ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๑ · หน้า 29a

ཡང་འགགས་པ་དང་མ་འགགས་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། འབྲས་བུ་བསྐྱེད་པ་ཉིད་དུ་མི་འཐད་པས་རྗེས་སུ་དཔག་པས་གནོད་པའི་ཕྱིར། དེ་ཡང་སྙིང་པོ་མ་ཡིན་ནོ། །དེའི་ཕྱིར་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་དང་། དོན་འགལ་བ་ཉིད་

ཀྱི་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི། མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། ཇི་ལྟར་ལས་རྟག་པ་ཉིད་དུ་རྗེས་སུ་དཔོག་པ་ལ་འབྲས་བུ་བསྐྱེད་པ་ཉིད་མི་འཐད་པ་ཕ་རོལ་པོའི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་དོན་དམ་པར་མ་གྲུབ་པ་ཉིད་ཀྱི་སྐྱོན་དང་།

ཀུན་རྫོབ་ཏུ་འགལ་བ་ཉིད་ཀྱི་སྐྱོན་ཡོད་པ་དེ་བཞིན་དུ་ལས་མི་རྟག་པ་ཉིད་དུ་རྗེས་སུ་དཔོག་པ་ལ་འབྲས་བུ་བསྐྱེད་པ་ཉིད་དུ་མི་འཐད་པས་ཕ་རོལ་པོའི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་བའི་ཕྱིར་རོ་ཞེས་བྱ་བ་དེ་དོན་དམ་པར་ནི་མ་གྲུབ་པ་ཉིད་ཀྱི་སྐྱོན་དང་ཀུན་རྫོབ་ཏུ་ནི་འགལ་བ་ཉིད་ཀྱི་སྐྱོན་དེ་

ཉིད་ཡོད་དོ། །དེ་ལྟར་ལས་ཀྱང་སྐྱེས་ནས་སྨིན་པའི་དུས་ཀྱི་བར་དུ་གནས་པ་ཡིན་ན་ནི་རྟག་པར་འགྱུར་ལ། སྐྱེས་ནས་འཇིག་པར་འགྱུར་བ་ཡིན་ན་ནི་ཆད་པར་འགྱུར་བས། དེ་ལྟར་རྟག་པ་དང་ཆད་པའི་སྐྱོན་དུ་གྱུར་ན་འབྲས་བུ་དང་འབྲེལ་བར་མི་འཐད་པས་ཕ་རོལ་པོའི་གཏན་ཚིགས་

ལས་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པས། དེས་གྲུབ་པར་བྱ་བ་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་མ་གྲུབ་པོ། །འཁོར་བ་ཡོད་པར་མ་གྲུབ་ན་བཅིངས་པ་མེད་པས་ཐར་པ་མེད་པའི་ཕྱིར། སྔར་རབ་ཏུ་བྱེད་པ་

འདས་མ་ཐག་པའི་སྐབས་སུ་ཕ་རོལ་པོ་དག་གིས་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་རྩ་བ་མ་གྲུབ་པས་བསྟན་བཅོས་མཛད་པས་དོན་དམ་པར་ནང་གི་དངོས་པོ་རྣམས་

ལ་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ་ཞེས་དམ་བཅས་པའི་དགོངས་པ་གྲུབ་པ་ནི་ཚད་མའི་འབྲས་བུ་ཡིན་པར་བསྟན་ཏོ། །འདིར་སྨྲས་པ། ལས་དང་འབྲས་བུར་འབྲེལ་པ་ནི་འཐད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུད་ཀྱི་རྒྱུན་ལས་འབྲས་བུ་འགྲུབ་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་

เล่ม ๑๐๑ · หน้า 29b

ནི། དེ་ལྟར་དབུ་མ་པས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་གི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་དེ་སུན་དབྱུང་བ་དང་། འདིར་སྡེ་པ་གཞན་དག་རྣམ་པ་གཞན་གྱི་ལས་དང་འབྲས་བུར་འབྲེལ་པ་འཐད་པར་བསྒྲུབ་པའི་གཞུང་སྟོན་ཏེ། འདིའི་བསྡུས་པའི་དོན་ནི་

དཔེར་ན་ཕྱི་རོལ་གྱི་མྱུ་གུ་ལ་སོགས་པའི་རྒྱུན་གང་ཡིན་པ་ནི་དང་པོའི་ས་བོན་ལས་མྱུ་གུ་འབྱུང་ཞིང་། རྒྱུན་དེ་ལས་ཐ་མའི་འབྲས་བུ་འབྱུང་བས་རྗེས་སུ་འགྲོ་བ་ཡང་ཡོད་ལ། དང་པོའི་ས་བོན་མེད་ན་མྱུ་གུ་ལ་སོགས་པའི་རྒྱུན་དེ་ཡང་མི་འབྱུང་ཞིང་ཐ་མ་འབྲས་བུའི་བར་དུ་མི་འབྱུང་བས་ལྡོག་

པ་ཡོད་དོ། །དེ་ལྟར་གང་གི་ཕྱིར་དང་པོའི་ས་བོན་ལས་མྱུ་གུ་ལ་སོགས་པའི་རྒྱུན་འབྱུང་བ་ལ་རྒྱུན་ལས་འབྲས་བུ་འབྱུང་བར་འགྱུར་ཞིང་ས་བོན་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར། ས་བོན་གྱི་རྒྱུན་གྱིས་མྱུ་གུ་ལ་སོགས་པ་ངེས་པར་གནས་པས་ཆད་པ་ཡང་མ་ཡིན་ལ་མྱུ་གུ་བྱུང་ནས་ས་བོན་

འགགས་པས་རྟག་པ་ཡང་མ་ཡིན་ཏེ། དེ་ལྟར་རྟག་པ་དང་། ཆད་པའི་སྐྱོན་དུ་ཡང་མི་འགྱུར་ལ། ས་བོན་དང་འབྲས་བུར་འབྲེལ་པ་ཡང་ཡོད་པ་དེ་བཞིན་དུ་ནང་གི་སེམས་ཀྱི་རྒྱུན་འབྲེལ་བར་འཇུག་པའི་མཚན་ཉིད་གང་ཡིན་པ་ཡང་དང་པོའི་སེམས་པ་དགེ་བ་དང་མི་དགེ་བ་ལས་

འབྱུང་ཞིང་། རྒྱུན་ལས་ཐ་མའི་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་འབྱུང་བས་རྗེས་སུ་འགྲོ་བ་ཡང་ཡོད་ལ། དང་པོའི་སེམས་པ་མེད་ན་སེམས་ཀྱི་འབྲེལ་པར་འཇུག་པའི་མཚན་ཉིད་ཀྱི་རྒྱུན་དེ་ཡང་མི་འབྱུང་ཞིང་། ཐ་མའི་འབྲས་བུ་བར་དུ་ཡང་མི་འབྱུང་བས་ལྡོག་པ་ཡང་ཡོད་དོ། །

དེ་ལྟར་གང་གི་ཕྱིར་དང་པོའི་སེམས་པ་ལ་སེམས་ཀྱི་རྒྱུན་འབྲེལ་བར་འཇུག་པའི་མཚན་ཉིད་ཀྱི་རྒྱུན་འབྱུང་ལ། རྒྱུན་ལས་འབྲས་བུ་འབྱུང་བར་འགྱུར་ཞིང་། སེམས་པ་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར། སེམས་པའི་རྒྱུན་གྱིས་སེམས་ཀྱི་རྒྱུན་གྱི་བར་འཇུག་པའི་མཚན་ཉིད་

ངེས་པར་གནས་པ་ན། ཆད་པ་ཡང་མ་ཡིན་ལ། སེམས་ཀྱི་རྒྱུན་བྱུང་བ་ན་སེམས་པ་འགགས་པས་རྟག་པ་ཡང་མ་ཡིན་ཏེ། དེ་ལྟར་རྟག་པ་དང་། ཆད་པའི་སྐྱོན་དུ་ཡང་མི་འགྱུར་ལ། ལས་དང་འབྲས་བུར་འབྲེལ་བ་ཡང་ཡོད་པས། ཁོ་བོ་ཅག་གི་གཏན་ཚིགས་ལས་དང་

เล่ม ๑๐๑ · หน้า 30a

འབྲས་བུར་འབྲེལ་བའི་ཕྱིར་རོ་ཞེས་བྱ་བ་གྲུབ་པས། དེས་བསྒྲུབ་པར་བྱ་བ་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་གྲུབ་པོ། །འཁོར་བ་ཡོད་པར་གྲུབ་ན་བཅིངས་པ་ཡོད་པས་ཐར་པ་ཡང་ཡོད་པའི་ཕྱིར་སྔར་རབ་ཏུ་བྱེད་པ་འདས་མ་ཐག་

པའི་སྐབས་སུ་ཁོ་བོ་ཅག་གིས་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་རྩ་བ་གྲུབ་པས། དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་

རོ། །དེའི་ཆོས་མཐུན་པའི་དཔེ་ཉིད་བསྟན་པའི་ཕྱིར། འདི་ལྟ་སྟེ་དཔེར་ན། མྱུ་གུ་ལ་སོགས་རྒྱུན་གང་ཡིན། །ས་བོན་ལས་ནི་མངོན་པར་འབྱུང་། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་ས་བོན་ལས་རྒྱུན་དང་། །རྒྱུན་ལས་འབྲས་བུ་

འབྱུང་འགྱུར་ཞིང་། །ས་བོན་འབྲས་བུའི་སྔོན་འགྲོ་བ། །དེའི་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། མྱུ་གུ་དང་། འདབ་མ་དང་། སྡོང་བུ་དང་། སྦུ་གུ་དང་། སྙེ་མ་དང་། སྤུན་པ་དང་། གྲ་མ་དང་། སྲུས་དང་།

འབྲས་ཐུག་པོ་ཆེ་ལ་སོགས་པའི་མཚན་ཉིད་ཀྱི་རྒྱུན་གང་ཡིན་པ་དེ་ནི། ས་བོན་འགགས་པ་ལས་མངོན་པར་འབྱུང་ཞིང་། རྒྱུན་དེ་ལས་འབྲས་བུ་མངོན་པར་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རྗེས་སུ་འགྲོ་བ་བསྟན་ཏོ། །ས་བོན་མེད་ན་མྱུ་གུ་སྔོན་དུ་བཏང་བའི་རྒྱུན་དེ་ཡང་མངོན་

པར་འབྱུང་བར་མི་འགྱུར་རོ་ཞེས་བྱ་བས་ནི་ལྡོག་པ་བསྟན་ཏོ། །གང་གི་ཕྱིར་ས་བོན་ལས་རྒྱུན་མངོན་པར་འབྱུང་ལ། རྒྱུན་ལས་འབྲས་བུ་མངོན་པར་འབྱུང་བར་འགྱུར་ཞིང་། ས་བོན་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར། ཆད་པ་མ་ཡིན་ཏེ་ས་བོན་གྱི་རྒྱུན་གྱིས་ངེས་པར་གནས་པའི་

ཕྱིར་རོ། །རྟག་པ་ཡང་མ་ཡིན་ཏེ། མྱུ་གུ་འབྱུང་བ་ན་ས་བོན་དེ་འགག་པའི་ཕྱིར་རོ་ཞེས་བྱ་བས་ནི། དེ་ལྟར་རྟག་པ་དང་། ཆད་པའི་སྐྱོན་དུ་ཡང་མི་འགྱུར་ལ། ས་བོན་དང་འབྲས་བུར་འབྲེལ་པ་ཡང་ཡོད་པར་བསྟན་ཏོ། །དེ་ལྟར་ན་དེ་ནི་ཆོས་མཐུན་པའི་དཔེའི་ཚིག་ཡིན་ནོ་ཞེས་བྱ་བ་ནི་དེ་

เล่ม ๑๐๑ · หน้า 30b

ལྟར་ཕྱི་རོལ་གྱི་འདུ་བྱེད་རྣམས་ལས་ས་བོན་དང་འབྲས་བུར་འབྲེལ་བའི་ཚུལ་བསྟན་པ་དེ་ནི་ནང་གི་འདུ་བྱེད་རྣམས་ལ་ལས་དང་འབྲས་བུར་འབྲེལ་པ་ཡོད་པར་སྒྲུབ་པའི་ཆོས་མཐུན་པའི་དཔེའི་ཚིག་ཡིན་ཏེ། འདིས་མཚོན་པའི་དོན་གྱི་དངོས་པོ་ནི་འོག་ནས། །ཆོས་སྒྲུབ་པ་ཡི་ཐབས་རྣམས་ནི། །

དཀར་པོའི་ལས་ཀྱི་ལམ་བཅུ་སྟེ། །ཆོས་ཀྱི་འབྲས་བུ་འདི་གཞན་དུ། །འདོད་པའི་ཡོན་ཏན་རྣམ་ལྔའོ། །ཞེས་འབྱུང་བ་ཡིན་པར་སྦྱར་རོ། །ད་ནི་དམ་བཅས་པའི་དོན་ཉིད་ཀྱི་ཕྱོགས་དང་། སྒྲུབ་པའི་ཆོས་དང་། མཇུག་བསྡུ་བ་བསྟན་པའི་ཕྱིར་དེ་བཞིན་དུ། །སེམས་ཀྱི་རྒྱུན་ནི་གང་

ཡིན་པ། །སེམས་པ་ལས་ནི་མངོན་པར་འབྱུང་། །དེ་ལས་འབྲས་བུ་སེམས་པ་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་སེམས་པ་ལས་རྒྱུན་དང་། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་བྱ་བ་

སྨྲས་སོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར་སེམས་ཀྱི་རྒྱུན་འབྲེལ་བར་འཇུག་པའི་མཚན་ཉིད་གང་ཡིན་པ་ནི་བྱམས་པ་དང་། བྱམས་པ་མ་ཡིན་པའི་སེམས་པ་ལས་སུ་བརྗོད་པ་གང་ཡིན་པའི་སེམས་པ་འགགས་པ་དེ་ལས་མངོན་པར་འབྱུང་ཞིང་། རྒྱུན་ལས་འབྲས་བུ་འདོད་པ་

དང་མི་འདོད་པ་ཉམས་སུ་མྱོང་བའི་མཚན་ཉིད་མངོན་པར་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རྗེས་སུ་འགྲོ་བ་བསྟན་ཏོ། །སེམས་པ་མེད་ན་སེམས་ཀྱི་རྒྱུན་དེ་ཡང་མངོན་པར་འབྱུང་བར་མི་འགྱུར་ཏེ་ཞེས་བྱ་བ་ནི་ལྡོག་པར་བསྟན་ཏོ། །དེ་ལྟར་དེས་ནི་ལས་ཀྱི་རྒྱུན་རྗེས་སུ་འཇུག་པ་ཉིད་

བསྟན་ཏོ་ཞེས་བྱ་བ་ནི། དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་བསྟན་པའི་སྐབས་དེས་ནི་ནང་གི་འདུ་བྱེད་རྣམས་ལ་ལས་དང་འབྲས་བུར་འབྲེལ་པ་ཡོད་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་ལས་དང་འབྲས་བུར་འབྲེལ་པའི་རྒྱུན་རྗེས་སུ་འཇུག་པ་ཉིད་ཡིན་པར་བསྟན་ཏེ། འོག་ནས་བཅོམ་

ལྡན་འདས་ཀྱིས་འབྲས་བུ་ཁྱད་པར་ཅན་ཐོབ་པར་འདོད་པ་རྣམས་ལ་དེ་དང་འབྲེལ་པ་ཐོབ་པར་བྱ་བའི་ཕྱིར། ཐབས་བསྟན་པ་ཡོད་པའི་ཕྱིར་རོ་ཞེས་འབྱུང་བ་དང་སྦྱར་རོ། །གང་ཕྱིར་སེམས་པ་ལས་རྒྱུན་ཞེས་བྱ་བ་རྒྱུ་དང་འབྲས་བུའི་དངོས་པོར་འབྲེལ་ཞིང་རྒྱས་པར་གྱུར་པའི་རྒྱུན་འབྲེལ་པ་

เล่ม ๑๐๑ · หน้า 31a

ཞེས་བྱ་བའི་དོན་མངོན་པར་འབྱུང་ལ། རྒྱུན་ལས་འབྲས་བུ་མངོན་པར་འབྱུང་བར་འགྱུར་ཞིང་། ལས་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་ཆད་པ་ཡང་མ་ཡིན་ལ། རྟག་པ་ཡང་མ་ཡིན་ཏེ། སྒྲུབ་པ་ཇི་སྐད་བསྟན་པས་འདུ་བྱེད་རྣམས་ཀྱི་རྒྱུན་གྱིས་འབྲས་

བུ་བསྐྱེད་པའི་ཕྱིར་དང་། སྐད་ཅིག་མ་གཉིས་པར་ངེས་པར་མི་གནས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ཏེ་ཞེས་བྱ་བས་ནི། དེ་ལྟར་རྟག་པ་དང་། ཆད་པའི་སྐྱོན་དུ་ཡང་མི་འགྱུར་ལ། ལས་དང་འབྲས་བུར་འབྲེལ་བ་ཡང་ཡོད་པར་བསྟན་ཏོ། །དེ་ལྟར་ན་དེ་ནི་མཇུག་བསྡུ་བའི་

ཚིག་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་རྟག་པ་དང་ཆད་པའི་སྐྱོན་དུ་ཡང་མི་འགྱུར་ལ། ལས་དང་འབྲས་བུར་འབྲེལ་པ་ཡང་ཡོད་པར་བསྟན་པའི་སྐབས་དེ་ནི། ནང་གི་འདུ་བྱེད་རྣམས་ལ་ལས་དང་འབྲས་བུར་འབྲེལ་པ་ཡོད་པར་བསྒྲུབ་པའི་མཇུག་བསྡུ་བའི་ཚིག་ཡིན་ཏེ། འོག་ནས་དེའི་ཕྱིར་

གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་ཇི་སྐད་སྨྲས་པའི་དོན་གྲུབ་པོ་ཞེས་བྱ་བ་དང་སྦྱར་རོ། །ད་ནི་དེ་ཉིད་ཀྱི་རྗེས་སུ་དཔག་པའི་ཚད་མ་བསྟན་པར་བྱ་སྟེ། དེའི་ཕྱིར་འདིར་རྗེས་སུ་དཔག་པ་ནི། དོན་དམ་པར་སེམས་ཅན་གྱི་སྒྲར་བརྗོད་པའི་འདུ་བྱེད་རྣམས་ལ། ལས་དང་འབྲས་བུར་

འབྲེལ་པ་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འབྲས་བུ་ཁྱད་པར་ཅན་ཐོབ་འདོད་པ་རྣམས་ལ་དེ་དང་འབྲེལ་པ་ཐོབ་པར་བྱ་བའི་ཕྱིར། ཐབས་བསྟན་པ་ཡོད་པའི་ཕྱིར་དཔེར་ན་ས་བོན་དང་འབྲས་བུར་འབྲེལ་པ་བཞིན་ནོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་ནི། བཅོམ་ལྡན་

འདས་ཀྱིས་དེ་དང་འབྲེལ་པ་ཐོབ་པར་བྱ་བའི་ཕྱིར་ཐབས་མ་བསྟན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་གི་ཕྲེང་བ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་དང་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་པར་

གོ་རིམས་བཞིན་དུ་སྦྱར་ཏེ། འདི་ལ་ནི། ཆོས་སྒྲུབ་པ་ཡི་ཐབས་རྣམས་ནི། །དཀར་པོའི་ལས་ཀྱི་ལམ་བཅུ་སྟེ། །ཆོས་ཀྱི་འབྲས་བུ་འདི་གཞན་དུ། །འདོད་པའི་ཡོན་ཏན་རྣམ་ལྔའོ། །རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་བྱེ་བྲག་ལས་སོ་ཞེས། བཅོམ་ལྡན་འདས་ཀྱིས་

เล่ม ๑๐๑ · หน้า 31b

འབྲས་བུ་ཁྱད་པར་ཅན་འདོད་པ་རྣམས་ལ་དེ་དང་འབྲེལ་པ་ཐོབ་པར་བྱ་བའི་ཕྱིར། ཐབས་བསྟན་པ་ཡོད་པས་ཞེས་བྱ་བས་ནི། ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། ཇི་ལྟར་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་ས་བོན་དང་འབྲས་བུར་འབྲེལ་པའི་ཚུལ་བསྟན་པ་དེ་བཞིན་དུ་ནང་གི་འདུ་བྱེད་འདི་ལ་ཡང་། ལུས་

དང་ངག་དང་ཡིད་ཀྱི་ལས་དགེ་བའི་ཆོས་སྒྲུབ་པའི་ཐབས་ནི། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡིན་ལ་ཆོས་དེའི་འབྲས་བུ་ནི་ཚེ་འདི་དང་། གཞན་དག་ཏུ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་བྱེ་བྲག་ལས་འདོད་པའི་ཡོན་ཏན་རྣམ་པ་ལྔ་ཡིན་ནོ་ཞེས། བཅོམ་ལྡན་འདས་ཀྱིས་

འབྲས་བུ་ཁྱད་པར་ཅན་འདོད་པའི་སྐྱེ་བོ་རྣམས་ལ་འབྲས་བུ་དེ་དང་འབྲེལ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བའི་ཆོས་ཐོབ་པར་བྱ་བའི་ཐབས་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ཡོད་པས་སོ། །དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་ཇི་སྐད་སྨྲས་པའི་དོན་གྲུབ་པོ་ཞེས་བྱ་བ་ནི་མཇུག་

བསྡུ་བ་ཡིན་ཏེ། འདི་ན་ནམ་མཁའི་མེ་ཏོག་ལྟ་བུ་གང་ཡོད་པ་མ་ཡིན་པ་ལ། བཅོམ་ལྡན་འདས་ཀྱིས་དེ་དང་འབྲེལ་པ་ཐོབ་པར་བྱ་བའི་ཕྱིར། ཐབས་མ་བསྟན་པ་དེ་ལ་ནི་ལས་དང་འབྲས་བུར་འབྲེལ་པ་མེད་པ་ཁོ་ན་ཡིན་གྱི། ས་བོན་དང་འབྲས་བུ་ལྟ་བུར་ཡོད་པ་གང་ལ། བཅོམ་

ལྡན་འདས་ཀྱིས་འབྲས་བུ་དེ་དང་འབྲེལ་པའི་ས་བོན་ཐོབ་པར་བྱ་བའི་ཐབས་ཞིང་ལས་ལ་སོགས་པ་བསྟན་པ་དེ་ལ་ནི། ས་བོན་དང་འབྲས་བུར་འབྲེལ་པ་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ། སེམས་ཅན་གྱི་སྒྲར་བརྗོད་པའི་འདུ་བྱེད་རྣམས་ཀྱི་ལས་དང་འབྲས་བུར་འབྲེལ་པ་ཡོད་པ་གང་

དག་ལ་བཅོམ་ལྡན་འདས་ཀྱིས་འབྲས་བུ་དེ་དང་འབྲེལ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བའི་ཆོས་ཐོབ་པར་བྱ་བའི་ཐབས། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་དེ་དག་ལ་ཡང་ལས་དང་འབྲས་བུར་འབྲེལ་པ་ཡོད་པ་ཁོ་ན་ཡིན་པས། དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པ་འདིའི་

མཐུས་ཁོ་བོ་ཅག་གི་གཏན་ཚིགས་སྔ་མ་ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་དེ་གྲུབ་པས། དེས་བསྒྲུབ་པར་བྱ་བ་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་གྲུབ་པོ། འཁོར་བར་ཡོད་པར་གྲུབ་ན་བཅིངས་པ་ཡོད་པས་ཐར་པ་ཡང་ཡོད་

เล่ม ๑๐๑ · หน้า 32a

པའི་ཕྱིར། སྔར་རབ་ཏུ་བྱེད་པ་འདས་མ་ཐག་པའི་སྐབས་སུ་ཁོ་བོ་ཅག་གིས་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་རྩ་བ་གྲུབ་པས། ཁོ་བོ་ཅག་གིས་

དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཇི་སྐད་སྨྲས་པའི་དོན་གྲུབ་པོ་ཞེས་ཟེར་རོ།། །།བམ་པོ་ལྔ་བཅུ་བདུན་པ། གཞན་དག་གིས་སྨྲས་པ། གལ་ཏེ་རྟག་པ་དེར་གྱུར་ན། །ཉེས་པ་ཆེན་པོ་མང་པོར་འགྱུར། །དེ་ལྟ་བས་ན་རྟག་

པ་དེས། །འདིར་ནི་འཐད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འདིར་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་གིས་སྔར་སྡེ་པ་གཞན་དག་གིས་ས་བོན་དང་མྱུ་གུའི་རྒྱུན་འབྲེལ་པ་བཞིན་དུ་ལས་དང་འབྲས་བུར་འབྲེལ་བར་གྱུར་པས། འཁོར་བ་ཡོད་དོ་ཞེས་སྨྲས་པའི་གཞུང་མི་འཐད་པར་སུན་འབྱིན་

ཞིང་། རང་གི་གྲུབ་པའི་མཐའ་ལས་ནི་སྐད་ཅིག་མ་སྟེ་བྱས་མ་ཐག་ཏུ་འགག་ལ་སྐད་ཅིག་མ་དེའི་ཆུད་མི་ཟ་བ་ཞེས་བྱ་བ་སྐད་ཅིག་མ་མ་ཡིན་པའི་ཆོས་ལས་ཀྱི་རྒྱུ་ལས་བྱུང་བ་ལུང་དུ་མ་བསྟན་པ་སེམས་དང་ལྡན་པའི་འདུ་བྱེད་དུ་གཏོགས་པ་སེམས་ཀྱི་རྒྱུ་ལ་སྐྱེ་བ་ངེས་པར་གནས་པ་བུ་ལོན་

གྱི་དཔང་རྒྱ་ལྟ་བུ་ཞིག་ཡོད་པ་དེས་ལས་དང་འགགས་པ་བུ་ལོན་གྱི་ནོར་གཞན་ལ་བཏང་བ་ལྟ་བུ་དེའི་རྣམ་པར་སྨིན་པ་ཆུད་མི་ཟ་བར་འཛིན་ཅིང་གནས་པས། དེས་གང་ཟག་བྱེད་པ་པོ་ལ་ཚེ་འདིའམ། ཕྱི་མ་འམ་ལན་གྲངས་གཞན་ལ་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་

ཆུད་མི་ཟ་བར་འབུལ་ཞིང་བྱེད་པ་པོས་འབྲས་བུ་མྱོང་བར་འགྱུར་བས། ལས་དང་འབྲས་བུར་འབྲེལ་པ་ཡོད་པའི་ཕྱིར། ལུང་ལས་ཀྱང་། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །

ཅེས་གསུངས་པས་དེའི་ཕྱིར་ཁོ་བོ་ཅག་གིས་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་གྲུབ་པས། དེས་བསྒྲུབ་པར་བྱ་བ་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་གྲུབ་བོ། །འཁོར་བ་ཡོད་པར་གྲུབ་ན་བཅིངས་པ་ཡོད་

เล่ม ๑๐๑ · หน้า 32b

པས། ཐར་པ་ཡང་ཡོད་པའི་ཕྱིར། སྔར་རབ་ཏུ་བྱེད་པ་འདས་མ་ཐག་པའི་སྐབས་སུ་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་རྩ་བ་གྲུབ་པས། སྔར་ཁོ་བོ་ཅག་གིས་དོན་

དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཇི་སྐད་སྨྲས་པའི་དོན་གྲུབ་བོ་ཞེས་བྱ་བའི་གཞུང་སྟོན་ཏོ། །དེ་ལ་རེ་ཞིག་སྔར་སྡེ་པ་གཞན་དག་གིས་སྨྲས་པའི་གཞུང་མི་འཐད་པར་སུན་དབྱུང་བར་བསྟན་པའི་ཕྱིར། གལ་ཏེ་ཁྱོད་ཀྱི་ས་བོན་གྱི་རྒྱུན་དང་ཆོས་མཐུན་

པའི་མཚན་ཉིད་ཀྱི་རྟག་པ་དེ་ལྟ་བུར་གྱུར་ན། ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་བ་ཇི་སྙེད་ཅིག་ཀྱང་སྨྲ་བར་ནུས་མོད་ཀྱི། དཔེ་ཙམ་ཞིག་བརྗོད་པར་བྱ་སྟེ། འདི་ལ་ས་བོན་ལས་ས་བོན་དང་རིགས་མཐུན་པའི་

མྱུ་གུའི་རྒྱུན་འབྱུང་བར་འགྱུར་བས། དེ་ལྟ་ན་ཤིང་ཨ་མྲའི་ས་བོན་ལས་ཨ་མྲ་ཉིད་སྐྱེའི། ཤིང་ནིམ་པ་མི་སྐྱེ་ལ། ཤིང་ནིམ་པའི་ས་བོན་ལས་ཀྱང་ནིམ་པ་ཉིད་སྐྱེའི། ཤིང་ཨ་མྲ་མི་སྐྱེ་སྟེ། དེའི་ཕྱིར་ཤིང་ཨ་མྲ་ལས་ཀྱང་ཨ་མྲའི་འབྲས་བུ་ཉིད་སྐྱེ་ཤིང་ནིམ་པའི་འབྲས་བུ་མི་སྐྱེ་ལ། ཤིང་ནིམ་པ་ལས་ཀྱང་ནིམ་པའི་

འབྲས་བུ་ཉིད་སྐྱེ་ཞིང་། ཤིང་ཨ་མྲའི་འབྲས་བུ་མི་སྐྱེ་བས། དེ་ལྟ་ན་ས་བོན་དང་འདྲ་བའི་རྒྱུན་འབྱུང་གི་མི་འདྲ་བ་མི་འབྱུང་ངོ་། །གལ་ཏེ་སེམས་ཀྱི་རྒྱུན་འབྲེལ་པ་ལས་འབྲས་བུ་འབྱུང་བ་ཡང་དེ་དང་འདྲ་བར་གྱུར་ན་ཡང་། མིའི་སེམས་ལས་ཀྱང་མིའི་རྒྱུན་ཁོ་ན་འབྱུང་ལ། ལྷའི་སེམས་ལས་ཀྱང་ལྷའི་རྒྱུན་ཁོ་ན་འབྱུང་།

དུད་འགྲོའི་སེམས་ལས་ཀྱང་དུད་འགྲོའི་རྒྱུན་ཁོ་ན་འབྱུང་། ཡི་དྭགས་ཀྱི་སེམས་ལས་ཀྱང་ཡི་དྭགས་ཀྱི་རྒྱུན་ཁོ་ན་འབྱུང་། སེམས་ཅན་དམྱལ་བའི་སེམས་ལས་ཀྱང་སེམས་དམྱལ་བའི་རྒྱུན་ཁོ་ན་འབྱུང་བར་འགྱུར་རོ། །དེ་ལྟར་གྱུར་ན་འགྲོ་བ་འཁྲུལ་པ་མེད་པས་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་

འགྱུར་ཏེ། དེ་ལ་ཉེས་པའི་སྐྱོན་ཆེན་པོ་དེ་དག་ལ་སོགས་པ་མང་དུ་འབྱུང་བར་འགྱུར་རོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། མིའི་རྒྱུད་ལས་ལྷ་ལ་སོགས་པའི་རྒྱུད་དུ་སྐྱེ་བར་མི་འགྱུར་ཏེ། རིགས་ཐ་དད་པའི་ཕྱིར། དཔེར་ན་ཤིང་ནིམ་པའི་ས་བོན་ལས་ཨ་མྲ་ལ་སོགས་པའི་

เล่ม ๑๐๑ · หน้า 33a

འབྲས་བུ་སྐྱེ་བར་མི་འགྱུར་བ་བཞིན་པས་རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་གལ་ཏེ་སྡེ་པ་གཞན་དག་གི་ས་བོན་གྱི་རྒྱུན་དང་ཆོས་མཐུན་པའི་མཚན་ཉིད་བརྟག་པ་དེ་ལྟར་གྱུར་ན་འགྲོ་བ་འཁྲུལ་པ་མེད་པས་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་

བའི་ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་བ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཤིང་ནིམ་པའི་ས་བོན་དང་ཨ་མྲ་ལ་སོགས་པའི་འབྲས་བུ་ནི་རིགས་ཐ་

དད་པའི་ཕྱིར། ཤིང་ནིམ་པའི་ས་བོན་ལས་ཨ་མྲ་ལ་སོགས་པའི་འབྲས་བུ་སྐྱེ་བར་མི་འགྱུར་བ་དེ་བཞིན་དུ། མིའི་རྒྱུད་དང་ལྷ་ལ་སོགས་པའི་རྒྱུད་ཀྱང་རིགས་ཐ་དད་པའི་ཕྱིར། མིའི་རྒྱུད་ལས་ལྷ་ལ་སོགས་པའི་རྒྱུད་དུ་སྐྱེ་བར་མི་འགྱུར་བས། རྗེས་སུ་དཔག་པ་དེས་གནོད་

པའི་ཕྱིར། གལ་ཏེ་སྡེ་པ་གཞན་དག་གི་ས་བོན་གྱི་རྒྱུན་དང་ཆོས་མཐུན་པའི་མཚན་ཉིད་ཀྱི་བརྟག་པ་དེ་ལྟར་གྱུར་ན། ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་བས། དེ་ནི་མི་འདོད་དོ། །དེ་བཞིན་དུ་དགེ་བའི་སེམས་ལས་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་དང་།

མི་དགེ་བའི་སེམས་ལས་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་། ལུང་དུ་མ་བསྟན་པའི་སེམས་ལས་དགེ་བ་དང་མི་དགེ་བའི་སེམས་དང་། འདོད་པ་ན་སྤྱོད་པའི་སེམས་ལས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། འཇིག་རྟེན་ལས་འདས་པའི་སེམས་དང་། གཟུགས་

ན་སྤྱོད་པའི་སེམས་ལས་འདོད་པ་དང་། གཟུགས་མེད་པ་ན་སྤྱོད་པ་དང་། འཇིག་རྟེན་ལས་འདས་པའི་སེམས་དང་། གཟུགས་མེད་པ་ན་སྤྱོད་པའི་སེམས་ལས་འདོད་པ་དང་གཟུགས་ན་སྤྱོད་པ་དང་། འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བར་མི་འགྱུར་ཏེ། རྗེས་སུ་དཔག་པ་ཇི་སྐད་བསྟན་པས་གནོད་པར་

འགྱུར་བའི་ཕྱིར་ཏེ་ཞེས་བྱ་བས་གཏན་ཚིགས་དང་དཔེ་སྔ་མ་བཞིན་དུ་སྦྱར་ཏེ། དེས་ནི་གལ་ཏེ་སྡེ་པ་གཞན་དག་གི་ས་བོན་གྱི་རྒྱུན་དང་ཆོས་མཐུན་པའི་མཚན་ཉིད་ཀྱི་བརྟག་པ་དེ་ལྟར་གྱུར་ན། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཟག་པ་མེད་པའི་སེམས་སྣ་ཚོགས་མཇུག་ཐོགས་སུ་མི་སྐྱེ་ཞིང་ཁམས་

เล่ม ๑๐๑ · หน้า 33b

འཁྲུལ་པ་མེད་པས་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་བའི་ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་བ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཤིང་ནིམ་

པའི་ས་བོན་དང་ཨ་མྲ་ལ་སོགས་པའི་འབྲས་བུ་ནི་རིགས་ཐ་དད་པའི་ཕྱིར་ཤིང་ནིམ་པའི་ས་བོན་ལས་ཨ་མྲ་ལ་སོགས་པའི་འབྲས་བུ་སྐྱེ་བར་མི་འགྱུར་བ་བཞིན་དུ། དགེ་བའི་སེམས་དང་མི་དགེ་བའི་སེམས་ལ་སོགས་པ་དང་འདོད་པ་ན་སྤྱོད་པའི་སེམས་དང་། གཟུགས་ན་སྤྱོད་པའི་སེམས་ལ་སོགས་

པ་དག་ཀྱང་རིགས་ཐ་དད་པའི་ཕྱིར། དགེ་བའི་སེམས་ལས་མི་དགེ་བའི་སེམས་ལ་སོགས་པ་དང་། འདོད་པ་ན་སྤྱོད་པའི་སེམས་ལས་གཟུགས་ན་སྤྱོད་པའི་སེམས་ལ་སོགས་པ་སྐྱེ་བར་མི་འགྱུར་བས་རྗེས་སུ་དཔག་པ་དེས་གནོད་པའི་ཕྱིར། གལ་ཏེ་སྡེ་པ་གཞན་དག་གི་ས་བོན་གྱི་རྒྱུན་དང་། ཆོས་

མཐུན་པའི་མཚན་ཉིད་ཀྱི་བརྟག་པ་དེ་ལྟར་གྱུར་ན་ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་བས། དེ་ཡང་མི་འདོད་དོ། །དེ་ལྟར་ན་དགེ་བ་དང་། མི་དགེ་བ་དག་བྱ་བ་དང་སྤང་བར་མི་འཐད་པས་དེའི་ཕྱིར་བརྟག་པ་དེ་ནི་འདིར་འཐད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་

ཡིན་ཏེ། དགེ་བ་དང་མི་དགེ་བ་དང་བསྒྲིབས་པ་དང་མ་བསྒྲིབས་པའི་ལུང་དུ་མ་བསྟན་པའི་བྱེ་བྲག་ལས་སེམས་སྣ་ཚོགས་པ་ཉིད་དུ་འགྱུར་ཞིང་། སེམས་སྣ་ཚོགས་པ་ཉིད་ལས་རྒྱུན་སྣ་ཚོགས་ཉིད་དུ་འགྱུར། རྒྱུན་སྣ་ཚོགས་ཉིད་ལས་ལས་སྣ་ཚོགས་ཉིད་དང་ལས་སྣ་ཚོགས་ཉིད་ལས་འགྲོ་བ་དང་།

རིགས་དང་། རུས་དང་། ཡུལ་དང་། དུས་དང་། དབང་པོ་དང་། ཁ་དོག་དང་། དབྱིབས་དང་། སྟོབས་དང་། བློ་ལ་སོགས་པ་ཐ་དད་པར་འགྱུར་བ་ཡིན་ན། དེ་ཡང་བརྟག་པ་འདིས་མི་འཐད་པས་དེའི་ཕྱིར། སྐྱོན་ཆེན་པོ་མང་པོ་དུ་མར་འགྱུར་བས་བརྟག་པ་དེ་ནི་འདིར་འཐད་པ་མ་ཡིན་ནོ། །དེ་ལྟར་

སྡེ་པ་གཞན་དག་གིས་སྨྲས་པའི་གཞུང་མི་འཐད་པར་སུན་ཕྱུང་ནས། ད་ནི་རང་གི་གྲུབ་པའི་མཐའ་བསྟན་པའི་ཕྱིར། འོ་ན་ཇི་ལྟ་བུར་འཐད་ཅེ་ན། སྨོས་པའི་སྐྱོན་གྱི་དྲི་མས་མ་གོས་པ། །སངས་རྒྱས་རྣམས་དང་རང་རྒྱལ་དང་། །ཉན་ཐོས་རྣམས་ཀྱིས་གསུངས་པ་ཡི། །བརྟག་པ་གང་ཞིག་

เล่ม ๑๐๑ · หน้า 34a

འདིར་འཐད་པ། །དེ་ནི་རབ་ཏུ་བརྗོད་པར་བྱ། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་བསྟན་པའི་ཕྱིར། དེ་ཡང་གང་ཞེ་ན། ཇི་ལྟར་བུ་ལོན་དཔང་རྒྱ་ལྟར། །དེ་ལྟར་ལས་ཀྱང་ཆུད་མི་ཟ། །ཞེས་བྱ་བ་ལ་སོགས་པ་སྟེ། ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་དེའི་མཚན་ཉིད་ཀྱི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་

གྲུབ་པའི་མཐའ་ལས་བུ་ལོན་ཇི་ལྟ་བ་དེ་ལྟར་ནི་ལས་བལྟ་བར་བྱ་ལ། དཔང་རྒྱ་ཇི་ལྟ་བ་དེ་ལྟར་ནི་ཆུད་མི་ཟ་བ་དེ་བལྟ་བར་བྱ་སྟེ། དེ་ལྟ་བས་ན་ལས་ཀྱི་སྐད་ཅིག་མ་དེ་བྱས་མ་ཐག་ཏུ་འགག་ལ། ལས་སྐད་ཅིག་མ་དེའི་ཆུད་མི་ཟ་བ་ཞེས་བྱ་བ་སྐད་ཅིག་མ་མ་ཡིན་པའི་ཆོས་ལས་ཀྱི་རྒྱུ་ལས་བྱུང་བ་ལུང་

དུ་མ་བསྟན་པ་སེམས་དང་མི་ལྡན་པའི་འདུ་བྱེད་དུ་གཏོགས་པ་སེམས་ཀྱི་རྒྱུད་ལ་སྐྱེ་བ་ངེས་པར་གནས་པ་བུ་ལོན་གྱི་དཔང་རྒྱ་ལྟ་བུ་ཞིག་ཡོད་པ་དེས་ལས་འགགས་པ་བུ་ལོན་གྱི་ནོར་གཞན་ལ་བཏང་བ་ལྟ་བུ་དེའི་རྣམ་པར་སྨིན་པ་ཆུད་མི་ཟ་བར་འཛིན་ཅིང་གནས་པས། དེས་གང་ཟག་བྱེད་པ་པོ་ལ་

ཚེ་འདི་འམ། ཕྱི་མ་འམ། ལན་གྲངས་གཞན་ལ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་ཆུད་མི་ཟ་བར་འབུལ་ཞིང་བྱེད་པ་པོས་འབྲས་བུ་མྱོང་བར་འགྱུར་བས། ལས་དང་འབྲས་བུར་འབྲེལ་པ་ཡོད་པའི་ཕྱིར། ལུང་ལས་ཀྱང་། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་

ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་གསུངས་པས་དེའི་ཕྱིར། ལས་དང་འབྲས་བུར་འབྲེལ་པ་ཡང་ཡོད་ལ། རྟག་པ་དང་ཆད་པའི་སྐྱོན་དུ་ཡང་མི་འགྱུར་བ་ཡིན་པས། དེས་ན་ཁོ་བོ་ཅག་གི་གཏན་ཚིགས་ལས་དང་འབྲས་བུར་

འབྲེལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་གྲུབ་པས་བརྟག་པ་དེ་ཉིད་འདིར་འཐད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་བསྟན་པའི་ཕྱིར། བུ་ལོན་གྱི་དཔང་རྒྱ་ཇི་ལྟ་བ་དེ་ལྟར་ལས་ཀྱི་ཕྱག་རྒྱ་ཆུད་མི་ཟ་བའི་མཚན་ཉིད་ཀྱི་ཆོས་ངེས་པར་གནས་ཏེ། དཔེར་ན་བུ་ལོན་གྱི་ནོར་དེ་སྤྱད་ཀྱང་དཔང་རྒྱ་ཡོད་པས་

ནོར་བདག་གི་ནོར་ཆུད་མི་ཟ་ཞིང་ནོར་གྱི་ཕུང་པོ་སྐྱེད་དང་བཅས་པ་འོང་བར་འགྱུར་བ་དེ་བཞིན་དུ། ལས་སྐད་ཅིག་མ་འགགས་སུ་ཟིན་ཀྱང་དེའི་རྒྱུ་ལས་བྱུང་བ་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་ཡོད་པས་བྱེད་པ་པོའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་ཞིང་འབྲས་བུ་ཁྱད་པར་ཅན་དང་བཅས་པ་འོང་བར་

เล่ม ๑๐๑ · หน้า 34b

འགྱུར་རོ་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་ནོར་བདག་གི་ནོར་ཕྱིར་ཁུགས་ན་བུ་ལོན་གྱི་དཔང་རྒྱ་རོར་འགྱུར་བ་དེ་ལྟར་བྱེད་པ་པོས་འབྲས་བུ་མྱོང་ན་ཆུད་མི་ཟ་བ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི། འོག་ནས་རྣམ་པར་སྨིན་ཀྱང་གནས་པ་ཡིན། །ཞེས་འབྱུང་བས། དེ་ཤོག་རོ་དང་འདྲ་བར་

གནས་སུ་ཟིན་ཀྱང་ཡང་འབྲས་བུ་སྐྱེད་པར་ནི་མི་ནུས་ཏེ། འབྲས་བུ་སྐྱེད་ཟིན་པའི་ཕྱིར་ངེས་པར་སྤྱད་ཟིན་པའི་དཔང་རྒྱ་བཞིན་ནོ། །ཆུད་མི་ཟ་བ་དེ་རྣམ་པ་དུ་ཡོད་ཅེ་ན། དེའི་ཕྱིར། དེ་ནི་ཁམས་ལས་རྣམ་པ་བཞི། །ཆུད་མི་ཟ་བ་དེ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པར་

གཏོགས་པ་དང་ཟག་པ་མེད་པའི་ཁམས་ཀྱི་བྱེ་བྲག་ལས་རྣམ་པ་བཞིར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཁམས་གསུམ་པ་དང་ཟག་པ་མེད་པར་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆུད་མི་ཟ་བ་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། དེ་ཡང་རང་བཞིན་ལུང་མ་བསྟན། །དགེ་བ་དང་མི་

དགེ་བ་ཉིད་བརྡ་མི་སྤྲོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁམས་གསུམ་པ་དང་ཟག་པ་མེད་པར་གཏོགས་པའི་ལས་དག་ནི་དགེ་བ་དང་མི་དགེ་བ་ཡིན་མོད་ཀྱི། དེ་དག་གི་རྣམ་པར་སྨིན་པ་འཛིན་པའི་ཆུད་མི་ཟ་བ་དེ་ནི་དགེ་བ་དང་མི་དགེ་བ་ཉིད་དུ་བརྡ་མི་སྤྲོད་པའི་ཕྱིར། རང་བཞིན་གྱིས་ལུང་དུ་

མ་བསྟན་པ་ཡིན་ནོ། །ཁམས་གསུམ་པ་དང་ཟག་པ་མེད་པར་གཏོགས་པའི་ལས་དག་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པས་དེ་དག་གི་རྣམ་པར་སྨིན་པ་འཛིན་པའི་ཆུད་མི་ཟ་བ་དེ་ཡང་ལས་ཀྱི་བྱེ་བྲག་གིས་རྣམ་པར་དབྱེ་ན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམ་པ་གཉིས་སུ་

ཤེས་པར་བྱ་བར་ཟད་ཀྱི། དེའི་ངོ་བོ་ཉིད་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཉིད་དུ་བརྡ་མི་སྤྲོད་པའི་ཕྱིར། ཡང་རང་བཞིན་གྱིས་ལུང་དུ་མ་བསྟན་པ་ཡིན་ནོ། །ཆུད་མི་ཟ་བ་དེ་ཇི་ལྟར་སྤོང་བར་འགྱུར་ཞེ་ན། དེའ་ཕྱིར། སྤོང་བས་སྤང་བ་མ་ཡིན་ཏེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་འགོག་པ་

དང་ལམ་མཐོང་བས་སྤང་པར་བྱ་བ་སྤོང་བས་སྤོང་བར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཆུད་མི་ཟ་བ་རྣམ་པ་བཞི་པོ་རང་བཞིན་གྱིས་ལུང་དུ་མ་བསྟན་པ་དེ་ནི་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་ཁམས་གསུམ་གྱི་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤོང་བས་སྤང་བ་མ་ཡིན་ཏེ། དེ་ལྟར་མཐོང་

เล่ม ๑๐๑ · หน้า 35a

བའི་ལམ་གྱིས་ནི་མི་དགེ་བ་དང་ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པ་རྣམས་སྤོང་བ་ཡིན་གྱི། དགེ་བ་དང་ཟག་པ་མེད་པ་དང་ལུང་དུ་མ་བསྟན་པ་སྤོང་བ་མ་ཡིན་ལ། ཆུད་མི་ཟ་བ་དེ་ནི་རང་བཞིན་གྱིས་ལུང་དུ་མ་བསྟན་པ་ཡིན་པས་མཐོང་བའི་ལམ་གྱིས་སྤང་བ་མ་ཡིན་པའི་ཕྱིར་

རོ། །འོ་ན་དེ་གང་གིས་སྤོང་ཞེ་ན། དེའི་ཕྱིར་བསྒོམ་པས་སྤོང་བ་ཉིད་ཀྱང་ཡིན། འབྲས་བུ་འཕོ་བ་ན་བསྒོམ་པའི་ལམ་གྱིས་སྤང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཆུད་མི་ཟ་བ་དེ་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅོ་ལྔའི་བར་དུ་ནི་མི་སྤོང་ངོ་། །སྐད་ཅིག་མ་བཅོ་ལྔ་པ་ནས་སྐད་ཅིག་

མ་བཅུ་དྲུག་པར་རྒྱུན་ཏུ་ཞུགས་པའི་འབྲས་བུར་འཕོ་བ་ན་བསྒོམ་པའི་ལམ་གྱིས་སོ་སོའི་སྐྱེ་བོའི་ལས་མི་དགེ་བ་དང་། ཟག་པ་དང་བཅས་པ་དང་། རྒྱུན་དུ་འཇུག་པའི་ལས་ཀྱི་རྣམ་པར་སྨིན་པ་འཛིན་པའི་ཆུད་མི་ཟ་བ་ལུང་དུ་མ་བསྟན་པ་དེ་སྤང་བ་ཡིན་ལ། དེ་བཞིན་དུ་རྒྱུན་

དུ་ཞུགས་པའི་འབྲས་བུ་ནས། ལན་ཅིག་ཕྱིར་འོང་བའི་འབྲས་བུར་འཕོ་བ་ན་བསྒོམ་པའི་ལམ་གྱིས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བར་འཇུག་པའི་ལས་དགེ་བ་དང་། ཟག་པ་མེད་པའི་རྣམ་པར་སྨིན་པ་འཛིན་པའི་ཆུད་མི་ཟ་བ་ལུང་དུ་མ་བསྟན་པ་དེ་སྤང་བ་དང་། ལན་ཅིག་ཕྱིར་

འོང་བའི་འབྲས་བུ་ནས་ཕྱིར་མི་འོང་བའི་འབྲས་བུར་འཕོ་བ་ན། བསྒོམ་པའི་ལམ་གྱིས་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བར་འཇུག་པའི་ཆུད་མི་ཟ་བ་དེ་སྤང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ནས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུར་འཕོ་བ་ན་བསྒོམ་པའི་ལམ་གྱིས་ཕྱིར་མི་འོང་བ་དང་དགྲ་

བཅོམ་པར་འཇུག་པའི་ཆུད་མི་ཟ་བ་དེ་སྤང་བ་དང་དགྲ་བཅོམ་པའི་ཆུད་མི་ཟ་བ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སྤང་བ་ཡིན་པའི་ཕྱིར། ཆུད་མི་ཟ་བ་དེ་ནི་བསྒོམ་པས་སྤང་བ་ཉིད་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲ་ནི་འབྲས་བུ་སྐྱེས་པས་ཀྱང་སྤང་བ་ཉིད་ཡིན་ནོ་ཞེས་

རྣམ་པར་བརྟག་པའི་དོན་ཏོ་ཞེས་བྱ་བ་ནི་ཀྱང་གི་སྒྲས་ཇི་ལྟར་ནོར་བདག་གིས་ནོར་ཕྱིར་ཁུགས་ན་བུ་ལོན་གྱི་དཔང་རྒྱ་རོར་འབྱུང་བ་དེ་ལྟར་བྱེད་པ་པོས་འབྲས་བུ་མྱོང་བ་ན་ཆུད་མི་ཟ་བ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ཡང་བསྡུ་བའི་དོན་ཏེ། དེའི་འོག་ནས་རྣམ་པར་སྨིན་ཀྱང་གནས་པ་ཡིན་ཞེས་

เล่ม ๑๐๑ · หน้า 35b

འབྱུང་བས་ཆུད་མི་ཟ་བ་དེས། ཚེ་འདི་འམ་ཕྱི་མ་དང་ལན་གྲངས་གཞན་ལ་བྱེད་པ་པོ་ལ་ལས་ཀྱི་འབྲས་བུ་ཕུལ་ཏེ་བྱེད་པ་པོས་འབྲས་བུ་མྱོང་ཡང་ཆུད་མི་ཟ་བ་དེ་ནི། ལས་རྣམ་པར་སྨིན་ནས་འགག་པ་དེ་ལྟར་ངེས་པར་འགག་པ་ཉིད་མ་ཡིན་ཏེ། ཇི་སྲིད་དུ་འབྲས་བུ་འཕོས་པ་དང་ཤི་བར་མ་གྱུར་གྱི་

བར་དུ་གནས་པ་ཡིན་མོད་ཀྱི། དེ་གནས་སུ་ཟིན་ཀྱང་ཡང་འབྲས་བུ་བསྐྱེད་པར་ནི་མི་ནུས་ཏེ། འབྲས་བུ་བསྐྱེད་ཟིན་པའི་ཕྱིར། ངེས་པར་སྤྱད་ཟིན་པའི་དཔང་རྒྱ་བཞིན་དུ་འགྱུར་བ་ལ་དགོངས་ནས། འདིར་ཀྱང་གི་སྒྲས་འབྲས་བུ་བསྐྱེད་པས་ཀྱང་སྤང་བ་ཉིད་ཡིན་ནོ་ཞེས་རྣམ་པར་བརྟག་པའི་

དོན་བསྟན་ཏོ། །ཆུད་མི་ཟ་བ་དེ་མཐོང་བའི་ལམ་གྱིས་མ་སྤངས་པའི་ཡོན་ཏན་བསྟན་པའི་ཕྱིར། དེ་ཕྱིར་ཆུད་མི་ཟ་བ་ཡི། །ལས་ཀྱི་འབྲས་བུ་བསྐྱེད་པར་འགྱུར། །གང་ཕྱིར་དེ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་སྤོང་བས་སྤང་བ་མ་ཡིན་པ་དེའི་ཕྱིར། སྡུག་བསྔལ་ལ་སོགས་

པ་མཐོང་བས་སྤང་བར་བྱ་བའི་ལས་མི་དགེ་བ་མཐོང་བས་ལམ་གྱིས་སྤངས་པ་བཞིན་དུ་བསྒོམ་པའི་ལམ་གྱི་ལས་དགེ་བ་རང་འགགས་ཏེ། སྤངས་སུ་ཟིན་ཀྱང་ཆུད་མི་ཟ་བས་བསྒོམ་པའི་ལམ་གྱི་འབྲས་བུ་ཐོབ་པ་རྣམས་ལ་ཡང་ལས་རྣམས་ཀྱི་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། གང་

གི་ཕྱིར་ཆུད་མི་ཟ་བ་དེ་སྤོང་བས་སྤང་བ་མ་ཡིན་པ་དེའི་ཕྱིར་ཇི་ལྟར་མཐོང་བའི་ལམ་གྱི་ལས་ནི་མི་དགེ་བ་སྤངས་པ་བཞིན་དུ་བསྒོམ་པའི་ལམ་གྱི་ལས་དགེ་བ་རང་འགགས་ཏེ་སྤངས་སུ་ཟིན་ཀྱང་ཆུད་མི་ཟ་བ་མཐོང་བའི་ལམ་གྱིས་སྤངས་པ་བསྒོམ་པའི་ལམ་གྱི་གནས་སྐབས་ན། ཡོད་པ་དེས་

བསྒོམ་པའི་ལམ་གྱི་འབྲས་བུ་ཐོབ་པའི་གང་ཟག་རྣམས་ལ་ཡང་ལས་རྣམས་ཀྱི་འབྲས་བུ་བསྐྱེད་པར་འགྱུར་བ་ནི་ཆུད་མི་ཟ་བ་དེ་མཐོང་བའི་ལམ་གྱིས་མ་སྤངས་པའི་ཡོན་ཏན་ཡིན་ནོ། །ཆུད་མི་ཟ་བ་དེ་མཐོང་བའི་ལམ་གྱིས་སྤང་བ་དང་། ལས་འགག་པ་བཞིན་དུ་སྤོང་ཞིང་འགག་པར་གྱུར་ན་

མི་རུང་བའི་ཉེས་དམིགས་བསྟན་པའི་ཕྱིར། དེ་ལ་ཆུད་མི་ཟ་བ་དེ། གལ་ཏེ་སྤོང་བས་སྤངས་པ་དང་། །ལས་འཕོ་བ་དང་མཐུན་འགྱུར་ན། །དེ་ལ་ལས་འཇིག་པ་ལ་སོགས་པའི་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར། དེ་ལ་གལ་ཏེ་ཆུད་མི་ཟ་བ་དེ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་

เล่ม ๑๐๑ · หน้า 36a

བའི་ཉོན་མོངས་པའི་ཕྲ་རྒྱས་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དང་། རིགས་མཐུན་པ་ཡིན་པར་གྱུར་ཏམ། ལས་བྱས་མ་ཐག་ཏུ་རང་འགག་ཅིང་འཕོ་བ་དང་རིས་མཐུན་པར་ཡིན་པར་གྱུར་ན། དེ་ལས་ཀྱི་འབྲས་བུ་མེད་པས། ལས་འཇིག་པ་ལ་སོགས་པའི་

སྐྱོན་རྣམས་སུ་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཆུད་མི་ཟ་བ་དེ་མཐོང་བས་སྤང་པའི་ཕྲ་རྒྱས་དག་དང་རིས་མཐུན་ཞིང་མཐོང་བས་སྤོང་བར་བྱ་བ་ཡིན་ནམ། ལས་བྱས་མ་ཐག་ཏུ་རང་འགག་ཅིང་འཕོ་བ་དང་། རིས་མཐུན་ཞིང་འགག་པ་ཡིན་པར་གྱུར་ན། དེ་ལྟ་ན་སྡུག་བསྔལ་ལ་སོགས་པ་མཐོང་ཞིང་

སྤང་བར་བྱ་བ་སྤངས་ཏེ་མེད་པ་བཞིན་ནམ། ལས་འགགས་ཏེ་མེད་པ་བཞིན་དུ། ཆུད་མི་ཟ་བ་དེ་ཡང་མེད་པར་འགྱུར་བས། དེ་ལ་ལས་ཀྱི་འབྲས་བུ་མེད་པས། ལས་འཇིག་པ་དང་འབྲས་བུ་འཇིག་པ་ལ་སོགས་པའི་སྐྱོན་རྣམས་སུ་ཐལ་བར་འགྱུར་བས། དེ་ནི་མི་འདོད་དེ། ཆུད་མི་ཟ་བ་དེ་མཐོང་བའི་ལམ་

གྱིས་སྤང་བ་མ་ཡིན་པའི་ཁུངས་བསྟན་པའི་ཕྱིར། ལས་དགེ་བ་ནི་མཐོང་བའི་ལམ་གྱིས་སྤང་བ་ཡིན་པར་བལྟ་བར་བྱ་སྟེ། འཕགས་པ་ཡང་སོ་སོའི་སྐྱེ་བོའི་ལས་དང་ལྡན་པར་གྱུར་ན་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ལས་མི་དགེ་བ་ནི་མཐོང་བའི་ལམ་གྱིས་སྤོང་བ་ཡིན་ཏེ། དེ་ལྟ་མ་ཡིན་དུ་ཟིན་ཀྱང་མཐོང་བ་

ཐོབ་པའི་འཕགས་པ་ཡང་སོ་སོའི་སྐྱེ་བོའི་ལས་མི་དགེ་བ་དང་ལྡན་པར་འགྱུར་བས་དེ་ནི་མི་འདོད་དོ། །དེའི་ཕྱིར་མཐོང་བའི་ལམ་གྱིས་ནི་ལས་མི་དགེ་བ་འབའ་ཞིག་སྤོང་བར་ཟད་ཀྱི་དགེ་བ་དང་ལུང་དུ་མ་བསྟན་པ་དག་མི་སྤང་ལ། ཆུད་མི་ཟ་བ་དེ་ནི་ལུང་དུ་མ་བསྟན་པ་ཡིན་པས་མཐོང་བས་སྤང་བར་བྱ་བ་དང་

རིས་མཐུན་པ་མ་ཡིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །དེ་ལྟ་བས་ན་མཐོང་བས་སྤང་བར་བྱ་བ་དང་ལས་བཞིན་དུ་སྤང་བར་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་ཉེས་དམིགས་དེ་གཉིས་བསལ་བའི་མཇུག་བསྡུ་བ་ཡིན་ཏེ། ཆུད་མི་ཟ་བ་དེ་ནི་སྤོང་བས་སྤང་བ་དང་རིས་མཐུན་པ་ཡིན་ལ། ལས་འཕོ་བ་དང་རིས་མཐུན་

པ་ཡང་མ་ཡིན་པས། མཐོང་བས་སྤང་བར་བྱ་བ་དང་ལས་བཞིན་དུ་སྤང་བར་བྱ་བ་མ་ཡིན་ནོ། །འོ་ན་ནམ་སྤོང་ཞེ་ན། དེའི་ཕྱིར། འབྲས་བུ་འཕོས་ན་ནི་སྤོང་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེའི་འོག་ནས། དེ་ནི་འབྲས་བུ་འཕོས་པ་དང་། ཤི་བར་གྱུར་ན་འགག་པར་འགྱུར། ཞེས་འབྱུང་བའི་སྐབས་ཀྱིས་སྟོན་པར་འགྱུར་རོ། །

เล่ม ๑๐๑ · หน้า 36b

ཆུད་མི་ཟ་བ་དེ་ཁམས་འཕོ་བས་ཇི་ལྟར་སྤོང་བར་འགྱུར་ཞེ་ན། དེའི་ཕྱིར་འདོད་པར་གཏོགས་པ་ནི་འདོད་པའི་ཁམས་ལས་ཡང་དག་པར་འདས་པས་སྤོང་ལ། གཟུགས་དང་གཟུགས་མེད་པར་གཏོགས་པ་དག་ཀྱང་གཟུགས་དང་གཟུགས་མེད་པའི་ཁམས་དག་ལས་ཡང་དག་པར་འདས་པས་སྤོང་ངོ་ཞེས་བྱ་བ་སྨྲས་ཏེ།

ཁམས་གཞན་ནས་ཤི་འཕོས་ཏེ་ཁམས་གཞན་དུ་སྐྱེ་བའི་ཚེ་ན་ཁམས་སྔ་མའི་ཆུད་མི་ཟ་བ་ཁམས་མཚུངས་པར་ཉིང་མཚམས་སྦྱོར་བའི་ཚེ་གཅིག་པུ་ཁོ་ནར་སྐྱེ་བ་དེ་ཡང་སྤོང་ཞིང་། ཁམས་གཞན་གྱི་ཆུད་མི་ཟ་བ་གཞན་སྐྱེའོ། །ཆུད་མི་ཟ་བ་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། དེའི་ཕྱིར། ཁམས་མཚུངས་ལས་ནི་ཆ་མཚུངས་དང་། །ཆ་མི

མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །ཁམས་མཚུངས་པའི་ཞེས་བྱ་བ་ནི་ཁམས་འདྲ་བའི་འོ། །ལས་ཆ་མཚུངས་པ་ནི་རིགས་མཐུན་པའོ། །ཆ་མི་མཚུངས་པ་ནི་རིགས་མི་མཐུན་པའོ། །དེ་དག་ཐམས་ཅད་ཀྱི་ཆུད་མི་ཟ་བ་དེ་ཚེ་འདི་ལ་རེ་རེ་

ལས་སྐྱེས་པ་དག་ནི་ཉིང་མཚམས་སྦྱོར་བའི་དུས་ཀྱི་ཚེ་དེ་དག་ཐམས་ཅད་འགག་པ་ན་ཡང་གཅིག་ཁོ་ན་སྐྱེ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་། ཟག་པ་མེད་པའི་ཁམས་དག་ལས་ཁམས་མཚུངས་པའི་ལས་དགེ་བའམ་མི་དགེ་བའམ། ལུང་དུ་མ་བསྟན་པའམ།

ཟག་པ་མེད་པ་སོ་སོར་ཆ་མཚུངས་ཤིང་རིགས་མཐུན་པ་དང་། ཕན་ཚུན་ཆ་མི་མཚུངས་ཤིང་རིགས་མི་མཐུན་པ་མང་པོ་དེ་དག་ཐམས་ཅད་ཀྱི་ཆུད་མི་ཟ་བ་དེ་ཚེ་འདི་ལ་ནི་ལས་རེ་རེ་ལས་སྐྱེའོ། །ཉིང་མཚམས་སྦྱོར་བའི་དུས་ཀྱི་ཚེ་ན་ནི་ལས་རེ་རེ་ལས་སྐྱེས་པ་དེ་དག་ཐམས་ཅད་འཆི་བའི་ཆར་གཏོགས་པའི་སེམས་དང་ལྷན་

ཅིག་འགག་ཅིང་གཅིག་པུ་ཁོ་ན་ཞིག་སྐྱེ་བའི་ཆར་གཏོགས་པའི་སེམས་དང་ལྷན་ཅིག་ཏུ་སྐྱེ་བར་འགྱུར་ཏེ། དེས་ནི་ཉིང་མཚམས་སྦྱོར་བའི་ཚེ་གཅིག་པུ་ཁོ་ནར་སྐྱེ་བར་འགྱུར་བའི་ཚུལ་བསྟན་ཏོ། །ད་ནི་འདི་ལ་ཁམས་མཚུངས་པའི་ལས་ཆ་མཚུངས་པ་དང་། ཆ་མི་མཚུངས་པ་མང་པོ་དེ་དག་ཐམས་ཅད་ཀྱི་ཆུད་

མི་ཟ་བ་དེ་ལས་རེ་རེ་ལས་ཐ་དད་པར་སྐྱེ་བ་དང་། རྣམ་པར་སྨིན་ན་ཡང་གནས་པའི་ཚུལ་བསྟན་པའི་ཕྱིར། ཚེ་འདི་ལ་ནི་ལས་རང་ལས། །རྣམ་པ་གཉིས་པོ་ཐམས་ཅད་ཀྱི། །དེ་ནི་ཐ་དད་སྐྱེ་འགྱུར་ཞིང་། །རྣམ་པར་སྨིན་ཀྱང་གནས་པ་ཡིན། །ཞེས་བྱ་བ་སྨྲས་སོ། །དེ་དག་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར།

เล่ม ๑๐๑ · หน้า 37a

ཚེ་འདི་ལ་ནི་ལས་དང་ལས་སོ་སོ་བ་སེམས་པ་དང་བསམས་པའི་བྱེ་བྲག་གམ་དགེ་བ་དང་མི་དགེ་བའི་བྱེ་བྲག་གིས་རྣམ་པ་གཉིས་པོ་ཐམས་ཅད་ཀྱི་ཆུད་མི་ཟ་བ་གང་ཡིན་པ་དེ་ནི་ཐ་དད་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཚེ་འདི་ལ་ཁམས་མཚུངས་པའི་ལས་དང་ལས་སོ་སོ་བ་ཆ་མཚུངས་པ་དང་།

ཆ་མི་མཚུངས་པ་མང་པོ་དེ་དག་ཐམས་ཅད་ཀྱི་ཆུད་མི་ཟ་བ་དེ་ལས་རེ་རེ་ལས་ཐ་དད་པར་སྐྱེ་བའི་ཚུལ་བསྟན་ཏོ། །རྣམ་པར་སྨིན་ན་ཡང་གནས་པ་ཡིན་ཏེ། དེ་ནི་ལས་རྣམ་པར་སྨིན་པའི་རྒྱུས་འགག་པ་ལྟར་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བས་ནི། རྣམ་པར་སྨིན་ན་ཡང་གནས་པའི་ཚུལ་བསྟན་ཏེ། ཆུད་མི་ཟ་བ་དེས་ཚེ་འདི་

འམ་ཕྱི་མའམ་ལན་གྲངས་གཞན་ལ་བྱེད་པ་པོ་ལ་ལས་ཀྱི་འབྲས་བུ་ཕུལ་ཏེ་བྱེད་པ་པོས་འབྲས་བུ་མྱོང་ཡང་ཆུད་མི་ཟ་བ་དེ་ནི། ལས་རྣམ་པར་སྨིན་ནས་འགག་པ་ལྟར་ངེས་པར་འགག་པ་ཉིད་མ་ཡིན་ཏེ། ཇི་སྲིད་དུ་འབྲས་བུ་འཕོ་བ་དང་ཤི་བར་མ་གྱུར་གྱི་བར་དུ་གནས་པ་ཡིན་ནོ། །དེ་ལྟ་ན་སྔར་བསྒོམ་པས་སྤང་བ་

ཉིད་ཀྱང་ཡིན་ཞེས་བསྟན་པའི་སྐབས་སུ་ཀྱང་ཞེས་བྱ་བའི་སྒྲས་ནི་འབྲས་བུ་བསྐྱེད་པས་ཀྱང་སྤང་བ་ཡིན་ནོ་ཞེས་རྣམ་པར་བརྟག་པའི་དོན་ཏོ་ཞེས་སྨོས་པ་དེ་ཡང་འགག་ལ་ཆུད་མི་ཟ་བ་གནས་པ་དེ་ཡང་དང་ཡང་དུ་ལས་ཀྱི་འབྲས་བུ་བསྐྱེད་པར་ཡང་འགྱུར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། དེ་གནས་སུ་ཟིན་

ཀྱང་འབྲས་བུ་བསྐྱེད་པར་མི་ནུས་ཏེ། འབྲས་བུ་བསྐྱེད་ཟིན་པའི་ཕྱིར་ངེས་པར་སྤྱད་ཟིན་པའི་དཔང་རྒྱ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ཇི་ལྟར་ནོར་བདག་གིས་ནོར་ཕྱིར་ཁུགས་ན། བུ་ལོན་གྱི་དཔང་རྒྱ་རོར་འབྱུང་བ་ལྟར་བྱེད་པ་པོས་འབྲས་བུ་མྱོང་ན་ཆུད་མི་ཟ་བ་ཡང་དེ་བཞིན་དུ་འགྱུར་

རོ་ཞེས་བྱ་བ་ཉིད་བསྟན་ཏེ། དེ་ཤོག་རོ་དང་འདྲ་བར་གནས་སུ་ཟིན་ཀྱང་ཡང་འབྲས་བུ་བསྐྱེད་པར་མི་ནུས་པས་སྤངས་པ་དང་འདྲ་བའི་ཕྱིར། སྔར་བསྒོམས་པས་སྤོང་བ་ཉིད་ཀྱང་མིན་ཞེས་བསྟན་པའི་སྐབས་སུ་ཀྱང་ཞེས་བྱ་བའི་སྒྲ་ནི་འབྲས་བུ་བསྐྱེད་པས་ཀྱང་སྤང་བ་ཉིད་ཡིན་ནོ་ཞེས་རྣམ་པར་བརྟག་

པའི་དོན་ཏེ་ཞེས་སྨོས་པ་དེ་ཡང་མི་འགལ་ལ། ཆུད་མི་ཟ་བ་གནས་པ་དེས་ཡང་དང་ཡང་དུ་ལས་ཀྱི་འབྲས་བུ་བསྐྱེད་པར་ཡང་མི་འགྱུར་རོ། །ཆུད་མི་ཟ་བ་དེ་ཇི་ལྟར་འགག་པར་འགྱུར་བ་དང་དེའི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། དེ་ནི་འབྲས་བུ་འཕོས་པ་དང་། ཤི་བར་གྱུར་ན་འགག་པར་འགྱུར། །

เล่ม ๑๐๑ · หน้า 37b

དེ་ཡི་རྣམ་དབྱེ་ཟག་མེད་དང་། །ཟག་དང་བཅས་པར་ཤེས་པར་བྱ། །ཞེས་བྱ་བ་སྨྲས་ཏེ། དེ་དག་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། ལས་དེའི་ཆུད་མི་ཟ་བ་དེའི་འགག་པ་ནི་རྣམ་པ་གཉིས་སུ་ངེས་པ་ཡིན་ཏེ། འབྲས་བུ་འཕོས་པར་གྱུར་པ་དང་། ཤི་བར་གྱུར་པའོ་ཞེས་བྱ་བ་ནི་མདོར་བསྟན་པའོ། །

དེ་ལ་འབྲས་བུ་འཕོས་པར་གྱུར་པ་ནི་བསྒོམ་པས་སྤང་བ་ཉིད་ཡིན་ཞེས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཆུད་མི་ཟ་བ་དེ་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅོ་ལྔའི་བར་དུ་ནི་མི་སྤོང་ངོ་། །སྐད་ཅིག་མ་བཅོ་ལྔ་པ་ནས་སྐད་ཅིག་མ་བཅུ་དྲུག་པར་རྒྱུན་དུ་ཞུགས་པའི་འབྲས་བུར་འཕོ་བ་ན་བསྒོམ་པའི་ལམ་གྱི་སོ་སོའི་སྐྱེ་བོའི་ལས་

མི་དགེ་བ་དང་། ཟག་པ་དང་བཅས་པ་དང་། རྒྱུན་དུ་ཞུགས་པའི་ལས་ཀྱི་རྣམ་པར་སྨིན་པ་འཛིན་པའི་ཆུད་མི་ཟ་བ་ལུང་དུ་མ་བསྟན་པ་དེ་སྤོང་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་ལན་ཅིག་ཕྱིར་འོང་བའི་འབྲས་བུར་འཕོ་བ་ན་བསྒོམ་པའི་ལམ་གྱིས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བར་འཇུག་པའི་

ལས་དགེ་བ་དང་། ཟག་པ་མེད་པའི་རྣམ་པར་སྨིན་པ་འཛིན་པའི་ཆུད་མི་ཟ་བ་ལུང་དུ་མ་བསྟན་པ་དེ་སྤོང་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནས་ཕྱིར་མི་འོང་བའི་འབྲས་བུར་འཕོ་བ་ན་བསྒོམ་པའི་ལམ་གྱིས་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བར་འཇུག་པའི་ཆུད་མི་ཟ་བ་དེ་སྤོང་བ་དང་། ཕྱིར་

མི་འོང་བའི་འབྲས་བུ་ནས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུར་འཕོ་བ་ན་བསྒོམ་པའི་ལམ་གྱིས་ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་འཇུག་པའི་ཆུད་མི་ཟ་བ་དེ་སྤོང་བ་དང་། དགྲ་བཅོམ་པའི་ཆུད་མི་ཟ་བ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སྤོང་བ་ནི་འབྲས་བུ་འཕོས་པར་གྱུར་པས་

འགག་པ་ཡིན་ཏེ། དེ་དག་གིས་ནི་འབྲས་བུ་མ་བསྐྱེད་པའི་ཆུད་མི་ཟ་བ་ཡང་སྤོང་བར་འགྱུར་རོ། །ཤི་བར་གྱུར་པ་ནི། ཁམས་མཚུངས་ལས་ནི་ཆ་མཚུངས་དང་། །ཆ་མི་མཚུངས་པར་ཐམས་ཅད་ཀྱི། །དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །ཞེས་བྱ་བ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི།

ཁམས་མཚུངས་པའི་ལས་ཆ་མཚུངས་པ་དང་ཆ་མི་མཚུངས་པ་མང་པོ་དེ་དག་ཐམས་ཅད་ཀྱི་ཆུད་མི་ཟ་བ་ཚེ་འདི་ལ་ལས་སྐྱེས་པ་དག་ཉིང་མཚམས་སྦྱོར་བའི་དུས་ཀྱི་ཚེ་ན་འཆི་བའི་ཆར་གཏོགས་པའི་སེམས་དང་ལྷན་ཅིག་འགག་པ་ནི་ཤི་བར་འགྱུར་བས་འགག་པ་ཡིན་ཏེ། དེ་དག་གིས་ནི་འབྲས་བུ་བསྐྱེད་པའི་ཆུད་མི་ཟ་

เล่ม ๑๐๑ · หน้า 38a

བ་ཡང་སྤོང་བར་འགྱུར་རོ། །དེའི་དེ་ཡང་རྣམ་པར་དབྱེ་ན་རྣམ་པ་གཉིས་སུ་ཤེས་པར་བྱ་བ་སྟེ་ཟག་པ་མེད་པ་དང་། ཟག་པ་དང་བཅས་པའི་ལས་ཀྱི་བྱེ་བྲག་གིས་སོ་ཞེས་བྱ་བས་ནི་དེའི་རྣམ་པར་དབྱེ་བ་བསྟན་ཏེ། ཁམས་གསུམ་པ་དང་། ཟག་པ་མེད་པར་གཏོགས་པའི་ལས་དག་ཟག་པ་དང་བཅས་

པ་དང་ཟག་པ་མེད་པ་ཡིན་པས། དེ་དག་གི་རྣམ་པར་སྨིན་པ་འཛིན་པའི་ཆུད་མི་ཟ་བ་དེ་དག་ཀྱང་ལས་ཀྱི་བྱེ་བྲག་གིས་རྣམ་པར་དབྱེ་ན་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམ་པ་གཉིས་སུ་ཤེས་པར་བྱ་བར་ཟད་ཀྱི། དེའི་ངོ་བོ་ཉིད་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཉིད་དུ་བརྡ་མི་སྤྲོད་པའི་ཕྱིར་

རང་བཞིན་གྱིས་ལུང་དུ་མ་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་དེ་ལྟར་ཆུད་མི་ཟ་བ་ཡོད་ན་སྲོག་ཆགས་ལས་སྣ་ཚོགས་ལས་སྐྱེས་པ་འགྲོ་བ་དང་། རིགས་དང་། རུས་དང་། ཡུལ་དང་། དུས་ཐ་དད་པ་རྣམས་ཀྱི་ལུས་དང་། དབང་པོ་དང་། ཁ་དོག་དང་། དབྱིབས་དང་། སྟོབས་དང་། བློ་དང་།

མོས་པ་དང་། ངང་ཚུལ་དང་། ལོངས་སྤྱོད་ལ་སོགས་པ་ཐ་དད་པ་དག་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བས་ནི། དེ་ལྟར་ཆུད་མི་ཟ་བ་ཡོད་ན་ལས་དང་འབྲས་བུར་འབྲེལ་པ་ཡང་ཡོད་པར་འགྱུར་བའི་ཚུལ་བསྟན་པ་ཡིན་ནོ། །དེའི་ཕྱིར། སྟོང་པ་ཉིད་དང་ཆད་མིན་དང་། །འཁོར་བ་དང་ནི་རྟག་པ་

མིན། །ལས་རྣམས་ཆུད་མི་ཟ་བའི་ཆོས། །སངས་རྒྱས་ཀྱིས་ནི་བསྟན་པ་ཡིན། །ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟ་ན་སྟོང་པ་ཉིད་ཀྱང་འཐད་ལ་སྟོང་པ་ཉིད་ཡིན་ཡང་ཆད་པར་མི་འགྱུར་བ་དང་། འཁོར་བ་ཡང་འཐད་པ་འཁོར་བ་ཡོད་ཀྱང་རྟག་པར་མི་འགྱུར་བ་དང་། ལས་རྣམས་ཀྱང་ནི་ཆུད་

མི་ཟ་བ་དང་ཆུད་མི་ཟ་བའི་ཆོས་སངས་རྒྱས་ཀྱིས་གསུངས་པ་དེ་ཡང་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་བསྟན་པའི་ཕྱིར། དེ་ལྟར་གང་གི་ཕྱིར་ལས་དང་འབྲས་བུར་འབྲེལ་བ་དེའི་ཕྱིར་སྟོང་པ་ཉིད་ཀྱང་འཐད་པ་ཡིན་ཏེ། འདུ་བྱེད་རྣམས་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བཏགས་པའི་བདག་གིས་སྟོང་པའི་ཕྱིར་རོ། །

ཆད་པ་ཡང་མ་ཡིན་ཏེ། ཆུད་མི་ཟ་བ་ངེས་པར་གནས་པའི་ཕྱིར་རོ། །འཁོར་བ་ཡང་འཐད་དེ། འགྲོ་བ་ཐ་དད་པར་འདུ་བྱེད་རྣམས་མངོན་པར་འགྲུབ་པའི་མཚན་ཉིད་ཡོད་པའི་ཕྱིར་རོ། །རྟག་པ་ཡང་མ་ཡིན་ཏེ། ལས་རྣམ་པར་འཇིག་པའི་ཕྱིར་རོ། །ལས་རྣམས་ཀྱང་ཆུད་མི་ཟ་བ་སྟེ། ཆུད་མི་ཟ་བ་ཞེས་བྱ་བའི་

เล่ม ๑๐๑ · หน้า 38b

ཆོས་སངས་རྒྱས་ཀྱིས་བསྟན་པ་དེ་ཡང་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལྟ་བས་ན་རྟག་པ་དེ་ཉིད་འདིར་འཐད་པ་ཡིན་ནོ་ཞེས་བྱ་བ་ནི། རང་གི་གྲུབ་པའི་མཐའ་བསྟན་པའི་མཇུག་བསྡུ་བ་ཡིན་ནོ། །དེའི་ཕྱིར་སྔར་སྨྲས་པའི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་མ་

གྲུབ་པ་ཉིད་ཀྱང་མ་ཡིན་ལ་རྟག་པ་དང་ཆད་པའི་སྐྱོན་དུ་ཡང་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བ་དག་གིས་སྔར་སྡེ་པ་གཞན་དག་གིས་སྨྲས་པའི་གཞུང་མི་འཐད་པར་སུན་དབྱུང་བ་རང་གི་གྲུབ་པའི་མཐའ་ལས་ལས་དང་འབྲས་བུར་འབྲེལ་པ་ཡོད་པར་བསྟན་པའི་མཇུག་བསྡུ་བ་དང་།

ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་ཡོད་པ་དེའི་ཕྱིར། ཁོ་བོ་ཅག་གིས་སྔར་སྨྲས་པའི་གཏན་ཚིགས་ལས་དང་འབྲས་བུར་འབྲེལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་གྲུབ་པས། དེས་བསྒྲུབ་པར་བྱ་བ་དོན་དམ་པར་ནང་གི་འདུ་བྱེད་ལ་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་གྲུབ་བོ། །

འཁོར་བ་ཡོད་པར་གྲུབ་ན་བཅིངས་པ་ཡོད་པས་ཐར་པ་ཡང་ཡོད་པའི་ཕྱིར། སྔར་རབ་ཏུ་བྱེད་པ་འདས་མ་ཐག་པའི་སྐབས་སུ་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་རྩ་བ་གྲུབ་པས་སྔར་ཁོ་བོ་ཅག་གི་

དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཇི་སྐད་སྨྲས་པའི་དོན་གྲུབ་བོ་ཞེས་ཟེར་རོ། །ད་ནི་བསྟན་བཅོས་མཛད་པ་ཉིད་ཀྱིས་ས་བོན་གྱི་རྒྱུན་ལ་རྟོག་པའི་ཕྱོགས་དང་ཆུད་མི་ཟ་བ་ལ་རྟོག་པའི་ཕྱོགས་དེ་གཉིས་ཀ་མི་འཐད་པར་གོ་རིམས་བཞིན་དུ་སུན་དབྱུང་བའི་ཕྱིར། འདིར་བཤད་

པ། ཁོ་བོ་ཅག་གི་ཕྱོགས་ལ། གང་ཕྱིར་ལས་ནི་སྐྱེ་མེད་པ། །དེའི་ཕྱིར་ལས་ཁོ་ན་བཞིན་དུ་དོན་དམ་པར་ས་བོན་གྱི་རྒྱུན་སྐྱེ་བ་མེད་པས་དཔེ་མེད་པའི་ཕྱིར། སྒྲུབ་པ་མ་ཚང་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྔར་སྡེ་པ་གཞན་དག་གི་ལས་དང་འབྲས་བུར་འབྲེལ་པ་ནི་འཐད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་

ན། རྒྱུན་གྱི་རྒྱུན་ལས་འབྲས་བུ་འགྲུབ་པའི་ཕྱིར་ཏེ། འདི་ལྟ་སྟེ་དཔེར་ན། མྱུ་གུ་ལ་སོགས་རྒྱུན་གང་ནི། །ས་བོན་ལས་ནི་མངོན་པར་འབྱུང་། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་ས་བོན་ལས་རྒྱུན་དང་། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ས་བོན་འབྲས་བུའི་སྔོན་འགྲོ་

เล่ม ๑๐๑ · หน้า 39a

བ། །དེའི་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་སྨྲས་པའི་དཔེ་དེ་ཇི་ལྟར་དོན་དམ་པར་ལས་སྐྱེ་བ་མེད་པ་དེ་བཞིན་དུ་སྐྱེ་བ་མེད་པས་ཕ་རོལ་པོའི་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་ཡོད་པས་མི་རུང་བར་བསྟན་ཏོ། །གལ་ཏེ་ལས་དེའི་ཕྱིར་སྐྱེ་བ་མེད་ཅེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དེ་སྐད་ཅེས་འདྲི་བའི་ཚིག་ཡིན་ནོ། །

དེའི་ལན་དུ། གང་ཕྱིར་དངོས་ཉིད་མེད་དེའི་ཕྱིར། །གང་ཕྱིར་ལས་ངོ་བོ་ཉིད་མེད་པ་དེའི་ཕྱིར་སྐྱེ་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ན་སྔར་སྡེ་པ་གཞན་དག་གིས་དེ་ལྟར་དེ་བཞིན་དུ། སེམས་ཀྱི་རྒྱུན་ནི་གང་ཡིན་པ། །སེམས་པ་ལས་ནི་མངོན་པར་འབྱུང་། །དེ་ལས་འབྲས་བུ་སེམས་པ་ནི། །མེད་ན་དེ་ཡང་

འབྱུང་མི་འགྱུར། །གང་ཕྱིར་སེམས་པ་ལས་རྒྱུན་དང་། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེའི་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་སྨྲས་པའི་བསྒྲུབ་པ་མ་གྲུབ་པར་བསྟན་ཏོ། །དེ་ལྟར་རེ་ཞིག་ཕྱོགས་དང་པོ་ཤོས་ཀྱི་ཕྱིར་སྐྱོན་བཤད་དོ་ཞེས་བྱ་བ་ནི། །མཇུག་བསྡུ་

བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེས་ནི་སྔར་སྡེ་པ་གཞན་དག་གིས་དེའི་ཕྱིར་འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་སེམས་ཅན་གྱི་སྒྲར་བརྗོད་པའི་འདུ་བྱེད་རྣམས་ལ། ལས་དང་འབྲས་བུར་འབྲེལ་པ་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འབྲས་བུ་ཁྱད་པར་ཅན་ཐོབ་པར་འདོད་པ་རྣམས་

ལ་དེ་དང་འབྲེལ་པ་ཐོབ་པར་བྱ་བའི་ཕྱིར། ཐབས་བསྟན་པ་ཡོད་པའི་ཕྱིར། དཔེར་ན་ས་བོན་དང་འབྲས་བུར་འབྲེལ་པ་བཞིན་ནོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་ནི་བཅོམ་ལྡན་འདས་ཀྱིས་དེ་དང་འབྲེལ་པ་ཐོབ་པར་བྱ་བའི་ཕྱིར་ཐབས་མ་བསྟན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་གི་ཕྲེང་བ་བཞིན་ནོ། །

འདི་ལ་ནི་ཆོས་སྒྲུབ་པའི་ཐབས་རྣམས་ནི། དཀར་པོའི་ལས་ཀྱི་ལམ་བཅུ་སྟེ། །ཆོས་ཀྱི་འབྲས་བུ་འདི་བཞིན་དུ། །འདོད་པའི་ཡོན་ཏན་རྣམ་ལྔའོ། །རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་བྱེ་བྲག་ལས་སོ་ཞེས་བཅོམ་ལྡན་འདས་ཀྱིས་འབྲས་བུ་ཁྱད་པར་ཅན་འདོད་པ་རྣམས་ལ་དེ་དང་འབྲེལ་པ་ཐོབ་

པར་བྱ་བའི་ཕྱིར། ཐབས་བསྟན་པ་ཡོད་པས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་ཇི་སྐད་སྨོས་པའི་དོན་གྲུབ་བོ་ཞེས་སྨྲས་པའི་སྒྲུབ་པ་ཉམས་པར་བསྟན་ཏོ། །ཕྱོགས་གཉིས་པ་ཤོས་ཀྱིས་གང་སྨྲས་པ་དེ་ལ་ཡང་གལ་ཏེ་སྒྲུབ་པའི་སྦྱོར་བ་ཡིན་ཏེ། ལས་དང་འབྲས་བུར་འབྲེལ་པ་ཡང་ཡོད་ལ་

เล่ม ๑๐๑ · หน้า 39b

རྟག་པ་དང་ཆད་པའི་སྐྱོན་དུ་ཡང་མི་འགྱུར་ཏེ། ཆུད་མི་ཟ་བ་ཡོད་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི། སྔར་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་གིས། །ཇི་ལྟར་བུ་ལོན་དཔང་རྒྱ་ལྟར། །དེ་ལྟར་ལས་ཀྱང་ཆུད་མི་ཟ། །ཞེས་བྱ་བ་ལ་སོགས་པས་ཆུད་མི་ཟ་བ་ཡོད་པའི་ཕྱིར། ལས་དང་འབྲས་བུར་འབྲེལ་པ་ཡང་ཡོད་

ལ། རྟག་པ་དང་ཆད་པའི་སྐྱོན་དུ་མི་འགྱུར་རོ་ཞེས་སྨྲས་པའི་སྒྲུབ་པ་མི་འཐད་པར་སྟོན་ཏོ། །དེ་ཇི་ལྟར་མི་འཐད་ཅེ་ན། དེ་ལྟ་ན་ཡང་ཁོ་བོ་ཅག་གི་ཕྱོགས་ལ། །གང་ཕྱིར་ལས་ནི་སྐྱེ་མེད་པ། །དེའི་ཕྱིར་དོན་དམ་པར་ཆུད་མི་ཟ་བ་ཡང་མ་གྲུབ་ཏེ། །འདི་ལྟར་ལས་དེ་སྐྱེས་ན་ནི་ལས་དེའི་འབྲས་བུ་ཆུད་མི་ཟ་བར་

འགྱུར་བ་ཞིག་ན། ལས་དེ་ཡང་མ་སྐྱེས་པས་ལས་དེ་མེད་པའི་ཕྱིར། ཆུད་མི་ཟ་བ་དེ་ཡང་མེད་པས་དོན་དམ་པར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཀུན་རྫོབ་ཏུ་ལས་དང་འབྲས་བུར་འབྲེལ་པར་སྟོན་ན་ནི་དོན་འགལ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་གི་གཏན་

ཚིགས་ཆུད་མི་ཟ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དང་འགལ་བ་ཉིད་དུ་བསྟན་ཏོ། །ཕྱོགས་དང་པོ་པའི་ཕྱོགས་གཉིས་པ་པས་གལ་ཏེ་ཁྱོད་ཀྱི་ས་བོན་གྱི་རྒྱུན་དང་ཆོས་མཐུན་པའི་མཚན་ཉིད་ཀྱི་བརྟག་པ་དེ་ལྟར་གྱུར་ན་ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་ཏེ་ཞེས་གང་སྨྲས་པ་

དེ་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི། སྔར་སྡེ་པ་གཞན་དག་གིས་སྨྲས་པའི་ཕྱོགས་ལ་བྱེ་བྲག་ཏུ་སྨྲ་བ་དག་གིས་གལ་ཏེ་བརྟག་པ་དེར་གྱུར་ན། །ཉེས་པ་ཆེན་པོ་མང་པོར་འགྱུར། །དེ་ལྟ་བས་ན་བརྟག་པ་དེ། །འདིར་ནི་འཐད་པ་མ་ཡིན་ནོ། །ཞེས་བྱ་བས་གལ་ཏེ་ཁྱོད་ཀྱི་ས་བོན་གྱི་རྒྱུན་དང་ཆོས་མཐུན་པའི་

མཚན་ཉིད་ཀྱི་བརྟག་པ་དེ་ལྟར་གྱུར་ན་ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་ཏེ། མིའི་རྒྱུད་ལས་ལྷ་ལ་སོགས་པའི་རྒྱུད་དུ་སྐྱེ་བར་འགྱུར་ཏེ། རིགས་ཐ་དད་པའི་ཕྱིར། དཔེར་ན་ཤིང་ནིམ་པའི་ས་བོན་ལས་ཨ་མྲ་ལ་སོགས་པའི་འབྲས་བུ་སྐྱེ་བར་མི་འགྱུར་བ་བཞིན་པས། རྗེས་སུ་དཔག་པས་གནོད་

པའི་ཕྱིར་རོ། །དེ་བཞིན་དུ་དགེ་བའི་སེམས་ལས་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་དང་། མི་དགེ་བའི་སེམས་ལས་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་། ལུང་དུ་མ་བསྟན་པའི་སེམས་ལས་དགེ་བ་དང་མི་དགེ་བའི་སེམས་དང་། འདོད་པ་ན་སྤྱོད་པའི་སེམས་ལས་གཟུགས་དང་

เล่ม ๑๐๑ · หน้า 40a

གཟུགས་མེད་པ་ན་སྤྱོད་པ་དང་། འཇིག་རྟེན་པ་ལས་འདས་པའི་སེམས་དང་། གཟུགས་ན་སྤྱོད་པའི་སེམས་ལས་འདོད་པ་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པ་དང་། འཇིག་རྟེན་ལས་འདས་པའི་སེམས་དང་། གཟུགས་མེད་པ་ན་སྤྱོད་པའི་སེམས་ལས་འདོད་པ་དང་། གཟུགས་ན་

སྤྱོད་པ་དང་། འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བར་མི་འགྱུར་ཏེ། རྗེས་སུ་དཔག་པ་ཇི་སྐད་བསྟན་པས་གནོད་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་ན་དགེ་བ་དང་མི་དགེ་བ་དག་བྱ་བ་དང་སྤང་བར་མི་འཐད་པས་དེའི་ཕྱིར། བརྟག་པ་དེ་ནི་འདིར་འཐད་པ་མ་ཡིན་ནོ་ཞེས་སྨྲས་པའི་ཕྱོགས་ཕྱི་མ་ཤོས་དེ་རིགས་པ་མ་

ཡིན་པར་འགྲེལ་པ་བྱེད་པ་ཉིད་ཀྱིས་སུན་འབྱིན་པའི་ཚིག་ཡིན་ནོ། །ཅིའི་ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། དེའི་ཕྱིར། རྒྱུ་དང་འབྲས་བུའི་རྒྱུན་རྗེས་སུ་འཇུག་པ་ཉིད་ཀྱིས་འབྲེལ་པ་མེད་ན་མི་འབྱུང་བ་ཉིད་དང་། རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་ཉིད་མེད་ན་མི་འབྱུང་བ་ཉིད་ཀྱི་ས་བོན་གྱི་རྒྱུན་དཔེ་ཉིད་དུ་

འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྔར་སྡེ་པ་གཞན་དག་གིས་ས་བོན་གྱི་རྒྱུན་ལས་མྱུ་གུ་ལ་སོགས་པའི་རྒྱུན་འབྲེལ་པར་འབྱུང་བས་དེ་ལས་དང་འབྲས་བུར་འབྲེལ་པའི་ཆོས་མཐུན་པའི་དཔེ་ཉིད་དུ་བཞག་པ་ནི། ཀུན་རྫོབ་ཏུ་རྗེས་སུ་འགྲོ་བ་དང་ལྡོག་པའི་ཚུལ་གྱིས་མེད་ན་མི་འབྱུང་བའི་

འབྲེལ་པས་རྒྱུན་དང་འབྲས་བུའི་རྒྱུན་རྗེས་སུ་འཇུག་པ་དང་། རྟག་པ་དང་ཆད་པ་མ་ཡིན་པའི་འབྲེལ་པ་དང་ལྡན་པ་དཔེ་ཉིད་དུ་འདོད་པས་དེ་ལ་ཉེས་པ་མེད་པའི་ཕྱིར་རོ། །དེའི་ཁྱད་པར་བསྒྲུབ་པར་བྱ་བ་ལ་རྣམ་པར་རྟོག་པར་བྱེད་པ་ཡང་རྣམ་པར་རྟོག་པ་འདྲ་བའི་ལྟག་ཆོད་དུ་འགྱུར་ཏེ། སེམས་དང་

སེམས་ལས་བྱུང་བའི་རྒྱུན་ལས་དེ་དག་གི་རྒྱུན་འབྱུང་བས་རིགས་ཐ་དད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བས་ནི་སྔར་སྡེ་པ་གཞན་དག་གིས་ས་བོན་གྱི་རྒྱུན་གྱི་དཔེས་མཚོན་པའི་དོན་སེམས་པའི་རྒྱུན་ལས་སེམས་ཀྱི་རྒྱུན་འབྱུང་བ་དེའི་ཁྱད་པར་དག་ནང་གི་དངོས་པོས་

བསྒྲུབ་པར་བྱ་བ་ལ་བྱེ་བྲག་ཏུ་སྨྲ་བ་དག་སྐྱོན་འདོགས་ཤིང་རྣམ་པར་རྟོག་པར་བྱེད་པ་དེ་རྣམ་པར་རྟོག་པའི་གསལ་བ་དང་དེ་ཁོ་ན་མ་ཡིན་གྱི། དེ་ལྟར་སྣང་བའི་ལྟག་ཆོད་ཡིན་པར་སྟོན་ཏེ། དེ་ཡང་དཔེར་ན་འགའ་ཞིག་གིས་བུམ་པ་ནི་མི་རྟག་སྟེ། བྱས་པའི་ཕྱིར་དཔེར་ན་སྒྲ་བཞིན་ནོ་ཞེས་རྗེས་སུ་དཔག་

เล่ม ๑๐๑ · หน้า 40b

པའི་གསལ་བ་དང་། དེ་ཁོ་ན་སྨྲས་པ་ལ། རྟོག་གེ་པ་ངན་པ་ཁ་ཅིག་ན་རེ། བུམ་པ་མི་རྟག་པ་བྱས་པའི་ཕྱིར་སྒྲ་དང་འདྲ་ན། འོ་ན་ནི་ཇི་ལྟར་བུམ་པ་ལ་སོ་བཏང་བ་ཉིད་དང་། ཁ་དོག་དང་དབྱིབས་ཀྱི་གཟུགས་ཉིད་དང་། མིག་གི་གཟུང་བ་ཉིད་ཡོད་པ་དེ་དག་སྒྲ་ལ་ཡང་ཡོད་པར་འགྱུར་བའི་

རིགས་སོ་ཞེས་ཟེར་བའི་རྣམ་པར་རྟོག་པ་དེ་གསལ་བ་དང་། དེ་ཁོ་ན་མ་ཡིན་གྱི་རྣམ་པར་རྟོག་པ་ལྟར་སྣང་བའི་ལྟག་ཆོད་དུ་འགྱུར་བ་དེ་བཞིན་དུ། འདིར་ཡང་སྡེ་པ་གཞན་དག་གིས་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་རྒྱུན་ལས་དེ་དག་གི་རྒྱུན་ཉིད་འབྱུང་སྟེ། དཔེར་ན་ས་

བོན་གྱི་རྒྱུན་ལས་མྱུ་གུ་ལ་སོགས་པའི་རྒྱུན་འབྱུང་བ་བཞིན་ནོ་ཞེས་བྱ་བ་རྗེས་སུ་དཔག་པའི་གསལ་བ་དང་དེ་ཁོ་ན་ཉིད་སྨྲས་པ་ལ། བྱེ་བྲག་ཏུ་སྨྲ་བ་དག་ན་རེ། དེ་ལྟར་ན་མིའི་རྒྱུད་ལས་ལྷ་ལ་སོགས་པའི་རྒྱུད་དུ་སྐྱེ་བར་མི་འགྱུར་ལ། དགེ་བའི་སེམས་ལས་ཀྱང་མི་དགེ་བ་དང་ལུང་དུ་མ་

བསྟན་པ་ལ་སོགས་པའི་སེམས་སྐྱེ་བར་མི་འགྱུར་ཞིང་འདོད་པ་ན་སྤྱོད་པའི་སེམས་ལས་ཀྱང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བར་མི་འགྱུར་ཏེ། རིགས་ཐ་དད་པའི་ཕྱིར་དཔེར་ན་ཤིང་ནིམ་པའི་ས་བོན་ལས་ཨ་མྲ་ལ་སོགས་

པའི་འབྲས་བུ་སྐྱེ་བར་མི་འགྱུར་བ་བཞིན་པས་རྗེས་སུ་དཔག་པས་གནོད་པའི་ཕྱིར། བརྟག་པ་དེ་ནི་འདིར་འཐད་པ་མ་ཡིན་ནོ་ཞེས་ཟེར་བའི་རྣམ་པར་རྟོག་པར་བྱེད་པ་དེ་ཡང་བསལ་བ་དང་དེ་ཁོ་ན་མ་ཡིན་ཏེ། རྣམ་པར་རྟོག་པ་ལྟར་སྣང་བའི་ལྟག་ཆོད་ཙམ་དུ་ཟད་པས། བྱེ་བྲག་ཏུ་

སྨྲ་བ་དག་གི་གཏན་ཚིགས་རིགས་ཐ་དད་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དོ། །གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཀྱི་སྐྱོན་ཡང་ཡོད་དེ། དེ་དག་གི་ཕྱོགས་ལ་བ་ལང་གི་སྤུ་དང་ལུག་གི་བལ་དག་ལས་རྩྭ་དཱུར་བའི་རྒྱུན་འབྱུང་བའི་ཕྱིར་དང་། རྭ་ལས་སྨྱིག་མ་སྐྱེ་བའི་

ཕྱིར་རོ་ཞེས་བྱ་བས་ནི། འབྲེལ་པ་བྱེད་པས་བྱེ་བྲག་ཏུ་སྨྲ་བ་དག་གི་གཏན་ཚིགས་རིགས་ཐ་དད་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་དུ་སུན་དབྱུང་བའི་ཚིག་ཡིན་ཏེ། འཇིག་རྟེན་ན་སློབ་དཔོན་གྱིས་གང་དག་གི་ཕྱོགས་ལས་ས་བོན་གྱི་རྒྱུན་གྱི་དཔེ་འཐད་པར་བསྒྲུབས་པ་དེ་དག་

เล่ม ๑๐๑ · หน้า 41a

གི་ཕྱོགས་ལ་བ་ལང་གི་སྤུ་དང་ལུག་གི་བལ་དག་ལས་རྩྭ་དཱུར་བའི་རྒྱུན་འབྱུང་བ་དང་། རྭ་ལས་སྨྱིག་མ་སྐྱེ་བ་དང་། ཇི་ཀག་ལས་སྒྱུར་རྩིར་འགྱུར་བ་དང་། ཆབ་བྲོམ་ལས་མེ་འབྱུང་བར་མཐོང་བས། དེ་ནི་ཇེ་རེ་ཞིག་རིགས་ཐ་དད་པའི་ཕྱིར། དཔེར་ན་ཤིང་ནིམ་པའི་ས་བོན་

ལས་ཨ་མྲ་ལ་སོགས་པའི་འབྲས་བུ་སྐྱེ་བར་མི་འགྱུར་བ་བཞིན་དུ། མིའི་རྒྱུད་ལས་ལྷ་ལ་སོགས་པའི་རྒྱུད་དུ་སྐྱེ་བར་མི་འགྱུར་བ་ཡིན་ནམ། འོན་ཏེ་རིགས་ཐ་དད་པའི་ཕྱིར། དཔེར་ན་བ་ལང་གི་སྤུ་དང་ལུག་གི་བལ་དག་ལས་རྩྭ་དཱུར་བའི་རྒྱུན་འབྱུང་བ་དང་། རྭ་ལས་སྨྱིག་མ་སྐྱེ་བ་ལ་སོགས་པ་བཞིན་དུ་མིའི་

རྒྱུད་ལས་ལྷ་ལ་སོགས་པའི་རྒྱུད་དུ་སྐྱེ་བར་འགྱུར་བས་མ་ངེས་པ་ཉིད་ཡིན་པས། བྱེ་བྲག་ཏུ་སྨྲ་བ་དག་གི་གཏན་ཚིགས་དེ་མ་གྲུབ་པོ། །འདིར་སྨྲས་པ། ལུང་ལས་འབྱུང་བ་ཡང་རྟགས་ཡིན་པས་ཆུད་མི་ཟ་བ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ལ། དེའི་རྟགས་རྟག་པ་མ་ཡིན་པ་དང་། ཆད་པ་

མ་ཡིན་པ་ཉིད་ཀྱང་གྲུབ་པའི་ཕྱིར། ལས་བཞིན་དུ་དོན་དམ་པར་ཆུད་མི་ཟ་བ་ཡང་མ་གྲུབ་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི། འདིར་ཆུད་མི་ཟ་བ་ཡོད་པར་སྨྲ་བ་དག་ལུང་གི་གཏན་ཚིགས་ཀྱི་ཆུད་མི་ཟ་བ་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་

ན་རེ་ཚུལ་གསུམ་པའི་རྟགས་ལ་ཚུལ་གསུམ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ལོ། །ཚུལ་གསུམ་པོ་དེ་དག་ལ་རྟགས་ཀྱང་གསུམ་སྟེ། མི་དམིགས་པ་དང་། ངོ་བོ་ཉིད་དང་འབྲས་བུའོ། །དེ་ལ་

མི་དམིགས་པ་ལས་ནི་དངོས་པོ་མེད་པར་རྗེས་སུ་དཔག་ལ། ངོ་བོ་ཉིད་ལས་ནི་མི་རྟག་པར་རྗེས་སུ་དཔག་ལ། འབྲས་བུ་ལས་ནི་རྒྱུ་རྗེས་སུ་དཔག་པ་ཡིན་ནོ། །ཚད་མ་ཡང་རྣམ་པ་གསུམ་སྟེ། མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་གི་ཚད་མའོ། །དེ་དག་གི་གཞལ་བྱ་ཡང་རྣམ་པ་གསུམ་སྟེ།

སོ་སོའི་ཤེས་པའི་དོན་དང་། སྨྲས་པའི་དོན་དང་། བཤད་པའི་དོན་ཏོ། །དེ་ལ་སོ་སོའི་ཤེས་པའི་དོན་ནི་རང་གི་མཚན་ཉིད་མངོན་སུམ་གྱི་ཡུལ་ཡིན་པས་དེ་ལ་རྟགས་ཀྱིས་བརྟག་མི་དགོས་སོ། །སྨྲས་པའི་དོན་ནི་སྤྱིའི་མཚན་ཉིད་ལྐོག་ཏུ་གྱུར་པ་སྟེ། རྗེས་སུ་དཔག་པའི་ཡུལ་ཡིན་པས་དེ་ནི་ཚུལ་གསུམ་

เล่ม ๑๐๑ · หน้า 41b

པའི་རྟགས་ཀྱིས་བརྟག་པར་བྱའོ། །བཤད་པའི་དོན་ནི་རང་དང་སྤྱིའི་མཚན་ཉིད་ཤིན་ཏུ་ལྐོག་ཏུ་གྱུར་པ་སྟེ། ཡིད་ཆེས་པའི་ལུང་གི་ཡུལ་ཡིན་པས། དེ་ཡང་ཚུལ་གསུམ་པའི་རྟགས་ཀྱིས་བརྟག་པར་བྱ་བ་ཡིན་པའི་ཕྱིར། ལུང་ལས་འབྱུང་བ་ཡང་རྟགས་ཡིན་པས་ཆུད་མི་ཟ་བ་ཡང་བཅོམ་ལྡན་

འདས་ཀྱིས་གསུངས་པ། དེ་ཡོད་པའི་རྟགས་ལས་དང་འབྲས་བུར་འབྲེལ་པ་རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་ཉིད་ཀྱང་གྲུབ་པའི་ཕྱིར། ཁྱེད་དབུ་མ་པས་སྔར་འདི་སྐད་ཅེས་ཕྱོགས་གཉིས་པ་ཤོས་ཀྱིས་གང་སྨྲས་པ་དེ་ལ་ཡང་གལ་ཏེ་སྒྲུབ་པའི་སྦྱོར་བ་ཡིན་ཏེ། ལས་དང་འབྲས་བུར་འབྲེལ་

པ་ཡང་ཡོད་ལ་རྟག་པ་དང་། ཆད་པའི་སྐྱོན་དུ་ཡང་མི་འགྱུར་ཏེ། ཆུད་མི་ཟ་བ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ཡང་ཁོ་བོ་ཅག་གི་ཕྱོགས་ལ། གང་ཕྱིར་ལས་ནི་སྐྱེ་མེད་པ། །དེའི་ཕྱིར་དོན་དམ་པར་ཆུད་མི་ཟ་བ་ཡང་མ་གྲུབ་སྟེ། འདི་ལྟར་དེ་སྐྱེས་ན་ནི་དེའི་ཆུད་མི་ཟ་བར་ཡང་ཡོད་པར་འགྱུར་བ་ཞིག་ན། དེ་

ཡང་མ་སྐྱེས་པས་དེ་མེད་པའི་ཕྱིར་དེ་ཡང་མེད་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། བཅོམ་ལྡན་འདས་ཀྱིས། གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་

རོ། །ཞེས་གསུངས་པས་དེའི་ཕྱིར་སྐྱེས་པ་ལ་ཆུད་ཟ་བར་མི་འགྱུར་རོ་ཞེས་གང་གསུངས་པ་དེ་འདོད་ལ། དེ་ཡང་ཕ་རོལ་པོའི་ཕྱོགས་ལ་མ་གྲུབ་པས་རང་ལ་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ལུང་ལས་འབྱུང་བ་ཡང་རྟགས་ཡིན་པར་ཁོ་བོ་ཅག་ཀྱང་ཁས་ལེན་པས། བཅོམ་ལྡན་འདས་ཀྱིས་གང་གི་ཕྱིར་

ལས་དེ་མ་སྐྱེས་པ་དེའི་ཕྱིར་ཆུད་ཟ་བར་མི་འགྱུར་རོ་ཞེས་གང་གསུངས་པ་དེ་ཁོ་བོ་ཅག་འདོད་ལ། དེ་ཡང་ཁྱེད་ཕ་རོལ་པོའི་ཕྱོགས་ལ་མ་གྲུབ་པས། ཁྱེད་ཀྱི་ཕྱོགས་ལ་མ་སྐྱེས་ན་ནི་ཆུད་མི་ཟ་བར་མི་འགྱུར་བས་ཆུད་མི་ཟ་བའི་དོན་མ་གྲུབ་པ་ཉིད་ཡིན་ལ། མ་སྐྱེས་པ་ལ་ཆུད་ཟ་བར་མི་འགྱུར་རོ་ཞེས་གང་གསུངས་པ་ཁོ་བོ་ཅག་

འདོད་པ་དེ་ནི་ཁྱེད་རང་ལ་མ་གྲུབ་པ་ཉིད་ཡིན་པས། ཁྱེད་ཀྱི་བསྒྲུབ་པར་བྱ་བ་དང་གཏན་ཚིགས་ཀྱི་དོན་རང་ལ་མ་གྲུབ་པ་ཉིད་ཡིན་པས་མི་རུང་ངོ་། །ངོ་བོ་ཉིད་ཡོད་པར་སྨྲ་བས་ཀྱང་ལས་ལ་ངོ་བོ་ཉིད་མེད་དོ་ཞེས་ངེས་པར་ཁོང་དུ་ཆུད་པར་བྱ་དགོས་སོ་ཞེས་བྱ་བ་ནི། ཁྱེད་ངོ་བོ་ཉིད་ཡོད་པར་སྨྲ་བ་དག་ཀྱང་ལུང་ལ་བརྟེན་ཅིང་

เล่ม ๑๐๑ · หน้า 42a

ལས་ཀྱང་ཆུད་མི་ཟ་བར་འདོད་པ་ཡིན་ན། དེ་ལྟར་བཅོམ་ལྡན་འདས་ཀྱིས་ལས་མ་སྐྱེས་ཤིང་ངོ་བོ་ཉིད་མེད་པའི་ཕྱིར་ཆུད་ཟ་བར་མི་འགྱུར་རོ་ཞེས་གསུངས་པས། ཁྱེད་ཀྱིས་ཀྱང་ལས་ལ་ངོ་བོ་ཉིད་མེད་དོ་ཞེས་ངེས་པར་ཁོང་དུ་ཆུད་པར་བྱ་དགོས་སོ། །གཞན་དུ་དམ་བཅས་ན་ཞེས་བྱ་བ་ལ་སོགས་

པས་ནི། ལས་ལ་ངོ་བོ་ཉིད་ཡོད་པར་དམ་བཅས་ན་མི་རུང་བའི་ཉེས་དམིགས་མང་པོ་དག་སྟོན་ཏོ། །དེའི་ཕྱིར་གལ་ཏེ་ལས་ལ་ངོ་བོ་ཉིད་ཡོད། རྟག་པར་འགྱུར་བར་ཐེ་ཚོམ་མེད། །རང་བཞིན་ནི་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལས་ལ་རང་བཞིན་གྱིས་ངོ་བོ་ཉིད་ཡོད་པར་

གྱུར་ན་རྟག་པར་འགྱུར་བར་ཐེ་ཚོམ་མེད་དོ། །རང་བཞིན་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ལས་རྟག་པར་གྱུར་པར་ཐེ་ཚོམ་མེད། རང་བཞིན་ནི་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལས་ལ་རང་བཞིན་གྱིས་ངོ་བོ་ཉིད་ཡོད་པར་གྱུར་ན་རྟག་པར་འགྱུར་བར།

དེ་ལྟར་ལས་རྟག་པར་གྱུར་ན་དེ་ལ་ཉེས་དམིགས་ཅི་ཡོད་ཅེ་ན། དེའི་ཕྱིར་ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་ལ་བྱ་བ་མེད་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ལས་རྟག་པར་གྱུར་ན་ལས་དེ་ལུས་དང་ངག་དང་ཡིད་ཀྱིས་བྱས་པ་མ་ཡིན་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྟག་པ་ལས་བྱ་བ་མེད་པའི་

ཕྱིར་རོ། །ལས་མ་བྱས་པ་ལ་འབྲས་བུ་ཆུད་མི་ཟ་བར་ཡོད་པར་འདོད་པའི་ཉེས་དམིགས་གཞན་བསྟན་པའི་ཕྱིར། ལས་མ་བྱས་པ་ལ་འབྲས་བུ་མྱོང་བ་ཡོད་པར་རྟོག་ན། ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་འཕྲད་འཇིགས་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཅི་སྟེ་ལས་ལུས་དང་ངག་དང་ཡིད་

ཀྱིས་མ་བྱས་པ་ལ་འབྲས་བུ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་མྱོང་བ་ཡོད་པར་རྟོག་ན། མ་བྱས་པ་དང་འཕྲད་པའི་འཇིགས་པ་ཡོད་པར་འགྱུར་བས་དེ་ནི་མི་འདོད་དོ། །ལས་མ་བྱས་པས་འབྲས་བུ་མྱོང་བ་ཡོད་པར་རྟོག་པའི་ཉེས་དམིགས་གཞན་བསྟན་པའི་ཕྱིར་གཞན་ཡང་། ཚངས་སྤྱོད་

གནས་པ་མ་ཡིན་པའང་། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། ལས་མ་བྱས་པ་ལ་འབྲས་བུ་མྱོང་བ་ཡོད་པར་རྟོག་ན་དེ་ལ་མྱ་ངན་ལས་འདས་པ་ལ་སྤྱོད་པའི་དོན་དུ་གནས་པ་མ་ཡིན་པའང་དེ་ལ་སྤྱོད་པའི་དོན་དུ་གནས་པ་ཡིན་པའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དོ། །དེ་ཉིད་བྱེ་བྲག་

เล่ม ๑๐๑ · หน้า 42b

ཏུ་བཤད་པས་བསྟན་པའི་ཕྱིར། ཚངས་པ་ནི་མྱ་ངན་ལས་འདས་པའོ། །ཚངས་པར་སྤྱོད་པ་ནི་དེ་ལ་སྤྱོད་པའོ། །ཚངས་པར་སྤྱོད་པ་ལ་གནས་པ་ནི་དེའི་དོན་དུ་གནས་པའོ། །ཚངས་པར་སྤྱོད་པ་ལ་གནས་པ་མ་ཡིན་པ་ནི་ཚངས་པར་སྤྱོད་པ་ལ་མི་གནས་པའོ། །དེ་ལ་ཚངས་པར་སྤྱོད་པ་ལ་གནས་པ་མ་ཡིན་པ་

ཡང་། ཚངས་པར་སྤྱོད་པ་ལ་གནས་པའི་སྐྱོན་དུ་ཐལ་བར་འགྱུར་ཏེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལས་མ་བྱས་པ་ཉིད་ལ་ཡང་དེ་ཡོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེའི་ཉེས་དམིགས་གཞན་དག་ཀྱང་བསྟན་པའི་ཕྱིར། དེ་བཞིན་དུ་བུམ་པ་དང་སྣམ་བུ་དག་གྱིས་

ཤིག་ཅེས་བྱ་བ་ལ་སོགས་པའི་ཐ་སྙད་ཐམས་ཅད་ཉིད་དང་ཡང་། འགལ་བར་འགྱུར་བར་ཐེ་ཚོམ་མེད། །ཅེས་བྱ་བ་སྨྲས་སོ། །དེའི་ཉེས་དམིགས་གཞན་དག་ཀྱང་བསྟན་པའི་ཕྱིར། གཞན་ཡང་། བསོད་ནམས་དང་ནི་སྡིག་བྱེད་པའི། །རྣམ་པར་དབྱེ་བའང་འཐད་མི་འགྱུར། །འདི་ནི་བསོད་ནམས་བྱེད་

པའོ། །འདི་ནི་སྡིག་པ་བྱེད་པའོ། །ཞེས་བྱ་བའི་རྣམ་པར་དབྱེ་བ་དག་ཀྱང་འཐད་པར་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །ལས་རྟག་པ་མ་བྱས་པ་འབྲས་བུ་མྱོང་བ་ཡོད་པར་རྟོག་པའི་ཉེས་དམིགས་རྣམ་པ་གཞན་དག་ཀྱང་བསྟན་པའི་ཕྱིར། དེ་ཡི་རྣམ་སྨིན་སྨིན་གྱུར་པ། །ཡང་དང་ཡང་དུ་རྣམ་སྨིན་འགྱུར། །

དེ་ཡི་རྣམ་སྨིན་སྨིན་འགྱུར་བ། །ཞེས་བྱ་བ་ནི། དེའི་རྣམ་པར་སྨིན་པ་སྨིན་ཟིན་པར་གྱུར་པ་སྟེ། ལས་ཀྱི་འབྲས་བུ་བསྐྱེད་ཟིན་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལས་བརྟག་པ་མ་བྱས་པ་ལ་འབྲས་བུ་མྱོང་བ་ཡོད་པར་རྟོག་ན་ལས་དེའི་འབྲས་བུ་བསྐྱེད་ཟིན་ན། ལས་ཕྱི་མ་གཞན་མ་

བྱས་སུ་ཟིན་ཀྱང་ལས་དེ་ལ་ཡང་དང་ཡང་དུ་རྣམ་པར་སྨིན་པའི་འབྲས་བུ་གཞན་དག་སྨིན་པར་འགྱུར་བའི་སྐྱོན་དུ་འགྱུར་བས་དེ་ཡང་མི་འདོད་དོ། །གལ་ཏེ་ཅིའི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་སྨིན་ཟིན་ཀྱང་ཡང་དང་ཡང་དུ་རྣམ་པར་འགྱུར་བར་བཤད་ཅེ་ན་ཞེས་བྱ་བ་ནི། གལ་ཏེ་ཕ་རོལ་པོ་དག་དེ་སྐད་ཅེས་འདྲི་

ནའོ། །དེའི་ལན་དུ་གལ་ཏེ་གང་ཕྱིར་ལས་གནས་པ། །དེ་ཕྱིར་ངོ་བོ་ཉིད་ཡོད་ཕྱིར། །གལ་ཏེ་གང་གི་ཕྱིར་ལས་ངོ་བོ་ཉིད་ཀྱིས་ངེས་པར་གནས་པ་དེའི་ཕྱིར་ངོ་བོ་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གང་གི་ཕྱིར་ཕ་རོལ་པོ་དག་འདོད་པ་ལྟར་ལས་ལ་ངོ་བོ་ཉིད་ཡོད་ཅིང་། རང་བཞིན་མི་འགྱུར་བར་

เล่ม ๑๐๑ · หน้า 43a

ངོ་བོ་ཉིད་རང་བཞིན་གྱི་ངེས་པར་གནས་པ་ཡིན་པར་གྱུར་ན་དེའི་ཕྱིར། རྒྱུ་ངོ་བོ་ཉིད་ཀྱིས་རྟག་པར་ཡོད་པའི་ཕྱིར། འབྲས་བུ་སྨིན་ཟིན་ཀྱང་ཡང་དང་ཡང་དུ་རྣམ་པར་སྨིན་པའི་སྐྱོན་དུ་འགྱུར་བར་བཤད་དེ། རྒྱུན་དག་ན་འབྲས་བུ་ཡང་རྟག་ཏུ་ཡོད་པའམ་མེད་པ་གཅིག་ཏུ་འགྱུར་བའི་ཕྱིར་རོ། །

གལ་ཏེ་དེ་གནས་སུ་ཟིན་ཀྱང་ཡང་འབྲས་བུ་བསྐྱེད་པར་ནི་མི་ནུས་ཏེ་འབྲས་བུ་བསྐྱེད་ཟིན་པའི་ཕྱིར། ངེས་པར་དཔྱད་ཟིན་པའི་དཔང་རྒྱ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི། གལ་ཏེ་ཕ་རོལ་པོ་དག་དེ་སྐད་ཅེས་ཟེར་ནའོ། །དེའི་ལན་དུ་ངེས་པར་དཔྱད་པའི་ཟིན་པའི་དཔང་རྒྱ་ཡང་དོན་དམ་པར་མ་གྲུབ་པའི་ཕྱིར་དེ་ནི་

ལན་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྒྲུབ་པའི་དཔེ་མ་ཚང་བའི་ཕྱིར་རོ། །ཕྱིར་རྒོལ་བ་དག་ན་རེ། དོན་དམ་པར་ལས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་རྒྱུ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ནི་རྒྱུ་མི་འཐད་དེ་དཔེར་ན་རུས་སྦལ་གྱི་སྤུའི་གོས་བཞིན་ནོ། །ལས་ལ་ནི་རྒྱུ་ཉོན་མོངས་པ་དག་ཡོད་པས་

དེའི་ཕྱིར། གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་ལས་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། ཕ་རོལ་པོ་དག་ལས་ཀྱི་རྒྱུ་ཉོན་མོངས་པ་དག་ཡོད་པའི་གཏན་ཚིགས་ཀྱིས་དོན་དམ་པར་ལས་ཀྱང་ཡོད་པ་ཁོ་ན་ཡིན་ནོ་ཞེས་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་

དང་། སྒྲུབ་པའི་ཆོས་དང་། མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རུས་སྦལ་གྱི་སྤུའི་གོས་ལྟ་བུ་གང་རྒྱུ་མེད་པ་དེ་དག་ནི་དོན་དམ་པར་ཡོད་པ་མ་ཡིན་གྱི། ལས་ལ་ནི་རྒྱུ་ཉོན་མོངས་པ་དག་ཡོད་པས། དེའི་ཕྱིར་

གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་ལས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། །ལས་འདི་ཉོན་མོངས་བདག་ཉིད་ཡིན། །ཉོན་མོངས་དེ་དག་ཡང་དག་མིན། །གལ་ཏེ་ཉོན་མོངས་ཡང་དག་

སྨིན། །ལས་ནི་དེ་ཡིས་ཇི་ལྟར་བྱས། །ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་འདོད་པ་ལྟར། །ལས་འདི་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ན་ངོ་བོ་ཉིད་མེད་དེ། ཉོན་མོངས་པའི་རྒྱུ་ལས་བྱུང་བས་རང་གི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །ཉོན་མོངས་པ་རྣམས་ཀྱང་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ། །ལས་དེ་ཉོན་

เล่ม ๑๐๑ · หน้า 43b

མོངས་པ་དེ་དག་གིས་ཇི་ལྟར་བྱ་སྟེ། ཉོན་མོངས་པའི་རྒྱུ་ལས་བྱུང་བ་མ་ཡིན་པས། ཕ་རོལ་པོའི་གཏན་ཚིགས་ལས་ལ་རྒྱུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པས་དོན་དམ་པར་ལས་ལ་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བསྟན་ཏོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། ལས་

འདི་ཉོན་མོངས་བདག་ཉིད་ན། །ཞེས་བྱ་བ་ནི། ལས་འདི་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ན་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་བུམ་པ་འཇིམ་པའི་བདག་ཉིད་ཡིན་ན་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དེ་ལྟ་ན་ངོ་བོ་ཉིད་མེད་དོ་ཞེས་དགག་པ་བསྟན་ཏོ། །ཅིའི་ཕྱིར་དེ་ལྟ་ན་ངོ་བོ་ཉིད་མེད་ཅེ་ན་

དེའི་ཕྱིར། །ཉོན་མོངས་དེ་དག་ཡང་དག་མིན། །ཞེས་བྱ་བ་ནི་ཉོན་མོངས་པའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། སྐྱེ་བ་བཀག་པའི་ཕྱིར་དང་། འདོད་ཆགས་དང་། ཆགས་པ་བརྟག་པར་དེའི་ངོ་བོ་ཉིད་བཀག་པའི་ཕྱིར་རམ། ཡང་དག་སྡུག་དང་མི་སྡུག་པའི། །ཕྱིན་ཅི་ལོག་ལ་རྟེན་འབྱུང་

བ། །དེ་དག་ངོ་བོ་ཉིད་མེད་པས། །དེ་ཕྱིར་ཉོན་མོངས་ཡང་དག་མིན། །ཞེས་བྱ་བ་འགོག་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཉོན་མོངས་པ་དག་ངོ་བོ་ཉིད་མེད་པས། ཉོན་མོངས་པའི་བདག་ཉིད་ལས་ཀྱང་ངོ་བོ་ཉིད་མེད་དོ། །དེ་ཉིད་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར་གལ་ཏེ་ཉོན་མོངས་

པ་དེ་དག་ཡང་དག་པར་ངོ་བོ་ཉིད་མེད་པ་ཡིན་ན། ལས་དེ་དག་གིས་བྱས་པར་ཇི་ལྟར་འགྱུར་ཏེ། ལས་ཀྱི་རྒྱུ་ཉོན་མོངས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་

ཡིན་ཏེ། དེ་ལྟར་ཉོན་མོངས་པ་དེ་དག་ཡང་དག་པ་མ་ཡིན་པ་དེའི་ཕྱིར། ཕ་རོལ་པོ་དག་གི་གཏན་ཚིགས་ལས་ཀྱི་རྒྱུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེ་དོན་མ་གྲུབ་པ་ཉིད་དམ། འགལ་བ་ཉིད་ཡིན་པས། དོན་དམ་པར་ལས་ལ་ངོ་བོ་ཉིད་ཡོད་པར་མ་གྲུབ་པོ།། །།བམ་པོ་ལྔ་བཅུ་

བརྒྱད་པ། །འདིར་སྨྲས་པ། དོན་དམ་པར་ཉོན་མོངས་པ་རྣམས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་འབྲས་བུ་གཟུང་དུ་མེད་དེ། དཔེར་ན་འོན་པའི་རྣ་བའི་དབང་པོའི་འབྲས་བུ་རྣ་བའི་རྣམ་པར་ཤེས་པ་བཞིན་ནོ། །ཉོན་མོངས་པ་རྣམས་ལ་

เล่ม ๑๐๑ · หน้า 44a

ནི་འབྲས་བུ་ལས་དང་ལུས་ཀྱི་མཚན་ཉིད་ཡོད་པས་དེའི་ཕྱིར། དོན་དམ་པར་ཉོན་མོངས་པ་རྣམས་ནི་ཡོད་པ་ཁོ་ན་ཡིན་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་མ་ཡིན་པའི་ཕྱིར། འདོད་པའི་དོན་གྲུབ་བོ་ཞེས་བྱ་བ་ནི་འདིར་ཕ་རོལ་པོ་དག་ཉོན་མོངས་པ་རྣམས་

ཀྱི་འབྲས་བུ་ལས་དང་ལུས་ཀྱི་མཚན་ཉིད་ཡོད་པའི་གཏན་ཚིགས་ཀྱིས་ཉོན་མོངས་པ་རྣམས་ཡོད་པར་བསྒྲུབ་པའི་གཞུང་ཡིན་ཏེ། དེ་དག་གི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་

དང་། ཚད་མའི་འབྲས་བུ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་འོན་པའི་རྣ་བའི་དབང་པོ་ལྟ་བུ་གང་ལ་འབྲས་བུ་རྣ་བའི་རྣམ་པར་ཤེས་པ་མེད་པ་དེ་ནི་ཡོད་པ་མ་ཡིན་གྱི། ཉོན་མོངས་པ་རྣམས་ལ་འབྲས་བུ་ལས་དང་ལུས་ཀྱི་མཚན་ཉིད་ཡོད་པ་དེ་དག་ནི་ཡོད་པ་ཁོ་ན་ཡིན་པས་ཁོ་བོ་ཅག་གིས་སྔར་དོན་

དམ་པར་ལས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་རྒྱུ་ཉོན་མོངས་པ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་མ་ཡིན་པའི་ཕྱིར། ཁོ་བོ་ཅག་འདོད་པ་དོན་དམ་པར་ལས་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བའི་དོན་གྲུབ་པོ་ཞེས་ཟེར་རོ། །ཡང་ན་དོན་དམ་པར་ལས་ནི་

ཡོད་པ་ཁོ་ན་ཡིན་ཏེ། དེའི་འབྲས་བུ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་འབྲས་བུ་མེད་དོ། །དཔེར་ན་ནམ་མཁའི་མེ་ཏོག་གི་འབྲས་བུ་བཞིན་ནོ། །ལས་ལ་ནི་འབྲས་བུ་ལུས་ཀྱི་མཚན་ཉིད་ཡོད་པས་དེའི་ཕྱིར་དོན་དམ་པར་ལས་ནི་ཡོད་པ་ཁོ་ན་ཡིན་པས་ལས་ཡོད་པ་མ་ཡིན་པར་བསྒྲུབ་

པའི་རྗེས་སུ་དཔག་པ་དག་ལ་རྟོག་གེ་ཕྱི་མས་གནོད་པར་འགྱུར་རོ་ཞེས་བྱ་བ་ནི། འདིར་ཕ་རོལ་པོ་དག་ལས་ཀྱི་འབྲས་བུ་ལུས་ཀྱི་མཚན་ཉིད་ཡོད་པའི་གཏན་ཚིགས་ཀྱིས་ཡོད་པར་བསྒྲུབ་པའི་གཞུང་རྣམ་པ་གཅིག་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་

ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་ནམ་མཁའི་མེ་ཏོག་ལྟ་བུ་གང་ལ་འབྲས་བུ་མེད་པ་དེ་ནི་ཡོད་པ་མ་ཡིན་གྱི། ལས་ལ་འབྲས་བུ་ལུས་ཀྱི་མཚན་ཉིད་

เล่ม ๑๐๑ · หน้า 44b

ཡོད་པ་དེ་ནི་ཡོད་པ་ཁོ་ན་ཡིན་པས། སྔར་ཁོ་བོ་ཅག་གིས་ལས་ཡོད་པར་བསྒྲུབ་པ་ལ། ཁྱེད་དབུ་མ་པས་ལས་ཡོད་པ་མ་ཡིན་པར་སྒྲུབ་པའི་རྗེས་སུ་དཔག་པ་སྨྲས་པ་དག་ལ། ཁོ་བོ་ཅག་གི་རྟོག་གེ་ཕྱི་མ་འདིས་གནོད་པར་འགྱུར་བའི་ཕྱིར། ཁྱེད་དབུ་མ་པའི་སྒྲུབ་པ་སྔ་མ་དེ་མ་གྲུབ་

པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ལས་དང་ཉོན་མོངས་པ་དག་ནི། །ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན། །བསྟན་བཅོས་ལས་དེ་ལྟར་བསྟན་པ་ནི་ཐ་སྙད་པ་དག་ཡིན་གྱི་དོན་དམ་པ་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཆོས་མངོན་པའི་བསྟན་བཅོས་

ལས། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་བསྟན་པ་ནི། ཐ་སྙད་པ་དག་ཡིན་གྱི། དོན་དམ་པ་པ་ནི་མ་ཡིན་པས། ཁྱེད་དོན་དམ་པར་ལས་དང་། ཉོན་མོངས་པ་དག་ཡོད་པར་འདོད་པའི་སྒྲུབ་པ་སྔར་སྨྲས་པ་

གཉི་ག་མི་གྲུབ་བོ་ཞེས་སྟོན་ཏོ། །དེ་དག་ཅིའི་ཕྱིར་དོན་དམ་པ་པ་མ་ཡིན་ཞེ་ན་དེའི་ཕྱིར། དོན་དམ་པར་ནི་ཁོ་བོ་ཅག་གི་ཕྱོགས་ལ་སྒྲུབ་པ་སྔར་བསྟན་པ་དག་གིས། གལ་ཏེ་ལས་དང་ཉོན་མོངས་པ། །དེ་སྟོང་ལུས་ལ་ཇི་ལྟར་བརྗོད། །ལས་དང་ཉོན་མོངས་པ་དག་ལ་ངོ་བོ་ཉིད་མེད་པའི་ཕྱིར། ལས་དང་ཉོན་

མོངས་པ་དག་ཁོ་ན་བཞིན་དུ་ལུས་ཀྱང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པས་ཇི་སྐད་བསྟན་པའི་སྐྱོན་ཡང་མ་ཉམས་ལ། དཔེ་མ་གྲུབ་པར་རྟོག་གེ་ཕྱི་མས་གནོད་པ་ཡང་མེད་དོ་ཞེས་བྱ་བས་ནི།

ཕ་རོལ་པོ་དག་གིས་སྔར་སྨྲས་པའི་སྒྲུབ་པ་རྣམ་གཉིས་ཀྱི་གཏན་ཚིགས་ཀྱི་དོན་ཀྱང་མ་གྲུབ་ལ། དབུ་མ་པ་ལ་ཡང་རྟོག་གེ་ཕྱི་མས་གནོད་པ་མེད་པར་བསྟན་ཏོ། །སྨྲས་པ་དོན་དམ་པར་ལས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་

ནི་དེའི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་གི་ཕྲེང་བ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཕ་རོལ་པ་དག་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡོད་པའི་གཏན་ཚིགས་ཀྱིས་དོན་དམ་པར་ལས་ཡོད་པ་ཁོ་ནར་སྒྲུབ་པའི་གཞུང་ཡིན་ཏེ། དེ་དག་ནི་ཆོས་

เล่ม ๑๐๑ · หน้า 45a

ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེའི་ཉེ་བར་སྦྱར་བའི་སྦྱོར་བ་བསྟན་པའི་ཕྱིར། ལས་ལ་ནི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ། མ་རིག་བསྒྲིབས་པའི་སྐྱེ་བོ་གང་། །སྲེད་ལྡན་དེ་ནི་

ཟ་བ་པོ། །དེ་ཡང་བྱེད་ལས་གཞན་མིན་ཞིང་། །དེ་ཉིད་དེ་ཡང་མ་ཡིན་ནོ། །ཞེས་བྱ་བ་ཡོད་དེ་ཞེས་བྱ་བ་སྨྲས་ཏེ། ལས་ལ་ནི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་མ་རིག་པས་བསྒྲིབས་པའི་སྐྱེ་བོ་སྲེད་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་ཡོད་དེ། ཟ་བ་པོ་དེ་ཡང་བྱེད་པ་པོ་ལས་གཞན་ཉིད་ཀྱང་མ་ཡིན་ཞིང་། དེ་ཉིད་

དེ་ཡང་མ་ཡིན་པ་དེའི་ཕྱིར། དེ་ནི་དོན་དམ་པར་ལས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་མཇུག་བསྡུ་བ་འོག་ནས་འབྱུང་བ་དང་སྦྱར་རོ། །ཉེ་བར་སྦྱར་བའི་སྦྱོར་བ་བསྟན་པའི་ཚིག་ལེའུར་བྱས་པ་དེའི་ཚིག་གི་དོན་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། དེ་ལ་མ་རིག་པ་ནི་རིག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་

སོ། །དེས་བསྒྲིབས་པ་ནི་གཡོགས་པའོ། །སྐྱེ་བོ་གང་ཞེས་བྱ་བ་ནི་སྐྱེ་བ་པོ་གང་ཡིན་པ་སྟེ་སྲོག་ཆགས་སོ། །སྲེད་ལྡན་ཞེས་བྱ་བ་ལ་སྲེད་པ་ནི་འདོད་པའོ། །དེ་ལ་ཀུན་ཏུ་སྦྱོར་བ་དེ་ཉིད་ཡོད་པས་སྲེད་ལྡན་དེ་སྲེད་པའི་ཀུན་ཏུ་སྦྱོར་བ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ལས་ཀྱི་འབྲས་བུའི་ཟ་བ་པོ་སྟེ། ཇི་སྐད་

དུ་མདོ་སྡེ་ལས། མ་རིག་བསྒྲིབས་པའི་སེམས་ཅན་དང་། །སྲེད་པའི་ཀུན་ཏུ་སྦྱོར་དང་ལྡན། །ཞེས་བྱ་བ་དང་། དེ་བཞིན་དུ་ཇི་སྟེ་ཁྱོད་རང་ཉིད་ཀྱིས་སྡིག་པའི་ལས་འདི་བྱས་ན་ཁྱོད་རང་ཉིད་ཀྱིས་དེའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱ་དགོས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་བྱེད་པ་པོ་ལས་

གཞན་མ་ཡིན་ཞིང་། དེ་ཉིད་དེ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་དག་གི་མཇུག་བསྡུ་བ་བསྟན་པའི་ཕྱིར། དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡོད་པས་དོན་དམ་པར་ལས་ནི་

ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ན་ནམ་མཁའི་མེ་ཏོག་གི་འབྲས་བུ་ཕྲེང་བ་ལྟ་བུ་གང་ལ་ལོངས་སྤྱོད་པའི་ཟ་བ་པོ་མེད་པའི་ནམ་མཁའ་དེ་ནི་ཡོད་པ་མ་ཡིན་གྱི། ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་མ་རིག་པས་བསྒྲིབས་པའི་སྐྱེ་བོ་སྲེད་པ་དང་ལྡན་པས་བྱེད་པ་པོ་དང་གཞན་ཉིད་དུ་བརྗོད་པར་

เล่ม ๑๐๑ · หน้า 45b

བྱ་བ་མ་ཡིན་པ་ཡོད་པའི་ལས་དེ་ནི་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དེ་ནི་བསྟན་བཅོས་ཀྱི་དང་པོ་ཁོ་ནར་དངོས་པོ་སྤྱིར། དེ་ཕྱིར་རྐྱེན་ལས་འབྱུང་མ་ཡིན། །རྐྱེན་མིན་ལས་འབྱུང་འབྲས་བུ་ནི། །ཡོད་མིན་འབྲས་

བུ་མེད་པས་ན། །རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །ཞེས་དཔྱད་ཟིན་པས་ཞེས་བྱ་བ་སྨྲས་ཏེ། དེ་ནི་སྔར་རྐྱེན་བརྟག་པའི་ལེའུར་དངོས་པོ་སྤྱིར་རྐྱེན་དང་རྐྱེན་མ་ཡིན་པ་ལས་བྱུང་བ་མ་ཡིན་པས་དེ་ལ་བྱེད་པ་པོ་དང་ཟ་བ་པོ་ཡང་མེད་པའི་ཚུལ་ཉིད་ཚིག་ལེའུར་བྱས་པ་འདིས་དཔྱད་ཟིན་པས། ཕ་རོལ་པོ་སྒྲུབ་པ་དེ་

ནི་མི་འགྲུབ་པོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གང་གི་ཕྱིར་ན་ལས་འདི་ནི། །རྐྱེན་ལས་བྱུང་བ་མ་ཡིན་ཞིང་། །རྐྱེན་མིན་ལས་ནི་ཡོད་མིན་པ། །དེ་ཕྱིར་བྱེད་པ་པོ་ཡང་མེད། །བྱེད་པ་པོ་དེ་ཡང་ལས་དེ་བཞིན་དུ་མ་སྐྱེས་པའི་ཕྱིར་དང་། བྱེད་པ་པོ་བཀག་པའི་ཕྱིར་དང་། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ་

ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་རྣམས་ལ། ལས་འདི་ཞེས་བྱ་བ་དེ་རྐྱེན་ལས་བྱུང་ངོ་ཞེས་བྱ་བ་མི་སྲིད་ལ་རྒྱུ་མེད་པ་ལས་འབྱུང་བར་སྨྲ་བ་རྣམས་ལ་ཡང་ལས་འདི་ཞེས་བྱ་བ་དེ་རྒྱུ་མེད་པ་ལས་འབྱུང་ངོ་ཞེས་བྱ་བ་མི་སྲིད་པ་དེའི་ཕྱིར། ལས་ནི་རེ་ཞིག་རྐྱེན་

ལས་འབྱུང་བ་ཡང་ཡོད་པ་མ་ཡིན་ཞིང་། རྐྱེན་མ་ཡིན་པ་ལས་འབྱུང་བ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ལས་ཡོད་པ་མ་ཡིན་པ་དེའི་ཕྱིར། ལས་མེད་པའི་བྱེད་པ་པོ་ཡང་མེད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་དེ་ལྟར་སྒྲུབ་པ་ཇི་སྐད་བསྟན་པས། གལ་ཏེ་ལས་དང་བྱེད་མེད་ན། །ལས་སྐྱེས་འབྲས་བུ་ག་ལ་

ཡོད། །ཅེས་བྱ་བ་ནི་དེའི་ཕྱིར། དེ་ལྟར་བརྟགས་ན་གལ་ཏེ་ལས་ཀྱང་མེད་ལ་བྱེད་པ་པོ་ཡང་མེད་ན་ལས་ལས་སྐྱེས་པའི་འབྲས་བུ་ལྟ་ཡོད་པར་ག་ལ་འགྱུར། ཅི་སྟེ་འགྱུར་ན་ནི་ལས་ལས་སྐྱེས་པའི་འབྲས་བུ་མ་ཡིན་པ་དང་། རྒྱུ་མེད་པ་ལས་འབྱུང་བའི་འབྲས་བུར་འགྱུར་བས་དེ་ནི་མི་འདོད་དོ། །སྐྱོན་དུ་མར་

ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཏོ། །དེས་ན། ཅི་སྟེ་འབྲས་བུ་ཡོད་མིན་ན། །ཟ་བ་པོ་ལྟ་ག་ལ་ཡོད། །ཟ་བ་པོའི་སྒྲ་བརྗོད་པ་ཉིད་ཀྱི་རྒྱུ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི། ཅི་སྟེ་འབྲས་བུ་ཡོད་པ་མ་ཡིན་ན་ཟ་བ་པོ་ལྟ་ཡོད་པར་ག་ལ་འགྱུར་ཏེ། འདི་ལྟར་འབྲས་བུའི་

เล่ม ๑๐๑ · หน้า 46a

ཟ་བ་པོར་འགྱུར་བ་ཡིན་ན་འབྲས་བུ་དེ་ཡང་མི་འཐད་དེ་དེ་མེད་ན་དེ་གང་གི་ཟ་བ་པོར་འགྱུར། དེ་ལྟ་བས་ན་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་ཡོད་དོ་ཞེས་བྱ་བ་དེ་ནི་གླུའི་ཚིག་ཙམ་དུ་ཟད་དོ། །བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་དག་གི་འཐད་ན་འཁོར་བ་ཇི་ལྟར་འཐད་པར་འགྱུར་ཞེས་བྱ་

བར་དགོངས་སོ། །དེའི་ཕྱིར་དེའི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དོ། །ལོག་པར་སྟོན་ན་ནི་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་དག་མི་

འཐད་པ་དེའི་ཕྱིར། ཕ་རོལ་པོའི་གཏན་ཚིགས་དེའི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་དོན་དམ་པར་ནི་མ་གྲུབ་པ་ཉིད་ཡིན་ལ་ཀུན་རྫོབ་ཏུ་ནི་འགལ་བ་ཉིད་ཡིན་ནོ། །འདིར་ཁ་ཅིག་གིས་སྨྲས་པ། ལས་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་ནི། ལོག་པར་ལྟ་བ་

ཡིན་པས། དབུ་མ་སྨྲ་བ་པའི་སྐྱོན་གྱི་ལིང་ཏོག་གིས་བློ་གྲོས་ཀྱི་མིག་བསྒྲིབས་པ་རྣམས་ལ་དེ་ཁོ་ན་མཐོང་བ་མི་འཐད་དོ་ཞེས་བྱ་བ་ནི་རང་གི་སྡེ་པ་དག་དབུ་མ་པ་ལ་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ལས་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་ནི་ལོག་པར་ལྟ་བ་ཡིན་

པར་གསུངས་པས་དེ་དག་ཐམས་ཅད་དབུ་མ་པ་ཉིད་ལ་འབྱུང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དབུ་མ་པ་ནི་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་དག་མེད་ཅིང་འཁོར་བ་དང་མྱ་ངན་ལས་འདས་པའི་ལམ་གྱི་ཚོགས་ཐམས་ཅད་དྲུངས་འབྱིན་པ་ཡིན་པས་དབུ་མ་སྨྲ་བ་ལྟ་བའི་སྐྱོན་གྱི་ལིང་ཏོག་གིས་བློ་

གྲོས་ཀྱི་མིག་བསྒྲིབས་པ་རྣམས་ལ་དེ་ཁོ་ན་མཐོང་བ་མི་འཐད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ཇི་ལྟར་སྤྲུལ་པ་སྟོན་བྱེད་པ། །རྫུ་འཕྲུལ་ཕུན་སུམ་ཚོགས་པ་ཡིས། །སྤྲུལ་ཞིང་སྤྲུལ་པའང་གཞན་སྤྲུལ་བྱེད། །སྤྲུལ་པ་དེས་ཀྱང་གཞན་དག་

ལྟར། །སྤྲུལ་པ་བྱེད་པ་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དངོས་པོ་ཡོད་པར་འཛིན་པ་བཟློག་པའི་དཔེ་བསྟན་ཏེ། ཇི་ལྟར་སྤྲུལ་པ་སྟོན་པར་བྱེད་པའི་གང་ཟག་རྫུ་འཕྲུལ་ཕུན་སུམ་ཚོགས་པས་སྤྲུལ་པ་སྤྲུལ་ཞིང་སྤྲུལ་པ་དེ་ཡང་གཞན་སྤྲུལ་པར་བྱེད་ལ། སྤྲུལ་པ་གཞན་དེས་ཀྱང་གཞན་དག་སྤྲུལ་པར་

เล่ม ๑๐๑ · หน้า 46b

བྱེད་པ་ལྟར་བྱེད་པ་པོས་ལས་གང་བྱས་པ་དང་ལས་དེའི་འབྲས་བུ་ལ་གང་ལོངས་སྤྱོད་པར་བྱེད་པའི་ཟ་བ་པོ་དག་ཀྱང་ཚུལ་དེ་བཞིན་ནོ་ཞེས་སྟོན་ཏོ། །དཔེ་དེས་མཚོན་པའི་དངོས་པོ་བསྟན་པའི་ཕྱིར། དེ་བཞིན་བྱེད་པོས་ལས་གང་བྱས། །དེ་ཡང་སྤྲུལ་པའི་རྣམ་པ་བཞིན། །དེ་བཞིན་དུ་བྱེད་པ་པོས་ལས་གང་བྱས་

པའི་བྱེད་པ་པོ་དེ་ཡང་སྤྲུལ་པའི་རྣམ་པ་བཞིན་ཏེ། ཐོག་མ་མེད་པ་ནས་རྐྱེན་བརྒྱུད་པ་ལས་བྱུང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལས་དེ་ཡང་སྤྲུལ་པའི་རྣམ་པ་བཞིན་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་དག་ཉིད་ཀྱི་དཔེ་གཞན་བསྟན་པའི་ཕྱིར། དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །

སྤྲུལ་པ་མཛད་པ་དེ་བཞིན་ནོ། །དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པ་གཞན་ཞིག་སྤྲུལ་པ་མཛད་པ་དེ་ལ་ཡང་ངོ་བོ་ཉིད་མེད་པ་དེ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ནི་དཔེ་དང་དངོས་པོ་དེ་དག་གི་མཇུག་བསྡུ་བའི་དོན་བསྟན་པའི་ཕྱིར། ཉོན་མོངས་ལས་དང་ལུས་རྣམས་དང་། །བྱེད་པ་པོ་

དང་འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། སེམས་པ་ལ་སོགས་པ་ལས་དང་ཕུང་པོའི་མཚན་ཉིད་ཀྱི་ལུས་དང་། སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་བྱེད་པ་པོ་དང་། འགྲོ་བ་ལྔར་བདེ་བ་དང་སྡུག་བསྔལ་

མྱོང་བའི་མཚན་ཉིད་ཀྱི་འབྲས་བུ་རྒྱུ་དང་རྐྱེན་ཚོགས་པས་བསྐྱེད་པ་ཐ་སྙད་དུ་གྲགས་པ་མཐོ་རིས་དང་བྱང་གྲོལ་འཐོབ་པའི་ཚོགས་སུ་གྱུར་པ་དག་ཐ་སྙད་དུ་ཁས་ལེན་པས་དེའི་ཕྱིར། ལས་དང་འབྲས་བུ་ལ་སྐུར་པ་མི་འདེབས་པས་ཇི་སྐད་སྨྲས་པའི་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་དབུ་མ་སྨྲ་བ་

རྣམས་ལ་དེ་ཁོ་ན་མཐོང་བ་མི་འཐད་པའི་སྐྱོན་མེད་དོ། །དེ་གལ་ཏེ་དོན་དམ་པར་དེ་དག་ལ་སྐུར་པ་བཏབ་པས་དེ་ནི་ལན་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་དབུ་མ་པས་ཀུན་རྫོབ་ཏུ་དེ་དག་ཁས་བླངས་ཀྱང་དོན་དམ་པར་དེ་དག་ལ་སྐུར་པ་བཏབ་པས་ཚིག་སྔ་མ་དེ་ནི་ལན་མ་

ཡིན་ནོ་ཞེས་ཟེར་ནའོ། །དེའི་ལན་དུ། དེ་ནི་སྔར་གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །ཡོད་ཅེས་བྱ་བར་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་བསྟན་པ་དེར་སྒྲུབ་པ་སྨྲས་པས་ལས་

เล่ม ๑๐๑ · หน้า 47a

དང་འབྲས་བུ་མེད་པར་སྨྲ་བ་ཁས་མ་བླངས་པའི་ཕྱིར་ལན་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་སྔར་དངོས་པོ་དང་དངོས་པོ་མེད་པ་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ་དེ་སྐད་བསྟན་པ་དེར་ཁོ་བོ་ཅག་གིས་མེད་པར་དགག་པའི་སྒྲུབ་པ་སྨྲས་པས་མ་ཡིན་པར་དགག་པ་ཁས་མ་བླངས་

པའི་ཕྱིར། ཁོ་བོ་ཅག་གི་སྒྲུབ་པ་སྔ་མ་དེ་ལན་མ་ཡིན་པ་མ་ཡིན་ནོ། །ཚིག་ལེའུར་བྱས་པ་འདས་མ་ཐག་པ་གསུམ་པོ་དག་གིས་དངོས་པོ་ཡོད་པར་འཛིན་པ་བཟློག་པའི་དཔེ་བསྟན་པ་དེ་དག་གི་དོན་རྣམ་པ་གཞན་དུ་བཤད་པ་བསྟན་པའི་ཕྱིར། ཡང་ན་རྣམ་པར་རྨོངས་པའི་སེམས་དང་ལྡན་པ་དག་དོན་དམ་

པར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཡིན་ན་ལས་དང་འབྲས་བུ་དང་དེ་དག་འབྲེལ་པ་དང་བྱེད་པ་པོ་དང་ཟ་བ་པོ་དག་མེད་པས་ཚངས་པར་སྤྱོད་པ་ལ་གནས་པ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་པ་རྣམས་ཀྱི་རྣམ་པར་རྨོངས་པའི་ཡོལ་བ་བཤུ་བའི་ཕྱིར། ལས་ལ་སོགས་པ་ཀུན་རྫོབ་ཏུ་སྤྲུལ་པ་ལ་སོགས་པའི་རྣམ་

པ་བཞིན་དུ་ཡོད་པར་བསྟན་པའི་ཕྱིར། ཇི་ལྟར་སྤྲུལ་པ་སྟོན་བྱེད་པ། །རྫུ་འཕྲུལ་ཕུན་སུམ་ཚོགས་པ་ཡིས། །སྤྲུལ་ཞིང་སྤྲུལ་པའང་གཞན་སྤྲུལ་བྱེད། །སྤྲུལ་པ་དེས་ཀྱང་གཞན་དག་ལྟར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་

རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་གཏན་ཚིགས་ཀྱི་སྐྱོན་བརྗོད་པས་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །ལས་དང་འབྲས་བུ་བརྟག་པའི་རབ་ཏུ་བྱེད་པ་བཅུ་བདུན་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་

བལྟ་བ་ནི་ཕ་རོལ་པོས་རབ་ཏུ་བྱེད་པ་འདིས་དང་པོར་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ། འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ། ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པའི་གཏན་ཚིགས་ཀྱི་སྐྱོན་བརྗོད་པས་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །ལས་དང་འབྲས་

བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ། དེའི་ཕྱིར། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་མདོ་

เล่ม ๑๐๑ · หน้า 47b

འོད་སྲུངས་ཀྱི་ལེའུ་ལས། གང་ལ་ལས་ཀྱང་མེད་ལས་ཀྱི་འབྲས་བུ་ཡང་མེད་པ་དེ་ནི་བྱང་ཆུབ་པོ། །བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་འཐོབ་པ་ཡང་དེ་བཞིན་ནོ། །འཐོབ་པ་ཇི་ལྟ་བ་བཞིན་དུ་ལུང་བསྟན་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ལས་ཀྱང་མེད། །ལས་ཀྱི་

རྣམ་པར་སྨིན་པ་ཡང་མེད་དོ། །རིགས་དེ་ལ་ནི་ལུས་ཀྱིས་ཀྱང་ལས་མི་བྱེད། ངག་གིས་ཀྱང་མི་བྱེད། ཡིད་ཀྱིས་ཀྱང་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་རྣམས་ཀྱི་རིགས་ནི་དོན་དམ་པ་ཐུགས་སུ་ཆུད་པ་ལས་འཕགས་པ་རྣམས་

འཁྲུང་བར་འགྱུར་བ་སྟེ། གལ་ཏེ་དོན་དམ་པར་ཡང་ལས་དང་འབྲས་བུར་འབྲེལ་པ་ཡོད་པར་གྱུར་ན། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་ཁྱད་པར་མེད་པར་འགྱུར་བས་དེའི་ཕྱིར་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་གསལ་བར་བྱེད་པའི་ལུང་ནི་དེ་ཡིན་པས་དེའི་ཕྱིར། དབུ་མ་པ་རྣམས་ལ་

ལོག་པར་ལྟ་བ་མེད་དོ། །དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པ་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་

པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།

ད་ནི་གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་དང་བདག་ཉིད་ཀྱི་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པས་འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅོ་བརྒྱད་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་

ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པ་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་དང་བདག་ཉིད་ཀྱིས་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པས་ཞེས་

เล่ม ๑๐๑ · หน้า 48a

བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅས་པ་མཛད་པས། འདིར་ཡང་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་

དེ་སྐད་སྨྲས་ཏེ། གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་ནི་རང་གི་བདེ་བ་དང་གཞན་དག་གིས་ཆོས་དང་གང་ཟག་བདག་ཡོད་པར་སྨྲས་པའི་སྒྲུབ་པ་འོག་ནས་འབྱུང་བ་བདག་ཕུང་པོ་ཡིན་ནོ་ཞེ་འམ་བདག་ཕུང་པོ་ལས་གཞན་ནོ་ཞེས་བྱ་བ་ལ་སོགས་པ་དག་བསལ་བའོ། །བདག་ཉིད་ཀྱིས་སྒྲུབ་པ་ཁ་ན་མ་ཐོ་

བ་མེད་པ་བསྟན་པས་ཞེས་བྱ་བ་ནི་བསྟན་བཅོས་མཛད་པ་ཉིད་ཀྱིས་ཆོས་དང་གང་ཟག་བདག་མེད་པར་སྒྲུབ་པའི་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་འོག་ནས་འབྱུང་བ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །

ཞེས་བྱ་བ་ལ་སོགས་པ་དག་བསྟན་པས་སོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅོ་བརྒྱད་པ་རྩོམ་མོ་ཞེས་བྱ་བ་སྨྲས་ཏེ། བདག་དང་ཆོས་བརྟག་པའི་རབ་ཏུ་བྱེད་པ་བཅོ་བརྒྱད་

པའི་གཞུང་འོག་ནས་འབྱུང་བ་འདིའི་ཁྱོན་ནི་ཆོས་དང་གང་ཟག་བདག་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དེ་ལ་ཆོས་བདག་མེད་པ་དེ་ཉིད་བསྟན་པའི་དོན་གྱི་དབང་དུ་བྱས་ནས་འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་ཞེས་བྱ་བ་སྨྲས་

ཏེ། དེས་ནི་ཐེག་པ་ཆེན་པོ་ལས་ཆོས་བདག་མེད་པ་བསྟན་པ་གང་ཡིན་པ་དེ་རབ་ཏུ་བྱེད་པ་འདིར་སྟོན་ཏོ་ཞེས་བྱ་བར་སྦྱོར་རོ། །གང་ཟག་བདག་མེད་པ་ཉིད་བསྟན་པའི་དོན་གྱི་དབང་དུ་བྱས་ནས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཆོས་འདི་པ་དང་གཞན་

མུ་སྟེགས་བྱེད་དག་གིས་བཏགས་པའི་གང་ཟག་བདག་མེད་པར་སྟོན་ཏོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ན་འབྲས་བུ་དེ་འཐོབ་ཅེ་ན། འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་

เล่ม ๑๐๑ · หน้า 48b

དང་བདག་ཉིད་ཀྱིས་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །དེ་ལ་རེ་ཞིག་དང་པོར་གང་ཟག་བདག་མེད་པ་ཉིད་བསྟན་ཅིང་ཕྱིས་

ཆོས་བདག་མེད་པ་ཉིད་བསྟན་པར་བྱ་སྟེ། གང་གི་ཕྱིར་གོ་རིམས་འདི་ལྟར་བསྟན་པ་ནི་སློབ་དཔོན་འཕགས་པ་ལྷས། དང་པོར་བསོད་ནམས་མིན་ལས་བཟློག །བར་དུ་བདག་ལས་བཟློག་པར་བྱ། །ཐ་མར་ཀུན་ལས་བཟློག་བྱ་བ། །གང་ཤེས་དེ་ནི་རིགས་པ་ལྡན། །ཞེས་གསུངས་པས་རེ་ཞིག་དང་པོར་

སེམས་ཅན་རྣམས་བསོད་ནམས་མ་ཡིན་པ་ལས་བཟློག་པ་དང་། དེའི་འོག་ཏུ་འཛིན་པ་ལས་བཟློག་པ་དང་། ཐ་མར་འཛིན་པ་ཐམས་ཅད་ལས་བཟློག་པར་བྱ་བ་ཐབས་གང་གིས་ཤེས་པ་དེ་ནི་རིགས་པ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པ་ལས་ཤེས་པར་བྱའོ། །དེའི་ཕྱིར་དེ་ལ་བདག་ཏུ་ལྟ་བ་རྣམ་པ་དུ་མ་དག་

གི་ཡུལ་ཡང་ཕུང་པོ་ཡིན་པའི་ཕྱིར་ཕུང་པོ་རྣམས་ཁོ་ན་ལས་བརྩམས་ནས་དཔྱད་པར་བྱ་སྟེ་ཞེས་བྱ་བ་སྨྲས་ཏེ། བདག་ཏུ་སྨྲ་བ་དག་བདག་ཏུ་རྟོག་པར་བྱེད་པ་འདི་ལྟ་སྟེ། ཁ་ཅིག་ནི་བདག་ཅེས་བྱ་བ་ལུས་ཙམ་དུ་རྟོག །ཁ་ཅིག་ནི་མཐེ་བོང་ཙམ་དུ། ཁ་ཅིག་ནི་ནས་འབྲུ་ཙམ་དུ། ཁ་ཅིག་ནི་ཡུངས་

འབྲུ་ཙམ་དུ། ཁ་ཅིག་ནི་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམ་དུ་རྟོག་པར་བྱེད་པ་དེ་དག་ཐམས་ཅད་ཀྱི་ཡུལ་ཡང་ཕུང་པོ་ཡིན་ཏེ། གང་གི་ཕྱིར་དེ་དག་ཐམས་ཅད་ཕུང་པོ་རྣམས་ཁོ་ན་ལ་རྟོགས་པར་བྱེད་པ་དེའི་ཕྱིར་འདིར་ཡང་ཕུང་པོ་རྣམས་ཁོ་ན་ལས་བརྩམས་ནས་བདག་མེད་པ་ཉིད་དཔྱད་པར་བྱའོ། །དེ་

ལྟར་བདག་ཏུ་ལྟ་བ་དག་གིས་ཡུལ་ཕུང་པོ་རྣམས་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ངེས་པར་ཤེས་ཤེ་ན། དེའི་ཁུངས་བསྟན་པའི་ཕྱིར། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སྦྱོང་ངམ་བྲམ་ཟེ་གང་དག་བདག་ཏུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཉིད་

ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་སོ་ཞེས་བྱ་བ་སྨྲས་སོ། །གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། དེ་ལ་རེ་ཞིག་གང་དག་འབྱུང་བ་ཆེན་པོ་ལུས་ཀྱི་རྣམ་པར་འཇུག་པ་དག་གམ། འབྱུང་བ་འདུས་པ་འམ། དབང་པོ་རྣམས་སམ། དབང་པོ་འདུས་

เล่ม ๑๐๑ · หน้า 49a

པའམ། རྣམ་པར་ཤེས་པ་བདག་ཡིན་ནོ་ཞེས་སྨྲས་པ་དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འབྱུང་བ་དང་། དབང་པོ་དང་། རྣམ་པར་ཤེས་པ་སོ་སོ་འམ་འདུས་པ་དག་ཕུང་པོའི་མཚན་ཉིད་ཡིན་པའི་ཕྱིར། དེ་དག་བདག་ཡིན་པར་རྟོག་ན། གལ་ཏེ་ཕུང་པོ་བདག་

ཡིན་ན་ཇི་ལྟར་ཁོ་བོ་ཅག་གིས་ཐ་སྙད་ཀྱི་དོན་དུ་ཕུང་པོའི་ཡུལ་ལ་བདག་ཅེས་སྟོན་པར་བྱེད་པ་ལྟ་བུ་ཡིན་ནམ། འོན་ཏེ་གཞན་ཞིག་ཡིན་ཞེས་བྱ་བ་ན་བདག་ཏུ་སྨྲ་བ་གང་དག་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལུས་ཀྱི་རྣམ་པ་འདྲ་བར་འཇུག་པ་སོ་སོར་བདག་ཏུ་རྟོག་པ་དང་། གང་དག་འབྱུང་བ་ཆེན་པོ་སྤྱིར་འདུས་པ་

ཙམ་ལ་བདག་ཏུ་རྟོག་པ་དང་། གང་དག་མིག་ལ་སོགས་པ་དབང་པོ་རྣམས་སོ་སོ་ལ་བདག་ཏུ་རྟོག་པ་དང་། གང་དག་དབང་པོ་སྤྱིར་འདུས་པ་ཙམ་ལ་བདག་ཏུ་རྟོག་པ་དང་། གང་དག་རྣམ་པར་ཤེས་པ་ལ་བདག་ཏུ་རྟོག་པ་དེ་དག་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ། ཁྱེད་འབྱུང་བ་སོ་སོ་འམ།

འདུས་པ་དང་། དབང་པོ་སོ་སོའམ། འདུས་པ་དང་། རྣམ་པར་ཤེས་པ་སོ་སོ་འམ། འདུས་པ་དག་ཕུང་པོའི་མཚན་ཉིད་ཡིན་པའི་ཕྱིར། དེ་དག་བདག་ཡིན་པར་རྟོག་ན། ཇི་ལྟར་ཁོ་བོ་ཅག་སངས་རྒྱས་པས་ཀུན་རྫོབ་ཀྱི་ཐ་སྙད་རྣམ་པར་གཞག་པའི་དོན་དུ་ཕུང་པོའི་ཡུལ་

ལ་བདག་ཅེས་སྟོན་པར་བྱེད་པ་ལྟ་བུ་ཡིན་ནམ། འོན་ཏེ་བདག་ཅེས་བྱ་བ་དོན་དམ་པར་སྒྲུབ་པ་ཞིག་ཡོད་པར་འདོད་ཅེས་དྲི་བར་བྱའོ། །གལ་ཏེ་ཇི་ལྟར་ཡང་རུང་སྟེ་བདག་སྒྲུབ་པའི་ཕྱིར་འདོད་པའི་དོན་གྲུབ་པོ་ཞེ་ན་ཞེས་བྱ་བ་ནི། དེ་སྐད་ཅེས་དྲིས་པ་ན་ཕ་རོལ་པོ་དག་ན་རེ་ཁྱེད་འདོད་པ་ལྟར་ཡང་རུང་

གཞན་འདོད་པ་ལྟར་ཡང་རུང་སྟེ། ཡོང་སྤྱིར་བདག་ཡོད་པར་འགྲུབ་པའི་ཕྱིར་ཁོ་བོ་ཅག་གི་འདོད་པའི་དོན་འགྲུབ་པོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེའི་ཕྱིར་ད་དེ་དཔྱད་པར་བྱ་སྟེ། ཁྱེད་འདོད་པ་ལྟར། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་

ཅན་དུ་འགྱུར། །ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རེ་ཞིག་གལ་ཏེ་ཕུང་པོ་རྣམས་ཉིད་བདག་ཡིན་པར་གྱུར་ན་དེ་ལྟ་ན་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་འགྱུར་ཏེ། ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་

เล่ม ๑๐๑ · หน้า 49b

ན་འདིས་ནི་ཕུང་པོའི་ཆོས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་དེ་ལྟར་ན་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་ནི་ཕུང་པོ་རྣམས་བདག་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པར་བསྟན་ཏོ། །དཔེ་ནི་དེའི་དབང་གིས་བསྒྲུབ་

པར་བྱ་བ་དང་། སྒྲུབ་པའི་ཆོས་གཉི་ག་ལ་གྲགས་པའི་ཆོས་ཅན་ཕྱི་རོལ་གྱི་འབྱུང་བ་དག་ཡིན་པར་སྦྱར་རོ། །འདིར་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱང་མཚན་ཉིད་ཀྱི་སྒྲའི་ཚུལ་གྱིས་གཟུང་བར་ཟད་ཀྱི། ཇི་ལྟར་ཕུང་པོའི་ཆོས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པ་དེ་བཞིན་དུ་ཕུང་པོའི་ཆོས་འབྲས་

བུ་ཉིད་དང་། རྒྱུ་ཉིད་དང་། རྟོགས་པར་བྱ་བ་ཉིད་དང་། རྣམ་པར་སྨིན་པར་བྱ་བ་ཉིད་ལ་སོགས་པ་གཞན་དག་ཀྱང་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་འདིར་ཕུང་པོ་རྣམས་ཉིད་བདག་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པར་བསྟན་པ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་

ཉེ་བར་བཟུང་བས་མཚོན་པ་ཙམ་དུ་ཟད་ཀྱི། ཕུང་པོ་རྣམས་ཉིད་བདག་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་འབྲས་བུ་ཉིད་དང་། རྒྱུ་ཉིད་དང་། རྟོགས་པར་བྱ་བ་ཉིད་དང་། རྣམ་པར་སྨིན་པ་ཉིད་ལ་སོགས་པ་གཞན་དག་ཀྱང་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། འདིར་སྦྱོར་བའི་

ཚིག་ནི་དོན་དམ་པར་འབྱུང་བ་དང་འབྱུང་བ་འདུས་པ་དང་དབང་པོ་དང་དབང་པོའི་འདུས་པ་དང་། རྣམ་པར་ཤེས་པ་དང་། དབང་པོ་དང་བཅས་པའི་ལུས་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་བདག་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་

བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དེ་དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། བདག་མ་ཡིན་པ་དེ་བཞིན་དུ་ནང་གི་འབྱུང་བ་

ས་ལ་སོགས་པ་སོ་སོ་དང་། འབྱུང་བ་འདུས་པ་དང་། མིག་ལ་སོགས་པ་དབང་པོ་སོ་སོ་དང་། དབང་པོ་འདུས་པ་དང་། རྣམ་པར་ཤེས་པ་དང་། དབང་པོ་དང་བཅས་པའི་ལུས་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་དག་ཀྱང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་བདག་

เล่ม ๑๐๑ · หน้า 50a

མ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་རེ་རེས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདི་ལྟར་སྦྱར་ཏེ། དོན་དམ་པར་འབྱུང་བ་དང་། འབྱུང་བ་འདུས་པ་དང་། དབང་པོ་དང་། དབང་པོ་འདུས་པ་དང་། རྣམ་པར་ཤེས་

པ་དང་། དབང་པོ་དང་བཅས་པའི་ལུས་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་བདག་མ་ཡིན་ཏེ། འབྲས་བུ་ཉིད་ཡིན་པའི་ཕྱིར་དང་། རྒྱུ་ཉིད་ཡིན་པའི་ཕྱིར་དང་། རྟོགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང་། རྣམ་པར་སྨིན་པ་ཉིད་ཡིན་པའི་ཕྱིར་དང་། སོགས་པའི་སྒྲས་བསྡུ་བ་བརྗོད་པར་

བྱ་བ་ཉིད་དང་། རྣམ་པར་ཤེས་པར་བྱ་བ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་འདིར་མུ་སྟེགས་གྲངས་ཅན་གསལ་བར་སྨྲ་བ་དག་འདི་སྐད་ཅེས་ལུས་ནི་བདག་དང་བཅས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གསལ་བའི་ཕྱིར་ཏེ། འདི་ལྟར་ལུས་

ཉིད་བདག་གིས་གསལ་བར་བྱེད་དེ། བདག་ཡོད་པས་འདི་ནི་ཟིན་པའི་འབྱུང་བ་དག་ཡིན་ནོ་ཞེས་བྱ་བར་གཟུང་དུ་རུང་གི །བདག་མེད་པ་གསལ་བར་བྱེད་པ་མེད་པའི་ཕྱི་རོལ་གྱི་འབྱུང་བ་དག་ནི་ལྟར་གཟུང་དུ་མི་རུང་བའི་ཕྱིར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་འབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་

ཀྱིས། གསལ་བ་སྨྲ་བ་དག་ལ་ཡང་གསལ་བའི་ཕྱིར་བུམ་པ་ལ་སོགས་པ་དག་ལ་བདག་མེད་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་ལུས་བདག་དང་བཅས་པར་སྨྲ་བ་རྣམས་ལ་རང་གི་རྗེས་སུ་དཔག་པས་གནོད་དོ་ཞེས་བྱ་བ་སྨྲས་ཏེ། དེ་སྐད་ཅེས་ཟེར་བ་དེ་དག་གི་ལུས་བདག་དང་བཅས་པའི་ཕྱོགས་ལ་

གསལ་བའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་སྒྲུབ་པར་བྱེད་པའི་གཏན་ཚིགས་དེ་བུམ་པ་ལ་སོགས་པ་གསལ་བར་བྱེད་པ་ཡོད་ཀྱང་བདག་མེད་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཡོད་པའི་ཕྱིར་མ་ངེས་པ་ཉིད་ཡིན་ཏེ། འདི་ན་བུམ་པ་ལ་སོགས་པ་དག་ལ་གསལ་བར་བྱེད་པ་མར་མེ་ལ་

སོགས་པ་ཡོད་ཀྱང་དེ་དག་ལ་བདག་མེད་པ་ཉིད་དུ་མཐོང་བས་དེས་ན་ཇི་རེ་ཞིག་གསལ་བའི་ཕྱིར་ལུས་ལ་བདག་ཡོད་པར་འགྱུར་རམ། འོན་ཏེ་གསལ་བའི་ཕྱིར་དཔེར་ན་བུམ་པ་ལ་སོགས་པ་བཞིན་དུ་བདག་མེད་པ་ཉིད་དུ་འགྱུར་བ་མ་ངེས་པའི་ཕྱིར་ལུས་བདག་དང་བཅས་པར་སྨྲ་བ་རྣམས་ལ་རང་

เล่ม ๑๐๑ · หน้า 50b

གི་རྗེས་སུ་དཔག་པ་གསལ་བའི་ཕྱིར་ཞེས་བྱ་བས་གནོད་དོ། །ཡང་ན་གལ་ཏེ་ཕུང་པོ་བདག་ཡིན་ན་ཞེས་བྱ་བ་ནི་ལུས་ལ་བདག་མང་པོ་ཉིད་དུ་འགྱུར་ཏེ། ཕུང་པོ་མང་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བས་ནི་ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་ཡིན་པར་སྨྲ་བའི་ཕྱོགས་

དེ་ལ་བདག་མང་པོ་ཉིད་དུ་ཐལ་བར་འགྱུར་བའི་སྐྱོན་ཡོད་པས་མི་རུང་བར་བསྟན་ཏོ། །ཡང་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་དེས་ན་ཕུང་པོར་རྗེས་སུ་དཔོག་པས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱིས་བདག་གི་ཆོས་ཅན་གྱི་ཁྱད་པར་སྐྱེ་བ་དང་འཇིག་པའི་

ཆོས་ཅན་ཉིད་མ་ཡིན་པ་གསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་གསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་མ་ཡིན་པར་སྨྲ་བའི་ཕྱོགས་ལ་ཆོས་ཅན་བདག་གི་ཁྱད་པར་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་མ་ཡིན་པ་གསལ་བའི་སྐྱོན་ཡོད་པས་

མི་རུང་བར་བསྟན་ཏོ། །ཡང་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་དེས་ན་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་དུ་རྗེས་སུ་དཔོག་པས་བདག་མ་ཡིན་པ་ཉིད་ཀྱིས་བདག་གི་དེའི་བདག་ཉིད་གསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་གསལ་བའི་སྐྱོན་

ཡོད་དོ་ཞེས་བྱ་བས་ནི་ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་ཡིན་པར་སྨྲ་བའི་ཕྱོགས་དེ་ལ་ཆོས་ཅན་བདག་གི་ངོ་བོ་ཉིད་བདག་མ་ཡིན་པར་གསལ་བའི་སྐྱོན་ཡོད་པས་མི་རུང་བ་བསྟན་ཏོ། །ཡང་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་བདག་ནི་སྐྱེ་

དང་འཇིག་པ་ཅན་དུ་མི་འདོད་པས་དེའི་མཚན་ཉིད་མ་ཡིན་པ་ཡོད་པ་ཉིད་དུ་བསྟན་དཀའ་བ་དང་། དོན་དམ་པར་བདག་མེད་པ་ནི་སྨྲ་བར་ནུས་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་མ་ཡིན་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བས་ནི། ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་ཡིན་པར་སྨྲ་

བའི་ཕྱོགས་དེ་ལ་བདག་ནི་སྐྱེ་བ་དང་འཇིག་པ་ཅན་དུ་མི་འདོད་པས་ཕ་རོལ་པོས་དེ་ཡོད་པ་ཉིད་དུ་བསྟན་དཀའ་བ་དང་། དབུ་མ་པས་དེ་མེད་པར་སྨྲ་བར་ནུས་པའི་འཐད་པ་བསྟན་ཏོ། །ཡང་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་ཕུང་པོ་རྣམས་སྐྱེ་བ་དང་།

เล่ม ๑๐๑ · หน้า 51a

འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་དེས་ན་དོན་དམ་པར་གཟུགས་སུ་རུང་བ་དང་། མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་ཀྱི་ཕུང་པོ་ལྔ་པོ་དག་ནི་བདག་མ་ཡིན་པར་ཤེས་པར་བྱར་ནུས་ཏེ། སྐྱེ་བ་དང་འཇིག་པའི་

ཆོས་ཅན་ཉིད་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བས་ནི་ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་ཡིན་པར་སྨྲ་བའི་ཕྱོགས་དེ་ལ་ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་དེས་ན་དོན་དམ་པར་ཕུང་པོ་རྣམས་བདག་མ་ཡིན་པར་ཤེས་པར་བྱར་ནུས་པའི་ཕྱོགས་གཏན་ཚིགས་

དང་དཔེ་དང་བཅས་པ་བསྟན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་བདག་མ་ཡིན་པར་ཤེས་པར་བྱར་ནུས་པ་དེ་བཞིན་དུ། ཕུང་པོ་དག་ཀྱང་སྐྱེ་བ་དང་

འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་བདག་མ་ཡིན་པར་ཤེས་པར་བྱར་ནུས་སོ། །དེ་བཞིན་དུ་འབྲས་བུ་ཉིད་དང་། རྒྱུ་ཉིད་དང་། ལན་འགའ་དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་དང་། ཐེ་ཚོམ་ཅན་གྱི་ཤེས་པ་དང་། ལོག་པའི་ཤེས་པའི་རྒྱུ་ཉིད་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གིས་

ཀྱང་རྗེས་སུ་དཔག་པ་རྒྱས་པར་བྱའོ་ཞེས་བྱ་བ་ནི་འདི་ལྟར་སྦྱར་ཏེ། དོན་དམ་པར་གཟུགས་སུ་རུང་བ་དང་། མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་ཀྱི་ཕུང་པོ་ལྔ་པོ་དག་ནི་བདག་མ་ཡིན་པར་ཤེས་པར་བྱར་ནུས་ཏེ། འབྲས་བུ་ཉིད་ཡིན་

པའི་ཕྱིར་དང་། རྒྱུ་ཉིད་ཡིན་པའི་ཕྱིར་དང་། ལན་འགའ་དགའ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ལན་འགའ་ཡོངས་སུ་གདུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ཐེ་ཚོམ་ཅན་གྱི་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ལོག་པའི་ཤེས་པའི་རྒྱུ་ཉིད་ཡིན་པ་ལ་སོགས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་

བར་སྦྱར་རོ། །དེ་ལྟ་བས་ན་རེ་ཞིག་ཕུང་པོ་རྣམས་ཉིད་བདག་ཡིན་ནོ་ཞེས་བྱ་བ་མི་འཐད་དོ། །ད་ནི་བདག་ཕུང་པོ་རྣམས་ལས་གཞན་ཡིན་པ་ཡང་མེད་པར་བསྒྲུབ་པར་བྱ་སྟེ། དེ་ལ་རེ་ཞིག་མུ་སྟེགས་བྱེ་བྲག་པ་དང་། གྲངས་ཅན་དང་། སྐྱེས་བུ་རྒྱུར་འདོད་པ་དག་བདག་ཕུང་པོ་རྣམས་ལས་གཞན་ཡིན་པར་སྨྲ་

เล่ม ๑๐๑ · หน้า 51b

བའི་གཞུང་བསྟན་པའི་ཕྱིར། བྱེ་བྲག་པ་དག་ནི་བདག་ལུས་དང་དབང་པོ་དང་བློ་ལས་གཞན་པ། བདེ་བ་ལ་སོགས་པའི་གཞིར་གྱུར་པ་དང་། བྱེད་པ་པོ་དང་། སེམས་པ་མེད་པ་དང་། རྟག་པ་ཐམས་ཅད་དུ་སོང་བ་ཡིན་པར་བརྗོད་ལ། གྲངས་ཅན་དག་ནི་བདག་འབྲས་བུ་དང་རྒྱུ་ལས་གཞན་པ་བྱེད་པ་པོ་

མ་ཡིན་པ་དང་། ཟ་བ་པོ་དང་། དག་པ་དང་། ཐམས་ཅད་དུ་སོང་བ་དང་། མི་འགྱུར་བ་དང་། སེམས་པ་ཡོད་པ་ཡིན་པར་བརྗོད་ཅིང་། སྐྱེས་བུ་རྒྱུར་འདོད་པས་ཀྱང་དེ་བཞིན་པས་དེ་དག་ལ་སྒྲུབ་པ་འདི་མི་གནོད་དོ་ཞེ་ན་ཞེས་བྱ་བ་སྨྲས་སོ། །ད་ནི་དེ་དག་གསལ་བ་བསྟན་པར་བྱ་སྟེ། དེའི་ཕྱིར་སློབ་

དཔོན་གྱི་ཕུང་པོ་ལས་གཞན་པའི་བདག་བསྟན་དཀའ་བ་ངེས་པར་མཛད་ནས་དེ་དག་གི་ཕྱིར་བཤད་པ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཕུང་པོའི་མཚན་ཉིད་མེད་པ་ནི། །ཕུང་པོའི་མཚན་ཉིད་མ་ཡིན་པ་སྟེ། གཟུགས་སུ་རུང་བ་དང་། མྱོང་བ་དང་། མཚན་

མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། ཅི་སྟེ་བདག་ཕུང་པོ་རྣམས་ལས་གཞན་ཡིན་པར་གྱུར་ན། དེ་ལྟར་ན་ཕུང་པོའི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། ཕུང་པོ་རྣམས་ཀྱི་སྐྱེ་བ་དང་

འཇིག་པའི་མཚན་ཉིད་ཡིན་པས་དེས་ན་བདག་ཕུང་པོ་རྣམས་ལས་གཞན་ཡིན་པའི་ཕྱིར་སྐྱེ་བ་དང་འཇིག་པའི་མཚན་ཉིད་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་རྟག་པར་འགྱུར་ཏེ། བདག་བརྟགས་པ་ཡིན་ན་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་རྟག་པ་མི་འགྱུར་བ་ལ་ཅི་ཞིག་བྱར་

ཡོད། དེ་ལྟ་ན་ཡང་བདག་ཡོད་པར་རྟོག་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ལ་ཅུང་ཟད་ཀྱང་འཇུག་པའམ། ལྡོག་པར་མི་འགྱུར་རོ། །དེ་ལྟ་བས་ན་བདག་ཕུང་པོ་རྣམས་ལས་གཞན་པར་ཡང་མི་འཐད་དོ་ཞེས་སྟོན་ཏོ། །དེ་ལྟར་ན་འདིས་ནི་བརྟགས་པའི་བདག་གི་ཆོས་ནི་ཕུང་པོའི་མཚན་ཉིད་མ་ཡིན་པ་

ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་དེ་ལྟར་ན་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདིས་ནི་ཕུང་པོ་རྣམས་ལས་གཞན་པའི་བདག་ཕ་རོལ་པོ་དག་གིས་བརྟགས་པ་མེད་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་ཕུང་པོའི་མཚན་ཉིད་མ་ཡིན་པ་ཉིད་ཡིན་པར་བསྟན་ཏོ། །དཔེ་ནི་དབང་གིས་བསྒྲུབ་པར་བྱ་བ་དང་སྒྲུབ་

เล่ม ๑๐๑ · หน้า 52a

པའི་ཆོས་གཉི་ག་ལ་གྲགས་པའི་ཆོས་ཅན་མོ་གཤམ་གྱི་བུ་ལ་སོགས་པ་དག་ཡིན་ནོ་ཞེས་བྱ་བས་ནི་དེའི་ཆོས་མཐུན་པའི་དཔེ་ནི་སྒྲུབ་པའི་ཆོས་དེའི་དབང་གིས་བསྒྲུབ་པར་བྱ་བ་ཕུང་པོ་ལས་གཞན་པའི་བདག་མེད་པ་དང་། སྒྲུབ་པའི་ཆོས་ཕུང་པོའི་མཚན་ཉིད་མ་ཡིན་པ་ཞེས་

བྱ་བ་དག་དང་ཆོས་མཐུན་པ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའི་ཆོས་ཅན་མོ་གཤམ་གྱི་བུ་ལ་སོགས་པ་དག་ཡིན་པར་སྦྱར་རོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་བདག་གཟུགས་ལ་སོགས་པའི་ཕུང་པོ་ལས་གཞན་པ་མེད་དེ། ཕུང་

པོའི་མཚན་ཉིད་མ་ཡིན་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མོ་གཤམ་གྱི་བུ་ནི། ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་ཕུང་པོ་ལས་

ལོགས་ཤིག་ན་མེད་པ་དེ་བཞིན་དུ་བདག་ཀྱང་ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་ཕུང་པོ་ལས་ལོགས་ཤིག་ན་མེད་དོ། །གལ་ཏེ་མྱ་ངན་ལས་འདས་པ། །ཕུང་པོའི་མཚན་ཉིད་མ་ཡིན་པས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་ཕུང་པོའི་མཚན་ཉིད་མ་ཡིན་

པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་འདི་ན་མྱ་ངན་ལས་འདས་པ་ཕུང་པོའི་མཚན་ཉིད་མ་ཡིན་ཡང་ཕུང་པོ་ལས་ལོགས་ཤིག་ན་ཡོད་པར་འདོད་པས་དེས་ན་ཇི་རེ་ཞིག་ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་དུ་བདག་ཕུང་པོ་

ལས་ལོགས་ཤིག་ན་མེད་དམ། འོན་ཏེ་ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར། དཔེར་ན་མྱ་ངན་ལས་འདས་པ་བཞིན་དུ་བདག་ཕུང་པོ་ལས་ལོགས་ཤིག་ན་ཡོད་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་དབུ་མ་པའི་གཏན་ཚིགས་དེ་མ་གྲུབ་བོ་ཞེས་ཟེར་རོ། །དེའི་ལན་དུ། དེ་ནི། །མཚན་ཉིད་མེད་པའི་དངོས་

པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་བྱ་བ་དེར་མྱ་ངན་ལས་འདས་པ་ལ་སོགས་པ་འདུས་མ་བྱས་ཀྱི་དངོས་པོ་བསལ་བའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་སྔར་ཁམས་བརྟག་པའི་སྐབས་སུ་ཚིག་ལེའུར་བྱས་པའི་ཕྱེད་འདིས་མཚན་

เล่ม ๑๐๑ · หน้า 52b

ཉིད་མེད་པའི་དངོས་པོ་མྱ་ངན་ལས་འདས་པ་བསལ་བའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་མཛད་པས་དམ་བཅས་པ་ལ་སོགས་པའི་ཡན་ལག་མ་བརྗོད་པའི་ཕྱིར་སྒྲུབ་པ་མ་ཚང་བའི་སྐྱོན་ཡོད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་སློབ་དཔོན་ཀླུ་སྒྲུབ་ཀྱིས།

གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སྨོས་པ་དེས་ཕུང་པོའི་མཚན་ཉིད་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ཕྱོགས་ཀྱི་ཆོས་ཉི་ཚེ་ཞིག་བསྟན་པར་མཛད་ཀྱི། དམ་བཅས་པ་དང་དཔེ་དག་མ་བསྟན་པས་ཡན་ལག་མ་རྫོགས་པའི་ཕྱིར་དེ་ནི་བསྒྲུབ་པར་མི་རུང་ངོ་ཞེས་

སྐྱོན་འདོགས་པའི་ཚིག་ཡིན་ནོ། །དེའི་ལན་དུ། དོན་གྱི་ཚིག་ཡིན་པའི་ཕྱིར་སྐྱོན་མེད་དེ། དེ་ལྟར་སློབ་དཔོན་གྱི་ཚིག་དག་ཡིན་ཏེ། ཡི་གེ་མདོར་བསྡུས་པ་དང་། དོན་རྒྱ་ཆེ་བ་དག་ཡིན་པས་དོན་གྱི་དབང་གིས་སྦྱོར་བའི་ཚིག་དུ་མ་དག་གི་གཞི་ཡིན་པར་བཞེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་སློབ་

དཔོན་གྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པ་མཛད་པ་དག་ལ་སྐྱོན་མེད་དོ། །སྦྱོར་བའི་ཚིག་ལ་ནི་དེ་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་སྦྱོར་བའི་ཚིག་རྩོམ་པ་དག་ལ་ནི་སྒྲུབ་པ་མ་ཚང་བ་དེ་སྐྱོན་དུ་ཡང་འགྱུར་བ་བདེན་ནོ་ཞེས་ཁས་བླང་བའི་ཚིག་ཡིན་ནོ། །འོ་ན་ཁྱོད་ལ་སྐྱོན་དུ་མི་འགྱུར་རམ་ཞེ་ན།

ཁོ་བོས་དོན་དམ་པར་བདག་གཟུགས་ལ་སོགས་པའི་ཕུང་པོ་ལས་གཞན་པ་མེད་དེ། ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་ཡན་ལག་ཚང་བར་བརྗོད་པའི་ཕྱིར་སྐྱོན་མེད་དོ། །ཡང་ན་དེ་ལ་དེ་ཡང་མི་འགྱུར་ཏེ། རབ་ཏུ་བྱེད་པའམ་ལུང་ལས་ལ་ལ་ལ་ཡན་ལག་འགའ་

ཞིག་གྲགས་པ་ཡིན་ནའོ་ཞེས་བྱ་བ་ནི་ཡང་ན་སྦྱོར་བའི་ཚིག་དེ་ལ་ཡན་ལག་རྫོགས་པར་མ་བརྗོད་དུ་ཟིན་ཀྱང་དེ་ལ་སྐྱོན་དུ་མི་འགྱུར་བར་གཞུང་འཛུགས་པའི་ཚིག་ཡིན་ཏེ། དེ་ཡང་གང་གི་ཚེ་རབ་ཏུ་བྱེད་པའི་སྐབས་སམ། ལུང་ལས་གང་ཟག་ལ་ལ་ལ་སྒྲུབ་པའི་ཡན་ལག་འགའ་ཞིག་གྲགས་པ་ཡིན་ན་

དེ་མ་བརྗོད་ཀྱང་སྐྱོན་དུ་མི་འགྱུར་ཏེ། ཇི་སྐད་དུ་གང་ཡང་རུང་བ་བརྗོད་ན་ཡང་སྒྲུབ་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཕྱོགས་ལ་སོགས་པ་དག་གིས་གཏན་ཚིགས་སྔ་མ་མ་ངེས་པ་ཉིད་དོ་ཞེའོ་ཞེས་བྱ་བ་ནི་ས་ལ་སོགས་པ་རྫས་དགུ་རྟག་པར་འདོད་པ་དག་དབུ་མ་པས་སྔར་ཕུང་པོ་

เล่ม ๑๐๑ · หน้า 53a

རྣམས་ཉིད་བདག་མ་ཡིན་པར་བསྒྲུབ་པའི་སྐབས་སུ་དོན་དམ་པར་འབྱུང་བ་དང་། འབྱུང་བ་འདུས་པ་དང་། དབང་པོ་དང་། དབང་པོ་འདུས་པ་དང་། རྣམ་པར་ཤེས་པ་དང་། དབང་པོ་དང་བཅས་པའི་ལུས་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་བདག་མ་ཡིན་ཏེ། སྐྱེ་བ་

དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་བཞིན་ནོ་ཞེས་སྨྲས་པའི་གཏན་ཚིགས་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་འདི་ན་ཕྱོགས་དང་། དུས་དང་། ནམ་མཁའ་དང་། བདག་དང་། ཡིད་ཅེས་བྱ་བ་རྫས་ལྔ་པོ་དག་སྐྱེ་བ་དང་

འཇིག་པའི་ཆོས་ཅན་ཉིད་ཀྱང་ཡིན་ལ། དེ་དག་རང་བཞིན་རྟག་པས་བདག་ཀྱང་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་བཞིན་དུ་ཕུང་པོ་རྣམས་བདག་མ་ཡིན་པར་འགྱུར་རམ། འོན་ཏེ་སྐྱེ་བ་དང་འཇིག་པའི་

ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྱོགས་དང་། དུས་དང་། ནམ་མཁའ་དང་། བདག་དང་། ཡིད་བཞིན་དུ་ཕུང་པོ་རྣམས་བདག་ཡིན་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས། དབུ་མ་པའི་གཏན་ཚིགས་དེ་མ་གྲུབ་པོ་ཞེས་ཟེར་རོ། །དེ་དག་གི་གཞུང་ལས་ཕྱོགས་ལ་སོགས་པ་སྣང་

བ་དང་མི་སྣང་བའི་ཚུལ་གྱིས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱང་ཡིན་ལ་རང་བཞིན་བརྟགས་པས་བདག་ཏུ་ཡང་འདོད་དེ། འདི་ལྟར་ཕྱོགས་ཀྱང་ལན་འགའ་མ་བསླད་པའི་ཚེ་ནི། གསལ་བའི་བདག་ཉིད་དུ་སྐྱེ་ལ་བསླད་པའི་ཚེ་ན་ནི་མི་གསལ་བའི་བདག་ཉིད་ཀྱིས་འཇིག་པ་དང་། དུས་ཀྱང་

ད་ལྟར་དང་མ་འོངས་པ་འཇུག་པའི་ཚུལ་གྱིས་ནི་སྐྱེ་ལ་འདས་པ་ལྡོག་པའི་ཚུལ་གྱིས་ནི་འཇིག་པ་དང་ནམ་མཁའ་ཡང་དངོས་པོ་གཞན་གྱིས་གོ་ཕྱེ་བའི་ཚུལ་གྱིས་ནི་སྐྱེ་ལ་དངོས་པོ་གཞན་གྱིས་གོ་བཀག་པའི་ཚུལ་གྱིས་ནི་འཇིག་པ་དང་། བདག་ཀྱང་མཐེ་བོང་ཙམ་ལ་སོགས་པར་མཐོང་བའི་ཚུལ་

གྱིས་ནི་སྐྱེ་ལ་དེ་ལྟར་མ་མཐོང་བའི་ཚུལ་གྱིས་ནི་འཇིག་པ་དང་། ཡིད་ཀྱང་དྲན་པའི་ཚེ་ན་སྐྱེ་ལ་མི་དྲན་པའི་ཚེ་ནི་འཇིག་པའི་ཆོས་ཅན་ཉིད་ཀྱང་ཡིན་ལ། དེ་དག་རང་བཞིན་རྟག་པས་བདག་ཡིན་པར་ཡང་འདོད་ཅེས་གྲག་གོ། །དེའི་ལན་དུ། དེ་ནི་བཟང་པོ་མ་ཡིན་ཏེ། །མཚན་ཉིད་མེད་པའི་

เล่ม ๑๐๑ · หน้า 53b

དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་བྱ་བས་ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྔར་ཁམས་བརྟག་པའི་སྐབས་སུ་ཚིག་ལེའུར་བྱས་པ་འདིས་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཀྱི་དངོས་པོ་གསལ་བ་བཞིན་དུ་ཕྱོགས་ལ་སོགས་པ་ཡང་གསལ་བའི་ཕྱིར་མི་མཐུན་

པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །བརྟག་པ་དང་ཐམས་ཅད་དུ་སོང་བའི་ཚིག་གི་དོན་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གཞི་མ་ཡིན་ཏེ། སྐྱེ་བ་ཅན་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར། དཔེར་ན་གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་ནི་སྔར་བྱེ་བྲག་པ་དག་ནི་བདག་

ལུས་དང་དབང་པོ་དང་བློ་ལས་གཞན་པ་བདེ་བ་ལ་སོགས་པའི་གཞིར་གྱུར་པ་ཡིན་པར་བརྗོད་ལ་ཞེས་བྱ་བ་དེ་སུན་འབྱིན་པའི་ཚད་མ་སྟོན་ཏེ། བྱེ་བྲག་པ་དག་གི་གཞུང་ལས་བདག་ལུས་དང་དབང་པོ་དང་བློ་ལས་གཞན་བརྟག་པ་དང་། ཐམས་ཅད་དུ་སོང་བའི་ཚིག་གི་དོན་དེ་ནི་བདེ་བ་དང་སྡུག་བསྔལ་དང་། བློ་

དང་། འདོད་པ་དང་། སྡང་བ་དང་། འབད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། ཤེས་པ་དག་གི་གཞིར་འགྱུར་བ་ཡིན་པར་འདོད་པ་དེ་སྐབས་འདིས་སུན་འབྱིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།

དཔེར་ན་གཟུགས་ལ་སོགས་པ་ནི་སྐྱེ་བ་ཅན་ཡིན་པའི་ཕྱིར་དང་། བྱས་པ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གཞི་མ་ཡིན་པ་དེ་བཞིན་དུ་དབང་པོ་དང་། བློ་ལས་གཞན་པ་རྟག་པ་དང་ཐམས་ཅད་དུ་སོང་བའི་ཚིག་གི་དོན་དེ་ཡང་སྐྱེ་བ་ཅན་ཡིན་པའི་ཕྱིར་དང་། བྱས་

པ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གཞི་མ་ཡིན་ནོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྔ་མའི་གཏན་ཚིགས་སྐྱེ་བ་ཅན་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་ཞེས་བྱ་བ་དེ་ནི་མཚོན་པ་ཙམ་དུ་ཟད་ཀྱི། དེའི་གཏན་ཚིགས་དེ་ནི་སྔ་

མ་བཞིན་དུ་འབྲས་བུ་ཉིད་དང་། རྒྱུ་ཉིད་དང་། ལན་འགའ་དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་དང་། ཐེ་ཚོམ་ཅན་གྱི་ཤེས་པ་དང་། ལོག་པའི་ཤེས་པའི་རྒྱུ་ཉིད་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གིས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བྱ་བ་ཡིན་ནོ། །བདག་ནི་ཁྱབ་བདག་མ་ཡིན་ཏེ། །རྫས་

เล่ม ๑๐๑ · หน้า 54a

ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བས་ནི་སྔར་བྱེ་བྲག་པ་དག་ནི་བདག་ལུས་དང་དབང་པོ་དང་། བློ་ལས་གཞན་པ་ཐམས་ཅད་དུ་སོང་བ་ཡིན་པར་བརྗོད་ལ་ཞེས་བྱ་བ་དེ་སུན་འབྱིན་པའི་ཚད་མ་སྟོན་ཏེ། བྱེ་བྲག་པ་དག་གི་གཞུང་ལས་བདག་ཐམས་ཅད་དུ་སོང་བ་ནི་ཁྱབ་བདག་ཡིན་པར་

འདོད་པ་དེ་སྐབས་འདིས་སུན་འབྱིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་རྫས་ཡིན་པའི་ཕྱིར། ཁྱབ་བདག་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་རྫས་ཡིན་པའི་ཕྱིར་ཁྱབ་བདག་མ་

ཡིན་ནོ། །གལ་ཏེ་ནམ་མཁའ་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་རྫས་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་འདི་ན་ནམ་མཁའ་རྫས་ཡིན་ཡང་ཁྱབ་བདག་མ་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་རྫས་

ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་དུ་བདག་ཁྱབ་བདག་མ་ཡིན་པར་འགྱུར་རམ། འོན་ཏེ་རྫས་ཡིན་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་དུ་བདག་ཁྱབ་བདག་ཡིན་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་དབུ་མ་པའི་གཏན་ཚིགས་དེ་མ་གྲུབ་བོ་ཞེས་ཟེར་རོ། །དེའི་ལན་དུ། ནམ་མཁའ་རྫས་སུ་ཡོད་པ་

ཉིད་བཀག་པའི་ཕྱིར་དང་། དེའི་ཁྱབ་བདག་ཉིད་ཀྱང་བདག་གི་ཁྱབ་བདག་ཉིད་བཞིན་དུ་བཀག་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་ནམ་མཁའ་མ་སྐྱེས་པས་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་ཁྱབ་བདག་མ་ཡིན་པའི་ཕྱིར་དང་། ནམ་མཁའི་ཁྱབ་བདག་

ཉིད་ཀྱང་བདག་གི་ཁྱབ་བདག་ཉིད་བཞིན་དུ་བཀག་པའི་ཕྱིར་ཏེ། ཇི་ལྟར་བདག་ནི་ཁྱབ་བདག་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་དུ་ཞེས་བྱ་བ་དེ་བཞིན་དུ། ནམ་མཁའ་ཡང་ཁྱབ་བདག་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བཀག་པའི་ཕྱིར་མི་

མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་བདག་ནི་བྱེད་པ་པོ་མ་ཡིན་ཏེ། ལུས་ཅན་ཡིན་པའི་ཕྱིར་དཔེར་ན་ལས་བཞིན་ནོ་ཞེས་བྱ་བས་ནི་སྔར་བྱེ་བྲག་པ་དག་ནི་བདག་ལུས་དང་། དབང་པོ་དང་། བློ་ལས་གཞན་པ་བྱེད་པ་པོ་ཡིན་པར་བརྗོད་ལ་ཞེས་བྱ་བ་སུན་འབྱིན་པའི་ཚད་མ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด