དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) མ་དྷྱཱ་མ་ཀཱ་ཨ་བ་ཏཱ་ར་སྱ་ཊཱི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๔ · หน้า 1b

༄༅༅། །རྒྱ་གར་སྐད་དུ། མ་དྷྱཱ་མ་ཀཱ་ཨ་བ་ཏཱ་ར་སྱ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་

ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲིབ་པ་གཉིས་སྤངས་པའི། །ཐམས་ཅད་མཁྱེན་ལ་རབ་བཏུད་ནས། །དབུ་མ་ལ་ནི་འཇུག་པའི་དོན། །བདག་གིས་གསལ་བར་བཤད་པར་བྱ། །འདིར་

རྟོགས་པ་དང་ལྡན་པ་རྣམས་ཀྱི་འཇུག་པ་ནི་བརྗོད་བྱ་དང་། དགོས་པ་དང་། འབྲེལ་པ་དང་། དགོས་པའི་དགོས་པ་རྣམས་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་བསྟན་བཅོས་ཀྱི་དང་པོར་

འཇུག་པའི་རྒྱུར་གྱུར་པའི་བརྗོད་བྱ་ལ་སོགས་པ་བསྟན་པར་བྱ་སྟེ། དེ་ལ་བསྟན་བཅོས་འདིའི་བརྗོད་བྱ་ནི་ས་བཅུ་གཅིག་གོ། །དགོས་པ་ནི་རྟོགས་པའོ། །འབྲེལ་པ་ནི་བསྟན་བཅོས་དང་།

དགོས་པ་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཅན་ནོ། །དགོས་པའི་དགོས་པ་ནི་ས་བཅུ་གཅིག་རྟོགས་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པས་ཡོངས་སུ་ཤེས་པ་སྟེ། ཀླུ་སྒྲུབ་ཞབས་ཀྱིས་

เล่ม ๑๐๔ · หน้า 2a

མཛད་པའི་རྩ་བའི་ཤེས་རབ་ལ་སོགས་པ་དབུ་མའི་བསྟན་བཅོས་ལ་འཇུག་པའོ། །དེ་ཉིད་ཀྱི་ཕྱིར་དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་ཞེས་སྨོས་སོ། །དེ་ལྟར་བརྗོད་བྱ་ལ་སོགས་པ་བསྟན་

ནས་བསྟན་བཅོས་དབུ་མ་ལ་འཇུག་པའི་འགྲེལ་པ་མཛད་པར་བཞེད་པའི་ཚིགས་སུ་བཅད་པ་དང་པོ་གཉིས་ཀྱིས་བསྡུས་པའི་དོན་བསྟན་པར་བྱ་བའི་ཕྱིར། དབུ་མའི་བསྟན་བཅོས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཆད་པ་དང་།

རྟག་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པའི་མཐའ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་ལ་དབུ་མ་ཞེས་བྱའོ། །དེ་སྟོན་པར་བྱེད་པའི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་རྩ་བའི་ཤེས་རབ་ལ་སོགས་པ་ནི་དབུ་མའི་

བསྟན་བཅོས་སོ། །དེ་ཡང་ཉོན་མོངས་པའི་དགྲ་འཆོས་པ་དང་། ངན་འགྲོ་ལས་སྐྱོབ་པར་བྱེད་པས་བསྟན་བཅོས་ཏེ། འདི་ལྟར་བསྟན་བཅོས་ཉན་པ་དང་། བསམ་པ་དང་། བསྒོམ་པའི་རིམ་གྱིས་དབུ་མའི་དོན་མངོན་དུ་

བྱས་ན་བདག་དང་བདག་གིར་ལྟ་བ་ལས་བྱུང་བ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྒྲིབ་པ་མ་ལུས་པ་དང་། ཤེས་བྱ་ལ་མངོན་པར་ཞེན་པས་ཀུན་ནས་བླང་བའི་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པས་ཉོན་མོངས་པའི་དགྲ་

เล่ม ๑๐๔ · หน้า 2b

འཆོས་པ་དང་། དེ་བཞིན་དུ་བསྟན་བཅོས་ལས་རིགས་དང་ལྡན་པའི་གང་ཟག་གིས་དབུ་མའི་དོན་རྟོགས་ནས་ཤིན་ཏུ་དང་བ་སྐྱེས་པས་བསོད་ནམས་ཤིན་ཏུ་མང་པོ་བསགས་ནས་ངན་འགྲོ་ལས་སྐྱོབ་པའོ། །དེ་ཉིད་ཀྱི་ཕྱིར། གང་གིས་ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །

གང་གིས་ངན་འགྲོའི་འཇིགས་པ་ལས་ནི་སྐྱོབ་བྱེད་པ། །དེ་ནི་འཆོས་སྐྱོབ་ཡོན་ཏན་ལྡན་པས་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་ཡོད་མ་ཡིན། །ཞེས་གསུངས་སོ། །འཇུག་པའི་ཕྱིར་ཞེས་བྱ་བ་ནི་དོན་རྟོགས་པར་བྱ་བའི་ཕྱིར་ཏེ། འདི་ལྟར་དབུ་མའི་

བསྟན་བཅོས་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་རྒྱས་པར་བརྗོད་ལ། དེ་འདིར་རྒྱས་པར་བསྟན་པས་བསྟན་བཅོས་འདིས་དེ་ལ་འཇུག་པར་འགྱུར་བའི་དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས་ཞེས་བྱ་བ་ནི་སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པ་རྩོམ་པར་བཞེད་པའོ། །

ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཞེས་པ་ནི་གང་གིས་ཕྱིན་ཅི་མ་ལོག་པར་ཀུན་ནས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ལས་ཡང་དག་པར་སྨོས་པས་ནི་ཕྱིན་ཅི་ལོག་གི་ཤེས་པ་བསལ་ལོ། །རྫོགས་པ་སྨོས་པས་ནི་ཐེ་ཚོམ་དང་། མི་ཤེས་

པ་མེད་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་ནི་གང་ལ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་བསམ་པ་ཡོད་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཀྱང་སྨོས་པ་ནི་ཉན་ཐོས་དང་རང་སངས་རྒྱས་འབའ་ཞིག་

ལས་དང་པོར་ཐུགས་རྗེ་ཆེན་པོ་ལ་བསྟོད་པར་མ་ཟད་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱང་ངོ་། །ཐོག་མར་ཞེས་བྱ་བ་ནི་དང་པོར་རོ། །བཅོམ་ལྡན་འདས་ཞེས་པ་ནི་ཞེ་སྡང་གི་དགྲ་བཅོམ་པས་སོ། །སྙིང་རྗེ་ཆེན་པོ་ཞེས་པ་ལ།

ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པས་སོ། །སངས་རྒྱས་ཉིད་ཀྱི་ཞེས་པ་ནི་ཀུན་རྫོབ་ཏུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཡེ་ཤེས་ནི་གདུལ་བྱའི་སྣང་བ་ལ་ལྟོས་ནས་སངས་རྒྱས་ཉིད་དོ། །དོན་དམ་པར་ནི་སྤྲོས་པ་ཐམས་ཅད་ཉེ་བར་

เล่ม ๑๐๔ · หน้า 3a

ཞི་བ་ཆོས་ཀྱི་སྐུའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། གཅིག་དང་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་ཆེན་པོའི་གཞིར་གྱུར་པ། །དངོས་པོ་མ་ཡིན་དངོས་པོ་མེད་པ་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རང་བཞིན་མཚོན་པར་དཀའ། །

གོས་པ་མེད་ཅིང་འགྱུར་བ་མེད་པ་ཞི་བ་མི་མཉམ་མཉམ་པ་ཁྱབ་ལ་མཚན་མ་མེད་པ་གང་། །སོ་སོ་རང་རང་གིས་རིག་དཔེ་མེད་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དེ་ལ་བདག་གིས་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །འདིའི་དོན་ནི་འཆད་པར་འགྱུར་བའི་རིགས་པས་རང་དང་། གཞན་དང་

གཉིས་ཀ་དང་། རྒྱུ་མེད་པ་ལས་སྐྱེ་བ་བཀག་པས་དངོས་པོ་མེད་པའི་ཕྱིར་གཅིག་ཉིད་མེད་པའོ། །གཅིག་ཚོགས་པ་ལས་དུ་མ་ཞེས་བྱ་ལ། གཅིག་མ་གྲུབ་པའི་ཕྱིར་དུ་མ་མེད་པས་གཅིག་ཀྱང་མ་ཡིན་དུ་མ་ཡང་མ་ཡིན་པའོ། །བདག་དང་གཞན་ལ་ཕན་པ་ནི་ཆོས་ཀྱི་སྐུའི་མཐུས་གློ་

བུར་གྱི་དྲི་མ་ལྡོག་པའོ། །བདག་དང་གཞན་ལ་ཕན་པ་ཁོ་ན་ཕུན་སུམ་ཚོགས་པ་ཆེན་པོ་ཡིན་ལ། དེའི་རྒྱུར་གྱུར་པས་ན་གཞིར་གྱུར་པའོ། །དངོས་པོ་མ་ཡིན་དངོས་པོ་མེད་པ་མ་ཡིན་ཞེས་པ་ནི་སྔར་བསྟན་པའི་རིགས་པས་དངོས་པོ་མ་གྲུབ་པའི་ཕྱིར། དེ་ལ་ལྟོས་པའི་དངོས་པོ་མེད་པ་ཡང་

མ་གྲུབ་པའོ། །ནམ་མཁའ་བཞིན་དུ་རོ་མཉམ་ཞེས་པ་ནི་དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་གནས་སྐབས་མཚུངས་པས་སོ། །རང་བཞིན་མཚོན་པར་དཀའ་ཞེས་པ་ནི་ཤེས་པའི་སྤྱོད་ཡུལ་ལས་འདས་པའོ། །གོས་པ་མེད་པ་ཞེས་པ་ནི་གློ་བུར་གྱི་དྲི་མས་མ་གོས་པའོ། །

འགྱུར་བ་མེད་པ་ཞེས་པ་ནི་གློ་བུར་གྱི་དྲི་མ་སངས་ཀྱང་འགྱུར་བ་མེད་པས་སོ། །ཞི་བ་ཞེས་པ་ནི་སྤྲོས་པ་ཐམས་ཅད་རབ་ཏུ་ཞི་བས་སོ། །མི་མཉམ་པ་དང་མཉམ་པ་ཞེས་པ་ནི་མཉམ་པ་མེད་པའི་ཆོས་ཀྱི་སྐུ་གཞན་དང་མཉམ་པས་སོ། །འདི་ནི་ཆོས་ཀྱི་སྐུ་གཞན་དུ་བརྟགས་ནས་བརྗོད་པ་ཡིན་གྱི།

དོན་དམ་པར་ཆོས་ཀྱི་སྐུ་ལ་ཐ་དད་པར་ཡོད་པ་ནི་མ་ཡིན་ནོ། །ཁྱབ་ལ་ཞེས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ལ་ཁྱབ་པས་སོ། །མཚན་མ་མེད་པ་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་མཚན་མ་མེད་པས་སོ། །སོ་སོ་རང་རང་གིས་རིག་ཅེས་པ་ནི་གང་ཅི་ཡང་མ་དམིགས་པ་དངོས་པོ་རང་

เล่ม ๑๐๔ · หน้า 3b

རང་གིས་རིག་པའོ། །ཆོས་ཀྱི་སྐུ་ཞེས་པ་ནི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པའོ། །རྒྱུ་ཕུན་སུམ་ཚོགས་པ་དང་པོ་ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྒྱུ་དུ་མ་ཡོད་དུ་ཟིན་ཀྱང་དེ་རྣམས་དང་པོ་ཡིན་པས་དང་པོ་ཞེས་སྨོས་སོ། །རྒྱུ་ནི་བྱེད་པའོ། །དང་པོའི་ཕུན་སུམ་

ཚོགས་པ་ཞེས་བྱ་སྟེ། འདི་ལྟར་ཕུན་སུམ་ཚོགས་པས་ལོངས་སྤྱོད་ཐམས་ཅད་ཐོབ་པར་འགྱུར་བ་དེ་བཞིན་དུ་རྒྱུ་འདིའི་སྟོབས་ཀྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་བས་སྙིང་རྗེའི་མཚན་ཉིད་ཅན་གྱི་རྒྱུ་གང་ཡིན་པ་དེ་ལ་ཕུན་སུམ་ཚོགས་པའི་སྒྲས་བརྗོད་པ་ཡིན་ནོ། །འཁོར་བ་ཞེས་པ་ནི་གང་

དུ་འཁོར་བས་ན་འཁོར་བ་སྟེ། འགྲོ་བ་ལྔའི་གནས་ལ་བརྗོད་ཀྱི། འཁོར་བར་འགྱུར་བའི་ཕུང་པོ་ལྔ་ནི་མ་ཡིན་ཏེ། དེ་རྣམས་སེམས་ཅན་ཞེས་པའི་ཚིག་གིས་བསྟན་པའོ། །འཁོར་བ་ཉིད་ལ་བཙོན་ར་ཞེས་བྱ་སྟེ། ཇི་ལྟར་བཙོན་གྱི་ར་བ་རུ་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་

ཉམས་སུ་མྱོང་བ་དེ་བཞིན་དུ་འཁོར་བར་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མང་པོ་མྱོང་བས་སོ། །བསྡམས་པ་ཞེས་པ་ནི་དེར་ཉོན་མོངས་པས་བཅིངས་པའོ། །སྐྱབས་མེད་པ་ཞེས་པ་ནི་བཅིངས་པ་ལས་གྲོལ་བར་བྱེད་པ་མེད་པས་སོ། །ཡོངས་སུ་སྐྱོབ་པ་ཞེས་པ་ནི་འཁོར་བའི་བཙོན་

ར་ལས་གྲོལ་བར་བྱེད་པས་སོ། །མཚན་ཉིད་ཅན་ཞེས་པ་ནི་དེའི་རང་བཞིན་ཅན་སྙིང་རྗེའོ། །དེ་ཉིད་ཀྱི་ཕྱིར་སྡུག་བསྔལ་དང་། སྡུག་བསྔལ་རྒྱུ་ལས་འདྲེན་པར་བསྟོད་པ་ཉིད་ལ་སྙིང་རྗེ་ཞེས་གསུངས་སོ། །བསྟོད་པར་འོས་པ་ཉིད་ཅེས་པ་ནི་ཡོན་ཏན་ཇི་ལྟར་ཡོད་པ་བཞིན་དུ་བརྗོད་

པར་འོས་པ་གང་ཡིན་པའོ། །འདིའི་དོན་ནི་དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟོད་པར་འོས་པ་ཡིན་པ་ལས་ཐུགས་རྗེ་ཆེན་པོ་ལ་དང་པོར་བསྟོད་པ་ཅིའི་ཕྱིར་བྱས་སྙམ་པའི་དོགས་པ་བསལ་བའི་ཆེད་དུ་སྙིང་རྗེ་ཆེན་པོ་ལ་བསྟོད་པར་འོས་པ་བསྟན་པར་བྱ་བའི་ཕྱིར།

ཚིགས་སུ་བཅད་པ་གཉིས་བརྗོད་པ་ཡིན་ནོ་ཞེས་པའོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་བྱང་ཆུབ་སེམས་དཔའི་གཉིས་སུ་མེད་པའི་བློ་དང་སྙིང་རྗེ་ཆེན་པོ་གཙོ་བོ་ཉིད་དུ་བསྟན་ཏོ། །ཚིགས་སུ་བཅད་པ་གཉིས་པས་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་བློ་ལས་སྙིང་རྗེ་ཆེན་པོ་གཙོ་བོར་

เล่ม ๑๐๔ · หน้า 4a

བསྟན་ནོ། །ཐུབ་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཏེ། ལུས་དང་། ངག་དང་། ཡིད་ཡང་དག་པར་དུལ་བས་སོ། །དང་པོ་ནི་སངས་རྒྱས་ཉིད་དོ། །ཚིག་གི་དོན་གཞན་ནི་འགྲེལ་པ་ལས་གསལ་ལོ། །འདིའི་

ངག་གི་དོན་ནི་གང་གི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་སྐྱེས་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ལ། བྱང་ཆུབ་སེམས་དཔའ་ཡང་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པའི་ཤེས་རབ་དང་།

བྱང་ཆུབ་ཀྱི་སེམས་ལས་སྐྱེས་པ་དེའི་ཕྱིར་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་མཛད་པ་ཡིན་ནོ་ཞེས་པའོ། །དེ་ལ་ཐུབ་དབང་ལས་སྐྱེས་ཞེས་པའི་ཚིག་གི་དོན་བཤད་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཚིག་སྤྱིའི་ནང་ནས་ཐུབ་དབང་ལས་སྐྱེས་ཀྱི་ཚིག་གི་

དོན་སྟོན་པའོ། །གོང་ན་མེད་པའི་ཆོས་ཞེས་པ་ནི་ཐེག་པ་ཆེན་པོའོ། །དབང་ཕྱུག་ཅེས་པ་ནི་གདུལ་བྱ་རྣམས་ཀྱི་བསམ་པ་སྟོན་པ་གང་ཡིན་པ་སྟེ། དེ་ཉིད་ལ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཡང་ན་གོང་ན་མེད་པའི་ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དེ་ལ་དབང་བ་

ཉིད་དུ་ཕུན་སུམ་ཚོགས་པའོ། །ཉན་ཐོས་ལ་སོགས་པ་ལས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པར་བསྟན་པར་བྱ་བའི་ཕྱིར། ཉན་ཐོས་དང་ཞེས་པ་ལ་སོགས་པ་སྨོས་ཏེ། ཉན་ཐོས་ལ་སོགས་པ་ལས་བཅོམ་ལྡན་འདས་མཆོག་ཏུ་གྱུར་པའི་དབང་ཕྱུག་ཕུན་སུམ་ཚོགས་པ་དང་ལྡན་

པ་ཡིན་ཏེ། དེ་རྣམས་ཐེག་པ་ཆེན་པོའི་ཆོས་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་ལ་དབང་བ་མེད་ལ། བཅོམ་ལྡན་འདས་ལ་མངའ་བས་སོ། །རྒྱུ་མཚན་གཉིས་པ་བསྟན་པར་བྱ་བའི་ཕྱིར། ཉན་ཐོས་ལ་སོགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉན་ཐོས་ལ་སོགས་

པ་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་བཞིན་དུ་སྒྲུབ་པར་བྱེད་ཀྱི། སངས་རྒྱས་ཉན་ཐོས་ལ་སོགས་པའི་ངག་བཞིན་དུ་སྒྲུབ་པར་མི་བྱེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཐུབ་པའི་དབང་པོ་ཞེས་བརྗོད་དོ། །སངས་རྒྱས་ཞེས་པ་ནི་གཏི་མུག་གི་གཉིད་སངས་པས་སངས་

เล่ม ๑๐๔ · หน้า 4b

རྒྱས་ཏེ། སྐྱེས་བུ་གཉིད་སངས་པ་བཞིན་ནོ། །ཡང་ན་བློའི་ཁ་ཕྱེ་བས་སངས་རྒྱས་ཏེ། པདྨ་ཁ་ཕྱེ་བ་བཞིན་ནོ། །ཡང་ན་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་སངས་རྒྱས་སོ། །བཅོམ་ལྡན་འདས་ཤེས་པ་རྣམས་ནི་ཕུང་པོ་དང་། འཆི་བདག་དང་། ལྷའི་བུ་དང་། ཉོན་མོངས་

པའི་བདུད་བཅོམ་པས་བཅོམ་ལྡན་འདས་སོ། །དེ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་ཕུང་པོའི་བདུད་དང་། འཆི་བདག་གི་བདུད་བཅོམ་མོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཅོམ་མོ། །བྱམས་པའི་ཏིང་ངེ་འཛིན་གྱིས་ལྷའི་བུའི་བདུད་བཅོམ་མོ། །

ཡང་ན་དབང་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་དང་ལྡན་པས་བཅོམ་ལྡན་འདས་ཏེ། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པའོ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཞེས་གསུངས་པས་སོ། །དེ་ལ་བསོད་

ནམས་ཀྱི་ཚོགས་དང་ལྡན་པས་དཔལ་ཕུན་སུམ་ཚོགས་པའོ། །སྒྲིབ་པ་དང་བྲལ་བས་ཁམས་གསུམ་དུ་གྲགས་པས་གྲགས་པ་ཕུན་སུམ་ཚོགས་པའོ། །གང་ཟག་དང་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པས་ཡེ་ཤེས་ཕུན་སུམ་ཚོགས་པའོ། །བླ་ན་མེད་པའི་ཆོས་ཀྱི་དབང་ཕྱུག་

མངའ་བས་དབང་ཕྱུག་ཕུན་སུམ་ཚོགས་པའོ། །ཡུལ་ལ་གནས་པ་དང་རྫོགས་པ་ལ་སོགས་པའི་མཚན་དང་ལྡན་པས་གཟུགས་བཟང་བ་ཕུན་སུམ་ཚོགས་པའོ། །བསྐལ་པ་གྲངས་མེད་པ་གསུམ་དུ་བརྩོན་འགྲུས་བརྩམས་པས་བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །

ཡང་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལས་རྒལ་བས་ན་བཅོམ་ལྡན་འདས་སོ། །ཡང་ན་སྲིད་པར་འགྲོ་བ་སྤངས་པས་ན་བཅོམ་ལྡན་འདས་སོ། །ཡང་ན་མི་འཇིགས་པ་བཞི་ཐོབ་པའི་ཕྱིར་འཇིག་པ་སྤངས་པས་བཅོམ་ལྡན་འདས་ཏེ། དེ་ཉིད་ཀྱི་ཕྱིར་འཕགས་པ་ཕྱིར་མི་ལྡོག་པ་འཁོར་

ལོའི་མདོ་ལས། ནམ་མཁའ་དང་ནི་མཚུངས་པའི་ཆོས། །ལུས་ཅན་རྣམས་ལ་སྟོན་པར་མཛད། །དེ་ལ་དེ་ནི་འཇིགས་པ་མེད། །དེའི་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད། །ཅེས་གསུངས་སོ། །དེ་རྣམས་ལ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟ་ཞེ་ན་ཞེས་པ་ནི་ཐུབ་པའི་དབང་པོ་ལ་ཉན་ཐོས་

เล่ม ๑๐๔ · หน้า 5a

ལ་སོགས་པ་རྣམས་ཇི་ལྟར་སྐྱེས་ཞེས་པའི་ཐ་ཚིག་གོ། །ཇི་ལྟར་ཐུབ་པའི་དབང་པོ་ལས་སྐྱེས་པ་དེ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་བྱུང་བར་གྱུར་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པ་ལ་

ཞེས་པ་ནི་གཞན་གྱིས་ཕུང་པོ་རྣམས་ལ་འདོད་རྒྱལ་དང་། དུས་དང་། རང་བཞིན་དང་། བདག་དང་། དབང་ཕྱུག་ཉིད་རྒྱུ་ཉིད་དུ་དང་། རྒྱུ་མེད་པར་འདོད་པས་དེ་ཕྱིན་ཅི་ལོག་གི་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ཡིན་ལ། དེ་དགག་པའི་ཕྱིར་ཕྱིན་ཅི་མ་ལོག་པ་ཞེས་སྨོས་སོ། །ཕྱིན་

ཅི་མ་ལོག་པར་བསྟན་པ་དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པས་ཏེ། གཞན་མི་འཐད་པ་དང་། འདི་ཁོ་ན་འཐད་པ་དང་བཅས་པའོ། །འཇུག་པའི་ཕྱིར་ལ་ཞེས་པ་ནི་དེའི་དབང་གིས་གདུལ་བྱ་རྣམས་ལ་ཆོས་བསྟན་པར་སྣང་བ་འབྱུང་སྟེ། གཉིད་ལོག་

པའི་དུས་ན་དབུགས་དབྱུང་བ་དང་འཇུག་པ་བཞིན་ནོ། །ཇི་ལྟར་གཉིད་ལོག་པ་ལ་དབུགས་དབྱུང་བ་དང་འཇུག་པ་རང་ལ་སྣང་བ་མེད་ཀྱང་གཞན་རྣམས་ལ་སྣང་བར་འགྱུར་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཉིད་ལ་སྣང་བ་མེད་དུ་ཟིན་ཀྱང་གཞན་རྣམས་ལ་སྣང་ངོ་ཞེས་པའི་ཐ་ཚིག་

གོ། །དེ་ཉན་པ་དང་ཞེས་བྱ་བ་ལ་སོགས་པ་ལ་ཐོས་པ་ལས་བྱུང་བའི་ཤེས་རབ་ནི་ཡིད་ཆེས་པ་ལུང་ཚད་མ་ཉིད་ལས་སྐྱེས་པའི་ངེས་པ་ཡིན་ནོ། །བསམས་པ་ལས་བྱུང་བ་ནི་རིགས་པས་ངེས་པར་བརྟགས་པ་ལས་སྐྱེས་པ་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཡིན་

ནོ། །རིམ་པ་ནི་ཐོས་པ་ལ་སོགས་པའི་རིམ་པ་ཇི་ལྟ་བ་ཉིད་ཀྱིས་སོ། །ལྷག་པར་མོས་པ་ཇི་ལྟ་བ་བཞིན་ཞེས་པ་ནི་རང་གི་དོན་དང་ཆོས་བསྟན་པ་མེད་པར་རྫུ་འཕྲུལ་གྱི་སྒོ་ནས་ཅུང་ཟད་གཞན་གྱི་དོན་ལ་སྨོས་པའི་དབྱེ་བས་སོ། །ཉན་ཐོས་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་

ཕྱིར་རོ་ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་མེད་པར་ཤེས་ནས་ཉན་ཐོས་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བའོ། །གལ་ཏེ་ཉན་ཐོས་རྣམས་ཀྱིས་གང་ཟག་གི་བདག་མེད་པར་ཤེས་པ་ཡིན་གྱི། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་མེད་པར་ཇི་ལྟར་ཤེས་ཤེ་ན། ཇི་ལྟར་

เล่ม ๑๐๔ · หน้า 5b

ཉན་ཐོས་ལ་སོགས་པ་རྣམས་ལ་ཆོས་ཀྱི་བདག་མེད་པ་ཤེས་པ་ཡོད་པ་དེ་ལྟར་རིང་དུ་སོང་བ་དེ་ནི་བློས་ཀྱང་ལྷག་ཅེས་པས་འདིར་སྟོན་ཏོ། །གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ཡོད་དུ་ཟིན་ཀྱང་ཉན་ཐོས་ལ་སོགས་པའི་གོ་འཕང་ལས་མ་ཐོབ་པར་སྣང་བས་ཕྱིན་ཅི་མ་ལོག་པའི་རྟེན་ཅིང་

འབྲེལ་པར་འབྱུང་བ་བསྟན་པས་ཉན་ཐོས་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཡང་ཁ་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པ་རྟོགས་པ་ལ་མཁས་སུ་ཟིན་ཀྱང་ཞེས་པ་ནི་དོན་དམ་པ་སྒྲོ་མ་བཏགས་

པའི་རང་བཞིན་ཅན་དངོས་པོ་མེད་པ་ཉིད་རྟོགས་སུ་ཟིན་ཀྱང་ངོ་། །མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་གྱི་ཞེས་པ་ནི་ཁ་ཅིག་རྐྱེན་མ་ཚང་བའི་སྒོ་ནས་མ་ཐོབ་ཀྱང་ངོ་། །ལས་རྣམ་པར་སྨིན་པར་ངེས་པ་འབྲས་བུ་ལྟར་ཞེས་པ་ནི་ལས་གང་ཡང་ངེས་པར་འབྲས་བུ་ཉམས་སུ་མྱོང་བ་ཡོད་པའོ། །ལྷག་

མ་གོ་སླའོ། །འདིའི་དོན་ནི་ཇི་ལྟར་འབྲས་བུ་མྱོང་བར་ངེས་པའི་ལས་ཀྱི་རྣམ་པར་སྨིན་པ་ངེས་པར་ཉམས་སུ་མྱོང་བ་དེ་བཞིན་དུ་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ལ་ཐོས་པ་ལ་སོགས་པ་བྱས་པ་མཐོང་བའི་ཚེ་ལ་མྱ་ངན་ལས་འདས་པ་མ་ཐོབ་དུ་ཟིན་ཀྱང་དེ་ལྟ་ན་ཡང་སྐྱེ་བ་གཞན་དུ་

དེ་རྣམས་ཀྱིས་དེ་ཁོ་ན་ཉིད་ཉེ་བར་བསྟན་པའི་འབྲས་བུའི་ངེས་པ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་པའོ། །དེ་ལྟར་འཕགས་པའི་ལྷས་ཀྱང་གསུངས་སོ་ཞེས་བསྟན་པའི་ཕྱིར། དེ་ཡང་ཇི་སྐད་དུ་ཞེས་པ་ལ་སོགས་པ་སྨོས་ཏེ། འཕགས་པའི་ལྷས་བཞི་བརྒྱ་པའི་ལེའུ་བརྒྱད་པ་ལས་དེ་ཉིད་ཤེས་

པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་དོན་ནི་ཚེ་འདི་ལ་དེ་ཁོ་ན་ཉིད་མཐོང་བའི་དོན་དུ་བརྩོན་འགྲུས་བརྩམས་པས་མྱ་ངན་ལས་འདས་པ་མ་ཐོབ་ཀྱང་དེ་ལྟར་ན་ཡང་དོན་དམ་པའི་ཡེ་ཤེས་འགྲུབ་པ་ལ་རབ་ཏུ་འབད་པས་ངེས་པར་སྐྱེ་བ་གཞན་དུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ་ལས་

བཞིན་ནོ། །ཇི་ལྟར་གཏི་མུག་གིས་བྱས་པའི་ངེས་པའི་ལས་ལ་ཚེ་འདི་ལ་འབྲས་བུ་མེད་དུ་ཟིན་ཀྱང་། དེའི་འབྲས་བུ་ངེས་པར་སྐྱེ་བ་གཞན་དུ་མྱོང་བར་འགྱུར་ཏེ། ས་བོན་འགགས་མ་ཐག་པའི་མྱུ་གུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་ངེས་པར་འབྱུང་བ་ལྟ་བུ་དང་། ཤིང་

เล่ม ๑๐๔ · หน้า 6a

ཏོག་ཨ་མྲ་ཟོས་ནས་སྙིང་པོ་འཛུགས་པ་བཞིན་ཏེ། གང་གི་ཨ་མྲ་སྨིན་པའི་འབྲས་བུ་ཟོས་ནས་ས་བོན་ལ་ཉམས་པ་བསྐྲུན་པ་དེས་ས་བོན་བསྐྲུན་པ་དེའི་དུས་སུ་འབྲས་བུ་མི་ཐོབ་ཀྱང་དེ་ལྟར་ན་ཡང་དུས་གཞན་དུ་ཇི་ལྟར་འདོད་པའི་འབྲས་བུ་ཐོབ་པ་བཞིན་ནོ། །དེས་

ན་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ལ་ཉན་ཐོས་ལ་སོགས་པ་འབྲས་བུ་ཐོབ་པ་ཁོ་ནའོ། །དེ་ལྟར་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་ཞེས་པ་ནི་གང་གི་ཕྱིར་རྟེན་ཅིང་

འབྲེལ་པར་འབྱུང་བ་བསྟན་པ་ལས་ངེས་པར་འབྲས་བུ་འབྱུང་བ་དེ་ཉིད་ཀྱི་ཕྱིར་རོ། །གསུངས་སོ་ཞེས་པ་ནི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལེའུ་བཅོ་བརྒྱད་པ་བདག་ལ་སྤྱོད་པ་ལས་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིག་གི་དོན་ལྷག་མ་གོ་སླའོ། །འདིའི་དོན་

ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མི་འབྱུང་ཞིང་ཉན་ཐོས་རྣམས་ཀྱང་ཟད་པར་གྱུར་པ་ན་འཕགས་པའི་ལམ་སྟོན་པར་བྱེད་པའི་རྐྱེན་མ་ཚང་བས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ཐོབ་པར་མི་འགྱུར་གྱི། འོན་ཀྱང་སྔོན་གྱི་སྐྱེ་བ་གཞན་དུ་དེ་ཁོ་ན་ཉིད་ཐོས་པ་ལ་ཐོས་པའི་རྒྱུའི་སྟོབས་ཁོ་ནས་ཚེ་འདི་

ལ་ཉེ་བར་སྟོན་པ་ལ་མ་ལྟོས་སུ་ཟིན་ཀྱང་གནས་དབེན་པ་ལ་བརྟེན་པ་ཙམ་གྱིས་རྐྱེན་འཛོམ་པས་བྱུང་བའི་རང་སངས་རྒྱས་ཀྱིས་མ་འདྲེས་པའི་སྒོ་ནས་ཡེ་ཤེས་འབྱུང་བར་འགྱུར་རོ། །དེ་ལ་མ་འདྲེས་པ་ནི་ལུས་དང་སེམས་རྣམ་པར་དབེན་པ་གང་ཡིན་པའོ། །ཡང་ན་དགེ་བའི་བཤེས་གཉེན་མི་

ཚོལ་བ་གང་ཡིན་པའོ། །གང་གི་ཕྱིར་མ་འདྲེས་པ་དེས་སངས་རྒྱས་མ་བྱུང་བའི་དུས་སུ་ཡང་རང་སངས་རྒྱས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བས་དེའི་ཕྱིར་སྨན་པའི་རྒྱལ་པོ་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་སྒྲུབ་པ་དོན་མེད་པ་མ་ཡིན་ནོ་

ཞེས་ཤེས་པར་བྱའོ། །ཉན་ཐོས་ཀྱི་ཚིག་གི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པའི་གདམས་ངག་གིས་ཞེས་པ་ནི་དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པའི་ཆོས་སྟོན་པའོ། །དེའི་འབྲས་བུ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་

เล่ม ๑๐๔ · หน้า 6b

ཅན་ཉན་ཐོས་ཀྱི་བྱང་ཆུབ་བོ། །འདི་ལྟར་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་རབ་ཏུ་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་པས་སོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཟད་པ་དང་། མི་སྐྱེ་བ་ཤེས་པ་ལ་བྱང་ཆུབ་ཅེས་བྱའོ། །ཐོབ་པར་

བྱེད་པས་ན་ཉན་ཐོས་ཞེས་པ་ནི་དེ་ལྟ་བུའི་བྱང་ཆུབ་གཞན་དག་ལ་རྣ་བའི་ཡུལ་དུ་བྱེད་པ་ཉན་ཐོས་སོ། །རྣམ་པ་གང་གི་སྒོ་ནས་ཐོས་པར་བྱེད་ཅེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཞེས་པ་ནི་སྔར་བསྟན་པའི་དོན་གསལ་བར་བྱ་བའི་ཆེད་དུའོ། །བྱ་བ་བྱས་སོ་ཞེས་པ་

ནི་སྡུག་བསྔལ་ཤེས། ཀུན་འབྱུང་སྤངས། འགོག་པ་མངོན་དུ་བྱས། ལམ་བསྒོམས་པའི་རང་བཞིན་ཅན་གྱི་བྱ་བ་བྱས་པས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་པ་ནི་སྲིད་པ་འདི་ལས་སྲིད་པ་གཞན་མེད་པའོ། །སོགས་པའི་སྒྲས་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་

པ་བསྟེན་ཏོ་ཞེས་བྱ་བ་གཟུང་ངོ་། །རྣམ་པ་གཞན་གྱི་སྒོ་ནས་ཉན་ཐོས་ཀྱི་ཚིག་གི་དོན་བསྟན་པར་བྱ་བའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ན་ཞེས་པ་ནི་རྣམ་པ་གཞན་གྱི་སྒོ་ནས་སྟོན་པར་བྱེད་པའི་ཚིག་གོ། །རྣམ་པ་གཞན་དེ་ཡང་གང་ཞེ་ན། འབྲས་བུའི་མཆོག་

གམ་ཞེས་སྨོས་ཏེ། འབྲས་བུའི་མཆོག་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲོགས་པར་བྱེད་པས་ཉན་ཐོས་སོ། །བཤད་པའི་རྣམ་པ་གཞན་བསྟན་པར་བྱ་བའི་ཕྱིར། ཡང་དག་པར་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་

ཆོས་ཐམས་ཅད་ཀྱི་ཅི་ལྟར་ཡོད་པ་དེ་བཞིན་དུ་ཐུགས་སུ་ཆུད་པའི་ཡེ་ཤེས་གང་ལ་མངའ་བའི་དེ་བཞིན་གཤེགས་པ་རྣམས་ལས་ཐོས་ནས། བྱང་ཆུབ་ཀྱི་ལམ་དོན་དུ་གཉེར་བ་རྣམས་ལ་རྣ་བའི་ཡུལ་དུ་བྱེད་པ་ཉན་ཐོས་སོ། །དེ་ལྟར་ཉན་ཐོས་ཀྱི་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་དང་བྱང་ཆུབ་ཀྱི་ལམ་གཞན་གྱིས་ཐོས་པར་བྱེད་པས་ན་ཉན་ཐོས་ཞེས་བསྟན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པས་ཉན་ཐོས་ཞེས་པའི་དོན་འདི་ལ་དམ་པའི་ཆོས་པདྨ་དཀར་པོ་དཔང་པོར་བསྟན་པར་བྱ་བའི་ཕྱིར།

เล่ม ๑๐๔ · หน้า 7a

དམ་པའི་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མགོན་པོ་ཞེས་པ་ནི་བཅོམ་ལྡན་འདས་ལ་རྗེའོ་ཞེས་བོད་པའི་ཚིག་གོ། །བདག་ཅག་དེ་རིང་ཉན་ཐོས་གྱུར། །ཅེས་པ་ནི་གོ་སླའོ། །འོ་ན་རྒྱུ་མཚན་གང་གིས་ཉན་ཐོས་སུ་གྱུར་ཞེ་ན། བྱང་ཆུབ་དམ་པ་

ཡང་དག་བསྒྲགས་པར་བགྱི་ཞེས་སྨོས་ཏེ། བྱང་ཆུབ་དམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཞན་གྱིས་ཐོས་པར་བྱེད་པས་ཉན་ཐོས་སོ། །བྱང་ཆུབ་པའི་ཞེས་པ་ནི་འདིར་ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་ཅན་གྱི་ཉན་ཐོས་ཀྱི་བྱང་ཆུབ་ལ་ཟེར་བས་དེའི་ཕྱིར་འདིར་

དམ་པའི་སྒྲ་མ་སྨོས་སོ། །སྒྲ་ཡང་རབ་ཏུ་བརྗོད་ཅེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་ཅན་བྱང་ཆུབ་སྟོན་པར་བྱེད་པའི་སྒྲ་གཞན་དག་ལ་རབ་ཏུ་སྒྲོགས་པས་ཉན་ཐོས་སོ། །དེ་བས་བདག་ཅག་ཉན་ཐོས་ཞེས་པ་ནི་སྔར་བསྟན་པའི་དོན་གཉིས་ཀྱིས་ཉན་ཐོས་སུ་གྱུར་པའོ། །

མི་ཟད་འདྲ་ཞེས་པ་ནི་ཉན་ཐོས་ཀྱི་ཚིག་གི་བྱེ་བྲག་སྟེ། ཇི་ལྟར་མེས་ཤིང་ལ་སོགས་པ་བསྲེགས་པ་དེ་བཞིན་དུ་བདག་ཅག་གི་ཉོན་མོངས་པ་ཐམས་ཅད་བསྲེགས་པ་ན་མི་ཟད་པ་དང་འདྲ་བའོ། །གལ་ཏེ་བྱང་ཆུབ་གཉིས་ཐོབ་པར་བྱེད་པས་ཉན་ཐོས་ཞེས་ཟེར་ན། བྱང་ཆུབ་སེམས་དཔའ་

ཡང་བྱང་ཆུབ་གཉིས་ཐོབ་པར་བྱེད་པས་ཉན་ཐོས་སུ་འགྱུར་རོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་ཀྱི་བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་

བྱེད་དུ་ཟིན་ཀྱང་ངོ་། །འོ་ན་ཉན་ཐོས་སུ་ཅིའི་ཕྱིར་མི་འགྱུར་ཞེ་ན། ལན་ནི་དེ་ལྟ་ཡིན་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་མོད་ཀྱི་ཞེས་པ་ནི་བྱང་ཆུབ་གཉིས་ཐོབ་པར་བྱེད་ཀྱང་ངོ་། །དེ་ལྟ་ན་ཡང་སྒྲོགས་པར་བྱེད་པ་ཉིད་ཡིན་གྱི་ཞེས་པ་ནི་གང་བྱང་ཆུབ་གཉིས་རྣ་བའི་ཡུལ་

དུ་བྱེད་པ་ཉིད་དོ། །རྗེས་སུ་མཐུན་པ་ཞེས་བྱ་བ་ལ་སོགས་པས་ནི་ཉན་ཐོས་ཡིན་པའི་ཕྱིར་བྱང་ཆུབ་གཉིས་དང་རྗེས་སུ་མཐུན་པའི་ལམ་སྒྲུབ་པར་མི་བྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་གཉིས་ཀྱི་ལམ་ཤེས་པས་ཉན་ཐོས་སུ་ཐལ་བར་མི་འགྱུར་རོ་ཞེས་པའོ། །སངས་

เล่ม ๑๐๔ · หน้า 7b

རྒྱས་འབྲིང་གི་ཚིག་གི་དོན་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་སངས་རྒྱས་ཀྱི་སྒྲ་འཇུག་པས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་དེ་ཡང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་གསུམ་ཀ་ལ་ཡོད་པ་ཡིན་པས་སངས་རྒྱས་ཀྱི་སྒྲས་རང་སངས་རྒྱས་ཀྱང་བརྗོད་པ་ཡིན་ནོ། །གལ་ཏེ་དེ་ཁོ་ན་ཉིད་རྟོགས་པ་ལ་ཁྱད་པར་མེད་པས་རང་སངས་རྒྱས་ལ་ཉན་ཐོས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ཅིའི་ཕྱིར་མི་ཟེར་ཞེ་ན། དེ་ལ་ལན་ནི་དེ་

དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་ཞེས་པ་ནི་རང་སངས་རྒྱས་སོ། །བསོད་ནམས་དང་ཡེ་ཤེས་གོང་དུ་འཕེལ་བའི་ཁྱད་པར་གྱིས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་གོང་དུ་འཕེལ་བའི་ཁྱད་པར་ནི་རང་སངས་རྒྱས་རྣམས་ཀྱིས་གཟུང་བའི་རྣམ་པར་རྟོག་པ་སྤངས་ལ། ཉན་

ཐོས་རྣམས་ཀྱིས་མ་སྤངས་པས་སོ། །བསོད་ནམས་གོང་དུ་འཕེལ་བའི་ཁྱད་པར་ནི་ཡེ་ཤེས་གོང་དུ་འཕེལ་བའི་ཁྱད་པར་དང་ལྡན་པ་ལས་ཤེས་པར་བྱའོ། །གཞན་དུ་ན་ཉན་ཐོས་རྣམས་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་ཡེ་ཤེས་གོང་དུ་འཕེལ་བར་མི་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་

ཚོགས་ཞེས་པའི་བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ཀྱི་ཚོགས་ནི་བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་ཀའི་རྒྱུའོ། །དེའི་ཕྱིར་དེ་གཉིས་ཀྱི་བར་དུ་

སྨོས་སོ། །ཐུགས་རྗེ་ཆེན་པོ་དང་ཞེས་པ་ནི་དམིགས་པ་མེད་པའི་ཐུགས་རྗེའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནི་གདུལ་བྱའི་དབང་དུ་བྱས་ནས་སངས་རྒྱས་ཀྱི་གནས་སྐབས་ཀྱི་སྒྲིབ་པ་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གང་ཡིན་པའོ། །སོགས་པའི་སྒྲས་སྟོབས་བཅུ་

ལ་སོགས་པ་གཟུང་བར་བྱའོ། །དེ་རྣམས་མེད་པས་སངས་རྒྱས་རྣམས་ལས་དམན་པ་ཡིན་པས་ཉན་ཐོས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བར་ན་ཡོད་པའི་ཕྱིར་སངས་རྒྱས་འབྲིང་ངོ་ཞེས་བརྗོད་དོ། །དེ་ལྟར་སངས་རྒྱས་འབྲིང་པོའི་ཚིག་གི་དོན་བསྟན་ནས།

เล่ม ๑๐๔ · หน้า 8a

སངས་རྒྱས་འབྲིང་པོའི་རྣམ་གྲངས་གཞན་རང་སངས་རྒྱས་ཞེས་པའི་ཚིག་གི་དོན་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་ཞེས་པ་ནི་ཉན་ཐོས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་ན་ཡོད་པས་སོ། །

དེ་དག་ནི་ཞེས་པ་ནི་སངས་རྒྱས་འབྲིང་པོའོ། །ཉེ་བར་མ་བསྟན་པར་ཡེ་ཤེས་བྱུང་ཞེས་པ་ནི་སྔོན་གྱི་སྐྱེ་བ་སྔ་མ་ལ་དེ་ཁོ་ན་ཉིད་མཉན་པ་ལ་སོགས་པའི་བག་ཆགས་ཀྱི་དབང་གིས་གཞན་གྱིས་བསྟན་པ་མེད་པར་ཡེ་ཤེས་སྐྱེ་བར་འགྱུར་བས་སོ། །བདག་ཉིད་གཅིག་པུ་སངས་རྒྱས་པར་རང་

སངས་རྒྱས་སོ་ཞེས་པ་ནི་གཞན་རྣམས་ལ་ཆོས་མི་སྟོན་པར་བདག་གཅིག་པུ་སངས་རྒྱས་པར་འགྱུར་བས་རང་སངས་རྒྱས་ཞེས་བྱའོ། །དེ་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚིག་གི་དོན་བསྟན་ནས། ཐུབ་དབང་སྐྱེས་ཞེས་བྱ་བའི་ཚིག་གི་དོན་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་

བཤད་པའི་ཚུལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སངས་རྒྱས་བྱུང་བར་གྱུར་པ་ན་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པའི་རིགས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་བདག་གིས་ཆོས་བསྟན་པ་ལས་སྐྱེས་པ་ཡིན་པས་ཐུབ་དབང་སྐྱེས་སོ། །གལ་ཏེ་རང་སངས་རྒྱས་རྣམས་ལ་ཡེ་

ཤེས་བྱུང་བས་ཐུབ་དབང་སྐྱེས་ཞེས་ཅི་ལྟར་བརྗོད་ཅེ་ན། མ་ཡིན་ཏེ་རང་སངས་རྒྱས་རྣམས་སྐྱེ་བ་འདི་དག་ལ་རང་འབྱུང་གི་ཡེ་ཤེས་སྐྱེ་རུ་ཟིན་ཀྱང་། དེ་ལྟར་ན་ཡང་སྐྱེ་བ་གཞན་དུ་ཆོས་བསྟན་པ་ཐོས་པ་ལ་སོགས་པ་མེད་པར་རང་འབྱུང་གི་ཡེ་ཤེས་མི་འགྲུབ་པས་དེ་རྣམས་ཀྱང་ཐུབ་དབང་ལས་

སྐྱེས་སོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་ཚིག་གི་འབྲེལ་པ་བསྟན་པར་བྱ་བའི་ཕྱིར། ཡང་ཐུབ་པའི་དབང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །ཞེས་པ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ལས་དེ་མ་ཐག་ཏུ་

སངས་རྒྱས་ཀྱི་གནས་སྐབས་སྐྱེ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཉིད་དུ་སེམས་བསྐྱེད་པའི་རང་བཞིན་ཅན་ཡང་དག་པར་སྐུལ་བར་བྱེད་པས་བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་རྣམས་འབྱུང་ཞེས་བསྟན་ཏོ། །དེ་ལ་གཞན་ནི་རྒོལ་བ་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་

เล่ม ๑๐๔ · หน้า 8b

བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ལན་བསྟན་པར་བྱ་བའི་ཕྱིར། འདི་ནི་བདེན་མོད་ཀྱི་ཞེས་སྨོས་ཏེ། སངས་རྒྱས་ཀྱིས་ཆོས་བསྟན་པ་ལས་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་དེ་བདེན་པའོ། །གལ་ཏེ་བདེན་པ་ཡིན་ན་ཅིའི་ཕྱིར་ཁས་མི་ལེན་ཞེ་ན། དེ་ལ་ལན་ནི་འོན་ཀྱང་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། འོན་ཀྱང་ཞེས་པ་ནི་ཁྱད་པར་སྟོན་པ་ཡིན་ཏེ། ཁྱོད་ཀྱིས་སྨྲས་པ་དེ་དག་ཁྱད་ཡོད་དོ་ཞེས་པའི་དོན་ཏོ། །ཁྱད་པར་བསྟན་པར་བྱ་བའི་ཕྱིར། རྒྱུ་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའི་ཚིག་གོ། །

གནས་སྐབས་ཀྱི་ཁྱད་པར་དང་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བསྟན་པའི་ཚིག་གོ། །དེ་ལ་གནས་སྐབས་ཀྱི་ཁྱད་པར་ལས་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་རྒྱས་པར་སྟོན་པའི་ཚིག་གོ། །འདིའི་དོན་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་སྐབས་ཀྱི་དེ་མ་ཐག་

ཏུ་སངས་རྒྱས་ཀྱི་གནས་སྐབས་འབྱུང་བ་ཡིན་པས་གནས་སྐབས་ཀྱི་ཁྱད་པར་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་ལ་ཡོད་པ་དང་། ཕལ་ཆེར་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོར་སྐུལ་བར་བྱེད་པས་བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་

འབྱུང་ཞེས་བྱ་བའི་དོན་ཏོ། །དེ་ལ་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་པའི་རྒྱུ་མཚན་གཉིས་ཀྱིས་སོ། །འབྲས་བུའི་མཐར་ཐུག་ཅེས་པ་ནི། སངས་རྒྱས་འཐོབ་པའོ། །རྒྱུ་གཙོ་བོར་གྱུར་པ་ལ་ལྟོས་ནས་ཞེས་པ་ནི་

བྱང་ཆུབ་སེམས་དཔའ་རྒྱུའི་གཙོ་བོ་རྣམས་ལ་ལྟོས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལས་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་

མཛད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་ཉིད་ཀྱི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མཛད་པ་ཡིན་ནོ་ཞེས་འབྲེལ་ལོ། །ཅིའི་ཕྱིར་རྒྱུ་ཕུན་སུམ་ཚོགས་པ་ལ་ཆེས་བརླིང་

เล่ม ๑๐๔ · หน้า 9a

བ་ཡིན་པའི་ཕྱིར་རོ་ཞེས་སྨོས་ཏེ། གནས་སྐབས་ཀྱི་ཁྱད་པར་དང་ཡང་དག་པར་སྐུལ་བར་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས། སངས་རྒྱས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཉིད་དོ། །དེ་ཡང་ཆེས་བརླིང་བ་ཡིན་ཏེ། དེ་མེད་ན་སངས་རྒྱས་ཉིད་མི་

འགྲུབ་པས་སོ། །དགོས་པ་གཉིས་པ་བསྟན་པར་བྱ་བའི་ཕྱིར། རྒྱུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཡང་རྒྱུ་ལས་མཆོད་པར་བརྗོད་པ་ཉིད་ཀྱི་དོན་གྱིས་འཕངས་པས་འབྲས་བུ་ལ་མཆོད་པར་བརྗོད་པ་ཉིད་དུ་བསྟན་པར་བྱ་ཞིང་ཞེས་པ་དང་འབྲེལ་ལོ། །དེ་ལ་རྒྱུ་

ལ་མཆོད་པར་བརྗོད་པ་ནི་བྱང་ཆུབ་སེམས་དཔའ་ལའོ། །འབྲས་བུ་ལ་མཆོད་པར་བརྗོད་པ་ནི་སངས་རྒྱས་ལའོ། །དགོས་པ་གསུམ་པ་བསྟན་པར་བྱ་བའི་ཕྱིར། སྨན་གྱི་ལྗོན་ཤིང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨན་གྱི་ལྗོན་ཤིང་ཆེན་པོ་ཞེས་པ་ནི་ལྗོན་ཤིང་གང་ལ་

ཨ་རུ་ར་ལ་སོགས་པའི་སྨན་འབྱུང་བ་དེ་ལ་སྨན་གྱི་ལྗོན་ཤིང་ཆེན་པོ་ཞེས་བྱའོ། །ཤིང་ཡིན་ཡང་སྐམས་པའི་དུས་སུ་འབྲས་བུ་མེད་པས་དེ་དགག་པའི་ཕྱིར། མྱུ་གུ་ལ་སོགས་པ་མཐོང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མྱུ་གུ་ལ་སོགས་པ་དང་ལྡན་ཡང་ཏར་ཀའི་རིགས་

འགའ་ཞིག་བཞིན་དུ་འབྲས་བུ་མེད་པ་ཡང་མཐོང་བས་དེ་དགག་པའི་ཕྱིར། འབྲས་བུ་དཔག་ཏུ་མེད་པ་སྟེར་བ་ཞེས་སྨོས་སོ། །འདིའི་དོན་ནི་ཇི་ལྟར་འབྲས་བུ་དཔག་ཏུ་མེད་པ་སྟེར་བར་བྱེད་པ་དེ་བཞིན་དུ་སྨན་གྱི་ལྗོན་ཤིང་བཞིན་དུ་འབད་ནས་སྲུང་བར་བྱེད་པ་དེ་བཞིན་དུ། བྱང་ཆུབ་

སེམས་དཔའི་གནས་སྐབས་ཀྱང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་འབྲས་བུ་སངས་རྒྱས་སྟེར་བར་བྱེད་པས་ཤིན་ཏུ་འབད་པས་བསྲུང་བར་བྱ་བ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར། སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔགས་པ་བརྗོད་པ་ཡིན་ནོ་ཞེས་པའོ། །

དགོས་པ་བཞི་བསྟན་པར་བྱ་བའི་ཕྱིར། དུས་དེར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་དེར་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔགས་པ་བརྗོད་པའི་ཚེའོ། །ཉེ་བར་གྱུར་ཅིང་ཞེས་པ་ནི་དྲུང་ན་འཁོད་པ་རྣམས་སོ། །ཐེག་པ་གསུམ་ལ་བཀོད་པའི་སེམས་ཅན་གྱི་

เล่ม ๑๐๔ · หน้า 9b

ཕུང་པོ་ཞེས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་སྦྱར་བའི་སེམས་ཅན་གྱི་ཚོགས་སོ། །ཐེག་པ་ཆེན་པོ་ཉིད་ལ་ཞེས་པ་ནི་གང་གི་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་སྟེ་ལམ་མོ། །དེ་ལ་ཡང་ཆེན་པོ་སྟེ། ཆེན་

པོ་བདུན་དང་ལྡན་པས་སོ། །དེ་ལ་ཆེན་པོ་བདུན་ནི་དམིགས་པ་དང་། སྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་དང་། ཐོབ་པ་དང་། ཕྲིན་ལས་སོ། །དེ་ལ་དམིགས་པ་ཆེ་བ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་བསྟན་པའི་ཆོས་དཔག་ཏུ་མེད་པ་ལ་

དམིགས་པས་སོ། །སྒྲུབ་པ་ཆེན་པོ་བདག་དང་གཞན་གྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ། །ཡེ་ཤེས་ཆེ་བ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པས་སོ། །བརྩོན་འགྲུས་ཆེ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་བརྒྱ་སྟོང་དུ་མ་ལ་སྦྱོར་བར་བྱེད་པའོ། །

ཐབས་ཆེ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པས་སོ། །ཐོབ་པ་ཆེ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དཔག་ཏུ་མེད་ཅིང་བགྲང་དུ་མེད་པའི་ཡོན་ཏན་ཐུགས་སུ་ཆུད་པས་སོ། །ཕྲིན་ལས་ཆེན་པོ་ནི་འཁོར་བ་ཇི་སྲིད་ཀྱི་

བར་དུ་མངོན་པར་བྱང་ཆུབ་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་རྗེས་སུ་སྒྲུབ་པར་བྱེད་པས་སོ། །དེ་ཉིད་ཀྱི་ཕྱིར་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་དང་དེ་བཞིན་དུ། །གཉིས་པོ་སྒྲུབ་པར་བྱེད་པ་དང་། །བརྩོན་འགྲུས་རྩོམ་དང་ཡེ་ཤེས་ནི། །ཐབས་ལ་མཁས་པ་ཉིད་དག་དང་། །

ཐོབ་པ་ཆེན་པོ་ཉིད་དག་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་དེ་རྣམས་དང་ལྡན་པས། །ཐེག་པ་ཆེན་པོ་ཞེས་ནི་བརྗོད། །ཅེས་གསུངས་སོ། །ངེས་པར་སྦྱར་བར་བྱ་བའི་ཕྱིར་ཞེས་པ་ནི་བསྐུལ་བར་བྱ་བའི་ཕྱིར་རོ། །འདིའི་དོན་ནི་གང་གི་ཚེ་བྱང་ཆུབ་སེམས་

དཔའ་རྣམས་ཀྱི་བསྔགས་པ་བརྗོད་པ་དེའི་ཚེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་བཀོད་པ་ལ་ཡང་ཉེ་བར་གནས་པ་ཡིན་ན་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔགས་པ་བརྗོད་པ་ཐོས་ནས་ངེས་པར་བྱང་ཆུབ་སེམས་དཔའི་ཐེག་པ་ཁོ་ན་དོན་དམ་པ་ཡིན་གྱི་གཞན་ནི་

เล่ม ๑๐๔ · หน้า 10a

དགོངས་པ་ཅན་ནོ་ཞེས་པའི་སེམས་སྐྱེའོ། །གཞན་དུ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔགས་པ་ཇི་ལྟར་བརྗོད། དེས་ན་བདག་ཀྱང་དོན་དམ་པའི་ཐེག་པ་ལ་འཇུག་པར་བྱའོ་སྙམ་པའི་སེམས་བསྐྱེད་པར་བྱ་བའི་ཆེད་

དུའོ་ཞེས་པའི་དོན་ཏོ། །དེ་ལྟར་རིགས་པས་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་འབྱུང་བར་བསྟན་ནས། ད་ནི་ལུང་གི་སྒོ་ནས་བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་འབྱུང་ངོ་ཞེས་བསྟན་པར་བྱ་བའི་ཕྱིར་དང་། མདོ་གང་ལས་སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའི་བསྔགས་

པ་བརྗོད་པ་དེ་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལ་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །བྱང་ཆུབ་སེམས་དཔའི་རྒྱུ་གང་ཡིན་ཞེས་དྲི་བ་བསྟན་པར་བྱ་བའི་ཕྱིར། ཡང་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལ་ལན་ནི་སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡིག་པའི་ཆོས་ལས་རྒྱལ་བས་རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ཀྱི་སྙིང་པོ་ཅན་ཡིན་པས། རྒྱལ་བའི་

སྲས་ནི་བྱང་ཆུབ་སེམས་དཔའོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སྙིང་རྗེ་དང་ལྡན་པའི་སེམས་དང་། དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རང་བཞིན་ཅན་གཉིས་སུ་མེད་པའི་བློ་དང་། བརྡ་ལས་བྱུང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རྒྱུ་ཡིན་ནོ་ཞེས་པའོ། །དེ་འགྲེལ་

པས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འཆད་པར་འགྱུར་བའི་རྣམ་པ་ནི་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་བྱེ་བྲག་དང་གསུམ་སྟེ། དམིགས་པའི་སྒོ་ནས་རང་བཞིན་སྟོན་པས་སོ། །དེ་ཡང་དང་

པོར་བདག་ཏུ་ཞེས་བྱ་བ་ལ་སོགས་པས་སྟོན་པར་འགྱུར་རོ། །དངོས་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དང་། དངོས་པོ་མེད་པ་དང་། ཡོད་པ་དང་། མེད་པ་དང་། རྟག་པ་དང་། ཆད་པ་ལ་སོགས་པ་མཐའ་གཉིས་དང་བྲལ་བ་ནི་གཉིས་སུ་མེད་པའི་ཤེས་རབ་བོ། །བརྡ་ལས་

เล่ม ๑๐๔ · หน้า 10b

བྱུང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཆོས་ཐམས་ཅད་ཁོང་དུ་ཆུད་པར་བགྱིའོ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་བསྟན་ཏོ། །དེ་ལ་ཆོས་ཐམས་ཅད་ཁོང་དུ་ཆུད་པ་ནི་རྣམ་པ་ཐམས་ཅད་ཁོང་དུ་

ཆུད་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བྱང་ཆུབ་ཀྱི་སེམས་ལས་བྱུང་བར་འགྱུར་ཞེས་ཤེས་པར་བྱ་སྟེ། བརྡ་ལས་བྱུང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་བརྒྱུད་པའི་རྒྱུ་ཡིན་པས་སོ། །འོ་ན་བྱང་ཆུབ་སེམས་དཔའི་རང་བཞིན་གང་ཞེ་ན། དེ་ལ་ལན་

ནི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་རྣམས་ཀྱི་དབྱིངས་ནི་སྟོང་པ་ཉིད་དོ། །དེ་དང་མཉམ་པ་ནི་ཆོས་ཐམས་ཅད་དེ། ཇི་ལྟར་སྟོང་པ་ཉིད་ལ་རང་བཞིན་གང་ཡང་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ངོ་། །མཉམ་པ་ཉིད་དེ་ཡང་ཐ་དད་པར་བརྟགས་ནས་བསྟན་པའོ། །

རྒྱུ་དང་རྐྱེན་གྱིས་བསྐྱེད་པས་གློ་བུར་དུ་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་སྐྱེས་མ་ཐག་ཏུ་འཇིག་པས་ན་མི་གནས་པའོ། །གློ་བུར་དུ་བྱུང་བ་དང་། མི་གནས་པའི་རྒྱུ་མཚན་དེ་གཉིས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཏེ། བཅོས་མ་མ་ཡིན་པ་དང་། མི་འཇིག་པ་གང་ཡིན་པ་དེ་རང་བཞིན་

ཡིན་པས་སོ། །དེས་ན་ཆོས་ཐམས་ཅད་དབྱིངས་དང་མཉམ་པའོ། །ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་སྟེ་ཞེས་པ་ནི་བསྒྲུབ་པར་བྱའོ། །ཤེས་པར་བགྱི་བ་ཙམ་དང་ཞེས་པ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་ཟླ་བ་གཉིས་སུ་སྣང་བ་ལ་སོགས་པ་དེ་བཞིན་དུ་ཤེས་པར་བྱ་བ་

ཙམ་ཡིན་གྱི་དེ་རྣམས་ལ་རང་བཞིན་ཡོད་པ་མ་ཡིན་ནོ། །དེས་ན་ཤེས་པར་བྱ་བ་མ་ཡིན་ཏེ། རང་བཞིན་ཁོ་ན་ཤེས་པར་བྱ་བ་ཡིན་པས་སོ། །ཤེས་པ་པོས་སྟོང་པའི་ཕྱིར་རོ་ཞེས་པ་ནི་གལ་ཏེ་ཤེས་པ་པོ་ཡོད་པར་གྱུར་ན་དེའི་ཚེ་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་བ་ལས་འཆད་པར་འགྱུར་

བའི་རྣམ་པར་ཤེས་པ་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ནོ། །འདིའི་དོན་ནི་གང་གི་ཕྱིར་ཆོས་ཐམས་ཅད་ཤེས་པས་ཡུལ་དུ་བྱས་པ་ཙམ་ཡིན་པ་དང་ཤེས་པ་པོས་སྟོང་པ་དེའི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་རང་བཞིན་གྱིས་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་

เล่ม ๑๐๔ · หน้า 11a

ཏོ། །ཆོས་ཉིད་ཞེས་པ་ནི་སྟོང་པ་ཉིད་དོ། །འདི་ལྟ་བུ་འདི་ཞེས་པ་ནི་ཆོས་ཀྱི་དབྱིངས་དང་མཉམ་པ་ལ་སོགས་པ་དང་། ཆོས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པའི་རྣམ་པས་སོ། །སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སེམས་

ཅན་རྣམས་ལ་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་རང་ཉིད་ཀྱིས་ཆོས་ཉིད་ཁོང་དུ་ཆུད་པ་མེད་པས་མི་སྲིད་པས་རང་གི་བྱང་ཆུབ་ཤུགས་ཀྱིས་འཕངས་པ་ཡིན་ནོ། །དེས་ན་གཞན་གྱི་དོན་གྱི་ཆེད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པར་མངོན་པར་འདོད་པའི་རང་བཞིན་

ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པས་བསྟན་ནོ། །བྱང་ཆུབ་ཀྱི་སེམས་དེའི་ཁྱད་པར་བརྗོད་པའི་སྒོ་ནས་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་

པ་དང་། བདེ་བར་བྱེད་པ་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཉིད་ལ་ཕན་པ་དང་བདེ་བའི་སེམས་ཞེས་བྱའོ། །དེ་ལ་ཕན་པའི་སེམས་ནི་སེམས་ཅན་རྣམས་བདེ་འགྲོ་དང་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་གང་ཡིན་པའོ། །བདེ་བ་ནི་སྐྱེ་བ་འདི་ལ་དགེ་བའི་ལས་ལ་སྦྱོར་བར་བྱེད་པ་གང་

ཡིན་པའོ། །དེ་ཉིད་ཀྱི་ཕྱིར་བླ་ན་མེད་པའི་སེམས་ཕན་པ་དང་བདེ་བའི་སེམས་ལས་གོང་ན་སེམས་གཞན་མེད་པས་སོ། །གང་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལ་ཚད་མེད་པ་བཞི་དང་ལྡན་པས་ཚད་མེད་པ་བཞིས་ཁྱད་པར་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པར་བྱ་བའི་

ཕྱིར། བྱམས་པས་ཞེས་པ་ལ་སོགས་པ་སྨོས་ཏེ། བྱམས་པས་གཉེན་པའི་སེམས་དང་ཞེས་པ་ནི་བདེ་བ་དང་ལྡན་པར་འདོད་པའི་རྣམ་པས་བྱམས་པ་ཞེ་སྡང་གི་གཉེན་པོ་ཡིན་པས། བྱམས་པས་གཉེན་པོར་འགྱུར་བའི་སེམས་ཞེས་སྨོས་ཏེ། གཉེན་པོས་དངོས་པོ་གཞན་ལ་གོས་

པར་འགྱུར་གྱི། རྩུབ་པས་ནི་མ་ཡིན་ནོ། །དེ་བཞིན་དུ་བྱམས་པའི་སྟོབས་ཀྱིས་སེམས་ཅན་རྣམས་ལ་སེམས་གོས་པར་འགྱུར་བ་ཡིན་གྱི། ཕྱིར་ཕྱོགས་པས་ནི་མི་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །སྙིང་རྗེས་མི་ཟློགས་པའི་སེམས་དང་ཞེས་པ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་

เล่ม ๑๐๔ · หน้า 11b

ཅན་གྱི་སྙིང་རྗེས་སེམས་ཅན་གྱི་སྡུག་བསྔལ་གྱིས་སྐྱོ་བར་མི་འགྱུར་བས་སྙིང་རྗེའི་སྟོབས་ཀྱིས་མི་ཟློགས་པའི་སེམས་དང་ལྡན་པར་འགྱུར་བས་སོ། །དགའ་བས་འགྱོད་པ་མ་མཆིས་པའི་སེམས་དང་ཞེས་པ་ནི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་དང་མི་འབྲལ་བར་འདོད་པའི་རྣམ་པ་

ཅན་གྱི་དགའ་བས་ཕྱིས་འགྱོད་པ་མི་སྐྱེ་བའོ། །བཏང་སྙོམས་ཀྱི་དྲི་མ་མཆིས་པའི་སེམས་དང་ཞེས་པ་ནི་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། སྡུག་བསྔལ་བ་དང་། བདེ་བ་དང་ལྡན་པའི་སེམས་རྣམ་པ་གསུམ་ལ་རིམ་པ་བཞིན་དུ་ཉོན་མོངས་པའི་གཏི་མུག་དང་།

ཞེ་སྡང་དང་། འདོད་ཆགས་དང་བྲལ་བའི་བསམ་པའི་མཚན་ཉིད་ཅན་བཏང་སྙོམས་ཀྱི་དྲི་མ་མེད་པའི་སེམས་ཡིན་ཏེ། སེམས་ཅན་རྣམས་ལ་སེམས་དྲི་མ་མེད་པས་སོ། །གང་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་ལ་ཏིང་ངེ་འཛིན་གསུམ་དང་ལྡན་པར་འགྱུར་བས་ཏིང་ངེ་འཛིན་གསུམ་གྱི་སྒོ་

ནས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་སྟོན་པ་ནི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་ཀྱིས་མི་འགྱུར་བའི་སེམས་དང་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་རང་བཞིན་ཅན་གང་ཟག་དང་ཆོས་ཀྱི་བདག་མེད་མཐོང་བས་སེམས་གནས་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་

འགྱུར་བ་མེད་པའི་སེམས་ཡིན་ཏེ། རྣམ་པར་མི་རྟོག་པ་ཉིད་ཀྱིས་རྣམ་པར་རྟོག་པས་སེམས་འགྱུར་བ་མེད་པའི་ཕྱིར་རོ། །མཚན་མ་མ་མཆིས་པས་དམིགས་པ་མ་མཆིས་པའི་སེམས་དང་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་དངོས་པོའི་དེ་ཁོ་ན་ཉིད་ལ་རྣམ་པར་རྟོག་པའི་རྒྱུ་མཚན་དུ་གྱུར་པ་ཕུང་པོ་ལྔ་སྤངས་

ནས་ཇི་ལྟ་བ་བཞིན་དུ་ཞི་བར་ཡིད་ལ་བྱེད་པས་སེམས་གནས་པའི་མཚན་ཉིད་ཅན་དམིགས་པ་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་པ་མེད་པའི་སེམས་ཏེ། ཉེར་ལེན་གྱི་ཕུང་པོ་ལྔ་ལ་མི་དམིགས་པས་སོ། །སྨོན་པ་མ་མཆིས་པས་མི་གནས་པའི་སེམས་ཞེས་པ་ནི་བརྗོད་དུ་མེད་པའི་རང་བཞིན་

ཅན་གྱི་དངོས་པོ་དེ་ཉིད་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པས་ཀུན་ནས་བསློང་བའི་ཉོན་མོངས་པ་དང་། སྡུག་བསྔལ་གྱིས་ཡོངས་སུ་བཟུང་བས་སྐྱོན་རྣམ་པ་དུ་མས་སྐྱོན་དང་ལྡན་པར་མཐོང་ནས་ཕྱིས་ཀྱི་དུས་སུ་དེ་ལ་མི་སྨོན་པ་སྔོན་དུ་འགྲོ་བས་སེམས་གནས་པའི་མཚན་ཉིད་ཅན་སྨོན་པ་མ་མཆིས་

เล่ม ๑๐๔ · หน้า 12a

པས་མི་གནས་པའི་སེམས་ཞེས་པའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལ་རིན་པོ་ཆེའི་ཕྲེང་བ་དཔང་པོར་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། བྱང་ཆུབ་སེམས་དཔའ་དེའི་རྩ་བ་ནི་རི་རབ་བཞིན་དུ་བརྟན་པའི་བྱང་ཆུབ་ཀྱི་སེམས་དང་། ཕྱོགས་ཐམས་ཅད་དུ་ཁྱབ་པའི་སྙིང་རྗེ་དང་། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་མཐའ་དང་བྲལ་བའི་ཡེ་ཤེས་ཞེས་གསུངས་པས་སོ། །གལ་ཏེ་གསུམ་ཀ་བྱང་ཆུབ་སེམས་

དཔའི་རྒྱུ་ཡིན་ན་སྙིང་རྗེ་ལ་ཅིའི་ཕྱིར་བསྟོད་པར་བྱེད་ཅེ་ན། དེ་ལ་ལན་ནི་བྱང་ཆུབ་ཀྱི་སེམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སྙིང་རྗེ་གཙོ་བོར་བསྟན་པར་བྱ་བའི་ཕྱིར། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་རྒྱལ་བའི་ལོ་ཏོག་ཕུན་སུམ་ཚོགས་པའི་ས་བོན་

སྙིང་རྗེ་ཁོ་ན་ཡིན་པ་དེའི་ཕྱིར་དང་པོར་སྙིང་རྗེ་ལ་བསྟོད་པ་དང་། དེ་བཞིན་དུ་རྒྱལ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་ལ། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་ལ་སོགས་པའི་རིམ་པས་འཕེལ་བར་བྱེད་པའི་རྒྱུ་ཆུ་ལྟ་བུའི་སྙིང་རྗེ་ཁོ་ན་ཡིན་པ་དང་། དེ་བཞིན་དུ་གང་གི་ཕྱིར་རྒྱལ་བའི་ལོ་ཏོག་ཕུན་

སུམ་ཚོགས་པ་ལ་ཡུན་རིང་དུ་ལོངས་སྤྱོད་པའི་རྒྱུ་སྨིན་པ་དང་འདྲ་བ་སྙིང་རྗེ་ཁོ་ན་དང་། དེ་བཞིན་དུ་ཆོས་བསྟན་པའི་སྒོ་ནས་རྒྱུད་ལས་རྒྱལ་བའི་ལོ་ཏོག་རྒྱུན་མི་འཆད་པར་འབྱུང་བའི་རྒྱུ་སྨིན་པ་ལྟ་བུ་སྙིང་རྗེ་ཁོ་ན་ཡིན་པ་དེའི་ཕྱིར་ངས་དང་པོར་སྙིང་རྗེ་ཁོ་ན་ལ་བསྟོད་པར་བགྱིའོ་ཞེས་པའི་དོན་ཏོ། །

དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུའི་འབྲས་བུ་ལ་སོགས་པས་སོ། །སོགས་པས་ནི་ཤིང་ཐོག་ལ་སོགས་པ་བསྡུ་བའོ། །ཕུན་སུམ་ཚོགས་པ་ནི་རྣམ་གྲངས་མང་པོའོ། །ས་བོན་དང་བཅས་ཞེས་པ་ལ་སོགས་པ་ནི་དང་པོ་ཉེ་བར་མཁོ་

བ་ས་བོན་ཡིན་ཏེ། དེ་མེད་ན་འབྲས་བུ་མི་འབྱུང་བས་སོ། །བར་དུ་མཁོ་བ་ཆུ་སྟེ། དེ་མེད་ན་མྱུ་གུ་དང་། འདབ་མ་དང་། ཡལ་ག་ལ་སོགས་པ་མི་འབྱུང་བས་སོ། །ཐ་མ་ཉེ་བར་མཁོ་བ་སྨིན་པ་ཡིན་ཏེ། དེ་མེད་ན་ཡུན་རིང་དུ་ལོངས་སྤྱད་དུ་མེད་པ་དང་། བརྒྱུད་ནས་གཞན་དང་གཞན་མི་སྐྱེ་བས་

เล่ม ๑๐๔ · หน้า 12b

ཡུན་རིང་དུ་གནས་པར་མི་འགྱུར་བས་སོ། །འོ་ན་བར་དང་ཐ་མར་ཡང་ས་བོན་དང་ཆུ་ཉེ་བར་མཁོ་བས་བར་དུ་ཆུ་ལ་ཐ་མར་སྨིན་པ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། དེ་ལྟ་བུའི་དོགས་པ་བསལ་བའི་ཆེད་དུ་གཙོ་བོ་ཞེས་སྨོས་སོ། །ས་བོན་དང་ཆུ་བར་དང་ཐ་མར་ཉེ་བར་མཁོ་བ་ཡིན་དུ་ཟིན་ཀྱང་བར་དུ་

ཆུ་དང་། ཐ་མར་སྨིན་པ་གཙོ་བོ་ཡིན་པས་དེ་ལྟར་བརྗོད་ཀྱི། ཉེ་བར་མཁོ་བར་བྱ་བ་ཙམ་གྱི་དབང་དུ་བྱས་ནས་ནི་མ་ཡིན་ནོ། །དུས་གསུམ་ཆར་དུ་ཡང་ཞེས་པ་ནི་དང་པོ་དང་། བར་དང་། ཐ་མར་རོ། །རྒྱལ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་ལ་དུས་གསུམ་དུ་སྙིང་རྗེ་ཉེ་བར་མཁོ་བར་བསྟན་

པར་བྱ་བའི་ཕྱིར། འདི་ལྟར་སྙིང་རྗེ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལ་དཔང་པོ་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཆེན་པོ་ལ་སྨོད་པ་སྤང་བར་བྱ་བའི་ཆེད་དུ་བརྩམས་སོ། །གང་ཐེག་པ་

ཆེན་པོར་སྙིང་རྗེ་སྔོན་དུ་འགྲོ་བ་ཅན་བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྤྱོད་པ་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་ཞེན་པའི་དྲི་མ་དང་བྲལ་བར་གསུངས་པའི་ཐེག་པ་ཆེན་པོ་དེ་ལ་སེམས་དང་ལྡན་པ་སུ་ཞིག་སྨོད་པར་བྱེད། གང་སེམས་དང་མི་ལྡན་པ་འགའ་

ཞིག་སྨོད་པར་ཟད་ཀྱི་སེམས་དང་ལྡན་པས་ཇི་ལྟར་སྨོད་ཅེས་པའི་ཐ་ཚིག་གོ། །འདིར། སྙིང་རྗེ་སྔོན་བཏང་སྤྱོད་ཀུན་དང་། །ཡེ་ཤེས་དྲི་མ་མེད་བཤད་པ། །ཞེས་པའི་ལུང་འདིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཅན་སྙིང་རྗེ་ཡིན་པར་བསྟན་ནོ། །ད་ནི་བར་དུ་སྙིང་རྗེ་ཉེ་བར་མཁོ་

བའི་དབང་དུ་བྱས་ནས། བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་རྗེ་ཁོ་ན་ཆུ་ཡིན་པའོ། །ཡང་དང་ཡང་དུ་སྟེ་སྐད་ཅིག་སོ་སོ་ལའོ། །བཅུས་པར་མ་གྱུར་ན་སྟེ་སྙིང་རྗེ་དང་མི་ལྡན་ནའོ། །འབྲས་བུའི་ཚོགས་ནི་སེམས་ཅན་མཐའ་ཡས་པའི་དོན་བྱེད་པའི་ཕྱིར།

སྟོབས་དང་། མི་འཇིགས་པ་ལ་སོགས་པའི་ཆོས་རྣམས་འབྲས་བུའི་ཚོགས་ཏེ། སངས་རྒྱས་ཉིད་ཅེས་པའི་ཐ་ཚིག་གོ། །མ་བསགས་པ་ནི་སྙིང་རྗེ་མེད་པར་གྱུར་ན་ཚོགས་རྒྱ་ཆེན་པོ་མི་སོགས་པས་སོ། །ཉན་ཐོས་དང་ཞེས་བྱ་བ་ལ་སོགས་པ་ནི་མར་མེ་ཤི་བ་བཞིན་དུ་ཉན་ཐོས་དང་རང་སངས་

เล่ม ๑๐๔ · หน้า 13a

རྒྱས་ཀྱི་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདའ་བར་འགྱུར་རོ། །ཐ་མར་ཡང་སྙིང་རྗེ་ཉེ་བར་མཁོ་བར་བསྟན་པར་བྱ་བའི་ཕྱིར། འབྲས་བུ་མཐའ་ཡས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བུ་མཐའ་ཡས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྒྲིབ་པ་བག་ཆགས་

དང་བཅས་པ་སྤངས་པའི་གནས་སྐབས་ཀྱི་ཐོབ་པ་གང་ཡིན་པ་སྟེ། སངས་རྒྱས་ཐོབ་པའི་གནས་སྐབས་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །སྙིང་རྗེའི་ཡོངས་སུ་སྨིན་པ་ནི་རང་གི་ངང་གིས་འཇུག་པའི་སྙིང་རྗེའོ། །བྲལ་བར་གྱུར་ན་སྟེ་སངས་རྒྱས་ཀྱི་གནས་སྐབས་དང་སྙིང་རྗེ་དང་མི་ལྡན་པར་གྱུར་

ནའོ། །འདི་ཞེས་པ་ནི་སངས་རྒྱས་སོ། །དུས་རིང་པོར་ཉེ་བར་ལོངས་སྤྱོད་པར་མི་འགྱུར་ལ་ཞེས་པ་ནི་ཆོས་ཀྱི་ལོངས་སྤྱོད་ཡུན་རིང་པོར་ཉེ་བར་ལོངས་སྤྱོད་པར་མི་འགྱུར་ཏེ། སྙིང་རྗེ་མེད་པས་མྱུར་དུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །སྙིང་རྗེས་ཡུན་རིང་དུ་གནས་པར་བསྟན་པར་བྱ་བའི་ཕྱིར།

འཕགས་པའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕགས་པའི་འབྲས་བུའི་ཚོགས་ཆེན་པོ་ཞེས་པ་ནི་སངས་རྒྱས་ཀྱི་མཚན་ཉིད་ཅན་ནོ། །རིམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཞེས་པ་ནི་སངས་རྒྱས་ལས་སངས་རྒྱས་གཞན་དེ་ལས་ཀྱང་གཞན་ནོ། །ཡུན་རིང་པོར་མངོན་པར་

འཕེལ་བར་མི་འགྱུར་རོ་ཞེས་པ་ནི་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་འཆད་པའི་རིམ་པ་དང་ལྡན་པར་མི་འགྱུར་ཏེ། སངས་རྒྱས་མངོན་པར་བྱང་ཆུབ་པའི་དེ་མ་ཐག་ཏུ་མྱ་ངན་ལས་འདའ་བས་ཆོས་བསྟན་པ་མེད་པའི་ཕྱིར་རོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་སྙིང་རྗེ་

གཙོ་བོ་ཉིད་ཡིན་པའི་རྒྱུ་མཚན་བསྟན་པའི་སྒོ་ནས་ཕྱག་འཚལ་ཏེ། ད་ནི་དམིགས་པའི་བྱེ་བྲག་ལ་འཇུག་པའི་སྒོ་ནས་ཀྱང་སྙིང་རྗེའི་རང་གི་ངོ་བོའི་ཁྱད་པར་གསལ་བར་བྱས་ཏེ། སྙིང་རྗེའི་ཁྱད་པར་ཕྱག་འཚལ་བ་བརྩམ་པར་འདོད་པས་ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པའི་

བྱེ་བྲག་ལ་ཞེས་པ་ནི་སྙིང་རྗེ་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དེ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་དམིགས་པ་ནི་སེམས་ཅན་རྣམས་སོ། །ཆོས་ལ་དམིགས་པའི་སྙིང་རྗེའི་དམིགས་པ་ནི་མི་རྟག་པའི་ཆོས་

เล่ม ๑๐๔ · หน้า 13b

རྣམས་སོ། །དམིགས་པ་མེད་པའི་སྙིང་རྗེའི་དམིགས་པ་ནི་སྒྱུ་མ་ལྟ་བུའི་ཆོས་རྣམས་སོ། །དེ་ལ་འཇུག་པ་ནི་དམིགས་པ་གང་ཡིན་པའོ། །ཀྱང་ཞེས་པ་ནི་གཙོ་བོར་བསྟན་པ་འབའ་ཞིག་གི་སྒོ་ནས་ཕྱག་འཚལ་བར་མ་ཟད་ཀྱི། འོན་ཀྱང་དམིགས་པའི་བྱེ་བྲག་ལ་འཇུག་པའི་སྒོ་ནས་སྙིང་

རྗེའི་རང་གི་ངོ་བོའི་ཁྱད་པར་མངོན་པར་གསལ་བར་བྱས་པ་ལ་ཡང་ངོ་ཞེས་པའོ། །དེ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བར་སྟོན་པ་ནི་དང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་བྱ་བར་འབྲེལ་ལོ། །འགྲོ་བ་དེ་དང་དེ་རུ་སྐྱེ་

ཞིང་འགྲོ་བས་འགྲོ་བ་སྟེ། སེམས་ཅན་གྱི་འཇིག་རྟེན་ལ་བརྗོད་དོ། །འགྲོ་བ་དེ་ཇི་ལྟ་ཞེ་ན། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་མངོན་པར་ཞེན་པའི་སྔོན་རོལ་དུ་ཕུང་པོ་ལ་མངོན་པར་ཞེན་པའི་དེ་མ་ཐག་ཏུ་ངའོ་སྙམ་པའི་རྣམ་པས་བདག་ལ་མངོན་པར་ཞེན་པའོ། །འགྲོ་

བའི་ཁྱད་པར་གཞན་སྟོན་པ་ནི་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུ་ལ་སོགས་པ་འདི་ངའི་འོ་ཞེས་པའི་རྣམ་པས་དངོས་པོ་ལ་མངོན་པར་ཞེན་པར་བྱས་པའོ། །ཁྱད་པར་གཞན་ཡང་སྟོན་པ་ནི་རང་དབང་མེད་པའི་ཞེས་སྨོས་ཏེ། ལས་དང་ཉོན་མོངས་དབང་དུ་གྱུར་པས་རང་དབང་མེད་པའོ། །

རང་དབང་མེད་པ་དེ་ཇི་ལྟ་བུ་ཞེ་ན། ཟོ་ཆུན་འཕྱན་ལྟར་ཞེས་བྱ་བ་སྨོས་ཏེ། ཅི་ལྟར་ཟོ་ཆུན་གྱི་འཁོར་ལོ་རང་དབང་མེད་པ་བཞིན་ནོ། །འདིའི་དོན་ནི་འདི་ཡིན་ཏེ། བདག་དང་བདག་གིར་མངོན་པར་ཞེན་པ་ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་འགྲོ་བ་ལ་སྡུག་བསྔལ་དང་སྡུག་བསྔལ་གྱི་

རྒྱུ་ལས་ཡང་དག་པར་འདྲེན་པར་བཞེད་པའི་སྙིང་རྗེ་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །དེ་ལ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་དུ་བདེན་པར་མངོན་པར་ཞེན་ཅིང་ཞེས་པ་ནི་བདག་འདི་བདེན་ནོ་ཞེས་མངོན་པར་ཞེན་

པའོ། །འདི་ནི་བདག་གིའོ་ཞེས་པ་ནི་གཞན་བུ་ལ་སོགས་པ་གང་ཡིན་པའོ། །ངར་འཛིན་པའི་ཡུལ་ལས་གཞན་པའི་དངོས་པོའི་རྣམ་པ་མ་ལུས་པ་ལ་མངོན་པར་ཞེན་པ་ཡིན་ནོ་ཞེས་པ་ནི་ངར་འཛིན་གྱི་ཡུལ་དུ་མ་གྱུར་པའི་བུ་ལ་སོགས་པ་རྣམས་ལ་བདག་གིའོ་ཞེས་མངོན་པར་ཞེན་པ་གང་ཡིན་པའོ། །

เล่ม ๑๐๔ · หน้า 14a

ད་ནི་ཟོ་ཆུན་འཕྱན་ལྟར་ཞེས་པ་ལ་སོགས་པའི་དོན་བཤད་པར་བྱ་བའི་ཕྱིར། བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཟོ་ཆུན་གྱི་རྒྱུད་ལ་ཆོས་དྲུག་སྟེ། ཐག་པས་བཅིངས་པ་དང་། གཞན་གྱི་དབང་དུ་འགྱུར་བའི་རང་བཞིན་ཉིད་དང་། ཁྲོན་པར་འཁོར་བར་

བྱེད་པ་དང་། འོག་ཏུ་འགྲོ་བའི་རང་བཞིན་ཅན་འབད་པས་སྟེང་དུ་དྲང་བར་བྱ་བ་ཉིད་དང་། སྔ་མ་དང་ཕྱི་མ་དང་བར་གྱི་རིམ་པ་ངེས་པར་མི་ནུས་པ་དང་། ཉི་མ་རེ་རེ་བཞིན་འཆག་པར་འགྱུར་བའི་རང་བཞིན་ཅན་ནོ། །དེ་དང་ཆོས་མཐུན་པ་འགྲོ་བ་རྣམས་ལ་ཡོད་དོ་ཞེས་དེས་བསྟན་པ་ཡིན་ནོ། །

ལས་དང་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ལ། ལས་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉེ་བའི་ཉོན་མོངས་པ་རྣམས་ནི་ཉོན་མོངས་པའི་ཡན་ལག་ཡིན་པས་ལོགས་སུ་མ་བརྗོད་དོ། །ལས་དང་ཉོན་མོངས་པ་ཉིད་ཐག་པ་སྟེ།

དེས་དམ་དུ་བསྡམས་པའི་ལས་དང་ཉོན་མོངས་པའི་སྟོབས་ཀྱིས་འཁོར་བ་ལས་གྲོལ་བར་མི་འགྱུར་བས་སོ། །འཁྲུལ་འཁོར་བསྐོར་མཁན་རྣམ་པར་ཤེས་པའི་བསྐྱོད་པ་ལ་རག་ལས་པར་འཇུག་པ་ཞེས་པ་ནི་རྣམ་པར་ཤེས་པ་ཉིད་འཁྲུལ་འཁོར་བསྐོར་མཁན་ཏེ། དེ་ཇི་ལྟར་བསྐྱོད་ཅིང་བསྐུལ་

བ་དེ་ལ་རག་ལས་པར་འཇུག་པ་སྟེ། འདིའི་དོན་ནི་རྣམ་པར་ཤེས་པ་གོང་དུ་འགྲོ་བ་དེར་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡིན་ནོ་ཞེས་པའོ། །སྲིད་པའི་རྩེ་མོ་ནས་ཞེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནས་བརྩམས་ནས་སོ། །འཕྱན་པ་ཞེས་པ་ནི་རྣམ་པར་ཤེས་པ་འཁྲུལ་འཁོར་

སྐོར་བར་བྱེད་པ་སྟེ་འོག་ཏུ་སྐོར་བར་བྱེད་པའོ། །རང་གི་ངང་ཉིད་ཀྱིས་ཞེས་བྱ་བ་ནི་དགེ་བ་ལ་སོགས་པའི་ལས་ཀྱི་འབད་པ་མེད་པར་རོ། །ཐུར་དུ་འགྲོ་བར་འཇུག་པ་ཞེས་པ་ནི་དམྱལ་བ་ལ་སོགས་པར་འགྲོ་བའི་རང་བཞིན་ཅན་ནོ། །འབད་པས་ཅི་ཞིག་ལྟར་དྲང་བར་བྱ་བ་ནི་དགེ་བ་ལ་

སོགས་པའི་ལས་ཀྱི་སྟོབས་ཀྱིས་དམྱལ་བ་ལ་སོགས་པ་ལས་འབད་པ་ཆེན་པོའི་སྒོ་ནས་དྲང་བར་བྱ་བ་གང་ཡིན་པའོ། །མི་ཤེས་པ་ལ་སོགས་པ་ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་ཡོད་ཀྱང་ཞེས་བྱ་བ་ནི་དེ་ལ་མ་རིག་པ་དང་། སྲེད་པ་དང་། ལེན་པ་

เล่ม ๑๐๔ · หน้า 14b

གསུམ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་བདེན་པ་གཉིས་མི་ཤེས་པ་ནི་མ་རིག་པའོ། །ཁྱད་པར་མེད་པའི་སྲིད་པ་གཞན་ལ་མངོན་པར་དགའ་བ་ནི་སྲིད་པའོ། །ལྷའམ་ཀླུར་སྐྱེ་བར་གྱུར་ཅིག་སྙམ་པའི་ཁྱད་པར་སྲིད་པའི་ལམ་ལ་མངོན་པར་དགའ་བ་ནི་ལེན་པའོ། །དེ་ལ་

མ་རིག་པ་ནི་སྐྱེ་བའི་རྒྱུའོ། །སྲེད་པ་དང་ལེན་པ་ནི་མ་འོངས་པའི་སྐྱེ་བ་འགྲུབ་པར་བྱེད་པའི་རྒྱུའོ། །ཉོན་མོངས་པ་གསུམ་པོ་དེ་རྣམས་ཉིད་ཀུན་ནས་ཉོན་མོངས་པ་སྟེ། འདིས་ཀུན་ནས་ཉོན་མོངས་པར་འགྱུར་བས་སོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །དེ་ལ་མི་

དགེ་བའི་ལས་འདོད་པ་ན་སྤྱོད་པ་ཉིད་དང་། དགེ་བ་ཟག་པ་དང་བཅས་པའི་ལས་ཁམས་གསུམ་པ་ནི་འདུ་བྱེད་དོ། །མ་འོངས་པའི་སྲིད་པའི་འབྲས་བུ་ཅན་གྱི་ལས་ལ་སྲིད་པ་ཞེས་བརྗོད་པར་བྱའོ། །དེ་ལ་སྐྱེ་བ་འདིའི་རྒྱུར་གྱུར་པའི་ལས་ནི་འདུ་བྱེད་དོ། །མ་འོངས་པའི་སྐྱེ་བའི་རྒྱུར་གྱུར་

པའི་ལས་ནི་སྲིད་པའོ། །གཉིས་པོ་འདི་དག་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །དེ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་ཞེས་པའི་དངོས་པོ་བདུན་ནོ། །དེ་ལ་

ལས་ཀྱི་ས་བོན་གང་ཡིན་པ་དེས་བསྒོས་པའི་སེམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་སློབ་དཔོན་ཟླ་བ་གྲགས་པས་གསུངས་སོ། །མཛོད་ལས། མའི་མངལ་དུ་ཉིང་མཚམས་སྦྱོར་བའི་དུས་སུ་ཕུང་པོ་ལྔ་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་གསུངས་སོ། །རྣམ་

པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཏེ། དེ་ཡང་མའི་མངལ་དུ་རྣམ་པར་ཤེས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དེ་གཟུགས་མེད་པའི་ཕུང་པོ་བཞི་དང་། ཇི་ལྟར་སྲིད་པར་འབྱུང་བར་འགྱུར་བའི་གཟུགས་ཏེ། དེ་ཁོ་ན་ལ་ནུར་ནུར་པོའི་གནས་སྐབས་ཞེས་བྱའོ། །

དེ་ལ་ཕུང་པོ་བཞི་པོ་རྣམས་ཡུལ་ལ་འདུད་པའམ་སྲིད་པ་གཞན་ལ་འདུད་པས་མིང་སྟེ། མངོན་པར་ཕྱོགས་པའོ་ཞེས་པའི་དོན་ཏོ། །འབྱུང་བ་ལས་གྱུར་པའི་གཟུགས་དེ་དྲོ་བ་དང་། གྲང་བ་དང་། རྩུབ་པ་དང་། འཇམ་པ་ལ་སོགས་པའི་རེག་བྱའི་སྟོབས་ཀྱིས་གཞན་དུ་ཡོངས་སུ་འགྱུར་བས་ན་

เล่ม ๑๐๔ · หน้า 15a

གཟུགས་སོ། །མིང་དང་གཟུགས་དེ་འཕེལ་བར་འགྱུར་བའི་རིམ་གྱིས་མིག་ལ་སོགས་པ་སྐྱེ་བའི་རྐྱེན་དུ་འགྱུར་བ་སྟེ། དེའི་གནས་སྐབས་ན་སྐྱེ་མཆེད་དྲུག་ཡོངས་སུ་རྫོགས་པས་སོ། །སེམས་དང་སེམས་ལས་བྱུང་བའི་སྐྱེ་བའི་སྒོ་ཡིན་པས་སྐྱེ་མཆེད་དོ། །སྐྱེ་མཆེད་དྲུག་

པོ་དེ་རྣམས་ཡོངས་སུ་སྨིན་པ་དང་། ཡུལ་མངོན་དུ་གྱུར་པ་ལས་དབང་པོ་དང་། རྣམ་པར་ཤེས་པ་དང་། ཡུལ་གསུམ་པོ་ཚོགས་པའི་སྒོ་ནས་ཚོར་བ་གསུམ་སྐྱེ་བར་འགྱུར་བའི་རྒྱུ་གང་ཡིན་པ་དེ་ལ་རེག་པ་ཞེས་བྱའོ། །ཡང་ཉིང་མཚམས་སྦྱོར་བ་ནི་སྐྱེ་བའོ། །མིང་དང་། གཟུགས་དང་། སྐྱེ་

མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། རྒ་ཤི་ཞེས་བྱའོ། །དངོས་པོ་བདུན་པོ་འདི་རྣམས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟེ། དངོས་པོ་བདུན་པོ་འདིས་སྐྱེ་བ་ཁོ་ན་ཀུན་ནས་ཉོན་མོངས་པར་བྱས་པ་ཡིན་པས་སོ། །དེ་ལ་རྣམ་པར་ཤེས་པ་ལ་སོགས་པ་ལྔ་པོ་ནི་སྔོན་གྱི་མ་རིག་པ་དང་། འདུ་

བྱེད་ཀྱི་འབྲས་བུ་ཡིན་ནོ། །མ་འོངས་པའི་སྐྱེ་བ་དང་། རྒ་ཤི་ནི་ད་ལྟར་གྱི་ལས་དང་ཉོན་མོངས་པའི་འབྲས་བུའོ། །དེ་ལྟར་མི་ཤེས་པ་ལ་སོགས་པ་ནི་ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་མོ། །སྔ་མ་དང་། ཕྱི་མ་དང་། བར་གྱི་རིམ་པ་ངེས་པར་མི་ཟིན་པ་

ཞེས་པ་ནི་ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཉོན་མོངས་པ་གསུམ་པོ་ཡང་དང་ཡང་དུ་འཁོར་བས་ཀུན་ནས་ཉོན་མོངས་པ་གང་སྔ་མ་ཡིན་པ་དང་། གང་ཕྱི་མ་ཡིན་པ་དང་། གང་བར་མ་ཡིན་པར་མི་ཤེས་པ་སྟེ་དཔེར་ན་ཟོ་ཆུན་གྱི་སྔ་མ་དང་། ཕྱི་མ་དང་། བར་མ་མི་ཤེས་པ་བཞིན་ནོ། །

ཉི་མ་རེ་རེ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཚོར་བ་སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་ཏེ། ཚོར་བ་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་པས་སོ། །ཚོར་བ་བདེ་བ་ནི་འགྱུར་བའི་སྡུག་བསྔལ་བ་སྟེ། ཚོར་བ་བདེ་བ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་སྡུག་བསྔལ་བ་

ཉིད་ཡིན་པས་སོ། །ཚོར་བ་བདེ་བ་དང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་འདུ་བྱེད་རྣམས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་སྟེ། དེ་དག་གི་རྒྱུ་ཡིན་པས་སོ། །འདིས་འདུ་བྱེད་ཀྱི་སྡུག་བསྔལ་ཡང་མཚོན་པར་བྱ་སྟེ། དེ་ལ་ཚོར་བ་བཏང་

เล่ม ๑๐๔ · หน้า 15b

སྙོམས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་སྟེ། རྒྱུ་དང་རྐྱེན་གྱི་གཞན་དབང་དུ་གྱུར་པ་དེ་ཉིད་སྡུག་བསྔལ་བའོ། །དེའི་རྒྱུར་གྱུར་པའི་འདུ་བྱེད་རྣམས་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བའོ། །གཅོག་པའི་ཕྱིར་ཞེས་པ་ནི་ཇི་ལྟར་ཟོ་ཆུན་གྱི་འཁྲུལ་འཁོར་ཉི་མ་རེ་

རེ་ཞིང་ཟོ་བ་ཆག་པར་གྱུར་པ་དེ་བཞིན་དུ་འགྲོ་བ་རྣམས་ཉི་མ་རེ་རེ་ཞིང་མི་རྟག་པ་ཉིད་ཀྱིས་གཞན་དུ་གྱུར་པའོ། །ཟོ་ཆུན་བརྒྱུད་མོའི་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་གནས་སྐབས་དང་རྗེས་སུ་མཐུན་པ་ཉིད་དུ་བསྟན་ཏོ། །དེའི་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་པ་

ནི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་གང་ཡིན་པའོ། །དེ་ལ་ཤིན་ཏུ་སྙིང་རྗེས་དམིགས་ནས་ཞེས་པ་ནི་སྙིང་རྗེ་དེས་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་དམིགས་ནས་སོ། །བསྐྱབ་པར་སྤྲོ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལ་མཇུག་བསྡུ་བ་བསྟན་པར་བྱ་བའི་

ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལྟར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་ནས། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེ་ལ་ཕྱག་འཚལ་བར་བྱ་བའི་ཕྱིར་འབྲེལ་པ་སྟོན་པ་ནི་ཆོས་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་

སླའོ། །འགྲོ་བ་གཡོ་བའི་ཞེས་བྱ་བ་ལ་སོགས་པ་ནི་ཅི་ལྟར་རླུང་གིས་གཡོ་བར་གྱུར་པའི་ཆུའི་ནང་དུ་ཟླ་བའི་གཟུགས་བརྙན་གཡོ་བའི་རང་བཞིན་དུ་མཐོང་བ་དང་། གདུང་བ་སེལ་བ་ལ་སོགས་པའི་དོན་བྱེད་མི་ནུས་པས་རང་བཞིན་མེད་པར་མཐོང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་རླུང་དང་ཉི་

མ་ལ་སོགས་པའི་རྐྱེན་གཞན་དང་ལྡན་པའི་སྐད་ཅིག་མ་སོ་སོ་ལ་ནུས་པ་ཐ་དད་པས་འགྲོ་བ་སྐད་ཅིག་མར་མཐོང་བ་དང་། རང་ལས་མ་ཡིན་གཞན་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་དོན་དམ་པར་སྐྱེ་བ་མེད་པའི་ཕྱིར་འགྲོ་བ་རང་བཞིན་གྱིས་སྟོང་པར་མཐོང་ནས་སྡུག་བསྔལ་ལས་འདྲེན་པར་འདོད་པའི་

རང་བཞིན་ཅན་གང་ཡིན་པ་དེ་ལ་འདུད་དོ། །སྙིང་རྗེར་གྱུར་གང་ཞེས་བྱ་བ་ལ་སོགས་པ་ནི། འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་སྔར་བསྟན་པའི་ཚིག་རྐང་དེ་འདིར་སྦྱར་བའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུ་རྙོག་མ་ཅན་ལ་

เล่ม ๑๐๔ · หน้า 16a

གཟུགས་བརྙན་མི་མཐོང་བས་དེ་དགག་པའི་ཕྱིར། ཤིན་ཏུ་དང་བ་ཞེས་སྨོས་སོ། །རླུང་ཏེ་པོར་དྲག་པ་མ་ཡིན་པ་ཞེས་པ་ལ་སོགས་པ་ནི་རླུང་དལ་བས་བསྐྱོད་པར་བྱ་བའི་ཆུའི་ཆ་ཤས་ཀྱིས་ཆུའི་ཚོགས་འགུལ་ནའོ། །ཆུ་ཤིན་ཏུ་དངས་པ་ཡིན་ཡང་རླུང་དྲག་པོས་བསྐྱོད་པར་

གྱུར་ན་ཆུའི་ནང་དུ་གཟུགས་བརྙན་མི་མཐོང་བས་རླུང་དྲག་པོ་མ་ཡིན་པ་ཞེས་སྨོས་སོ། །སྔར་དམིགས་པ་རྟེན་གྱི་ཞེས་པ་ལ་སོགས་པ་ནི་ཟླ་བའི་གཟུགས་བརྙན་མཐོང་བའི་སྔོན་རོལ་དུ་དམིགས་པར་བྱ་བའི་རྟེན་ཡུལ་ཆུའི་མཚན་ཉིད་ཅན་རླུང་དང་ཕྲད་པས་དེ་དང་ལྷན་ཅིག་ཏུ་ཟླ་བའི་གཟུགས་བརྙན་

སྐད་ཅིག་མ་སོ་སོ་ལ་འཇིག་པར་འགྱུར་བ་སྟེ། ཆུ་དང་ཟླ་བ་གཉིས་ཀ་གཡོ་བ་ཉིད་དུ་མཐོང་བའོ། །བདག་གི་དངོས་པོ་མངོན་སུམ་དུ་དམིགས་པ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་ཟླ་བའི་བདག་ཉིད་ཀྱི་དངོས་པོ་མངོན་སུམ་དུ་འཆར་བ་ལྟ་བུར་སྣང་བ་སྟེ། གཟུགས་བརྙན་དེ་ཟླ་བ་དངོས་བཞིན་དུ་

སྣང་བ་ཡིན་ནོ་ཞེས་པའི་དོན་ཏོ། །དམ་པ་བདག་གི་གཉིས་པོ་འདི་ཞེས་པ་ནི་མི་རྟག་པ་ཉིད་དང་། ངོ་བོ་ཉིད་ཀྱིས་སྟོང་པའོ། །རང་གི་བདག་ཉིད་ཅེས་པ་ནི་མི་རྟག་པ་ཉིད་དང་། ངོ་བོ་ཉིད་ཀྱིས་སྟོང་པས་རང་གི་བདག་ཉིད་དོ། །གསལ་བར་བྱེད་པ་ལྟར་གནས་པར་མཐོང་སྟེ་ཞེས་པ་འདིའི་དོན་

ནི་ཅི་ལྟར་ཟླ་བའི་གཟུགས་བརྙན་ལ་མི་རྟག་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པས་རང་གི་རང་བཞིན་གསལ་བར་བྱེད་པ་དེ་བཞིན་དུ་དམ་པ་རྣམས་ཀྱིས་མཐོང་ངོ་ཞེས་པའོ། །དེ་ལྟར་དཔེ་བསྟན་པ་དོན་དང་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ལྟར་ཟླ་བའི་གཟུགས་

བརྙན་ལ་སྐད་ཅིག་མ་ལ་སོ་སོ་ལ་མི་རྟག་པ་ཉིད་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་མཐོང་བ་དེ་ལྟར་རོ། །ཇི་ལྟར་དཔེ་ལ་མཚོ་དང་། རླུང་གིས་གཡོ་བ་དང་། ཆུ་དང་། གཟུགས་བརྙན་དམིགས་པ་བཞིན་དུ་འདིར་དོན་ལ་ཡང་བཞི་པོ་དེ་བསྟན་པར་བྱ་བའི་ཕྱིར། འཇིག་ཚོགས་ལ་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། འཇིག་པར་འགྱུར་བས་ན་འཇིག་པ་སྟེ་མི་རྟག་པའི་དོན་ཏོ། །ཚོགས་ནི་ཚོགས་པ་སྟེ། འཇིག་པ་ཡང་ཡིན་ལ། ཚོགས་པ་ཡང་ཡིན་པས་འཇིག་ཚོགས་ཏེ། འཇིག་པའི་རང་བཞིན་ཅན་ཕུང་པོ་ལྔ་ལ་བརྗོད་དོ། །འཇིག་པའི་རང་བཞིན་ཅན་ཕུང་པོ་ལྔ་ལ་བདག་དང་

เล่ม ๑๐๔ · หน้า 16b

བདག་གིར་མཐོང་བ་ནི་འཇིག་ཚོགས་ལ་ལྟ་བའོ། །དེ་ཉིད་མཚོ་སྟེ། ཇི་ལྟར་མཚོ་ཆུ་སྲིན་ལ་སོགས་པ་སྲོག་ཆགས་མང་པོའི་གནས་ཡིན་པ་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཡང་ཉེས་པ་ཐམས་ཅད་ཀྱི་གནས་ཡིན་པས་མཚོ་སྟེ། དེ་ལྟར་ཡང་རྣམ་འགྲེལ་ལས། བདག་ལས་

གཞན་པའི་འདུ་ཤེས་དང་། །བདག་གཞན་དབྱེ་ལས་ཆགས་དང་སྡང་། །གཉིས་པོ་དེ་དག་འབྲེལ་པ་ཡིས། །ཉེས་པ་ཐམས་ཅད་རབ་ཏུ་འབྱུང་། །ཞེས་གསུངས་སོ། །འདི་དག་ཅེས་པ་ནི་འདོད་ཆགས་དང་ཞེ་སྡང་ངོ་། །ཉེས་པ་ཐམས་ཅད་ཅེས་པ་ནི་སེར་སྣ་དང་ཕྲག་དོག་ལ་

སོགས་པའོ། །མཚོ་ཡང་ཆུ་མེད་ན་མེད་པ་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་མཚོ་ཡང་མ་རིག་པའི་ཆུ་མེད་ན་མི་འབྱུང་བས། མ་རིག་པའི་ཆུ་སྔོན་པོ་རྒྱ་ཆེ་བ་ཞེས་སྨོས་སོ། །ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའི་རླུང་གིས་ཞེས་པ་ནི་དངོས་པོ་དངོས་པོའི་རང་བཞིན་ངོ་བོ་ཉིད་མེད་པ་ལ་

སོགས་པའོ། །དེ་བཞིན་དུ་རྣམ་པར་རྟོག་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ནི་ཆོས་ཐམས་ཅད་རང་བཞིན་དང་བཅས་པ་དང་རྟག་གོ་བྱ་བ་ལ་སོགས་པའོ། །དེ་ཉིད་རླུང་སྟེ། དེས་མ་རིག་པའི་རང་བཞིན་ཅན་གཡོ་བར་བྱེད་

པས་སོ། །འདི་ལྟར་མ་རིག་པ་ནི་མི་ཤེས་པ་ལ་བརྗོད་ལ། མི་ཤེས་པ་དེ་ཡང་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའི་རྗེས་སུ་འབྲང་བ་མ་ཡིན་པས་རྣམ་པར་རྟོག་པ་དེ་ཡང་སྐད་ཅིག་སོ་སོ་ལ་སོ་སོར་སྐྱེ་བས་མ་རིག་པ་གཡོ་བ་ཡིན་ནོ་ཞེས་པའོ། །དེས་ན་བསྐྱོད་པ་ཞེས་སྨོས་སོ། །ནང་ན་

གནས་པ་ཞེས་པ་ནི་གོ་སླའོ། །ཟླ་བའི་གཟུགས་བརྙན་ནམ་མཁའི་ཟླ་བའི་གཟུགས་བརྙན་ཡིན་པ་དེ་བཞིན་དུ། འདི་གང་གི་གཟུགས་བརྙན་ཡིན་ཞེ་ན། རང་གི་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གིས་བྱས་པའི་དགེ་བ་དང་མི་དགེ་བའི་ལས་ཀྱང་ངོ་། །གཟུགས་བརྙན་ལྟ་

བུར་ཞེས་པ་ནི་དགེ་བ་དང་མི་དགེ་བའི་རང་བཞིན་གྱིས་རྗེས་སུ་བྱེད་པ་ཡིན་ཏེ། དགེ་བ་དང་མི་དགེ་བའི་ལས་ཀྱི་རྗེས་སུ་འབྲང་བའི་སྡུག་པ་དང་མི་སྡུག་པར་སྐྱེ་བས་སོ། །མདུན་ན་གནས་པ་རྣམས་ཞེས་པ་ནི་དེ་ལྟར་ལས་དང་ཉོན་མོངས་པས་བསྒྲུབས་པའི་སེམས་ཅན་རྣམས་དང་། བྱང་ཆུབ་སེམས་

เล่ม ๑๐๔ · หน้า 17a

དཔའ་རྣམས་ཀྱི་མདུན་ན་གནས་པའོ། །སྐད་ཅིག་རེ་རེ་ལ་ཞེས་བྱ་བ་ལ་སོགས་པ་ནི་མི་རྟག་པའི་རྒྱུ་དང་རྐྱེན་ལ་ལྟོས་པས་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བའོ་ཞེས་པའོ། །དེ་དག་མི་རྟག་པ་ཉིད་ཀྱི་སྡུག་བསྔལ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་སྡུག་བསྔལ་

ལོ། །འཇོམས་པ་ལྟ་བུར་གྱུར་པ་ཞེས་པ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ན་མི་རྟག་པའི་སྡུག་བསྔལ་བཟློག་པར་འགྱུར་བས་སོ། །དམ་པའི་ཆོས་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་དང་བར་དང་ཐ་མར་དགེ་བའི་ཕྱིར་མཛེས་པའི་ཆོས་ནི་དམ་པའི་ཆོས་སོ། །དེ་ཉིད་བདུད་རྩིའི་ཁྱད་པར་ཅན་

ཡིན་ཏེ། བདུད་རྩི་གཞན་གྱིས་དུས་འགའ་ཞིག་ཏུ་འཆི་བའི་སྡུག་བསྔལ་སེལ་བར་བྱེད་ལ། འདིས་དུས་ཐམས་ཅད་དུ་འཆི་བའི་སྡུག་བསྔལ་ལྡོག་པ་ཡིན་པས་བདུད་རྩིའི་རོར་ཕུལ་དུ་བྱུང་བ་ཞེས་སྨོས་སོ། །དེ་འཐུང་བ་ནི་ཐོས་པ་དང་བསམས་པ་དང་། བསྒོམས་པས་འཛིན་པ་གང་ཡིན་

པའོ། །དེའི་རྒྱུ་ནི་སངས་རྒྱས་ཉིད་དོ། །འདི་ནི་ལོངས་སྤྱོད་རྫོགས་པའི་རང་བཞིན་ཅན་གྱིས་སངས་རྒྱས་ཉིད་བསྟན་ཏེ། ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཀྱི་བདུད་རྩི་བཏུང་བའི་རྒྱུར་གྱུར་པས་སོ། །ཕྱིན་ཅི་ལོག་གི་ཞེས་བྱ་བ་ལ་སོགས་པས་ནི་ཕྱིན་ཅི་ལོག་

གི་རང་བཞིན་ཅན་རྣམ་པར་རྟོག་པ་ཐམས་ཅད་མ་ལུས་པར་ལོག་པའི་མཚན་ཉིད་ཅན་ནོ། །འདིས་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཆོས་ཀྱི་སྐུ་བསྟན་ཏེ། དེ་ལྟར་ཡང་བྱང་ཆུབ་ཀྱི་སེམས་འགྲེལ་ལས། དགེ་དང་མི་དགེ་རྣམ་རྟོག་གི། །རྒྱུན་གཅོད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་ཀྱིས་ནི་སྟོང་ཉིད་

གསུངས། །ཞེས་གསུངས་པས་སོ། །འགྲོ་བ་མ་ལུས་པའི་གཉེན་གྱི་རང་བཞིན་དུ་གྱུར་པ་ཞེས་པ་ནི་འགྲོ་བ་ཐམས་ཅད་ལ་སྤྲུལ་པའི་སྐུས་ཕན་པ་དང་། བདེ་བ་བྱེད་པས་སོ། །འདིས་ནི་སྤྲུལ་པའི་སྐུའི་རང་བཞིན་ཅན་གྱི་སངས་རྒྱས་ཉིད་བསྟན་ཏོ། །དེ་ལྟར་སྙིང་རྗེ་བསྟན་ནས། འབྲེལ་

པ་བསྟན་པར་བྱ་བའི་ཕྱིར། དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ཞེས་པ་ནི་སྙིང་རྗེའི་གཞན་དབང་དུ་གྱུར་པ་རྣམས་ཀྱིས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་དབྱེ་བ་རྣམ་པ་བཅུ་ཞེས་པ་ནི་ས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུའི་དབྱེ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་བཅུ་བསྟན་པར་འདོད་

เล่ม ๑๐๔ · หน้า 17b

པས་སོ། །རེ་ཞིག་བྱང་ཆུབ་ཀྱི་སེམས་དང་པོའི་དབང་དུ་བྱས་ནས་ཞེས་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་ས་དང་པོ་རབ་ཏུ་དགའ་བས་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམས་ཀྱི་དང་པོ་ཡིན་པས་དང་པོའི་དབང་དུ་བྱས་ནས་ཞེས་སྨོས་སོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ།

བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ལ་ཐེག་པ་ཆེན་པོ་ཞེས་ཀྱང་བྱ་ལ། དེ་ཉིད་ལ་འབྲས་བུ་དང་བཅས་པའི་བྱང་ཆུབ་སེམས་དཔའི་ལམ་ཞེས་ཀྱང་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཉི་ཤུ་རྩ་གཉིས་ནི་འདུན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། བསམ་པ་དང་ལྷན་ཅིག་ཏུ་གྱུར་པ་དང་།

སྦྱོར་བ་དང་ལྷན་ཅིག་ཏུ་གྱུར་པ་དང་། ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། བརྩོན་འགྲུས་

ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། ཚད་མེད་པ་བཞི་དང་ལྷན་ཅིག་ཏུ་གྱུར་པ་དང་། མངོན་པར་ཤེས་པ་ལྔ་དང་ལྷན་ཅིག་ཏུ་གྱུར་པ་དང་། བསྡུ་

བའི་དངོས་པོ་བཞི་དང་ལྷན་ཅིག་ཏུ་གྱུར་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྷན་ཅིག་ཏུ་གྱུར་པ་དང་། རྟོན་པ་བཞི་དང་ལྷན་ཅིག་ཏུ་གྱུར་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་ཏུ་གྱུར་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྷན་ཅིག་ཏུ་གྱུར་པ་

དང་། ཞི་གནས་དང་ལྷག་མཐོང་དང་ལྷན་ཅིག་ཏུ་གྱུར་པ་དང་། གཟུངས་དང་སྤོབས་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། ཆོས་གླེང་བ་བཞི་དང་ལྷན་ཅིག་ཏུ་གྱུར་པ་དང་། བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་ཏུ་གྱུར་པ་དང་། ཐབས་ལ་མཁས་པ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་དང་

པོ་གསུམ་ནི་སྨོན་པའི་སེམས་བསྐྱེད་དོ། །ལྷག་མ་བཅུ་དགུ་ནི་འཇུག་པའི་སེམས་བསྐྱེད་དོ། །དེ་ལྟར་ཡང་། རྣམ་པ་གསུམ་ནི་སྨོན་པའི་སེམས། །འདུན་སོགས་གསུམ་གྱི་དབྱེ་བས་སོ། །འཇུག་པ་ཞེས་བྱ་བ་ཡི་སེམས། །བཅུ་དགུ་དག་ཏུ་འདོད་པ་ཡིན། །ཞེས་གསུངས་པས་སོ། །

เล่ม ๑๐๔ · หน้า 18a

འདུན་པ་དང་ལྷན་ཅིག་ཏུ་གྱུར་པའི་སེམས་བསྐྱེད་ཉི་ཤུ་རྩ་གཉིས་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པས་ཡོད་པ་ཉིད་དོ་སྙམ་པའི་ལྷག་པར་མོས་པ་ཡིད་ཆེས་པར་སྐྱེས་ཤིང་ཡོན་ཏན་དང་ལྡན་པ་ཡིན་ནོ་སྙམ་པའི་ལྷག་པར་མོས་པ་སྐྱེས་པ་དང་། ཐོབ་པར་ནུས་པ་ལྷག་

པར་མོས་པས་མངོན་པར་འདོད་པ་སྐྱེས་པའི་བྱང་ཆུབ་སེམས་དཔས་འདོད་རྒྱལ་དང་། གཞན་གྱི་རྗེས་སུ་འབྲང་བའི་སྒོ་ནས་བསོད་ནམས་དང་ལྡན་པ་རྣམས་ཀྱིས་མངོན་པར་འདོད་པའི་དོན་གྲུབ་པ་མ་ཡིན་ནོ་སྙམ་དུ་བསམས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་དགེ་བའི་ཚོགས་བསགས་

པའི་ཆེད་དུ་སྨོན་པ་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལ་འདུན་པ་དང་ལྷན་ཅིག་ཏུ་གྱུར་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མཚན་ཉིད་ནི་འཕགས་པ་ཆོས་ཀུན་བགྲོ་བའི་མདོ་བསྟན་པའི་སྐབས་སུ་བཤད་ཟིན་ཏོ། །དེ་ཡང་སེམས་བསྐྱེད་པ་དངོས་དང་མཚུངས་ཏེ། སངས་རྒྱས་

ཀྱི་ཆོས་དང་། དེའི་ཚོགས་སྐྱེ་བའི་གནས་སུ་གྱུར་པས་སོ། །འདི་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོའི་རྟོག་པ་བརྒྱད་མངོན་དུ་བྱེད་དེ། དེ་ཡང་གང་ཞེ་ན། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་འཇོམས་པའི་ནུས་པ་ཅན་དུ་ནམ་འགྱུར་སྙམ་པ་དང་།

དབུལ་བས་ཉམ་ཐག་པའི་སེམས་ཅན་རྣམས་འབྱོར་པ་ཆེན་པོ་ལ་བདག་གིས་ནམ་ཞིག་སྦྱར་བར་བྱ་སྙམ་པ་དང་། བདག་གི་ལུས་ཀྱི་ཤ་ཁྲག་གིས་སེམས་ཅན་གྱི་དོན་ནམ་ཞིག་བྱེད་སྙམ་པ་དང་། ཡུན་རིང་དུ་དམྱལ་བར་གནས་སུ་ཟིན་ཀྱང་སེམས་ཅན་ལ་ཕན་པ་ཁོ་ན་ནམ་ཞིག་བྱེད་སྙམ་པ་དང་།

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྦྱོར་བས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡིད་བཞིན་དུ་རྫོགས་པར་ནམ་ཞིག་མཐོང་སྙམ་པ་དང་། སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ནམ་འདྲེན་པར་འགྱུར་སྙམ་པ་དང་། སེམས་ཅན་ལ་ཕན་པ་དང་

བྲལ་བའི་སེམས་སྐྱེ་བ་དང་། ཡང་སེམས་ཅན་གྱི་དོན་ལ་སྦྱར་བ་དང་བྲལ་བའི་སེམས་དང་། གཞན་གྱི་དོན་ལ་རོ་གཅིག་པ་མ་ཡིན་པའི་ལུས་ཀྱི་བྱ་བ་དང་། སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་མ་ཡིན་པའི་ངག་དང་། གཞན་གྱི་དོན་དང་བྲལ་བའི་སོན་པ་དང་། གཞན་ལ་ཕན་པ་

เล่ม ๑๐๔ · หน้า 18b

ལ་སྟོབས་ཆུང་བའི་ལུས་དང་། གཞན་ལ་ཕན་པ་མི་སེམས་པའི་བློ་དང་། སེམས་ཅན་ལ་ཕན་པར་མི་འགྱུར་བའི་རྫས་དང་། འགྲོ་བའི་དོན་སྤྱོད་པ་དང་བྲལ་བའི་དབང་ཆེ་བ་ཉིད་དང་། གཞན་ལ་འཚེ་བ་ལ་དགའ་བ་སྐྱེ་ཞིང་སྐྱེ་བར་མ་གྱུར་ཅིག་སྙམ་པ་དང་། སེམས་ཅན་

ཐམས་ཅད་ཀྱི་སྡིག་པའི་ལས་ཀྱི་འབྲས་བུ་བདག་ལ་སྨིན་པར་གྱུར་ཅིག་སྙམ་པ་དང་། བདག་གིས་ལེགས་པར་སྤྱད་པ་ཐམས་ཅད་ཀྱི་འབྲས་བུ་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་སྙམ་པ་ནི་བརྒྱད་པའོ། །བསམ་པ་དང་ལྷན་ཅིག་ཏུ་གྱུར་པ་ནི་གསེར་བཟང་པོ་ལྟ་བུ་སྟེ།

ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཕན་པ་དང་བདེ་བའི་བསམ་པ་མ་འོངས་པ་དང་། ད་ལྟར་གྱི་དུས་སུ་རྣམ་པར་འགྱུར་བ་དང་མི་ལྡན་པས་སོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་དང་། ཞིང་ཡོངས་སུ་དག་པར་

བྱ་བའི་བསམ་པ་དང་། སེམས་ཅན་རྣམས་བདེ་བར་བྱ་བའི་བསམ་པའོ། །དང་པོ་ལ་གཉིས་ཏེ། བླ་ན་ཡོད་པ་དང་། བླ་ན་མེད་པའོ། །བླ་ན་ཡོད་པ་ནི་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུལ་བར་བྱ་བ་ཉེ་བར་མི་གནས་པས་མྱ་

ངན་ལས་འདས་པའི་ཕྱིར་གཞན་གྱིས་མ་མཐོང་བས་འདས་པ་དང་། གང་ཡང་གདུལ་བར་བྱ་བ་རྣམས་ཀྱིས་མཐོང་བར་འགྱུར་བས་ད་ལྟར་བ་དང་། །གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་པས་ཚོགས་བསགས་པ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་

བ་མ་འོངས་པ་དེ་རྣམས་ལ་བདག་གིས་བླ་ན་མེད་པའི་མཆོད་པས་མཆོད་པར་བྱའོ། །ཡང་དེའི་ཆེད་དུ་སྐུ་གཟུགས་དང་། མཆོད་རྟེན་དང་། ནམ་མཁའ་ལ་ཡང་མཆོད་པར་བྱའོ་སྙམ་པ་ནི་མཆོད་པ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་བླ་ན་ཡོད་པའོ། །བླ་ན་མེད་པ་ནི་བྱང་ཆུབ་ཀྱི་

སེམས་དང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ཡོངས་སུ་སྒྲུབ་པ་ནི་སྒྲུབ་པའི་མཆོད་པ་སྟེ། དེ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པའོ། །ཞིང་ཡོངས་སུ་དག་པར་བྱ་བའི་བསམ་པ་ནི་བདག་གིས་སངས་རྒྱས་ཀྱི་ཞིང་མཐོ་བ་དང་། དམའ་བ་དང་། འབུར་བ་དང་། ཚེར་

เล่ม ๑๐๔ · หน้า 19a

མ་དང་། གྱོ་དུམ་དང་། བོང་བ་དང་། གཅན་གཟན་དང་། རྐུན་མ་དང་། མུ་གེ་དང་། ཆུ་དང་། ནད་ཀྱི་གནོད་པ་དང་བྲལ་བ། མཉམ་པ་རྣམ་པར་དག་པ་ལག་པའི་མཐིལ་དང་འདྲ་བ། རས་བལ་གྱི་འདའ་བ་ལྟར་འཇམ་པ། དཔག་བསམ་གྱི་ཤིང་ལ་སོགས་པ་

དང་ལྡན་པ། ངན་སོང་གི་གཡང་ས་དང་བྲལ་བ། ཤེལ་དང་། ཨིནྡྲ་ནཱི་ལ་དང་། བཻ་ཌཱུརྱ་ལ་སོགས་པའི་རང་བཞིན་ཅན་དུ་གྱུར་ཅིག་སྙམ་པའི་བསམ་པའོ། །སེམས་ཅན་བདེ་བར་བྱ་བའི་བསམ་པ་ནི་སངས་རྒྱས་ཀྱི་ཞིང་དེར་ཁམས་དང་། འགྲོ་བ་དང་། སྐྱེ་གནས་དང་། ཇི་སྙེད་

སེམས་ཅན་གྱི་རིས་སུ་གཏོགས་པ་ཐམས་ཅད་ངན་སོང་དུ་ཡོད་དུ་ཟིན་ཀྱང་ལྷ་དང་མིའི་མཆོག་ཏུ་གྱུར་པའི་བདེ་བ་རྒྱུན་མི་འཆད་པའི་བདེ་བར་གྱུར་ཅིག་སྙམ་པ་དང་། ལུས་དང་སེམས་ཀྱི་ནད་དང་བྲལ་བ་དང་། ཉེ་བར་མཁོ་བ་གང་དང་གང་གིས་དེ་རྣམས་ལ་དེ་ལྟ་བུར་བདེ་བའི་ཉེ་བར་མཁོ་བ་མངོན་

པར་འདོད་པ་དེ་དང་དེ་རྣམས་བདག་གི་བདེ་བའི་ལས་ཀྱི་རྣམ་པར་སྨིན་པས་འབྱུང་བ་དང་། རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པར་འགྱུར་བ་དང་། དེ་ལྟར་དེ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རུང་བར་བྱས་ནས་ཡིད་ལ་འདོད་པ་ཇི་ལྟ་བ་བཞིན་དུ་རྫོགས་པའི་བླ་ན་མེད་

པའི་སངས་རྒྱས་ཀྱི་ཆོས་དང་ལྡན་པར་བྱའོ་སྙམ་པའི་བསམ་པའོ། །ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པ་ནི་ཟླ་བ་ཚེས་པ་ལྟ་བུ་སྟེ། དེས་དགེ་བའི་རྩ་བ་རྣམས་འཕེལ་བར་བྱེད་པས་སོ། །ཁྱད་པར་དུ་རྟོགས་པའི་ཕྱིར་ལྷག་པར་རྟོགས་པའི་བསམ་པ་ཡིན་པས་ན་ལྷག་པའི་

བསམ་པའོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སེམས་བསྐྱེད་པ་གསུམ་པའི་གནས་སྐབས་སུ་དེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་བྱའོ་ཞེས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེས་ན་

ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ནི་སྦྱོར་བར་ཡང་འགྱུར་རོ། །གལ་ཏེ་སྔར་སྦྱོར་བ་དང་ལྷན་ཅིག་ཏུ་གྱུར་པའི་རྗེས་ལ་ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པའི་སེམས་སྐྱེ་བར་བརྗོད་ལ། འདིར་བཤད་པའི་དུས་སུ་སྦྱོར་བ་དང་ལྷན་ཅིག་ཏུ་གྱུར་པའི་སྔར་ལྷག་

เล่ม ๑๐๔ · หน้า 19b

པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པ་ཅིའི་ཕྱིར་བརྗོད་ཅེ་ན། དེ་ལ་ལན་ནི་གཉིས་ཀ་གཉིས་ཀ་ལ་ཡོད་པར་བསྟན་པར་བྱ་བའི་ཕྱིར་ཏེ། འདི་ལྟར་ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པ་ལ་ཡང་སྦྱོར་བ་ཡོད་ལ། སྦྱོར་བ་དང་ལྷན་ཅིག་ཏུ་གྱུར་པ་ལ་ཡང་ལྷག་པའི་བསམ་པ་ཡོད་

པས་སོ། །དེས་ན་སྔར་དང་ཕྱིས་མི་འདྲ་བར་བསྟན་པའོ། །དེ་ལ་སེམས་བསྐྱེད་པ་གསུམ་པོ་དེ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་གནས་སྐབས་དང་། ཐར་པའི་ཆ་དང་མཐུན་པའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་

དང་མཚུངས་པར་ལྡན་པ་ཡིན་པས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའོ། །ཐར་པ་ནི་འདིར་བྲལ་བའི་ཁྱད་པར་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའོ། །དེ་དང་ཆ་མཐུན་པ་ནི་ཐར་པ་དང་རྗེས་སུ་མཐུན་པའོ་ཞེས་པའི་དོན་ཏོ། །གསུམ་པོ་དེ་ལ་ལས་དང་པོ་པའི་ས་

ཞེས་ཀྱང་བྱ་སྟེ། སའི་སྒྲས་ཤེས་པ་ཁྱད་པར་ཅན་སྟོན་ལ། དེས་ན་ལས་དང་པོ་པ་ཐོག་མར་འཇུག་པ་རྣམས་ཀྱི་ཤེས་པ་གསུམ་མོ་ཞེས་པའི་ཐ་ཚིག་གོ། །ཚོགས་ཀྱི་ལམ་ཞེས་ཀྱང་བྱ་སྟེ། འདིའི་གནས་སྐབས་ན་ཐར་པ་ཐོབ་པར་བྱེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཚོགས་ཡོད་པས་ན་

ཚོགས་ཀྱི་ལམ་སྟེ། འདི་ལྟར་ཚུལ་ཁྲིམས་ལ་སོགས་པ་ཡོངས་སུ་རྫོགས་པས་དྲོ་བར་གྱུར་པ་ལ་སོགས་པའི་རིམ་གྱིས་རང་གི་རྒྱུད་ལ་བདེན་པ་མཐོང་བ་དང་། དེའི་སྒྲིབ་པ་སྤོང་བའི་རྒྱུ་རུང་བ་ཐོབ་པ་ཉིད་ཡིན་པས་ཚུལ་ཁྲིམས་ལ་སོགས་པ་ལ་ཚོགས་ཀྱི་ལམ་ཞེས་བྱའོ། །དེས་ན་ཆོས་མངོན་

པ་མཛོད་ལས་ཚོགས་ཀྱི་ལམ་གང་ཞེ་ན། སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོ་སྦས་པའི་སྒོ་ཉིད་དང་། ཁ་ཟས་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་གཉིད་མི་ལོག་པ་དང་། ཤེས་བཞིན་ལ་གནས་པའོ་ཞེས་གསུངས་པས་སོ། །དེ་ལ་རྨ་མེད་པ་ལ་སོགས་པའི་ཡོན་

ཏན་དང་ལྡན་པའི་ཡོངས་སུ་དག་པའི་ཚུལ་ཁྲིམས་ནི་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་སོ། །དེ་ལས་འདས་པ་ལ་ལྟོས་པའི་སྲེད་པ་དང་། མ་འོངས་པ་ལ་མངོན་པར་དགའ་བའི་སྲེད་པ་དང་། ད་ལྟ་བ་ལ་མངོན་པར་ཞེན་པའི་སྲེད་པ་ཁྱད་པར་གྱིས་འབིགས་པར་མི་ནུས་པས་རྨ་མེད་པའི་ཚུལ་ཁྲིམས་སོ། །

เล่ม ๑๐๔ · หน้า 20a

ལྟུང་བ་ཀུན་ཏུ་མི་སྤྱོད་པའི་ཕྱིར་མ་ཉམས་པའོ། །བསླབ་པ་གཅིག་ཀྱང་ཉམས་པ་མེད་པའི་ཕྱིར་མི་དམའ་བའོ། །མི་དགེ་བ་དང་མ་འདྲེས་པས་མ་འདྲེས་པའོ། །སྲིད་པའི་ལོངས་སྤྱོད་ཀྱི་དོན་དུ་ཡོངས་སུ་མ་བསྔོས་པས་མ་སྦགས་པའོ། །དེ་ལྟ་བུ་དང་ལྡན་པའི་

ཚུལ་ཁྲིམས་ནི་ཚོགས་ཀྱི་ལམ་གྱིས་བསྡུས་པའོ། །དེ་ཡང་སློབ་དཔོན་དཔའ་བོས། ལུས་དང་ངག་ལས་ཡིད་ལས་སྡོམ་པ་གང་། །མདོར་ན་འདིར་ནི་ཚུལ་ཁྲིམས་ཡིན་པར་གསུངས། །འདི་ལ་གནས་པའི་འགྲོ་ལ་ཕན་དོན་དུ། །བསམ་པའི་ཁྱད་པར་འབྲས་བུ་བཅས་པར་

འགྱུར། །ཞེས་གསུངས་སོ། །འདིས་ནི་ཚུལ་ཁྲིམས་བྱང་ཆུབ་ཀྱི་ཚོགས་སུ་བསྟན་ནོ། །རྣམ་པར་རྟོག་པའི་ཉེ་བར་གནོད་པའི་གཉེན་པོར་མིག་ལ་སོགས་པའི་དབང་པོ་སྦས་པའི་སྒོ་ཉིད་བསྟན་ནོ། །རྟེན་ལས་སུ་མི་རུང་བའི་གཉེན་པོར་ཟས་ཚོད་ཟིན་པ་ཉིད་དོ། །འདི་ལྟར་ཟས་ཉུང་

བར་ཟོས་ན་རྟེན་ཉམ་ཆུང་བས་སྤྲོ་བ་མེད་པ་དང་། ཟས་ལྷག་པར་ཟོས་ན་གཉིད་ལ་སོགས་པའི་སྐྱོན་ཀུན་དུ་སྤྱོད་པ་ལ་རྟེན་ལས་སུ་མི་རུང་བ་ཉིད་དོ། །དེས་ན་རྟེན་ལས་སུ་མི་རུང་བའི་གནོད་པའི་གཉེན་པོ་ཟས་ཚོད་ཟིན་པར་བསྟན་ཏོ། །མངོན་པར་མི་བརྩོན་པའི་གཉེན་པོར་ནམ་གྱི་ཆ་

སྟོད་ཆ་སྨད་ལ་གཉིད་མི་ལོག་པར་བསྟན་ནོ། །འགྱོད་པའི་ཉེ་བར་གནོད་པའི་གཉེན་པོར་ཤེས་བཞིན་ལ་གནས་པར་བསྟན་ནོ། །དེ་ལ་སེམས་བསྐྱེད་པ་དང་པོ་ན་དྲན་པ་ཉེ་བར་གཞག་པ་བསྒོམས་ལ། གཉིས་པ་ན་ཡང་དག་པར་སྤོང་བ། གསུམ་པ་ན་རྫུ་འཕྲུལ་གྱི་རྐང་པའོ། །

དེ་ཡང་དྲན་པའི་སྟོབས་ཀྱིས་ཉེ་བར་གནས་པས་དྲན་པ་ཉེ་བར་གཞག་པའམ། ཡང་ན་འདིས་དྲན་པ་ཉེ་བར་གནས་པས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ལ་རྣམ་གཞག་ལྔ་སྟེ། དམིགས་པ་དང་། ངོ་བོ་དང་། གྲོགས་དང་། བསྒོམ་པ་དང་། བསྒོམས་

པའི་འབྲས་བུའོ། །དེ་ལ་དམིགས་པ་ནི་ལུས་དང་། ཚོར་བ་དང་། སེམས་དང་ཆོས་སོ། །ཅིའི་ཕྱིར་དམིགས་པའི་རྣམ་གཞག་བཞི་ཡིན་ཞེ་ན། ལན་ནི་བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ཀྱིས་སེམས་ཀྱི་རང་བཞིན་གྱིས་བདག་དབང་པོ་དང་བཅས་པའི་ལུས་ཀྱི་རྟེན་ལ་བརྟེན་ནས་

เล่ม ๑๐๔ · หน้า 20b

བདེ་བ་ལ་སོགས་པ་ཉེ་བར་ལོངས་སྤྱོད་ཅིང་འདོད་ཆགས་ལ་སོགས་པའི་ཆོས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། དད་པ་ལ་སོགས་པའི་ཆོས་ཀྱིས་རྣམ་པར་བྱང་བར་འགྱུར་རོ་སྙམ་དུ་རྣམ་པར་རྟོག་གོ། །དེས་ན་དང་པོར་བདག་གི་རྐྱེན་གྱི་དངོས་པོར་ལུས་དང་། བདག་གིས་ལོངས་སྤྱོད་པར་

བྱ་བའི་དངོས་པོར་ཚོར་བ་དང་། སེམས་ཀྱི་རང་བཞིན་གྱིས་བདག་དང་། བདག་གི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོའི་ཆོས་ཡང་དག་པར་ཡོངས་སུ་སྤྱད་པའི་དོན་དུ་དམིགས་པ་རྣམ་པར་གཞག་པ་བཞིར་རིག་པར་བྱའོ། །ངོ་བོ་རྣམ་པ་གཉིས་ཏེ། ཤེས་རབ་དང་དྲན་པའོ། །

གྲོགས་ནི་ཤེས་རབ་དང་དྲན་པ་དང་མཚུངས་པར་ལྡན་པའི་སེམས་དང་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་ལ་སྒོམ་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དང་། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དང་། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའོ། །དེ་བཞིན་དུ་

ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་ལ་ནང་གི་ལུས་གང་ཞེ་ན། གང་འདི་ལ་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་གཟུགས་ཅན་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་སྟེ། ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་གང་ཡིན་པ་དང་། སེམས་ཅན་

གྱི་གྲངས་སུ་གཏོགས་པས་སོ། །ཕྱིའི་ལུས་གང་ཞེ་ན། ཕྱིའི་གཟུགས་ཅན་གྱི་སྐྱེ་མཆེད་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་གང་ཡིན་པ་སྟེ། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པ་དང་། སེམས་ཅན་གྱི་གྲངས་སུ་གཏོགས་པ་མ་ཡིན་པས་སོ། །ཕྱི་ནང་གི་བདག་

ཉིད་ཀྱི་ལུས་གང་ཞེ་ན། ནང་གི་སྐྱེ་མཆེད་ཀྱི་བདག་ཉིད་དང་འབྲེལ་པ་ཕྱིའི་སྐྱེ་མཆེད་དབང་པོའི་རྟེན་གང་ཡིན་པ་སྟེ། ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་དང་འབྲེལ་པ་ཡིན་པས་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་། གཞན་གྱི་དབང་པོའི་ཡུལ་ཡིན་པས་ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པ་ཡིན་

པས་སོ། །གཞན་ཡང་གཞན་གྱི་རྒྱུད་དུ་གཏོགས་པའི་ནང་གི་བདག་ཉིད་སྐྱེ་མཆེད་གཟུགས་ཅན་མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་ནང་དང་ཕྱིའི་བདག་ཉིད་དུ་གཏོགས་པའི་གཟུགས་ཏེ། རང་གི་རྒྱུད་ལ་ལྟོས་ནས་ནང་ཡིན་ལ། གཞན་གྱི་རྒྱུད་ལ་ལྟོས་ནས་ཕྱིའི་གཟུགས་ཡིན་པས་སོ། །

เล่ม ๑๐๔ · หน้า 21a

ལུས་ཀྱི་རྗེས་སུ་ལྟ་བ་གང་ཞེ་ན། རྣམ་པར་རྟོག་པའི་གཟུགས་བརྙན་གྱི་ལུས་དང་། རང་བཞིན་གྱི་གཟུགས་ཀྱི་ལུས་དག་པ་མཉམ་པ་ཉིད་དུ་ལྟ་བ་གང་ཡིན་པའོ། །རྣམ་པར་རྟོག་པའི་གཟུགས་བརྙན་གྱི་ལུས་མཐོང་བའི་རྗེས་སུ་འབྲང་ནས་རང་བཞིན་གྱི་

གཟུགས་ཀྱི་ལུས་ངེས་པ་སྟེ། ཤེས་རབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། མཐོང་བ་གང་ཡིན་པའོ་ཞེས་པའི་ཐ་ཚིག་གོ། །ནང་གི་ཚོར་བ་གང་ཞེ་ན། ནང་གི་ལུས་ལ་བརྟེན་ནས་འབྱུང་བའི་ཚོར་བ་སྟེ། ནང་གི་བདག་ཉིད་ཀྱི་མིག་ལ་སོགས་པའི་སྐྱེ་མཆེད་ལ་བརྟེན་ནས་སམ་དམིགས་

ནས་འབྱུང་བས་སོ། །ཕྱིའི་ཚོར་བ་གང་ཞེ་ན། ཕྱིའི་ལུས་ལ་བརྟེན་ནས་འབྱུང་བའི་ཚོར་བ་སྟེ། ཕྱིའི་གཟུགས་ལ་སོགས་པ་ལ་དམིགས་ནས་འབྱུང་བས་སོ། །ནང་དང་ཕྱིའི་ཚོར་བ་གང་ཞེ་ན། ནང་དང་ཕྱིའི་ལུས་ལ་བརྟེན་ནས་འབྱུང་བའི་ཚོར་བ་སྟེ། རང་གི་རྒྱུད་ལ་ཡོད་པའི་

དབང་པོའི་རྟེན་དང་། གཞན་གྱི་རྒྱུད་ལ་ཡོད་པའི་མིག་ལ་སོགས་པ་ལ་དམིགས་ནས་བྱུང་བའི་ཚོར་བ་གང་ཡིན་པའོ། །ཚོར་བའི་རྗེས་སུ་ལྟ་བ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་བ་གང་ཡིན་པའོ། །ནང་གི་བདག་ཉིད་ཀྱི་སེམས་ནི་ནང་གི་བདག་ཉིད་ཀྱི་མིག་ལ་སོགས་པ་ལ་

བརྟེན་ནས་སམ་དམིགས་ནས་བྱུང་བའི་སེམས་གང་ཡིན་པའོ། །ཕྱིའི་བདག་ཉིད་ཀྱི་སེམས་ནི་ཕྱིའི་གཟུགས་ལ་སོགས་པའི་སྐྱེ་མཆེད་ལ་དམིགས་ནས་བྱུང་བའི་སེམས་གང་ཡིན་པའོ། །ནང་དང་ཕྱིའི་སེམས་ནི་རང་གི་རྒྱུད་དུ་གཏོགས་པའི་དབང་པོའི་རྟེན་དང་། གཞན་གྱི་རྒྱུད་དུ་

གཏོགས་པའི་དབང་པོ་ལ་དམིགས་ནས་བྱུང་བའི་སེམས་གང་ཡིན་པའོ། །སེམས་ཀྱི་རྗེས་སུ་ལྟ་བ་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་བ་གང་ཡིན་པའོ། །ནང་གི་བདག་ཉིད་ཀྱི་ཆོས་ནི་ནང་གི་བདག་ཉིད་ཀྱི་མིག་ལ་སོགས་པ་ལ་བརྟེན་ནས་སམ་དམིགས་ནས་འབྱུང་བའི་འདུ་ཤེས་

ལ་སོགས་པ་གང་ཡིན་པའོ། །ཕྱིའི་བདག་ཉིད་ཀྱི་ཆོས་ནི་ཕྱིའི་གཟུགས་ལ་སོགས་པ་ལ་བརྟེན་ནས་འབྱུང་བའི་འདུ་ཤེས་ལ་སོགས་པ་གང་ཡིན་པའོ། །ཕྱི་དང་ནང་གི་ཆོས་ནི་རང་གི་རྒྱུད་དུ་གཏོགས་པའི་དབང་པོའི་རྟེན་དང་། གཞན་གྱི་རྒྱུད་ལ་ཡོད་པའི་དབང་པོ་ལ་དམིགས་ནས་

เล่ม ๑๐๔ · หน้า 21b

བྱུང་བའི་འདུ་ཤེས་ལ་སོགས་པ་གང་ཡིན་པའོ། །ཆོས་ཀྱི་རྗེས་སུ་ལྟ་བ་ནི་ཆོས་གང་ཡིན་པ་དེ་ཤེས་རབ་ཀྱིས་ངོ་བོ་ཉིད་ཀྱི་སྟོང་པར་མཐོང་བ་གང་ཡིན་པའོ། །ཡང་བསྒོམ་པ་ནི་འདུན་པ་དང་། བརྩོན་འགྲུས་དང་། རྩོལ་བ་དང་། སྤྲོ་བ་དང་། མ་ཐན་པ་དང་། ཕྱིར་ནུར་བ་མེད་པ་དང་།

དྲན་པ་དང་། ཤེས་བཞིན་དང་། བག་ཡོད་པའི་སྒོམ་པའོ། །དེ་ལ་ཡིད་ལ་མི་བྱེད་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་འདུན་པ་བསྒོམ་སྟེ། ངས་འདི་བྱའོ་སྙམ་པའི་རྩོམ་པའི་བརྩོན་འགྲུས་ཀྱི་དྲན་པ་ཉེ་བར་གཞག་པ་ལ་ཡིད་ལ་མི་བྱེད་པ་མི་འཇུག་པས་སོ། །ཉེ་བའི་ཉོན་མོངས་པ་ལེ་ལོའི་

གཉེན་པོར་བརྩོན་འགྲུས་བསྒོམ་སྟེ། །སྦྱོར་བའི་བརྩོན་འགྲུས་ཀྱི་ལེ་ལོར་ལྡོག་པར་འགྱུར་བས་སོ། །ཉེ་བའི་ཉོན་མོངས་པ་བྱིང་བ་དང་རྒོད་པའི་གཉེན་པོར་རྩོལ་བ་བསྒོམ་སྟེ། །སྐྱོ་བ་མེད་པའི་བརྩོན་འགྲུས་ཀྱིས་བྱིང་བ་དང་། རྒོད་པ་ཉེ་བར་ཞི་བར་འགྱུར་བས་སོ། །དེ་ལ་རྨུགས་པ་དང་

གཉིད་ཀྱི་ཟིལ་གྱིས་མནན་པས་སེམས་ཀྱི་རྒྱུ་བ་མི་གསལ་བ་ཡིན་པས་སེམས་བྱིང་བའོ་ཞེས་ཤེས་པར་བྱའོ། །སྔར་ཉམས་སུ་མྱོང་བའི་ཡུལ་འདོད་པས་བར་བར་དུ་སེམས་གཞན་དུ་འཇུག་པ་གང་ཡིན་པ་དེ་ནི་རྒོད་པའོ། །དེ་དེ་གཉིས་ཞི་བ་ནི་རབ་ཏུ་དགའ་བར་བྱེད་པ་སངས་རྒྱས་ཀྱི་སྐུ་ཡིད་

ལ་བྱེད་པ་དང་། མི་རྟག་པ་ལ་སོགས་པ་བསྒོམ་པས་སོ། །ཉེ་བའི་ཉོན་མོངས་པ་སེམས་ཞུམ་པའི་གཉེན་པོར་སྤྲོ་བ་བསྒོམ་སྟེ། ཐབས་ཀྱི་བརྩོན་འགྲུས་ཀྱིས་སེམས་ཞུམ་པ་ཉེ་བར་ཞི་བར་འགྱུར་ཏེ། སེམས་ཞུམ་པ་ནི་ཁྱད་པར་རྟོགས་པའི་ཆེད་དུ་བདག་ཉིད་སྨད་པའི་སྒོ་ནས་སེམས་ཞུམ་པ་

སྐྱེ་བའོ། །དེ་ཞི་བ་ནི་སྦྲང་བུ་ཤ་སྦྲང་ལ་སོགས་པས་ཀྱང་སངས་རྒྱས་ཉིད་ཐོབ་ན་སྙམ་པའི་དོན་ཡིད་ལ་བྱེད་པས་སོ། །ཉེ་བའི་ཉོན་མོངས་པ་གནོད་པས་ཡོངས་སུ་སྐྱོ་བའི་གཉེན་པོར་མ་ཐན་པ་བསྒོམ་སྟེ། གནོད་པས་ཡོངས་སུ་སྐྱོ་བ་ནི་ཤ་སྦྲང་དང་མཆུ་རིངས་ལ་སོགས་པའི་ཉེ་བར་འཚེ་བ་མི་བཟོད་

པའོ། །དེའི་གཉེན་པོར་མ་ཐན་པ་སྟེ་བཟོད་པ་བསྒོམ་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཕྱིར་ནུར་བ་མེད་པར་བསྒོམ་སྟེ། ཅུང་ཟད་ཀྱིས་ཆོག་པར་འཛིན་པ་ནི་གཉེན་པོ་འདི་ཙམ་གྱིས་ཆོག་གི་གཞན་མི་དགོས་སོ་ཞེས་པའོ། །གདམས་ངག་བརྗེད་

เล่ม ๑๐๔ · หน้า 22a

པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་དྲན་པ་བསྒོམ་མོ། །ལྟུང་བ་ཡིད་ལ་གཅགས་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཤེས་བཞིན་བསྒོམ་སྟེ། ལྟུང་བ་ཡིད་ལ་གཅགས་པ་ནི་འགྲོ་བ་དང་འོང་བ་ལ་སོགས་པ་ཤེས་བཞིན་པ་ཡིན་པར་སྤྱོད་པས་བསླབ་པ་ལས་

འདས་པ་སྔོན་དུ་འགྲོ་བ་ཅན་འགྱོད་པའོ། །བརྩོན་པ་འདོར་བ་ཉེ་བའི་ཉོན་མོངས་པའི་གཉེན་པོར་བག་ཡོད་པ་བསྒོམ་སྟེ། བརྩོན་པ་འདོར་བ་ནི་བག་མེད་པའི་སྐྱོན་གྱིས་ཇི་ལྟ་བ་བཞིན་དུ་བརྩམས་པའི་དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་སོགས་པ་མི་སྒྲུབ་པ་གང་ཡིན་པའོ། །བསྒོམས་པའི་

འབྲས་བུ་ནི་ཕྱིན་ཅི་ལོག་སྤོང་བ་དང་། བདེན་པ་ལ་འཇུག་པ་དང་། ལུས་ལ་སོགས་པ་དང་བྲལ་བའོ། །དེ་ལ་ཀུན་རྫོབ་ཀྱི་སྒོ་ནས་ལུས་དྲན་པ་ཉེ་བར་གཞག་པས་ལུས་མི་སྡུག་པར་བསྒོམས་པས་གཙང་བར་ཕྱིན་ཅི་ལོག་ཏུ་འཛིན་པ་སྤོང་ངོ་། །ཚོར་བ་དྲན་པ་ཉེ་བར་གཞག་

པས་བདེ་བར་ཕྱིན་ཅི་ལོག་ཏུ་འཛིན་པ་སྤོང་སྟེ། གང་ཅུང་ཟད་ཚོར་བ་དེ་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའོ་ཞེས་ཤེས་པའོ། །སེམས་དྲན་པ་ཉེ་བར་གཞག་པས་རྟག་པར་ཕྱིན་ཅི་ལོག་ཏུ་འཛིན་པ་སྤོང་སྟེ། རྟེན་མིག་ལ་སོགས་པ་དང་། དམིགས་པ་གཟུགས་ལ་སོགས་པ་

ཐ་དད་པས་སྐད་ཅིག་མ་སོ་སོ་ལ་རྣམ་པར་ཤེས་པ་གཞན་དང་གཞན་ཉིད་དུ་ཤེས་པས་སོ། །ཆོས་དྲན་པ་ཉེ་བར་གཞག་པས་བདག་ཏུ་ཕྱིན་ཅི་ལོག་འཛིན་པ་སྤོངས་པ་སྟེ། བདག་དང་བྲལ་བའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཙམ་མོ་ཞེས་ཤེས་པས་སོ། །གཞན་

ཡང་བདེན་པ་ལ་འཇུག་པ་འདི་རྣམས་ཀྱི་འབྲས་བུ་ཡིན་ཏེ། དེ་ལ་ལུས་དྲན་པ་ཉེ་བར་གཞག་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ཕལ་ཆེར་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚན་ཉིད་ཅན་གནས་ངན་ལེན་དང་ལུས་ལྡན་པར་རྟོགས་པས་སོ། །དེ་ལ་འདུ་བྱེད་ནི་དངོས་པོ་སྐྱེ་བའོ། །

དེ་ཡང་དོན་དམ་མ་ཡིན་པ་ཐམས་ཅད་ཀྱི་གནས་ཡིན་པས་གནས་ངན་ལེན་ནོ། །འཕགས་པ་རྣམས་དང་རྗེས་སུ་མི་མཐུན་པས་སྡུག་བསྔལ་ཉིད་དོ། །དེ་ཡང་ཇི་ལྟར། དོན་མེད་པ་ཡི་སྐྱེ་བ་འདི། །སྐྱེ་བ་ཡོད་ན་དགྲ་ཡོད་དོ། །རྒ་དང་འཆི་དང་ནད་དང་ཕོངས། །གསོད་དང་འཆིང་བ་ལ་

เล่ม ๑๐๔ · หน้า 22b

སོགས་པ། །གལ་ཏེ་དོན་མེད་སྐྱེ་མེད་ན། །འཇིགས་པ་དེ་ནི་འབྱུང་མི་འགྱུར། །ནགས་ཀྱི་མེ་དང་རླུང་དག་ལ། །མ་སྐྱེས་པ་ཡི་ཤིང་མི་ལྟུང་། །ཞེས་གསུངས་སོ། །དེས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་ལུས་སྡུག་བསྔལ་བ་ཉིད་དུ་མཐོང་བས་ལུས་དྲན་པ་ཉེ་བར་གཞག་པས་

སྡུག་བསྔལ་གྱི་བདེན་པ་ལ་འཇུག་པའོ། །ཚོར་བ་དྲན་པ་ཉེ་བར་གཞག་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་པ་སྟེ། །ཚོར་བ་བདེ་བ་ལ་སོགས་པ་ནི་ལྡན་པ་ལ་སོགས་པའི་སྲིད་པའི་རྟེན་ཡིན་ཏེ། དེ་ལྟར་ཚོར་བ་བདེ་བ་བདེ་བ་དང་ལྡན་པ་དང་མི་འབྲལ་བའི་སྲེད་པའི་རྒྱུ་ཡིན་ནོ། །ཚོར་

བ་སྡུག་བསྔལ་སྡུག་བསྔལ་དང་མི་ལྡན་པ་དང་སྡུག་བསྔལ་དང་བྲལ་བའི་སྲེད་པའི་རྒྱུ་ཡིན་ནོ། །ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གནས་སྐབས་དེ་ལ་མངོན་པར་དགའ་བའི་སྲིད་པའི་རྒྱུ་ཡིན་ནོ། །དེས་ན་ཚོར་བའི་འབྲས་བུའི་སྒོ་ནས་རྣམ་པར་དཔྱད་ན་ཀུན་འབྱུང་

གི་བདེན་པ་ལ་འཇུག་སྟེ། མདོ་ལས། ཀུན་འབྱུང་གི་བདེན་པ་གང་ཞེ་ན། །སྲེད་པ་དང་ཡང་སྲིད་པ་དང་། །ལེན་པ་ལ་འདུན་པ། དགའ་བ་འདོད་ཆགས་དང་ལྷན་ཅིག་ཏུ་གྱུར་པ་དེ་དང་དེ་ལ་མངོན་པར་དགའ་བའོ། །ཞེས་གསུངས་པས་སྲེད་པ་ཀུན་འབྱུང་གི་བདེན་པར་བསྟན་ནོ། །

དེ་ལྟར་ཚོར་བ་དྲན་པ་ཉེ་བར་གཞག་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ། །སེམས་དྲན་པ་ཉེ་བར་གཞག་པས་འགོག་པའི་བདེན་པ་ལ་འཇུག་པ་སྟེ། བདག་མེད་པའི་རྣལ་འབྱོར་པར་ཤེས་པ་ཙམ་ཕྱིས་འབྱུང་བ་མ་ཡིན་ནོ་སྙམ་དུ་མཐོང་བས་བདག་ཆད་པར་འགྱུར་རོ་སྙམ་པའི་དོགས་

པ་མེད་པས་མྱ་ངན་ལས་འདས་པ་ལ་སྐྲག་པ་མེད་པ་སྟེ། དེ་ལྟར་མི་རྟག་པ་ཉིད་ལ་སོགས་པ་ལ་སྤྱད་པས་བདག་ཏུ་མངོན་པར་ཞེན་པ་ལྡོག་ལ། སྡུག་བསྔལ་གྱི་འདུ་ཤེས་ཀྱང་སྐྱེའོ། །དེས་ན་བདག་ཆད་པར་འགྱུར་བའི་འཇིགས་པ་མེད་པ་དང་། སྡུག་བསྔལ་ཙམ་འཆད་པ་ཡིན་པས་

འགོག་པའི་བདེན་པ་ཞི་བ་ཉིད་དུ་མཐོང་ངོ་། །དེས་ན་འགོག་པ་ལ་སྐྲག་པ་མེད་པས་སེམས་དྲན་པ་ཉེ་བར་གཞག་པས་འགོག་པ་ལ་འཇུག་པར་འགྱུར་བའོ། །ཆོས་དྲན་པ་ཉེ་བར་གཞག་པས་ལམ་གྱི་བདེན་པ་ལ་འཇུག་པར་འགྱུར་ཏེ། མི་མཐུན་པའི་ཆོས་ཀུན་ནས་ཉོན་མོངས་པ་

เล่ม ๑๐๔ · หน้า 23a

སྤོང་བའི་དོན་དུ་གཉེན་པོའི་ཆོས་རྣམ་པར་བྱང་བ་བརྟེན་པ་སྟེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའོ། །རྣམ་པར་བྱང་བའི་ཆོས་ནི་དེའི་གཉེན་པོར་གྱུར་པ་མི་སྡུག་པ་དང་། བྱམས་པ་ལ་སོགས་པ་

དང་། དངོས་པོ་མེད་པར་བསྒོམ་པ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་དག་ལ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ངོ་བོར་རྟོགས་ནས་ཉེ་བར་འཚེ་བ་ཐམས་ཅད་ཤིན་ཏུ་སྤངས་པའི་ཐབས་ཡིན་ནོ་སྙམ་ནས་ལམ་གྱི་བདེན་པ་ལ་འཇུག་གོ། །

དེ་ལྟར་ཆོས་དྲན་པ་ཉེ་བར་གཞག་པས་ལམ་གྱི་བདེན་པ་ལ་འཇུག་གོ། །ཡང་འདི་རྣམས་ཀྱི་འབྲས་བུ་ལུས་ལ་སོགས་པ་དང་བྲལ་བ་ཡིན་ཏེ། སྟོང་པ་ཉིད་ཀྱི་སྒོ་ནས་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམས་པས་ལུས་ལ་སོགས་པ་མངོན་པར་ཞེན་པ་མེད་པས་སོ། །

དེ་ལ་དྲན་པ་ཉེ་བར་གཞག་པ་བསྒོམས་པའི་འབྲས་བུ་ཡང་ལུས་ལ་སོགས་པ་དང་བྲལ་བའོ། །སེམས་བསྐྱེད་པ་གཉིས་པ་ལ་ཡང་དག་པར་སྤོང་བ་སྒོམ་པ་སྟེ། གང་གི་ཕྱིར་ཆོས་དྲན་པ་ཉེ་བར་གཞག་པས་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཆོས་ཡོངས་སུ་ཤེས་པ་དེའི་

ཕྱིར་མི་མཐུན་པའི་ཕྱོགས་སྤོང་བ་དང་། གཉེན་པོའི་ཆོས་འཕེལ་བར་བྱ་བའི་དོན་དུའོ། །བརྩོན་འགྲུས་རྩོམ་པ་ལ་དྲན་པ་ཉེ་བར་གཞག་པའི་རྗེས་ལ་ཡང་དག་པར་སྤོང་བ་སྒོམ་པའོ། །ཡང་དག་པར་སྤོང་བ་རྣམས་ལ་ཡང་རྣམ་གཞག་ལྔ་སྟེ། དམིགས་པ་དང་། ངོ་བོ་དང་། གྲོགས་

དང་། བསྒོམ་པ་དང་། བསྒོམས་པའི་འབྲས་བུའོ། །དེ་ལ་དམིགས་པ་ནི་མི་མཐུན་པའི་ཕྱོགས་དང་། གཉེན་པོ་སྐྱེས་པ་དང་མ་སྐྱེས་པའོ། །དེ་ལ་དང་པོའི་དམིགས་པ་ནི་མི་མཐུན་པའི་ཕྱོགས་སྐྱེས་པ་སྟེ། དེས་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་དོན་དུ་འདུན་པ་སྐྱེས་

པས་སོ། །གཉིས་པའི་དམིགས་པ་ནི་མི་མཐུན་པའི་ཕྱོགས་མ་སྐྱེས་པ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བའི་དོན་དུ་འདུན་པ་བསྐྱེད་པས་སོ། །གསུམ་པའི་དམིགས་པ་ནི་གཉེན་པོའི་ཆོས་མ་སྐྱེས་པ་སྟེ། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་དོན་དུ་འདུན་པ་

เล่ม ๑๐๔ · หน้า 23b

བསྐྱེད་པས་སོ། །བཞི་པའི་དམིགས་པ་ནི་གཉེན་པོའི་ཆོས་སྐྱེས་པ་རྣམས་ཏེ། དེས་དགེ་བའི་ཆོས་སྐྱེས་པ་རྣམས་བསྟན་པའི་དོན་དུ་འདུན་པ་བསྐྱེད་པས་སོ། །ངོ་བོ་ནི་བརྩོན་འགྲུས་སོ། །གྲོགས་ནི་བརྩོན་འགྲུས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་

སོ། །བསྒོམ་པ་ནི་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་འཇོག་གོ་ཞེས་བྱ་བ་སྟེ། འདུན་པ་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་བརྩོན་འགྲུས་བསྒོམ་པ་གནས་དང་བཅས་པ་བརྗོད་དོ། །དེ་ལ་བརྩོན་

འགྲུས་ཀྱི་གནས་ནི་འདུན་པ་སྟེ། འདུན་པ་སྔོན་དུ་འགྲོ་བ་ཅན་བརྩོན་འགྲུས་ཡིན་པས་སོ། །འབད་པ་ནི་ཞི་གནས་དང་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་གང་ཡིན་པའོ། །གང་གི་ཚེ་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་

ཡིད་ལ་བྱེད་པས་སྐྱོན་དང་བྲལ་བའི་གཉེན་པོ་བསྒོམ་པ་དེའི་ཚེ་འབད་པ་ཞེས་བརྗོད་དོ། །འདི་ལྟར་གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཕུལ་དུ་བྱུང་བར་གྱུར་པ་དེའི་ཚེ་ཞི་གནས་ཤས་ཆུང་བའི་ཕྱིར་རླུང་གི་ནང་ན་གནས་པའི་མར་མེ་བཞིན་དུ་སེམས་རབ་ཏུ་གཡོ་བས་དེ་ཁོ་ན་ཉིད་རབ་ཏུ་

གསལ་བར་མཐོང་བར་མི་འགྱུར་བ་དེའི་ཚེ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པའོ། །གང་གི་ཚེ་ཞི་གནས་ལྷག་པར་གྱུར་པས་སྐྱེས་བུ་གཉིད་ལོག་པ་བཞིན་དུ་དེ་ཁོ་ན་ཉིད་གསལ་བར་མི་མཐོང་བ་དེའི་ཚེ་རབ་ཏུ་འཛིན་པའི་མཚན་མ་ཡིད་ལ་བྱེད་པའོ། །གང་གི་ཚེ་ཞི་གནས་དང་ལྷག་མཐོང་རང་གི་

ངང་གིས་འཇུག་པ་དེའི་ཚེ་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པའོ། །དེ་ལྟར་གཉེན་པོ་བསྒོམ་པ་ལ་འབད་པ་ཞེས་བྱའོ། །བྱིང་བ་དང་རྒོད་པ་སེལ་བའི་དོན་དུ་རྩོམ་པ་གང་ཡིན་པ་དེ་ལ་བརྩོན་འགྲུས་རྩོམ་པ་ཞེས་བྱ་སྟེ། འདི་ལྟར་གང་གི་ཚེ་ཉེ་བའི་ཉོན་མོངས་པ་བྱིང་བ་སྐྱེ་བས་དེ་བསལ་བའི་དོན་དུ་

དང་བ་སྐྱེ་བའི་རྒྱུ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་ཡིད་ལ་བྱེད་པས་སེམས་གཟེངས་བསྟོད་པ་དང་། ཉེ་བའི་ཉོན་མོངས་པའི་རྒོད་པ་སྐྱེས་ན་འཁོར་བ་ལ་ཡིད་བྱུང་བའི་དངོས་པོ་ཡིད་ལ་བྱེད་པ་ན་ནང་གི་བདག་ཉིད་དུ་བསྡུས་པའི་སྒོ་ནས་སེམས་འཛིན་པར་བྱེད་པ་དེའི་ཚེ་བརྩོན་འགྲུས་རྩོམ་པ་ཞེས་བྱ་སྟེ།

เล่ม ๑๐๔ · หน้า 24a

དེ་ཉིད་ཀྱི་ཕྱིར་བྱིང་བ་དང་རྒོད་པ་སྤང་བའི་ཐབས་མི་སྤོང་བའི་དོན་དུ་སེམས་རབ་ཏུ་འཛིན་པ་དང་ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །འབྲས་བུ་ནི་མི་མཐུན་པའི་ཕྱོགས་མ་ལུས་པ་འགྲིབ་པ་དང་གཉེན་པོ་ཐོབ་པ་དང་འཕེལ་བའོ། །དེ་ལ་ཡང་

དག་པར་སྤོང་བ་དང་པོ་དང་། གཉིས་པའི་འབྲས་བུ་མི་མཐུན་པའི་ཕྱོགས་མ་ལུས་པར་འགྲིབ་པ་སྟེ། དེ་དག་གིས་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དང་མ་སྐྱེས་པ་རྣམས་རབ་ཏུ་སྤོང་བས་སོ། །གསུམ་པའི་འབྲས་བུ་ནི་གཉེན་པོ་ཐོབ་པ་སྟེ་དེས་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པས་

སོ། །བཞི་པའི་འབྲས་བུ་ནི་གཉེན་པོ་འཕེལ་བ་སྟེ། དེས་དགེ་བའི་ཆོས་སྐྱེས་པ་རྣམས་རྒྱས་པར་བྱེད་པས་སོ། །སེམས་བསྐྱེད་པ་གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། གང་གི་ཕྱིར་བརྩོན་འགྲུས་བརྩམས་ཏེ། སེམས་གནས་པར་གྱུར་པས་དོན་ཐམས་ཅད་འགྲུབ་

པར་རུང་བའི་མཚན་ཉིད་ཅན་དུ་གྱུར་པ་དེའི་ཕྱིར་ཡང་དག་པར་སྤོང་བའི་རྗེས་ལ་རྫུ་འཕྲུལ་གྱི་རྐང་པ་རྣམ་པར་བསྒོམ་པ་སྟེ། རྫུ་འཕྲུལ་ནི་མངོན་པར་ཤེས་པ་ལ་སོགས་པའི་དོན་ཐམས་ཅད་གྲུབ་པའོ། །དེའི་རྒྱུར་གྱུར་པས་རྐང་པ་སྟེ་ཏིང་ངེ་འཛིན་བཞིའོ། །དེ་རྣམས་ལ་ཡང་རྣམ་

གཞག་ལྔ་སྟེ། དམིགས་པ་དང་། ངོ་བོ་དང་། གྲོགས་དང་། སྒོམ་པ་དང་། བསྒོམས་པའི་འབྲས་བུའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་ནི་ཏིང་ངེ་འཛིན་འགྲུབ་པས་མངོན་པར་ཤེས་པ་ལ་སོགས་པའི་རྫུ་འཕྲུལ་གྱི་བྱ་བ་གང་ཡིན་པའོ། །ངོ་བོ་ནི་སེམས་གནས་པ་

སྟེ་ཏིང་ངེ་འཛིན་ཞེས་པའོ། །གྲོགས་ནི་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་ལ་འདུན་པའི་ཏིང་ངེ་འཛིན་ནི་གང་གུས་པར་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་

པ་ཉིད་ལ་རེག་པའོ། །དེ་ལ་གུས་པར་སྦྱོར་བ་ནི་ཤིན་ཏུ་གུས་པས་སྦྱོར་བ་ཉིད་དོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་གང་རྒྱུན་དུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་སྟེ། གང་རྟག་ཏུ་འབད་ལ་ནམ་ཡང་མི་འབད་པ་མེད་པ་དེ་ལ་བརྩོན་འགྲུས་ཞེས་བྱའོ། །སེམས་ཀྱི་ཏིང་

เล่ม ๑๐๔ · หน้า 24b

ངེ་འཛིན་ནི་གང་སྔོན་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་སྟེ། སྔོན་སྐྱེ་བ་གཞན་དུ་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་དེའི་ས་བོན་རྒྱས་པས་རང་གི་ངང་གིས་སེམས་ཏིང་ངེ་འཛིན་ལ་རྗེས་སུ་མཐུན་པར་གྱུར་པས་ཏིང་ངེ་འཛིན་ལ་རེག་པས་སོ། །དཔྱོད་

པའི་ཏིང་ངེ་འཛིན་ནི་གང་གཞན་གྱི་གདམས་ངག་ལ་བརྟེན་ནས་ཆོས་རབ་ཏུ་རྣམ་པར་ཕྱེ་བའི་སྒོ་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །བསྒོམ་པ་ནི་སྤོང་བའི་འདུ་བྱེད་བརྒྱད་གོམས་པར་བྱེད་པ་སྟེ། སྤོང་བའི་འདུ་བྱེད་བརྒྱད་ནི་འདུན་པ་དང་། རྩོལ་བ་དང་། དད་པ་དང་། ཤིན་ཏུ་

སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ། །སྤོང་བའི་དོན་དུ་འདུ་བྱེད་པ་ཡིན་པས་སྤོང་བའི་འདུ་བྱེད་དོ། །འདི་རྣམས་གང་སྤོང་བའི་དོན་གྱིས་འདུ་བྱེད་ཡིན་ཞེ་ན། སྐྱོན་ལྔས་ཏེ། དེ་ལ་སྐྱོན་ལྔ་ནི་ལེ་ལོ་དང་། གདམས་ངག་བརྗེད་པ་

དང་། བྱིང་རྒོད་དང་། མངོན་པར་འདུ་མི་བྱེད་པ་དང་། འདུ་བྱེད་པའོ། །དེ་ལ་བྱིང་རྒོད་ནི་སྔར་བཤད་ཟིན་ཏོ། །མངོན་པར་འདུ་མི་བྱེད་པ་ནི་བཏང་སྙོམས་སོ། །འདུ་བྱེད་པ་ནི་ཡུལ་གཞན་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པའོ། །དེ་ལ་ལེ་ལོ་ནི་སྦྱོར་བའི་དུས་ན་སྐྱོན་ཡིན་ཏེ། དེས་

སྦྱོར་བ་མི་བྱེད་པས་སོ། །སྦྱོར་བ་བྱེད་པའི་དུས་སུ་གདམས་ངག་བརྗེད་པ་སྐྱོན་ཡིན་ཏེ། དེས་སེམས་མཉམ་པར་འཇོག་པར་མི་འགྱུར་བས་སོ། །མཉམ་པར་གཞག་པའི་དུས་སུ་བྱིང་རྒོད་སྐྱོན་ཡིན་ཏེ། དེ་རྣམས་ལས་སུ་རུང་བར་མི་འགྱུར་བས་སོ། །བྱིང་བ་དང་རྒོད་པའི་དུས་སུ་མངོན་

པར་འདུ་མི་བྱེད་པ་སྐྱོན་ཡིན་ཏེ། མངོན་པར་འདུ་མི་བྱེད་པས་བྱིང་རྒོད་ཀྱི་གཉེན་པོ་ཡིད་ལ་མི་བྱེད་པའི་ཕྱིར་བྱིང་རྒོད་ཞི་བར་མི་འགྱུར་བས་སོ། །བྱིང་རྒོད་ཞི་བའི་དུས་སུ་འདུ་བྱེད་པ་སྐྱོན་ཡིན་ཏེ། བྱིང་རྒོད་དང་བྲལ་བས་སེམས་མཉམ་པ་ཉིད་ཐོབ་པའི་ཕྱིར་རབ་ཏུ་ཞི་བ་ཞེས་བརྗོད་པ་ཡིན་

པས་དེ་ལྟར་གྱུར་པའི་ཚེ་བྱིང་རྒོད་ཀྱི་གཉེན་པོ་མངོན་དུ་བྱེད་པ་སྐྱོན་ཡིན་ནོ། །འདི་རྣམས་ནི་སྐྱོན་ལྔའོ། །སྐྱོན་ལྔ་པོ་དེ་རྣམས་སྤོང་བའི་དོན་དུ་སྤོང་བའི་འདུ་བྱེད་བརྒྱད་རྣམ་གཞག་བྱེད་པ་ཡིན་ཏེ། འདི་ལྟར་ལེ་ལོ་སྤང་བའི་དོན་དུ་འདུན་པ་དང་། རྩོལ་བ་དང་། དད་པ་དང་། ཤིན་ཏུ་སྦྱངས་

เล่ม ๑๐๔ · หน้า 25a

པ་དང་། སྤོང་བའི་འདུ་བྱེད་བཞིའོ། །དེ་ལ་འདུན་པ་ནི་མངོན་པར་འདོད་པའོ། །རྩོལ་བ་ནི་བརྩོན་འགྲུས་སོ། །དད་པ་ནི་མངོན་པར་ཡིད་ཆེས་པའོ། །ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ལས་སུ་རུང་བའོ། །བཞི་པོ་འདི་རྣམས་རིམ་པ་ཅི་ལྟ་བ་བཞིན་དུ་

རྟེན་དང་། བརྟེན་པ་དང་། རྒྱུ་དང་། འབྲས་བུར་རྣམ་པར་གཞག་སྟེ། དེ་ལ་འདུན་པ་ནི་རྩོལ་བའི་རྟེན་ཡིན་ནོ། །བརྟེན་པ་ནི་རྩོལ་བ་སྟེ། རྩོལ་བའི་སྔོན་དུ་འགྲོ་བ་མངོན་པར་འདོད་པ་ཡིན་པས་སོ། །རྟེན་འདུན་པའི་རྒྱུ་ནི་དད་པ་ཡིན་ཏེ། རྒྱུ་དང་འབྲས་བུ་ལ་དད་པ་ཡོད་ན་

མཉམ་པར་འཇོག་པའི་བྱ་བ་འདོད་པ་ཡིན་པས་སོ། །རྟེན་རྩོལ་བའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ། བརྩོན་འགྲུས་བརྩམས་པས་རྣམ་པར་རྟོག་པ་ལ་སོགས་པའི་སྐྱོན་དང་བྲལ་ནས་དགའ་བ་སྐྱེ་ལ་དགའ་བ་སྐྱེས་པ་ལས་ལུས་དང་སེམས་ལས་སུ་རུང་བའི་མཚན་ཉིད་ཅན་ཤིན་ཏུ་སྦྱངས་པ་སྐྱེ་

བས་སོ། །འདིར་རྩོལ་བ་རྒྱུ་དང་འབྲས་བུ་དང་བཅས་པ་ལེ་ལོའི་གཉེན་པོ་ཉིད་དུ་བསྟན་ནོ། །དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་ནི་སྐྱོན་བཞིའི་གཉེན་པོ་ཡིན་ཏེ། དེ་ལ་དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་དྲན་པ་ཡོད་པའི་དུས་

སུ་བྱིང་རྒོད་རྟོགས་པ་གང་ཡིན་པའོ། །སེམས་པ་ནི་བྱིང་རྒོད་རྟོགས་ནས་དེ་སྤང་བའི་དོན་དུ་གཉེན་པོ་མངོན་པར་འདུ་བྱེད་པ་གང་ཡིན་པའོ། །བཏང་སྙོམས་ནི་བྱིང་རྒོད་ཞི་བའི་དུས་ཀྱི་སེམས་རང་གི་ངང་གིས་མཉམ་པར་འཇོག་པ་གང་ཡིན་པའོ། །དེ་ལ་དྲན་པ་ནི་གདམས་ངག་བརྗེད་པའི་གཉེན་

པོ་སྟེ། དེས་གདམས་ངག་བརྗེད་པར་མི་འགྱུར་བས་སོ། །ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོ་སྟེ། དེས་བྱིང་རྒོད་ཤེས་པ་ཡིན་པས་སོ། །སེམས་པ་ནི་མངོན་པར་འདུ་མི་བྱེད་པའི་གཉེན་པོ་སྟེ། དེས་བྱིང་རྒོད་ཀྱི་གཉེན་པོ་མངོན་པར་འདུ་བྱེད་པས་སོ། །བཏང་སྙོམས་ནི་མངོན་པར་འདུ་

བྱེད་པའི་གཉེན་པོ་སྟེ། སེམས་རང་གི་ངང་གིས་མཉམ་པར་འཇོག་པའི་ཚེ་གཉེན་པོ་མངོན་པར་འདུ་བྱེད་པ་བཏང་སྙོམས་སུ་འཇོག་པས་སོ། །དེས་ནི་སྒོམ་པ་བསྟན་ནོ། །འབྲས་བུ་ནི་མངོན་པར་ཤེས་པ་ལ་སོགས་པ་རྫུ་འཕྲུལ་གྱི་ཡོན་ཏན་གྲུབ་པ་གང་ཡིན་པའོ། །དེ་ལྟར་སེམས་བསྐྱེད་པ་གསུམ་

เล่ม ๑๐๔ · หน้า 25b

གྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བཅུ་གཉིས་བསྡུས་སོ། །སེམས་བསྐྱེད་པ་གསུམ་པོ་འདི་རྣམས་ལ་ཆོ་གའི་སྒྲུབ་པ་ཞེས་བྱ་སྟེ། འདི་ལྟར་དཔེར་ན་རྒྱལ་རིགས་གང་ཞིག་རྒྱལ་སྲིད་འདོད་པ་དེ་ལ་ཕན་པར་འདོད་པས་བསྐུལ་བ་ན་དང་པོ་གོ་གྱོན་པར་བྱེད་དོ། །དེ་ནས་འཇུག་པ་སྟེ་གླང་པོ་ལ་

སོགས་པ་ལ་ཞོན་པའོ། །དེ་ནས་དཔུང་གི་ཚོགས་སྡུད་པར་བྱེད་དོ། །དེ་ནས་ངེས་པར་འབྱུང་བའི་ས་ནས་ངེས་པར་འབྱུང་སྟེ། མི་མཐུན་པའི་ཕྱོགས་ལས་རྒྱལ་བར་བྱས་ནས་རྒྱལ་སྲིད་ཐོབ་པའོ། །དེ་ལྟར་རང་གི་དོན་བསྒྲུབས་ནས། དེའི་རྗེས་ལ་སྙིང་རྗེ་དང་ལྡན་པས་ཅི་ལྟར་རིགས་པར་སྐྱེ་

དགུ་ཡོངས་སུ་སྐྱོང་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པའི་གོ་ཆ་གྱོན་པས་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་གོ་ཆ་གྱོན་པར་འགྱུར་ཏེ། གནས་སྐབས་འདིར་བར་དུ་གཅོད་པའི་མདའ་ཐམས་ཅད་ཀྱིས་མི་ཕིགས་པས་སོ། །དེ་ལྟར་གོ་

བགོས་པས་རྣམ་པ་ཐམས་ཅད་དུ་བསྒོམ་པ་ལ་བརྩོན་པར་འཇུག་སྟེ། བསམ་གཏན་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་ལ་ལྷག་པར་འཛེག་གོ། །དེ་ནས་རྒྱུའི་མཐར་ཐུག་པ་ཐོབ་པར་འདོད་པས་ཚོགས་སོག་གོ། །དེ་ནས་སངས་རྒྱས་ཀྱི་ས་ཐོབ་པའི་དོན་དུ་ངེས་པར་འབྱུང་བའི་

ས་ནས་ངེས་པར་འབྱུང་བའོ། །དེ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བའི་བར་ཆད་མེད་པའི་ལམ་ཐོབ་ནས་མི་མཐུན་པའི་ཕྱོགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པ་ལས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ས་ཡང་དག་པའི་མཐའ་མངོན་

དུ་བྱས་པའི་རང་བཞིན་ཅན་ཆོས་ཀྱི་རྒྱལ་པོ་ཐོབ་བོ། །དེ་ནས་ཅི་ལྟར་རིགས་པར་སེམས་ཅན་གྱི་དོན་བྱེད་དོ། །དེ་ལྟར་གོ་ཆ་དང་། འཇུག་པ་དང་། ཚོགས་དང་། ངེས་པར་འབྱུང་བ་བསྒྲུབ་པའི་ནང་ནས་སེམས་བསྐྱེད་པ་གསུམ་གྱི་གནས་སྐབས་ལ་གོ་ཆའི་སྒྲུབ་པ་རྣམ་པར་འཇོག་གོ། །

དེ་ཉིད་ཀྱི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་གཞུང་འགྲེལ་ལས་གོ་ཆ་ཆེན་པོ་བགོས་པ་ནི་སེམས་བསྐྱེད་པ་དང་པོ་ནས་བརྩམས་ཏེ་ལྷག་པའི་བསམ་པའི་བར་ལ་བྱའོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ས་བཅུའི་མདོ་བཤད་པ་ལས་གོ་ཆའི་སྨོན་པའོ་ཞེས་གསུངས་སོ། །བཅོམ་ལྡན་འདས་

เล่ม ๑๐๔ · หน้า 26a

ཀྱིས་ཀྱང་ཐར་པའི་ཆ་དང་མཐུན་པ་གསུངས་པའི་དུས་སུ་སེམས་བསྐྱེད་པ་དང་པོ་ནས་བཟུང་སྟེ་ཐབས་ལ་མཁས་པ་དང་མ་བྲལ་བར་སྦྱིན་པ་སྦྱིན་གྱི། མཚན་མར་ནི་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གོ་ཆའི་བསྒྲུབ་པ་གསུངས་པ་ཡིན་ཏེ། སྦྱིན་པ་ལ་སོགས་པ་

བསྒྲུབ་པ་ལས་མ་གཏོགས་པའི་གོ་ཆའི་སྒྲུབ་པ་གཞན་མེད་པས་སོ། །དེ་ནི་ཚོགས་ལམ་གྱི་རང་བཞིན་ཅན་སེམས་བསྐྱེད་པ་གསུམ་པ་བསྟན་ནོ། །དེ་ལྟར་ཚོགས་ཀྱི་ལམ་དུ་དད་པ་ལ་སོགས་པའི་དགེ་བས་ཡོངས་སུ་བསྒོས་པའི་སེམས་དང་ལྡན་པ་དང་། སྦྱིན་པ་ལ་སོགས་པའི་

དགེ་བའི་ཚོགས་དང་ལྡན་པས་བསོད་ནམས་ཀྱི་ཚོགས་རྫོགས་པས་ཡེ་ཤེས་ཀྱི་ཚོགས་བསགས་པའི་དོན་དུ་བསྐལ་པ་གྲངས་མེད་པ་གཅིག་ལས་བྱུང་ནས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་སངས་རྒྱས་ལས་གདམས་ངག་ཐོབ་སྟེ། གདམས་ངག་གིས་བསྟན་པ་མངོན་པར་ཤེས།

སྤྱོད་པའི་ས་ལ་རབ་ཏུ་འཇུག་ཅེས་གསུངས་པས་ལྷག་པར་མོས་པས་སྤྱོད་པའི་ས་ལ་རབ་ཏུ་འཇུག་གོ། །དེ་ནས་སེམས་བསྐྱེད་པ་བཞི་པ་ལྷག་པར་མོས་པའི་ས་དང་སྦྱོར་བའི་ལམ་དང་། ཟག་པ་དང་བཅས་པའི་བསྒོམ་པའི་ལམ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་

བ་དང་། དབང་པོ་དང་། སྟོབས་དང་། འཇུག་པའི་སྒྲུབ་པའི་བདག་ཉིད་ཅན། མེ་ལྟ་བུའོ་ཞེས་རྣམ་པར་གཞག་གོ། །དེ་ལ་སེམས་བསྐྱེད་པ་བཞི་པ་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཆེན་པོའི་ཆེན་པོའི་དབྱེ་བས་བཞིའོ། དེ་ལ་དང་པོ་ལ་དྲོད་རྣམ་པར་གཞག་གོ། །

གཉིས་པ་ལ་རྩེ་མོར་རྣམ་པར་གཞག་གོ། །གསུམ་པ་ལ་བཟོད་པའོ། །བཞི་པ་ལ་འཇིག་རྟེན་གྱི་ཆོས་ཀྱི་མཆོག་གོ། །ཇི་ལྟར་གཙུབ་ཤིང་གཙུབ་གཏན་ལ་གཙུབས་པ་ལས་མེའི་སྔ་ལྟས་སུ་གྱུར་པའི་དྲོད་འབྱུང་ལ། དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ལམ་མེ་ཡིན་ལ་དེའི་སྔ་ལྟས་

སུ་གྱུར་པ་འདི་འབྱུང་བས་ན་དྲོད་དོ། །དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པས་ན་རྩེ་མོ་སྟེ། འདི་ལས་ལྟུང་བའམ་རྒལ་བར་འགྱུར་བས་སོ། །བདེན་པ་བཞི་ལ་ཆེར་བཟོད་པས་ན་བཟོད་པའོ། །ཟག་པ་དང་བཅས་པས་ན་འཇིག་རྟེན་པ་ཡིན་ལ། དེའི་དེ་མ་ཐག་ཏུ་མཐོང་བའི་ལམ་སྐྱེ་བས་

เล่ม ๑๐๔ · หน้า 26b

ཆོས་ཀྱི་མཆོག་གོ། །དེ་ལ་དྲོད་ནི་བདེན་པ་སོ་སོའི་བདག་ཉིད་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པའོ། །དེ་ལ་བདེན་པ་ནི་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ། །དེ་ལ་གང་སྐྱེ་བ་

སེམས་ཅན་གྱི་འཇིག་རྟེན་དང་། གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་དག་ལ་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་སྟེ། ལས་དང་ཉོན་མོངས་པས་བསྐྱེད་པ་དང་། ལས་དང་ཉོན་མོངས་པའི་དབང་གིས་བྱས་པའོ། །གང་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པའི་སེམས་ཅན་གྱི་འཇིག་རྟེན་དང་།

སྣོད་ཀྱི་འཇིག་རྟེན་ནི་ལས་དང་ཉོན་མོངས་པས་བསྐྱེད་པ་ཡང་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་ཡང་མ་ཡིན་གྱི། འོན་ཀྱང་བསམ་གྱིས་མི་ཁྱབ་པའི་སྨོན་ལམ་ལས་ངེས་པར་འབྱུང་བས་སྡུག་བསྔལ་གྱི་བདེན་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་ཉན་ཐོས་པས་

སྡུག་བསྔལ་གྱི་བདེན་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཉིད་དུ་སྒོམ་པར་བྱེད་དོ། །བྱང་ཆུབ་སེམས་དཔས་ནི་དེ་བཞིན་དུ་ཡང་སྒོམ་པ་ཡིན་ནོ། །ཉན་ཐོས་རྣམས་འདུལ་བའི་དོན་དུའོ། །རྣམ་པ་དེ་རྣམས་མི་དམིགས་པས་ཀྱང་སྟེ། རང་གི་

ལམ་ཡོངས་སུ་རྫོགས་པར་བྱ་བའི་དོན་དུའོ། །ཡང་ན་ཉན་ཐོས་རྣམས་ཀྱང་མི་དམིགས་པའི་སྒོ་ནས་བསྒོམ་སྟེ། དེ་ལྟར་བསྒོམ་པའི་འཐད་པ་ཕྱིས་བཤད་པར་བྱའོ། །དེ་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་ལོགས་སུ་སྒོམ་པར་མི་བྱེད་ཀྱི། འོན་ཀྱང་མི་རྟག་པ་ལ་སོགས་པ་མི་

དམིགས་པ་སྒོམ་པའི་ནང་དུ་འདུས་པས་སོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་ལམ་ལྡོག་པའི་སྒོ་ནས་འཕངས་སོ་ཞེས་གསུངས་སོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་སྔར་མེད་པ་འབྱུང་བ་དང་། བྱུང་བ་མེད་པར་འགྱུར་བས་མི་རྟག་པར་ཤེས་པར་བྱའོ། །སྡུག་བསྔལ་བ་ཉིད་གསུམ་དང་།

སྡུག་བསྔལ་གྱི་རྣམ་པ་བརྒྱད་པོའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བས་སྡུག་བསྔལ་གྱི་བདེན་པའི་སྡུག་བསྔལ་གྱི་རྣམ་པར་ཤེས་པར་བྱའོ། །དེ་ལྟར་སྡུག་བསྔལ་ཉིད་གསུམ་བཤད་ཟིན་ཏོ། །སྡུག་བསྔལ་རྣམ་པ་བརྒྱད་ནི་མདོར་བསྡུ་ན་དྲུག་སྟེ། དོག་པའི་སྡུག་བསྔལ་དང་། འགྱུར་

เล่ม ๑๐๔ · หน้า 27a

བའི་སྡུག་བསྔལ་དང་། ཕྲད་པའི་སྡུག་བསྔལ་དང་། བྲལ་བའི་སྡུག་བསྔལ་དང་། རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་དང་། གནས་ངན་ལེན་གྱི་སྡུག་བསྔལ་ལོ། །དེ་ལ་འགྱུར་བའི་སྡུག་བསྔལ་ནི་རྣམ་པ་གསུམ་སྟེ། འགྱུར་བའི་སྡུག་བསྔལ་

དང་། ཁམས་འགྱུར་བའི་སྡུག་བསྔལ་དང་། སྲོག་འགྱུར་བའི་སྡུག་བསྔལ་ལོ། །དེ་ལ་སྐྱེ་བ་ནི་དོག་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་སྟེ། མའི་མངལ་ན་ཞུ་བ་དང་། མ་ཞུ་བ་གཉིས་ཀྱི་བར་ན་འདུག་པའམ། མངལ་ནས་བྱུང་བ་ན་མི་གཙང་བའི་རྫས་སྣ་ཚོགས་ཀྱིས་

གཟིར་བ་དང་། ལུས་ཀྱི་ཡན་ལག་ཀུན་དུ་བཙིར་བའི་སྡུག་བསྔལ་མྱོང་བའི་ཕྱིར་རོ། །རྒས་པ་ནི་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བའོ། །ན་བ་ནི་ཁམས་ཡོངས་སུ་གྱུར་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བའོ། །འཆི་བ་ནི་སྲོག་ཡོངས་སུ་གྱུར་པའི་སྡུག་བསྔལ་

གྱིས་སྡུག་བསྔལ་བའོ། །མི་སྡུག་པ་དང་ཕྲད་པ་ནི་ཕྲད་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བའོ། །མཛའ་བ་དང་བྲལ་བ་ནི་འབྲལ་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བའོ། །འདོད་པ་མ་ཐོབ་པ་ནི་རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བའོ། །གནས་ངན་ལེན་གྱིས་

སྡུག་བསྔལ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། སྡུག་བསྔལ་བརྒྱད་པོ་འདི་རྣམས་སྡུག་བསྔལ་ཉིད་གསུམ་གྱིས་བསྡུས་ཏེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མི་མཛའ་བ་དང་། ཕྲད་པའི་སྡུག་བསྔལ་ཞེས་གང་གསུངས་པ་དེས་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་

རབ་ཏུ་བསྟན་ཏེ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་མཚན་ཉིད་ཅན་ཡིན་པས་སོ། །མཛའ་བ་དང་བྲལ་བས་གང་འདོད་པ་བཙལ་ཏེ་མ་རྙེད་པ་ནི་སྡུག་བསྔལ་བའོ་ཞེས་གང་གསུངས་པ་དེས་འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏེ། ཐོབ་པ་དང་མ་ཐོབ་པ་ཚོར་བ་བདེ་བ་ཉམས་སུ་མྱོང་

བར་འགྱུར་བའི་ཆོས་ཡོངས་སུ་འགྱུར་བའི་མཚན་ཉིད་ཅན་ཡིན་པས་སོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྡུག་བསྔལ་ལོ་ཞེས་གང་གསུངས་པ་དེས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རབ་ཏུ་བསྟན་ཏེ། མ་བྱུང་བ་བྱུང་བ་དང་། བྱུང་བ་མེད་པར་གྱུར་པས་སྡུག་བསྔལ་གྱི་རང་བཞིན་ཡིན་པས་

เล่ม ๑๐๔ · หน้า 27b

སོ། །ཡང་ན་གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ་ཞེས་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྐྱེ་བའི་ཆར་གྱུར་པ་དང་། འཇིག་པའི་ཆར་གྱུར་པ་དང་། གཉིས་ཀའི་ཆར་གྱུར་པའི་མི་རྟག་པ་ཉིད་ལ་བརྟེན་ནས་གང་མི་རྟག་པ་དེ་ལ་སྡུག་བསྔལ་བའོ་ཞེས་བྱའོ། །དེ་ལ་སྐྱེ་བའི་ཆར་

གྱུར་པའི་མི་རྟག་པ་ཉིད་ནི་མེད་པའི་དངོས་པོ་བྱུང་བ་ཡིན་ལ། སྡུག་བསྔལ་གྱི་ཕྱོགས་ཀྱི་འདུ་བྱེད་རྣམས་བྱུང་བ་དེ་ཡང་གནོད་པར་བྱེད་པའི་རང་བཞིན་ཅན་ཡིན་པས་མི་རྟག་པ་ཉིད་ལ་བརྟེན་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཅེས་བྱའོ། །འཇིག་པའི་ཆར་གྱུར་པའི་མི་རྟག་པ་ཉིད་

ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་ཞེས་བྱ་སྟེ། འཇིག་པའི་ཆར་གྱུར་པའི་མི་རྟག་པ་ཉིད་ནི་བྱུང་བ་མེད་པར་གྱུར་པ་ལ་བྱ་ལ། དེ་ཡང་བདེ་བའི་ཕྱོགས་ཀྱི་འདུ་བྱེད་རྣམས་ལ་མི་འདོད་པ་ཡིན་པས་དེ་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བའོ་ཞེས་བྱའོ། །གཉིས་

ཀའི་ཆར་གྱུར་པའི་མི་རྟག་པ་ཉིད་ལ་བརྟེན་ནས་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་བ་ཉིད་ཀྱིས་སྡུག་བསྔལ་བའོ་ཞེས་བྱའོ། །དེའི་ཕྱིར་གང་མི་རྟག་པ་དེ་སྡུག་བསྔལ་བའོ། །དེ་ལྟར་ན་ཡང་མི་རྟག་པ་སྐྱེ་

བ་ལ་སོགས་པ་དང་ལྡན་པ་སྟེ་སྡུག་བསྔལ་བར་ཤེས་པར་བྱ་བ་ཡིན་གྱི། མི་རྟག་པ་སྤྱི་ནི་མ་ཡིན་ཏེ། དེ་ལྟར་ལམ་ཡང་སྡུག་བསྔལ་བ་ཉིད་དུ་འགྱུར་བས་སོ། །དེ་ལྟར་སྡུག་བསྔལ་གྱི་བདེན་པའི་སྡུག་བསྔལ་གྱི་རྣམ་པ་བསྟན་ནོ། །སྡུག་བསྔལ་གྱི་བདེན་པའི་སྟོང་པ་ཉིད་ཀྱི་རྣམ་པ་ནི་

ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། ཡོངས་སུ་གྱུར་པ་མ་ཡིན་པའི་ཆོས་བདག་དང་བདག་གི་བ་མེད་པའོ། །དེ་ལྟར་ན་བདག་མེད་ཀྱི་བདག་མེད་པ་ནི་ཡོད་པ་གང་ཡིན་པ་སྟེ། སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ལྟར་སྡུག་

བསྔལ་གྱི་བདེན་པའི་སྟོང་པ་ཉིད་ཀྱི་རྣམ་པར་ཤེས་པར་བྱའོ། །སྡུག་བསྔལ་གྱི་བདེན་པའི་བདག་མེད་པའི་རྣམ་པ་ནི་བདག་ཏུ་སྨྲ་བ་རྣམས་ཀྱིས་བདག་ཏུ་བརྟགས་པའི་མཚན་ཉིད་དང་། ཕུང་པོ་ལ་སོགས་པ་མི་ལྡན་པ་སྟེ། ཕུང་པོ་ལ་སོགས་པ་བདག་གི་མཚན་ཉིད་ཅན་དུ་མི་འགྱུར་བའོ། །

เล่ม ๑๐๔ · หน้า 28a

དེ་ལྟར་སྡུག་བསྔལ་གྱི་བདེན་པའི་བདག་མེད་པའི་རྣམ་པར་ཤེས་པར་བྱའོ། །དེ་ལྟར་སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པའི་རྣམ་པ་བསྟན་ནོ། །ཀུན་འབྱུང་གི་བདེན་པ་ནི་ཉོན་མོངས་པ་གང་ལ་སྡུག་བསྔལ་གྱི་བདེན་པ་དེ་ཀུན་འབྱུང་བ་དེ་དང་། ཉོན་

མོངས་པའི་དབང་གིས་འབྱུང་བའི་ཟག་པ་དང་བཅས་པའི་ལས་གང་ཡིན་པའོ། །གལ་ཏེ་དེ་ལྟར་ཡིན་ན་ཀུན་འབྱུང་བ་བསྟན་པའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་སྲེད་པ་ཡང་སྲིད་པ་ལས་འབྱུང་བར་འགྱུར་བ་དགའ་བའི་འདོད་ཆགས་དང་ལྷན་ཅིག་པ་དེ་དང་དེ་ལ་མངོན་པར་དགའ་བ་ལ་

ཀུན་འབྱུང་བའི་བདེན་པར་ཅིའི་ཕྱིར་བསྟན་ཅེ་ན། ཀུན་དུ་འགྲོ་བས་གཙོ་བོར་གྱུར་པའི་ཕྱིར་ཏེ། འདི་ལྟར་སྲེད་པ་དངོས་པོ་ཐམས་ཅད་ལ་ཀུན་དུ་འགྲོ་བ་སྟེ། ཐོབ་པ་དང་། མ་ཐོབ་པའི་བདག་གི་དངོས་པོ་དང་། ཡུལ་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ལ་བདག་གི་

དངོས་པོ་ཐོབ་པ་ལ་ནི་སྲེད་པའོ། །མ་ཐོབ་པ་ལ་ནི་ཡང་སྲིད་པ་ལ་འབྱུང་བར་འགྱུར་བའོ། །ཐོབ་པའི་ཡུལ་རྣམས་ལ་ནི་དགའ་བའི་འདོད་ཆགས་དང་ལྷན་ཅིག་པའོ། །མ་ཐོབ་པའི་ཡུལ་རྣམས་ལ་ནི་དེ་དང་དེ་ལ་མངོན་པར་དགའ་བའོ། །གནས་སྐབས་ཐམས་ཅད་དུ་འགྲོ་བ་ནི་སྡུག་

བསྔལ་གྱི་སྡུག་བསྔལ་ཉིད་ལ་སོགས་པ་གནས་སྐབས་གསུམ་གྱི་འདུ་བྱེད་རྣམས་ལ་ཁྱབ་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ཐོབ་པ་ལ་ནི་བྲལ་བར་སྲེད་དེ། མ་ཐོབ་པ་ལ་ནི་མི་ཕྲད་པར་སྲེད་དོ། །འགྱུར་བའི་སྡུག་བསྔལ་གྱི་གནས་སྐབས་ལ་ནི་

ཐོབ་པ་དང་མ་ཐོབ་པའི་བྱེ་བྲག་གིས་མི་འབྲལ་བའི་སྲེད་པ་དང་། ཕྲད་པའི་སྲེད་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་གྱི་གནས་སྐབས་ལ་ནི་གཏི་མུག་གི་སྲེད་པ་སྟེ། དེ་རྣམས་ལ་གཏི་མུག་གི་སྒོ་ནས་སྲེད་པས་འཇུག་པའོ། །དུས་ཐམས་ཅད་དུ་འགྲོ་བ་ནི་སྲེད་པ་དང་དུས་གསུམ་པོ་

རྣམས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་ལ་འདས་པའི་དུས་ལ་ནི་ལྟོས་པའི་རྣམ་པས་རྗེས་སུ་འགྲོ་བའོ། །མ་འོངས་པ་ལ་ནི་མངོན་པར་དགའ་བའི་རྣམ་པས་རྗེས་སུ་འགྲོ་བའོ། །ད་ལྟར་བྱུང་བ་ལ་ནི་ལྷག་པར་ཆགས་པའི་རྗེས་སུ་འགྲོ་བའོ། །ཁམས་གསུམ་དུ་འགྲོ་བ་ནི་འདོད་པ་དང་། གཟུགས་

เล่ม ๑๐๔ · หน้า 28b

དང་། གཟུགས་མེད་པ་དག་གི་སྲེད་པས་ཁམས་གསུམ་ལ་ཁྱབ་པའི་ཕྱིར་རོ། །ཚོར་བ་ཐམས་ཅད་དུ་འགྲོ་བ་ནི་དེས་འདོད་པ་དང་། སྲིད་པ་དང་། ལོག་པར་ཚངས་པར་སྤྱོད་པ་ལ་ཚོལ་བའི་ཕྱིར་རོ། །དེ་ལ་འདོད་པ་ཚོལ་བས་ནི་འདོད་པའི་ཁམས་ལས་ཡོངས་སུ་མ་གྲོལ་བར་

དེ་ཉིད་དུ་སྡུག་བསྔལ་གྲུབ་པར་བྱེད་དོ། །དེ་བཞིན་དུ་སྲིད་པ་ཚོལ་བས་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྡུག་བསྔལ་འགྲུབ་པར་བྱེད་དོ། །སྲིད་པའི་སྒྲས་གཟུགས་དང་གཟུགས་མེད་པའི་ཁམས་བསྟེན་པའོ། །ལོག་པར་ཚངས་པར་སྤྱོད་པ་ཚོལ་བས་ནི་འཁོར་བ་ལས་

ཡོངས་སུ་མ་གྲོལ་བར་དེ་ཉིད་དུ་འཁོར་བར་བྱེད་དོ། །རྣམ་པ་ཐམས་ཅད་དུ་འགྲོ་བ་ནི་སྲིད་པ་དང་། སྲིད་པ་མ་ཡིན་པ་ལ་སྲིད་པས་རྟག་པ་དང་ཆད་པའི་རྣམ་པ་ལ་ཁྱབ་པའི་ཕྱིར་རོ། །དེ་ལྟར་མདོ་ལས་སྲེད་པ་གཙོ་བོ་ཡིན་པས་ཀུན་འབྱུང་གི་བདེན་པར་བསྟན་ཏོ། །དེ་ལ་ཉན་ཐོས་རྣམས་

ཀུན་འབྱུང་གི་བདེན་པ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པའི་སྒོ་ནས་སྒོམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྔར་བསྟན་པའི་ཚུལ་གྱིས་སྒོམ་མོ། །དེ་ལ་རྒྱུའི་རྣམ་པ་ནི་ཡང་སྲིད་པའི་བག་ཆགས་འཇོམས་པའི་རྒྱུ་ཡིན་པའི་ཕྱིར་རྒྱུའི་རྣམ་པའོ། །ཀུན་འབྱུང་

བའི་རྣམ་པ་ནི་སེམས་ཅན་བག་ཆགས་བསགས་པ་རྣམས་ཀྱི་ལྷ་ལ་སོགས་པའི་སེམས་ཅན་གྱི་རིས་སུ་དེའི་ཆ་བྱད་དང་། རང་བཞིན་དང་འདྲ་བར་བསྡུས་ནས་འབྱུང་བར་བྱེད་པའི་རྒྱུ་ཡིན་པས་ནའོ། །རབ་ཏུ་སྐྱེ་བ་ནི་སོ་སོར་རང་གི་རྒྱུད་ངེས་པ་དང་། འགྲོ་བ་དང་། སྐྱེ་གནས་ལ་སོགས་པ་

རྣམས་རྣམ་པ་ཐམས་ཅད་དུ་དང་། མཆོག་ཏུ་སྲིད་པའི་རྩེ་མོའི་འགྲོ་བའི་བར་དུ་འབྱུང་བར་བྱེད་པའི་རྒྱུ་ཡིན་པས་ན་རབ་ཏུ་སྐྱེ་བའོ། །རྐྱེན་ནི་སྔོན་མ་བྱུང་བའི་ལུས་གཞན་དང་གཞན་ཐོབ་པ་དང་། སྔོན་ཐོབ་པའི་དུས་འདས་པར་བྱེད་པའི་རྒྱུའོ། །དེ་ལྟར་ཀུན་འབྱུང་གི་བདེན་པའི་རྣམ་པ་བཞིར་ཤེས་པར་བྱའོ། །

འགོག་པའི་བདེན་པ་ནི་གང་དུ་འགོག་པ་དང་། གང་འགོག་པའོ། །གང་དུ་འགོག་ན་དེ་བཞིན་ཉིད་དུའོ། །གང་འགོག་པ་ནི་ཉོན་མོངས་པ་མི་འབྱུང་བའོ། །གཉིས་པོ་འདི་དག་ནི་འགོག་པའོ། །འདི་ཡང་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་བཞིས་

เล่ม ๑๐๔ · หน้า 29a

སྔར་བཞིན་དུ་སྒོམ་མོ། །དེ་ལ་འགོག་པའི་རྣམ་པ་ནི་ཉོན་མོངས་པའི་རྣམ་པ་དང་བྲལ་བ་ལ་བརྟེན་ནས་སོ། །ཞི་བའི་རྣམ་པ་ནི་སྡུག་བསྔལ་དང་བྲལ་བ་ལ་བརྟེན་པ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་མ་ཞི་བའི་ཉེར་ལེན་གྱི་ཕུང་པོ་ལྔ་དང་བྲལ་བས་སོ། །གྱ་ནོམ་

པའི་རྣམ་པ་ནི་ཉོན་མོངས་པ་དང་། སྡུག་བསྔལ་དང་བྲལ་བ་ཡིན་པས་བདག་ཉིད་གཙང་བ་དང་། བདེ་བའི་དངོས་པོ་ཉིད་ལ་བརྟེན་ནས་སོ། །ངེས་པར་འབྱུང་བའི་རྣམ་པ་ནི་རྟག་པ་དང་ཕན་པའི་རང་བཞིན་ཉིད་ལ་བརྟེན་ནས་ཕྱིར་མི་ལྡོག་པའི་རང་བཞིན་ཡིན་པས་སོ། །དེ་ལྟར་འགོག་པའི་

བདེན་པའི་རྣམ་པ་བཞིར་ཤེས་པར་བྱའོ། །ལམ་གྱི་བདེན་པ་ནི་ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་། ལམ་སྒོམ་པ་སྟེ། འདིས་ནི་བྱ་བའི་སྒོ་ནས་ལམ་གྱི་མཚན་ཉིད་མདོར་བསྡུས་པར་ཤེས་པར་བྱའོ། །ཚོགས་ཀྱི་

ལམ་ལ་སོགས་པ་ལ་ཡང་ལམ་གྱི་བདེན་པ་ཞེས་བྱའོ། །དེ་ཡང་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པ་བཞིས་སྔར་བཞིན་བསྒོམ་པར་བྱའོ། །དེ་ལ་ལམ་གྱི་རྣམ་པ་ནི་དེ་ཁོ་ནའི་དོན་ཡོངས་སུ་ཚོལ་བ་ལ་བརྟེན་ནས་ཏེ། ལམ་འདིས་དེ་ཁོ་ན་ཉིད་ཀྱི་དོན་ཚོལ་

བ་ཡིན་པས་སོ། །རིགས་པའི་རྣམ་པ་ནི་མི་རིགས་པར་འགྱུར་བའི་ཉོན་མོངས་པའི་གཉེན་པོར་འགྱུར་བས་སོ། །སྒྲུབ་པའི་རྣམ་པ་ནི་དེ་ཁོ་ན་ཉིད་མ་རྟོགས་པའི་སྐྱོན་གྱིས་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་པའི་སེམས་དང་ལྡན་པ་དང་། ཕྱིན་ཅི་མ་ལོག་པ་དེ་ཁོ་ན་ཉིད་

རྟོགས་པ་སྒྲུབ་པ་ཡིན་པས་ན་སྒྲུབ་པའི་རྣམ་པའོ། །ངེས་པར་འབྱིན་པའི་རྣམ་པ་ནི་རྟག་པ་ངེས་པར་འབྱུང་བའི་གནས་སུ་འགྲོ་བ་ཡིན་པས་ན་ངེས་པར་འབྱིན་པའོ། །དེ་ལྟར་བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་ཏུ་ཤེས་པར་བྱའོ། །རྣམ་པ་དེ་ལྟ་བུའི་བདེན་པ་ལ་གང་སྣང་བ་ཐོབ་པའི་ཏིང་ངེ་

འཛིན་དང་ཤེས་རབ་དང་མཚུངས་པར་ལྡན་པ་དེ་དྲོད་དེ། འདི་ལྟར་གང་གི་ཚེ་བདེན་པ་བཞི་ཆོས་ཐམས་ཅད་བདག་མེད་པའི་སྒོ་ནས་སྒོམ་པ་དེའི་ཚེ་དོན་ཐ་དད་དུ་མངོན་པར་ཞེན་པ་མེད་པས་ཅུང་ཟད་གསལ་བའི་ཡེ་ཤེས་ཀྱི་སྣང་བས་སེམས་ཙམ་མཐོང་བ་དེ་དྲོད་ཀྱི་གནས་སྐབས་ཀྱང་ཡིན་ལ།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด