེས་པ་བཞིན་དུ། བཅིངས་པའི་གཉེན་པོར་ཐར་པ་ཡོད་པས་དེའི་ཕྱིར་བཅིངས་པ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་བཅིངས་པའི་གཉེན་པོ་ཐར་པ་ཡོད་པའི་གཏན་ཚིགས་ཀྱི་བཅིངས་པ་ཡོད་པར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་
དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཤེས་པའི་གཉེན་པོ་མི་ཤེས་པ་ཡོད་པའི་ཕྱིར་ཤེས་པ་ཡང་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ། བཅིངས་པའི་གཉེན་པོ་ཐར་པ་ཡོད་པའི་ཕྱིར། བཅིངས་
པ་ཡང་ཡོད་པ་ཁོ་ན་ཡིན་ནོ། །ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དོན་དམ་པར་ཐར་པ་ཡང་ཡོད་པར་གྱུར་ན་བཅིངས་པའམ། མ་བཅིངས་པའམ་གྲོལ་བཞིན་པ་ཞིག་ཐར་བར་འགྱུར་གྲང་ན་ཞེས་བྱ་བ་སྨྲས་ཏེ། བརྟག་པ་རྣམ་པ་
གསུམ་གྱིས་ཐར་པ་མི་འཐད་པས་བཅིངས་པ་ཡང་མེད་པར་སྟོན་ཏོ། །དེ་ལ་བརྟག་པ་དང་པོ་བསྟན་པའི་ཕྱིར་དེ་ལ་རེ་ཞིག་བཅིངས་པ་མི་འགྲོལ་ཏེ། འདི་ལྟར་བཅིངས་པ་ཞེས་བྱ་བ་ནི་འཆིང་བའི་གཉེན་པོ་མ་སྐྱེས་པ་སྟེ། དེ་ཡང་འཆིང་བའི་གཉེན་པོ་མ་སྐྱེས་པའི་ཕྱིར་མི་འགྲོལ་ཏེ།
เล่ม ๑๐๑ · หน้า 13a
དཔེར་ན་ཉོན་མོངས་པའི་འཆིང་བ་མཐའ་དག་དང་ལྡན་པ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །བརྟག་པ་གཉིས་པ་བསྟན་པའི་ཕྱིར། །མ་བཅིངས་པ་ཡང་གྲོལ་མི་འགྱུར། བཅིངས་པ་དང་བྲལ་བའི་གྲོལ་བ་ཉིད་ལ་ནི་ཐ་སྙད་དུ་ཡང་དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །བརྟག་
པ་གསུམ་པ་བསྟན་པའི་ཕྱིར་ཇི་སྟེ། མཚན་ཉིད་ལས། མི་སློབ་སེམས་ནི་སྐྱེ་བཞིན་པ། །སྒྲིབ་པ་ལས་ནི་རྣམ་པར་གྲོལ། །ཞེས་འབྱུང་བས་གྲོལ་བཞིན་པ་ཐར་པར་འགྱུར་རོ་སྙམ་ན་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཕ་རོལ་པོ་དག་ན་རེ་མི་སློབ་པའི་སེམས་སྐྱེ་བཞིན་པ་ན་བར་ཆད་མེད་པའི་ལམ་
དང་རྣམ་པར་གྲོལ་བའི་ལམ་དུས་གཅིག་ཏུ་སྐྱེའོ་ཞེས་མངོན་པའི་མཚན་ཉིད་ལས་འབྱུང་བས་གྲོལ་བཞིན་པ་ཐར་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཡིན་ནོ། །དེ་མི་འཐད་པར་བསྟན་པའི་ཕྱིར། གྲོལ་བཞིན་པ་ཞེས་བྱ་བ་དེ་གང་ཡིན་ཞེས་བརྗོད་པར་བྱའོ། །གལ་ཏེ་བཅིངས་པ་ཡིན་ནོ་
ཞེ་ན། བཅིངས་པ་གྲོལ་བཞིན་ཡིན་གྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། །འཆིང་བ་དག་གིས་བཅིངས་པ་ཞེས་བྱ་བ་དང་། ཐར་པ་གང་གིས་གྲོལ་བ་ཞེས་བྱ་བ་དེ་གཉིས་དུས་གཅིག་ཏུ་འགྱུར་བས་དེ་ནི་མི་འདོད་དོ། །དེའི་ཕྱིར་དེ་ནི་བཅིངས་པ་ཉིད་དམ་ཐར་པ་ཉིད་གཅིག་ཡིན་པར་
གདོན་མི་ཟ་བར་བསྒྲུབ་པར་བྱ་དགོས་སོ། །དེ་ལྟ་ཡིན་ན་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་དག་གིས་གནོད་པར་འགྱུར་བའི་ཕྱིར་ལན་ཅུང་ཟད་ཀྱང་མ་ཐེབས་སོ་ཞེས་བྱ་བ་སྨྲས་ཏེ། བཅིངས་པ་དང་མ་བཅིངས་པའི་ཕྱོགས་སུ་སྔར་བསྟན་པའི་རྗེས་སུ་དཔག་པ་དག་གིས་གནོད་པར་འགྱུར་བའི་ཕྱིར་རོ། །
སྐྱེ་བཞིན་པ་ཡང་སྐྱེས་པ་དང་མ་སྐྱེས་པའམ། བཅིངས་པ་དང་མ་བཅིངས་པ་ཉིད་ཡིན་པས་ཇི་སྐད་སྨོས་པའི་སྐྱོན་མེད་པ་མ་ཡིན་ནོ་ཞེས་བྱ་བས་ནི་སྔར་ཕ་རོལ་པོ་དག་ན་རེ། མི་སློབ་སེམས་ནི་སྐྱེ་བཞིན་པ། །སྒྲིབ་པ་ལས་ནི་རྣམ་པར་གྲོལ། །ཞེས་ཟེར་བའི་གཞུང་མི་འཐད་པར་སྟོན་ཏོ། །གལ་ཏེ་
སྐྱེ་བཞིན་པ་ནི་སྐྱེ་བ་ལ་མངོན་པར་ཕྱོགས་པ་ཡིན་ནོ་ཞེ་ན་ཡང་། རྟ་བཅིང་བ་ལྟ་བུ་ཡིན་པའི་ཕྱིར་དང་བརྒལ་ཞིང་བརྟགས་པ་མཚུངས་པའི་ཕྱིར་ཇི་སྐད་སྨོས་པའི་སྐྱོན་ལྡོག་པ་མེད་དོ་ཞེས་བྱ་བ་ནི་དཔེར་ན་རྟ་བཅིངས་པ་འདི་སུའི་ཡིན་ཞེས་དྲིས་པ་ན། རྟ་འདི་སུའི་ཡིན་པའི་འོ་ཞེས་ཟེར་བ་དང་། རྟ་འདི་སུའི་
เล่ม ๑๐๑ · หน้า 13b
ཡིན་ཞེས་དྲིས་པ་ན་རྟ་བཅིངས་པ་འདི་སུའི་ཡིན་པའི་འོ་ཞེས་ཟེར་བ་དེས་གང་ཡང་རུང་བ་དམིགས་ཀྱིས་མ་བསལ་བས་དོན་བརྡ་མི་ཕྲད་པ་དེ་བཞིན་དུ། འདིར་ཡང་སྐྱེ་བཞིན་པ་གང་ཡིན་ཞེས་དྲིས་པ་ན་སྐྱེ་བ་ལ་མངོན་པར་ཕྱོགས་པའོ་ཞེས་ཟེར་བ་དང་སྐྱེ་བ་ལ་མངོན་པར་ཕྱོགས་པ་
གང་ཡིན་ཞེས་དྲིས་པ་ན་སྐྱེ་བཞིན་པའོ་ཞེས་ཟེར་བས་ཀྱང་གང་ཡང་རུང་བ་དམིགས་ཀྱིས་མ་བསལ་བས་དོན་བརྡ་མི་ཕྲད་པའི་ཕྱིར་དང་། གཞན་ཡང་སྐྱེ་བ་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་དེ་ཡང་སྐྱེས་པའམ་མ་སྐྱེས་པའམ་བཅིངས་པའམ་མ་བཅིངས་པ་ཞིག་ཡིན་གྲང་ཞེས་བརྒལ་ཞིང་བརྟག་པ་
སྔ་མ་དང་མཚུངས་པའི་ཕྱིར་ཕ་རོལ་པོའི་གཏན་ཚིགས་མ་གྲུབ་པའི་སྐྱོན་སྔ་མ་ཉིད་ལྡོག་པ་མེད་དོ། །གལ་ཏེ་སེམས་ཀྱི་སྐད་ཅིག་མ་སྔ་མ་ལ་ལྟོས་ནས་མི་སློབ་པའི་སེམས་རྣམ་པར་གྲོལ་བར་རྟོགས་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་ན་རེ་རྒྱུད་ཐ་མི་དད་པའི་ཕྱིར་སེམས་ཀྱི་སྐད་ཅིག་མ་སྔ་
མ་ཉོན་མོངས་པ་ཅན་དུ་འགྱུར་བ་ལ་ལྟོས་ནས་མི་སློབ་པའི་སེམས་ཀྱི་སྐད་ཅིག་མ་ཕྱི་མ་རྣམ་པར་གྲོལ་བས་ཐར་པ་འཐད་དོ་ཞེས་ཟེར་བའི་གཞུང་ཡིན་ནོ། །དེའི་ལན་དུ། དེ་ཡང་རིགས་པ་མ་ཡིན་ཏེ། བཅིངས་པ་དང་ཐར་པ་དག་ཐ་སྙད་པ་ཉིད་དུ་གྲུབ་པས་འདོད་པའི་དོན་ཉམས་པའི་ཕྱིར་རོ་ཞེས་
བྱ་བ་སྨྲས་ཏེ། ཀུན་རྫོབ་ཏུ་ལྟོས་ཏེ་གདགས་པ་ནི་ཐ་སྙད་པ་ཉིད་དུ་གྲུབ་པས་ཁྱོད་དོན་དམ་པར་ཐར་པ་ཡོད་པར་འདོད་པའི་དོན་ཉམས་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དོན་དམ་པར་ཐར་པ་མི་འཐད་པའི་ཕྱིར་གཉེན་པོ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་
ཉིད་དང་ཐར་པ་བཞིན་དུ་ཤེས་པའི་གཉེན་པོ་མི་ཤེས་པ་མ་གྲུབ་པས་དཔེ་མེད་པའི་ཕྱིར་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་ཡང་ཡོད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །འདིར་སྨྲས་པ། དོན་དམ་པར་ཐར་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་འདོད་པ་རྣམས་ལ་སྨོན་པ་ཡོད་པའི་ཕྱིར་རོ། །འདི་ན་གང་
དོན་དམ་པར་མེད་པ་དེ་ལ་ནི་དེ་འདོད་པ་རྣམས་ལ་སྨོན་པ་མེད་དེ། དཔེར་ན་ཆུ་སྦྲུལ་གྱི་མགོའི་ནོར་བུ་བཞིན་ནོ། །ཐར་པ་འདོད་པ་རྣམས་ལ་ནི་བདག་བུད་ཤིང་ཟད་པའི་མེ་བཞིན་དུ་ཉེ་བར་ལེན་པ་མེད་པར་མྱ་ངན་ལས་འདས་པར་གྱུར་ན་ཅི་མ་རུང་། མྱ་ངན་ལས་འདས་པ་བདག་གིར་གྱུར་ན་ཇི་མ་རུང་
เล่ม ๑๐๑ · หน้า 14a
སྙམ་དུ་སྨོན་པ་ཡོད་པ་དེའི་ཕྱིར་དོན་དམ་པར་ཐར་པ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། ཕ་རོལ་པོ་དག་བདག་དང་བདག་གིར་འཛིན་པའི་སྨོན་པ་ཡོད་པའི་གཏན་ཚིགས་ཀྱིས་ཐར་པ་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་
པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་ཆུ་སྦྲུལ་གྱི་མགོའི་ནོར་བུ་ལྟ་བུ་མེད་པ་གང་ཡིན་པ་དེ་ལ་ནི་དེ་འདོད་པ་རྣམས་ལ་བདག་དང་བདག་གིར་འཛིན་པའི་སྨོན་པ་མེད་པས་དེ་ཡོད་པ་མ་ཡིན་གྱི།
ཐར་པ་ཡོད་པ་ལ་ནི་འདོད་པ་རྣམས་ལ་བདག་མྱ་ངན་ལས་འདས་པར་གྱུར་ཅིག །མྱ་ངན་ལས་འདས་པ་བདག་གིར་གྱུར་ཅིག་སྙམ་དུ་བདག་དང་བདག་གིར་འཛིན་པའི་སྨོན་པ་ཡོད་པ་དེའི་ཕྱིར་དོན་དམ་པར་ཐར་པ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་
བཤད་པ། །བདག་ནི་ལེན་མེད་མྱ་ངན་འདའ། །མྱང་འདས་བདག་གིར་གྱུར་ཅིག་ཅེས། །གང་དག་འཛིན་པ་དེ་དག་གི །ཉེར་ལེན་ལེགས་པར་ཟིན་མ་ཡིན། །ཐར་པ་འདོད་པ་གང་དག་བདག་དང་བདག་གིར་དམིགས་པ་ལེགས་པར་ཟིན་པ་མ་ཡིན་པ་ལ་འཇུག་པ་དེ་དག་གི་ཉེ་བར་ལེན་པ་
ནི་ལེགས་པར་ཟིན་པ་མ་ཡིན་ཏེ། བདག་དང་བདག་གིར་འཛིན་པའི་ཚུལ་གྱིས་མཆོག་ཏུ་བཟུང་ཞིང་གནས་པ་འདི་ཐར་པའི་གེགས་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་དེ་དག་གི་བདག་དང་བདག་གིར་འཛིན་པའི་ཚུལ་གྱིས་སྨོན་པ་དེ་ནི་ཉེ་བར་ལེན་པ་ཡིན་པས་
ལེགས་པར་ཟིན་པ་མ་ཡིན་པའི་ཕྱིར་དེ་དག་ལ་ཐར་པ་མེད་དོ་ཞེས་བྱ་བར་དགོངས་སོ། །ཡང་ན་ཉེ་བར་ལེན་པ་མེད་པའི་ངོ་བོ་ཉིད་ལ་ཉེ་བར་ལེན་པ་སྙམ་དུ་འཛིན་པ་ནི་ཡུལ་དེ་ལ་ལོག་པའི་ཤེས་པ་སྐྱེ་བའི་ཕྱིར་ཉེ་བར་ལེན་པ་ནི་ལེགས་པར་ཟིན་པ་མ་ཡིན་ནོ་ཞེས་བྱ་བས་ནི། མྱ་ངན་ལས་འདས་
པ་ནི་ཉེ་བར་ལེན་པ་མེད་པའི་ངོ་བོ་ཉིད་ཡིན་པ་ལ། དེ་འདོད་པའི་གང་ཟག་ཉེ་བར་ལེན་པ་པོ་དག་བདག་དང་བདག་གིར་འཛིན་པ་ནི་མྱ་ངན་ལས་འདས་པའི་ཡུལ་དེ་ལ་ལོག་པའི་ཤེས་པ་སྐྱེ་བའི་ཕྱིར་དེ་དག་གི་ཉེ་བར་ལེན་པ་དེ་ནི་ལེགས་པར་ཟིན་པ་མ་ཡིན་ནོ་ཞེས་བསྟན་ཏོ། །ཡང་ན་ཉེ་བར་ལེན་པ་
เล่ม ๑๐๑ · หน้า 14b
ཉེ་བར་ཞི་བ་ཉིད་ཐར་པ་ཡིན་པས་དེ་གང་གི་ཡང་མ་ཡིན་པ་ལ་གང་ཉེ་བར་ལེན་པ་མེད་པར་གྱུར་ན་ཅི་མ་རུང་སྙམ་པ་དེའི་ཉེ་བར་ལེན་པ་འདི་ནི་ལེགས་པར་ཟིན་པ་མ་ཡིན་པས་དེའི་ཕྱིར་དེ་འདོད་པ་རྣམས་ལ་སྨོན་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་ཉིད་
ཡིན་ནོ་ཞེས་བྱ་བས་ནི་བདག་དང་བདག་གིར་འཛིན་པའི་ཉེ་བར་ལེན་པ་ཉེ་བར་ཞི་བ་ཉིད་ཐར་པ་ཡིན་པས་དེ་ནི་བདག་གང་གི་ཡང་བདག་གིར་བཟུང་བ་མ་ཡིན་པ་ལ་གང་བདག་དང་བདག་གིར་འཛིན་པ་དེའི་ཉེ་བར་ལེན་པ་དེ་ནི་ལེགས་པར་ཟིན་པ་མ་ཡིན་ཏེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་
མདོ་ལས། །འཇིག་རྟེན་དག་ན་བདག་ནི་འཚང་རྒྱ་ཞེས། །གང་དག་དེ་ལྟ་བུ་ཡི་བློར་གྱུར་པ། །དེ་ནི་སྲིད་པའི་སྲེད་ལས་ནམ་དུ་ཡང་། །བྱང་ཆུབ་ཐོབ་པར་མི་འགྱུར་མཁས་རྟོགས་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་ཕ་རོལ་པོ་དག་གི་གཏན་ཚིགས་དེ་འདོད་པ་རྣམས་ལ་སྨོན་
པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་དམ་པར་ནི་མ་གྲུབ་པ་ཡིན་ལ་ཀུན་རྫོབ་ཏུ་ནི་འགལ་བ་ཉིད་དོ་ཞེས་བསྟན་ཏོ། །ད་ནི་མཇུག་བསྡུ་བ་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར་བརྟགས་ན་དོན་དམ་པར་འདུ་བྱེད་རྣམས་དང་སེམས་ཅན་དང་གང་ཟག་ལ་བཅིངས་པ་དང་ཐར་པ་མི་འཐད་པར་སྒྲུབ་པ་
བསྟན་པའི་དབང་གིས་མཇུག་བསྡུ་བར་བྱ་སྟེ། །གང་ལ་མྱ་ངན་འདས་སྐྱེད་མེད། །འཁོར་བ་བསལ་བ་འང་ཡོད་མིན་པ། །དེ་ལས་འཁོར་བ་ཅི་ཞིག་ཡིན། །མྱ་ངན་འདས་པ་འང་ཅི་ཞིག་བརྟག །འདི་ལ་དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཉིད་ནམ་མཁའ་བཞིན་དུ་མཚན་
ཉིད་གཅིག་པ་ཉིད་ཀྱིས་ཁྱད་པར་མེད་པ་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་དང་། སྐྱེད་པ་མེད་པ་དང་། དབྲི་བ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཕན་འདོགས་པར་བྱེད་པ་ཉིད་ཡིན་ཡང་རྫས་ཉིད་དང་རྟག་པ་ཉིད་ལ་སོགས་པའི་རྣམ་པས་མྱ་ངན་
ལས་འདས་པ་སྒྲོ་གདགས་སུ་ཡང་མེད་ལ་འཁོར་བ་གནོད་པ་བྱེད་པ་ཡིན་ཡང་གསལ་བར་བྱར་མེད་པས་དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ནི་ཤེས་པ་རྣམ་པར་རྟོག་པའི་དབང་གིས་
เล่ม ๑๐๑ · หน้า 15a
དམིགས་པར་བྱ་བའི་ཡུལ་གྱི་དངོས་པོ་ཡིན་པའི་ཕྱིར་དང་། །དམིགས་པར་བྱ་བའི་ཡུལ་གྱི་དངོས་པོ་ནི་སྐྱེད་པ་དང་དབྲི་བའི་ཆོས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཉིད་ནམ་མཁའ་བཞིན་དུ་
རོ་གཅིག་པས་དབྱེར་མེད་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བཏགས་སུ་མེད་དེ། ཇི་སྐད་དུ། འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཆུང་ཟད་མེད། །ཡང་དག་ཉིད་དུ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟ་བུའོ་ཞེས་བསྟན་ཏོ། །
ཡང་ན་ཀུན་རྫོབ་ཀྱི་ཕྱོགས་ལ་གདུལ་བའི་སྐྱེ་བོ་རྣམས་མྱ་ངན་ལས་འདས་པ་ལ་ཉེ་བར་འདུན་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པ་ཉོན་མོངས་པ་ཉེ་བར་ཞི་བའི་མཚན་ཉིད་ཞི་བ་ཡོད་དོ་ཞེས་མ་འོངས་པའི་འདུ་བྱེད་སྐྱེ་བ་མེད་པ་ཙམ་ལ་རྟོགས་པས་སྒྲོ་འདོགས་པར་བྱེད་ཅིང་། འཁོར་བ་ལ་སྐྱོ་བ་
སྐྱེད་པའི་ཕྱིར་འཁོར་བ་སྡུག་བསྔལ་མང་པོ་དང་ལྡན་པ་རྨི་ལམ་དང་མིག་འཕྲུལ་དང་ཆུ་ཟླ་དང་། སྨིག་རྒྱུ་ལྟ་བུའི་ངོ་བོ་ཉིད་ཐོག་མ་མེད་པ་ནས་རྐྱེན་བརྒྱུད་པས་བསྐྱེད་པའི་བདག་ཉིད་ཀྱི་དངོས་པོ་འདུ་བྱེད་ཀྱི་སྒྲར་བརྗོད་པ་རྣམས་སྤང་བར་བྱའོ་ཞེས་གསལ་བར་བསྟན་པར་ཟད་ཀྱི། དོན་
དམ་པར་ནི་འདུ་བྱེད་མ་གྲུབ་པའི་ཕྱིར་གང་གི་སྐྱེ་བ་མེད་པ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་དེ་ཉིད་མེད་པས་མྱ་ངན་ལས་འདས་པ་བསྐྱེད་དུ་ཡང་མེད་ལ། འདུ་བྱེད་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་རྣམས་མྱ་ངན་ལས་འདས་པ་བཞིན་དུ་ཞི་བ་ཉིད་ཡིན་པ་ལ་བསལ་བ་མི་འཐད་པས་འཁོར་བ་
བསལ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པའི་མཚན་ཉིད་གཉིས་སུ་མེད་པ་རབ་ཏུ་དབེན་པ་རོ་གཅིག་པ། གང་ལ་མྱ་ངན་འདས་སྐྱེད་མེད། །འཁོར་བ་བསལ་བ་འང་ཡོད་མིན་པ། །དེ་ལ་འཁོར་བ་ཅི་ཞིག་ཡིན། །མྱ་ངན་འདས་པ་འང་
ཅི་ཞིག་བརྟག །དེ་རྟོགས་པར་བྱ་བ་ལ་ཐ་དད་པ་མེད་པས་བློ་ལ་ཐ་དད་པ་མེད་པའི་ཕྱིར་ཡུལ་དེ་ལ་ཐ་དད་པར་རྟོག་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཉེས་དམིགས་དང་ཕན་ཡོན་སྒྱུ་མ་ཙམ་དུ་བསྟན་པར་ཟད་
เล่ม ๑๐๑ · หน้า 15b
ཀྱི། དོན་དམ་པར་ངོ་བོ་ཉིད་མེད་པ་ཐ་དད་པ་མེད་པའི་ཕྱིར་སྐྱེད་པ་དང་དབྲི་བར་བརྟག་པ་མི་འཐད་དོ་ཞེས་བསྟན་ཏོ། །དེའི་ཕྱིར་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ་ཞེས་གང་
སྨྲས་པ་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་ཕ་རོལ་པོའི་སྒྲུབ་པ་སུན་དབྱུང་བའི་མཇུག་བསྡུ་བ་ཡིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་སྒྲུབ་པ་སྨྲ་བའི་སྐྱོན་བརྗོད་པས་འཁོར་བ་དང་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །
ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། བཅིངས་པ་དང་ཐར་པ་བརྟག་པའི་རབ་ཏུ་བྱེད་པ་བཅུ་དྲུག་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་ལྟ་བ་ནི་ཕ་རོལ་པོས་སྔར་རབ་ཏུ་བྱེད་པ་འདིའི་དང་པོར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་སྒྲུབ་པའི་ཕྱོགས་
སྔ་མ་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པ་སྨྲས་པའི་སྐྱོན་བརྗོད་པས་འཁོར་བ་དང་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འཁོར་བ་དང་མྱ་
ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ་སྟེ། །དེའི་ཕྱིར་ཐེག་པ་ཆེན་པོའི་
མདོ་སྡེ་མཐའ་དག་ལས། རིགས་ཀྱི་བུ་དེ་ལྟ་བས་ན་བཅོམ་ལྡན་འདས་ནི་འཁོར་བ་སྤོང་བར་ཡང་མི་མཛད་ལ། མྱ་ངན་ལས་འདས་པ་ཐོབ་པར་ཡང་མི་མཛད་མོད་ཀྱི། འོན་ཀྱང་འཁོར་བ་ལས་ཡང་དག་པར་འདའ་བ་གསུངས་ཏེ། འདི་ལ་འགའ་ཡང་འཁོར་བ་ལས་ཡང་དག་པར་
འདའ་བ་ཡང་མེད་ལ། མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མཉམ་པ་ཉིད་ལ་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་
เล่ม ๑๐๑ · หน้า 16a
གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་འཁོར་བ་འམ་འཁོར་བའི་ཆོས་ཅན་མེད་དོ། །དེ་བཞིན་དུ་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འཁོར་བ་འམ་འཁོར་བའི་ཆོས་ཅན་མེད་དོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འཁོར་བའམ་འཁོར་བའི་ཆོས་ཅན་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་འཕགས་པ་ཚངས་པས་ཞུས་པའི་མདོ་ལས། ཚངས་པ་ངས་འཁོར་བ་ཡང་མ་དམིགས་སོ། །མྱ་ངན་ལས་འདས་པ་ཡང་མ་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་འཁོར་བར་འདོགས་པར་མཛད་
ཀྱང་དེར་འགའ་ཡང་འཁོར་བར་མི་འགྱུར་ལ། དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པར་འདོགས་པར་མཛད་ཀྱང་དེར་འགའ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་དེ་དག་འགྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་
པའི་ལུང་དེ་དག་གྲུབ་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་ཤེས་རྒྱ་
ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།
བམ་པོ་ལྔ་བཅུ་དྲུག་པ། །དེ་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་བདུན་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གི་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་
เล่ม ๑๐๑ · หน้า 16b
པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་
མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་རྩོམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་དེ། འདིར་ཡང་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། དེ་སྐད་སྨྲས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་རབ་ཏུ་བྱེད་
པ་སྔ་མའི་སྐབས་སུ་བསྟན་པའི་ལུགས་བཞིན་དུའོ། །སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ། དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དངོས་པོ་རྣམས་
ངོ་བོ་ཉིད་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་བཞག་པ་འོག་ནས་རབ་ཏུ་བྱེད་པ་འདས་མ་ཐག་པར་འདུ་བྱེད་རྣམས་དང་སེམས་ཅན་དང་གང་ཟག་འཁོར་བར་མི་འཐད་དོ་ཞེས་བསྟན་པའི་ཕྱིར། འདིར་ཕ་རོལ་པོ་དག་གིས་བསྟན་བཅོས་མཛད་པར་དམ་བཅས་པའི་དོན་སྒྲོ་བཏགས་
ནས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་ལྔ་འགྲེལ་པ་དང་བཅས་པས་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ། ལས་དང་འབྲས་བུར་འབྲེལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་བསྟན་པ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་
བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཅུ་བདུན་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་བདུན་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ།
ལས་དང་འབྲས་བུ་བརྟག་པའི་རབ་ཏུ་བྱེད་པ་བཅུ་བདུན་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ན་འབྲས་བུ་དེ་འཐོབ་ཅེ་ན།
เล่ม ๑๐๑ · หน้า 17a
ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས། རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་
ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། རབ་ཏུ་བྱེད་པ་འདས་མ་ཐག་པར་འདུ་བྱེད་རྣམས་དང་སེམས་ཅན་དང་གང་ཟག་འཁོར་བར་མི་འཐད་དོ་ཞེས་བསྟན་པའི་ཕྱིར་འདིར་ཕ་རོལ་པོ་
དག་གིས་བསྟན་བཅོས་མཛད་པས་དམ་བཅས་པའི་དོན་སྒྲོ་བཏགས་ནས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཅིངས་པ་དང་ཐར་པ་བརྟག་པའི་རབ་ཏུ་བྱེད་པ་འདས་མ་ཐག་པའི་སྐབས་སུ། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་
མི་འགྱུར། སེམས་ཅན་ལ་ཡང་རིམ་འདི་མཚུངས། །གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན་གང་ཞིག་འཁོར་བར་འགྱུར། །ཞེས་བྱ་བས་འདུ་བྱེད་རྣམས་དང་སེམས་ཅན་དང་གང་ཟག་འཁོར་བར་མི་འཐད་
དོ་ཞེས་བསྟན་པའི་ཕྱིར། འདིར་ཕ་རོལ་པོ་དག་གིས་སྔར་བསྟན་བཅོས་མཛད་པས་འདུ་བྱེད་རྣམས་དང་། སེམས་ཅན་དང་། གང་ཟག་འཁོར་བར་ཡང་མི་འཐད་ལ། མྱ་ངན་ལས་འདས་པར་ཡང་མི་འཐད་དོ་ཞེས་དམ་བཅས་པའི་དོན་དེ་ལ་རང་གི་རྟོག་པས་འདུ་བྱེད་ལ་སོགས་
པ་མྱ་ངན་ལས་འདའ་བར་མི་འཐད་པ་ནི་བདེན་གྱི། འཁོར་བར་མི་འཐད་པ་ནི་མི་རུང་ངོ་ཞེས་རང་བཟོར་སྒྲོ་བཏགས་ནས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་ཁྱེད་ཀྱིས་འདུ་བྱེད་རྟག་པ་དང་། མི་རྟག་པ་རྣམས་ལ་འཁོར་བ་མི་འཐད་དེ་རྟག་པ་དང་ཆད་
པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་སྨྲས་པ་ནི། འདུ་བྱེད་མྱ་ངན་འདའ་བ་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །ཞེས་བསྟན་པ་ཡིན་པས་དེའི་ཕྱིར། འདིར་ཇི་ལྟར་རྟག་པ་དང་ཆད་པའི་སྐྱོན་དུ་ཡང་མི་འགྱུར་ལ། འདུ་བྱེད་རྣམས་ལ་འཁོར་བ་ཡང་ཡོད་པ་དེ་ལྟར་བསྒྲུབ་པར་བྱ་སྟེ་
เล่ม ๑๐๑ · หน้า 17b
ཞེས་བྱ་བ་སྨྲས་ཏེ་ཁྱེད་དབུ་མ་པས། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །ཞེས་བྱ་བས་འདུ་བྱེད་རྟག་པ་དང་མི་རྟག་པ་རྣམས་ལ་འཁོར་བ་མི་འཐད་དེ། རྟག་པ་དང་ཆད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་སྨྲས་པས་ནི་
དམ་བཅས་པ་དེ་ཉིད་ཀྱི་དོན་མ་གྲུབ་ཀྱི་འདི་ལྟར། །འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །ཞེས་སྨྲས་པ་ནི། དམ་བཅས་པ་དེ་ཉིད་ཀྱི་དོན་གྲུབ་པར་བསྟན་པ་ཡིན་པས་དེའི་ཕྱིར། རབ་ཏུ་བྱེད་པ་འདིའི་སྐབས་སུ་ཁོ་བོས་ཇི་ལྟར་རྟག་པ་དང་ཆད་པའི་སྐྱོན་དུ་ཡང་མི་འགྱུར་ལ། འདུ་
བྱེད་རྣམས་ལ་འཁོར་བ་ཡང་ཡོད་པར་དེ་ལྟར་བསྒྲུབ་པར་བྱ་སྟེ། འདི་ལྟར་རིགས་པའི་བསྟན་བཅོས་ལས་ཀྱང་བསྒྲུབ་པ་གང་ཡང་རུང་བ་ལ་མ་གྲུབ་པ་འམ་ཐེ་ཚོམ་ཟ་བ་ནི་ཡང་བསྒྲུབ་པ་གཞན་ལ་ལྟོས་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་
པའི་ཕྱིར་རོ། །དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ། ལས་དང་འབྲས་བུར་འབྲེལ་བའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་ལས་དང་འབྲས་བུར་འབྲེལ་པ་མ་མཐོང་སྟེ། དཔེར་ན་མོ་གཤམ་གྱི་བུ་ཞེས་བྱ་བའི་འདུ་བྱེད་རྣམས་བཞིན་ནོ། །ནང་གི་འདུ་བྱེད་རྣམས་ལ་ནི་
ལས་དང་འབྲས་བུར་འབྲེལ་པ་དེའི་ཕྱིར། གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ་འཁོར་བ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་
དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པས་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་མོ་གཤམ་གྱི་བུ་ཞེས་བྱ་བའི་འདུ་བྱེད་ལྟ་བུ་གང་དག་མེད་པ་དེ་དག་ལ་ནི་ལས་དང་འབྲས་བུར་འབྲེལ་པ་མེད་པས་དེ་དག་ལ་ནི་འཁོར་བ་མེད་ཀྱི། ནང་གི་འདུ་བྱེད་རྣམས་ལ་ནི་ལས་དང་འབྲས་བུར་
འབྲེལ་པ་ཡོད་པས་འཁོར་བ་ཡོད་ན་མྱ་ངན་ལས་འདས་པ་ཡང་ཡོད་པས་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར། དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཕ་རོལ་པོ་དག་གི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ་
เล่ม ๑๐๑ · หน้า 18a
རེ་ཞིག་ལས་ཀྱི་མཚན་ཉིད་བསྟན་པའི་ཕྱིར་དེ་ལ་རེ་ཞིག་ལས་ནི། བདག་ཉིད་ལེགས་པར་སྡོམ་པ་དང་། །གཞན་ལ་ཕན་འདོགས་བྱང་སེམས་གང་། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །ཞེས་བྱ་བ་སྨྲས་ཏེ། འདིའི་བསྡུས་པའི་དོན་ནི་ལུས་
དང་ངག་དང་ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཚེ་འདི་དང་ཚེ་གཞན་དག་ཏུ་འབྲས་བུ་དག་གི་ས་བོན་དུ་འགྱུར་བ་དེ་དག་ལ་ནི་ལས་ཀྱི་མཚན་ཉིད་ཡིན་པར་སྟོན་ཏེ། དེ་ལ་བདག་ཉིད་ལེགས་པར་སྡོམ་པར་བྱེད་པའི་སེམས་པ་དང་། དེས་ཀུན་ནས་བསླང་བའི་
ལུས་དང་ངག་གི་ལས་དང་། གཞན་ལ་ཕན་འདོགས་པར་བྱེད་པའི་སེམས་པ་དང་། དེས་ཀུན་ནས་བསླང་བའི་ལུས་དང་། ངག་གི་ལས་དང་། བྱམས་པའི་སེམས་པ་དང་། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དེ་དག་ནི་དགེ་བ་ཡིན་ནོ། །དེ་ལས་བཟློག་པ་བདག་ཉིད་
ལེགས་པར་སྡོམ་པར་བྱེད་པ་མ་ཡིན་པའི་སེམས་པ་དང་། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དང་། གཞན་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པའི་སེམས་པ་དང་། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དང་། གནོད་སེམས་ཀྱི་སེམས་པ་དང་། དེས་
ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དག་ནི་མི་དགེ་བ་ཡིན་ནོ། །དགེ་བ་དང་མི་དགེ་བའི་མཚན་ཉིད་དེ་དག་ལས་བཟློག་པ་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པའི་སེམས་པ་དང་། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ལ་ནི་
ཚིག་ལེའུར་བྱས་པའི་ཚིག་གི་དོན་ནི་འདི་ལྟར་སྦྱར་ཏེ། བདག་ཉིད་ལེགས་པར་སྡོམ་པར་བྱེད་པའི་སེམས་པ་དང་། གཞན་ལ་ཕན་འདོགས་པར་བྱེད་པའི་སེམས་པ་དང་། བྱམས་པའི་སེམས་པ་གང་ཡིན་པ་དེ་ནི་ཆོས་ཏེ། ཡིད་ཀྱི་ལས་དགེ་བ་ཡིན་ནོ། །ཆོས་མ་ཡིན་པ་
དེ་ནི་ཚེ་འདི་དང་གཞན་དག་ཏུ་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་སྡུག་པ་དང་། འདོད་པ་དང་། ཡིད་དུ་འོང་བ་དག་དང་། ལུས་དང་ངག་གི་ལས་དགེ་བ་དག་ཀུན་ནས་བསླང་བའི་ས་བོན་ཡིན་ཏེ། རེ་ཞིག་དེ་ནི་ཡིད་ཀྱི་ལས་དགེ་བའི་འབྲས་བུ་དང་འབྲེལ་བའི་མཚན་
เล่ม ๑๐๑ · หน้า 18b
ཉིད་ཡིན་ནོ། །འདིར་ཚིག་ལེའུར་བྱས་པ་ལས་སེམས་པ་ཞེས་བྱ་བས་ཡིད་ཀྱི་ལས་འབའ་ཞིག་བསྟན་པ་ནི་མཚོན་པ་ཙམ་དུ་ཟད་ཀྱི། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དག་ཀྱང་དེ་བཞིན་དུ་སྦྱར་ཏེ། དེ་ལ་བདག་ཉིད་ལེགས་པར་སྡོམ་པར་བྱེད་པའི་སེམས་པ་དང་། གཞན་ལ་
ཕན་འདོགས་པར་བྱེད་པའི་སེམས་པ་དང་། བྱམས་པའི་སེམས་པ་གང་ཡིན་པས་ཀུན་ནས་བསླང་བ་དེ་དག་ཀྱང་ཆོས་ཏེ། ལུས་ཀྱི་ལས་དང་། ངག་གི་ལས་དགེ་བ་དག་ཡིན་ནོ། །ཆོས་དེ་དག་ཀྱང་ཚེ་འདི་དང་གཞན་དག་ཏུ་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་སྡུག་པ་དང་།
འདོད་པ་དང་། ཡིད་དུ་འོང་བ་དག་གི་ས་བོན་ཏེ། དེ་དག་ནི་ལུས་དང་ངག་གི་ལས་དགེ་བའི་འབྲས་བུ་དང་འབྲེལ་བའི་མཚན་ཉིད་ཡིན་ནོ། །དེ་ལས་བཟློག་པ་བདག་ཉིད་ལེགས་པར་སྡོམ་པར་བྱེད་པ་མ་ཡིན་པའི་སེམས་པ་དང་། གཞན་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པའི་སེམས་པ་
དང་། གནོད་སེམས་ཀྱི་སེམས་པ་གང་ཡིན་པ་དེ་ནི་ཆོས་མ་ཡིན་ཏེ། ཡིད་ཀྱི་ལས་མི་དགེ་བ་ཡིན་ནོ། །ཆོས་མ་ཡིན་པ་དེ་ནི་ཚེ་འདི་དང་གཞན་དག་ཏུ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་ནི་སྡུག་པ་དང་། མི་འདོད་པ་དང་། ཡིད་དུ་མི་འོང་བ་དག་དང་། ལུས་དང་ངག་གི་
ལས་མི་དགེ་བ་དག་ཀུན་ནས་བསླང་བའི་ས་བོན་ཡིན་ཏེ། རེ་ཞིག་དེ་ནི་ཡིད་ཀྱི་ལས་མི་དགེ་བ་འབྲས་བུ་དང་འབྲེལ་པའི་མཚན་ཉིད་ཡིན་ནོ། །དེ་བཞིན་དུ་བདག་ཉིད་ལེགས་པར་སྡོམ་པར་བྱེད་པ་མ་ཡིན་པས་སེམས་པ་དང་། གཞན་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པའི་སེམས་པ་དང་།
གནོད་སེམས་ཀྱི་སེམས་པ་གང་ཡིན་པས་ཀུན་ནས་བསླང་བ་དེ་དག་ཀྱང་ཆོས་མ་ཡིན་ཏེ། ལུས་ཀྱི་ལས་དང་ངག་གི་ལས་མི་དགེ་བ་དག་ཡིན་ནོ། །ཆོས་མ་ཡིན་པ་དེ་དག་ཀྱང་ཚེ་འདི་དང་གཞན་དག་ཏུ་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་མི་སྡུག་པ་དང་། མི་འདོད་པ་དང་།
ཡིད་དུ་མི་འོང་བ་དག་གི་ས་བོན་ཡིན་ཏེ། དེ་དག་ནི་ལུས་དང་ངག་གི་ལས་མི་དགེ་བ་འབྲས་བུ་དང་འབྲེལ་པའི་མཚན་ཉིད་ཡིན་ནོ། །ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ཇི་སྐད་སྨོས་པ་དེ་དག་ལས་བཟློག་པ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་ལས་བྱུང་བ་དང་། བཟོའི་
เล่ม ๑๐๑ · หน้า 19a
གནས་ལས་བྱུང་བ་དང་། སྤྲུལ་པ་བྱེད་པ་ལས་བྱུང་བའི་སེམས་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ་སྟེ། དགེ་བའི་སེམས་པ་ཡང་མ་ཡིན། མི་དགེ་བའི་སེམས་པ་ཡང་མ་ཡིན་པའི་ཡིད་ཀྱི་ལས་ལུང་དུ་མ་བསྟན་པ་ཡིན་ནོ། །ལུང་དུ་མ་བསྟན་པ་དེ་ནི་ཚེ་འདི་དང་
གཞན་དག་ཏུ་རྒྱུ་མཐུན་པའི་འབྲས་བུ་ལུང་དུ་མ་བསྟན་པ་དང་། ལུས་དང་ངག་གི་ལས་ལུང་དུ་མ་བསྟན་པ་དག་ཀུན་ནས་སློང་བའི་ས་བོན་ཡིན་ཏེ། རེ་ཞིག་དེ་ནི་ཡིད་ཀྱི་ལས་ལུང་དུ་མ་བསྟན་པ་འབྲས་བུ་དང་འབྲེལ་བའི་མཚན་ཉིད་ཡིན་ནོ། །དེ་བཞིན་དུ་ཆོས་དང་ཆོས་མ་ཡིན་པའི་མཚན་
ཉིད་ཇི་སྐད་སྨོས་པ་དེ་དག་ལས་བཟློག་པ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་ལས་བྱུང་བ་དང་། བཟོའི་གནས་ལས་བྱུང་བ་དང་། སྤྲུལ་པ་བྱེད་པ་ལས་བྱུང་བའི་སེམས་པ་གང་ཡིན་པས་ཀུན་ནས་བསླང་བ་དེ་དག་ཀྱང་ལུང་དུ་མ་བསྟན་པ་སྟེ། དགེ་བའི་སེམས་པ་ཡང་
མ་ཡིན་མི་དགེ་བའི་སེམས་པ་ཡང་མ་ཡིན་པས། ཀུན་ནས་བསླང་བའི་ལུས་ཀྱི་ལས་དང་ངག་གི་ལས་ལུང་དུ་མ་བསྟན་པ་དག་ཡིན་ནོ། །ལུང་དུ་མ་བསྟན་པ་དེ་དག་ཀྱང་ཚེ་འདི་དང་གཞན་དག་ཏུ་རྒྱུ་མཐུན་པའི་འབྲས་བུ་ལུང་དུ་མ་བསྟན་པ་དག་གི་ས་བོན་ཡིན་ཏེ། དེ་དག་ནི་ལུས་
དང་ངག་གི་ལས་ལུང་དུ་མ་བསྟན་པ་འབྲས་བུ་དང་འབྲེལ་བའི་མཚན་ཉིད་ཡིན་ནོ། །དེ་ལྟར་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཚེ་འདི་དང་གཞན་དག་ཏུ་འབྲས་བུ་དག་གི་ས་བོན་དུ་འགྱུར་བ་དེ་དག་ནི་ལས་ཀྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། །
ད་ནི་ཚིག་ལེའུར་བྱས་པ་དེའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། བདག་ཉིད་ལེགས་པར་སྡོམ་པ་ཞེས་བྱ་བ་ནི་བདག་ཉིད་ཡང་དག་པར་སྡོམ་པར་བྱེད་ཅིང་། མི་དགེ་བ་ལས་ལྡོག་པར་བྱེད་པ་སྟེ། མི་དགེ་བ་སྤོང་བའི་སེམས་པ་དང་མཚུངས་པར་ལྡན་པའི་སེམས་ཞེས་བྱ་བའི་ཐ་
ཚིག་གོ་ཞེས་བྱ་བ་ནི་བདག་ཉིད་ལེགས་པར་སྡོམ་པར་བྱེད་པའི་སེམས་པ་གང་ཡིན་པ་ཞེས་བྱ་བར་སྦྱར་ཏེ། དེས་ནི་ཡིད་ཀྱི་ལས་དགེ་བ་ཉིད་བསྟན་ཏོ། །གཞན་ལ་ཕན་འདོགས་པ་ཞེས་བྱ་བ་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ལ་སོགས་པ་
เล่ม ๑๐๑ · หน้า 19b
གཞན་དག་ལ་ཕན་འདོགས་པར་བྱེད་པའོ་ཞེས་བྱ་བ་ནི། གཞན་ལ་ཕན་འདོགས་པར་བྱེད་པའི་སེམས་པ་གང་ཡིན་པ་ཞེས་བྱ་བར་སྦྱར་ཏེ། དེས་ནི་ཡིད་ཀྱི་ལས་དགེ་བ་ཉིད་དང་། དེས་ཀུན་ནས་བསླང་བའི་ལུས་དང་། ངག་གི་ལས་དགེ་བ་དག་ཀྱང་བསྟན་ཏོ། །བྱམས་པ་ཞེས་བྱ་བ་ནི་
མཛའ་བཤེས་ལས་བྱུང་བས་བྱམས་པའོ། །ཡང་ན་བྱམས་པ་ཉིད་བྱམས་པ་སྟེ། བདག་གི་དོན་ལ་དེ་དང་མཐུན་པའི་རྐྱེན་བརྗོད་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི། བྱམས་པའི་སེམས་པ་གང་ཡིན་པ་ཞེས་བྱ་བར་སྦྱར་ཏེ། བྱམས་པ་ཞེས་བྱ་བའི་སྒྲ་ནི་རང་གི་རྒྱུད་ལ་ཡོད་པའི་བྱམས་
པའི་སེམས་མཛའ་བཤེས་གཞན་གྱི་ཡུལ་ལ་འབྱུང་བས་བྱམས་པ་སྟེ། གཞན་གྱི་དོན་ལ་གཞན་དང་མཐུན་པའི་ཚིག་གི་རྐྱེན་བརྗོད་པའི་ཕྱིར་རམ། ཡང་ན་རང་གི་རྒྱུད་ལ་ཡོད་པའི་བྱམས་པའི་སེམས་དེ་ཉིད་བྱམས་པ་ཡིན་པས་བྱམས་པ་སྟེ། བདག་གི་དོན་ལ་བདག་དང་མཐུན་པའི་ཚིག་
གི་རྐྱེན་བརྗོད་པའི་ཕྱིར་རོ། །དེ་ལྟ་བུའི་སེམས་པ་གང་ཡིན་པ་དེ་ཆོས་ཉིད་ཡིན་ནོ་ཞེས་བྱ་བ་ནི། བདག་ཉིད་ལེགས་པར་སྡོམ་པར་བྱེད་པའི་སེམས་པ་དང་། གཞན་ལ་ཕན་འདོགས་པར་བྱེད་པའི་སེམས་པ་དང་། བྱམས་པའི་སེམས་པ་གང་ཡིན་པ་དེ་ནི་ཆོས་ཡིན་ཏེ། ཡིད་ཀྱི་
ལས་དགེ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ནི་ས་བོན་ཡིན་ཏེ་རྒྱུ་དང་རྐྱེན་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི། ཆོས་དེ་ནི་ཚེ་འདི་དང་གཞན་དག་ཏུ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་སྡུག་པ་དང་། འདོད་པ་དང་། ཡིད་དུ་འོང་བ་དག་དང་ལུས་དང་ངག་གི་ལས་དགེ་བ་དག་ཀུན་ནས་
བསླང་བའི་ས་བོན་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ས་བོན་ཞེས་བྱ་བའི་སྒྲ་ནི་རྒྱུ་དང་རྐྱེན་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་གི་ཞེ་ན། འབྲས་བུ་དག་གིའོ་ཞེས་བྱ་བས་ནི་ས་བོན་ཡིན་ཏེ། རྒྱུ་དང་རྐྱེན་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པ་གང་གི་ཞེ་ན། རྣམ་པར་སྨིན་པ་དང་། རྒྱུ་མཐུན་
པའི་འབྲས་བུ་སྡུག་པ་དང་འདོད་པ་དང་ཡིད་དུ་འོང་བ་དང་ལུས་དང་ངག་གི་ལས་དགེ་བ་དག་ཀུན་ནས་བསླང་བའི་རྒྱུ་དང་རྐྱེན་ཡིན་ཏེ། དེ་ལ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་དག་གི་ནི་རྒྱུ་ཡིན་ལ། ལུས་དང་ངག་གི་ལས་དགེ་བ་དག་ནི་རྐྱེན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གང་དུ་
เล่ม ๑๐๑ · หน้า 20a
ཞེ་ན། འདི་དང་གཞན་དུ་སྟེ་ཞེས་བྱ་བ་ནི་གང་དག་གི་ཞེ་ན། འབྲས་བུ་དག་གིའོ་ཞེས་བསྟན་པ་དེ་གནས་སྐབས་གང་དུ་དེ་དག་གི་རྒྱུ་དང་རྐྱེན་ཡིན་ཞེ་ན་ཚེ་འདི་དང་གཞན་དག་ཏུའོ་ཞེས་བྱ་བར་སྦྱར་རོ། །ཚེ་འདི་དང་གཞན་དག་ཏུ་མྱོང་བར་འགྱུར་བའི་དབང་གིས་སོ་ཞེས་བྱ་བས་ནི་
ཆོས་དེ་ནི་ཚེ་འདི་དང་གཞན་དག་ཏུ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་སྡུག་པ་དང་། འདོད་པ་དང་། ཡིད་དུ་འོང་བ་དག་མྱོང་བར་འགྱུར་བའི་དབང་གི་རྒྱུ་ཡིན་ནོ་ཞེས་བསྟན་ཏོ། །སེམས་པ་ནི་ས་བོན་ཉིད་དུ་གསུངས་ཏེ། ལུས་དང་ངག་གི་ལས་དག་ཀུན་ནས་བསླང་བའི་ཕྱིར་རོ་
ཞེས་བྱ་བས་ནི། བདག་ཉིད་ལེགས་པར་སྡོམ་པ་དང་། གཞན་ལ་ཕན་འདོགས་པ་དང་། བྱམས་པ་ཞེས་བྱ་བ་གསུམ་ནི་འབྲས་བུ་དག་གི་སེམས་པ་ནི་ལུས་དང་ངག་གི་ལས་དག་ཀྱང་ཀུན་ནས་བསླང་བའི་ཕྱིར་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་བསྟན་ཏེ། རེ་ཞིག་དེ་ནི་ཚིག་ལེའུར་བྱས་
པའི་ཡན་ལག་གི་དོན་བཤད་པས་བདག་ཉིད་ལེགས་པར་སྡོམ་པ་དང་། གཞན་ལ་ཕན་འདོགས་པ་དང་། བྱམས་པ་ཞེས་བྱ་བ་ཡིད་ཀྱི་ལས་དགེ་བ་འབྲས་བུ་དང་འབྲེལ་པའི་མཚན་ཉིད་བསྟན་པ་ཡིན་ནོ། །འདིར་ཡིད་ཀྱི་ལས་ནི་མཚོན་པ་ཙམ་སྟེ། དེས་ཀུན་ནས་བསླང་བའི་
ལུས་དང་ངག་གི་ལས་དགེ་བ་འབྲས་བུ་དང་འབྲེལ་བའི་མཚན་ཉིད་དག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་ཞིང་བརྗོད་པར་བྱ་སྟེ། དེ་དག་ནི་ལུས་དང་ངག་དང་། ཡིད་ཀྱི་ལས་དགེ་བ་ཚེ་འདི་དང་གཞན་དག་ཏུ་འབྲས་བུ་དག་གི་ས་བོན་དུ་འགྱུར་བས། ལས་ཀྱི་མཚན་ཉིད་བསྟན་
པ་ཡིན་ནོ། །ཆོས་ལས་བཟློག་པས་ཆོས་མ་ཡིན་པ་སྟེ་ཞེས་བྱ་བས་ནི་བདག་ཉིད་ལེགས་པར་སྡོམ་པ་དང་། གཞན་ལ་ཕན་འདོགས་པ་དང་། བྱམས་པའི་སེམས་པ་ཞེས་བྱ་བ་ཡིད་ཀྱི་ལས་དགེ་བ་འབྲས་བུ་དང་འབྲེལ་བའི་མཚན་ཉིད་དང་། དེས་ཀུན་ནས་བསླང་བའི་ལུས་
དང་ངག་གི་ལས་དགེ་བ་འབྲས་བུ་དང་འབྲེལ་པའི་མཚན་ཉིད་ཀྱི་ཆོས་ཇི་སྐད་བསྟན་པ་དེ་དག་ལས་བཟློག་པས་བདག་ཉིད་ལེགས་པར་སྡོམ་པ་མ་ཡིན་པ་དང་། གཞན་ལ་ཕན་འདོགས་པ་མ་ཡིན་པ་དང་། གནོད་སེམས་ཀྱི་སེམས་པ་ཞེས་བྱ་བ་ཡིད་ཀྱི་ལས་མི་དགེ་བ་
เล่ม ๑๐๑ · หน้า 20b
འབྲས་བུ་དང་འབྲེལ་པའི་མཚན་ཉིད་དང་། དེས་ཀུན་ནས་བསླང་བའི་ལུས་དང་། ངག་གི་ལས་འབྲས་བུ་དང་འབྲེལ་པའི་མཚན་ཉིད་ཆོས་མ་ཡིན་པ་དག་ཀྱང་སྔ་མ་བཞིན་དུ་རིག་པར་ཤེས་པར་བྱ་སྟེ། དེ་དག་ནི་ལུས་དང་། ངག་དང་། ཡིད་ཀྱི་ལས་མི་
དགེ་བ་ཚེ་འདི་དང་གཞན་དག་ཏུ་འབྲས་བུ་དག་གི་ས་བོན་དུ་འགྱུར་བས་ལས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །ཆོས་མ་ཡིན་པ་དང་། སྡིག་པ་དང་། མི་དགེ་བ་ཞེས་བྱ་བ་དག་ནི་རྣམ་གྲངས་སོ་ཞེས་བྱ་བས་ནི། ཆོས་མ་ཡིན་པ་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །ཆོས་
མ་ཡིན་པ་ལས་བཟློག་པས་ཆོས་ཀྱི་རྣམ་གྲངས་དག་གོ་ཞེས་བྱ་བས་ནི་ཆོས་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏེ། ཆོས་དང་སྡིག་པ་མ་ཡིན་པ་དང་། དགེ་བ་ཞེས་བྱ་བ་དག་ནི་རྣམ་གྲངས་སོ་ཞེས་བྱ་བར་སྦྱར་རོ། །ལུང་དུ་མ་བསྟན་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་པ་ལས་བྱུང་
བ་དང་། བཟོའི་གནས་ལས་བྱུང་བ་དང་། སྤྲུལ་པ་བྱེད་པ་ལས་བྱུང་བའི་བྱེ་བྲག་གི་རྣམ་པ་བཞི་སྟེ། ཞེས་བྱ་བས་ནི་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ཇི་སྐད་སྨོས་པ་དེ་དག་ལས་བཟློག་པ་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པའི་སེམས་པ་དགེ་བ་ཡང་མ་ཡིན། མི་དགེ་བ་ཡང་
མ་ཡིན་པའི་ཡིད་ཀྱི་ལས་ལུང་དུ་མ་བསྟན་པ་འབྲས་བུ་དང་འབྲེལ་བའི་མཚན་ཉིད་དང་། དེས་ཀུན་ནས་བསླང་བའི་ལུས་དང་། ངག་གི་ལས་ལུང་དུ་མ་བསྟན་པ་འབྲས་བུ་དང་འབྲེལ་བའི་མཚན་ཉིད་དག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་ཤེས་པར་བྱ་སྟེ། དེ་དག་ནི་ལུས་དང་ངག་དང་ཡིད་ཀྱི་
ལས་ལུང་དུ་མ་བསྟན་པ་ཚེ་འདི་དང་གཞན་དག་ཏུ་འབྲས་བུ་དག་གི་ས་བོན་དུ་འགྱུར་བས་ལས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །རྣམ་པར་སྨིན་པ་འདོད་པ་དང་མི་འདོད་པ་མི་སྐྱེད་པའི་ཕྱིར་དང་། དགེ་བ་དང་མི་དགེ་བ་ཉིད་དུ་བརྡ་མི་སྤྲོད་པའི་ཕྱིར་ལུང་དུ་མ་བསྟན་པའོ་ཞེས་བྱ་བས་ནི། ལུང་དུ་མ་
བསྟན་པ་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པ་བཞི་པོ་དེ་དག་ནི་རྣམ་པར་སྨིན་པའི་འབྲས་བུ་མི་སྐྱེད་པའི་ཕྱིར་དང་རང་བཞིན་དགེ་བ་དང་། མི་དགེ་བ་ཉིད་དུ་བརྡ་མི་སྤྲོད་པའི་ཕྱིར། ལུང་དུ་མ་བསྟན་པ་ཞེས་བྱ་སྟེ། དེས་རྒྱུ་མཐུན་པའི་འབྲས་བུ་ནི་
เล่ม ๑๐๑ · หน้า 21a
བསྐྱེད་པར་ཤེས་པར་བྱའོ། །རེ་ཞིག་དེ་དག་གི་ནི་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཚེ་འདི་དང་གཞན་དག་ཏུ་འབྲས་བུ་དག་གི་ས་བོན་དུ་འགྱུར་བ་དེ་དག་ནི་ལས་ཀྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་བའི་གཞུང་བསྟན་ཏོ། །ད་ནི་ལུས་
དང་ངག་དང་ཡིད་ཀྱི་ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དེ་དག་ཀྱང་རྣམ་པ་གཉིས་ཏེ། སེམས་པའི་ལས་དང་། བསམ་པའི་ལས་སོ་ཞེས་གསུངས་པས་ལས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དེ་ལྟར་ཆོས་ལ་སོགས་པའི་དབྱེ་བས་ཐ་དད་པ་དེ་དག་ཀྱང་རྣམ་པ་གཉིས་ཏེ། དྲང་
སྲོང་མཆོག་གི་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །ཞེས་བྱ་བ་སྨྲས་སོ། །དྲང་སྲོང་མཆོག་ཅེས་བྱ་བ་དེ་གང་དང་གང་ཡིན་པ་དེ་དང་དེའི་ཚིག་གི་དོན་བསྟན་པའི་ཕྱིར། དྲང་སྲོང་མཆོག་ནི་བཅོམ་ལྡན་འདས་ཏེ། དེ་ནི་དྲང་སྲོང་ཡང་ཡིན་ལ་མཆོག་ཀྱང་ཡིན་ཏེ། བགྲོད་པར་བྱ་
བ་མ་ལུས་པར་བགྲོད་ཟིན་པའི་ཕྱིར་དང་། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དྲང་སྲོང་རྣམས་ལས་མཆོག་ཏུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གོ་རིམས་བཞིན་དུ་སྦྱར་རོ། །དེ་ལས་ཆོས་དང་ཆོས་མ་ཡིན་པ་དང་ལུང་དུ་མ་བསྟན་པའི་དབྱེ་བས་ཐ་དད་
པ་རྣམས་ནི་རྣམ་པ་གཉིས་ཏེ། སེམས་པ་དང་། བསམ་པའོ། །ཞེས་གསུངས་སོ་ཞེས་བྱ་བ་ནི། སེམས་པའི་ལས་ནི་ཡིད་ཀྱི་ལས་ཡིན་ལ། བསམ་པའི་ལས་ནི་ལུས་དང་ངག་གི་ལས་ཡིན་ནོ་ཞེས་འོག་ནས་འབྱུང་བས་འདིར་འགྲེལ་པར་ཤེས་པར་བྱའོ། །ལས་དེ་ཉིད་ཀྱི་བྱེ་བྲག་
མདོར་བསྟན་པ་དང་། རྒྱས་པར་བཤད་པ་བསྟན་པའི་ཕྱིར་ལས་དེ་དག་གི་བྱེ་བྲག་ནི། རྣམ་པ་དུ་མར་ཡོངས་སུ་བསྒྲགས། །ཞེས་བྱ་བ་ནི་མདོར་བསྟན་པའོ། །དེ་རྒྱས་པར་བཤད་པ་ནི། དེ་ལ་ལས་གང་སེམས་པ་ཞེས། །གསུངས་པ་དེ་ནི་ཡིད་ཀྱིར་འདོད། །ཅེས་བྱ་བ་ལ་སོགས་
པ་སྨྲས་སོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་བསལ་བའི་དོན་ཏོ་ཞེས་བྱ་བ་ནི། སེམས་པ་དང་བསམ་པ་གཉིས་ལས་སེམས་པ་དམིགས་ཀྱིས་བསལ་ཏེ། སྔར་བསྟན་པའི་དོན་ཏོ། །ལས་གང་སེམས་པ་ཞེས་གསུངས་པ་དེ་ནི་ཡིད་ཀྱིར་འདོད་དེ་ཞེས་བྱ་བ་ལ། འདུ་བྱེད་
เล่ม ๑๐๑ · หน้า 21b
སེམས་པ་ནི་ཁབ་ལེན་གྱིས་ལྕགས་གཡོ་བར་བྱེད་པ་བཞིན་དུ། །ཡིད་གཡོ་བར་བྱེད་པ་མ་ཡིན་པས་ཡིད་ཀྱི་ལས་སུ་འདོད་དེ། དེ་ཡང་དགེ་བ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་པས་བསྡུས་པ་ཡིད་ཀྱི་ལས་གསུམ་པོ་དག་གོ། །ཡིད་ཀྱི་ཞེས་བྱ་བ་ནི་ཡིད་ལས་འབྱུང་བ་སྟེ།
ཡིད་ཀྱི་སྒོ་ཁོ་ན་ནས་དེ་མཐར་ཐུག་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི། ཡིད་ཀྱི་ཞེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པ་སྟེ། འདུ་བྱེད་སེམས་པ་ནི་སེམས་ལས་བྱུང་བའི་ཆོས་ས་མང་པོ་པ་ཡིན་པས་གནས་དང་། དམིགས་པ་དང་། རྣམ་པ་དང་། རྫས་དང་། དུས་མཚུངས་པའི་སྒོ་
ནས་ཡིད་ཀྱི་སྐྱེ་མཆེད་གཉིས་དང་། ཐ་མི་དད་པའི་ཚུལ་དུ་ཡིད་ལ་བྱུང་ཞིང་ཡོད་པས་ཡིད་ཀྱི་ཞེས་བྱ་བ་སྟེ། ཡིད་ཀྱི་སྐྱེ་མཆེད་ཀྱི་སྒོ་ཁོ་ན་ནས་འདུ་བྱེད་སེམས་པ་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའི་རང་བཞིན་ནམ། དེ་དག་ལས་ལྡོག་པའི་རང་བཞིན་ནམ།
ལུང་དུ་མ་བསྟན་པའི་རང་བཞིན་དུ་སྐྱེ་བ་དེ་མཐར་ཐུག་ཅིང་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །འོ་ན་ལུས་དང་ངག་གི་ལས་དག་སེམས་པ་ཞེས་བྱ་བ་ཅིའི་ཕྱིར་མི་བརྗོད་ཅེ་ན། དེའི་ཕྱིར་ལུས་ཀྱི་དང་ངག་གི་དག་ནི་སེམས་པ་ཞེས་མི་བརྗོད་དེ། དེ་དག་སེམས་པས་ཀུན་ནས་
བསླང་བ་ཡིན་ཡང་ལུས་དང་ངག་གི་སྒོ་ནས་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ལུས་ཀྱི་ལས་གསུམ་དང་། ངག་གི་ལས་བཞི་སྟེ། ཆོས་བདུན་པོ་དེ་དག་ནི་སེམས་པས་ཀུན་ནས་བསླང་བ་ཡིན་ཡང་སེམས་ལས་བྱུང་བའི་ཆོས་མ་ཡིན་ཏེ། ངག་དང་བསྐྱོད་པའི་
རང་བཞིན་གཟུགས་ཀྱི་ཕུང་པོར་གཏོགས་པ་ཡིན་པས་ལུས་དང་ངག་གི་སྒོ་ནས་སྤོང་བ་དང་། སྤོང་བ་མ་ཡིན་པ་དང་། དེ་གཉིས་ལས་བཟློག་པའི་ངོ་བོ་ཉིད་དུ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་སེམས་པ་ཞེས་བྱ་བར་མི་བརྗོད་དོ། །བསམ་པ་ཞེས་ནི་གང་གསུངས་པ། །དེ་ནི་
ལུས་དང་ངག་གི་ཡིན། །ཞེས་བྱ་བ་ལ། བསམ་པ་ཞེས་བྱ་བའི་མཚན་ཉིད་བསྟན་པའི་ཕྱིར། བསམ་པ་ཞེས་བྱ་བ་ནི་བློས་བསམས་ནས་བྱེད་པ་གང་ཡིན་པ་སྟེ་ཞེས་བྱ་བ་སྨྲས་ཏེ། འདུ་བྱེད་སེམས་པ་ཞེས་བྱ་བའི་བློས་བསམས་ནས་དེས་ཀུན་ནས་བསླང་སྟེ། ལུས་དང་ངག་གི་
เล่ม ๑๐๑ · หน้า 22a
ལས་བྱེད་པ་གང་ཡིན་པ་དེ་དག་ནི་བསམ་པའི་ལས་ཞེས་བྱ་སྟེ། མ་བརྟགས་མ་དཔྱད་པར་ལས་མངོན་པར་འདུ་མི་བྱེད་དོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། དེ་ལྟར་ལས་གང་བསམ་པ་ཞེས་གསུངས་པ་དེ་ནི་ལུས་དང་ངག་གི་ཡིན་ཏེ་ཞེས་བྱ་བ་
སྨྲས་སོ། །ལུས་དང་ངག་ལས་བྱུང་བའི་ཕྱིར་དང་། དེ་དག་གི་སྒོ་ཉིད་ནས་མཐར་ཐུག་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི། ལུས་ཀྱི་དང་ངག་གི་ཞེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པ་སྟེ། ལུས་ཀྱི་ལས་གསུམ་དང་ངག་གི་ལས་བཞི་པོ་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་
བསྟན་པའི་སེམས་པས་ཀུན་ནས་བསླང་བ་དག་ནི་གཟུགས་ཀྱི་ཕུང་པོར་གཏོགས་པའི་ལུས་དང་ངག་ལས་བྱུང་བའི་ཕྱིར་དང་ལུས་དང་ངག་གི་སྒོ་ཉིད་ནས་དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པའི་ངོ་བོ་ཉིད་དུ་མཐར་ཐུག་པར་འགྱུར་བའི་ཕྱིར་ལུས་ཀྱི་ལས་དང་ངག་གི་ལས་ཞེས་བྱའོ། །
དེ་ལྟར་རེ་ཞིག་ལས་རྣམ་པ་གཉིས་བསྟན་ཏོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་དག་གི་ནི་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་དབྱེ་བས་ཐ་དད་པ་དེ་དག་ཀྱང་རྣམ་པ་གཉིས་ཏེ། སེམས་པའི་ལས་དང་། བསམ་པའི་ལས་སོ་
ཞེས་གསུངས་པ་དེ་དག་ཀྱང་ལས་ཀྱི་མཚན་ཉིད་ཡིན་ནོ། །ཞེས་ཟེར་བའི་གཞུང་བསྟན་ཏོ། །ད་ནི་སེམས་པའི་ལས་དང་བསམ་པའི་ལས་རྣམ་པ་གཉིས་པོ་དེ་དག་ཀྱང་བྱེ་བྲག་ཏུ་དབྱེ་བ་རྣམ་པ་དུ་མ་ཡོད་ཅེས་གསུངས་པས་ལས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། ཇི་ལྟར་རྣམ་པ་དུ་མ་ཞེ་
ན། ངག་དང་བསྐྱོད་དང་མི་སྤོང་བའི། །རྣམ་རིག་བྱེད་མིན་ཞེས་བྱ་གང་། །སྤོང་བའི་རྣམ་རིག་བྱེད་མིན་པ། །གཞན་དག་ཀྱང་ནི་དེ་བཞིན་འདོད། །ལོངས་སྤྱོད་ལས་བྱུང་བསོད་ནམས་དང་། །བསོད་ནམས་མ་ཡིན་ཚུལ་དེ་བཞིན། །སེམས་པ་དང་ནི་ཆོས་དེ་བདུན། །ལས་སུ་མངོན་
པར་འདོད་པ་ཡིན། །ཞེས་བྱ་བ་སྨྲས་ཏེ། འདི་བསྡུས་པའི་དོན་ནི་ངག་གི་ལས་དང་། བསྐྱོད་པའི་ལས་དང་། མི་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པའི་ལས་དང་། སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པའི་ལས་དང་། ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་ཀྱི་ལས་དང་།
เล่ม ๑๐๑ · หน้า 22b
ལོངས་སྤྱད་པ་ལས་བྱུང་བའི་ལས་དང་། བསོད་ནམས་མ་ཡིན་པ་ལས་བྱུང་བའི་ལས་དང་། སེམས་པའི་ལས་ཞེས་བྱ་བ་ལས་བདུན་པོ་དེ་དག་ནི་ལས་ཀྱི་མཚན་ཉིད་ཡིན་པར་འདོད་དེ། དེ་དག་ཀྱང་ལས་ཀྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །ད་ནི་ཚིག་ལེའུར་བྱས་པ་དེ་དག་གི་ཡན་
ལག་གི་དོན་གྱི་ལས་བདུན་པོ་དེ་དག་གོ་རིམས་བཞིན་དུ་བཤད་པར་བྱ་སྟེ། དེ་ལ་ངག་གི་ལས་བསྟན་པའི་ཕྱིར། དེ་ལ་ངག་གི་ནི་ཡི་གེ་གསལ་བར་བརྗོད་པའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ངག་གི་ལས་བཞི་པོ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པས་བསྡུས་པ་དག་གི་དངོས་པོ་
བསྟན་ཏོ། །བསྐྱོད་པའི་ལས་བསྟན་པའི་ཕྱིར། བསྐྱོད་པ་ནི་ལུས་གཡོ་བའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ལུས་ཀྱི་ལས་གསུམ་པོ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པས་བསྡུས་པ་དག་གི་དངོས་པོ་བསྟན་ཏོ། །མི་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པའི་ལས་བསྟན་
པའི་ཕྱིར། མི་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ནི་བདག་གི་ལུས་སམ་ངག་གམ་ཡིད་ཀྱིས་མི་དགེ་བ་འདི་ལྟ་བུ་ཞིག་བྱའོ་སྙམ་དུ་ཡི་དམ་བཅས་པའི་སྐད་ཅིག་མ་ཚུན་ཆད་ནས་བྱེད་པ་པོ་ལས་དེ་མི་བྱེད་དུ་ཟད་ཀྱང་། མི་དགེ་བ་ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་བ་མི་སྤོང་
བའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་གང་དག་ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྡོམ་པ་མ་ཡིན་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་ལས་བསྟན་ཏེ། དེའི་མཚན་ཉིད་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་ལ་བརྟེན་ཏེ། སྐྱེས་པ་སྲོག་གཅོད་པ་ལ་སོགས་
པ་མི་སྤོང་བའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་ལ་ཐོགས་པ་མེད་པ་ཡིན་ཏེ། དེ་སྐྱེས་པའི་ཚུལ་ནི་འདོད་པའི་ཁམས་སུ་རྔོན་པ་དང་། ཤན་པ་དང་། བྱ་པ་དང་། ཉ་པ་ལ་སོགས་པའི་རིགས་སམ་དེ་དག་གི་རིགས་མ་ཡིན་པ་གཞན་གྱིས་ཀྱང་རུང་
སྟེ། དེས་བདག་གིས་དེང་ཕྱིན་ཆད་ལུས་སམ། ངག་གམ་ཡིད་ཀྱིས་སྲོག་གཅོད་པ་མི་སྤོང་བ་ལ་སོགས་པ་མི་དགེ་བའི་ལས་འདི་ལྟ་བུ་ཞིག་བྱའོ་སྙམ་དུ་ཡི་དམ་བཅས་ན། ཡི་དམ་བཅས་པའི་སྐད་ཅིག་མ་ཚུན་ཆད་ནས་ཇི་སྲིད་དུ་ཡི་དམ་བཅས་པའི་རྒྱུན་དེ་མ་སྤངས་ཀྱི་བར་དུ་བྱེད་
เล่ม ๑๐๑ · หน้า 23a
པ་པོ་དེས་སེམས་གཡེངས་པ་དང་། སེམས་མེད་པ་དང་། སེམས་མ་གཡེངས་པའི་གནས་སྐབས་དག་ན་ལས་དེ་མི་བྱེད་དུ་ཟིན་ཀྱང་མི་དགེ་བ་ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་བ་སྡོམ་པ་མ་ཡིན་པ་མི་སྤོང་བའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་
སེམས་ཀྱི་རྒྱུད་ལ་སྐྱེ་བར་འགྱུར་རོ། །སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པའི་ལས་བསྟན་པའི་ཕྱིར། སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་གཞན་དག་ཀྱང་དེ་བཞིན་དུ་འདོད་དེ། བདག་གིས་ལུས་སམ་ངག་གམ་ཡིད་ཀྱིས་དགེ་བའི་ལས་འདི་ལྟ་བུ་ཞིག་བྱའོ་སྙམ་དུ་ཡི་དམ་
བཅས་པའི་སེམས་པ་ཚུན་ཆད་ནས་བྱེད་པ་པོས་ལས་དེ་མི་བྱེད་དུ་མི་ཟིན་ཀྱང་དགེ་བ་བྱེད་པ་ཡང་དག་པར་བླངས་པའི་སེམས་པས་བསྐྱེད་པ་སྤོང་བའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་གང་དག་ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྡོམ་པར་གཏོགས་པའི་རྣམ་པར་རིག་བྱེད་མ་
ཡིན་པ་ལས་བསྟན་ཏེ། དེ་ནི་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པར་གཏོགས་པ་དང་། བསམ་གཏན་གྱི་སྡོམ་པར་གཏོགས་པ་དང་། ཟག་པ་མེད་པའི་སྡོམ་པར་གཏོགས་པའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པར་གཏོགས་པའི་མཚན་ཉིད་ནི་ལུས་དང་ངག་གི་རྣམ་
པར་རིག་བྱེད་ལ་བརྟེན་ཏེ་སྐྱེས་པའི་རིགས་བདུན་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་སྡོམ་པའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་པ་ཐོགས་པ་མེད་
པ་ཡིན་ཏེ། དེ་སྐྱེ་བའི་ཚུལ་ནི་མི་རྣམས་ཀྱི་ནང་ནས་སྡོམ་པ་མི་འཆགས་པ་མ་གཏོགས་པ་གཞན་གང་ཡང་རུང་སྟེ། དེས་ལུས་ཀྱིས་ཕྱག་འཚལ་བ་དང་། ཐལ་མོ་སྦྱར་བ་ལ་སོགས་པ་དང་། ངག་གིས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ཡང་དག་པར་བླང་བ་
ལ་སོགས་པའི་རྣམ་པར་རིག་བྱེད་ལ་བརྟེན་ནས། བདག་གིས་དེང་ཕྱིན་ཆད་ལུས་སམ་ངག་གམ་ཡིད་ཀྱིས་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དགེ་བའི་ལས་འདི་ལྟ་བུ་ཞིག་བྱ་ཞིང་དགེ་བསྙེན་ལ་སོགས་པའི་སྡོམ་པར་ཡང་དག་པར་བླང་ངོ་སྙམ་པའི་ཡི་དམ་བཅས་ན། ཡི་དམ་བཅས་
เล่ม ๑๐๑ · หน้า 23b
པའི་སེམས་ཚུན་ཆད་ནས་ཇི་སྲིད་དུ་ཡི་དམ་བཅས་པའི་རྒྱུན་དེ་མ་སྤངས་ཀྱི་བར་དུ་བྱེད་པ་པོ་དེས་སེམས་གཡེངས་པ་དང་། སེམས་མེད་པ་དང་སེམས་མ་གཡེངས་པའི་གནས་སྐབས་དག་ན། ལས་དེ་མི་བྱེད་དུ་ཟིན་ཀྱང་སྡོམ་པ་ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་བ་སྡོམ་པ་མ་ཡིན་པ་སྤོང་བའི་
མཚན་ཉིད་སོ་སོར་ཐར་པའི་སྡོམ་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སེམས་ཀྱི་རྒྱུད་ལ་སྐྱེ་བར་འགྱུར་རོ། །བསམ་གཏན་གྱི་སྡོམ་པར་གཏོགས་པའི་མཚན་ཉིད་ནི་ཏིང་ངེ་འཛིན་ལ་བརྟེན་ཏེ། སྐྱེས་པ་རྣལ་འབྱོར་པ་འདོད་པའི་ཁམས་སུ་སྙོམས་པར་ཞུགས་པ་
འམ། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་བསམ་གཏན་དང་། སྙོམས་པར་འཇུག་པའི་སྡོམ་པའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་ལ། ཐོགས་པ་མེད་པ་ཡིན་ཏེ། དེ་སྐྱེ་བའི་ཚུལ་ནི་ཁམས་སུ་གཏོགས་པའི་ནང་ནས།
མི་ཁོམ་པ་བརྒྱད་ལ་སོགས་པས་བསྐལ་པ་མ་གཏོགས་པ་གཞན་གང་ཡང་རུང་སྟེ། དེས་ཚོགས་ཀྱི་ལམ་སྔོན་དུ་བཏང་བའི་ཏིང་ངེ་འཛིན་མི་ལྕོགས་པ་མེད་པ་འམ། དངོས་གཞི་འམ། ཉེར་བསྡོགས་གང་ཡང་རུང་བ་དག་ལ་བརྟེན་ནས། མི་ལྕོགས་པ་མེད་པ་འམ། དངོས་
གཞི་དང་། ཉེར་བསྡོགས་ཀྱི་སེམས་མཉམ་པར་གཞག་པའི་ས་པ་མངོན་དུ་གྱུར་ན། དེ་ཚུན་ཆད་ནས་ཇི་སྲིད་དུ་མཉམ་པར་གཞག་པའི་ས་པའི་སེམས་ཀྱི་རྒྱུན་དེ་མ་སྤངས་ཀྱི་བར་དུ། རྣལ་འབྱོར་པ་དེས་སེམས་གཡེངས་པ་དང་། སེམས་མ་གཡེངས་པའི་གནས་སྐབས་
དག་ན་མཉམ་པར་གཞག་པའི་ས་པའི་སེམས་དེ་མངོན་སུམ་དུ་མི་བྱེད་དུ་ཟིན་ཀྱང་བསམ་གཏན་ནམ། སྙོམས་པར་འཇུག་པ་ཐོབ་པའི་རྒྱུ་ལས་བྱུང་བ་སྡོམ་པ་མ་ཡིན་པ་སྤོང་བའི་མཚན་ཉིད་ཀྱི་བསམ་གཏན་གྱི་སྡོམ་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སེམས་ཀྱི་རྒྱུད་ལ་སྐྱེ་
བར་འགྱུར་རོ། །ཟག་པ་མེད་པའི་སྡོམ་པར་གཏོགས་པའི་མཚན་ཉིད་ཀྱང་ཏིང་ངེ་འཛིན་ལ་བརྟེན་ཏེ་སྐྱེས་པ་རྣལ་འབྱོར་པ་ཟག་པ་མེད་པའི་ལམ་ཐོབ་པའི་སྡོམ་པའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་པ་ཐོགས་པ་མེད་པ་ཡིན་ཏེ། དེ་སྐྱེ་བའི་ཚུལ་ཡང་
เล่ม ๑๐๑ · หน้า 24a
ཁམས་སུ་གཏོགས་པའི་ནང་ནས་མི་ཁོམ་པ་བརྒྱད་ལ་སོགས་པས་བསྐལ་པ་མ་གཏོགས་པ་གཞན་གང་ཡང་རུང་སྟེ། དེས་ཚོགས་ཀྱི་ལམ་སྔོན་དུ་བཏང་བའི་ཏིང་ངེ་འཛིན་མི་ལྕོགས་པ་མེད་པ་ལ་སོགས་པ་ལ་བརྟེན་ནས། སྦྱོར་བའི་ལམ་མཐར་ཐུག་པར་བྱས་ཏེ།
མཐོང་བའི་ལམ་མམ་བསྒོམ་པའི་ལམ་མམ་མི་སློབ་པའི་ལམ་གྱིས་བསྡུས་པའི་ཟག་པ་མེད་པའི་སེམས་མངོན་དུ་གྱུར་ན། དེ་ཚུན་ཆད་ནས་ཇི་སྲིད་དུ་ཟག་པ་མེད་པའི་སེམས་ཀྱི་རྒྱུན་མ་སྤངས་ཀྱི་བར་དུ་རྣལ་འབྱོར་པ་དེས་སེམས་གཡེངས་པ་དང་། སེམས་མེད་པ་དང་སེམས་མ་གཡེངས་
པའི་གནས་སྐབས་དག་ན་ཟག་པ་མེད་པའི་སེམས་དེ་མངོན་སུམ་དུ་མི་བྱེད་དུ་ཟིན་ཀྱང་ཟག་པ་མེད་པའི་སེམས་ཐོབ་པའི་རྒྱུ་ལས་བྱུང་བ། སྡོམ་པ་མ་ཡིན་པ་སྤོང་བའི་མཚན་ཉིད་ཟག་པ་མེད་པའི་སྡོམ་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སེམས་ཀྱི་རྒྱུད་ལ་སྐྱེ་བར་
འགྱུར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ནི། གཟུགས་དང་བྱ་བའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་རྣམ་པར་རིག་བྱེད་གཞན་ལ་རྣམ་པར་རིག་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །ལོངས་སྤྱད་པ་ལས་བྱུང་
བའི་བསོད་ནམས་ཀྱི་ལས་བསྟན་པའི་ཕྱིར། ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་ཀྱི་ལས་ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་པའི་རྒྱུ་ལས་བསོད་ནམས་དེ་བྱུང་ངོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། ཡོངས་སུ་ལོངས་སྤྱད་པ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་གྱི་ཡུལ་ལ་ཡོངས་
སུ་བཏང་བ་ཉེ་བར་སྤྱད་པའོ། །དེའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་དེའི་རྗེས་ལས་བྱུང་བ་སྟེ། འབྲེལ་པ་ཞེས་བྱ་བ་དང་འཕེལ་བ་ཞེས་བྱ་བ་དག་གི་རྣམ་གྲངས་སོ། །བསོད་ནམས་ཞེས་བྱ་བ་ནི་དག་པར་བྱེད་པས་བསོད་ནམས་ཏེ་དགེ་བ་ཞེས་བྱ་བ་དག་གི་རྣམ་གྲངས་སོ་ཞེས་བྱ་བ་སྨྲས་ཏེ།
དེས་ནི་སྡོམ་པ་ཡང་མ་ཡིན་པ་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པར་གཏོགས་པའི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པའི་ལས་བསྟན་ཏེ། དེའི་མཚན་ཉིད་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་ལ་བརྟེན་ཏེ། སྐྱེས་པ་སྡོམ་པ་དང་སྡོམ་པ་མ་ཡིན་པར་མ་གཏོགས་པ་དགེ་བའི་བསམ་པ་དང་།
เล่ม ๑๐๑ · หน้า 24b
ཞིང་དང་། དངོས་པོའི་ཁྱད་པར་ལས་བསོད་ནམས་འཕེལ་བའི་མཚན་ཉིད་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་པ་ཐོགས་པ་མེད་པ་ཡིན་ཏེ། དེ་སྐྱེ་བའི་ཚུལ་ནི་གཟུགས་ཅན་གྱི་ཁམས་སུ་སྦྱིན་པ་གཏོང་ཕོད་པ་བྱམས་པའི་སེམས་དང་ལྡན་པས་དཀོན་མཆོག་གསུམ་ལ་
རྫས་ལས་བྱུང་བའི་བསོད་ནམས་བྱས་པའི་དངོས་པོ་བདུན་ལ་སོགས་པ་ཡོངས་སུ་གཏོང་བ། དཀོན་མཆོག་གསུམ་གྱིས་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་སྦྱིན་བདག་དེའི་རྒྱུད་ལ་བསོད་ནམས་རྒྱ་ཆེན་པོ་སྐྱེས་པར་གྱུར་ན། དེ་ཚུན་ཆད་ནས་ཇི་སྲིད་དུ་བསོད་ནམས་དེའི་རྒྱུན་མ་སྤངས་ཤིང་།
ཚེ་དེ་ལ་འབྲས་བུ་མ་སྤྱད་ཀྱི་བར་དུ་སྦྱིན་བདག་དེས་སེམས་གཡེངས་པ་དང་། སེམས་མེད་པ་དང་། སེམས་མ་གཡེངས་པའི་གནས་སྐབས་དག་ན། བསོད་ནམས་ཀྱི་སེམས་དེ་མངོན་སུམ་དུ་མི་བྱེད་དུ་ཟིན་ཀྱང་། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་མཚན་ཉིད་
དགེ་བར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པར་གཏོགས་པའི་གཟུགས་སེམས་ཀྱི་རྒྱུད་ལས་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ལས་བྱུང་བ་དང་ཐོས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དག་ལ་ཡང་ཅི་རིགས་
པར་སྦྱར་རོ། །ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་མ་ཡིན་པའི་ལས་བསྟན་པའི་ཕྱིར། ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་མ་ཡིན་པ་ཡང་ཚུལ་དེ་བཞིན་ཏེ། །ཡོངས་སུ་ལོངས་སྤྱད་པའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་མ་ཡིན་
པ་ནི་བསོད་ནམས་ལས་བཟློག་པ་ལས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པར་གཏོགས་པ་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པའི་ལས་བསྟན་ཏེ། དེའི་མཚན་ཉིད་ནི་སྔ་མ་ལས་བཟློག་པ་སྟེ། ལུས་དང་
ངག་གི་རྣམ་པར་རིག་བྱེད་ལ་བསྟན་ཏེ། སྐྱེས་པ་སྡོམ་པ་དང་སྡོམ་པ་མ་ཡིན་པ་མ་གཏོགས་པ་མི་དགེ་བའི་བསམ་པ་དང་ཞིང་དང་དངོས་པོའི་ཁྱད་པར་ལས་བསོད་ནམས་མ་ཡིན་པ་འཕེལ་བའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་པ་ཐོགས་པ་མེད་
เล่ม ๑๐๑ · หน้า 25a
པ་ཡིན་ཏེ། དེ་སྐྱེས་པའི་ཚུལ་ནི་གཟུགས་ཅན་གྱི་ཁམས་དག་ཏུ་སེར་སྣ་ཅན་གནོད་སེམས་ཀྱི་སེམས་དང་ལྡན་པས། དཀོན་མཆོག་གསུམ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་མ་ཡིན་པ་བདུན་ལ་སོགས་པ་ཡོངས་སུ་བཏང་བ་དཀོན་མཆོག་གསུམ་
གྱིས་ཡོངས་སུ་ལོངས་སྤྱད་པའི་རྒྱུ་ལས་གང་ཟག་དེའི་རྒྱུད་ལ་བསོད་ནམས་མ་ཡིན་པ་རྒྱ་ཆེན་པོ་སྐྱེས་པར་གྱུར་ན། དེ་ཚུན་ཆད་ཇི་སྲིད་བསོད་ནམས་མ་ཡིན་པ་དེའི་རྒྱུན་མ་སྤངས་ཤིང་ཚེ་ལ་འབྲས་བུ་མ་སྤྱད་ཀྱི་བར་དུ་གང་ཟག་དེས་སེམས་གཡེངས་པ་དང་། སེམས་མེད་པ་དང་།
སེམས་མ་གཡེངས་པའི་གནས་སྐབས་དག་ན། བསོད་ནམས་མ་ཡིན་པའི་སེམས་དེ་མངོན་སུམ་དུ་མི་བྱེད་དུ་ཟིན་ཀྱང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་མ་ཡིན་པའི་མཚན་ཉིད་མི་དགེ་བར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སེམས་ཀྱི་རྒྱུད་
ལ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་མ་ཡིན་པ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་རོ། །སེམས་པའི་ལས་བསྟན་པའི་ཕྱིར། སེམས་པ་ཞེས་བྱ་བར་ནི་ཡིད་ཀྱི་ལས་བསྟན་ཏེ། འོ་ན་སེམས་པ་ཞེས་བྱ་བ་དེ་གང་ཡིན་ཞེ་ན། ཡོན་ཏན་དང་སྐྱོན་ལ་
སེམས་མངོན་པར་འདུ་བྱེད་པ་དེ་ཡིད་ཀྱི་ལས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཡིད་ཀྱི་ལས་བསྟན་ཏེ། འདུ་བྱེད་སེམས་པ་ནི་ཡིད་ཀྱི་མི་གཡོ་བ་གཡོ་བར་བྱེད་ཅིང་། ཡོན་ཏན་གྱི་སྒོ་ནས་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་ལྟ་བའི་རང་བཞིན་ནམ།
སྐྱོན་གྱི་སྒོ་ནས་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའི་རང་བཞིན་དུ་སེམས་མངོན་པར་འདུ་བྱེད་པས། ཡིད་ཀྱི་ལས་ཏེ། དེ་ནི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་གཟུགས་ཅན་མ་ཡིན་ནོ། །ལུས་དང་ངག་གི་ལས་དག་ནི་གཟུགས་ཅན་ཡིན་ནོ། །ལས་བདུན་
པོ་དེ་དག་གི་མཇུག་བསྡུ་བ་བསྟན་པའི་ཕྱིར། དེ་ལྟར་དེ་དག་ལ་སོགས་པ་བདུན་པོ་དེ་དག་ནི་ཆོས་དེ་རང་གི་མཚན་ཉིད་འཛིན་པའི་དོན་གྱི་ཆོས་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །ལས་སུ་མངོན་པར་འདོད་པ་ཡིན་ནོ་ཞེས་བྱ་བ་ནི་ལས་ཀྱི་མཚན་ཉིད་དག་ཏུ་འདོད་པ་ཡིན་ནོ་ཞེས་བྱ་བ་ནི། ཆོས་བདུན་
เล่ม ๑๐๑ · หน้า 25b
པོ་ཇི་སྐད་དུ་བསྟན་པ་དེ་དག་ནི་ལས་སུ་མངོན་པ་དང་ལས་སུ་མཚོན་པར་བྱེད་པ་སྟེ། ལས་ཀྱི་མཚན་ཉིད་དག་ཏུ་འདོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞན་དག་འདི་སྐད་ཅེས་བསམ་གཏན་དང་། ཀློག་པ་ལ་སོགས་པའི་ལས་དག་ཀྱང་ཡོད་ན་ཅིའི་ཕྱིར་དེ་དག་མ་
སྨོས་པར་ངག་ལ་སོགས་པ་བདུན་པོ་དག་ཁོ་ན་སྨོས་ཞེས་ཟེར་བའི་དོགས་པ་བསལ་བའི་ཕྱིར། བསམ་གཏན་དང་ཀློག་པ་ལ་སོགས་པའི་ལས་དག་ཀྱང་ཡོད་མོད་ཀྱི། འདི་དག་ཉིད་ཀྱི་ཁོངས་སུ་འདུས་པའི་ཕྱིར་བདུན་ཁོ་ནར་ངེས་པར་བཟུང་ངོ་ཞེས་བྱ་བ་སྨྲས་ཏེ། རེ་ཞིག་དེ་
དག་ནི་ལས་ཀྱི་མཚན་ཉིད་ཡིན་ནོ། །ལས་དང་འབྲས་བུར་འབྲེལ་བའི་མཚན་ཉིད་གང་ཞེ་ན། དེའི་ཕྱིར། ལས་དེ་དང་དེ་འབྲས་བུར་འབྲེལ་བར་མཐོང་བ་ནི། འགྲོ་བ་ལྔར་ཕུང་པོ་ལྔ་སྐྱེ་བའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ལས་དང་འབྲས་བུར་འབྲེལ་བའི་
མཚན་ཉིད་ཀྱི་གཏན་ཚིགས་ཀྱིས་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ། དེས་ན་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར། དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། ཕ་རོལ་པོའི་གཏན་ཚིགས་ཀྱི་མཇུག་
བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་རབ་ཏུ་བྱེད་པ་འདས་མ་ཐག་པར་འདུ་བྱེད་རྣམས་དང་། སེམས་ཅན་དང་གང་ཟག་འཁོར་བར་མི་འཐད་དོ་ཞེས་བསྟན་པའི་ཕྱིར། འདིར་ཕ་རོལ་པོ་དག་གིས་བསྟན་བཅོས་མཛད་པས། དམ་བཅས་པའི་དོན་སྒྲོ་བཏགས་
ནས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་ལྔ་འགྲེལ་པ་དང་བཅས་པ་འདི་ཡན་ཆད་དུ་གཏན་ཚིགས་ཀྱི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་བསྟན་པ་དེ་དག་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཡིན་ཏེ། ཕྱོགས་སྔ་མ་སྨྲ་བའི་གཞུང་ཡིན་
པར་སྦྱར་རོ། །ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པས་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར། དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ་འདི་ལ་ལས་དེ་སྐྱེས་ནས་སྨིན་པའི་དུས་ཀྱི་བར་དུ་
เล่ม ๑๐๑ · หน้า 26a
གནས་པའམ། སྐྱེས་ནས་འཇིག་པར་འགྱུར་བ་ཞིག་ཡིན་གྲང་ན་ཞེས་བརྟག་པ་རྣམ་པ་གཉིས་སྨྲས་ཏེ། ལས་ཀྱང་སྐྱེས་ནས་སྨྲས་པའི་དུས་ཀྱི་བར་དུ་གནས་པ་ཡིན་ན་ནི་རྟག་པར་འགྱུར་ལ། སྐྱེས་ནས་འཇིག་པར་འགྱུར་བ་ཡིན་ན་ནི་ཆད་པར་འགྱུར་བས།
དེ་ལྟར་རྟག་པ་དང་ཆད་པའི་སྐྱོན་དུ་འགྱུར་ན་འབྲས་བུ་དང་འབྲེལ་བར་མི་འཐད་པས་ཕ་རོལ་པོའི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པས། དེས་བསྒྲུབ་པར་བྱ་བ་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ་འཁོར་བ་ཡོད་པ་ཁོ་
ན་ཡིན་ཏེ་ཞེས་བྱ་བ་མ་གྲུབ་པོ། །འཁོར་བ་ཡོད་པར་མ་གྲུབ་ན་བཅིངས་པ་མེད་པས་ཐར་པ་ཡང་མེད་པའི་ཕྱིར། སྔར་རབ་ཏུ་བྱེད་པ་འདས་མ་ཐག་པའི་སྐབས་སུ་ཕ་རོལ་པོ་དག་གིས་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་
དང་། ཐར་པ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་རྩ་བ་མ་གྲུབ་པས་བསྟན་བཅོས་མཛད་པས་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་མེད་པས་ཁོ་ན་ཡིན་ནོ་ཞེས་དམ་བཅས་པའི་དགོས་པ་གྲུབ་པོ་ཞེས་བསྟན་ཏོ། །དེ་ལ་བརྟག་པ་དང་པོ་མི་འཐད་པར་བསྟན་
པའི་ཕྱིར་དེ་ལ་རེ་ཞིག །གལ་ཏེ་སྨིན་པའི་དུས་ཀྱི་བར་དུ། གནས་ན་ལས་དེ་རྟག་པར་འགྱུར། །སྐྱེས་མ་ཐག་ཏུ་མི་འཇིག་པ། །འཇིག་པ་དེའི་བདག་ཉིད་མ་ཡིན་པ་ནི་ཕྱིས་ཀྱང་འཇིག་པར་མི་རིགས་པའི་ཕྱིར། རྟག་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་
ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལས་དེ་སྐྱེས་ནས་སྨིན་པའི་དུས་ཀྱི་བར་དུ་གནས་པར་གྱུར་ན། སྐྱེས་མ་ཐག་ཏུ་མི་འཇིག་པ་འཇིག་པ་དེའི་བདག་ཉིད་མ་ཡིན་པ་ནི་ཕྱིས་ཀྱང་འཇིག་པར་མི་རིགས་པའི་ཕྱིར་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་ལྟར་རྟག་པ་ཉིད་དུ་གྱུར་ན་འབྲས་བུ་
དང་འབྲེལ་པར་མི་འཐད་པས་ཕ་རོལ་པོའི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཆུ་ཤིང་དང་། འདམ་བུ་དང་། སྨྱིག་མ་བཞིན་དུ་འབྲས་བུ་སྨིན་པའི་འོག་ཏུ་དེ་འཇིག་པས་སྐྱོན་མེད་དོ་ཞེ་
เล่ม ๑๐๑ · หน้า 26b
ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་ན་རེ་དཔེར་ན་ཆུ་ཤིང་དང་། འདམ་བུ་དང་། སྨྱིག་མ་དག་འབྲས་བུ་སྨིན་པའི་དུས་ཀྱི་བར་དུ་གནས་མོད་ཀྱི། འབྲས་བུ་སྨིན་པའི་འོག་ཏུ་དྲུངས་ཕྱུང་སྟེ། འཇིག་པས་དེ་དག་རྟག་པ་ཉིད་དུ་ཐལ་བར་མི་འགྱུར་བ་བཞིན་དུ། ལས་ཀྱང་འབྲས་བུ་སྨིན་པའི་
དུས་ཀྱི་བར་དུ་གནས་མོད་ཀྱི། འབྲས་བུ་སྨིན་པའི་འོག་ཏུ་ལས་དེ་གཏན་འཇིག་པས་རྟག་པ་ཉིད་དུ་ཐལ་བར་མི་འགྱུར་བའི་ཕྱིར། འབྲས་བུ་དང་འབྲེལ་བར་འཐད་པས་ཁོ་བོ་ཅག་གིས་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་བའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པའི་སྐྱོན་མེད་དོ་ཞེས་ཟེར་བའི་
ཚིག་ཡིན་ནོ། །དེའི་ལན་དུ། སྐྱོན་མེད་པ་མ་ཡིན་ཏེ། ཆུ་ཤིང་ལ་སོགས་པ་དག་སྐད་ཅིག་མ་རེ་རེ་ལ་འཇིག་པ་ཉིད་དང་ཞེས་བྱ་བ་སྨྲས་ཏེ། ཆུ་ཤིང་ལ་སོགས་པ་དང་སྐད་ཅིག་མ་རེ་རེ་ལ་འཇིག་པ་ཉིད་ཡིན་པའི་ཕྱིར་ཁྱེད་ན་རེ་ཆུ་ཤིང་དང་། འདམ་བུ་དང་། སྨྱིག་མ་དང་། འབྲས་བུ་
དག་སྨིན་པའི་དུས་ཀྱི་བར་དུ་གནས་སོ་ཞེས་ཟེར་བ་མ་གྲུབ་པས། ཁྱོད་ཀྱི་ཚིག་ལ་སྐྱོན་མེད་པ་མ་ཡིན་ནོ། །གལ་ཏེ་འདིར་ཕ་རོལ་པོ་དག་འདི་སྐད་ཅེས་གལ་ཏེ་ཆུ་ཤིང་ལ་སོགས་པ་དག་འབྲས་བུ་སྨིན་པའི་དུས་ཀྱི་བར་དུ་སྐད་ཅིག་མའི་རྒྱུན་གྱི་གནས་པ་ཡིན་ན། འབྲས་བུ་སྨིན་པའི་
འོག་ཏུ་ཡང་དེ་བཞིན་དུ་རྒྱུན་མི་ཆད་པར་གནས་པའི་རིགས་ན། དེ་ལྟ་མ་ཡིན་པས་དེའི་ཕྱིར་དེ་དག་འབྲས་བུ་སྨིན་པའི་དུས་ཀྱི་བར་དུ་ནི་མི་འཇིག་པར་གནས་ལ། འབྲས་བུ་སྨིན་པའི་འོག་ཏུ་ནི་འཇིག་པས་ཁོ་བོ་ཅག་གི་ཚིག་ལ་སྐྱོན་མེད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་
དུ་དེ་དང་རིགས་མཐུན་པའི་རྒྱུན་ཆད་པས་འཇིག་པ་ཉིད་ཐ་སྙད་པར་ཁས་བླངས་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། ཆུ་ཤིང་ལ་སོགས་པ་དག་འབྲས་བུ་སྨིན་པའི་འོག་ཏུ་དྲུངས་ཕྱུང་སྟེ། འཇིག་པ་ནི་འབྲས་བུ་མ་སྨིན་པའི་སྔོན་རོལ་གྱི་སྐད་ཅིག་མ་དེ་དང་རིགས་མཐུན་པའི་རྒྱུན་ཆད་པས་
འཇིག་པ་ཉིད་དུ་ཀུན་རྫོབ་ཀྱི་ཐ་སྙད་དུ་ཁས་བླངས་པའི་ཕྱིར། འབྲས་བུ་སྨིན་པའི་འོག་ཏུ་ཡང་དེ་བཞིན་དུ་རྒྱུན་མི་ཆད་པར་གནས་པར་མི་འགྱུར་བས་དེའི་ཕྱིར། ཁྱེད་ན་རེ་གལ་ཏེ་ཆུ་ཤིང་ལ་སོགས་པ་དག །འབྲས་བུ་སྨིན་པའི་དུས་ཀྱི་བར་དུ་སྐད་ཅིག་མའི་རྒྱུན་གྱིས་གནས་པ་ཡིན་
เล่ม ๑๐๑ · หน้า 27a
ན། འབྲས་བུ་སྨིན་པའི་འོག་ཏུ་ཡང་དེ་བཞིན་དུ་རྒྱུན་མི་འཆད་པར་གནས་པའི་རིགས་སོ་ཞེས་ཟེར་བའི་ཚིག་ལ་སྐྱོན་མེད་པ་མ་ཡིན་ནོ། །དོན་དམ་པར་ནི་ལས་བཞིན་དུ་སྨྱིག་མ་ལ་སོགས་པ་དག་ཀྱང་འབྲས་བུ་དང་འབྲེལ་བར་མི་འཐད་པའི་ཕྱིར་དང་ཞེས་བྱ་
བ་ནི། དོན་དམ་པར་དངོས་པོ་ཐམས་ཅད་མ་སྐྱེས་པའི་ཕྱིར། ཇི་ལྟར་ལས་དང་འབྲས་བུར་འབྲེལ་པ་མི་འཐད་པ་དེ་བཞིན་དུ་སྨྱིག་མ་ལ་སོགས་པ་དག་ཀྱང་འབྲས་བུ་དང་འབྲེལ་བར་མི་འཐད་པས་ཕ་རོལ་པོ་དག་གི་གཏན་ཚིགས་དང་། དཔེ་མ་གྲུབ་པའི་སྐྱོན་མེད་པ་མ་ཡིན་ནོ་ཞེས་བསྟན་
ཏོ། །སྔར་མ་ཞིག་པས་ཕྱིས་དེའི་བདག་ཉིད་དུ་འགྱུར་བ་ཡང་བསྟན་དཀའ་བའི་ཕྱིར་རོ་ཞེས་བྱ་བ་ནི། ཕ་རོལ་པོ་དག་ཟེར་བ་ལྟར་ལས་དང་། ཆུ་ཤིང་དག་འབྲས་བུ་སྨིན་པའི་དུས་ཀྱི་བར་དུ་ནི་མི་འཇིག་པར་གནས་ལ། འབྲས་བུ་སྨིན་པའི་འོག་ཏུ་འཇིག་པར་འགྱུར་ཞེས་བྱ་བ་ནི། སྔར་མི་
འཇིག་པར་རྟག་པར་གནས་པ་སྟེ། ཕྱིས་འཇིག་པ་མི་རྟག་པ་དེའི་བདག་ཉིད་དུ་འགྱུར་བ་ཡང་རིགས་པ་དང་ལུང་གང་གིས་ཀྱང་བསྟན་དཀའ་བའི་ཕྱིར། གལ་ཏེ་ལས་དང་ཆུ་ཤིང་ལ་སོགས་པ་དག་སྐྱེས་ནས་སྨིན་པའི་དུས་ཀྱི་བར་དུ་གནས་པར་གྱུར་ན་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ།
འབྲས་བུ་དང་འབྲེལ་བར་མི་འཐད་པས་ཕ་རོལ་པོའི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་བའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པའི་སྐྱོན་མེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གལ་ཏེ་འཇིག་པའི་རྒྱུའི་སྔོན་རོལ་ན་འཇིག་པ་མེད་དུ་ཟིན་ཀྱང་ཕྱིས་ཡོད་པར་འགྱུར་བས་སྔོན་མ་ཞིག་པ་ཡང་
ཕྱིས་འཇིག་པ་ཉིད་དུ་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་དབུ་མ་པས་སྔར་མ་ཞིག་པ་ཕྱིས་དེའི་བདག་ཉིད་དུ་འགྱུར་བ་ཡང་བསྟན་དཀའ་བའི་ཕྱིར་རོ་ཞེས་བཤད་པ་མི་རུང་བར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ན་རེ་དཔེར་ན་བུམ་པ་འཇིག་པའི་རྒྱུ་ཐོ་བ་མ་བྱུང་བའི་སྔོན་རོལ་ན་
བུམ་པ་འཇིག་པ་མེད་དུ་ཟིན་ཀྱང་ཕྱིས་ཐོ་བ་དང་ཕྲད་པ་ན་བུམ་པ་འཇིག་པ་ཡོད་པར་འགྱུར་བ་དེ་བཞིན་དུ་ལས་དང་ཆུ་ཤིང་ལ་སོགས་པ་དག་ཀྱང་འཇིག་པའི་རྒྱུ་འབྲས་བུ་སྨིན་པ་མ་བྱུང་བའི་སྔོན་རོལ་ན་འཇིག་པ་མེད་དུ་ཟིན་ཀྱང་ཕྱིས་འབྲས་བུ་སྨིན་པའི་འོག་ཏུ་འཇིག་པ་ཡོད་པར་འགྱུར་
เล่ม ๑๐๑ · หน้า 27b
བས། དེས་ན་སྔོན་མ་ཞིག་པ་ཡང་ཕྱིས་འཇིག་པ་ཡོད་པར་འགྱུར་བས་དེས་ན་སྔོན་མ་ཞིག་པ་ཡང་ཕྱིས་འཇིག་པ་ཉིད་དུ་འགྱུར་བའི་ཕྱིར། སྔར་མ་ཞིག་པ་ཕྱིས་དེའི་བདག་ཉིད་དུ་འགྱུར་བ་ཡང་བསྟན་མི་དཀའ་བས། ཁོ་བོ་ཅག་གི་གཏན་ཚིགས་དང་དཔེ་མ་གྲུབ་པའི་སྐྱོན་མེད་དོ་ཞེས་
ཟེར་རོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། རིགས་པ་དང་ལུང་གིས་དེ་མི་འཐད་པར་བསྟན་ཏོ། །དེ་ལ་རིགས་པས་དེ་མི་འཐད་པར་བསྟན་པའི་ཕྱིར། འདི་ལྟར་གང་ཞིག་གང་གི་འཇིག་པའི་རྒྱུར་བརྗོད་པ་དེ་ནི་དེའི་
འཇིག་པའི་རྒྱུ་མ་ཡིན་ཏེ། དེ་ལས་དེ་གཞན་ཡིན་པའི་ཕྱིར་རམ་རྒྱུ་ཅན་ཡིན་པའི་ཕྱིར། དཔེར་ན་དེ་ལས་གཞན་པ་བཞིན་པར་རྗེས་སུ་དཔག་པས་གནོད་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་
བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་ཏོག་འཇིག་པའི་རྒྱུ་ཁ་བ་དང་ཚ་བ་དེ་ལས་གཞན་པ་མུན་པ་འཇིག་པའི་རྒྱུ་ཉི་མ་དང་། མར་མེ་དག་ནི་མེ་ཏོག་དེ་ལས་གཞན་པ་ཡིན་པའི་ཕྱིར་རམ། རྒྱུ་ཅན་ཡིན་པའི་ཕྱིར་མེ་ཏོག་དེའི་འཇིག་པའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ལས་
དང་ཆུ་ཤིང་ལ་སོགས་པ་འཇིག་པའི་རྒྱུ་འབྲས་བུ་སྨིན་པ་དེ་ཡང་ལས་དང་ཆུ་ཤིང་ལ་སོགས་པ་དག་ལས་གཞན་ཡིན་པའི་ཕྱིར་རམ། རྒྱུ་ཅན་ཡིན་པའི་ཕྱིར་ལས་དང་ཆུ་ཤིང་ལ་སོགས་པ་དག་གི་འཇིག་པའི་རྒྱུ་མ་ཡིན་པས་རྗེས་སུ་དཔག་པ་དེས་གནོད་པའི་ཕྱིར། ཕ་རོལ་པོ་དག་
ན་རེ། འཇིག་པའི་རྒྱུའི་སྔོན་རོལ་ན་འཇིག་པ་མེད་དུ་ཟིན་ཀྱང་། ཕྱིས་འཇིག་པའི་རྒྱུ་དང་ཕྲད་པ་ན་འཇིག་པ་ཡོད་པར་འགྱུར་རོ་ཞེས་ཟེར་བ་དེ་རིགས་པ་མ་ཡིན་ནོ། །དེ་ནི་ལུང་གིས་དེ་མི་འཐད་པར་བསྟན་པའི་ཕྱིར། ལུང་ལས། ལུས་དང་དབང་པོ་བློ་རྣམས་ནི། །སྐད་
ཅིག་ལས་ནི་རིང་མི་གནས། །ཞེས་གསུངས་པས་ཁས་བླངས་པ་ལ་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ལུང་ལས་དེ་སྐད་གསུངས་པས། ཕ་རོལ་པོ་དག་ན་རེ་འཇིག་པའི་རྒྱུའི་སྔོན་རོལ་ན་འཇིག་པ་མེད་དོ་ཞེས་ཟེར་བ་དེ་ནི་ཁས་བླངས་པ་ལ་གནོད་པར་འགྱུར་བའི་
เล่ม ๑๐๑ · หน้า 28a
ཕྱིར་རིགས་པ་མ་ཡིན་ནོ། །རེ་ཞིག་དེ་དག་གི་ནི་ལས་དེ་སྐྱེས་ནས་སྨིན་པའི་དུས་ཀྱི་བར་དུ་གནས་པར་གྱུར་ན། རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་འབྲས་བུ་དང་འབྲེལ་པར་མི་འཐད་པའི་ཕྱིར། ཕ་རོལ་པོའི་གཏན་ཚིགས་ལས་དང་འབྲས་བུ་འབྲེལ་བའི་ཕྱིར་རོ་ཞེས་
བྱ་བ་དེ་མ་གྲུབ་པར་བསྟན་ཏོ། །ད་ནི་བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། ཅི་སྟེ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་ནས་སྐྱེས་མ་ཐག་ཏུ་འཇིག་པར་དམ་འཆའ་ན་དེ་ལྟ་ན་ཡང་། གལ་ཏེ་འགགས་ན་འགགས་གྱུར་པ། །ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར། །འགགས་པ་ནི་
རང་གི་བདག་ཉིད་མེད་པ་ཁོ་ནའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལས་དེ་སྐྱེས་མ་ཐག་ཏུ་འཇིག་པར་འགྱུར་ན་ཞིག་ཅིང་འགགས་པར་གྱུར་པ་ནི་རང་གི་བདག་ཉིད་མེད་པ་ཁོ་ན་ཡིན་པའི་ཕྱིར་དེས་ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར་ཏེ། འབྲས་བུ་དང་འབྲེལ་
བར་མི་འཐད་པས། ཕ་རོལ་པོའི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་བའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པོ་ཞེས་བྱ་བར་དགོངས་སོ། །འདིར་གཞན་དག་འདི་སྐད་ཅེས་འགགས་པ་ནི་རང་གི་བདག་ཉིད་མེད་པ་ཁོ་ནའི་ཕྱིར། འབྲས་བུ་སྐྱེད་པར་མི་བྱེད་པ་བདེན་མོད་ཀྱི།
འོན་ཀྱང་འགག་བཞིན་པ་འབྲས་བུ་སྐྱེད་པར་བྱེད་པས་ཁོ་བོ་ཅག་གི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་དེ་འགྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འགག་བཞིན་པ་འབྲས་བུ་བསྐྱེད་པ་ཉིད་དུ་
རྟོག་ན་ཡང་འགག་བཞིན་པ་འགགས་པ་འམ་མ་འགགས་པ་ཉིད་ལ་དེ་མི་འཐད་པའི་ཕྱིར་དང་བརྒལ་ཞིང་བརྟགས་པ་དང་ལན་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འགག་བཞིན་པ་ཞེས་བྱ་བའི་ངོ་བོ་ཉིད་ཀྱང་གང་ཡིན་ཏེ། འགགས་པའམ་མ་འགགས་པ་ཞིག་ཡིན་པས་དེ་ལ་
འགག་བཞིན་པ་ཞེས་བྱ་བ་དེ་མི་འཐད་པའི་ཕྱིར་རོ། །གལ་ཏེ་འགགས་པ་ཡིན་ན་ནི་རང་གི་བདག་ཉིད་མེད་པའི་ཕྱིར། འབྲས་བུ་སྐྱེད་པར་མི་བྱེད་པ་དང་། གལ་ཏེ་མ་འགགས་པ་ཡིན་ན་ཡང་རྟག་པ་ཡིན་པའི་ཕྱིར། དེས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་དོ་ཞེས་བརྒལ་ཞིང་བརྟག་པ་དང་
เล่ม ๑๐๑ · หน้า 28b
ལན་མཚུངས་པའི་ཕྱིར། འགག་བཞིན་པ་འབྲས་བུ་བསྐྱེད་པ་ཉིད་དུ་བརྟག་པ་དེ་ཡང་རིགས་པ་མ་ཡིན་ནོ། །འགག་བཞིན་པ་ནི་འགག་པ་ལ་མངོན་པར་ཕྱོགས་པའོ་ཞེས་བྱ་བར་རྟོག་ན་ཡང་སྐྱོན་ཇི་སྐད་བསྟན་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་ཕ་རོལ་པོ་དག་
འགག་བཞིན་པ་ནི་འགགས་པ་དང་མ་འགགས་པ་མ་ཡིན་གྱི་འགག་པ་ལ་མངོན་པར་ཕྱོགས་པ་ཡིན་པས། ཇི་སྐད་བསྟན་པའི་སྐྱོན་དུ་མི་འགྱུར་བར་རྟོག་ན་ཡང་། འགག་པ་ལ་མངོན་པར་ཕྱོགས་པ་ཞེས་བྱ་བའི་ངོ་བོ་ཉིད་ཀྱང་གང་ཡིན་ཏེ། འགགས་པའམ་མ་འགགས་
པ་ཞིག་ཡིན་པས་དེ་ལ་འགག་པ་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་ནི་མི་འཐད་པའི་ཕྱིར་དང་། གལ་ཏེ་འགགས་པ་ཡིན་ན་ནི་རང་གི་བདག་ཉིད་མེད་པའི་ཕྱིར། འབྲས་བུ་སྐྱེད་པར་མི་བྱེད་པ་དང་། གལ་ཏེ་མ་འགགས་པ་ཡིན་ན་ཡང་རྟག་པ་ཡིན་པའི་ཕྱིར། དེས་ཀྱང་འབྲས་བུ་སྐྱེད་
པར་མི་བྱེད་དོ་ཞེས་བརྒལ་ཞིང་བརྟག་པ་དང་། ལན་མཚུངས་པའི་སྐྱོན་ཇི་སྐད་བསྟན་པ་ཉིད་དུ་འགྱུར་བའི་ཕྱིར་འགག་བཞིན་པ་ནི་འགག་པ་ལ་མངོན་པར་ཕྱོགས་པའོ་ཞེས་བྱ་བར་རྟོག་པ་དེ་ཡང་རིགས་པ་མ་ཡིན་ནོ། །བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་རྟོག་ན་ཡང་ཞེས་བྱ་བ་ནི། གལ་ཏེ་ཕ་
རོལ་པོ་དག་འགག་པ་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་ནི། འགགས་པ་དང་མ་འགགས་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཡིན་པས་དེས་འབྲས་བུ་སྐྱེད་པའི་ཕྱིར། ཁོ་བོ་ཅག་གིས་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་དེ་འགྲུབ་པོ་སྙམ་དུ་རྟོག་ནའོ། །དེ་
ཡང་མི་རུང་བར་བསྟན་པའི་ཕྱིར། དོན་དམ་པར་བརྗོད་པར་བྱ་བ་མ་ཡིན་པ་ནི་འབྲས་བུ་བསྐྱེད་པ་ཉིད་དུ་མི་འཐད་དེ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དཔེར་ན་སྐྱེ་བཞིན་པས་རྗེས་སུ་དཔག་པས་གནོད་པའི་ཕྱིར། དེ་ཡང་སྙིང་པོ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་
པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྐྱེ་བཞིན་པ་ནི་འགགས་པ་དང་མ་འགགས་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། འབྲས་བུ་བསྐྱེད་པ་ཉིད་དུ་མི་འཐད་པ་དེ་བཞིན་དུ་བརྗོད་པར་བྱ་བ་མ་ཡིན་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด