སྟོང་ཉིད་བདུན་ཅུ་པའི་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤཱུ་ནྱ་ཏཱ་སཔྟ་ཏི་ཀ་བྲྀཏྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๓ · หน้า 267a
༄༅༅། །རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་སཔྟ་ཏི་ཀ་བྲྀཏྟི། བོད་སྐད་དུ། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །མདོར་བསྡུས་དེ་ཉིད་ངེས་པའི་ཕྱིར། །སྟོང་ཉིད་བདུན་ཅུ་གསུང་བ་གང་། །དེ་ལ་ཕྱག་འཚལ་བདུན་ཅུ་པར། །བསྟན་དོན་བདག་
གིས་ཡང་དག་དབྱེ། །འདིར་སློབ་དཔོན་བདག་ཉིད་ཀྱིས་ཟབ་པ་དང་ཤིན་ཏུ་རྒྱ་ཆེ་བའི་དངོས་པོ་རྣམས་ཀྱི་དོན་རྣམ་པར་ངེས་པའི་དབུ་མའི་བསྟན་བཅོས་རྣམས་བརྩམས་པ་ཡོད་མོད་ཀྱི། གཞུང་དང་དོན་དག་ཤིན་ཏུ་མང་བའི་ཕྱིར་དང་། ཤེས་རབ་ཆུང་བ་རྣམས་བྱ་བར་ངེས་པ་འདི་
ལ་ཀུན་ནས་ཆགས་པ་དང་ལྡན་པ་སྟོང་པ་ཉིད་བསྟན་པའི་སྣོད་དུ་གྱུར་ཀྱང་། དེ་ཐོབ་པ་དང་། འཛིན་པ་དང་། ཉེ་བར་སེམས་པས་འཇིགས་པ་རྣམས་ལ་སློབ་དཔོན་གྱི་ཐུགས་ཀྱི་རྒྱུད་ཤེས་རབ་དང་ཐབས་དང་བརྩེ་བའི་རྗེས་སུ་ཞུགས་པའི་ཕྱིར་ཚིགས་སུ་བཅད་པ་བདུན་ཅུས་ཀྱང་ཁྱད་
པར་དུ་འཕགས་པ་དོན་གྲུབ་པར་གཟིགས་ནས། མདོར་བསྡུས་པས་དེ་ཁོ་ན་ཉིད་ངེས་པའི་དོན་དུ་སྟོང་པ་ཉིད་བདུན་ཅུ་པ་ཞེས་བྱ་བ་འདི་བརྩམས་སོ། །དེ་ཡང་མདོར་བསྡུས་པས་དེ་ཁོ་ན་ཉིད་ངེས་པ་འདི་ནི་ཤིན་ཏུ་དོན་ཆེན་པོ་ཡང་གནས་པ་དང་སྐྱེ་བ་ལ་སོགས་པའི་སྒོ་ནས་
འཇིག་རྟེན་པས་བདེ་བླག་ཏུ་ཤེས་པར་འགྱུར་རོ། །གང་ཞིག་ཐོག་མ་མེད་པ་ནས་ལོག་པའི་ལྟ་བ་ལ་གོམས་པའི་ཕྱིར་བྱིས་པ་ལོག་པར་རྟོག་པའི་དངོས་པོའི་རང་གི་མཚན་ཉིད་ཀྱིས་གནས་པའི་མཚན་ཉིད་ལ་གནས་པ་ལ་ཆགས་པའི་རྟེན་ལ་དངོས་པོར་ཉེ་བར་བརྟགས་ལ། དེའི་
དབང་ལས་བྱུང་བའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་ཕྱུག་གཞན་ལ་རག་ལས་ནས་འཇུག་པ་དག་ལས་མི་བྱེད་པར་གནས་པ་ནི་སྐད་ཅིག་ཀྱང་མི་རྙེད་ལ། གལ་ཏེ་ཡང་ལས་མི་བྱེད་པར་འགྱུར་གྲང་ན། འདི་ལྟར་ལས་ཅན་རྣམས་ཀྱི་ལས་དེའི་རྒྱུ་ལས་བྱུང་བའི་འབྲས་
བུ་མེད་པར་འགྱུར་བའི་ཕྱིར་ངེས་པར་སྐྱེ་བ་ལྡོག་པར་འགྱུར་ན། གང་ཞིག་དར་དྲག་ཅིང་རྒྱུན་རིང་བའི་མཆོག་ཏུ་འཛིན་པ་དང་། ཁོན་དུ་འཛིན་པ་དང་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་སྐྱེ་བའི་སྐྱེ་བོ་རྣམས་ལས་མི་བྱེད་པར་འགྱུར་ཞིང་།
เล่ม ๑๐๓ · หน้า 267b
ལས་ཀྱི་འབྲས་བུ་ཡང་སྲིད་འབྱུང་བར་མི་འགྱུར་བ་འདི་ལྟ་བུ་ཡོད་པ་ཡང་མི་སྲིད་དོ། །དེའི་ཕྱིར་གནས་པ་ལ་སོགས་པ་ལ་མངོན་པར་ཞེན་པ་ནི་བྱིས་པ་རྣམས་ཀྱི་དོན་མ་ཡིན་པ་ཐམས་ཅད་ཀྱི་རྒྱུའི་གཙོ་བོའོ། །གནས་པ་འདི་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་རྗེས་སུ་
འབྲེལ་པ་དང་ལྡན་པས་ངེས་པར་སྐྱེ་བ་དང་འཇིག་པ་ལ་ལྟོས་ལ། སྐྱེ་བ་དང་འཇིག་པ་དང་མི་ལྡན་པའི་ནམ་མཁའ་ལ་སོགས་པ་ནི་གནས་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱའོ། །དེས་ན་གནས་པའི་སྒོ་ནས་འདུས་བྱས་རྣམས་འཆད་པར་གྱུར་པའི་མཚན་ཉིད་དང་མཚན་གཞི་ལ་སོགས་པ་ལ་
དཔྱད་པ་སྟོང་པ་ཉིད་ལ་མོས་པ་རྣམས་ཀྱི་ཡིད་མགུ་བའི་ཕྱིར་བརྗོད་དོ། །གཞན་ཡང་གནས་པ་ལ་སོགས་པའི་དོན་འདི་རྣམས་འདུས་བྱས་ཀྱི་མཚན་ཉིད་ཉེ་བར་བསྟན་བཞིན་པའམ་བཟུང་བཞིན་པ་དག་མཚན་གཞི་ལ་ལྟོས་པ་ཁོ་ནས་གནས་ལ། མཚན་གཞི་དེ་ཡང་མཚན་ཉིད་མེད་
ན་མཚན་ཉིད་ལ་ལྟོས་པས་མཚན་གཞི་མེད་པའི་ཕྱིར་རོ། །དེ་བཞིན་ཕན་ཚུན་བརྟེན་པས་བསྡུས་པའི་བདག་ཉིད་ཀྱི་དངོས་པོ་མཚན་གཞི་དང་མཚན་ཉིད་དག་མཚན་ཉིད་ལ་ལྟོས་པར་མཚན་གཞིར་གྱུར་པ་གང་དུ་གནས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྟེན་འགྲུབ་པར་ག་ལ་
འགྱུར། གནས་པ་ལ་སོགས་པ་མ་གྲུབ་པས་རྣམ་པར་ཤེས་པ་ལ་སོགས་པ་ཡོད་པ་མ་ཡིན་ལ། རྣམ་པར་ཤེས་པ་ལ་སོགས་པའི་དངོས་པོ་མེད་ན་དེ་ལ་ལྟོས་ནས་དེ་ལས་ལོག་པའི་དངོས་པོ་མེད་པའི་རང་བཞིན་ག་ལ་ཡོད། དངོས་པོ་མེད་པར་གྱུར་པ་ལ་ཅི་རྣམ་པར་ཤེས་པའི་
དམིགས་པ་ཡོད་དམ། དམིགས་པས་བསྐྱེད་པའི་རྣམ་པར་ཤེས་པ་དམིགས་པ་མེད་པར་སྐྱེ་བར་ནུས་པ་མ་ཡིན་ནོ། །རྣམ་པར་ཤེས་པ་སྐྱེ་བ་མེད་ན་འདོད་ཆགས་ལ་སོགས་པ་རྟེན་མེད་པས་ན་མེད་ལ། ཕྱིན་ཅི་ལོག་རྩད་ནས་ཕྱུང་ལ་ཡོད་པ་མ་ཡིན་པས་ལས་སྐྱེད་པའི་རྒྱུ་མ་
ཡིན་ནོ། །ལས་མེད་ན་དེའི་འབྲས་བུ་མ་འོངས་པའི་སྐྱེ་བ་མི་འབྱུང་བ་དང་། སྔར་སྐྱེས་པའི་ཉེ་བར་ལེན་པ་ཟད་པས་ཉེར་ལེན་མེད་དེ། ངེས་པར་གནས་པ་ལ་སོགས་པ་ལ་དཔྱོད་པ་རྣམས་མྱ་ངན་ལས་འདས་པའི་སྣོད་དུ་འགྱུར་རོ། །ཇི་སྐད་དུ་འཕགས་པ་ལྷས། གང་གི་རྣམ་
เล่ม ๑๐๓ · หน้า 268a
ཤེས་དེ་ཉིད་དང་། །གནས་པ་ལ་སོགས་རྣམ་ཤེས་པ། །དེ་ཚེ་བློ་ལྡན་ཉོན་མོངས་ལ། །ནམ་ཡང་གནས་པ་མ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་དེ་ལྟར་གནས་པ་ལ་སོགས་པ་མེད་ན། དེ་ལྟ་ན་གང་ཞིག་འདི་ལྟར་ཕྱིན་ཅི་ལོག་གི་མ་རིག་པ་མ་
ལུས་པ་བྲལ་བས་མངོན་པར་རྟོགས་པའི་སངས་རྒྱས་ཀྱིས་གསུངས་པ། དགེ་སློང་དག་འདུས་བྱས་ནི་སྐྱེ་བར་ཡང་རབ་ཏུ་ཤེས་སོ། །འགག་པར་ཡང་རབ་ཏུ་ཤེས་སོ། །གནས་པ་ལས་གཞན་དུ་འགྱུར་བར་ཡང་རབ་ཏུ་ཤེས་སོ་ཞེས་སོ། །དེ་ཇི་ལྟར་དེ་བཞིན་གཤེགས་
པའི་གསུང་དོན་མེད་པར་འགྱུར་བ་ནི་རིགས་པ་མ་ཡིན་ནོ། །འདི་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་བདེན་ལ། འདི་དག་དོན་མེད་པར་འགྱུར་བར་རིགས་པ་མ་ཡིན་ཏེ། རྒྱུ་མཚན་ཅིས་ན་གང་གི་ཕྱིར། །གནས་པའི་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་
པའམ་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙེད་དབང་གིས། །གསུངས་ཀྱི་ཡང་དག་དབང་གིས་མིན། །འདིར་དངོས་པོ་རྣམས་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའི་ཤེས་པའི་དབང་གིས་བདེན་པ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་ཞེས་བྱ་བར་འཕགས་པས་
ཐ་སྙད་མཛད་ལ། འཕགས་པ་འབའ་ཞིག་ཁོ་ན་བདེན་པ་གཉིས་རྣམ་པར་འཇོག་པར་མཛད་པ་མ་ཡིན་ཏེ། འཇིག་རྟེན་པ་འཇིག་རྟེན་གྱི་ཐ་སྙད་ལ་མཁས་པ་རྣམས་ཀྱང་བདེན་པ་གཉིས་ཐ་སྙད་བྱེད་དོ། །འདི་ལྟར་བདེན་པའི་དོན་ནི་མི་སྣང་ལ་སྒྲོ་བཏགས་པའི་དོན་རིགས་པར་ཐ་
སྙད་བྱེད་པ་ལ་འདི་ནི་ཀུན་རྫོབ་པའོ་ཞེས་ཐ་སྙད་བྱེད་དོ། །གང་དུ་བདེན་པའི་དོན་མི་སྣང་བ་མ་ཡིན་ལ་སྒྲོ་མ་བཏགས་པའི་དོན་རིག་པའི་ཐ་སྙད་ལ། དེ་ལ་འདི་ནི་དོན་དམ་པ་ཁོ་ནའོ་ཞེས་རྣམ་པར་འཇོག་གོ། །རེ་ཞིག་གང་ལ་འདི་ཀུན་རྫོབ་ཅེས་ཐ་སྙད་བྱེད་པ་དེ་ལ་མི་བདེན་པའི་དོན་
འཇིག་རྟེན་པས་ཁོང་དུ་ཆུད་པ་ཉིད་ཀྱིས་དེའི་ཡུལ་ལ་བསམ་པ་གཏང་བར་མི་བྱའོ། །གང་ཡང་འཇིག་རྟེན་གྱི་ཐ་སྙད་ལ་བདེན་པར་འདོད་པ་དེ་ཡང་འཕགས་པ་རྣམས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པར་བཞེད་དེ། མེད་པའི་དོན་ལ་ཐ་སྙད་འདོགས་པ་ལྟར་དོན་མེད་པ་ཉིད་དུ་
เล่ม ๑๐๓ · หน้า 268b
བརྗོད་དོ། །དེ་ཡང་བརྫུན་པ་ཉིད་དུ་རྟོགས་པར་བྱེད་པ། འཕགས་པ་ཉིད་ཀྱིས་འཆད་པར་འགྱུར་བའི་འཇིག་རྟེན་པ་རབ་ཏུ་གྲགས་པའི་རིགས་པ་ཉིད་ཀྱིས་ཉེ་བར་སྟོན་པར་མཛད་དེ། དེ་ནི་རབ་ཏུ་གྲགས་པའི་དཔེས་མ་གྲགས་པའི་དོན་རྟོགས་པའི་ཕྱིར་རོ། །དེ་ནི་
འདིར་འཇིག་རྟེན་གྱི་ཐ་སྙད་ལ་རྣམ་པར་དཔྱད་ན། ཡང་དག་པའི་དོན་མ་གྲུབ་པའི་ཕྱིར་འཕགས་པས་འཇིག་རྟེན་གྱི་ཐ་སྙད་ལ་ཀུན་རྫོབ་ཅེས་གསུངས་སོ། །ཀུན་རྫོབ་ཀྱི་སྒྲ་ནི་འཇིག་རྟེན་པའི་ཐ་སྙད་ཀྱི་རྣམ་གྲངས་མ་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་དེ་ནི་རྣམ་པ་
གཉིས་སུ་གནས་པའི་ཕྱིར་དང་ཐ་སྙད་ཀྱི་ཕྱོགས་གཅིག་ལ་ཀུན་རྫོབ་ཀྱི་སྒྲས་བརྗོད་པའི་ཕྱིར་རོ། །རིགས་པའི་སྟོབས་ཀྱིས་འདིའི་དོན་ནི་གང་ཞིག་འཇིག་རྟེན་གྱི་ཐ་སྙད་ལ་ཀུན་རྫོབ་ཀྱི་སྒྲས་བརྗོད་ལ། དེ་ནི་འདི་ལྟར་གང་འཇིག་རྟེན་གྱི་ཐ་སྙད་འདི་ནི་འཇིག་རྟེན་ཀུན་རྫོབ་སྟེ།
དེ་ནི་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་འཕགས་པ་ཁོ་ན་གསུངས་པར་རིགས་ལ། ཐ་སྙད་དང་ཀུན་རྫོབ་ཀྱི་སྒྲ་དག་ཀྱང་རྣམ་གྲངས་ཉིད་དེ། དེ་ལ་སྐྱོན་མེད་དོ། །དེ་སྐད་དུ་མདོ་ལས། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྲིད་དུ་འཇིག་རྟེན་གྱི་ཐ་སྙད་ཡི་གེ་དང་སྐད་ཀྱིས་སྟོན་པའོ། །
ཞེས་སོ། །ཡང་ན་ཅི་ཞིག་ལ་འདིར་འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་ཞེ་ན། དེ་ལ་རེ་ཞིག་བུད་ཤིང་ལ་བརྟེན་ནས་མེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་བརྟགས་པའི་གང་ཟག་ལ་འཇིག་རྟེན་ཞེས་བརྗོད་དོ། །དེ་ཡང་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་རྣམ་པ་གཉིས་སོ། །དེ་ལ་
དབང་པོ་ཉམས་པའི་རབ་རིབ་ཅན་ལ་སོགས་པ་ཕྱིན་ཅི་ལོག་ཡིན་ལ། ཕྱིན་ཅི་མ་ལོག་པ་ནི་དབང་པོ་མ་ཉམས་པ་རབ་རིབ་ཅན་ལ་སོགས་པ་ལས་གཞན་པའོ། །འདི་ཉིད་ཁོ་ན་ཡང་འདིར་འཇིག་རྟེན་པའི་སྒྲས་བརྗོད་ཀྱི། ཅིག་ཤོས་ནི་མ་ཡིན་ཏེ། འཇིག་རྟེན་པ་ཁོ་ན་ལ་རྣམ་པ་ཚད་
མ་མ་ཡིན་པའི་ཕྱིར་རོ། །འཇིག་རྟེན་གྱི་ཐ་སྙད་དུ་གསུངས་པ་ཡང་གཞན་གྱི་ཁོང་དུ་ཆུད་པར་འདོད་པའི་དངོས་པོ་ཀུན་ནས་རྟོགས་པའི་དངོས་པོ་སྣ་ཚོགས་པ་གཞན་གྱི་རྒྱུད་ལ་རྟོག་པ་འཇུག་པར་བྱེད་པ་ལ་ཐ་སྙད་ཅེས་བརྗོད་དོ། །འཇིག་རྟེན་པའི་ཐ་སྙད་ནི་འཇིག་རྟེན་ཐ་སྙད་དེ།
เล่ม ๑๐๓ · หน้า 269a
ཇི་ལྟར་འཇིག་རྟེན་པ་རྟོགས་པར་འདོད་པའི་དོན་ཕན་ཚུན་དུ་རྟོགས་པར་བྱེད་པའམ། ཤེས་པར་འདོད་པའི་དོན་ཁོང་དུ་ཆུད་པའོ། །དེ་བཞིན་དུ་དོན་དེ་ལ་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་དང་། ཤེས་བྱ་ཤེས་བྱེད་དུ་རྣམ་པར་འཇོག་པར་བྱེད་ཅིང་། དུས་
གཞན་དུ་ཡང་ཐ་སྙད་ཀྱི་གདམས་པ་མི་འཆད་པའི་དོན་དུ་དེ་ལ་འདི་ལྟར་རྗོད་བྱེད་དང་བརྗོད་བྱ་དང་། ཤེས་པ་དང་ཤེས་བྱའི་མཚན་ཉིད་ཅན་གྱི་དོན་ཕྱིན་ཅི་ལོག་ཙམ་གྱིས་ཉེ་བར་བསྐྱེད་པའི་བདག་ཉིད་ཀྱི་དངོས་པོ་ལ་ཐ་སྙད་ཅེས་བརྗོད་ཀྱི། བྱེད་པ་པོའི་ཚོགས་པ་གཅིག་དང་འབྲེལ་པ་
ནི་མ་ཡིན་ནོ། །དེ་ཉིད་ཀྱང་འཇིག་རྟེན་པ་བདེན་པར་འདོད་པའི་ཕྱིར་འཇིག་རྟེན་པའི་ཐ་སྙད་ཀྱི་བདེན་པ་ཞེས་བྱ་སྟེ་གཅིག་གོ། །རེ་ཞིག་འདི་དག་འཇིག་རྟེན་པ་ཕྱིན་ཅི་ལོག་གི་ཤེས་པའི་དབང་ལས་བདེན་པ་ལ། ཕྱིན་ཅི་མ་ལོག་པའི་དབང་ལས་དོན་དམ་པའི་བདེན་པ་རྣམ་པར་གཞག་གོ། །
སླར་ཡང་ཅི་དེ་ཕྱིན་ཅི་མ་ལོག་པའི་ཤེས་པ་ཡིན། གང་དུ་ཡང་དག་པ་མ་ཡིན་པས་སྒྲོ་འདོགས་པར་མི་བྱེད་པའོ། །ཡང་ཅི་ཡང་དག་པ་མ་ཡིན་པས་སྒྲོ་འདོགས་པར་མི་བྱེད་པ་ཡིན། དེ་ནི་ཇི་ལྟར་གནས་པའི་ཆོས་ཀྱི་རང་བཞིན་ལ་དམིགས་པའོ། །སླར་ཡང་ཅི་འདི་ནི་ཆོས་
རྣམས་ཀྱི་ཡང་དག་པ་ཇི་ལྟ་བར་གནས་པའི་རང་བཞིན་ཡིན། མ་བྱས་པའོ། །ཡང་ཅི་མ་བྱས་པ་ཡིན། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ། །འདི་ནི་བརྡར་བཏགས་པའི་མིང་ཡིན་ནམ་ཅི་མ་ཡིན་ཏེ། འཇིག་རྟེན་པ་ཡང་མ་བྱས་པ་ཉིད་ལ་རང་བཞིན་ཞེས་བརྗོད་པའི་ཕྱིར་རོ། །
འདི་ལྟར་འཇིག་རྟེན་པ་འགའ་ཞིག་འགའ་ཞིག་ཏུ་བསླུ་བའི་ཐ་སྙད་དམིགས་པ་ན་འདིའི་ཐ་སྙད་འདི་ནི་བྱས་པ་སྟེ། རང་བཞིན་མ་ཡིན་པའོ་ཞེས་སྨྲ་བའོ། །དེ་བཞིན་དུ་སྒྱུ་མའི་སྐྱེས་བུ་དམིགས་པ་ན་སྐྱེས་བུ་འདི་ནི་བྱས་པའོ་ཞེས་བརྗོད་དེ། རང་བཞིན་མ་ཡིན་པ་ཞེས་བྱའོ། །དེ་བཞིན་
དུ་འཇིག་རྟེན་དུ་རང་བཞིན་ཞེས་བྱ་བ་མ་བྱས་པ་ལ་བརྗོད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་བྱས་པ་ཉིད་དུ་ཡོད་པའི་གཟུགས་དང་ཚོར་བ་ལ་སོགས་པའི་དོན་ཀྱང་བསླུ་བར་སོ་སོར་སྣང་བའོ་ཞེས་བྱ་སྟེ། གང་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་འདི་དག་ཉེ་བར་དམིགས་
เล่ม ๑๐๓ · หน้า 269b
པའི་རང་བཞིན་དེ་ནི་བྱས་པ་སྟེ། བྱས་པའི་ཕྱིར་རང་བཞིན་དུ་མི་འགྱུར་རོ། །དེ་ལྟ་ན་ཡང་བྱས་པའི་རང་བཞིན་དུ་ཞོག་ཤིག་ཅེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། དངོས་པོ་བྱས་པ་མ་ཡིན་པ་མེད་ལ་གང་ཞིག་གི་རང་བཞིན་ནོ་ཞེས་པའི་མིང་ཡིན་པར་འགྱུར་ན། ཇི་ལྟར་གནས་
པའི་རང་བཞིན་དུ་ཕྱིན་ཅི་མ་ལོག་པའི་ཤེས་པས་དམིགས་པར་འགྱུར་གྲང་ན། དེ་ཡང་མེད་ལ། དེ་མེད་ན་ཡུལ་མེད་པས་ཤེས་པ་སྐྱེ་བ་མེད་དོ་ཞེས་བྱ་སྟེ། ཅིའི་ཕྱིར་ཡང་དག་པའི་དོན་དུ་སྒྲོ་འདོགས། གང་ཡང་འདི་ནི་ཡང་དག་པའི་སྒྲོ་བཏགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་
ཏེ། འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་དོན་དམ་པའི་བདེན་པ་ཞེས་བརྗོད་ལ། དེ་ཡང་མཚན་མ་མེད་པའི་ཕྱིར་བརྗོད་བྱ་རྗོད་བྱེད་དང་ཤེས་བྱ་ཤེས་བྱེད་ཀྱི་ཐ་སྙད་མེད་དོ། །ཇི་སྐད་དུ་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་
རྣམས་ལྟ་ཅི་སྨོས་ཞེས་སོ། །དེ་ལྟར་བདེན་པ་གཉིས་རྣམ་པར་གཞག་པ་ལ། གལ་ཏེ་དོན་དམ་པའི་བདེན་པ་བསྟན་པའི་དབང་དུ་བྱས་ནས་གནས་པ་ལ་སོགས་པར་བསྟན་བརྟགས་ནས་བརྗོད་ན་དེའི་ཚེ། དེ་བཞིན་གཤེགས་པའི་གསུང་དོན་མེད་པར་འགྱུར་བས་
མི་རིགས་སོ་ཞེས་པའི་བརྩད་པ་རིགས་པར་འགྱུར་ལ་གནས་པ་ལ་སོགས་པས་བསྟན་པའི་ཡུལ་ནི་འདི་མ་ཡིན་ནོ། །འོན་ཀྱང་འཇིག་རྟེན་གྱི་ཐ་སྙད་དུའོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཐ་སྙད་ཀྱི་མཐུས་གནས་པ་ལ་སོགས་པ་ཉེ་བར་བསྟན།
གཞན་གྱི་རྐྱེན་ལ་མི་ལྟོས་པའི་ཡེ་ཤེས་ལ་ལྟོས་ནས་མ་ཡིན་ནོ། །དེའི་ཡེ་ཤེས་ནི་རང་བཞིན་ཡུལ་ཡིན་པའི་ཕྱིར་ནི་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པ་དེ་གནས་ལ་སོགས་པ་ཉེ་བར་དམིགས་ཤིང་། ཁོ་བོ་ཅག་གནས་པ་ལ་སོགས་པ་
འགེགས་པར་བྱེད་པ་ལུང་གིས་གནོད་པ་གོ་སྐབས་ག་ལ་ཡོད་ཅེས་བྱ་སྟེ། ལུང་གིས་བརྩད་པ་རིགས་པ་མ་ཡིན་ལ། ཇི་ལྟར་གནས་པ་དང་སྐྱེ་བ་དང་འཇིག་པ་སེལ་བ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་བརྗོད་པ་ལ་ལུང་གིས་གནོད་པར་མི་ནུས་སོ། །དེ་བཞིན་དུ་
เล่ม ๑๐๓ · หน้า 270a
ཡོད་པ་དང་མེད་པ་དང་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་སེལ་བ་ལ་ཡང་གནོད་པར་མི་ནུས་སོ། །དེ་ལ་ཡོད་ཅེས་བརྗོད་པ་ནི། གང་ཡོད་པ་འདི་ལྟ་སྟེ། ད་ལྟར་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སམ། འདུས་བྱས་
རྣམས་སོ། །མེད་པ་ཞེས་བརྗོད་པ་ནི་གང་མེད་པ་སྟེ། འདི་ལྟར་གང་འདས་པ་དང་། མ་འོངས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སམ་འདུས་མ་བྱས་སོ། །ཡང་ཇི་ལྟར་ན་གནས་པ་ལ་སོགས་པ་བཀག་པ་ཉིད་ཀྱིས་དེ་རྣམས་སེལ་བར་འགྱུར། དེ་སྐད་དུ་
ཡང་རྩ་བའི་རབ་བྱེད་བདུན་པར། སྐྱེ་དང་གནས་དང་འཇིག་པ་ཡི། །འདུས་བྱས་གྲུབ་པ་ཡོད་མ་ཡིན། །འདུས་བྱས་རབ་ཏུ་མ་གྲུབ་ན། །འདུས་མ་བྱས་དེ་ཇི་ལྟར་འདོད། །ཅེས་བྱ་སྟེ། འདུས་བྱས་རྣམས་ནི་དུས་གསུམ་གྱིས་རྣམ་པར་གནས་ལ་འདུས་བྱས་
མེད་ན་དུས་གསུམ་ག་ལ་ཞིག །དེ་ལ་ད་ལྟར་བའི་དུས་མེད་པས་དངོས་པོ་མེད་ལ། འདས་པ་དང་། མ་འོངས་པ་མེད་པས་དངོས་པོ་མེད་པ་ཡང་མེད་དོ། །དེའི་ཕྱིར་དངོས་པོ་འདི་གཉིས་ཀྱང་གནས་ལ་སོགས་པ་མེད་བཞིན་དུ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་
སོ། །ཇི་ལྟར་དངོས་པོ་དང་དངོས་པོ་མེད་པ་དག་གནས་པ་ལ་སོགས་པ་མ་གྲུབ་ལ། དེ་བཞིན་དུ་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་རྣམས་ཀྱང་ངོ་། །དེ་ལ་དམན་པ་ནི་ཁྱད་པར་ཅན་མ་ཡིན་པ་སྟེ། འདི་ལྟ་སྟེ་ཉོན་མོངས་པའོ། །ཁྱད་པར་ཅན་ནི་དགེ་བ་སྟེ། འདི་
ལྟ་སྟེ་དགེ་བ་ལ་སོགས་པའོ། །མཉམ་པ་ནི་བར་མ་སྟེ་ལུང་དུ་མ་བསྟན་པ་འདི་ལྟ་སྟེ། མིག་ལ་སོགས་པ་རྣམས་སོ་ཞེས་བྱ་བའོ། །འདི་དག་ནི་ཉེ་བར་བསྟན་པ་ཙམ་སྟེ། འདི་ལྟར་ཁྱད་པར་ཐམས་ཅད་འདིར་གནས་པ་ལ་སོགས་པ་མ་གྲུབ་པས་མ་གྲུབ་པར་ཁོང་དུ་
ཆུད་པར་བྱ་བ་ཐ་སྙད་ཀྱི་དབང་གིས་བརྗོད་པས་ལུང་གི་གནོད་པ་སྤང་བར་བྱའོ། །ངང་གི་སྒྲའི་དོན་ལ་འམ་གྱི་སྒྲའོ། །དེ་ཡང་མ་སྨོས་པ་རྣམས་སྡུད་པའོ་ཞེས་བྱ་སྟེ། རྣམ་པར་བརྟགས་པ་ཐམས་ཅད་དགག་པ་གནས་པ་ལ་སོགས་པ་དགག་པའི་སྒོ་ནས་
เล่ม ๑๐๓ · หน้า 270b
གསུངས་པ་ལ། ལུང་གིས་གནོད་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་པས་སྤང་བར་བྱོས་ཤིག །སླར་ཡང་འདི་དག་འཇིག་རྟེན་གྱི་ཐ་སྙད་ཀྱི་ངོར་འཇུག་པས་མཛད་པའི་དགོས་པ་ཅི་ཞེ་ན། འདི་ལ་དགོས་པ་ཆེ་སྟེ། འཇིག་རྟེན་པའི་ཐ་སྙད་ཁས་མ་བླངས་ན་འཇིག་རྟེན་
པ་དང་མི་མཐུན་པས་རྟག་ཏུ་འཇིག་རྟེན་པའི་ལོག་རྟོགས་ལས་བཟློག་པར་ནུས་པ་མ་ཡིན་ཏེ། ཀླ་ཀློ་བཞིན་ནོ། །ཀླ་ཀློ་འཕགས་པའི་སྐད་མི་ཤེས་པ་ལ་འཕགས་པའི་སྐད་འགའ་ཞིག་ལས་བཟློག་པར་མི་ནུས་ལ། ཀླ་ཀློའི་སྐད་རྗེས་སུ་མཐུན་པས་བདེ་བླག་ཏུ་བཟློག་པར་
འགྱུར་རོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ཇི་ལྟར་རྟོགས་པའི་ཆོས་ཉིད་ལ་གནས་པར་གྱུར་ན། དེའི་ཚེ་སངས་རྒྱས་པ་དེ་རྣམས་ལ་དགོས་པ་མེད་པར་འགྱུར་ཏེ། ཆོས་ཉིད་ལ་གནས་པ་རྣམས་གཞན་གྱི་དོན་མི་མཛད་པའི་ཕྱིར་རོ། །ཆོས་ཉིད་ལ་
གནས་པ་དེ་རྣམས་ནི། བརྗོད་པར་བྱ་བ་ལྡོག་པས་ན། །སེམས་ཀྱི་སྤྱོད་ཡུལ་ལྡོག་པ་སྟེ། །མ་སྐྱེས་པ་དང་མ་འགགས་པའི། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ལུང་ལས་ཀྱང་གསུངས་པ། སངས་རྒྱས་འགའ་ཡང་མི་ཤེས་ཤིང་། །ཡང་ན་སངས་རྒྱས་ཆོས་ཉིད་
མིན། །འཇིག་རྟེན་རྣམ་འདྲེན་འཇིག་རྟེན་དུ། །གལ་ཏེ་འཇིག་རྟེན་རྗེས་འཇུག་མིན། །ཞེས་སོ། །ཡང་ན་རང་གིས་རྟོགས་པའི་ཆོས་ཉིད་ཁོ་ན་སྒྲོ་བཏགས་ནས་རྗོད་བྱེད་དང་བརྗོད་བྱའི་ཐ་སྙད་ལ་གནས་ཏེ་ཉེ་བར་སྟོན་པར་མ་གྱུར་ན། དེ་ཡང་འཇིག་རྟེན་པའི་དོན་སྒྲུབ་པར་མི་ནུས་ལ།
ཇི་སྐད་དུ་ལུང་བཞི། བམ་པོ་གྱ་དྲུག་པ། དེ་ནས་བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོ་མ་ལོན་པ་ན་འདི་སྐད་གསུངས་ཏེ། བདག་གིས་ཆོས་ཉིད་ཟབ་མོ་ཟབ་མོར་སྣང་བ་མཐོང་དཀའ་བ་རྟོགས་དཀའ་བ་བརྟག་དཀའ་བ། བརྟག་པའི་སྤྱོད་ཡུལ་མ་ཡིན་
པ་ཕྲ་བ་མཛངས་པ་མཁས་པ་སྒྲིན་པོས་ཤེས་པར་བྱ་བ་ཁོང་དུ་ཆུད་དེ། དེ་བདག་གིས་གལ་ཏེ་གཞན་ལ་བསྟན་པར་གྱུར་ཀྱང་གཞན་གྱིས་ཤེས་པར་མི་འགྱུར་གྱི། དེའི་ཚེ་བདག་ནི་ཉམས་པར་འགྱུར། ལ་བར་འགྱུར། སེམས་མི་སྤྲོ་བར་འགྱུར། གང་དུ་བདག་
เล่ม ๑๐๓ · หน้า 271a
ཉིད་གཅིག་པུ་ཞིག །དགོན་པ་དབེན་པ་མཐོང་བའི་ཆོས་ལ་བདེ་བས་གནས་པའི་རྣལ་འབྱོར་དང་ལྡན་པས་བདེ་བར་གནས་པར་འགྱུར་རོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པའི་འཇིག་རྟེན་ན་གནས་པས་འདི་སྐད་སྨྲས་སོ། །ཀྱེ་མ་འཇིག་རྟེན་འདི་
དག་ནི་བརླག་གོ། །ད་ནི་གང་དུ་ན་འགའ་ཞིག་ཏུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགའ་ཞིག་འཇིག་རྟེན་དུ་འབྱུང་བ་ནི་འདི་ལྟ་སྟེ། ཨུ་དུམ་བཱ་རའི་མེ་ཏོག་བཞིན་ལ། དེ་ནི་དེ་སང་ན་བཅོམ་ལྡན་འདས་ཆོག་ཤེས་པ་ལ་གནས་པ་
ཐུགས་སྤྲོ་བར་འགྱུར་གྱི། ཆོས་འཆད་པ་ལ་ནི་མ་ཡིན་པས་བདག་ནི་གང་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་
བ་ལས་བསྐུམ་པ་བཞིན་མི་མཇེད་ཀྱི་བདག་པོ་ཚངས་པའི་འཇིག་རྟེན་དུ་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་མདུན་དུ་འཁོད་པར་གྱུར་ཏོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་དེའི་ཚེ་ན་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མ་ག་དྷཱར་ནི་སྔོན་ཆད་མ་བྱུང་
ཆོས། །བརྗོད་བྲལ་དྲི་མར་བཅས་པ་རྗེས་སུ་རིག །ཉོན་མོངས་མེད་ཅིང་རྡུལ་དང་བྲལ་བའི་ཆོས། །བདུད་རྩིའི་སྒོ་མོ་གསལ་བར་མཛད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཚངས་པ་བདག་གིས་ཚོགས་
ཆེན་པོས། །སྲིད་པའི་འདོད་ཆགས་ཡོངས་བསྲབས་ཤིང་། །ཐ་བ་བཅོམ་ནས་རྟོགས་པ་ཡི། །ཆོས་འདི་རྟོགས་པར་སླ་མ་ཡིན། །རྒྱུན་ལས་བཟློག་པ་ལྟ་བུའི་ལམ། །ཟབ་མོ་ཤིན་ཏུ་མཐོང་བ་དཀའ། །སྲིད་པའི་འདོད་ཆགས་མུན་པ་ཡི། །ཕུང་པོས་བསྒྲིབས་པས་མཐོང་བ་
མིན། །ཞེས་གསུངས་སོ། །དེའི་ཕྱིར་ན་ངེས་པར་འདི་རྣམས་ཀྱིས་ཇི་ལྟར་གནས་པའི་འཇིག་རྟེན་གྱི་ཐ་སྙད་ནི་འཇིག་རྟེན་པའི་དོན་བྱེད་པའི་ཐབས་ཀྱི་ཕྱིར་ཐོག་མ་ཉིད་དུ་ཁས་བླང་བར་བྱ་སྟེ། འཇིག་རྟེན་པས་རྟོགས་པའི་ཐབས་སུ་གྱུར་པ་འཇིག་རྟེན་གྱི་ཐ་སྙད་ཁས་མ་
เล่ม ๑๐๓ · หน้า 271b
བླངས་པར་འཇིག་རྟེན་པས་རྟོགས་པར་བྱེད་ནུས་པ་མ་ཡིན་ནོ། །ཡང་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་དངོས་པོར་གྱུར་པ་ཅུང་ཟད་མ་དམིགས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་མཐུན་པ་འབའ་ཞིག་གིས་ཉེ་བར་སྟོན་པར་མཛད་ཅེ་ན། འདི་ནི་རབ་ཏུ་གྲགས་
པའི་དཔེ་གཅིག་ཙམ་སློབ་དཔོན་གྱིས་བརྗོད་པར་འདོད་པའི་དོན་བསྒྲུབ་པའི་ཕྱིར་ཉེ་བར་བསྡུ་བར་བྱའོ། །ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པའི་བདེ་བར་གཤེགས་པས་འཇིག་རྟེན་པའི་ངོར་འཇུག་ཏུ་དང་ངའི་ཞེས་པས་སྐད་གཞན་ཇི་ལྟ་བ་དེ་ལྟར་གསུངས་ཏེ། དེ་ལ་ངའོ་
ཞེས་པས་བདག་ཏུ་མངོན་པར་ཞེན་པ་ནི་ངར་འཛིན་པའོ། །བདག་གི་འོ་ངའི་འོ་ཞེས་མངོན་པར་ཞེན་པ་ནི་ང་ཡིར་འཛིན་པའོ། །ང་དང་ང་ཡིར་འཛིན་པ་འདི་གཉིས་ཀྱང་འཇིག་ཚོགས་ལ་ལྟ་བའི་ཡན་ལག་སྟེ། དེ་ལས་བདག་དང་བདག་གིར་འཇུག་པའི་ཕྱིར་རོ། །དེ་
ལ་འཇིག་ཚོགས་སུ་ལྟ་བ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རབ་ཏུ་སྤངས་པའི་ཕྱིར། སྤངས་པས་ན་བདེ་བར་གཤེགས་པ་ལ་ངར་འཛིན་པ་དང་ང་ཡིར་འཛིན་པའི་ཕྱིར་རོ། །དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་མངོན་པར་འདོད་པའི་འབྲས་བུ་ཕུན་
སུམ་ཚོགས་པ་ཉེ་བར་ལོངས་སྤྱོད་པར་དགོངས་པའི་དུས་སུ་ཉེ་བར་བཏུད་པ་གང་ཞིག་ལ་ཉེ་བར་ལོངས་སྤྱོད་པ་དང་ལྡན་ཞིང་། ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ཉེས་པ་མ་ལུས་པ་དང་བྲལ་ཞིང་། ཡོན་ཏན་དང་ལྡན་པའི་ལམ་གྱིས་ཐོབ་པ་མཐའ་ཡས་པའི་སེམས་ཅན་
ཕན་འདོགས་པའི་ཕྱིར་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པའམ་སངས་རྒྱས་ནི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཡང་དག་པར་རྟོགས་པའི་ཕྱིར་མཛེས་པར་གཤེགས་པས་བདེ་བར་གཤེགས་པའོ། །ཕྱིར་མི་
ལྡོག་པའི་ཕྱིར་མཐར་ཐུག་པར་གཤེགས་པས་ཏེ་རིམས་ནད་ལེགས་པར་བྱང་བ་བཞིན་ནམ། ཐོག་མ་དང་བར་དང་ཐ་མར་གཅིག་ཏུ་དགེ་བའི་ཆོས་སྟོན་པ་ལ་མཛེས་པར་གཤེགས་པའི་ཕྱིར་བདེ་བར་གཤེགས་པའོ། །ངེས་པའི་ཚིག་གི་ཚུལ་གྱིས་བདེ་བར་གཤེགས་པ་
เล่ม ๑๐๓ · หน้า 272a
ངར་འཛིན་པ་དང་ང་ཡིར་འཛིན་པ་ཤིན་ཏུ་སྤངས་པས་གནས་ཀྱང་ང་དང་ངའི་ཞེས་གསུངས་ཏེ། ཇི་སྐད་དུ་ལུང་ལས། དགེ་སློང་དག་ངའི་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་
དང་། དེ་བཞིན་གཤེགས་པས་དགེ་སློང་དག་ང་ནི་གཅིག་པུ་དབེན་པ་ཞིག་ན་གནས་པ་ན་ཞེས་པས་འདིར་ང་ཡི་བ་གསུངས་སོ། །བདག་ཉིད་ལ་ང་དང་ང་ཡིར་འཛིན་པ་མེད་ཀྱང་ང་དང་ང་ཡི་ཞེས་པ་གསུངས་པས་འཇིག་རྟེན་པས་རྟོགས་པའི་ཐབས་སུ་འགྱུར་བའི་ཕྱིར་འཇིག་
རྟེན་པ་ལ་ལྟོས་ནས་ང་དང་ང་ཡི་ཞེས་གསུངས་ལ། འདི་ལྟར་གཙུག་ན་ནོར་བུའི་རྟོགས་པ་བརྗོད་པ་ལ་སོགས་པར་བྱ་དཀའ་བ་བརྒྱ་ཕྲག་གསུངས་པ་དེ་གང་ཞིག་དེའི་ཚེ་ལོང་བ་ཆེན་པོར་གྱུར་པ་དང་གང་དུ་འདི་ལྟར་བྱ་དཀའ་བ་བརྒྱ་ཕྲག་གསུངས་ཤེ་ན། དེ་དག་གོ་བར་འདོད་པའི་
འཇིག་རྟེན་པ་ལ་གལ་ཏེ་ང་ཉིད་དེའི་ཚེ་ན་ཞེས་མ་གསུངས་ན་འཇིག་རྟེན་པས་རྟོགས་པར་འདོད་པའི་དོན་མི་རྟོགས་པར་འགྱུར་བའམ། དེ་བཞིན་གཤེགས་པའི་སྤྱོད་པ་ལ་ངོ་མཚར་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་ང་ཡིར་འཛིན་པ་ལ་ཡང་སྦྱར་བར་བྱའོ། །གང་ཡང་འདི་ལྟར་
ང་དང་ང་ཡིར་འཛིན་པ་མེད་ཀྱང་འཇིག་རྟེན་པའི་ངོར་འཇུག་ཏུ་ང་དང་ང་ཡིར་འཛིན་པ་ཡོད་པ་ལྟ་བུར་མཚོན་ནོ། །དེ་བཞིན་དུ་དངོས་པོར་གྱུར་པ་གཞན་གསུང་བ་ན་ཡང་དངོས་པོ་དེའི་རང་བཞིན་ལྟ་བུར་མཚོན་པར་ཁས་བླང་བར་བྱའོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱིས་གསུངས་པས་དངོས་པོ་ཡོད་པ་མ་ཡིན་པ་ཉིད་དེ་འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འཇུག་པས་གསུངས་པའོ་ཞེས་ཤེས་པར་བྱའོ། །ང་དང་ང་ཡིར་འཛིན་པ་བཞིན་བརྗོད་བྱས་སྟོང་པའི་ཕྱིར་ན། བརྗོད་བྱ་མེད་པར་རབ་ཏུ་བྱེད་པ་རྫོགས་ཀྱི་བར་གྱིས་སྟོན་པར་འགྱུར་རོ། །
དེའི་ཕྱིར་གནས་པ་ལ་སོགས་པ་འདི་དག་གི་རྗོད་བྱེད་ནི་བརྗོད་བྱ་མེད་པ་སྟེ། ཐ་སྙད་ཀྱི་དབང་གིས་བརྗོད་པ་འགའ་ཞིག་ཏུ་གྲུབ་ཀྱི་དོན་དམ་པའི་དབང་གིས་ནི་མ་ཡིན་ནོ་ཞེས་བྱའོ། །གལ་ཏེ་གསུངས་པ་ཐམས་ཅད་དངོས་མེད་པ་ཚིག་ཙམ་ཁོ་ན་ཡིན་ན། གང་དུ་བཅོམ་ལྡན་
เล่ม ๑๐๓ · หน้า 272b
འདས་ཀྱིས་འདི་སྐད་དུ། བདག་ཉིད་ལ་ནི་བདག་ཉིད་མགོན། །རྗེས་སུ་མགོན་བྱེད་གཞན་སུ་ཞིག །བདག་ཉིད་ལེགས་པར་དུལ་གྱུར་ན། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་པ་དེ་ལ་བདག་ལ་སོགས་པ་ཡོད་པ་མིན་ན་མགོན་ལ་སོགས་པ་ཇི་ལྟར་རིགས་
པར་འགྱུར། དེའི་ཕྱིར་བདག་ཡོད་དོ་ཞེ་ན། གལ་ཏེ་ཡང་ཁྱོད་ནི་རང་ཉིད་ཀྱིས་ཡོངས་སུ་སྤངས་ནས་རྩོད་པའི་སྐབས་ཚོལ་བར་བྱེད་ལ་དེ་ལྟ་ན་ཡང་སྨྲས་པ། བདག་མིན་བདག་མེད་མིན་བདག་དང་། །བདག་མེད་མིན་པས་རྗོད་འགའ་འང་མེད། །བརྗོད་བྱ་མྱ་ངན་འདས་དང་
མཚུངས། །དངོས་པོ་ཀུན་གྱིས་རང་བཞིན་སྟོང་། །དེ་ལ་བདག་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འདིར་བསྒོམ་པ་ལས་བྱུང་བའི་ངོར་རློམ་སེམས་པ་ནི་བདག་ཅེས་བྱའོ། །དེ་ཉིད་སྲེད་པའི་དངོས་པོར་གྱུར་པས་སྲེད་པའི་སྙིང་སྟོབས་ཀྱི་ཕྱིར་སེམས་ཅན་ནོ། །སྲོག་
གི་དབང་པོ་དང་འབྲེལ་པས་འཚོ་བས་ན་སྲོག་གོ། །ལས་དང་ཉོན་མོངས་པས་སྐྱེ་བ་གཞན་དུ་སྐྱེ་བར་བྱེད་པས་སྐྱེ་བ་པོའོ། །ཡིད་གཙོ་བོར་གྱུར་པ་ལས་སྐྱེས་པས་ཤེད་ལས་སྐྱེས་སོ། །ཡིད་ཤས་ཆེ་བར་གྱུར་པའི་ཕྱིར་ཤེད་ཅན་ནོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་
ལས་བྱེད་དུ་འཇུག་པའི་ཕྱིར་བྱེད་པ་པོའོ། །དེའི་འབྲས་བུ་མྱོང་བར་བྱེད་པའི་ཕྱིར་རིག་པ་པོའོ། །ཡུལ་ཡོངས་སུ་དཔྱོད་པའི་ཕྱིར་ཤེས་པ་པོའོ། །དཔྱོད་པར་བྱེད་པའི་ཕྱིར་མཐོང་བ་པོའོ་ཞེས་བྱ་བ་ལ་སོགས་པ་རྣམས་དེའི་མིང་གི་ཁྱད་པར་རོ། །བདག་དེ་ཡང་རྩ་བའི་རབ་བྱེད་བཅུ་
པར། །རེ་ཞིག་ཤིང་ལ་མེ་མིན་ཞིང་། །ཤིང་ལས་གཞན་དུ་མེ་མ་ཡིན། །མེ་ནི་ཤིང་དང་ལྡན་མིན་ལ། །མེ་ལ་ཤིང་མེད་དེར་དེ་མེད། །མེ་དང་བུད་ཤིང་བཤད་པ་ཡིས། །བདག་དང་ཉེ་བར་ལེན་རིམ་བཞིན། །ཞེས་པའི་ཚིག་གིས་ཉེ་བར་ལེན་པ་ལས་དེ་ཉིད་དང་གཞན་པ་རྣམ་
པ་ལྔས་དཔྱད་ན་མི་སྲིད་པས་བདག་མེད་དོ་ཞེས་བྱའོ། །ཡང་ན་འདིར་ཕྱོགས་སྔ་མ་གཞན་ཏེ། གལ་ཏེ་ཡང་སངས་རྒྱས་རྣམས་ངར་འཛིན་པ་དང་། ང་ཡིར་འཛིན་པ་སྤངས་པའི་ཕྱིར། ང་དང་ང་ཡིར་འཛིན་པའི་གསུང་དངོས་པོ་མེད་ལ། ངར་འཛིན་པ་དང་ང་ཡིར་འཛིན་
เล่ม ๑๐๓ · หน้า 273a
པ་མ་སྤངས་པའི་འཇིག་རྟེན་པའི་ང་དང་ང་ཡིར་འཛིན་པའི་བརྗོད་པ་དོན་དང་བཅས་པར་འགྱུར་རོ་ཞེ་ན། སྨྲས་པ། འཇིག་རྟེན་པའི་ང་དང་ང་ཡིར་འཛིན་པའི་ཚིག་དོན་དང་བཅས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བདག་མིན་ཅེས་
བདག་དགག་པ་སྔར་བཞིན་ནོ། །བདག་མ་གྲུབ་པས་ཀྱང་འཇིག་རྟེན་གྱི་ང་དང་ང་ཡིར་འཛིན་པའི་རྗོད་བྱེད་ཀྱང་བརྗོད་བྱས་སྟོང་པའོ། །འདིར་སྨྲས་པ། གལ་ཏེ་བདག་མེད་ན་ཡང་དེ་ལྟ་ན་ཡང་ངར་འཛིན་པ་སེམས་ལས་བྱུང་བའི་ཆོས་རང་རིག་པར་ཡོད་པས་དེའི་རྗོད་བྱེད་ཚིག་
ཙམ་མ་ཡིན་ནོ་ཞེ་ན། སླར་ཡང་ངར་འཛིན་པ་དེའི་དམིགས་པ་ཅི་ཞེ་ན། བདག་གོ། །གལ་ཏེ་དེ་ལྟ་ན་བདག་མེད་ན་དམིགས་པ་ལས་གཞན་དུ་ངར་འཛིན་ཇི་ལྟར་འབྱུང་བར་འགྱུར། དམིགས་པ་མེད་པར་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་ནི་མེད་དོ། །ཁ་ཅིག་ནི་ཕྱི་རོལ་གྱི་
དམིགས་པ་ལ་ལྟོས་པ་མེད་པར་སེམས་དང་སེམས་ལས་བྱུང་བ་སྐྱེ་སྟེ། དཔེར་ན་རྨི་ལམ་ལ་སོགས་པའོ་ཞེ་ན། དཔེ་འདི་ནི་གཉི་ག་ལ་མ་གྲུབ་པས་རྣམ་པར་རིག་པར་སྨྲ་བའི་འདོད་པའི་དོན་གྲུབ་པར་བྱེད་པ་མ་ཡིན་ནོ། །ཁྱོད་ལ་ཡང་དཔེ་མེད་པས་འདོད་པའི་དོན་མི་འགྲུབ་བོ་
ཞེ་ན། སླར་ཡང་ཁོ་བོའི་འདོད་པ་ཅི་ཞེ་ན། རྣམ་པར་ཤེས་པའི་ཕྱི་རོལ་ལ་དམིགས་པར་བྱེད་པ་ཉིད་དོ། །སླར་ཡང་དེ་ཇི་ལྟར་མ་གྲུབ་ཅེ་ན། ཁོ་བོས་སུན་ཕྱུང་བའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱི་སྐྱོན་བརྗོད་པ་ནུས་པ་དང་ལྡན་པར་གྱུར་ན། དེ་ལྟར་འགྱུར་ལ་རག་ན་གཉི་ག་ལ་
གྲགས་པའི་དཔེ་བརྗོད་པ་མེད་པས་ནུས་པ་མེད་དོ། །ཁྱོད་ལ་ཡང་ཁོ་བོ་ལ་ལྟོས་ནས་གཉི་ག་ལ་གྲུབ་པའི་དཔེ་ནུས་པ་མེད་པས་འདོད་པའི་དོན་མི་འགྲུབ་བོ། །སླར་ཡང་ཅི་ཁོ་བོའི་འདོད་པ་རྣམ་པར་ཤེས་པ་ཕྱི་རོལ་ལ་དམིགས་པ་ཡིན་ལ། རྣམ་པར་ཤེས་པ་ཉིད་ཁོ་བོ་མི་
འདོད་ན། ཅིའི་ཕྱིར་ཕྱི་རོལ་ལ་དམིགས་པར་བྱེད་པ་པོ་ཉིད་ཁོ་བོའི་འདོད་པ་ཡིན། འཇིག་རྟེན་པའི་ཐ་སྙད་ཁོ་བོས་ཁས་བླངས་ལ་དེའི་ཡུལ་དང་རྣམ་པར་ཤེས་པ་ཡང་འཇིག་རྟེན་པས་ཤེས་ཀྱི་ཁོ་བོས་ནི་མ་ཡིན་ནོ། །ཁྱོད་ཀྱིས་ཀྱང་ཁོ་བོ་ཅག་དང་འབྲེལ་བའི་འཇིག་རྟེན་པའི་
เล่ม ๑๐๓ · หน้า 273b
དོན་འདི་སེལ་བར་མི་ནུས་སོ། །དེ་ལ་ཅི་འཇིག་རྟེན་པ་ལ་སེམས་དང་སེམས་ལས་བྱུང་བ་དམིགས་པ་དང་བཅས་པ་མ་གྲུབ་པས། དེ་ལས་དམིགས་པས་བསྐྱེད་པའི་སེམས་དང་སེམས་ལས་བྱུང་བ་དམིགས་པ་མེད་ན་དེ་མེད་པས་བདག་མེད་ན་ངར་འཛིན་པ་མེད་པར་གྲུབ་བོ། །ཁོ་བོས་
དེ་ལྟར་ཁས་མ་བླངས་སོ་ཞེ་ན། སླར་ཡང་ཅི་དངོས་པོ་འདི་དག་འཇིག་རྟེན་པ་ལ་མ་གྲུབ་པས་གང་ཞིག་ཁྱོད་ཀྱང་ཁས་མི་ལེན་ནམ། འདི་དག་ནི་འཇིག་རྟེན་པ་ལ་གྲུབ་ལ། འོན་ཀྱང་འཇིག་རྟེན་རྨོངས་པས་ཕྱིན་ཅི་ལོག་ཇི་ལྟ་བ་དེ་ལྟ་བར་འཇུག་པར་འགྱུར་རོ་ཞེས་ཁོ་བོ་སྨྲའོ། །དེའི་
ཕྱིར་འཇིག་རྟེན་པའི་འདི་དག་ཀྱང་ཁོ་བོས་ཁས་མི་ལེན་ནོ་ཞེ་ན། སྨྲས་པ། འདིར་དོན་རྟོགས་པ་པོ་རྣམས་ཀྱི་དོན་རྟོགས་པ་འཛིན་པ་ལས་སམ་བསྟན་བཅོས་ལས་འགྱུར་གྲང་། དེ་ལ་རེ་ཞིག་འཇིག་རྟེན་པ་ཁྱོད་ལ་ཚད་མ་མ་ཡིན་ལ། བསྟན་བཅོས་ལས་ཁས་བླངས་པའི་དོན་
ཀྱང་གཞན་ལ་བསྒྲུབ་པར་ནུས་པ་མེད་ལ། དེའི་ཕྱིར་ཁྱོད་དང་མཚུངས་པའི་སྐྱེ་བོའི་སྒྲའི་རྗེས་སུ་ཁྱོད་འཇུག་པའི་རིགས་ཀྱི་མཁས་པ་ནི་མ་ཡིན་ནོ། །མཁས་པ་ནི་འཐད་པ་དང་བཅས་པའི་བསྟན་བཅོས་ཀྱི་ཚད་མ་བརྗོད་པས་སམ། འཇིག་རྟེན་པ་ལས་སོ། །འཐད་པ་མེད་པ་ཚིག་
ཙམ་གྱི་བསྟན་བཅོས་ཚད་མར་བྱེད་ན་བསྟན་བཅོས་ཐམས་ཅད་ཚད་མར་འགྱུར་རོ། །དེའི་ཕྱིར་ཕྱི་རོལ་གྱི་དམིགས་པ་ལ་མི་ལྟོས་པའི་སེམས་དང་སེམས་ལས་བྱུང་བ་ནི་མེད་དོ། །རིགས་པས་དཔྱད་ན་ཕྱི་རོལ་གྱི་དམིགས་པ་མི་སྲིད་ལ། དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་མི་ལྟོས་
པར་སེམས་དང་སེམས་ལས་བྱུང་བ་ཁོ་ན་ཁས་བླང་བར་བྱའོ་ཞེ་ན། ཇི་ལྟར་ཁྱོད་ཀྱིས་དཔྱད་པས་ཕྱི་རོལ་གྱི་དམིགས་པ་མི་སྲིད་ལ། དེ་བཞིན་དུ་ཁོ་བོས་དཔྱད་ན་སེམས་དང་སེམས་ལས་བྱུང་བ་ནི་སྲིད་པའི་ཕྱིར། ཕྱི་རོལ་གྱི་དམིགས་པ་བཞིན་དུ་སེམས་དང་
སེམས་ལས་བྱུང་བ་ཡོད་པ་ཉིད་རྣམ་པ་ཐམས་ཅད་དུ་གཏང་བར་བྱོས་ཤིག །སླར་ཡང་གཞན་ཞིག་གིས་སྨྲས་པ། རྣམ་པར་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་མ་ཡིན་ལ། གལ་ཏེ་ཡང་རྣམ་པར་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པར་འགྱུར་ན།
เล่ม ๑๐๓ · หน้า 274a
མོ་གཤམ་གྱི་བུ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་སྟེ། དམིགས་པ་མེད་པའི་ཕྱིར་རོ། །འོ་ན་མོ་གཤམ་གྱི་བུ་ཞེས་པའི་མིང་འདི་ཉིད་འདིའི་རྣམ་པར་ཤེས་པའི་དམིགས་པར་ཡོད་པ་མ་ཡིན་ནམ། དེ་ཅི་འདིའི་དམིགས་པ་མེད་དོ་
ཞེས་སྨྲ། འདི་ནི་ཡོད་པ་མ་ཡིན་ཏེ། མོ་གཤམ་གྱི་བུའི་སྒྲ་ཐོས་པ་ན་གལ་ཏེ་འདིའི་མིང་ཉིད་མོ་གཤམ་གྱི་བུ་ལ་དམིགས་པའི་རྣམ་པར་ཤེས་པའི་དམིགས་པར་འགྱུར་ན། དེའི་ཚེ་མོ་གཤམ་གྱི་བུ་མེད་དོ་ཞེས་པ་ན་དེ་ཉིད་ཀྱི་མིང་ཡང་མེད་པར་འགྱུར་ན། དེ་ལྟ་བུ་ནི་མ་ཡིན་
ནོ། །དེའི་ཕྱིར་འདིའི་མིང་ཉིད་ལ་དམིགས་པས་མ་ཡིན་ནོ། །ངེས་པར་རྣམ་པར་ཤེས་པ་འདིའི་དམིགས་པ་ཅི་ཞིག །རྣམ་པར་ཤེས་པ་འདི་ནི་དངོས་པོ་མེད་པ་ལ་དམིགས་པའོ། །མོ་གཤམ་གྱི་བུ་ནི་དངོས་པོ་མེད་པ་སྟེ། དེ་ལ་དམིགས་པའི་རྣམ་པར་ཤེས་པ་འདི་ནི་
དངོས་པོ་མེད་པ་ལ་དམིགས་པར་འགྱུར་རོ། །སླར་ཁྱོད་ཀྱི་དམིགས་པའི་དོན་ཅི་ཞིག་ཡིན། སྨྲས་པ། རྣམ་པར་ཤེས་པ་ལ་རང་གི་རྣམ་པར་གཏོད་པའི་དོན་ནི་དམིགས་པའི་དོན་ཏོ་ཞེ་ན། གལ་ཏེ་དེ་ལྟ་ན་མོ་གཤམ་གྱི་བུ་མོ་གཤམ་གྱི་བུ་ལ་དམིགས་པའི་རྣམ་པར་ཤེས་
པ་ལ་རྣམ་པར་གཏོད་དམ་ཅི་གལ་ཏེ་གཏོད་ན་དེའི་ཚེ་དངོས་པོ་མེད་པའི་རྣམ་པ་དང་རྗེས་སུ་འབྲེལ་པའི་རྣམ་པར་ཤེས་པ་དངོས་པོའི་རང་བཞིན་དུ་མི་འཐད་པས་དེ་འདི་དག་ནི་འགའ་ལ་འགལ་བའི་དངོས་པོ་དང་དངོས་པོ་མེད་པ་དག་དུས་གཅིག་ལ་གཅིག་ཏུ་མེད་པའི་ཕྱིར་རོ། །དངོས་
པོ་དང་དངོས་པོ་མེད་པར་འགྱུར་ན་ཡང་། རྣམ་པར་ཤེས་པ་གཉིས་སུ་ཇི་ལྟར་མི་འགྱུར། དེ་དག་མུན་པ་དང་སྣང་བ་དག་གཅིག་པ་མེད་པ་བཞིན་ནོ། །སྔོན་པོའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་དམིགས་པ་སྔོན་པོ་ཡིན་པ་ལྟར། དངོས་པོ་མེད་པ་རྟོགས་པའི་རྣམ་
པར་ཤེས་པའི་དམིགས་པ་དངོས་པོ་མེད་པར་རིགས་སོ། །དེ་ལྟར་ན་དངོས་པོ་མེད་པ་དང་རྣམ་པ་དག་འགལ་བས་འདི་ནི་མོ་གཤམ་གྱི་བུ་བཞིན་དངོས་པོ་ཉིད་དུ་མི་འགྱུར་ཏེ། སྔོན་པོའི་རྣམ་པའི་རྣམ་པར་ཤེས་པ་སྔོན་པོའི་རྣམ་པ་དང་འགལ་བའི་དཀར་པོ་བཞིན་ནོ། །དམིགས་པ་
เล่ม ๑๐๓ · หน้า 274b
དང་རྣམ་པས་དབེན་པའི་རྣམ་པར་ཤེས་པ་མེད་པ་ན་གང་ཞིག་ངོ་བོ་ཐ་དད་པའི་རྣམ་པར་འཇོག་པར་བྱེད། ཅི་ངེས་པར་དམིགས་པའི་རྣམ་པ་ཙམ་ཞིག་ཁོ་ན་རྣམ་པར་ཤེས་པའམ། གལ་ཏེ་དེ་ལྟར་གྱུར་ན་དེའི་ཚེ་དམིགས་པ་ཉིད་རྣམ་པར་ཤེས་པར་འགྱུར་རོ། །དེ་ནི་དམིགས་པ་
ཁོ་ན་རྣམ་པར་ཤེས་པ་མ་ཡིན་ལ། འོན་ཀྱང་དམིགས་པའི་རྣམ་པ་ཡོངས་སུ་གཅོད་པའི་རང་བཞིན་ནོ། །དེ་ཉིད་ཀྱིས་ན་རྣམ་པར་ཤེས་པ་དང་དམིགས་པ་དག་རྣམ་པ་མཚུངས་མོད་ཀྱི། དམིགས་པ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། ཡོངས་སུ་གཅད་པར་བྱ་བའི་རང་བཞིན་
ཡིན་པ་དང་། ཡོངས་སུ་གཅོད་པ་པོ་མ་ཡིན་པའི་ཕྱིར། དམིགས་པར་བྱེད་པ་པོ་ཡང་དམིགས་པ་མ་ཡིན་ཏེ། ཡོངས་སུ་གཅད་པར་བྱ་བའི་རང་བཞིན་མ་ཡིན་པའི་ཕྱིར་དང་། ཡོངས་སུ་གཅོད་པའི་རང་བཞིན་གྱི་ཕྱིར་རོ། །དེའི་ཕྱིར་དམིགས་པའི་རྣམ་པ་ཙམ་ནི་རྣམ་པར་
ཤེས་པ་མ་ཡིན་ནོ། །དམིགས་པའི་རྣམ་པར་ཤེས་པ་ལས་ཐ་དད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དམིགས་པའི་རྣམ་པ་ལས་ཐ་དད་པའི་རྣམ་པར་ཤེས་པའི་ངོ་བོ་མེད་དོ། །དེའི་ཕྱིར་དངོས་པོ་མེད་པ་རྗེས་སུ་བྱེད་པས་བསྐྱེད་པའི་རྣམ་པར་ཤེས་པ་ནི་དངོས་པོ་མེད་པ་དང་རྣམ་པ་དག་
འགལ་བས་དངོས་པོ་ལས་ལོག་ནས་རྣམ་པར་ཤེས་པ་དངོས་པོ་མེད་པར་འགྱུར་རོ། །རྣམ་པར་ཤེས་པ་དངོས་པོ་མེད་པ་ན་ཡང་མོ་གཤམ་གྱི་བུ་ནི་དངོས་པོ་མེད་པའོ་ཞེས་ཇི་སྐད་བརྗོད་དོ། །གཞན་ཡང་རྣམ་པར་ཤེས་པ་འདི་ནི་སྐྱེ་བ་ལས་སྔོན་རོལ་དུ་ཅིའི་ངོ་བོ་ཡང་མ་ཡིན་
ལ། དེ་ཡང་ཡུལ་གྱི་རྣམ་པ་མ་བཟུང་བས་སྐྱེ་བ་ཐོབ་པར་མི་བྱེད་དོ། །དེའི་ཚེ་ཅིའི་ངོ་བོ་ཡང་མ་ཡིན་པ་འདི་ལ་འཛིན་པས་སྐྱེ་བ་བསྒྲུབ་པར་བྱོས་ཤིག །དངོས་པོ་མེད་པ་ལ་དམིགས་པས་དངོས་པོ་མེད་པའི་རྣམ་པ་ཐོབ་པ་ནི་སྐྱེ་བ་དང་ཤིན་ཏུ་འགལ་བའི་གནས་སྐབས་ཐོབ་
པར་འགྱུར་ལ། མ་སྐྱེས་པས་དངོས་པོ་མེད་པ་ལ་འཛིན་པར་རྟོགས་པ་ཡང་རིགས་པ་མ་ཡིན་ནོ། །ཡང་ན་ངེས་པར་འདིས་དངོས་པོ་མེད་པ་ལ་དམིགས་པ་ཉིད་དུ་རྟོག་པར་བྱེད་ན། དེའི་སྐྱེ་བ་ལས་སྔ་རོལ་གྱི་གནས་སྐབས་ཉིད་ལ་བརྟག་པར་བྱ་ན། མ་སྐྱེས་
เล่ม ๑๐๓ · หน้า 275a
པའི་གནས་སྐབས་སུ་དངོས་པོ་མེད་པ་དང་རྣམ་པ་འགལ་བའི་ཕྱིར་རོ། །ཡང་ན་གནས་སྐབས་དེ་ན་དམིགས་པ་ལ་འཛིན་པར་བྱེད་ངོ་བོ་ཉིད་མེད་པའི་ཕྱིར་དངོས་པོ་མེད་པ་ལ་དམིགས་པ་པོ་ཉིད་ནི་མི་འདོད་ལ། སྨོས་པའི་སྐྱོན་ཡོད་པའི་ཕྱིར་ན་གནས་སྐབས་གཞན་ཡང་
ཐོབ་པ་པ་མ་ཡིན་ནོ། །གལ་ཏེ་ཡང་མོ་གཤམ་གྱི་བུ་ལ་དམིགས་པའི་རྣམ་པར་ཤེས་པས་དངོས་པོ་མང་པོ་ལ་དམིགས་པར་འགྱུར་ན། དེ་ལྟ་ན་སྔོན་པོའི་སྒྲ་ལ་མ་ལྟོས་པར་སྔོན་པོའི་རྣམ་པའི་རྣམ་པར་ཤེས་པ་བཞིན་མོ་གཤམ་གྱི་བུའི་སྒྲ་ལ་མ་ལྟོས་པར་དོན་རྟོགས་ལ་རག་ན་
རྟོགས་པ་ནི་མེད་དོ། །རྒྱུ་མཚན་གྱི་སྒོ་ཅན་གྱི་རྣམ་པར་ཤེས་པ་དེ་ནི་རྒྱུ་མཚན་མེད་པར་འཇུག་པར་མི་ནུས་སོ། །གལ་ཏེ་རྒྱུ་མཚན་ལས་གཞན་ཡང་རྣམ་པར་ཤེས་པ་འཇུག་ན། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་ཡང་འཇུག་པར་འགྱུར་རོ། །སྐྱེ་བ་
ལོག་པས་མི་འཇུག་གོ་ཞེ་ན། མཚན་མ་མེད་པ་ལ་དམིགས་པའི་རྣམ་པར་ཤེས་པ་སྐྱེ་བ་ལྡོག་པར་མི་འགྱུར་རོ། །ཉོན་མོངས་པ་ལོག་ན་ལས་ལྡོག་པར་འགྱུར་བས་སྐྱེ་བ་མི་ལེན་ནོ་ཞེ་ན། གལ་ཏེ་ལས་དང་ཉོན་མོངས་པའི་རྒྱུ་ཅན་གྱི་རྣམ་པར་ཤེས་པ་དེ་ལྟར་མ་གྱུར་ཀྱང་།
ཟག་པ་མེད་པའི་རྣམ་པར་ཤེས་པ་མྱ་ངན་ལས་འདས་པའི་དམིགས་པ་ལ་རྟག་ཏུ་འཇུག་པར་འགྱུར་རོ། །རིགས་པས་ནི་གང་ཞིག་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་མཚན་མ་འགའ་ཡང་མི་དམིགས་ལ་མཚན་མ་མེད་པས་རྣམ་པར་ཤེས་པ་མི་འཇུག་གོ་ཞེས་བྱའོ། །དེ་ཉིད་
ཀྱིས་འདིར་སྟོང་པ་ཉིད་དུ་སྨྲ་བས་ཆོས་ཐམས་ཅད་སེལ་བ་ལ་རྗེས་སུ་སྒྲུབ་པར་བྱེད་ལ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་མཚན་མ་མི་དམིགས་པས་རྣམ་པར་ཤེས་པ་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་། འཕགས་པས་བརྟེན་པ་འདི་ལྟ་བུ། །
དངོས་པོས་རྟོགས་པ་མ་ཡིན་ཞིང་། །རྒྱུ་མཚན་མེད་པས་རྣམ་ཤེས་ནི། །ནམ་ཡང་འབྱུང་བར་མི་འགྱུར་རོ། །འཕགས་པ་ལྷས་ཀྱང་གསུངས་པ། སྲིད་པའི་ས་བོན་རྣམ་པར་ཤེས། །ཡུལ་ནི་དེ་ཡི་སྤྱོད་ཡུལ་ལ། །མཐོང་བའི་ཡུལ་རྣམས་བདག་མེད་ཕྱིར། །སྲིད་པའི་ས་བོན་
เล่ม ๑๐๓ · หน้า 275b
འགག་པར་འགྱུར། །ཞེས་སོ། །དེའི་ཕྱིར་རྒྱུ་མཚན་གྱི་སྒོ་ཅན་གྱི་རྣམ་པར་ཤེས་པ་ནི་རྒྱུ་མཚན་མེད་པའི་ཕྱིར་མོ་གཤམ་གྱི་བུ་འབའ་ཞིག་པ་དམིགས་པ་མ་ཡིན་ནོ་ཞེས་རིགས་སོ། །གལ་ཏེ་གང་གི་དངོས་པོ་མེད་པ་རྣམ་པར་ཤེས་པས་དམིགས་ནའོ། །སུ་ཞིག་འདི་སྐད་སྨྲ། དངོས་
པོ་མེད་པ་འདི་ནི་རྣམ་པར་ཤེས་པས་དམིགས་པར་བྱ་བའོ་ཞེས་པ་འདི་སྐད་དུ་བརྗོད་པར་བྱ་སྟེ། དངོས་པོའི་སྒོ་ལ་མི་ལྟོས་པར་དངོས་པོ་མེད་པ་འབའ་ཞིག་རྣམ་པར་ཤེས་པས་མི་དམིགས་སོ་ཞེས་བྱ་སྟེ། དཔེར་ན་སྔོན་པོའི་རྣམ་པར་ཤེས་པ་སེར་པོ་ལ་སོགས་པ་ལ་མི་ལྟོས་པ་བཞིན།
ཇི་ལྟར་ན་དངོས་པོའི་སྒོ་ཅན་ཡིན། སླར་ཡང་འདིའི་གཏན་མེད་ཀྱི་རྣམ་པར་ཤེས་པ་མོ་གཤམ་གྱི་བུའི་སྒྲ་ལ་ལྟོས་པ་བཞིན་ནོ། །འདིར་སྒྲ་འགའ་ཞིག་ནི་དོན་དང་བཅས་པའོ། །འགའ་ཞིག་དོན་མེད་པའོ། །དོན་དང་བཅས་པ་ནི་ལྷ་སྦྱིན་ལ་སོགས་པའི་སྒྲའོ། །ལྷ་སྦྱིན་ནི་འཇིག་
རྟེན་ན་ཟ་བའི་བྱ་བ་རྫོགས་པའི་རྒྱུར་དམིགས་པས་དོན་དེས་ན་ལྷ་སྦྱིན་གྱི་སྒྲ་དོན་དང་ལྡན་པའོ། །མོ་གཤམ་གྱི་བུ་བསྟན་ཀྱང་འཇིག་རྟེན་པ་ལ་མི་དམིགས་ལ། དམིགས་པ་མ་ཡིན་པ་ནི་དངོས་པོ་ཞེས་རྣམ་པར་མི་འཇིག་གོ། །དེའི་ཕྱིར་མོ་གཤམ་གྱི་བུའི་སྒྲ་འདི་ཡང་བསྒྲུབ་བྱའི་དོན་
གྱིས་སྟོང་པའོ། །རྣམ་པར་ཤེས་པ་ཡང་སྒྲའི་དོན་མངོན་པར་ཤེས་པ་རྣམས་ལ་དོན་གྱིས་སྟོང་པའི་སྒྲ་ལ་དམིགས་པའོ། །དོན་དངོས་པོ་མེད་པའི་སྒོ་ནས་དོན་མེད་པ་ཉིད་དུ་ངེས་པར་འགྱུར་ལ། དེ་ལ་འདིའི་སྒྲའི་དོན་ཡུལ་འགའ་ཞིག་ན་མེད་ཅིང་དུས་ནམ་ཞིག་ན་མེད་ལ་རྟོགས་
པ་པོ་འགའ་ཞིག་ལ་སྣང་བ་མ་ཡིན་ནོ་ཞེས་བྱ་སྟེ། ཐམས་ཅད་དུ་དམིགས་པས་གཏན་མེད་ཅེས་འཇིག་རྟེན་དུ་རྣམ་པར་འཇོག་གོ། །དེ་ཡང་འདིའི་གཏན་མེད་ནི་སྒྲའི་དངོས་པོ་ལ་བརྟེན་ཏེ། སྒྲའི་དོན་མི་དམིགས་པའི་སྒོ་ནས་ཡོངས་སུ་བརྟགས་ལ། དེ་བཞིན་དུ་དངོས་པོ་ལ་
བརྟེན་ནས་སྔ་ན་མེད་པ་དང་གཅིག་ལ་གཅིག་མེད་པ་པ་རྣམས་འཇིག་རྟེན་པས་རྣམ་པར་བརྟགས་སོ། །དེ་ལ་ད་ལྟ་བའི་དངོས་པོ་ལ་ལྟོས་ནས་དེའི་སྐྱེ་བའི་སྔོན་རོལ་གྱི་གནས་སྐབས་ལ་སྔ་ན་མེད་པ་ཞེས་རྣམ་པར་འཇོག་ལ། ནམ་ཡང་དངོས་པོ་མི་སྲིད་པ་དེ་ནི་སྔ་ན་མེད་པ་མ་
เล่ม ๑๐๓ · หน้า 276a
ཡིན་ཏེ། འདི་ལྟ་སྟེ་མོ་གཤམ་གྱི་བུ་ལྟ་བུའོ། །ད་ལྟར་བའི་དངོས་པོའི་རང་བཞིན་ནི་མི་རྟག་པའི་ཕྱིར། གང་ཞིག་འཇིག་པའི་གནས་སྐབས་སམ། མི་རྟག་པ་ཉིད་ལ་ཞིག་ནས་མེད་པ་ཞེས་བྱའོ། །གཅིག་ལ་གཅིག་མེད་པ་ཡང་
གསལ་བར་དངོས་པོ་ལ་བརྟེན་པ་ཉིད་དོ་ཞེས་བྱ་སྟེ། དངོས་པོ་མེད་པ་ཞེས་བྱ་བ་དངོས་པོ་ལ་ལྟོས་པ་འབའ་ཞིག་པ་རྣམ་པར་ཤེས་པས་འཛིན་པ་ནི་མདོ་དེ་ཉིད་ཀྱིས་ན། འཕགས་པ་ལྷས་གསུངས་པ། དངོས་པོ་མེད་ན་དངོས་མེད་ནི། །ཤེས་པ་སྲིད་པ་མ་ཡིན་ལ། །
དངོས་པོ་མེད་ན་དངོས་མེད་ནི། །གྲུབ་པར་འགྱུར་བ་ག་ལ་ཞིག །ཅེས་གསུངས་སོ། །དེ་ཉིད་ཀྱིས་ན་གང་དུ་མྱ་ངན་ལས་འདས་པའམ། མྱ་ངན་ལས་འདས་པ་དང་མཚུངས་པའི་ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་པ་ན། དེ་ལ་དངོས་པོ་མེད་པ་ཡང་ཉེ་བར་ལེན་པ་མེད་པས་མེད་དོ་
ཞེས་བྱ་སྟེ། རྣམ་པ་ཐམས་ཅད་དུ་དངོས་པོ་དང་དངོས་པོ་མེད་པ་ལ་ཀུན་དུ་འཛིན་པ་ཟད་པས་རྣམ་པར་ཤེས་པ་སྐྱེ་བ་མེད་པ་དང་མྱ་ངན་ལས་འདས་པ་འགོག་པ་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པར་འགྱུར་རོ། །དེའི་ཕྱིར་འདིར་དངོས་པོ་མེད་པ་འབའ་ཞིག་ལ་དམིགས་པའི་རྣམ་པར་ཤེས་
པ་མེད་ལ། དེ་ལས་ཀྱང་བདག་མ་གྲུབ་པས་ངར་འཛིན་པའི་བརྗོད་པ་དངོས་པོ་མེད་པའོ་ཞེས་འདིར་གྲུབ་བོ། །འོ་ན་ཆོས་འདི་དག་ནི་རང་རིག་པས་མྱོང་བ་འདི་ལྟ་སྟེ་ངར་འཛིན་པ་དང་ང་ཡིར་འཛིན་པའོ། །གལ་ཏེ་དེ་དག་དམིགས་པར་བྱ་བར་མེད་ཀྱང་དེ་ལྟ་ན་ཡང་ཉམས་སུ་མྱོང་བའི་
ངོ་བོ་ཡིན་པའི་ཕྱིར་ངར་འཛིན་པ་དང་ང་ཡིར་འཛིན་པ་འདི་དག་ནི་མེད་པའོ་ཞེས་བརྗོད་པར་མི་ནུས་སོ་ཞེ་ན། ཅི་བྱང་ཕྱོགས་སུ་ཁ་བལྟས་སམ། འོན་ཏེ་གཞན་དུ་ཁ་བལྟས་པ་ཡིན། འདི་ནི་ཤར་གྱི་ཕྱོགས་སོ་ཞེས་ཉམས་སུ་མྱོང་བ་མ་ཡིན་ནམ། བྱང་ལ་སོགས་པའི་ཕྱོགས་
འདི་རྣམས་ཤར་ཕྱོགས་སུ་འགྱུར་བ་མི་རིགས་ལ། རབ་རིབ་ཅན་གྱིས་སྐྲ་དང་སྦྲང་བུ་ལ་སོགས་པའི་དོན་མེད་ཀྱང་རང་གིས་ཅིའི་ཕྱིར་ཉམས་སུ་མ་མྱོང་། འདི་དག་སེམས་ཅན་གཞན་ལས་འབྱུང་བ་མ་ཡིན་ནོ་ཞེས་བྱ་སྟེ། ཉམས་སུ་མྱོང་བ་ཙམ་གྱིས་ཡང་དག་པའི་དོན་གྱི་
เล่ม ๑๐๓ · หน้า 276b
དངོས་པོར་རྣམ་པར་གཞག་པར་མི་ནུས་སོ། །དེའི་ཕྱིར་གལ་ཏེ་རང་ཉིད་ཀྱིས་ངར་འཛིན་པ་དང་ང་ཡིར་འཛིན་པ་ཉམས་སུ་མྱོང་ཡང་དེ་ལྟ་ན་ཡང་ཡོད་པར་ལུང་དང་རིགས་པ་དང་འགལ་བས་མེད་དོ་ཞེས་བྱའོ། །དེའི་ཕྱིར་འཇིག་རྟེན་པའི་ང་དང་ང་ཡིར་འཛིན་པ་ཡང་དེ་བཞིན་གཤེགས་པའི་ང་དང་
ང་ཡིར་འཛིན་པ་དང་མཚུངས་སོ་ཞེས་བྱ་སྟེ། ཆོས་ཐམས་ཅད་མིང་ཙམ་དུ་གྲུབ་བོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་བདག་མེད་ཀྱང་། །རེ་ཞིག་དེ་དང་འགལ་བའི་བདག་མེད་པ་ཡོད་ལ། དེ་བཞིན་དུ་བདག་གི་རང་བཞིན་དང་འགལ་བས་ཆོས་ཐམས་ཅད་ནི་བདག་མེད་པར་
ཁས་བླངས་སོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་པས་བདག་ནི་མི་རྟག་པ་མ་སྐྱེས་པ་ངར་འཛིན་པའི་ཡུལ་ཏེ། ཆོས་ཐམས་ཅད་ནི་དེ་ལྟ་མ་ཡིན་ནོ་ཞེས་སོ། །དེའི་ཕྱིར་བདག་གི་རང་བཞིན་དང་འགལ་བའི་བདག་མེད་པའི་
རང་བཞིན་གྱི་ཕྱིར་རམ། བདག་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་བདག་མེད་པའོ། །དེ་ཡང་ཡོད་ལ་དེའི་ཕྱིར་བདག་གི་ཆོས་མེད་པས་ཆོས་ཐམས་ཅད་མིང་ཙམ་མ་ཡིན་ནོ་ཞེ་ན། སྨྲས་པ། ཅི་ཁྱོད་ནི་བདག་མེད་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པར་བྱེད། མུ་སྟེགས་བྱེད་ཀྱིས་
ཡོངས་སུ་བརྟགས་པའི་བདག་གི་དངོས་པོ་མེད་པ་དང་། དེའི་རང་བཞིན་མ་ཡིན་པ་ཉིད་ཀྱིས་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་རྣམ་པར་གཞག་པ་མ་ཡིན་ནོ། །དེ་ལྟ་ན་ཇི་ལྟར་འདིར་བདག་མེད་པ་ཡིན། ཉེ་བར་ལེན་པ་ལ་བཏགས་ནས་སམ། རང་བཞིན་གྱི་རྣམ་གྲངས་
ལ་བདག་མེད་པ་ཉིད་དུ་བསྟན་པ་ན་དོན་ཆེན་པོ་སྐྱེ་བར་འགྱུར་རོ། །དེ་ལ་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ལ་བདག་ཅེས་བརྗོད་དེ། འཇིག་རྟེན་པའི་ངར་འཛིན་པའི་ཕྱིར་རོ། །མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་ཏེ། དེ་ཡང་མུན་ནག་གི་ནང་དུ་
གྱུར་པའི་སྐྱེས་བུའི་རྣམ་པ་ལ་ཡོངས་སུ་བརྟགས་པ་བཞིན་དུ་ཉུང་ཟད་ཀྱིས་ཤིན་ཏུ་ཕྱིན་ཅི་ལོག་པས་ཡོངས་སུ་བརྟགས་ཀྱི། འདི་ནི་མ་ལུས་པའི་འགྲོ་བས་ཡོངས་སུ་བརྟགས་པ་མ་ཡིན་ནོ། །གང་དུ་ཕུང་པོ་ལ་བརྟེན་ནས་འགྲོ་བ་མ་ལུས་པ་ང་ཡིར་འཛིན་པའི་ཡིན་ལ།
เล่ม ๑๐๓ · หน้า 277a
དེ་ནི་མངོན་པར་ཞེན་པའི་གནས་སུ་གྱུར་པའི་ཕྱིར་འདིར་བསལ་བར་བྱའོ། །བདག་བརྟགས་པ་ནི་འཇིག་རྟེན་པའི་ཐ་སྙད་ཀྱི་རྣམ་པར་གཞག་པ་ཉིད་ལས་ཤིན་ཏུ་བསལ་བའི་ཕྱིར་དེ་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་དབང་དུ་བྱས་ཀྱི། དེ་སེལ་བའི་དབང་དུ་བྱས་པ་མ་ཡིན། གལ་
ཏེ་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་འདིར་འགེགས་པར་མི་བྱེད་ན། དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ཅི་ཞིག་དགག་པའི་དོན་དུ་འདི་སྐད་གསུངས། མིག་ནི་བདག་དང་བདག་གི་བརྟག་པ་བརྟེན་པ་ཐེར་ཟུག་པ་ཡོངས་སུ་འགྱུར་བའི་ཆོས་ཅན་མ་ཡིན་པས་སྟོང་པར་གྲུབ་བོ་ཞེས་སོ། །
མིག་ལ་བརྟེན་ནས་བཏགས་པའི་བདག་གིས་སྟོང་པ་དང་རང་བཞིན་གྱིས་སྟོང་པ་ཉིད་དུ་ལུང་འདིས་གསལ་བར་མཛད་ཀྱི། ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བ་ནི་མ་ཡིན་ནོ། །དེ་ལ་མིག་ནི་བདག་གིས་སྟོང་ངོ་ཞེས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་བརྟེན་ནས་གང་ཞིག་ལ་བཏགས་ལ་བདག་
དེ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རྣམ་པ་ལྔས་མེད་ཀྱང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་བརྟེན་ནས་འདོགས་ལ། དེ་ཡང་མེད་པ་ཉིད་དེ། མིག་ལ་སོགས་པ་སོ་སོ་ལ་རྣམ་པ་ལྔས་ཀྱང་མེད་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ་ཞེས་ཐར་པ་འདོད་པ་རྣམས་ལ་བཅོམ་ལྡན་འདས་གདམས་
པ་སྟོན་པར་བཞེད་པ་ཉིད་ཀྱིས་མིག་ནི་བདག་གིས་སྟོང་པར་གྲུབ་པོ་ཞེས་གསུངས་སོ། །གང་གི་ཕྱིར་མིག་ལ་དཔྱད་པ་ན་བདག་མི་སྲིད་པ་དེའི་ཕྱིར་མིག་ནི་བདག་གིས་སྟོང་པ་སྟེ། བདག་དང་བྲལ་བའོ་ཞེས་པའི་དོན་ཏོ། །ཤྭའི་སྒྲ་ནི་ག་པ་ལ་སོགས་པར་དཔྱད་པ་སྟེ། དེས་ན་དེའི་ཕྱིར་
བཤད་པ་ཞེས་པས་འདིའི་དོན་ནི་ག་པ་ལ་སོགས་པ་ལ་ཡང་དང་ཏི་བྱས་པས་ཤཱུ་ནྱ་སྟེ་སྟོང་པའམ་དབེན་པའོ། །འཕྲོས་པ་ལས་རིང་པོ་ཉིད་དོ་ཞེས་པའམ་ག་པ་ལ་སོགས་པའི་བཤད་པ་ལས་སྐྱེ་བོ་དང་བྲལ་བའི་དབེན་པ་ལ་སྟོང་པའི་སྒྲར་སྒྲ་པ་རྣམས་འཆད་པར་བྱེད་དོ། །དེས་ན་གང་ཞིག་
གང་དང་བྲལ་བ་དེ་དེས་སྟོང་པའོ་ཞེས་བྱ་བ་སྟེ། འདི་ནི་བཤད་པའི་དོན་ཏོ། །མེད་པ་ལ་ཡང་སྟོང་པའི་སྒྲ་མཐོང་སྟེ། འདི་ལྟ་སྟེ་ལྷ་སྦྱིན་གྱིས་སྟོང་པའོ་ཞེས་སོ། །འདིར་ནི་སྔ་མ་ཉིད་གཟུང་བར་བྱ་སྟེ། མིག་ནི་བདག་དང་བྲལ་བའི་ཕྱིར་སྟོང་པའོ་ཞེས་བདག་མེད་པས་བདག་གི་ཅུང་
เล่ม ๑๐๓ · หน้า 277b
ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་སྟེ། བདག་གིར་བྱ་བ་དང་བྲལ་བས་སྟོང་ལ། བདག་གིར་བྱ་བའི་རང་བཞིན་ལས་ཐ་དད་པའི་མིག་གཞན་ཡོད་པ་མ་ཡིན་ནོ། །མིག་ལ་བརྟེན་ནས་བདག་ཏུ་བཏགས་པ་དང་ལྡན་པ་བཞིན་བདག་གིས་བདག་ཏུ་བྱས་པས་འདི་ནི་བདག་
གི་བ་ཞེས་བྱ་ལ། བདག་མེད་ན་ཉེ་བར་བླངས་པ་འགའ་ཡང་མེད་པས་ཉེ་བར་ལེན་པ་ཉིད་མི་འཐད་པའི་ཕྱིར་དང་། ཉེ་བར་ལེན་པ་ལས་གཞན་པའི་མིག་མེད་ལ། བདག་གི་བས་སྟོང་པ་ཉིད་དུ་བསྒྲུབས་པས་མིག་གི་རང་བཞིན་མ་གྲུབ་པ་ཉིད་བཤད་པའོ། །ཡང་ན་བདག་གི་
སྒྲ་ནི་རང་བཞིན་གྱི་རྣམ་གྲངས་ཏེ། མིག་བདག་གིས་སྟོང་ངོ་ཞེས་བྱ་བ་ནི་རང་བཞིན་གྱིས་ཞེས་བྱ་བའི་དོན་ཏོ། །བདག་གི་བས་ཞེས་པ་རང་བཞིན་དང་འབྲེལ་བའི་གང་སུ་ཡང་རུང་བས་ཞེས་པའི་དོན་ཏོ། །འོ་ན་དེ་ལྟ་ན་མིག་ཉིད་མེད་དོ་ཞེས་སྨྲས་པར་འགྱུར་བས། དེ་ལྟར་སྨྲ་
བར་བྱ་སྟེ། མིག་མེད་དོ་ཞེས་དེ་ཉིད་གསལ་པོར་སྨྲ་བར་བྱོས་ཤིག །སྨྲས་པ། ཁོ་བོ་ནི་མིག་ཉིད་མེད་དོ་ཞེས་མི་སྨྲ་སྟེ། ཅིའི་ཕྱིར་མིག་མེད་པར་འཇིག་རྟེན་པ་སྨྲའམ། བསྟན་བཅོས་ལས་བཤད། དེ་ལ་རེ་ཞིག་འཇིག་རྟེན་པ་ལ་མིག་མེད་དོ་ཞེས་སྨྲ་བ་མེད་དེ།
བདག་ཏུ་བརྟེན་པ་ལ་ཉེ་བར་བརྟེན་པ་ཉིད་ཀྱི་མིག་ཡོད་བཞིན་པའི་ཕྱིར་ཏེ། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་གོ་ཞེས་པས་མིང་དང་གཟུགས་ལ་བརྟེན་ནས་བྱུང་བའི་ཕྱིར། དེས་ན་གཟུགས་མཐོང་བ་དང་རེག་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་གི་ཚེ་འདི་ལྟར་
འཇིག་རྟེན་པ་ལ་མིག་མེད་དོ་ཞེས་མེད་ན་དེའི་ཚེ་ཁོ་བོ་འཇིག་རྟེན་པ་མིག་མེད་པར་ཁས་ལེན་ནོ་ཞེས་ཇི་ལྟར་སྨྲ། དེའི་ཕྱིར་རེ་ཞིག་འཇིག་རྟེན་པ་མིག་མེད་དོ་ཞེས་མི་སྨྲའོ། །ད་ནི་བསྟན་བཅོས་ལས་ཀྱང་མིག་མེད་དོ་ཞེས་བསྟན་པ་བསྟན་བཅོས་ཞེས་བྱ་བ་ཕྱིན་ཅི་མ་ལོག་པའི་ལམ་དེས་
ཉོན་མོངས་པ་འཇིག་པར་བྱེད་པས་སོ། །འགོག་པ་ན་འཇིག་རྟེན་པ་སྟེ། འདི་ལྟར་འཇིག་རྟེན་ན་གསོད་པ་ན་ཆད་པ་ཆེན་པོས་འཇིག་པར་བྱེད་དོ་ཞེས་ཟེར་ལ། ཕྱིན་ཅི་ལོག་པའི་ལམ་ཡང་ཕྱིན་ཅི་ལོག་ཉེ་བར་བསྟན་པ་ལས་ཉེ་བར་ཐོབ་པ་ཡོད་པ་མི་སྲིད་ཅེས་བྱ་སྟེ། མི་དམིགས་
เล่ม ๑๐๓ · หน้า 278a
པའི་ཕྱིར་དེའི་ཚེ་འཇིག་རྟེན་པའི་མིག་མེད་དོ་ཞེས་མེད་པ་ཉིད་དོ། །དངོས་པོ་རྣམས་ཀྱི་རང་བཞིན་མཆོག་ཏུ་རྗེས་སུ་ཚོལ་བ་ཉིད་ནི་དེའི་ཕྱིན་ཅི་མ་ལོག་པའི་ལམ་དེ་ཡང་རང་བཞིན་མེད་པ་སྐྱེ་བ་མེད་པའི་རང་བཞིན་གྱི་ཕྱིར་སྣང་བ་མེད་པའོ་ཞེས་བྱ་སྟེ། དམིགས་
པ་མེད་པ་རྣལ་འབྱོར་པ་སུ་ཞིག་གིས་ཁོང་དུ་ཆུད་པར་འགྱུར་བ་ཞིག་གོ། །ཁོང་དུ་ཆུད་པ་མེད་པས་མེད་པ་ཉིད་ཉེ་བར་སྟོན་པར་མི་འགྱུར་ཞེས་བྱ་སྟེ། དེ་ལྟར་བསྟན་བཅོས་ལས་ཀྱང་མིག་མེད་དོ་ཞེས་ཁོ་བོ་མི་སྨྲའོ། །འདི་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་རྣམ་པར་
གཞག་པ་ལ་ཀུན་རྫོབ་ཏུ་མིག་རང་གི་མཚན་ཉིད་སྒྱུ་མ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་ཁས་བླངས་ཤིང་དེ་དོན་དམ་པར་མེད་དོ་ཞེས་རྟོག་པ་དེ་རྣམས་ནི་དབུ་མའི་བསྟན་བཅོས་ཡང་དག་པར་རྟོགས་པར་མི་བརྗོད་དོ། །མིག་ནི་རང་གི་མཚན་ཉིད་མ་གྲུབ་པ་ཉིད་རང་གི་མཚན་
ཉིད་གྲུབ་པ་ལྟ་བུར་བྱིས་པ་རྣམས་ཀྱིས་རྟོགས་པས། དེའི་ཕྱིར་ཀུན་རྫོབ་ཏུ་མིག་གི་རང་གི་མཚན་ཉིད་མེད་དོ། །གང་ཞིག་ཁོ་ན་ཀུན་རྫོབ་ཏུ་ཡང་མེད་ལ་དེ་ཁོ་ན་ཉིད་ཀྱི་ཤེས་པ་ལ་ཡང་དེ་ཉིད་མེད་པའི་ཕྱིན་ཅི་ལོག་ཏུ་བརྟགས་པ་མ་ཡིན་ཏེ། རྣལ་འབྱོར་པ་རྣམས་དེ་ཁོང་དུ་ཆུད་པ་
ལ་མངོན་པར་འདོད་པ་མེད་པའི་ཕྱིར་རོ། །ཡང་ན་ཀུན་རྫོབ་ཏུ་མིག་ཡོད་ལ་དོན་དམ་པར་མེད་དོ་ཞེས་པའི་ཚིག་གི་རིགས་པ་ཡང་གདོན་མི་ཟ་བར་ནུས་པར་རུང་ན་ཡང་། དེ་ལྟ་ན་ཡང་རང་གི་མཚན་ཉིད་ཁས་ལེན་པ་དང་སྤོང་བ་དག་ནུས་པ་དང་ལྡན་པ་མ་ཡིན་ནོ། །དེ་བཞིན་
དུ་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་མེད་ལ་དོན་དམ་པར་རང་བཞིན་མེད་པ་ནུས་པ་དང་ལྡན་ནོ་ཞེས་པ་ཡང་། དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་ཁས་བླངས་པ་དེ་ནི་སྒྱུ་མ་ལ་སོགས་པའི་དཔེ་རུང་བ་མ་ཡིན་ཏེ། རང་གི་མཚན་ཉིད་ཁས་བླངས་པ་ལ་སྒྱུ་མ་ལ་སོགས་པའི་དཔེ་དང་
འབྲེལ་པ་མེད་པའི་ཕྱིར་དང་། སླུ་བ་མེད་པར་ཁས་བླངས་པའི་ཕྱིར་རོ་ཞེས་བྱའོ། །གལ་ཏེ་དེ་ལྟར་མིག་སྟོང་པ་ཉིད་དུ་ཁྱོད་ལ་མ་གྲུབ་ན། ཇི་སྐད་སྨོས་པའི་རིགས་པས་མིག་བདག་དང་བདག་གི་བས་སྟོང་པར་བཤད་པས་མིག་རང་བཞིན་གྱིས་སྟོང་པར་ཅི་ཞིག་འགྲུབ་
เล่ม ๑๐๓ · หน้า 278b
ཅི་ངེས་པར་མིག་གི་རང་བཞིན་ཡོད་པ་གང་ཞིག་དང་བྲལ་བ་ལས་མིག་རང་བཞིན་གྱིས་སྟོང་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་དེའི་ཚེ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་མ་ཡིན་ནོ། །གལ་ཏེ་འདི་ལྟར་རང་བཞིན་མེད་པ་དེ་ནི་སེལ་བ་མི་རུང་ལ། གང་ཞིག་གང་ན་མེད་པ་དེ་ནི་སེལ་བར་
མི་རུང་ཞིང་གང་ན་མེད་པ་དེར་ནི་སེལ་བར་མི་བྱེད་དེ། འདི་ལྟ་སྟེ་ཆུའི་དྲོ་བའོ། །རང་བཞིན་དུ་སྐྱེས་པ་སེལ་བར་བྱེད་ན་སྐྱོན་འདིར་འགྱུར་གྱི། འོན་ཀྱང་མིག་རང་བཞིན་མེད་པར་གནས་པ་ཉིད་ལ་འཇིག་རྟེན་པ་ཕྱིན་ཅི་ལོག་ཏུ་རྨོངས་པའི་རྣམ་པར་ཤེས་པ་ལ་མིག་རང་བཞིན་
མེད་པར་གནས་ཀྱང་ལོགས་སུ་བཞག་ནས་རང་བཞིན་དང་བཅས་པར་རྟོགས་ལ། དེ་ལ་མངོན་པར་ཞེན་པས་འདི་དག་ཁོ་ན་བདེན་པར་ཡོད་གཞན་ནི་རྨོངས་པའོ་ཞེས་འདི་དག་བདེན་པར་མངོན་པར་ཞེན་པས་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་སྐྱེད་པས་འཁོར་བར་འཁོར་རོ། །
འདི་དག་བདེན་པར་མངོན་པར་ཞེན་པ་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་དེའི་གཉེན་པོར་ཁོ་བོས་མིག་རང་བཞིན་མེད་པར་རྣམ་པར་གནས་པ་ཉིད་མིག་རང་བཞིན་མེད་པའོ་ཞེས་པའི་ཚིག་གིས་ཤེས་པར་བྱེད་ཀྱི། ཁོ་བོས་རང་བཞིན་སེལ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་སྟེ།
ཇི་སྐད་སྨོས་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ། །གལ་ཏེ་དེ་ལྟར་མིག་རང་བཞིན་སྟོང་པར་བསྒྲུབས་ན། དེ་ལྟ་ན་མིག་དེ་ནི་རང་བཞིན་གང་ཞིག་གིས་སྟོང་པར་རྣམ་པར་གཞག་པར་ཡོད་པ་སྟེ། འདི་ལྟར་ཁང་པ་ལྷ་སྦྱིན་གྱིས་སྟོང་ངོ་ཞེས་བརྗོད་པ་ན། ལྷ་སྦྱིན་མེད་པ་
ཉིད་ལ་ཁྱིམ་ཡོད་པ་ཉིད་དུ་རྟོགས་པས་གང་དུ་གཉི་ག་ཡང་སྟོང་པར་མི་འདོད་ན། དེ་ནི་སྟོང་པ་ཉིད་དུ་མི་རུང་ངོ་ཞེས་འདིར་རྣམ་པར་རིག་པར་སྨྲ་བས་སྨྲས་པ། གཞན་དབང་ནི་ཡོད་པ་ཀུན་བརྟགས་ནི་མེད་པའི་ཕྱིར་ཁོ་བོ་ཅག་ཁོ་ན་ལ་སྟོང་པ་འཐད་ཀྱི་གང་ཞིག་སྟོང་པ་ཉིད་
གང་ཞིག་གིས་སྟོང་པར་ཁས་མི་ལེན་པའི་ཕྱིར་དབུ་མ་པ་རྣམས་ལ་ནི་མ་ཡིན་ཏེ། སྟོང་པ་དེས་ཅི་ཞིག་བྱ་སྟེ་དེས་སྟོང་པ་དང་དེ་ཉིད་ཀྱིས་སྟོང་པར་མི་རུང་ངོ་ཞེས་བྱའོ། །འདིར་གཞན་དབང་གི་རང་བཞིན་རྟེན་ཅིང་འབྲེལ་པར་འབྱུང་བ་བརྗོད་དུ་མེད་པ་དངོས་པོ་ཙམ་ལ་དེ་ནི་རྣམ་པ་
เล่ม ๑๐๓ · หน้า 279a
གཉིས་ཏེ་རྣམ་པར་དག་པ་དང་མ་དག་པའོ། །དེ་ལ་ཡོངས་སུ་མ་དག་པ་ནི་འཁོར་བ་ཐོག་མ་མེད་པ་ནས་གོམས་པ་པའི་གཟུང་བ་དང་འཛིན་པར་ཡོངས་སུ་བརྟགས་པའི་དྲི་མས་བསྒོས་པའོ། །ཡོངས་སུ་དག་པ་ནི་གཟུང་བ་དང་འཛིན་པ་སྤྲོས་པའི་བག་
ཆགས་ཀྱི་གནས་ངན་ལེན་སྤངས་ནས། གནས་ཡོངས་སུ་གྱུར་པ་ཡོངས་སུ་གྱུར་པ་དག་པའི་རང་བཞིན་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ། དེ་ཡང་གཞན་དབང་གི་རང་བཞིན་འདི་ནི་རང་ཉིད་ཁོ་ན་མི་འབྱུང་བ་དང་རང་བཞིན་ལ་གཞན་གྱི་རྐྱེན་གྱི་སྟོབས་ཀྱིས་སྐྱེ་བས་ན་
གཞན་དབང་ངོ་། །དེ་ཡང་རང་བཞིན་ནི་དངོས་པོའི་ངོ་བོའི་ཕྱིར་དང་། གཞན་གྱི་རྐྱེན་ལས་མཐོང་བའི་ཕྱིར་གཞན་དབང་དུ་བརྗོད་ལ། གཞན་གྱི་རང་བཞིན་ལ་ཐ་དད་པའི་ཕྱིར་དབང་གི་སྒྲ་ནི་གཙོ་བོ་ལ་འཇུག་སྟེ། འདི་ལྟར་འཇིག་རྟེན་ན་འདིར་ནི་བདག་རང་དབང་བའོ་ཞེས་
སྨྲ་བ་ན་རང་ཉིད་གཙོ་བོར་སྨྲ་བའོ་ཞེས་བྱ་ལ། འདི་ནི་གཞན་གྱི་དབང་ལས་ཤེས་པས་གཞན་དབང་སྟེ། གཞན་ལས་སྐྱེ་བའོ། །ཡང་ན་བརྒྱུད་ཅིང་སྐྱེད་པས་དབང་ལ་གཞན་དབང་ནི་གཞན་གྱིས་བསྐྱེད་པའོ་ཞེས་པའི་དོན་ཏོ། །གཞན་དབང་དེ་ནི་ཀུན་རྫོབ་ཀྱི་དངོས་པོ་རང་
ཡོད་པའི་ཕྱིར་དང་བརྟགས་པའི་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་སྟོང་པ་ཉིད་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །ཇི་སྐད་དུ་མདོ་ལས་གསུངས་པ་གང་ཞིག་གང་ན་མེད་པ་དེ་ནི་སྟོང་ལ་གང་ཡང་འདིར་ལྷག་མ་དེ་ནི་ཡོད་པ་ལ་འདིར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་
ཤེས་སོ་ཞེས་འདི་སྐད་སྨྲ་ན་སྟོང་པ་ཉིད་ལ་ཕྱིན་ཅི་མ་ལོག་པར་ཞུགས་པའོ། །གང་དུ་དགེ་སྦྱོང་ངམ་བྲམ་ཟེ་དག་དེ་ཡང་གང་ཞིག་གིས་སྟོང་པ་མི་འདོད་ན་དེ་ནི་སྟོང་པ་ལས་ཕྱིན་ཅི་ལོག་ཏུ་ཞུགས་པའོ་ཞེས་སོ། །འོ་ན་གལ་ཏེ་གཞན་དབང་གི་རང་བཞིན་ནི་ངོ་བོ་ཉིད་དུ་ཡོད་པའི་
ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བར་མི་འགྱུར་རོ། །སུ་ཞིག་འདི་སྐད་སྨྲ། སྐྱེ་བ་ལས་སྔ་རོལ་དུ་གཞན་དབང་གི་རང་བཞིན་ཡོད་དོ་ཞེས་སོ། །སྐྱེས་ནས་འདིའི་རང་བཞིན་ཡོད་དོ་ཞེས་བརྗོད་དོ། །སྨྲས་པ། གང་ཞིག་སྐྱེ་བ་ལས་སྔ་རོལ་དུ་འདིའི་རང་བཞིན་མེད་ན་ཅིར་
เล่ม ๑๐๓ · หน้า 279b
འགྱུར་བའི་འདིའི་སྐྱེ་བ་ཡོད་པ་ཡིན། སྐྱེས་ནས་ཡོད་པ་ལ་འདི་ནི་ཡོད་པའོ་ཞེས་རུང་གི་མ་སྐྱེས་པ་ལ་ནི་མ་ཡིན་ནོ། །སྐྱེས་པ་ཉིད་ཀྱང་ངེས་པར་གཟུང་བར་མི་ནུས་ན་ཁྱད་པར་བརྟག་པར་ནུས་པ་མ་ཡིན་ནོ། །ཕ་རོལ་པོས་འདི་ཞེས་པ་དེ་ལས་སྐྱེ་བཞིན་པའོ་ཞེས་པའི་ཁྱད་པར་ངེས་
པར་གཟུང་བར་མི་ནུས་ལ། དེའི་ཕྱིར་འདིའི་སྐྱེ་བ་མེད་ལ་མ་སྐྱེས་པ་ལ་ཅི་ཡོད་ལ་ཉིད་ནི་ག་ལ་ཞིག་ཅེས་བྱ་སྟེ། འདི་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་ཡོད་པ་མ་ཡིན་ན་རྒྱུ་མཚན་མེད་པས་འཁོར་བ་དང་མྱ་ངན་ལས་འདས་པ་མེད་པར་འགྱུར་རོ། །གལ་ཏེ་རེ་ཞིག་འདི་
ཡོད་པར་གྱུར་ན། མུ་སྟེགས་བྱེད་ཀྱིས་བརྟགས་པའི་བདག་ཀྱང་ཡོད་པར་འགྱུར་ལ། དེ་ནི་ཚིག་ཙམ་གྱིས་སྨྲ་བའོ། །གལ་ཏེ་ཁོ་བོ་ཅག་གི་བདག་མེད་པར་གྱུར་ན། བཅིང་བ་དང་གྲོལ་བ་ལ་སོགས་པ་མི་འགྲུབ་བོ་ཞེ་ན། འདི་ནི་རེ་ཞིག་བདག་ཡོད་པར་ཡང་མི་
འཐད་དེ། འདི་གཉིས་ནི་རིགས་པ་དང་འགལ་བའི་ཕྱིར་རོ། །འདི་ལྟར་གཞན་དབང་དངོས་པོར་ཡོད་ན་ནང་གི་བྱེད་པའི་སྐྱེས་བུ་ཡང་ཡོད་ལ། འདི་ནི་མ་དཔྱད་པའི་ཡོད་པའོ་ཞེས་བྱ་སྟེ། འཇིག་རྟེན་པ་ལ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་རིགས་པ་དང་འགལ་
བ་གཅིག་པོ་ཡོད་ཅིང་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུར་རྟོག་ན་གཉིས་པ་ཡང་བརྟག་པར་བྱའོ། །དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་དངོས་པོའི་རང་བཞིན་ཡིན་ནོ། །དེ་ལྟ་ན་གང་ཞིག་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཡང་
འདིར་ལྷག་མ་ཡོད་པ་དེ་ནི་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་ཐོས་པ་དེ་ཇི་ལྟར་གསུངས། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་དངོས་པོར་གྱུར་པ་བྱས་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་གཟུགས་བརྙན་བཞིན་མེད་ལ། གང་ཞིག་བྱིས་
པ་རྣམས་དངོས་པོར་མངོན་པར་ཞེན་པའི་གནས་སུ་གྱུར་པ་དེ་ཡང་བྱིས་པའི་སྐྱེ་བོའི་བློའི་སྤྱོད་ཡུལ་ལ་རྣམ་པ་དེ་ལྟ་བུའི་དངོས་པོར་གྱུར་པ་བརྫུན་པ་སླུ་བའི་ཆོས་ཅན་ནི་ཡོད་ལ་དེའི་རང་བཞིན་ནི་མེད་དོ། །དེའི་ཕྱིར་གང་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་བྱའོ། །བརྫུན་གྱིས་
เล่ม ๑๐๓ · หน้า 280a
སླུ་བའི་ཆོས་ཅན་དངོས་པོར་གྱུར་པ་ལ་རང་བཞིན་མེད་པས་དེའི་ཕྱིར་དངོས་པོར་གྱུར་པ་དེ་དེའི་རང་བཞིན་གྱིས་སྟོང་ངོ་། །གང་ཡང་འདིར་ལྷག་མ་ཞེས་པ་ནི་བརྫུན་པ་སླུ་བའི་ཆོས་ཅན་རང་གི་མཚན་ཉིད་མ་གྲུབ་པ། བྱིས་པའི་སྐྱེ་བོའི་བློའི་སྤྱོད་ཡུལ་ཕྱིན་ཅི་
ལོག་ལས་མ་གྲོལ་བ་ནི་ཡོད་དེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྒྱུ་མའི་རྣམ་པ་དེ་ནི་ཡོད་དོ། །བྱིས་པ་རྣམས་ཀྱི་བརྗོད་པ་དེ་ནི་ཡོད་དོ། །རྨོངས་པ་ཆགས་པ་དེ་ནི་ཡོད་དོ། །དེ་ལྟར་གང་ཅུང་ཟད་ཙམ་དེ་ནི་ཡོད་དོ་ཞེས་སོ། །དེའི་ཕྱིར་དེ་ལྟར་བརྟགས་པས་དཔྱོད་
པ་པོས་བརྫུན་པ་སླུ་བའི་ཆོས་ཅན་དངོས་པོར་གྱུར་པ་མངོན་དུ་ཤེས་པས། འཇིག་རྟེན་པའི་ལས་ཀྱི་འབྲས་བུ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་རྣམས་བརྫུན་པའི་དངོས་པོའི་རྒྱུ་མཚན་ཅན་ལ་གནོད་པ་མ་ཡིན་ནོ། །དེ་ལ་མི་གནོད་པས་ཆད་པར་སྨྲ་བའམ་མེད་པ་ཉིད་མི་
ལྟུང་ལ། རང་བཞིན་ལ་སྒྲོ་མ་བཏགས་པས་ཕྱིན་ཅི་མ་ལོག་པ་ལ་གནས་ཏེ་ཕྱིན་ཅི་ལོག་གིས་བསྐྱེད་པའི་འཁོར་བ་ངེས་པར་སྤོང་ཞིང་རྟག་པར་སྨྲ་བར་མི་ལྟུང་ངོ་། །འདིར་ཡང་ཐོག་མ་ཉིད་དུ་འཐད་པ་དང་བཅས་པས་དོན་ཆེན་པོར་ཡང་འགྱུར་ལ། གཞན་དུ་རང་བཞིན་ཡོད་པ་
ཉིད་ནི་འཐད་པ་དང་བྲལ་བའི་ཕྱིར་རོ། །ཅི་སླར་རང་བཞིན་མེད་པ་དངོས་པོར་གྱུར་པ་ལ་བརྟེན་ནས་སྐྱེ་བར་འགྱུར་རམ། ཕྱིན་ཅི་ལོག་བདག་ཉིད་ངན་པ་ལ་རྣམ་པར་རོལ་པའི་གོ་འཕང་ལ་ཞུགས་པས་ད་གདོད་སྨོས་པ་ཉིད་ལས་རྒྱས་པ་གསལ་བར་རྟེན་ཅིང་འབྲེལ་པ་རང་བཞིན་
མེད་པ་སྒྲུབ་བྱེད་ཀྱི་མིང་ཐོས་པ་ལྟ་བུར་རློམ་སེམས་ནས་འདྲི་བ་ལ་འཇུག་པ་ཀྱེ་མ་ངོ་མཚར་ཏོ། །ཇི་སྐད་དུ་སྨོས་པའི་དཔྱད་པ་རྣམས་སེམས་ལ་གྱིས་ཤིག །ལུང་འདི་ལས་ཀྱང་འདི་གསལ་བར་བྱེད་པས་སེམས་ལ་ཞོག་ཤིག །ཇི་སྐད་དུ། བྲག་ཕུག་རི་དང་རྫོང་དང་
ཆུ་ཀླུང་ལ། །གང་ཞིག་བརྗོད་པ་ལ་བརྟེན་བྲག་ཅ་བཞིན། །འདུས་བྱས་འདི་ཀུན་སྒྱུ་མ་ལྟ་བུ་དང་། །སྨིག་རྒྱུ་དང་མཚུངས་འགྲོ་ཀུན་ཤེས་པར་གྱིས། །ཞེས་སོ། །དེའི་ཕྱིར་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱིས་དེ་ལྟར་ཡང་དོན་རྣམ་པར་ཕྱེ་བའི་ཕྱིར་དེ་
เล่ม ๑๐๓ · หน้า 280b
རྣམས་སྟོང་པ་ཉིད་ལ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་མ་ཡིན་ནོ། །གང་ཡང་ཚིགས་སུ་བཅད་པ་འདི་སྐད་དུ། ཀུན་བརྟགས་དངོས་པོ་ཡོད་མིན་ཞིང་། །གཞན་གྱི་དབང་ནི་ཡོད་པ་ན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐར་རྟོགས་པ་ནི་ཕུང་བར་འགྱུར། །
ཞེས་པ་དེ་ཡང་ཇི་སྐད་དུ་སྨོས་པའི་བཤད་པས་ལེགས་པར་བཤད་པར་འགྱུར་ཏེ། རང་བཞིན་དུ་བརྟགས་པ་མེད་ལ། གཞན་དབང་ཡང་བརྫུན་པ་སླུ་བའི་ཆོས་ཅན་བྱས་པ་རང་བཞིན་མེད་པ་ཡོད་པ་ལ། གང་ཞིག་དེའི་ཚེ་རང་བཞིན་མེད་པ་ལ་སྒྲོ་འདོགས་པར་བྱེད་པ་དང་
སྒྱུ་མ་དང་མཚུངས་པ་བྱས་པ་ནི་མེད་དོ་ཞེས་སྨྲ་བ་དེ་ནི་ངེས་པར་ཕུང་བར་འགྱུར་རོ། །རྟག་པ་དང་ཆད་པའི་མཐའི་ཕྱོགས་ནས་གནས་པས་ངེས་པར་ངན་འགྲོར་ལྟུང་བས། འདི་ལྟར་རྣམ་རིག་ཏུ་སྨྲ་བ་དེ་རྣམས་ལ་སྟོང་པ་ཉིད་ཕྱིན་ཅི་ལོག་པར་རྟོགས་པ་མེད་དོ་ཞེས་བྱ་སྟེ། དེ་
རྣམས་ནི་མཁས་པ་རྣམས་ཀྱི་ཚད་མར་བརྗོད་པར་མི་རིགས་སོ། །དེ་ལྟར་ཡང་བདག་དང་བདག་གི་བས་སྟོང་པར་བསྒྲུབས་པས་མིག་རང་བཞིན་མེད་པར་བསྒྲུབས་ནས། སླར་ཡང་མིག་གི་རང་བཞིན་སྟོང་པར་བསྒྲུབ་པའི་ཕྱིར་གསུངས་པ། རྟག་པ་བརྟན་པ་ཐེར་ཟུག་
པ་ཡོངས་སུ་མི་འགྱུར་བའི་ཆོས་ཅན་མ་ཡིན་པས་མིག་སྟོང་ངོ་ཞེས་པར་འབྲེལ་ཏོ། །དེ་བཞིན་དུ་ཡང་བདག་གི་སྒྲས་ནི་རང་བཞིན་གྱི་རྣམ་གྲངས་ཀྱི་ཕྱིར་སྐྱོན་མེད་དོ། །དེ་ལ་མི་རྟག་པ་དང་བྲལ་བས་རྟག་པའོ། །མི་གཡོ་བའི་ཕྱིར་བརྟན་པའོ། །གནས་སྐབས་ཐམས་
ཅད་དུ་གནས་པའི་ཕྱིར་ཐེར་ཟུག་པའོ། །གཞན་དུ་མི་འགྱུར་བས་ཡོངས་སུ་འགྱུར་བའི་ཆོས་ཅན་མ་ཡིན་པའོ་ཞེས་བྱ་སྟེ། འདི་རྣམས་ནི་རང་བཞིན་གྱི་མིང་གི་བྱེ་བྲག་ཡིན་གྱི་ནང་གི་བྱེད་པའི་སྐྱེས་བུའི་ནི་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་འདི་པ་ཙམ་ལ་རྣམ་པར་
གནས་པས་ན་སྔར་ཉིད་དུ་དེ་དག་བཀག་པའི་ཕྱིར་རོ། །ཇི་སྐད་དུ་སྟོང་པ་ཉིད་དོན་དམ་པའི་མདོ་ལས། མིག་སྐྱེས་བཞིན་པ་གང་དུ་ཡང་འབྱུང་བར་མི་འགྱུར་རོ། །འགག་བཞིན་པ་ནམ་ཡང་དམྱལ་བར་འགྲོ་བ་ཡོད་པ་མ་ཡིན་ནོ། །ལས་ཡོད་ཅིང་ལས་ཀྱི་རྣམ་པར་སྨིན་པ་
เล่ม ๑๐๓ · หน้า 281a
ཡོད་ལ། བྱེད་པ་པོ་ནི་མ་དམིགས་སོ། །གང་ཕུང་པོ་འདི་ནི་འཇིག་ལ་ཕུང་པོ་གཞན་དུ་ཉིང་མཚམས་སྦྱོར་ཏེ། ཆོས་ཀྱི་བརྡ་གཞན་ལས་སོ། །དེ་ལ་ཆོས་ཀྱི་བརྡ་ནི་འདིའོ། །འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པའོ། །མདོ་
འདིར་ནི་ཐོག་མར་བྱེད་པ་པོ་བཀག་ལ། ཕྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་གཞག་པ་ནི། གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་གཞག་པ་ལས་མིག་ཡོད་པ་ཐོབ་པ་ལ། ཐར་པ་འདོད་པ་རྣམས་མིག་ཏུ་མངོན་པར་ཞེན་པའི་གཉེན་པོར་ཆོས་ཐམས་ཅད་བདག་མེད་པར་
ཉེ་བར་བསྟེན་པས་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་ལ་འཇུག་པའི་ཕྱིར་རོ། །དེའི་ཚེ་རྟག་པའི་བདག་བཀག་པས་ཅུང་ཟད་ཀྱང་ཉེ་བར་མཁོ་བ་མེད་ཅིང་། མིག་ཇི་ལྟ་བར་གནས་པ་ལ་མངོན་པར་ཞེན་པ་མ་བཀག་ན་རྟག་པའི་བདག་བཀག་ཀྱང་མིག་ལ་སོགས་པར་མངོན་པར་
ཞེན་པའི་བ་སྤུ་ཡང་འགུལ་བར་ནུས་པ་མ་ཡིན་ནོ། །རི་དགས་དང་བྱ་ལ་སོགས་པ་བདག་རྟག་པ་མི་དམིགས་ཀྱང་དེར་ཞེན་པས་དེའི་ཕྱིར་འདིར་རྟག་པའི་བདག་བཀག་པའི་སྒོ་ནས་མིག་བདག་མེད་པར་འཇོག་པ་ནི་མ་ཡིན་ནོ། །འཇོག་ན་ཡང་ཉེ་བར་ལེན་པ་ལ་རྟག་པའི་བདག་
བཀག་པས་སམ་རང་བཞིན་དང་བཅས་པ་བཀག་པས་སོ། །གང་ཡང་དེ་ལྟར་ཅི་སྐད་གསུངས་པའི་རིགས་པས་བདག་མེད་པས་དེའི་ཚེ། གཉེན་པོ་མེད་པའི་ཕྱིར་བདག་མེད་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ། བདག་མེད་མིན་ཞེས་པ་ལ། བདག་དང་
འགལ་བའི་ཆོས་འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཇི་ལྟར་དངོས་པོ་དང་དངོས་པོ་མེད་པ་ལྟར་བདག་དང་བདག་མེད་ལ། ཇི་ལྟར་ཡང་དངོས་པོ་མེད་ན་དངོས་པོ་མེད་པ་མེད་ལ། དེ་བཞིན་དུ་བདག་མེད་ན་བདག་མེད་པ་ཡང་སྲིད་པ་མེད་དོ་ཞེས་དགོངས་པའོ། །ཡང་
གང་དུ་བདག་ཡོད་པ་ཡིན་ན་དེ་ནི་བདག་མེད་པའི་གཟུགས་ལ་སོགས་པའི་དངོས་པོར་ཡང་དེ་མེད་དེ། ཉེ་བར་ལེན་པ་པོ་མེད་ན་ཉེ་བར་བླངས་པ་མེད་པས་གཟུགས་ལ་སོགས་པ་མ་གྲུབ་པའི་ཕྱིར་ཞེས་གསུངས་པ། བདག་མེད་མིན་པ་སྟེ་བདག་མེད་པ་ཡང་མ་གྲུབ་
เล่ม ๑๐๓ · หน้า 281b
པས་ཆོས་ཐམས་ཅད་མིང་ཙམ་དུ་གྲུབ་པའོ། །འདིར་སྨྲས་པ། གལ་ཏེ་ཡང་བདག་འབའ་ཞིག་པ་མེད་ན་བདག་མེད་པ་འབའ་ཞིག་པ་ཡང་མེད་ལ། དེ་ལྟར་ན་ཡང་མེ་དང་བུད་ཤིང་དག་བཞིན་དུ་བདག་དང་བདག་མེད་དག་ཕན་ཚུན་ལྟོས་ནས་གྲུབ་པ་ཡོད་པས་དེས་
བདག་དང་བདག་མེད་པ་གཉིས་ཀ་ཡང་འབྱུང་བར་འགྱུར་ཞེ་ན། གསུངས་པ། དེ་ལྟར་ཡང་བདག་དང་བདག་མེད་ཅེས་པ་ལ་ཡོད་པ་མ་ཡིན་ནོ་ཞེས་པ་ཚིག་གི་ལྷག་མའོ། །གལ་ཏེ་ཡང་དཔྱད་བཞིན་པས་བདག་གམ་བདག་མེད་པ་འགའ་ཞིག་ཡོད་ན། དེའི་ཚེ་ཕན་ཚུན་ལྟོས་པ་
འགྲུབ་པར་འགྱུར་ལ། གང་དུ་དེ་གཉིས་མེད་ན་བདག་དང་བདག་མེད་པ་ག་ལ་འབྱུང་ཞེས་བྱ་སྟེ། དེས་ན་བདག་དང་བདག་མེད་པ་ཡོད་པ་མ་ཡིན་ནོ། །ཡང་ན་འདི་ནི་དོན་གཞན་ཏེ། ཁ་ཅིག་གིས་སྨྲས་པ། གལ་ཏེ་ཡང་བདག་དང་བདག་མེད་པ་མེད་ལ་དེ་ལྟ་ན་ཡང་བདག་དང་
བདག་མེད་པ་བཀག་པའི་བདག་དང་བདག་མེད་པ་མ་ཡིན་པ་ཡོད་ལ། དེ་ཡོད་པས་དགག་བྱ་བདག་མེད་པ་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་ཡང་བདག་དང་བདག་མེད་པ་གཉིས་སུ་བརྟགས་པ་དང་བྲལ་བ་ཆོས་རྣམས་ཀྱི་རང་བཞིན་བདག་དང་བདག་མེད་པ་མ་ཡིན་པར་
འབྱུང་བར་འགྱུར་རོ་ཞེས་པ་འདི་ཡང་མི་རིགས་སོ་ཞེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གསུངས་པ། བདག་དང་བདག་མེད་འགའ་ཡང་མེད། །ཅེས་བྱའོ། །འགའ་ཡང་མེད་ཅེས་པའི་འགག་པ་འདི་ཇི་ལྟར་ཕྱིས་དེ་མ་ཐག་པའི་བརྗོད་པ་འགའ་དང་མངོན་པར་འབྲེལ་ལ། དེ་བཞིན་
དུ་སྔར་གྱི་དེ་མ་ཐག་པའི་བདག་དང་བདག་མེད་པ་དང་ཡང་འབྲེལ་ཏོ། །དེ་ལ་འདིར་རེ་ཞིག་སྔར་གྱི་རྟོག་པ་བརྗོད་དེ། ཇི་སྐད་བཤད་པའི་རིགས་པས་བདག་དང་བདག་མེད་པ་གཉིས་ཀ་ཡང་མ་གྲུབ་པའི་ཕྱིར། དེ་བཀག་ན་བདག་དང་བདག་མེད་པ་ག་ལ་འབྱུང་ཞེས་སྒྲུབ་བྱེད་
གསུངས་པ། བདག་མིན་ཞེས་པ་ལ་སོགས་པའོ། །ཕྱི་མའི་རྟོག་པ་ཡང་བདག་དང་བདག་མེད་པ་ལོགས་སུ་བཞག་པའི་དངོས་པོ་རྣམས་ཀྱི་རང་བཞིན་ཡང་མེད་ལ། བདག་དང་བདག་མེད་པ་ལས་ཐ་དད་པའི་རང་བཞིན་མ་གྲུབ་པའི་ཕྱིར་བདག་དང་བདག་མེད་པ་མ་ཡིན་
เล่ม ๑๐๓ · หน้า 282a
པ་འགའ་ཡང་མེད་དོ་ཞེས་གསུངས་པ། བདག་དང་བདག་མེད་མིན་འགའ་མེད། །ཅེས་སོ། །ཡང་འདིའི་དོན་གཞན་ཏེ། ཆོས་ཐམས་ཅད་ནི་མིང་ཙམ་མོ་ཞེས་རྣམ་པར་གཞག་པ་ན་མུ་སྟེགས་པས་སྨྲས་པ། ཆོས་ཐམས་ཅད་མིང་ཙམ་མ་ཡིན་ཏེ།
ཁོ་བོ་ཅག་གི་གྲུབ་མཐས་བཤད་པ་བརྟག་པ་མ་བྱས་པ་ལ་སོགས་པས་ཁྱད་པར་དུ་བྱས་པའི་བདག་གི་དོན་ཡོད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། བདག་མེད་དེ། གང་གི་ཕྱིར་ཕ་རོལ་པོའི་བདག་གི་སྒྲ་ལ་བརྗོད་བྱའི་དོན་བདག་ཡོད་པ་མ་ཡིན་ཏེ། རང་ཉིད་ལས་མ་སྐྱེས་
པའི་ཕྱིར་བོང་བུའི་རྭ་བཞིན་ལ། བརྟག་པ་མ་བྱས་པ་ཀུན་ཏུ་འགྲོ་བ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་བཞིན་མ་སྐྱེས་པའི་ཕྱིར་བདག་མེད་དོ། །འབྱུང་བའི་སེམས་པ་ཅན་ཡང་འདི་སྙམ་དུ་སེམས་ཏེ། བདག་མེད་པ་ནི་བདེན་ལ། འོན་ཀྱང་བདག་མེད་པ་འབྱུང་བ་ཙམ་
ཡོད་དོ་ཞེས་སོ། །རང་གི་སྡེ་པ་དག་ཀྱང་སྨྲ་སྟེ། ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བའི་བདག་མེད་པ་ཕུང་པོ་ཙམ་ཡོད་ལ། བདག་ནི་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་སོ། །དེ་དག་ལ་ལྟོས་ནས་གསུངས་པ་བདག་མེད་མིན་ནོ། །བདག་མེད་པ་ནི་མེད་པ་ཉིད་དེ། ཇི་ལྟར་
མེད་པ་དེ་ལྟར་ཡང་སྔར་ཉིད་དུ་རྒྱས་པར་བསྒྲུབས་སོ། །ཡང་རང་གི་སྡེ་པ་ཁ་ཅིག་ནི་འདི་སྐད་སྨྲ་སྟེ། ཉེ་བར་ལེན་པ་ལ་བཏགས་པའི་རྫས་སུ་ཡོད་ཅིང་གང་ཟག་ཏུ་ཡོད་པའི་དངོས་པོ་ནི་ཡོད་ལ། ཆོས་ཐམས་ཅད་བདག་མེད་པ་འདི་ལ་འགའ་ཞིག་གིས་དབང་དུ་བྱས་པ་མེད་
པའི་ཕྱིར། དེ་ཡང་ཡོད་པས་དེའི་ཕྱིར་བདག་མེད་པ་ཡང་ཡོད་དོ་ཞེས་སོ། །སྨྲས་པ། བདག་དང་བདག་མེད་འགའ་ཡང་མེད། །ཇི་སྐད་དུ་སྨོས་པའི་རིགས་པས་ཆོས་དང་གང་ཟག་དག་བཀག་པའི་ཕྱིར། གང་གི་ཚེ་ཡང་འདི་ལྟར་བདག་དང་བདག་མེད་པ་
སྟེ། བདག་དང་བདག་མེད་པ་ཡང་མི་འཐད་ལ། དེའི་ཚེ་ཐམས་ཅད་ཚིག་ཙམ་སྟེ། དོན་གྱིས་སྟོང་པར་གྲུབ་པོ། །འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས་བརྗོད་བྱའི་དོན་བཀག་ལ། དེ་ལྟ་ན་ཡང་གང་ཞིག་དོན་གྱིས་སྟོང་པའི་ཚིག་དེ་དེ་བཞིན་དུ་ཡོད་ལ། དེ་
เล่ม ๑๐๓ · หน้า 282b
ལས་ཚིག་དམིགས་པའི་ཕྱིར་དངོས་པོ་གཞན་ཡང་འབྱུང་བར་འགྱུར་རོ་ཞེས་སོ། །ཡང་ན་བརྗོད་བྱ་ལས་གཞན་དུ་རྗོད་བྱེད་མི་འཐད་ལ། ཚིག་འདི་དག་མ་བཀག་པར་ཡོད་པས་དེའི་ཕྱིར་བརྗོད་བྱ་ཡང་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་ཏེ་རྗོད་བྱེད་ཡོད་པ་
ཉིད་ན་བརྗོད་བྱ་འབྱུང་བར་འགྱུར་ལ། ཡོད་པ་མ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པ་གསུངས་པ། བརྗོད་འགའ་མེད་ཅེས་སོ། །བརྗོད་བྱ་ལས་གཞན་དུ་རྗོད་བྱེད་ཀྱང་མི་འཇུག་པས་བརྗོད་པ་ཡང་མེད་དོ། །འོ་ན་མོ་གཤམ་གྱི་བུའི་བརྗོད་པ་བརྗོད་བྱའི་དོན་གྱིས་སྟོང་ཡང་བརྗོད་བྱ་
ལས་གཞན་པ་ཡོད་པས་རྗོད་པ་ཡོད་དོ་ཞེ་ན། སྨྲས་པ། བརྗོད་པས་ནི་ཇི་ལྟ་བར་དངོས་པོ་དང་དངོས་པོ་མེད་པའི་བརྗོད་བྱ་ལ་བརྡར་བྱེད་ལ། དངོས་པོ་དང་དངོས་པོ་མེད་པ་དེ་དག་ཀྱང་མེད་དོ་ཞེས་བསྒྲུབས་ལ། དེ་དག་མེད་ན་གཞན་བརྗོད་བྱ་ཅི་ཞིག་ཡོད། བརྗོད་བྱ་མེད་ན་
རྗོད་བྱེད་མེད་པས་བརྗོད་པ་ཡང་མེད་དོ། །ཡང་ན་གནས་པ་ལ་སོགས་པ་མེད་པར་བསྒྲུབས་པས། གནས་པ་ལ་སོགས་པ་མེད་ན་སྒྲ་མི་འགྲུབ་པ་ཐུགས་ལ་བཞག་ནས་བརྗོད་འགའ་མེད་ཅེས་སོ། །ཡང་ན་ཚིག་ནི་དོན་གྱིས་སྟོང་པར་བསྒྲུབས་ལ། སྒྲ་ཡང་སྒྲ་གཞན་གྱི་
བརྗོད་བྱ་ཡིན་པས་དོན་ཉིད་ལ་དོན་དེ་ཡང་མེད་པ་ཉིད་དོ་ཞེས་བྱ་ལ། དོན་མེད་པའི་ཕྱིར་སྒྲ་ཡང་མེད་པར་གཟིགས་ནས་གསུངས་པ་བརྗོད་འགའ་མེད་ཅེས་སོ། །བརྗོད་པ་མེད་པར་གྱུར་ན་ཡང་བརྗོད་བྱའི་དོན་གྲུབ་པ་མེད་དོ་ཞེས་གནས་སོ། །འདིར་སྨྲས་པ། གལ་ཏེ་རྗོད་བྱེད་ཀྱིས་
བརྗོད་པའི་དོན་ཀྱང་མེད་ན། དེའི་ཚེ་ཅི་ཞིག་ཡོད། སྨྲས་པ། ཁོ་བོས་སྒྱུ་མའི་ནོར་གྱིས་ཕྱུག་པོར་བྱེད་པའམ་སྨིག་རྒྱུའི་ཆུས་ཁྱོད་ཀྱི་ཆུའི་གདུང་བ་སེལ་བར་བྱེད་པའམ། སྒྱུ་མའི་རི་དགས་ཀྱི་ཤས་བཀྲེས་པ་ཉེ་བར་ཞི་བར་བྱེད་པར་མི་ནུས་སོ། །འོ་ན་འདིར་ཁོ་ན་ཉིད་གང་ཡིན་པ་
དེ་ཉིད་གཟུང་བར་བྱ་བར་འགྱུར་ལ། སླར་ཡང་འདིར་དེ་ཁོ་ན་ཉིད་དེ་ཅི་ཞེ་ན། སྨྲས་པ། གལ་ཏེ་ཁྱོད་དེ་ཁོ་ན་ཉིད་ལ་ཕྱིན་ཅི་ལོག་ཏུ་གོ་བ་དང་སྤོང་བ་དག་གིས་ལོག་པར་སྒྲུབ་པར་མི་བྱེད་ཅིང་ཆོས་ཉིད་ཟབ་མོ་ལ་གུས་པ་ཡང་སྐྱེད་ན་དེའི་ཚེ་ཁྱོད་ཀྱི། བརྗོད་བྱ་མྱ་ངན་འདས་
เล่ม ๑๐๓ · หน้า 283a
དང་མཚུངས། །དངོས་པོ་ཀུན་གྱི་རང་བཞིན་སྟོང་། །རང་བཞིན་དང་ངོ་བོ་ཉིད་དང་དེ་ཁོ་ན་ཉིད་ཅེས་པ་རྣམ་གྲངས་སོ། །རང་བཞིན་གྱིས་སྟོང་པ་ནི་རང་བཞིན་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །མྱ་ངན་ལས་འདས་པ་ནི་རྟག་པ་མ་ལུས་པ་སྐྱེ་བ་མེད་པའི་རང་བཞིན་རང་གི་
མཚན་ཉིད་ཅུང་ཟད་ཀྱང་མེད་པ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གང་ངེས་པར་འདི་ནི་སྡུག་བསྔལ་མ་ལུས་པ་སྤོངས་པ། བོར་བ་བྱང་བར་གྱུར་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་ཉེ་བར་ཞི་བ་ནུབ་པར་འགྱུར་བ་སྡུག་བསྔལ་གཞན་དུ་ཉིང་མཚམས་མི་སྦྱོར་བ། འདི་ནི་
ཉེ་བར་ལེན་པ་མེད་པའོ། །འདི་ནི་ཞི་བ་གྱ་ནོམ་པའོ། །འདི་ལྟར་ཕུང་པོ་ཐམས་ཅད་སྤངས་པ་སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་ནི་མྱ་ངན་ལས་འདས་པའོ་ཞེས་སོ། །འདི་ལྟར་མྱ་ངན་ལས་འདས་པའི་རང་བཞིན་ཅི་ཡང་མེད་པ་དེ་ལྟར་ཆོས་ཐམས་ཅད་ཀྱི་རང་
བཞིན་ཅི་ཡང་མེད་པས་དེའི་ཕྱིར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟེན་པ། གང་ཞིག་ཆོས་ཐམས་ཅད་ཀྱི་རང་བཞིན་མྱ་ངན་ལས་འདས་པ་དང་མཚུངས་པར་བརྗོད་པར་བྱའོ། །དེ་ལྟར་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བརྟེན་པར་འགྱུར་གྱི་གཞན་
དུ་མ་ཡིན་ནོ། །འདིར་སྨྲས་པ། རེ་ཞིག་མྱ་ངན་ལས་འདས་པ་སྡུག་བསྔལ་དང་བྲལ་བ་ཙམ་ལ་རང་བཞིན་མེད་པ་ནི་རུང་གི །ཕྱི་དང་ནང་གི་ཆོས་འདུ་བྱེད་དང་མྱུ་གུ་ལ་སོགས་པ་དང་། མ་རིག་པ་དང་ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་གྱིས་ཉེ་བར་བསྐྱེད་པའི་བདག་ཉིད་དུ་ཡོད་པ་
རྣམས་ཇི་ལྟ་བར་རང་དང་སྤྱི་དང་ཐུན་མོང་དུ་ཉམས་སུ་མྱོང་བའི་རང་གི་མཚན་ཉིད་མྱ་ངན་ལས་འདས་པ་ལས་ཤིན་ཏུ་བསྐལ་པའི་མཚན་ཉིད་རྣམས་ཇི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་དུ་བསྒྲུབ་པར་ནུས། དེའི་ཕྱིར་གང་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རང་བཞིན་
མ་ཡིན་ནོ་ཞེ་ན། སྨྲས་པ། གལ་ཏེ་མ་རིག་པས་ཕྱིན་ཅི་ལོག་པའི་རྣམ་པར་ཤེས་པ་ལ་ཉམས་སུ་མྱོང་བ་རྣམས་ཚད་མར་འགྱུར་ན། དེའི་ཚེ་འཕགས་པ་དང་འཕགས་པའི་ལམ་གྱིས་ཅི་དགོས་པར་འགྱུར། བྱིས་པའི་སྐྱེ་བོས་ཉམས་སུ་མྱོང་བ་ཉིད་ཚད་མ་ལ། ཚད་མས་
เล่ม ๑๐๓ · หน้า 283b
ཡང་དག་པར་མཐོང་བའི་ཕྱིར་མ་བཙལ་བར་དེ་རྣམས་གྲོལ་བར་གྱུར་ཏེ། དེ་ལྟ་བུ་ཡང་མེད་པས་དེ་རྣམས་ཀྱིས་ཉམས་སུ་མྱོང་བ་ནི་ཚད་མ་མ་ཡིན་ནོ། །ཇི་ལྟར་འཕགས་པའི་ལམ་གྱིས་མངོན་དུ་བྱས་པའི་འཕགས་པས་ཆོས་རྣམས་ཀྱི་ཆོས་ཉིད་གཟིགས་པར་གྱུར་པ་དེ་ལ་རང་
བཞིན་ནོ་ཞེས་རིགས་ཏེ། གང་ཞིག་མ་མཐོང་བ་ལས་བྱིས་པ་རྣམས་ཉོན་མོངས་ལ། གང་ཞིག་མཐོང་བ་ལས་འཕགས་པ་རྣམས་རྣམ་པར་གྲོལ་ལོ། །ཇི་ལྟར་ན་འདི་རྣམས་མྱ་ངན་ལས་འདས་པ་དང་མཚུངས་ན་རང་བཞིན་གྱིས་སྟོང་པའོ། །འོ་ན་དེ་ཁོ་བོ་ལ་མངོན་སུམ་
མ་ཡིན་ན། དེ་ཇི་ལྟར་ཁོ་བོ་ཅག་གིས་འདི་རྟོགས་པར་ནུས་ཤེ་ན། སྨྲས་པ། མོས་པ་མེད་པ་དད་པ་མེད་པ་སྡིག་པའི་གྲོགས་པོ་དང་འབྲེལ་པ་ཐོས་པ་ཆུང་བ་ལེ་ལོ་ཅན་རྨོངས་པ་ལ་སོགས་པ་དང་ལྡན་པས་དེ་རྟོགས་པར་འགལ་བས་དེས་འདི་མི་མཐོང་སྟེ། ཉོན་མོངས་
པའི་གོ་སྐབས་སུ་འགྱུར་བས། སྦྱིན་པ་དང་སྤྲོ་བ་དང་ཐོས་པ་མང་བ་དགེ་བའི་བཤེས་གཉེན་བརྟེན་པ་དད་པ་དང་མོས་པ་ལ་སོགས་པ་སོ་སོར་བརྟེན་པར་བྱའོ་ཞེས་བྱ་སྟེ། འདི་དག་དང་ལྡན་པས་འཕགས་པས་བསྟན་པའི་རིགས་པ་དང་དཔེ་ཡང་འདིར་ཁས་བླང་བར་བྱའོ། །དེ་ལྟར་
ཐབས་དང་བཅས་གང་རིགས་པས་ངེས་པར་ཡོད་ན་ཆོས་རྣམས་ཀྱི་རང་བཞིན་མངོན་སུམ་ཉིད་དུ་འགྱུར་རོ། །སླར་ཡང་ཅི་ཞིག་འདིར་འཕགས་པས་བསྟན་པའི་རིགས་པ་གང་གིས་ཆོས་རྣམས་ཀྱི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རིགས་པས་མངོན་སུམ་དུ་
འགྱུར་ཞེ་ན། འཕགས་པས་ཉེ་བར་བསྟན་པའི་ཕྱིར་གསུངས་པ། གང་ཞིག་དངོས་ཀུན་རང་བཞིན་ནི། །རྒྱུ་རྐྱེན་ཚོགས་པའམ་སོ་སོའི་དངོས། །ཀུན་ལ་ཡོད་མིན་དེ་ཕྱིར་སྟོང་། །ཞེས་པ་ལ་དེ་ལ་རྒྱུ་ནི་འབྲས་བུ་རྫོགས་པར་བྱེད་པ་ལ་འདྲ་བའི་འབྲས་བུ་རྫོགས་པར་བྱེད་
པའི་ཐུན་མོང་མ་ཡིན་པའོ། །འདི་ལྟ་སྟེ་སཱ་ལུའི་མྱུ་གུས་སཱ་ལུའི་ས་བོན་ནོ། །རྐྱེན་ནི་ཐུན་མོང་བ་སྟེ། འདི་ལྟ་སྟེ་སཱ་ལུའི་མྱུ་གུ་དེ་ཉིད་ཀྱི་ས་ལ་སོགས་པའོ། །དེ་ཡང་ཇི་ལྟར་སཱ་ལུའི་མྱུ་གུ་སྐྱེད་པའི་ཡན་ལག་གི་དངོས་པོར་གྱུར་པ་དེ་བཞིན་ནས་ཀྱི་མྱུ་གུ་ལ་སོགས་
เล่ม ๑๐๓ · หน้า 284a
པ་ཡང་ངོ་། །མྱུ་གུ་ལ་སོགས་པའི་རྒྱུ་ལས་སྐྱེས་པའི་འབྲས་བུ་ས་ལ་སོགས་པའི་རྣམ་པ་དང་རྗེས་སུ་འབྲེལ་པ་མ་ཡིན་ལ་སཱ་ལུའི་ས་བོན་གྱི་རྣམ་པ་དང་རྗེས་སུ་འབྲེལ་ཏོ་ཞེས་བྱའོ། །རྒྱུའི་དངོས་པོ་འབའ་ཞིག་ཙམ་དུ་ཉེ་བར་འགྲོ་བས་འདི་ལ་རྐྱེན་ཉིད་དུ་
རྣམ་པར་འཇོག་གོ། །རེ་ཞིག་གང་འདིའི་རྒྱུ་དང་རྐྱེན་དུ་འགྱུར་ན་རྫོགས་པར་བྱེད་པ་ནི་རྒྱུའི་དངོས་པོར་གནས་ལ། གང་དུ་རྐྱེན་ནི་འདིའི་ངེས་པའི་རྒྱུ་མ་ཡིན་ཏེ། འདི་ལྟ་སྟེ་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ནོ། །དེ་ཉིད་ཀྱིས་ན་རྒྱུ་གཉིས་དང་རྐྱེན་གཉིས་སོ་ཞེས་
སོ། །ཡུལ་གཅིག་ལ་རྒྱུ་རྐྱེན་གྱི་སྒྲའི་སྦྱོར་བ་བཅོམ་ལྡན་འདས་ཀྱིས་མཛད་དོ། །ཚོགས་པ་ནི་དངོས་པོ་དེ་དག་མ་ཚང་བ་མེད་པར་ཉེ་བར་གནས་པ་ལས་སྐྱེའི་གཞན་དེ་མ་ཐག་པ་ཉེ་བར་གནས་པ་ལས་མ་ཡིན་པས་རྒྱུ་རྐྱེན་ཚོགས་པར་འདིར་རྟོགས་པར་བྱའོ། །སོ་སོའི་དངོས་
པོ་ནི་དེ་རྣམས་ཐ་དད་པ་སྟེ། རྒྱུ་དང་རྐྱེན་ཚོགས་པ་མ་ཡིན་པའི་སོ་སོའི་དངོས་པོའི་རྒྱུ་དང་རྐྱེན་ཚོགས་པ་མ་ཡིན་པས་སོ་སོའི་དངོས་པོ་དེ་ཐམས་ཅད་ལ་འབྲས་བུའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་དོ། །དེའི་ཕྱིར་དེས་སྟོང་པས་རང་བཞིན་དང་བྲལ་བ་ཞེས་བྱ་བའི་
དོན་ཏོ། །གལ་ཏེ་འདིར་དངོས་པོ་རྣམས་ཀྱི་རང་བཞིན་འགའ་ཞིག་ཡོད་ན་དེ་ངེས་པར་འདུས་བྱས་སམ་འདུས་མ་བྱས་སུ་ཡོད་པར་འགྱུར། དེ་ལ་རེ་ཞིག་འདུས་མ་བྱས་ནི་རྒྱུ་མེད་པ་བདག་ཉིད་ཀྱི་དངོས་པོ་མ་སྐྱེས་པ་ལ་རང་བཞིན་གྱིས་བརྗོད་པའི་སྐལ་བ་དང་ལྡན་པ་མི་
རིགས་སོ། །འདུས་བྱས་ལ་ཡང་རང་བཞིན་མི་འཐད་དེ། ཅིའི་ཕྱིར་ན་གལ་ཏེ་འདུས་བྱས་ཀྱི་རང་བཞིན་དུ་གྱུར་ལ། འདུས་བྱས་རྣམས་ནི་རྒྱུ་དང་རྐྱེན་ལས་སྐྱེ་བའི་ཕྱིར་ན་སྐྱེ་བ་རྒྱུ་དང་རྐྱེན་ལ་རག་ལས་པར་འགྱུར་ལ། རྒྱུ་དང་རྐྱེན་ལ་རག་ལས་ནས་སྐྱེ་བ་ནི་བྱས་པ་སྟེ། རང་
བཞིན་དུ་མི་འཐད་དོ། །ཡང་འདི་སྙམ་དུ་སེམས་ཏེ། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དངོས་པོ་རྣམས་ཁོ་ན་རང་བཞིན་ནོ་ཞེ་ན། ངེས་པར་འདི་སྐད་བརྗོད་པར་བྱ་སྟེ་རྒྱུ་དང་རྐྱེན་གང་ལས་རང་བཞིན་གང་ཞིག་སྐྱེ་ན་དེ་ཅི་དེ་རྣམས་ལ་ཡོད་པ་ལས་དེ་སྐྱེ་བར་འགྱུར་གྱི། གང་ཞིག་གང་
เล่ม ๑๐๓ · หน้า 284b
ལ་མེད་པར་དེ་དེ་ལས་མི་སྐྱེ་སྟེ། འདི་ལྟ་སྟེ་འཇིམ་པ་ལས་སྣམ་བུའམ་སྐུད་པ་ལས་བུམ་པ་ཞེས་སོ། །འདི་ནི་རྒྱུ་ལ་སོགས་པ་ལས་སྐྱེ་བར་འདོད་ན་ངེས་པར་རྒྱུ་ལ་སོགས་པ་ལ་རང་བཞིན་ཡོད་པ་ཉིད་དུ་ཁས་བླང་བར་བྱ་ན། འདི་ནི་ཁས་བླང་བར་མི་ནུས་ཏེ། ཡོད་
བཞིན་པ་ན་དམིགས་པར་ཐལ་བ་དང་། སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པའི་སྐྱོན་དང་། རྒྱུ་མེད་པ་ཡོད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཡང་རྒྱུ་ལ་སོགས་པ་ལ་འབྲས་བུའི་རང་བཞིན་ཡོད་ན། དེ་དག་ལ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཡོད་དམ་ཆ་ཤས་ཀྱིས་སོ། །དེ་ལ་རེ་ཞིག་
གལ་ཏེ་ཐམས་ཅད་ཀྱིས་བདག་ཏུ་རྟོག་ན་རྒྱུ་དང་རྐྱེན་རྣམས་མང་པོའི་ཕྱིར་འབྲས་བུ་དུ་མས་འཇུག་ལ། དེའི་ཕྱིར་རྒྱུ་ལ་སོགས་པ་སོ་སོ་ལ་འབྲས་བུ་མེད་ལ་རྒྱུ་དུ་མས་འབྲས་བུ་གཅིག་སྒྲུབ་པ་མ་ཡིན་ཞིང་། རྒྱུ་གཅིག་གིས་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་གང་ལ་གནས་པ་
དེ་ཉིད་ལ་འཇུག་པའི་ཕྱིར་དེ་ལྟར་རེ་ཞིག་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྒྱུ་ལ་སོགས་པ་ལ་འབྲས་བུ་མི་གནས་སོ། །ད་ནི་ཆ་ཤས་ཀྱིས་ཀྱང་མི་གནས་ཏེ། འབྲས་བུ་གཅིག་དུམ་བུར་སྐྱེ་བར་ཐལ་བར་འགྱུར་ལ། རྒྱུ་ཐ་དད་པ་ན་ཡང་རྒྱུ་དུ་མས་འབྲས་བུ་སྐྱེད་པར་ཐལ་ལོ། །གང་
ཡང་རྒྱུ་ལ་སོགས་པ་ལ་མི་གནས་ན། དེ་རྒྱུ་ལ་སོགས་པ་ལས་མི་སྐྱེ་ལ་རྩ་བའི་རབ་བྱེད་དང་པོར་ཡང་ན་དེ་རྐྱེན་ལ་སོགས་པ་ལ་མེད་ཀྱང་དེ་རྣམས་ལས་འབྱུང་ན། རྐྱེན་མིན་ལས་ཀྱང་འབྲས་བུ་ནི། །ཅི་ཕྱིར་མངོན་པར་འབྱུང་མི་འགྱུར། །ཞེས་པའི་ཚིག་ལས་སོ། །གང་གི་ཚེ་འབྲས་བུ་
རྒྱུ་ལ་སོགས་པ་ལ་མི་གནས་པའི་ཕྱིར་དེ་དེ་རྣམས་ལས་མི་སྐྱེ་ལ། དེའི་ཚེ་མ་སྐྱེས་པ་ལ་ཡོད་པ་ཉིད་མི་རུང་ངོ་། །གང་ཡང་དེ་ནི་ད་ལྟར་ན་དེས་ན་དངོས་པོ་རྣམས་ཀྱི་རང་བཞིན་མེད་པས་དངོས་པོ་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པ་རང་བཞིན་གྱིས་སྟོང་པར་གྲུབ་བོ། །
འདིར་ཁ་ཅིག་གིས་སྨྲས་པ། རྒྱུ་དང་རྐྱེན་གྱི་གྲངས་བཞིན་དུ་འབྲས་བུ་རྣམས་ཡོད་པར་ཁོ་བོ་ཅག་ཁས་མི་ལེན་ལ། དེའི་ཕྱིར་འབྲས་བུ་ཡོད་པ་ཉིད་ཀྱི་སྐྱོན་ཁོ་བོ་ལ་མེད་ཅིང་མེད་པ་ཉིད་ཀྱང་བརྗོད་པར་མི་ནུས་ཏེ། ཤིན་ཏུ་མི་འདྲ་བ་མེད་པའི་ཕྱིར། བུམ་པ་དང་ཐགས་
เล่ม ๑๐๓ · หน้า 285a
མཁན་ལྟ་བུ་སཱ་ལུའི་ས་བོན་དང་སཱ་ལུའི་མྱུ་གུ་ལ་མེད་ལ། དེ་སྐྱེད་པའི་ནུས་པ་ཡོད་པའི་ཕྱིར་དེ་ལྟར་དེ་ནི་རྒྱུ་ལ་སོགས་པ་ལ་འབྲས་བུ་ཡོད་པ་དང་མེད་པ་ཉིད་ཀྱི་བསམ་པ་སྤངས་ཏེ་རྒྱུ་ལས་འབྲས་བུ་སྐྱེའོ་ཞེས་པ་འདིས་རེ་ཞིག་སྐྱེ་བ་གྲུབ་པར་རྣམ་པར་འཇོག་གོ། །
སྐྱེ་བ་གྲུབ་པར་གནས་པས་འགག་པ་གྲུབ་པར་འགྱུར་ཏེ། གནས་པ་ལ་སོགས་པ་ནི་མིང་ཙམ་མ་ཡིན་པ་ཁོ་ནའོ། །སྐྱེ་བ་དང་གནས་པ་དང་འཇིག་པ་དང་ལྡན་པས་དངོས་པོ་རྣམས་རང་བཞིན་མེད་པ་མ་ཡིན་ཏེ། རང་གི་མཚན་ཉིད་དུ་ཡོད་པའི་ཕྱིར་རོ་ཞེ་ན། སྨྲས་པ། དེ་ལྟར་
སྨྲས་པ་དེ་ནི་གང་ཅུང་ཟད་ཙམ་སྟེ། ཅིའི་ཕྱིར་ན། གང་ཞིག་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་གྲུབ་པར་འདོད་ན། དེའི་རང་གི་མཚན་ཉིད་དེ། རྒྱུ་ལ་སོགས་པ་ལ་ཡོད་པའམ་མེད་པ་ཞིག །བརྟགས་པ་གསུམ་པ་ནི་མེད་ལ། གལ་ཏེ་ཡང་རྒྱུ་ནི་འབྲས་བུ་སྐྱེད་པའི་ནུས་པ་ཅན་དུ་ཡོད་
ན། དེ་ལྟ་ན་ཡང་རྒྱུ་ལ་འབྲས་བུའི་རང་གི་མཚན་ཉིད་ཡོད་པ་མ་ཡིན་ཏེ། དངོས་པོ་རྣམས་མ་བྱུང་བ་འབྱུང་བར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་སྐྱོན་དེ་ཉིད་ལས་ལོག་པ་མ་ཡིན་ནོ། །གཞན་ཡང་། ཡོད་པ་ཡོད་ཕྱིར་སྐྱེ་བ་མིན། །མེད་པ་མེད་ཕྱིར་མི་སྐྱེ་ལ། །ཆོས་
མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་པས་གནས་འགག་མེད། །གང་ཞིག་འདི་སྐད་དུ་སྨྲ་སྟེ། ཡོད་པ་དང་མེད་པའི་བསམ་པ་སྤངས་ནས་རྒྱུ་ལས་འབྲས་བུ་སྐྱེའོ་ཞེས་བྱ་སྟེ། འདིར་སྐྱེ་བ་གྲུབ་བོ་ཞེ་ན། དེ་ནི་མ་ཡིན་ཏེ། ཅིའི་ཕྱིར་ན་དངོས་པོར་སྨྲ་བའི་དངོས་པོ་རྒྱུ་མཚན་ནི་ཡོད་པ་དང་
མེད་པའོ། །ཅིའི་ཕྱིར་དེ་གཉིས་སུ་སྨྲ་བ་སྤངས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོང་པར་སྨྲ་བ་བཞིན་ནོ། །དེས་ན་གང་ཞིག་རྒྱུ་ལས་སྐྱེའོ་ཞེས་བརྗོད་ན། ཅི་དེ་ཡོད་པ་སྐྱེའམ། འོན་ཏེ་མེད་པ་སྐྱེ། གལ་ཏེ་རེ་ཞིག་ཡོད་ན། དེའི་ཚེ་འབྲས་བུ་དེ་ཡོད་པའི་དངོས་པོའི་ཕྱིར་རྟག་ཏུ་ཡོད་
བཞིན་པ་ལ་སྟེ། ཡོད་བཞིན་པའི་ཕྱིར་ད་ལྟ་བའི་རྣམ་པར་ཤེས་པ་བཞིན་སྐྱེ་བ་མ་ཡིན་ནོ་ཞེས་བྱ་སྟེ། དེ་ལྟར་རེ་ཞིག་ཡོད་པ་སྐྱེ་བར་མི་འགྱུར་ཏེ་ཡོད་པའི་ཕྱིར་རོ། །ཡང་ན་མེད་ན་མེད་བཞིན་པའི་རང་བཞིན་གྱི་འབྲས་བུ་ནི་དེ་ལྟ་ན་ཡང་མེད་པའི་ཕྱིར་འབྲས་བུ་རྟག་ཏུ་ཡོད་བཞིན་པ་མིན་ལ།
เล่ม ๑๐๓ · หน้า 285b
ཡོད་བཞིན་པ་མ་ཡིན་པའི་ཕྱིར་རི་བོང་གི་རྭ་བཞིན་སྐྱེ་བ་མེད་དོ། །དེ་ལྟ་ན་ཡང་གཉིས་ཀྱི་ཚུལ་གྱིས་སྐྱེ་བར་འགྱུར་རོ་ཞེ་ན། སྨྲས་པ། ཆོས་ནི་མི་མཐུན་ཕྱིར་ཡོད་མིན། །གང་ཞིག་འགལ་བའི་ཆོས་དེ་ནི་མི་མཐུན་པ་སྟེ། འགལ་བའི་ཆོས་ཀྱི་དངོས་པོ་ནི་ཆོས་མི་མཐུན་པའོ། །ཡོད་
པ་དང་མེད་པ་དག་ཕན་ཚུན་འགལ་བ་གང་ལ་དེ་ཡོད་པ་དེ་ཕན་ཚུན་འགལ་བའི་ཆོས་མི་མཐུན་པའི་དངོས་པོ་ལ་གང་ཞིག་སྐྱེ་བ་ཡོད་པ་མ་ཡིན་ནོ། །སྐྱེ་བ་ཡོད་ན་ཡོད་པར་འགྱུར་གྱི་སྐྱེ་བ་མེད་པ་ལ་གནས་པ་དང་འགག་པ་མི་འཐད་དོ་ཞེས་བྱ་སྟེ། གནས་པ་དང་སྐྱེ་བ་དང་འཇིག་པ་མེད་ཅིང་།
དེ་ལས་གནས་པ་ལ་སོགས་པའི་ཚིག་དོན་གྱིས་སྟོང་པར་གྲུབ་ལ། གནས་པ་དང་སྐྱེ་བ་དང་འཇིག་པ་དང་བྲལ་བའི་དངོས་པོ་རྣམས་རང་གི་མཚན་ཉིད་ཡོད་པར་ག་ལ་འགྱུར་ཞེས་བྱ་སྟེ། དངོས་པོ་རྣམས་མྱ་ངན་ལས་འདས་པ་དང་མཚུངས་པར་རང་བཞིན་མེད་པར་གྲུབ་བོ། །འདིར་སྨྲས་
པ། གལ་ཏེ་ཡང་དེ་ལྟར་ཡོད་པ་ལས་སྐྱེ་བའམ་མེད་པ་ལས་སྐྱེ་ཞེས་སྨྲ་བར་མི་ནུས་ཀྱང་དེ་ལྟ་ན་ཡང་སྐྱེའོ་ཞེས་བྱ་བ་འདི་ནི་རེ་ཞིག་སྐྱེ་བོ་བ་ལང་རྫི་མོའི་བར་ལ་གྲགས་པར་ཡོད་ལ། དེའི་ཕྱིར་སྐྱེ་བ་ལ་སོགས་པ་ཡོད་པའོ་ཞེས་བྱ་ལ་དེ་ཡོད་པས་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་དོ་ཞེ་
ན། སྨྲས་པ། གལ་ཏེ་བསྐྱེད་པ་ཞེས་བྱ་བ་གཟུགས་ལ་སོགས་པའི་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་ན་དེ་ལྟར་འགྱུར་ལ་འོན་ཀྱང་མེད་དེ་ཅིའི་ཕྱིར་ན་འདིར་བསྐྱེད་བྱ་ཅུང་ཟད་ཡོད་ན། དེ་སྐྱེད་པས་ཡོད་པར་འགྱུར་གྱི། བསྐྱེད་བྱ་ཅུང་ཟད་ཀྱང་མེད་ལ། སྐྱེས་པ་དང་མ་སྐྱེས་པ་དང་
སྐྱེ་བཞིན་པའི་བསྐྱེད་པ་མངོན་པར་འདོད་པ་རྣམས་ཀྱི་སྐྱེས་པ་དང་མ་སྐྱེས་པ་ང་སྐྱེས་བཞིན་པའི་བསྐྱེད་བྱ་ཉིད་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། སྐྱེས་པ་གང་ཞིག་བསྐྱེད་བྱ་མིན། །མ་སྐྱེས་དེ་ཡང་བསྐྱེད་བྱ་མིན། །སྐྱེས་པ་དང་ནི་མ་སྐྱེས་པའི། །སྐྱེ་བཞིན་
པ་ཡང་བསྐྱེད་བྱ་མིན། །དེ་ལ་རེ་ཞིག་སྐྱེས་པ་ནི་ཡོད་བཞིན་པའི་ཕྱིར་རོ། །ད་ལྟར་བ་བཞིན་བསྐྱེད་བྱ་མིན་ཏེ། སྐྱེ་བར་མི་རུང་བས་སོ། །ཡང་ན་བསྐྱེད་བྱ་དེ་དེ་ལྟར་ན་སྐྱེས་པ་མ་ཡིན་པ་དེ་སྐྱེ་བ་ལ་ལྟོས་པའི་ཕྱིར་རོ། །ཡང་ན་སྐྱེས་པ་ཡང་བསྐྱེད་བྱར་འགྱུར་ན། དེའི་ཚེ་
เล่ม ๑๐๓ · หน้า 286a
གྲུབ་པ་ལ་སྒྲུབ་པར་འགྱུར་ལ་ནམ་ཡང་བསྐྱེད་བྱ་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་སྟེ། དེ་ལྟར་རེ་ཞིག་སྐྱེས་པ་བསྐྱེད་བྱ་མིན་ནོ། །གང་མ་སྐྱེས་པ་དེ་དངོས་པོ་མ་ཐོབ་པའི་ཕྱིར་ཅིའི་ངོ་བོ་ཡང་མ་ཡིན་ལ་གང་ཞིག་ཅིའི་ངོ་བོ་ཡང་མ་ཡིན་པ་དེ་ནི་ངེས་པར་གཟུང་
བའི་ངོ་བོར་མེད་པའི་ཕྱིར་འདི་ཞེས་བྱ་བ་དེ་ལས་སྐྱེའོ་ཞེས་པའི་བྱེ་བྲག་བསྟན་དུ་མེད་པས་མ་སྐྱེས་པ་ཡང་བསྐྱེད་བྱ་མིན་ནོ། །གཞན་ཡང་གང་མ་སྐྱེས་པ་དེ་ལ་རྟེན་མེད་པས་སྐྱེ་བའི་བྱ་བ་འཇུག་པ་ཉིད་མི་སྲིད་དོ་ཞེས་བྱ་སྟེ། མ་སྐྱེས་པ་བསྐྱེད་བྱ་མིན་ནོ། །འདིར་སྨྲས་པ། མ་སྐྱེས་པ་
ཉིད་བསྐྱེད་བྱ་མིན་ལ་སྐྱེས་པ་ཐམས་ཅད་ཀྱང་མ་ཡིན་ནོ། །འོན་ཀྱང་གང་གིས་རྒྱུ་རྐྱེན་གྱི་ཚོགས་པ་ཉེ་བ་ལས་མ་སྐྱེས་པ་དེ་ཉིད་བསྐྱེད་པར་བྱ་བའོ་ཞེ་ན། སྨྲས་པ། དེ་སུ་ཞིག་གི །རྒྱུ་དང་རྐྱེན་གང་གིས་བསྐྱེད་པར་བྱ་བའི་འོ། །སླར་ཡང་སུ་ཞིག་གིས་བསྐྱེད་པར་བྱ་ན།
གང་དེའི་རྒྱུ་དང་རྐྱེན་གྱིས་སོ་ཞེས་བརྗོད་པ་ན་ཕན་ཚུན་བརྟེན་པ་ཐོབ་པར་འགྱུར་ན་ཕན་ཚུན་དག་མ་གྲུབ་པས་གཉི་ག་ཡང་མེད་པའི་ཕྱིར་མ་སྐྱེས་པ་བསྐྱེད་བྱ་མིན། ང་ནི་སྐྱེས་བཞིན་པ་ཡང་བསྐྱེད་བྱ་མིན་ཏེ། ཅིའི་ཕྱིར་ནི་སྐྱེ་བཞིན་པ་ནི་སྐྱེས་པ་དང་མ་སྐྱེས་པའི་ཕྱིར་འདིར་སྐྱེ་བཞིན་པ་
ཞེས་བྱ་བ་གང་ཞིག་ཅུང་ཟད་སྐྱེས་ལ་ཅུང་ཟད་མ་སྐྱེས་པའོ། །གང་དེའི་ཅུང་ཟད་སྐྱེས་པ་དེ་དེ་བཞིན་དུ་བསྐྱེད་བྱ་མ་ཡིན་ཏེ། བཤད་པའི་སྐྱོན་ཡོད་པའི་ཕྱིར་རོ། །གང་འདིའི་མ་སྐྱེས་པ་ཡང་བསྐྱེད་བྱ་མ་ཡིན་ཏེ། སྨོས་པའི་སྐྱོན་ཡོད་པའི་ཕྱིར་རོ། །སྐྱེས་པ་དང་མ་སྐྱེས་པ་ཞེས་པ་སྐྱེས་པ་
པ་དང་མ་སྐྱེས་པའི་ཕྱིར་རོ་ཞེས་པའི་དོན་ཏེ། དང་པོའི་མཐའ་ཅན་གྱི་གཏན་ཚིགས་སུ་བསྟན་པའི་ཕྱིར་དངོས་པོ་གཅིག་ལ་སྐྱེས་པ་དང་མ་སྐྱེས་པ་དུས་གཅིག་པ་མི་སྲིད་དོ་ཞེས་བྱ་སྟེ། དེ་ལྟར་གྱུར་པའི་དངོས་པོ་མི་སྲིད་པས་བསྐྱེད་བྱ་མ་ཡིན་པ་ཉིད་དོ། །གང་གི་ཚེ་དེ་ལྟར་སྐྱེས་པ་བསྐྱེད་
བྱ་མ་ཡིན་ལ་མ་སྐྱེས་པ་ཡང་བསྐྱེད་བྱ་མ་ཡིན་ཞིང་སྐྱེས་པ་དང་མ་སྐྱེས་པའི་སྐྱེ་བཞིན་པ་ཡང་བསྐྱེད་བྱ་མ་ཡིན་པས། དེའི་ཚེ་བསྐྱེད་བྱ་མེད་པས་འདི་དག་བསྐྱེད་པར་ག་ལ་འགྱུར་ཞེས་པ་དེ་ལྟར་འགྱུར་རོ། །གང་གི་ཚེ་བསྐྱེད་པ་ཞེས་བྱ་བ་དེ་ལ་མི་སྲིད་པ་དེའི་ཚེ་སྐྱེ་བ་མེད་དོ་ཞེས་བྱ་བ་གྲུབ་བོ། །
เล่ม ๑๐๓ · หน้า 286b
འདིར་སྨྲས་པ། གལ་ཏེ་བསྐྱེད་བྱ་མི་སྲིད་ཀྱང་དེ་ལྟ་ན་ཡང་འབྲས་བུ་སྐྱེད་བྱེད་ཀྱི་རྒྱུ་རེ་ཞིག་ཡོད་ལ། བསྐྱེད་བྱ་མེད་ན་སྐྱེད་བྱེད་ཀྱང་མི་རུང་ངོ་ཞེས་བྱ་སྟེ། དེས་ན་བསྐྱེད་བྱ་ཡང་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་ཏེ་སྐྱེད་བྱེད་ཀྱི་རྒྱུ་ཉིད་ཡོད་ན་བསྐྱེད་བྱ་ཡོད་པར་འགྱུར་ལ།
ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པས། འབྲས་བུ་ཡོད་ན་འབྲས་ལྡན་ལ། །དེར་མེད་གྱུར་ན་རྒྱུ་མེད་མཚུངས། །ཡོད་དང་མེད་པ་ན་ཡང་འགལ། །དུས་གསུམ་དུ་ཡང་འཐད་མ་ཡིན། །འདིར་ཡོད་བཞིན་པའི་མཉམ་པའི་ས་བོན་དང་ལྕགས་སྲེག་གི་གོང་བུ་ལ་སོགས་
པ་ལ། མྱུ་གུའི་རྒྱུར་རྣམ་པར་མི་འཇོག་སྟེ། མི་རུང་བའི་ཕྱིར། ས་བོན་ལ་རྣམ་པར་འཇོག་སྟེ་མྱུ་གུ་ཞེས་བྱ་བའི་འབྲས་བུ་དང་ལྡན་པའི་ཕྱིར་རོ། །དེ་ནི་འདི་ལྟར་འབྲས་བུ་དང་འབྲེལ་པ་མེད་པའི་ཕྱིར་རྒྱུ་མ་ཡིན་ལ། ལྡན་པའི་སྒྲ་འདི་ནི་རྒྱུའི་རྗོད་བྱེད་དུ་འཆད་ན། གྱུར་ན་ཞེས་
ཁ་བསྐང་ངོ་། །དེས་ན་འབྲས་བུ་ཡོད་ན་འབྲས་བུ་དང་ལྡན་པར་འགྱུར་རོ་ཞེས་བྱ་སྟེ། འབྲས་བུ་ཡོད་ན་རྒྱུར་འགྱུར་རོ་ཞེས་པའི་དོན་ཏོ། །གཞན་དུ་གལ་ཏེ་འབྲས་ལྡན་གྱི་སྒྲས་ཁྱད་པར་དུ་བྱས་པར་མ་གྱུར་ན། དེའི་ཚེ་འདི་སུའི་ཁྱད་པར་ཡིན་པས་གཟུང་བར་མ་གྱུར་པས་སུ་ཞིག་
འབྲས་བུ་དང་ལྡན་ཞེས་བྱའོ། །དེ་ལས་ཀྱང་དོན་མ་ཚང་བར་འགྱུར་ཏེ། རྒྱུའི་རྗོད་བྱེད་ལ་འབྲས་ལྡན་གྱི་སྒྲའི་དོན་མ་ཚང་བར་འགྱུར་རོ། །ཡང་ན་འདི་ནི་རྒྱུ་མེད་མཚུངས། །ཞེས་བརྗོད་པའི་ཤུགས་ལས་དོན་གྱིས་ཐོབ་ན། དེ་ལྟ་ན་ཡང་འགྲོ་བ་པོ་མ་ཡིན་པ་མི་འགྲོའོ་ཞེས་པ་
འདིའི་རྒྱུའི་སྒྲས་བརྗོད་པའི་ཤུགས་གང་ཞིག་ལས་དོན་གྱིས་ཐོབ་པར་རིགས་ཀྱི་གཞན་མ་ཡིན་ལ། རྒྱུའི་སྒྲའི་རྣམ་གྲངས་ཉེ་བར་ལེན་པར་བརྗོད་ཀྱི་ཤུགས་ཀྱིས་ཐོབ་པར་མ་བཤད་དོ་ཞེས་བྱའོ། །དེ་ལྟར་ཡིན་ན་ཡང་དེ་ལྟ་ན་ཡང་སྐྱོན་ཅི་ཡང་མེད་དེ་བཤད་པ་ལས་བྱེ་བྲག་བསྒྲུབ་
པར་བྱའོ། །དེ་ལ་ལྔ་པོ་ད་ལྟར་བའི་འབྲས་བུ་འཛིན་ཅིང་། གཉིས་ནི་ད་ལྟར་བ་སྐྱེད་པར་བྱེད་ལ་ད་ལྟར་བ་དང་འདས་པ་ལ་ནི་གཉིས་ཀྱིས་སོ། །གཅིག་ནི་འདས་པས་བསྐྱེད་དོ་ཞེས་ཆོས་མངོན་པ་ལས་རྣམ་པར་གཞག་པའི་ཕྱིར། ལྷན་ཅིག་འབྱུང་བ་དང་སྐལ་བ་མཉམ་པ་དང་
เล่ม ๑๐๓ · หน้า 287a
མཚུངས་པར་ལྡན་པ་དང་ཀུན་དུ་འགྲོ་བ་དང་རྣམ་པར་སྨིན་པ་ཞེས་བྱ་བའི་རྒྱུ་ལྔ་ད་ལྟར་བའི་གནས་སྐབས་ཉིད་ན་འབྲས་བུ་འཛིན་ཏེ། འབྲས་བུ་མ་བཟུང་ན་མ་འོངས་པའི་དངོས་པོ་བསྐྱེད་མི་ནུས་པའི་ཕྱིར་ན་རྒྱུའི་དངོས་པོ་ལ་གནས་སོ། །འབྲས་བུ་ཡང་འགའ་ཞིག་ད་ལྟར་བ་ཉིད་དུ་
སྐྱེད་དེ་འདི་ལྟ་སྟེ། ལྷན་ཅིག་འབྱུང་བའི་རྒྱུ་དང་སྐལ་བ་མཉམ་པའི་རྒྱུ་དག་གི་སྐྱེས་བུ་བྱེད་པའི་འབྲས་བུ་བཞིན་ནོ། །འགའ་ཞིག་ད་ལྟར་བ་དང་འདས་པ་སྟེ། འདི་ལྟ་སྟེ་སྐལ་བ་མཉམ་པའི་རྒྱུ་དང་ཀུན་དུ་འགྲོ་བའི་རྒྱུ་དག་གི་རྒྱུ་མཐུན་པའི་འབྲས་བུའོ། །འདས་པའི་དངོས་
པོས་བསྐྱེད་དོ་ཞེས་པ་ནི་གསལ་ལོ། །ད་ལྟར་བ་ནི་དེ་མ་ཐག་ཏུ་རྫོགས་པའི་ཕྱིར་འབྲས་བུ་བསྐྱེད་པའོ། །འབྲས་བུ་སྐྱེས་པ་ན་དེ་དག་ཀྱང་འདས་པ་འབྲས་བུ་བསྐྱེད་པའི་ཕྱིར་སླར་ཡང་འབྲས་བུ་སྐྱེད་པ་མ་ཡིན་ལ། ད་ལྟར་བསྐྱེད་པའི་འབྲས་བུ་སླར་བསྐྱེད་པར་མི་ནུས་སོ། །
རྣམ་པར་སྨིན་པའི་རྒྱུ་ནི་འདས་པ་ཉིད་ཀྱིས་འབྲས་བུ་འབྱིན་ཏོ། །གང་གི་ཚེ་དེ་ལྟར་རྒྱུ་རྣམས་འབྲས་བུ་འཛིན་པ་དང་སྐྱེད་པའི་འབྲེལ་པ་བྱས་པས་རྒྱུ་ཉིད་ལ་དེའི་ཚེ་འབྲས་བུ་ཡོད་ན་དེ་དང་འབྲེལ་བའི་རྒྱུ་ནི་རྒྱུ་ཉིད་དུ་འཐད་ཀྱི་མེད་པ་ལ་ནི་མ་ཡིན་ནོ། །གང་ཡང་རྒྱུ་རྣམས་རྒྱུ་ཉིད་དུ་
གྲུབ་པའི་དོན་དུ་འབྲས་བུ་ཡོད་པར་ཁས་ལེན་པ་དེའི་ཚེ་འབྲས་བུ་ཡོད་བཞིན་པ་ལ་རྒྱུས་ཅི་ཞིག་བྱ། གང་གི་དོན་དུ་རྒྱུ་ཡོངས་སུ་ཚོལ་བ་དེའི་འབྲས་བུ་ཡོད་པ་ཉིད་ན་རྒྱུས་དགོས་པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱའོ། །ཡང་ན་འབྲས་བུ་འདིའི་རྒྱུ་འདིའོ་ཞེས་པ་རྣམ་པར་གཞག་པའི་དོན་
དུ་འབྲས་བུ་ཡོད་བཞིན་པའི་རྒྱུ་འདོད་པ་དེ་ཡང་མི་འཐད་དེ། ཅིའི་ཕྱིར་ན་འདིར་འབྲས་བུ་ཡོད་པར་ཁས་བླངས་པ་ལ་དགོས་པ་མེད་པས་རྒྱུ་མེད་པ་ཉིད་དུ་གྲུབ་པར་འདོད་པ་དང་། རྒྱུ་མེད་ན་འབྲས་བུ་ཡོད་པ་ཉིད་སེལ་བ་དང་ཕན་ཚུན་བརྟེན་པས་བསལ་བར་འགྱུར་བས་རྒྱུ་དང་
འབྲས་བུ་འདིའི་རྒྱུ་འདིའོ་ཞེས་མི་འཐད་དོ། །དེས་ཀྱང་འབྲས་བུ་འདིའི་རྒྱུ་འདིའོ་ཞེས་རྣམ་པར་གཞག་པར་དོན་དུ་འབྲས་བུ་ཡོད་བཞིན་པའི་རྒྱུ་འདོད་པ་དེ་ནི་མི་རིགས་ཏེ། ཇི་སྲིད་དེའི་འབྲས་བུ་མ་རྫོགས་པ་དེ་སྲིད་དུ་དངོས་པོ་འགའ་ཞིག་རྒྱུའི་རྣམ་པར་གཞག་པ་མེད་པར་འགྱུར་བས་
เล่ม ๑๐๓ · หน้า 287b
འབྲས་བུ་དོན་དུ་གཉེར་བའི་འཇིག་རྟེན་པ་སུ་ཞིག་ཉེ་བར་ལེན་པ་དང་སྤོང་བ་ལ་འཇུག་པར་འགྱུར། འབྲས་བུ་དོན་དུ་གཉེར་བ་རྣམས་ཀྱིས་སྔར་རྒྱུ་ཉེ་བར་ལེན་ཅིང་རྒྱུ་མ་ཡིན་པ་ཡོངས་སུ་སྤངས་ནས་འཇུག་པར་འགྱུར་རོ་ཞེ་ན། འདི་དག་ནི་ཅུང་ཟད་ཙམ་སྟེ།
དེ་ནི་འབྲས་བུ་ཡོད་ན་རྒྱུས་དགོས་པ་ཅུང་ཟད་ཀྱང་མེད་དོ། །ཡང་ན་དེའི་རྒྱུས་དགོས་པ་ཡོད་དོ་ཞེ་ན། དེ་ལྟ་ན་ཡང་དེ་ནི་ཡོད་པ་མ་ཡིན་ཏེ། སྐྱེས་པ་སླར་ཡང་མི་སྐྱེ་བས་ཐུག་པ་མེད་པའི་སྐྱོན་དང་། སྐྱེ་བ་དོན་མེད་པའི་ཕྱིར་རོ་ཞེས་བྱ་སྟེ། སྐྱེ་ལྟར་དེ་བཞིན་དུ་འབྲས་བུ་
ཡོད་པ་ནི་རྒྱུ་འཐད་པ་མ་ཡིན་ནོ། །ཡང་ན་ཇི་སྐད་སྨོས་པའི་སྐྱོན་བསལ་བའི་དོན་དུ་མེད་པ་འབྲས་བུ་འདོད་ན། དེ་ལྟ་ན་ཡང་། དེར་མེད་ན་ཡང་རྒྱུ་མེད་མཚུངས། །ཞོ་ཞེས་བྱ་བ་འབྲས་བུ་ཡོད་ན། འོ་མ་ནི་དེའི་རྒྱུ་ལ་ཆུ་ནི་མ་ཡིན་ནོ་ཞེས་རིགས་པར་འགྱུར་ཏེ། འབྲས་བུ་ལྡན་པ་དང་མི་ལྡན་པའི་ཕྱིར་
རོ། །གང་དུ་དེའི་འབྲས་བུ་ཞོ་ཞེས་བྱ་བ་མེད། དེའི་ཚེ་ཞོ་ཞེས་བྱ་བ་འོ་མའི་འབྲས་བུ་ལ་ཆུ་ལ་སོགས་པ་ནི་རྒྱུ་མ་ཡིན་པ་དང་འོ་མ་རྒྱུ་ཡིན་པ་དག་ཁྱད་པར་མེད་པའི་ཕྱིར་འོ་མ་ལ་སོགས་པ་ལ་ཞོ་མི་སྐྱེ་བར་འགྱུར་ཏེ། རྒྱུ་མེད་པ་དང་མཚུངས་པའི་ཕྱིར་རོ། །དེ་ལྟར་འབྲས་བུ་མེད་ན་དེ་
ལ་རྒྱུ་ཡང་མེད་དོ། །ཡང་ན་འདི་སྙམ་དུ་ཡོད་པ་དང་མེད་པའི་འབྲས་བུའི་རྒྱུ་ཡོད་དོ་ཞེ་ན། སྨྲས་པ། ཡོད་དང་མེད་པ་ན་ཡང་འགལ་ཏེ། འབྲས་བུ་གཅིག་ལ་ཡོད་པ་དང་མེད་པ་ཕན་ཚུན་འགལ་བའི་ཕྱིར་མི་སྲིད་དོ་ཞེས་བྱ་སྟེ། དེ་ལྟ་བུའི་འབྲས་བུ་ཡོད་པ་མ་ཡིན་པ་ཉིད་དོ། །
དེ་མེད་ན་འབྲས་བུ་ཡོད་བཞིན་པ་མ་ཡིན་ལ། འབྲས་བུ་ལ་ལྟོས་པ་མེད་པའི་རྒྱུ་ནམ་ཡང་ག་ལ་ཞིག་ཅེས་པས་ཇི་སྐད་དུ་སྨོས་པའི་རིགས་པས་དུས་གསུམ་དུ་འབྲས་བུའི་རྒྱུ་འཐད་པ་མ་ཡིན་ནོ་ཞེས་བྱ་སྟེ་རྒྱུ་མེད་དོ། །དེ་ཉིད་ཀྱིས་ན་གསུངས་པ། དུས་གསུམ་དུ་ཡང་འཐད་མ་ཡིན། །ཞེས་བྱའོ། །
དེ་ལ་འབྲས་བུ་ཡོད་པའི་རྒྱུ་འདོད་ན་སྔར་འབྲས་བུ་ལ་ཕྱིས་ནི་རྒྱུའོ་ཞེས་ཐོབ་པར་འགྱུར་ཏེ། སློབ་མ་དང་སློབ་དཔོན་བཞིན་ནོ། །འབྲས་བུ་མེད་ན་སྔར་ནི་རྒྱུ་ལ་ཕྱིས་ནི་འབྲས་བུའོ་ཞེས་ཐོབ་པར་འགྱུར་ཏེ་ཞོ་དང་འོ་མ་བཞིན་ནོ། །ཡོད་པ་དང་མེད་པའོ་ཞེ་ན། ད་ལྟ་བ་ལ་རྒྱུ་དང་འབྲས་
เล่ม ๑๐๓ · หน้า 288a
བུ་དག་འཐོབ་པར་འགྱུར་ཏེ། སྐྱེ་བཞིན་པ་ནི་ཡོད་པ་དང་མེད་པའི་ངོ་བོའི་ཕྱིར་རོ། །དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་རྒྱུ་མི་འཐད་པར་གཟིགས་ནས་གསུངས་པ། དུས་གསུམ་དུ་ཡང་འཐད་མ་ཡིན། །ཞེས་སོ། །ཡང་ན་དུས་གསུམ་དུ་ཡང་འཐད་མ་ཡིན། །
ཞེས་པའི་ཡང་གི་སྒྲ་ནི་ཕྱི་བར་བལྟའོ། །དེ་ལ་རྒྱུ་ནི་འདས་པ་དང་ད་ལྟར་དང་མ་འོངས་པ་ཉིད་ཀྱིས་ན་དུས་གསུམ་ལ་འབྲས་བུ་ཡང་དུས་གསུམ་མོ། །འབྲས་བུ་རེ་རེ་ལ་ཡང་དུས་གསུམ་དུ་ཡང་རྒྱུ་མི་སྲིད་དོ། །ཇི་ལྟར་བསྟན་པའི་རིགས་པས་ཞེས་གསུངས་པ། དུས་གསུམ་
རྣམས་སུ་འཐད་མ་ཡིན། །ཞེས་བྱའོ། །དེ་སྐད་དུ་ཡང་རྩ་བའི་རབ་བྱེད་ཉི་ཤུ་པར། འདས་པའི་འབྲས་བུ་འདས་པ་ཡི། །རྒྱུ་དང་ལྷན་ཅིག་མ་ཡིན་ལ། །མ་སྐྱེས་པ་དང་མ་སྐྱེས་པ། །ནམ་ཡང་ལྷན་ཅིག་ཡོད་མ་ཡིན། །མ་སྐྱེས་པ་ཡི་འབྲས་བུ་དང་། །མ་སྐྱེས་རྒྱུ་དག་ལྷན་ཅིག་
མིན། །འདས་པ་དང་ནི་མ་སྐྱེས་པ། །ནམ་ཡང་ལྷན་ཅིག་ཡོད་མ་ཡིན། །མ་སྐྱེས་པ་ཡི་འབྲས་བུ་དང་། །སྐྱེས་པའི་རྒྱུ་དག་ལྷན་ཅིག་མིན། །མ་སྐྱེས་པ་དང་མ་འགགས་པ། །ལྷན་ཅིག་ནམ་ཡང་མ་ཡིན་ནོ། །ཞེས་གང་གི་ཆོས་འདི་ལྟར་དཔྱད་ན་རྒྱུ་མི་སྲིད་པ་དེའི་ཚེ་རྒྱུ་མེད་
ན། དེས་བསྐྱེད་བྱ་འབྲས་བུ་མེད་ལ། བསྐྱེད་བྱ་འབྲས་བུ་མེད་པས་སྐྱེ་བ་མེད་པ་གྲུབ་བོ་ཞེས་བྱའོ། །འདིར་སྨྲས་པ། རྒྱུའི་གྲངས་ཉེ་བར་བསྟན་པ་ཡོད་པའི་ཕྱིར་ཡོད་པ་ཉིད་དེ། ཡོད་པ་མ་ཡིན་པའི་རུས་སྦལ་གྱི་སྤུ་ལ་གྲངས་ཉེ་བར་སྟོན་པ་མ་ཡིན་ལ་རྒྱུའི་གྲངས་ཉེ་བར་
བསྟན་པའི་ཕྱིར། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་དུ་འགྲོ་དང་རྣམ་སྨིན་རྒྱུ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་ཆོས་མངོན་པ་ལས་སོ། །མདོ་ལས་ཀྱང་གསུངས་པ། ཆོས་གཅིག་ནི་ཁྱད་པར་གྱི་སྐལ་བ་ཅན་
ཏེ། གང་ཚུལ་བཞིན་ཡིད་ལ་བྱེད་པའོ། །རྒྱུ་དང་རྐྱེན་གཉིས་ཀྱིས་ཡང་དག་པའི་ལྟ་བ་བསྐྱེད་པ་སྟེ། ནང་གི་བདག་ཉིད་ཀྱིས་ཚུལ་བཞིན་ཡིད་ལ་བྱེད་པ་དང་། གཞན་ལས་རྗེས་སུ་མཐུན་པའི་སྒྲའོ། །ཆོས་གསུམ་ནི་མང་པོ་བྱེད་པ་སྟེ། སྐྱེས་བུ་དམ་པ་བསྟེན་
เล่ม ๑๐๓ · หน้า 288b
པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་སོ། །སྨྲས་པ། གལ་ཏེ་རྒྱུ་ཡོད་ན། དེའི་གྲངས་ཡོད་པ་ཉིད་ལ། ཡོད་པ་མ་ཡིན་ཏེ། ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ། གཅིག་མེད་པར་ནི་མང་པོ་དང་། །མང་པོ་མེད་པར་
གཅིག་མི་འཇུག །དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་བའི། །དངོས་པོ་མཚན་མ་མེད་པ་ཡིན། །འདིར་ཐ་དད་པ་རྣམས་སུ་བགྲང་བའི་བརྡ་ལ་འཇིག་རྟེན་དུ་གྲངས་ཞེས་རྣམ་པར་འཇོག་སྟེ། ཐ་དད་པ་འདི་རྣམས་བགྲང་བར་བྱེད་རྩི་བར་བྱེད་དོ་ཞེས་བྱས་ནས་གྲངས་དེ་ཡང་གཅིག་
དང་གཉིས་དང་མང་པོ་ལ་སོགས་པས་སོ། །དེ་ལ་གང་འདིའི་གཅིག་གི་གྲངས་ལས་བགྲང་བྱ་གཅིག་ཏུ་རྣམ་པར་འཇོག་ལ། དེ་བཞིན་དུ་གཉིས་ཀྱི་གྲངས་ཀྱིས་གཉིས་ཀྱི་དངོས་པོ་ལ། མང་པོའི་གྲངས་ཀྱིས་མང་པོའི་དངོས་པོའོ། །དེ་ལ་གང་ཞིག་གཅིག་མང་པོའི་དངོས་པོ་
ལ་མི་ལྟོས་པར་འགའ་ཞིག་གྲུབ་པར་འགྱུར་ན་གཅིག་གི་གྲངས་སུ་འགྱུར་ལ། མང་པོ་ལ་མ་ལྟོས་པར་གཅིག་གི་དངོས་པོའི་རང་གི་ངོ་བོ་གྲུབ་པ་མེད་དོ། །དེ་ལ་གང་རེ་ཞིག་བདག་ཉིད་དང་བཅོ་ལྔའི་ཆོས་སྐྱེ་བ་དེ་རྣམས་ཆོས་བཅོ་ལྔ་ལ་མ་ལྟོས་པའི་གཅིག་གི་ཆོས་ནི་མེད་དོ། །
གཞན་ཡང་གལ་ཏེ་འདིའི་གཟུགས་ཅན་གྱི་དངོས་པོ་གཅིག་འདོད་ན། དེ་འདོད་པའི་ཁམས་སུ་རྫས་བརྒྱད་ཀྱི་བདག་ཉིད་ལ། དབང་པོ་ལས་འདས་པའི་ཕྱིར་ཞེས་པའི་ངེས་པ་ལས་སྒྲའི་རྡུལ་ཕྲ་རབ་ནི་མ་ཡིན་ནོ། །རྫས་བདུན་ལ་མ་ལྟོས་པར་རང་གི་ངོ་བོ་གྲུབ་པ་མེད་དོ། །
ཡང་ན་གལ་ཏེ་གཟུགས་ཁམས་སུ་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ལ། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཞེས་པའི་ངེས་པ་ལས་ཐམས་ཅད་བསྡུས་ན་རྫས་བཅུ་གཅིག་གི་བདག་ཉིད་ལ་ལྟོས་སོ། །ཡང་ན་ལྡན་པ་མ་ཡིན་པ་རྣམས་ཀྱི་སྟེ། དེ་ལ་
ཡང་། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་པའི་ངེས་པ་ལས་དེ་དེ་ལྟར་མང་པོ་ལ་ལྟོས་པར་དངོས་པོ་གཅིག་མེད་ལ། གང་གི་ཚེ་འདི་ལྟར་མང་པོ་ལ་མ་ལྟོས་པར་དངོས་པོ་གཅིག་མེད་པ་དེའི་ཚེ། དངོས་པོ་གཅིག་པུ་འགྲུབ་པར་
เล่ม ๑๐๓ · หน้า 289a
མི་འགྱུར་ན། གཅིག་བསགས་པ་ག་ལ་ཞིག །གཅིག་བསགས་པ་མེད་ན་མང་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་སྟེ། མང་པོ་ཡང་མེད་དོ། །ཇི་སྐད་དུ་འཕགས་པ་ལས། དངོས་པོ་གང་གང་རྣམ་བརྟགས་ན། །དེ་དང་དེ་ལ་གཅིག་མེད་ལ། །གང་དུ་
གཅིག་ཀྱང་མེད་པ་ན། །གང་དུ་མ་འོངས་ཡོད་མ་ཡིན། །ཞེས་སོ། །གང་གི་ཚེ་དེ་ལྟར་དངོས་པོ་མང་པོ་ལ་མ་ལྟོས་པར་དངོས་པོ་གཅིག་མེད་པ་དེའི་ཚེ། དངོས་པོ་གཅིག་མེད་པ་ལ་མང་པོ་འཐད་པ་མ་ཡིན་ནོ། །གང་གི་ཚེ་ཡང་དངོས་པོ་གཅིག་མེད་པར་གྱུར་ན་མང་པོ་མི་
འཐད་པ་དེའི་ཚེ་མང་པོ་མེད་པས་དེ་དང་འབྲེལ་པ་ལས་བྱུང་བའི་གཅིག་ཀྱང་མེད་དོ་ཞེས་གསུངས་པ། མང་པོ་མེད་པར་གཅིག་མི་འཇུག །ཅེས་བྱ་བ་ལ། མང་པོ་མེད་ན་གཅིག་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །གང་དུ་གཅིག་ལ་གཅིག་གམ་མང་པོའི་དངོས་པོ་མེད་པ་དེ་ལ་གཅིག་
གི་གྲངས་སམ་མང་པོ་ཉིད་ཀྱི་གྲངས་ག་ལ་འཇུག་བྱ་བ་སྟེ། དེས་ན་གྲངས་མེད་ལ། གྲངས་མེད་ན་ཡང་གྲངས་སྲིད་པའི་རྒྱུ་མཚན་གྱིས་གྲུབ་པའི་རྒྱུ་མི་འགྲུབ་བོ། །འདིར་སྨྲས་པ། གལ་ཏེ་གཅིག་མེད་ན་དེ་ལ་གཅིག་གི་ཐ་སྙད་མི་འབྱུང་ན། བུམ་པ་གཅིག་ཅེས་པ་དང་།
གལ་ཏེ་མང་པོ་མེད་ན་དེའི་ཚེ་མང་པོའི་ཐ་སྙད་མེད་པར་འགྱུར་ན། བུམ་པ་མང་པོ་ཞེས་སོ། །སྨྲས་པ། སུ་ཞིག་དེ་སྐད་སྨྲ། གཅིག་མེད་ཅིང་མང་པོ་མེད་དོ་ཞེས་བྱ་བ། ཁོ་བོས་གཅིག་དང་མང་པོའི་དངོས་པོའི་ངོ་བོ་གྲུབ་པ་བཀག་ལ། གང་ལས་དེ་རྣམས་ཀྱི་རང་གི་ངོ་བོ་གྲུབ་
པ་མེད་པ། དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་བའི། །དངོས་པོ་མཚན་མ་མེད་པ་ཡིན། །གང་ཁོ་ན་དེ་རྣམས་ཀྱི་ངོ་བོ་མ་གྲུབ་པ་དེ་ཉིད་ཀྱིས་ན་དངོས་པོ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བར་འགྱུར་རོ། །རང་བཞིན་ཡོད་པ་རྣམས་སྐྱེ་བ་དོན་མེད་པའི་ཕྱིར། རང་བཞིན་མ་གྲུབ་པའི་
གཟུགས་བརྙན་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉེ་བར་ཐོབ་ལ། དེ་ཉིད་ཀྱིས་ན་ཆོས་ཐམས་ཅད་མཚན་མ་མེད་པ་དང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་གྲུབ་པའམ། རང་བཞིན་མེད་པས་ཕན་ཚུན་དུ་བྱེ་བྲག་ཡོངས་སུ་མ་བརྟགས་པས་མཚན་མ་མེད་པ་སྟེ།
เล่ม ๑๐๓ · หน้า 289b
དངོས་པོ་ཐམས་ཅད་བྱེ་བྲག་མེད་པས་གཅིག་གི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་ཡང་མཚན་མ་མེད་པ་སྟེ། རྣམ་པར་ཤེས་པ་ནི་མཚན་མ་ལ་དམིགས་པའི་ཕྱིར་ན། རྣམ་པར་ཤེས་པའི་དམིགས་པ་གཞན་ལས་ཁྱད་པར་འགའ་
ཞིག་གིས་ཁྱད་པར་དུ་གྱུར་པའི་རང་གི་དམིགས་པ་ལ་འཇུག་བཞིན་པས་འཇུག་པར་འགྱུར་གྲང་ན། དེ་ཡང་ཁྱད་པར་གྱི་དམིགས་པའི་རང་བཞིན་མེད་པས་མེད་དོ་ཞེས་བྱ་སྟེ། འདི་ཉིད་ཀྱིས་ན་རྣམ་པར་ཤེས་པའི་ཡུལ་མ་ཡིན་པས་དངོས་པོ་མཚན་མ་མེད་པའོ་ཞེས་བྱའོ། །གཞན་
དག་ནི་གཞན་དུའང་སྨྲ་སྟེ། འདིར་ངེས་པར་ཐ་སྙད་ཀྱི་དོན་དུ་དོན་ལ་མིང་དག་འཇུག་ལ། དེ་རྣམས་ཀྱང་ཕན་ཚུན་དུ་རང་ལས་གཞན་པའི་མིང་རྣམ་པར་གཅད་པའི་སྒོ་ནས་རང་གིས་རྟོགས་པར་བྱེད་ལ། མང་པོ་ཡོད་ཀྱང་དེ་དག་རྣམ་པར་གཅད་པའི་དོན་དུ་གཅིག་ཅེས་བྱ་བའི་ཚིག་འཐད་ལ།
དེ་ཡང་གཞན་མེད་ན་འདིས་ཅི་ཞིག་རྣམ་པར་གཅད་པར་བྱ་ཞེས་བྱ་སྟེ། སྦྱོར་བར་མི་བྱེད་པར་ཐལ་ལོ། །མིང་གི་རང་བཞིན་ལས་གཞན་པའི་གཅིག་གི་གྲངས་འགའ་ཞིག་ཡོད་པ་མ་ཡིན་ཏེ། དགྲ་དེ་ལས་མ་གྲོལ་ལོ་ཞེས་བྱ་བ་ལྟ་བུ་ལ་སོགས་པ་ཡུལ་གཞན་དུ་བརྗོད་པའི་ཐ་སྙད་ལས་དེ་
དག་འདི་ལྟར་མང་པོ་དང་འབྲེལ་པ་དང་མང་པོའི་རྒྱུ་མཚན་གྱིས་མང་པོ་ལས་གཞན་དུ་གཅིག་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ། གཞན་ལ་རག་ལས་པས་རང་བརྒྱུད་པ་མ་ཡིན་ལ། རང་བརྒྱུད་པ་མ་ཡིན་པའི་ཕྱིར་ཡོངས་སུ་མ་གྲུབ་པའོ། །དེ་བཞིན་དུ་གྲངས་ཅིག་ཤོས་ཀྱང་ཤེས་
པར་བྱའོ། །གལ་ཏེ་དེ་ལྟར་གྲངས་མི་འཐད་ན་གཅིག་དང་གཉིས་དང་མང་པོ་ལ་སོགས་པའི་ཐ་སྙད་ཇི་ལྟར་འདོགས་ཤེ་ན། དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་གི། །དངོས་པོ་མཚན་མ་མེད་པ་ཡིན། །འདི་སྐད་ཅེས་སྨྲས་པར་འགྱུར་ཏེ། གང་གི་ཕྱིར་དེ་ལྟར་ཕན་ཚུན་ལྟོས་པའི་ཕྱིར་ན་གཅིག་
གམ་མང་པོ་ལ་རང་གི་མཚན་ཉིད་མི་གནས་པ་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པ་ཐམས་ཅད་ལ་དེ་ལྟར་དངོས་པོ་མཚན་ཉིད་མེད་པའོ། །ཇི་ལྟར་ཐགས་ཀྱི་ཡོན་ཏན་གྱི་མཚན་ཉིད་པས་ཐགས་ཉིད་ལ་མ་གྲུབ་ཀྱང་། ཉེ་བར་བརྟེན་ནས་སྣམ་བུ་ཉིད་དུ་བཏགས་ལ།
เล่ม ๑๐๓ · หน้า 290a
དེ་བཞིན་དུ་དོན་དམ་པར་གཅིག་མེད་ཀྱང་དེ་ལ་བརྟེན་ནས་མང་པོའི་ཐ་སྙད་བྱེད་ལ། མང་པོ་མ་གྲུབ་ན་ཡང་དེ་ལ་བརྟེན་ནས་གཅིག་གི་ཐ་སྙད་འདོགས་ལ། དོན་དམ་པར་ནི་མཚན་མ་མེད་པས་དངོས་པོའི་མཚན་མ་མེད་པ་ཞེས་བྱའོ། །མཚན་མ་མེད་པ་ཉིད་པས་
མཚན་མ་མེད་ལ། དངོས་པོ་ཉིད་དུ་ཐ་སྙད་པའི་བློས་མཚན་མར་བྱས་པས་མཚན་མ་ཞེས་བྱ་སྟེ། དེ་ཡང་ཡོངས་སུ་མ་གྲུབ་པ་ཉིད་པས་མཚན་མ་མེད་པ་ཞེས་བྱའོ། །འདིར་སྨྲས་པ། གལ་ཏེ་ཁྱོད་ཀྱིས་དེ་ལྟར་གྲངས་བཀག་པས་རྒྱུ་མེད་པར་བསྒྲུབས་ན། ཁོ་ན་དེ་ལྟར་
གྱུར་ན་ཁྱོད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཐོབ་པར་མི་འགྱུར་ཏེ། ཇི་ལྟར་ཞེ་ན། འདི་ལྟར་འདིར་རྒྱུ་ལ་བརྟེན་ནས་འབྲས་བུ་གང་ཞིག་སྐྱེ་བ་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ཡང་རྒྱུ་མེད་པར་བསྒྲུབས་པས་གནོད་པར་འགྱུར་ལ། དེ་ལ་གནོད་པ་ཡང་རུང་བ་མ་ཡིན་ཏེ། དེ་
མཐོང་བས་ཆོས་མཐོང་བར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ལ། གང་གིས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པའི་ཕྱིར་
སྐྱེད་བྱེད་ཀྱི་རྒྱུ་ཡོད་དོ་ཞེ་ན། སྨྲས་པ། རྒྱུ་ལ་བརྟེན་ནས་འབྱུང་བར་བརྟགས་པ་ནི་རུང་གི་རྒྱུ་མེད་པ་ལ་ནི་མ་ཡིན་ནོ། །འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བར་བརྟགས་པ་མི་འཐད་དེ། བདག་གི་ཕྱིར། རྟེན་འབྱུང་ཡན་ལག་བཅུ་གཉིས་གང་། །སྡུག་བསྔལ་འབྲས་
ཅན་དེ་མ་སྐྱེས། །སེམས་གཅིག་ལ་ཡང་མ་ཡིན་ཞིང་། །དུ་མ་ལ་ཡང་དེ་མ་ཡིན། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་ནས་རྒ་ཤིའི་མཐར་ཐུག་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་སུ་གསུངས་ལ། དེ་ཡང་རྟེན་ཅིང་འབྲེལ་
པར་འབྱུང་བ་འདིའི་འབྲས་བུ་སྡུག་བསྔལ་ཏེ། སྡུག་བསྔལ་ནི་འདིའི་འབྲས་བུ་ཞེས་བྱ་བས་སྡུག་བསྔལ་འབྲས་ཅན་ལ། གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་རྣམ་པར་གཞག་པའི་ཕྱིར། ཡན་ལག་བཅུ་གཉིས་པོ་འདི་རྣམས་ནི་རྟག་པའོ། །མི་རྟག་པའི་ཕྱིར་
เล่ม ๑๐๓ · หน้า 290b
གནོད་པའི་བདག་ཉིད་ཅན་ལ། གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ། །དེ་ཉིད་ཀྱིས་ན་གསུངས་པ། འདི་ལྟར་འདི་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་སོ། །གང་ཞིག་བྱས་པ་དེ་མི་རྟག་ལ། གང་མི་རྟག་པ་དེ་ངོ་བོ་ཉིད་ཀྱིས་མ་སྐྱེས་
པའོ། །གང་ཞིག་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེ་སྐྱེ་བ་མེད་པའོ་ཞེས་གསུངས་པ། སྡུག་བསྔལ་འབྲས་ཅན་དེ་མ་སྐྱེས། །ཞེས་སོ། །སྡུག་བསྔལ་འབྲས་བུའི་ཕྱིར་མ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །སུ་ཞིག་སྐྱེ་བ་མེད་ཅེ་ན། གསུངས་པ། རྟེན་འབྱུང་ཡན་ལག་བཅུ་གཉིས་གང་། །ཞེས་
པ་ལ། རྒྱུའི་ཡན་ལག་ཀྱང་སྡུག་བསྔལ་ཡིན་པའི་ཕྱིར་སྐྱེ་བ་མེད་པས་ཡོངས་སུ་བཟུང་བས་སྟོང་པ་ཉིད་དུ་སོ་སོར་གནས་པར་འཐད་དོ། །གང་གི་ཕྱིར་འདི་དག་གང་ཞིག་སྡུག་བསྔལ་འབྲས་ཅན་ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ་དེ་ཡང་སྐྱེ་བ་མེད།
ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྣམ་པར་དཔྱད་ན། སེམས་གཅིག་ལ་ཡང་མ་ཡིན་ཞིང་། །དུ་མ་ལ་ཡང་དེ་མ་ཡིན། །དེ་ལ་མ་རིག་པ་དང་འདུ་བྱེད་དག །འདས་པའི་སྲིད་པས་བསྡུས་པའི་ཕྱིར་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་
པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པའི་ཡན་ལག་རྣམས་ད་ལྟར་གྱི་སྲིད་པས་བསྡུས་པའི་ཕྱིར་དང་། སྐྱེ་བ་དང་རྒ་ཤིའི་ཡན་ལག་རྣམས་མ་འོངས་པའི་སྲིད་པས་བསྡུས་པའི་ཕྱིར་སེམས་གཅིག་ལ་མི་སྐྱེ་ལ། དུ་མའི་སེམས་ཀྱང་དུས་གཅིག་ཏུ་ཉེ་བ་མ་ཡིན་
པའི་ཕྱིར་མི་སྐྱེའོ། །སེམས་གཅིག་ལ་ཡང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྲིད་པ་རྣམས་ཅིག་ཅར་དུ་ཡོད་པ་མ་ཡིན་ཏེ། སྔར་དང་ཕྱི་མའི་ཡན་ལག་དག་ས་བོན་དང་མྱུ་གུ་བཞིན་དུ་སེམས་གཅིག་ལ་བརྟེན་པ་རིགས་པ་དང་འགལ་བའི་ཕྱིར་རོ། །ཞེས་བྱ་
ལ། དུ་མ་ལ་ཡང་དེ་མི་སྲིད་དོ། །ཡང་ན་འདི་ལྟར་སེམས་ཏེ། འདས་པ་དང་། མ་འོངས་པའི་སེམས་བློས་གཟུང་ཞིང་། ད་ལྟར་བ་ནི་ཡོད་བཞིན་པའི་ཕྱིར་དུ་མའི་སེམས་ལ་བརྟེན་ནས་ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་འཇོག་གོ་ཞེ་ན། སྨྲས་པ།
เล่ม ๑๐๓ · หน้า 291a
གལ་ཏེ་ཡང་ཁྱོད་ཀྱིས་འདས་པ་དང་མ་འོངས་པའི་སེམས་བློས་སྒྲོ་བཏགས་པར་བྱས་ན། དེ་ལྟ་ན་ཡང་དེ་དག་གི་རང་གི་ངོ་བོ་མེད་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་རྟེན་ཉིད་དུ་མི་རུང་ངོ་། །སེམས་ལ་མ་བརྟེན་པར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་གཞག་པ་མི་
འཐད་དོ། །དེའི་ཕྱིར་སེམས་དུ་མ་ཅིག་ཅར་དུ་ཉེ་བ་མ་ཡིན་པས་དུ་མའི་སེམས་ལ་མི་རུང་ངོ་། །གང་ཞིག་འདི་སྙམ་དུ་ཡང་སེམས་ན། སེམས་གཅིག་ལ་ཡང་ཡན་ལག་བཅུ་གཉིས་རྣམ་པར་འཇིག་སྟེ། འདི་ལྟ་སྟེ་རྙེད་པའི་དབང་གིས་སྲོག་ཆགས་རྣམས་སྲོག་གཅོད་པར་བྱེད་པ་ན་
གང་རྨོངས་པ་དེ་མ་རིག་པའོ། །གང་སེམས་པ་དེ་འདུ་བྱེད་དོ། །དངོས་པོ་སོ་སོར་མ་རིག་པས་རྣམ་པར་ཤེས་པ་ལྷན་ཅིག་འབྱུང་བའི་དབང་ལས་ཕུང་པོ་རྣམས་ནི་མིང་དང་གཟུགས་མིང་དང་གཟུགས་ལ་རྣམ་པར་གནས་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་ལས་
མངོན་པར་གྲུབ་པ་ནི་རེག་པ། རེག་པ་ཉམས་སུ་མྱོང་བ་ནི་ཚོར་བ། གང་ཆགས་པ་དེ་ནི་སྲེད་པ། དེ་དང་མཚུངས་པར་ལྡན་པའི་ཀུན་ནས་བཀྲིས་པ་ནི་ལེན་པ། དེས་ཀུན་ནས་སློང་བའི་ལུས་དང་ངག་གི་ལས་མི་སྲིད་པ། ཆོས་དེ་རྣམས་ཀྱི་གསལ་བར་སྣང་བ་ནི་སྐྱེ་བ། ཡོངས་
སུ་སྨིན་པ་ནི་རྒས་པ། འཇིག་པ་ནི་འཆི་བ་ཞེས་བྱའོ། །འདི་དག་མིང་བསྒྲགས་པ་ཙམ་གསུངས་པ་ནི་བདེན་ཏེ། མ་རིག་པ་ལ་སོགས་པ་སྐད་ཅིག་མ་གཅིག་ལ་བྱས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་ཉེ་བར་བསྟན་པ་ནི་མ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོའི་དོན་ནི་རྟེན་ཅིང་
འབྲེལ་པར་འབྱུང་བའི་དོན་ཏེ། དེ་རྣམས་ལྷན་ཅིག་ཏུ་འབྱུང་བ་མ་གྲུབ་བོ། །མར་མེ་དང་འོད་བཞིན་དུ་གྲུབ་བོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་མཚུངས་པར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་སེམས་གཅིག་ལ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དུ་མ་མི་སྲིད་པ་དེའི་ཕྱིར་རྟེན་
ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་དོ་ཞེས་གྲུབ་བོ། །འདིར་སྨྲས་པ། གལ་ཏེ་ཡང་སེམས་གཅིག་གམ་དུ་མ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་རྣམས་མི་སྲིད་ན། དེ་ལྟ་ན་ཡང་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བརྒྱུད་མ་རྣམས་ཀྱིས་རྒྱུ་བརྒྱུད་མ་ཉེ་བར་གསུངས་ལ།
เล่ม ๑๐๓ · หน้า 291b
ཡོད་བཞིན་པ་མ་ཡིན་པའི་མོ་གཤམ་གྱི་བུ་ལ་རྒྱུ་བརྒྱུད་མར་ཉེ་བར་མ་བསྟན་པས། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་དོ་ཞེས་བྱ་སྟེ། འདི་ལྟར་རྒ་ཤིའི་རྒྱུ་སྐྱེ་བར་གསུངས་ལ། སྐྱེ་བའི་སྲིད་པ་ལ་ཇི་སྲིད་དུ་འདུ་བྱེད་རྣམས་ཀྱི་མ་རིག་པའོ། །མ་རིག་པ་དེ་ཡང་གློ་བུར་
བ་ཉིད་དགག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་མ་རིག་པ་ཡང་རྒྱུ་དང་བཅས་རྐྱེན་དང་བཅས་འབྱུང་ཁུངས་དང་བཅས་པ་སྟེ། མ་རིག་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ་ཞེས་བརྗོད་པར་བྱ་བར་འགྱུར་རོ་ཞེས་བྱའོ། །དེ་ལ་གལ་ཏེ་མ་རིག་པ་མེད་ན་འདིའི་
རྒྱུ་ཉེ་བར་སྟོན་པར་མི་འགྱུར་ཏེ། མེད་པའང་ནམ་མཁའི་མེ་ཏོག་གི་ཕྲེང་བའི་རྒྱུ་ཉེ་བར་མི་སྟོན་ལ་མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཉེ་བར་བསྟན་པས་སོ། །དེ་ཡང་ཕྱིན་ཅི་ལོག་བཞིའི་རང་བཞིན་བརྟག་པ་བདག་སྡུག་པ་བདེ་བའི་དབྱེ་བས་མ་རིག་པའི་རྒྱུའི་དངོས་པོར་ཁོང་དུ་ཆུད་
པར་བྱའོ། །དེའི་ཕྱིར་ཕྱིན་ཅི་ལོག་བཞི་ལས་བྱུང་བའི་མ་རིག་པ་ཡོད་ལ། ཇི་ལྟར་མ་རིག་པ་ཕྱིན་ཅི་ལོག་བཞི་ལས་བྱུང་བ་ཡོད་པ་བཞིན་དུ་འདི་ལྟར་མ་རིག་པ་ལས་བྱུང་བའི་འདུ་བྱེད་ཀྱང་འབྱུང་བར་འགྱུར་ཞིང་། ཇི་སྲིད་དུ་སྐྱེ་བ་ལས་བྱུང་བའི་རྒ་ཤིའི་བར་དུ་འབྱུང་བར་འགྱུར་རོ། །དེས་
ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་སྲིད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་དོ་ཞེ་ན། དེ་ལ་མ་རིག་པའི་དབང་དུ་བྱས་ནས་སྨོས་པ། གལ་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་ན། དེ་ལས་བྱུང་བ་མ་རིག་པ་ཡོད་ལ། གང་གི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་
མ་གྲུབ་ན། དེའི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་ཏུ་གྱུར་པ་མ་རིག་པ་འབྱུང་བར་ག་ལ་འགྱུར། གཞན་ཡང་འདིར་མ་རིག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་ན། ཕྱིན་ཅི་ལོག་ལས་འབྱུང་བར་བརྗོད་པར་བྱ་ལ། དེ་ལས་གལ་ཏེ་ཕྱིན་ཅི་
ལོག་ཡོད་ན་དེའི་ཚེ་དེ་ལས་བྱུང་བའི་མ་རིག་པ་ཡང་ཡོད་ན། ཡོད་པ་ནི་མ་ཡིན་ནོ་ཞེས་བསྒྲུབས་པའི་ཕྱིར་གསུངས་པ། མི་རྟག་རྟག་མིན་བདག་མེད་དང་། །བདག་མིན་སྡུག་དང་མི་སྡུག་མིན། །སྡུག་བསྔལ་བདེ་བ་མ་ཡིན་ཞིང་། །དེའི་ཕྱིར་ཕྱིན་ཅི་ལོག་རྣམས་མེད། །
เล่ม ๑๐๓ · หน้า 292a
དེ་ལ་མི་རྟག་པ་ལ་རྟག་པར་འཛིན་པ་ཕྱིན་ཅི་ལོག །ཅི་སླར་ཡང་དེ་མི་རྟག་པའི་དངོས་པོ་ལས་ཕྱིན་ཅི་ལོག་པ་རྟག་པ་ཁོང་དུ་ཆུད་པ་མེད་ན། ཡང་ཇི་ལྟར་མི་རྟག་པ་ལས་ཕྱིན་ཅི་ལོག་རྟག་པ་ཡིན། ཕྱིན་ཅི་ལོག་པས་ན་ཕྱིན་ཅི་ལོག་སྟེ་ལོག་རྟོགས་སོ། །གང་གི་
ཚེ་མི་རྟག་པ་དེ་རྟག་པར་མི་འགྱུར་ཞིང་མི་རྟག་པ་ཡང་ཕྱིན་ཅི་ལོག་མ་ཡིན་ནོ། །མི་རྟག་པའི་དངོས་པོ་ནི་མི་རྟག་པ་ལས་ཕྱིན་ཅི་ལོག་རྟག་པ་ཉིད་དུ་ཐོབ་ནས་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ཡིན་ཏེ། འོན་ཀྱང་མི་རྟག་པ་ཉིད་ཀྱི་དངོས་པོ་དེ་གང་གི་ཚེ་ཇི་ལྟར་གནས་པའི་མི་རྟག་པ་ཉིད་དུ་ལོགས་
སུ་བཞག་ནས་རྟག་པ་ཉིད་དུ་འཛིན་པ་དེའི་ཚེ། ཕྱིན་ཅི་ལོག་ཏུ་འཛིན་པས་ཕྱིན་ཅི་ལོག་ཅེས་བྱའོ། །སླར་ཡང་ཅི་ཞིག་ཕྱིན་ཅི་ལོག་འདིས་ཕྱིན་ཅི་ལོག་ཏུ་འཛིན། སྨྲས་པ། རྟག་པར་རོ། །སླར་ཡང་དེའི་ཚེ་ཇི་ལྟར་འདིས་རྟག་པར་འཛིན། རྣམ་པར་ཤེས་པ་དེའི་རྣམ་པར་བསྐྱེད་པའི་ཕྱིར་རོ། །གལ་
ཏེ་དེ་ལྟ་ན་འདི་ལྟར་དེའི་ཚེ། དེའི་རྣམ་པར་ཤེས་པ་དེ་མི་རྟག་པའི་དངོས་པོ་ལ་མ་ཡིན་ཏེ། དེ་དེའི་རྣམ་པར་མ་སྐྱེས་པའི་ཕྱིར་རོ། །དེས་ན་རྣམ་པར་ཤེས་པ་དེ་ཡང་མི་རྟག་པ་ལ་མ་ཡིན་ཏེ། ཡོད་པ་ལ་རྟག་པའི་རྣམ་པར་འཛིན་པས། རྟག་པར་འཛིན་པ་ཇི་ལྟར་ཕྱིན་ཅི་ལོག །སྨྲས་
པ། དངོས་པོ་མི་རྟག་པར་གནས་པ་ལ་རྟག་པའི་རྣམ་པར་འཛིན་པས་ཕྱིན་ཅི་ལོག་པ་ཞེས་བྱའོ། །སླར་ཡང་དངོས་པོ་མི་རྟག་པའི་རྣམ་པར་གནས་སོ་ཞེས་དེ་ཇི་ལྟར་དེ་ལྟར་རྟོགས། གང་ལ་གང་ལས་གང་གི་རྣམ་པར་ཤེས་པ་བསྐྱེད་པ་དེས་ན། རྣམ་པར་ཤེས་པ་ལ་གྲགས་པའི་
རྣམ་པ་དེ་ལས་དངོས་པོ་རྣམ་པར་འཇོག་སྟེ། སྔོན་པོ་དང་སེར་པོ་ཞེས་བྱ་བ་ལྟ་བུའོ། །རྟག་པའི་རྣམ་པར་ཤེས་པ་ནི་གཞན་གྱི་རྣམ་པ་མ་ཡིན་པའི་ཕྱིར། དེའི་ཚེ་མི་རྟག་པའི་རྣམ་པ་ན་དེའི་རྣམ་པར་ཤེས་པས་དངོས་པོ་གང་ཞིག་འཛིན་པར་ག་ལ་འགྱུར། གཞན་ཞིག་ལ་དེའི་མི་རྟག་
པ་བྱས་ནས་དངོས་པོ་མི་རྟག་གོ་ཞེ་ན། འདི་ནི་དེ་ལྟར་མ་ཡིན་ཏེ། དེ་ཉིད་དེའི་ཚེ་དེའི་མི་རྟག་པའོ། །གཞན་ཞིག་ན་དེའི་རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར་མི་སྣང་བ་ཉིད་ལ། དེ་ནི་དེའི་རྣམ་པའོ་ཞེས་འཐད་པ་མ་ཡིན་ལ་ཕྱིན་ཅི་ལོག་ལ་འཛིན་པ་ཡིན་ནོ་ཞེས་བྱའོ། །དེའི་ཕྱིར་
เล่ม ๑๐๓ · หน้า 292b
རྟག་པའི་རྣམ་པ་ཕྱིན་ཅི་ལོག་མ་ཡིན་ཞིང་། རྟག་པ་དང་མི་རྟག་པ་ཞེས་བྱས་ནས་ཕྱིན་ཅི་ལོག་ཉིད་མེད་དེ། དེ་ལྟར་ནམ་ཡང་བདག་མེད་པ་དང་བདག་ལ་མིན་ཞིང་། སྡུག་པ་དང་མི་སྡུག་པ་ལ་ཡང་མ་ཡིན་ལ། བདེ་བ་དང་སྡུག་བསྔལ་ལ་ཡང་མིན་ནོ་ཞེས་རྒྱས་པར་བཤད་པར་བྱའོ། །
དེས་ན་དེ་ལྟར་ཕྱིན་ཅི་ལོག་མེད་ལ་གང་གི་ཚེ་ཕྱིན་ཅི་ལོག་མི་སྲིད་པ་དེའི་ཚེ། དེ་མེད་ཕྱིན་ཅི་ལོག་བཞི་ལས། །སྐྱེས་པའི་མ་རིག་མི་སྲིད་ལ། །དེ་མེད་འདུ་བྱེད་མི་འབྱུང་ཞིང་། །ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །དེ་ལ་གང་ཞིག་སྨོས་པའི་ཡན་ལག་བརྒྱུད་མ་རྣམས་ཀྱིས་རྒྱུ་བརྒྱུད་མར་
བསྟན་པ་ཡོད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་དོ་ཞེས་པ་ཚུལ་འདིས་འཐད་པ་མ་ཡིན་ནོ། །གང་ཞིག་ཕྱིན་ཅི་ལོག་བཞི་ལས་བྱུང་བ་མ་རིག་པ་ཉིད་ལ་ཕྱིན་ཅི་ལོག་མེད་ན་མེད་དོ་ཞེས་བསྟན་ལ། དེ་ཉིད་ཀྱིས་འདུ་བྱེད་ལ་སོགས་པའི་ཡན་ལག་དགག་པ་གྲུབ་བོ། །གང་
དུ་མ་རིག་པ་མེད་པར་འདུ་བྱེད་རྣམས་མི་འབྱུང་ལ་དེ་བཞིན་དུ་རྣམ་པར་ཤེས་པ་མེད་པས་མིང་དང་གཟུགས་བཀག་པ་སྟེ། ཇི་སྲིད་དུ་སྐྱེ་བ་མེད་པས་རྒ་ཤི་མེད་དོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་ན། དེ་དག་གིས་རྒྱུ་བརྒྱུད་མར་བསྟན་པ་ལས།
དེའི་ཡན་ལག་བརྒྱུད་མ་ག་ལ་ཞིག་དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་དོ་ཞེས་གྲུབ་བོ། །འདིར་སྨྲས་པ། གལ་ཏེ་ན་ཡང་ཕྱིན་ཅི་ལོག་ལས་བྱུང་བའི་མ་རིག་པ་ཕྱིན་ཅི་ལོག་མེད་པས་མེད་དོ་ཞེས་སྨྲས་ན། དེ་ལྟ་ན་ཡང་འདིར་རེ་ཞིག་ཁོ་ནར་འདི་དག་མེད་དོ་ཞེས་
རྣམ་པར་གཞག་པར་མི་ནུས་ཏེ། འདུ་བྱེད་སྐྱེད་པས་ན་དེའི་རྒྱུའི་དངོས་པོར་བསྟན་པའི་ཕྱིར་དང་། འདུ་བྱེད་རྣམས་ཀྱང་མ་རིག་པའི་འབྲས་བུར་བསྟན་པའི་ཕྱིར་རོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མ་རིག་པའི་རྗེས་སུ་འགྲོ་བའི་གང་ཟག་འདི་དག་ནི་
བསོད་ནམས་ཀྱི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་དོ། །བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་དོ། །ལུང་དུ་མ་བསྟན་པའི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་དོ་ཞེས་སོ། །དེའི་ཕྱིར་མ་རིག་པ་དང་འདུ་བྱེད་དག་ཡོད་ལ། དེ་ཡོད་ན་གཞན་རྟེན་ཅིང་འབྲེལ་
เล่ม ๑๐๓ · หน้า 293a
པར་འབྱུང་བའི་ཡན་ལག་རྣམས་གྲུབ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་གྲུབ་བོ་ཞེས་བརྗོད་དོ། །གལ་ཏེ་མ་རིག་པ་དང་འདུ་བྱེད་དག་གི་རང་བཞིན་གྲུབ་པར་གྱུར་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཡོད་ལ་ཡོད་
པ་མ་ཡིན་ཏེ། ཇི་ལྟར་མེད་པ་དེ་ལྟར་བསྒྲུབ་པའི་ཕྱིར་གསུངས་པ། མ་རིག་འདུ་བྱེད་མེད་མི་འབྱུང་། །དེ་མེད་འདུ་བྱེད་མི་འབྱུང་ཞིང་། །དེ་དག་ཕན་ཚུན་རྒྱུ་ཅན་ཏེ། །རང་བཞིན་གྱིས་ཀྱང་མ་གྲུབ་བོ། །གལ་ཏེ་མ་རིག་པ་འདུ་བྱེད་རྣམས་ཀྱི་རྒྱུར་རྣམ་པར་གཞག་པ་ནི་འདི་ལྟར་
འདུ་བྱེད་མེད་པའི་ཕྱིར་དེ་མེད་ལ་རྒྱུ་གང་ཞིག་རྒྱུ་ཉིད་དུ་འབྲས་བུ་དང་འབྲེལ་པ་བྱས་པ་ལས་ཡིན་གྱི་འབྲེལ་བ་མེད་ན་རྒྱུ་ཉིད་ནམ་ཡང་མ་ཡིན་པའི་ཕྱིར་རོ། །ཡང་ན་འབྲས་བུ་ཉེ་བར་མ་བཟུང་བར་འགའ་ཞིག་རྒྱུ་ཉིད་དུ་འགྱུར་ན། དེ་ལྟ་ན་འགའ་ཞིག་འགའ་ཞིག་གི་རྒྱུར་མི་
འགྱུར་ལ། དེའི་ཕྱིར་རྒྱུའི་རྣམ་པར་གཞག་པ་འབྲས་བུ་མེད་ན་མ་ཡིན་ལ་རྒྱུ་ཡང་མ་རིག་པ་ནི་འདུ་བྱེད་རྣམས་ཀྱིའོ་ཞེས་བྱ་སྟེ། མ་རིག་པ་ནི་འདུ་བྱེད་མེད་ན་རྒྱུར་མི་འགྱུར་ལ། རྒྱུ་འབྲས་ཀྱི་དངོས་པོའི་སྐབས་ཡིན་པའི་ཕྱིར། རྒྱུའི་སྒྲ་མེད་ཀྱང་རྒྱུ་ཉིད་དུ་རྟོགས་པ་ཉིད་
ཀྱི་འབྲས་བུ་རྒྱུའི་སྒྲས་མ་གསུངས་སོ། །ཇི་ལྟར་འབྲས་བུ་ལ་མ་ལྟོས་པར་འགའ་ཞིག་རྒྱུ་ཉིད་མ་ཡིན་པའི་ཕྱིར་མ་རིག་པ་འདུ་བྱེད་མེད་ན་མི་འབྱུང་བ་བཞིན་འབྲས་བུ་ཡང་རྒྱུ་ལ་མ་ལྟོས་ན། རྒྱུ་མེད་པ་ལས་མི་སྲིད་དོ་ཞེས་བྱ་བ་ནི། དེ་མེད་འདུ་བྱེད་མི་འབྱུང་ཞིང་། མ་རིག་
པ་མེད་ན་འདུ་བྱེད་མི་འཐད་དེ་རྒྱུ་མེད་པར་ཐལ་བའི་ཕྱིར་རོ། །གང་ཡང་འདི་ལྟར་རྒྱུ་དང་འབྲས་བུ་དག་ཕན་ཚུན་མ་ལྟོས་པར་གྲུབ་པ་མེད་ལ། དེའི་ཕྱིར་དེ་དག་ཕན་ཚུན་རྒྱུ་ཅན་དང་། ངོ་བོ་ཉིད་ཀྱིས་ཀྱང་མ་གྲུབ་སྟེ། ཕ་རོལ་དང་ཚུ་རོལ་བཞིན་ནམ་རིང་པོ་དང་ཐུང་ངུ་
བཞིན་རྒྱུ་དང་འབྲས་བུ་དག་ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ། །གལ་ཏེ་རྒྱུ་དང་འབྲས་བུ་དག་ངོ་བོ་ཉིད་ཀྱིས་གྲུབ་པར་གྱུར་ན། དེ་ནི་འབྲས་བུ་ལ་མི་ལྟོས་པར་རྒྱུར་འགྱུར་ན། དེ་ལས་ཀྱང་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་ནི་གང་ལས་
เล่ม ๑๐๓ · หน้า 293b
འབྲས་བུའི་འཇུག་པའི་རྒྱུ་ཉིད་པས་རྒྱུའོ། །དེ་མེད་ན་རྒྱུ་མེད་པ་ཉིད་རྒྱུར་འགྱུར་ཏེ། རྒྱུ་མེད་པ་ཉིད་རྒྱུར་འཐད་པ་ཡང་མ་ཡིན་ནོ་ཞེས་བྱ་བས། དེས་ན་ངེས་པར་འབྲས་བུ་ལ་ལྟོས་ལ། འབྲས་བུ་ལ་ལྟོས་པའི་ཕྱིར་རང་ཉིད་མ་གྲུབ་བོ། །དེ་བཞིན་དུ་གལ་ཏེ་འབྲས་
བུ་ངོ་བོས་གྲུབ་པར་གྱུར་ན། དེ་ནི་རྒྱུ་ལ་མི་ལྟོས་པར་འགྱུར་ལ། དེ་ཡང་རྒྱུ་ལ་མི་ལྟོས་ན། དེ་ནི་ནམ་མཁའི་མེ་ཏོག་བཞིན་དུ་འགྱུར་བས་དེའི་ཕྱིར་རྒྱུ་ལ་ལྟོས། རྒྱུ་ལ་ལྟོས་པའི་ཕྱིར་ངོ་བོ་ཉིད་མ་གྲུབ་བོ་ཞེས་གནས་སོ། །དེ་ནི་འདི་ལྟར་ཇི་སྐད་དུ་གསུངས་པའི་རིགས་
པས། གང་ཞིག་རང་ཉིད་རང་བཞིན་གྱིས། །མ་གྲུབ་དེས་གཞན་ཇི་ལྟར་བསྐྱེད། །དེའི་ཕྱིར་གཞན་ལས་གྲུབ་པ་ཡི། །རྐྱེན་གཞན་དག་ནི་སྐྱེད་བྱེད་མིན། །གང་ཡང་དེའི་ཚེ་འབྲས་བུ་ལ་མ་ལྟོས་པར་རང་གི་ངོ་བོ་མི་འགྲུབ་ལ། དེ་ཇི་ལྟར་རང་ཉིད་གྲུབ་པ་མེད་པར་འབྲས་
བུ་སྐྱེད་པར་བྱེད། གལ་ཏེ་སྐྱེད་ན་མོ་གཤམ་གྱི་བུ་མོ་ཡང་བུ་སྐྱེད་པར་འགྱུར་ལ། དེའི་ཕྱིར་གཞན་ལས་གྲུབ་པ་ཡི། །རྐྱེན་གཞན་དག་ནི་སྐྱེད་བྱེད་མིན། །རང་ལས་ཐ་དད་པ་གཞན་དུ་གྱུར་པ་ནི་འབྲས་བུ་ལ་དེ་ལ་ལྟོས་ནས་གྲུབ་པའི་མ་རིག་པ་ལ་སོགས་པའི་རྐྱེན་གྱིས་རང་ལས་
ཐ་དད་པའི་འབྲས་བུ་འདུ་བྱེད་ལ་སོགས་པའི་སྐྱེད་བྱེད་མ་ཡིན་ནོ། །ཕན་ཚུན་མི་ལྟོས་པར་གྲུབ་པར་ཡོད་པར་གྱུར་ན། རྒྱུ་ལས་གཞན་པ་འབྲས་བུ་ལས་གཞན་པ་རྒྱུའི་ཞེས་འཐད་པར་འགྱུར་ལ། རྒྱུ་དང་འབྲས་བུ་དག་ཕན་ཚུན་མ་ལྟོས་པར་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་
བསྒྲུབས་ཟིན་ཏོ། །དེས་ན་མ་རིག་པ་ལས་འདུ་བྱེད་རྣམས་གཞན་ཉིད་དུ་མ་གྲུབ་པས་འདུ་བྱེད་རྣམས་ལ་མ་ལྟོས་པར་མ་རིག་པ་གཞན་ཉིད་དུ་གྲུབ་པར་འགྱུར་རོ་ཞེས་བརྗོད་པར་མི་ནུས་སོ། །དེ་ལྟར་འདུ་བྱེད་ལ་སོགས་པ་ལས་མ་རིག་པ་ལ་སོགས་པ་གཞན་ཉིད་དུ་མ་གྲུབ་ན།
མ་རིག་པ་ལ་བརྟེན་ནས་བྱུང་བའི་འདུ་བྱེད་རྣམས་གཞན་ཉིད་དུ་གྲུབ་བོ་ཞེས་རྣམ་པར་གཞག་པར་མི་ནུས་སོ། །གང་ཞིག་དེ་ལྟར། དེའི་ཕྱིར་གཞན་ལས་གྲུབ་པ་ཡི། །རྐྱེན་གཞན་དག་ནི་སྐྱེད་བྱེད་མིན། །དེས་ན་འདིར་མ་རིག་པ་ལ་བརྟེན་ནས་འདུ་བྱེད་ལ། འདུ་བྱེད་ལ་
เล่ม ๑๐๓ · หน้า 294a
ལྟོས་ནས་མ་རིག་པའོ་ཞེས་རྣམ་པར་གཞག་པས་རེ་ཞིག་རྒྱུ་དང་འབྲས་བུ་དག་གཅིག་ཉིད་མ་ཡིན་ནོ་ཞེས་སྨོས་པར་འགྱུར་རོ། །དེ་ཉིད་ཀྱིས་དེ་ཉིད་སྐྱེད་པ་མེད་དོ་ཞེས་བྱས་ནས། ཕན་ཚུན་ལྟོས་པས་རྒྱུ་དང་འབྲས་བུ་དག་གྲུབ་པར་གྱུར་ལ། ཕན་
ཚུན་ལྟོས་པས་རང་གི་ངོ་བོ་གྲུབ་པ་མེད་པས་རྒྱུ་དང་འབྲས་བུ་དག་གཞན་པ་ཡང་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེ་ཉིད་ཀྱིས་ན་གཅིག་པ་དང་གཞན་པ་དག་མེད་པས་རྟག་པ་དང་ཆད་པའི་མཐར་སྨྲ་བ་དང་བྲལ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་གྲུབ་པ་ཡོངས་སུ་སྐྱེའོ། །
ཇི་སྐད་དུ། བརྟེན་ནས་བྱུང་བ་གང་དང་གང་། །རེ་ཞིག་དེ་ཉིད་དེས་མི་བསྐྱེད། །གཞན་ལས་ཀྱང་མིན་དེ་ཡི་ཕྱིར། །རྟག་མིན་ཆད་པ་ཡང་མ་ཡིན། །ཞེས་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་མེད་པར་ཡང་ཤིན་ཏུ་གསལ་བར་ཁོང་དུ་ཆུད་པར་བྱས་པར་འགྱུར་
རོ། །ཇི་སྐད་དུ། གཅིག་ཉིད་གཞན་ཉིད་དང་བྲལ་བ། །འགྲོ་བ་སྒྲ་བརྙན་ལྟ་བུ་སྟེ། །འཕོ་དང་འཇིག་པ་བྲལ་བ་ཡི། །རྟོགས་ལྡན་ཁྱོད་ལ་མི་སྨོད་དོ། །ཞེས་གསུངས་སོ། །གལ་ཏེ་ཡང་དེ་ལྟར་རྒྱུ་དང་འབྲས་བུ་དག་ཕན་ཚུན་ལྟོས་པ་ཅན་དུ་གྲུབ་པར་རྣམ་པར་བཞག་
ལ། དེ་ལྟ་ན་ཡང་ཕན་ཚུན་ལྟོས་པ་ཅན་དུ་གྲུབ་པས་དེ་དག་ཀྱང་བུ་དང་ཕ་བཞིན་དུ་གྲུབ་པར་འགྱུར་རོ་ཞེ་ན། གསུངས་པ། ཕ་ནི་བུ་མིན་བུ་ཕ་མིན། །དེ་དག་ཕན་ཚུན་མེད་མིན་ཞིང་། །དེ་གཉིས་ཅིག་ཅར་ཡང་མེད་ལྟར། །དེ་ལྟར་ཡན་ལག་བཅུ་གཉིས་སོ། །ཕ་ཉིད་བུ་མ་
ཡིན་ཏེ། ཕ་ཞེས་བྱ་བ་སྐྱེད་བྱེད་ལ། དེ་ཇི་ལྟར་བསྐྱེད་བྱར་འགྱུར། བུ་ཡང་ཕ་མིན་ཏེ། བུ་ནི་བསྐྱེད་བྱ་ལ། དེ་ཇི་ལྟར་སྐྱེད་བྱེད་དུ་འགྱུར། དེ་ལྟར་རེ་ཞིག་ཕ་ཉིད་བུ་མ་ཡིན་ལ་བུ་ཉིད་ཕ་མ་ཡིན་ནོ། །ཐ་མི་དད་པ་མ་ཡིན་པའི་ཕྱིར་དེ་གཉིས་ཕན་ཚུན་མེད་པ་མིན་ཏེ། བུ་མེད་ན་
ཕ་འཐད་པ་མ་ཡིན་ཏེ། སྐྱེད་པར་བྱེད་པའི་ལས་ཀྱིས་ཕ་ཉིད་དུ་འཐད་པའི་ཕྱིར། བུ་མེད་ན་ཅི་ཞིག་སྐྱེད་པར་བྱེད་པས་ཕ་ཉིད་དུ་འགྱུར། ཕ་ཡང་བུ་མེད་ན་མི་འགྲུབ་པས། ཕ་མེད་ན་བུ་ཡང་མི་འཐད་དོ་ཞེས་བྱ་བས། དེ་གཉིས་ཕན་ཚུན་མེད་མིན་ཞིང་། །དེ་གཉིས་ཅིག་ཅར་ཡང་
เล่ม ๑๐๓ · หน้า 294b
མེད་ལྟར་ཏེ། དེ་གཉིས་ཅིག་ཅར་ན་བ་ལང་གི་རྭ་གཡས་པ་དང་གཡོན་པ་བཞིན་པས་བསྐྱེད་བྱ་སྐྱེད་བྱེད་མེད་པ་ཉིད་དུ་འགྱུར་རོ། །ཇི་ལྟར་ཕ་དང་བུ་དག་མ་གྲུབ་པ་དེ་བཞིན་དུ་ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་གྲུབ་སྟེ། མ་རིག་པ་ཉིད་འདུ་བྱེད་
མ་ཡིན་ལ། འདུ་བྱེད་ཉིད་མ་རིག་པ་མ་ཡིན་ཞིང་། དེ་གཉིས་ཕན་ཚུན་མེད་མིན་ཞིང་། །དེ་གཉིས་ཅིག་ཅར་ཡང་མ་ཡིན། །ཞེས་བྱ་བས་ཐམས་ཅད་ལ་མཚུངས་པར་སྦྱར་བར་བྱའོ་ཞེས་གསུངས་སོ། །གལ་ཏེ་མ་རིག་པ་དང་འདུ་བྱེད་དག་རང་གི་ངོ་བོ་མ་གྲུབ་ན།
དེ་ནི་མ་རིག་པ་ལ་བརྟེན་ནས་འདུ་བྱེད་རྣམས་སྐྱེ་བ་མི་འཐད་དེ། མེད་བཞིན་པའི་མོ་གཤམ་གྱི་བུ་ལ་བརྟེན་ནས། དེའི་བུ་འབྱུང་བ་མ་ཡིན་ནོ་ཞེས་བརྗོད་དོ། །གལ་ཏེ་མ་རིག་པ་དང་འདུ་བྱེད་དག་རང་གི་ངོ་བོ་གྲུབ་པར་གྱུར་ན། དེ་ནི་འདི་དག་ད་ལྟ་བ་བཞིན་པས་རྟེན་ཅིང་
འབྲེལ་པར་འབྱུང་བར་མི་འགྱུར་རོ། །མོ་གཤམ་གྱི་བུ་ལ་ཡང་བརྟེན་ནས་འབྱུང་བ་མ་ཡིན་ཞིང་། མ་རིག་པ་ལ་བརྟེན་ནས་འདུ་བྱེད་འབྱུང་ངོ་ཞེས་བྱ་སྟེ། དེས་ན་མོ་གཤམ་གྱི་བུ་ལྟ་བུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་མ་ཡིན་ནོ། །འོ་ན་གཉི་ག་ཡང་རང་བཞིན་
གྱིས་མ་སྐྱེས་པར་མཉམ་ལ། དེ་ལྟ་ན་ཡང་ཕྱིན་ཅི་ལོག་ལ་ལྟོས་ནས་མ་རིག་པ་ལ་སོགས་པ་ལ་བརྟེན་ནས་སྐྱེ་བ་ཡོད་ལ། མོ་གཤམ་གྱི་བུ་ལ་ཕྱིན་ཅི་ལོག་ལ་ཡང་དེ་ལ་བརྟེན་ནས་སྐྱེ་བར་མི་རྟོག་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་གཉི་ག་ཡང་མཚུངས་པར་རང་བཞིན་གྱིས་
མ་སྐྱེས་པ་ལ་གཅིག་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་མཐོང་ལ་ཅིག་ཤོས་ནི་མ་ཡིན་འདི་ནི་འཇིག་རྟེན་པ་ཁོ་ན་ལ་དྲི་བར་བྱའི། ཁོ་བོ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་འཇིག་རྟེན་གྱི་ཕྱིན་ཅི་ལོག་ལས་སོ། །གང་དག་རང་བཞིན་གྱིས་མ་སྐྱེས་པར་
མཉམ་པ་ཁ་ཅིག་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་མཐོང་ལ་ཅིག་ཤོས་ནི་མ་ཡིན་ནོ། །རིགས་པས་ནི་མོ་གཤམ་གྱི་བུ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་བརྟགས་ལ། ཅུང་ཟད་རྟོག་པར་བྱེད་པས་ན། ཕྱིན་ཅི་ལོག་ཏུ་རྣམ་པར་གཞག་སྟེ། འདི་ལྟར་རབ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด