དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) མ་དྷྱཱ་མ་ཀཱ་ཨ་བ་ཏཱ་ར་སྱ་ཊཱི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๔ · หน้า 29b
སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། ཅུང་ཟད་གསལ་བའི་ཡེ་ཤེས་མཐོང་བས་སོ། །དྲོད་བསྟན་ཟིན་ཏོ། །སྣང་བ་ཐོབ་པའི་ཏིང་ངེ་འཛིན་དེ་རྒྱས་པ་ལ་རྩེ་མོ་ཞེས་བྱ་སྟེ། དྲོད་ཀྱི་དེ་མ་ཐག་པ་གསལ་བ་འབྲིང་པོ་རྩེ་མོ་ཞེས་བྱ་བ་ཡིན་པས་སོ། །དེ་ནི་སྣང་བ་མཆེད་པའི་ཏིང་
ངེ་འཛིན་ཏོ། །རྩེ་མོ་བསྟན་ཟིན་ཏོ། །བཟོད་པ་ནི་བདེན་པ་སོ་སོའི་ཕྱོགས་གཅིག་ལ་ཞུགས་པ་དང་། རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། གང་གི་ཚེ་སེམས་ཙམ་ལ་གནས་པས་ཤིན་ཏུ་གསལ་བའི་ཕྱི་རོལ་གྱི་དོན་ལ་
མངོན་པར་ཞེན་པ་དང་བྲལ་བའི་ཡེ་ཤེས་ཀྱི་སྣང་བ་སྐྱེ་བ་དེའི་ཚེ་བཟོད་པའི་གནས་སྐབས་ཏེ། གཅིག་ཏུ་ངེས་པར་གཟུང་བ་རང་བཞིན་མེད་པར་རྟོགས་པས་ཕྱོགས་གཅིག་ལ་ཞུགས་པ་དང་། འཛིན་པའི་རང་བཞིན་མེད་པར་རྟོགས་པའི་རྗེས་སུ་མཐུན་པར་གནས་པ་ཡིན་པ་
ཕྱོགས་གཅིག་ལ་རྗེས་སུ་སོང་བའོ། །བཟོད་པ་བསྟན་ཟིན་ཏོ། །འཇིག་རྟེན་གྱི་ཆོས་ཀྱི་མཆོག་ནི་བདེན་པ་སོ་སོ་ལ་དེ་མ་ཐག་པའི་སེམས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །གང་གིས་འཛིན་པར་བྱེད་པ་ལ་སྣང་བ་མེད་པའི་ཡེ་ཤེས་ཀྱི་སྣང་བ་རྫོགས་
པ་དེའི་ཚེ་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་སོ། །དེ་ཡང་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། དེའི་དེ་མ་ཐག་ཏུ་འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་སྐྱེ་བས་སོ། །དྲོད་ལ་སོགས་པའི་གནས་སྐབས་སུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤོང་བ་ནི་ཆོས་ཀྱི་
བདག་མེད་པའི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་ཙམ་གྱི་དབང་དུ་བྱས་ནས་བཤད་པ་ཡིན་གྱི། མཐོང་བས་སྤང་བར་བྱ་བས་བསྡུས་པའི་ཉོན་མོངས་པའི་གཉེན་པོ་ནི་མཐོང་བའི་ལམ་ཁོ་ན་ཡིན་ནོ། །དེས་ན་མཐོང་བའི་ལམ་ཁོ་ནར་སྤོང་བར་འགྱུར་རོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་
བསྟན་ཟིན་ཏོ། །སེམས་བསྐྱེད་པ་བཞི་པ་འདི་ལ་ལྷག་པར་མོས་པས་སྤྱོད་པ་འདི་ལ་ལྷག་པར་མོས་པས་སྤྱོད་པའི་ས་ཞེས་ཀྱང་བྱ་སྟེ། དྲོད་ལ་སོགས་པ་བཞི་པོ་འདི་རྣམས་ལྷག་པར་མོས་པ་ལ་བརྟན་པ་དང་། ཡོན་ཏན་གྱི་གནས་སུ་གྱུར་པ་ཡིན་པས་སོ། །སྦྱོར་བའི་ལམ་ཞེས་ཀྱང་བྱ་སྟེ།
เล่ม ๑๐๔ · หน้า 30a
ཇི་ལྟ་བུར་བུད་ཤིང་གི་ཁྱད་པར་གྱིས་མེ་བཞིན་དུ་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་སྦྱོར་བ་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པ་ལ་བར་ཆད་མེད་ན་མཐོང་བའི་ལམ་ལ་ཤིན་ཏུ་ཉེ་བར་འགྱུར་བས་སོ། །ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་བསྒོམ་
པའི་ལམ་ཞེས་ཀྱང་བྱའོ། །དེས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཞེས་ཀྱང་བྱ་སྟེ། ངེས་པར་འབྱེད་པ་ནི་མཐོང་བའི་ལམ་མོ། །དེའི་ཆ་ནི་ཐོབ་པ་སྟེ། དེ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །གནས་སྐབས་འདི་ལ་དབང་པོ་དང་སྟོབས་ཞེས་ཀྱང་བྱའོ། །དེ་ལ་
དྲོད་དང་རྩེ་མོའི་གནས་སྐབས་ན་དད་པ་ལ་སོགས་པ་ལ་དབང་པོ་ཞེས་བྱའོ། །བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་སུ་ནི་སྟོབས་ཞེས་བྱའོ། །དབང་པོ་ལྔ་པོ་ལ་རྣམ་གཞག་ལྔ་སྟེ། དམིགས་པ་དང་། ངོ་བོ་དང་། གྲོགས་དང་། སྒོམ་པ་དང་། བསྒོམས་
པའི་འབྲས་བུའོ། །དེ་ལ་དམིགས་པ་ནི་འཕགས་པའི་བདེན་པ་བཞི་སྟེ། བདེན་པར་མངོན་པར་རྟོགས་པའི་སྦྱོར་བས་བསྡུས་པས་བདེན་པ་བཞིའི་རྣམ་པ་ཅན་ཡིན་པས་སོ། །ངོ་བོ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་བོ། །གྲོགས་
ནི་དེ་རྣམས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའོ། །སྒོམ་པ་ནི་དད་པའི་དབང་པོས་བདེན་པ་རྣམས་ལ་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་སྒོམ་པར་འགྱུར་རོ། །མངོན་པར་ཡིད་ཆེས་པ་སྐྱེས་པ་ནི་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྤྲོ་བའི་ཚུལ་གྱིས་
བརྩོན་འགྲུས་རྩོམ་པར་འགྱུར་རོ། །བརྩོན་འགྲུས་བརྩམས་པ་ནི་བདེན་པ་རྣམས་ལ་ཉེ་བར་གནས་པའི་དྲན་པ་མི་བརྗེད་པའི་ཚུལ་གྱིས་སྒོམ་པར་འགྱུར་རོ། །བདེན་པ་རྣམས་ལ་དྲན་པ་ཉེ་བར་གནས་པ་ནི་སེམས་རྩེ་གཅིག་པའི་ཚུལ་གྱིས་ཏིང་ངེ་འཛིན་སྒོམ་པར་འགྱུར་རོ། །བདེན་
པ་རྣམས་ལ་མཉམ་པར་གཞག་པ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཚུལ་གྱིས་ཤེས་རབ་སྒོམ་པར་འགྱུར་རོ། །བསྒོམས་པའི་འབྲས་བུ་ནི་དེའི་དབང་གིས་མྱུར་དུ་མཐོང་བའི་ལམ་ཐོབ་པ་དང་། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་རྣམས་ཐོབ་པ་སྟེ།
เล่ม ๑๐๔ · หน้า 30b
དུས་དེ་ཉིད་དུ་རྒྱུད་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡོད་པར་གྱུར་པས་སོ། །དེ་ལྟར་དབང་པོ་བསྟན་ཟིན་ཏོ། །དབང་པོ་རྣམས་ཅི་ལྟ་བ་དེ་བཞིན་དུ་སྟོབས་རྣམས་ལ་ཡང་ངོ་། །འདི་ནི་ཁྱད་པར་ཡིན་ཏེ། མི་མཐུན་པའི་ཕྱོགས་ངེས་པར་བསྲབས་པས་མི་བརྫི་བའི་ཕྱིར་
སྟོབས་རྣམས་སོ། །དེ་ལ་སྟོབས་རྣམས་ཀྱི་དམིགས་པ་ལ་སོགས་པ་ནི་དབང་པོ་རྣམས་དང་མཚུངས་སོ། །འབྲས་བུ་ལ་ནི་བྱེ་བྲག་ཡོད་དེ། འདི་ལྟར་སྟོབས་རྣམས་ལ་དབང་པོ་ཇི་ལྟར་བསྟན་པའི་འབྲས་བུ་དེ་ཡང་ཡོད་ལ། མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་
བསྲབས་པར་ལྷག་པའོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་ལ་དམིགས་པ་དང་། ངོ་བོ་ཉིད་ལ་སོགས་པ་མཚུངས་པ་ཡོད་དུ་ཟིན་ཀྱང་བརྫི་བར་མི་ནུས་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཐ་དད་པར་བཤད་དོ། །སྟོབས་བཤད་ཟིན་ཏོ། །དེ་ལྟར་སེམས་བསྐྱེད་པ་བཞི་པས་བྱང་ཆུབ་
ཀྱི་ཕྱོགས་བཅུ་བསྡུས་པའོ། །སེམས་བསྐྱེད་པ་བཞི་པ་འདི་ལ་འཇུག་པའི་སྒྲུབ་པ་ཞེས་ཀྱང་བྱ་སྟེ། དེ་ལ་འཇུག་པ་ནི་ལམ་དེ་ལ་འགྲོ་བར་རྩོམ་པ་དང་། འགྲོ་བ་དང་། འཛེགས་ནས་འགྲོ་བར་རིམ་པ་ཇི་ལྟ་བ་བཞིན་དུ་མོས་པས་སྤྱོད་པའི་ས་དང་། རབ་ཏུ་དགའ་བ་ནས་བརྩམས་
ཏེ་ས་བདུན་པའི་བར་དུ་དང་། མི་གཡོ་བ་ལ་སོགས་པ་རྣམས་སུའོ་ཞེས་སློབ་དཔོན་དབྱིག་གཉེན་བཞེད་དོ། །དེ་ལ་མོས་པས་སྤྱོད་པའི་སར་ལྷག་པར་མོས་པས་འགྲོ་བ་རྩོམ་མོ། །ས་བདུན་དུ་རྩོལ་བའི་སྒོ་ནས་འགྲོ་བའོ། །ས་བརྒྱད་པ་ལ་སོགས་པར་རྩོལ་བ་མེད་པར་ཤིང་རྟ་
ལེགས་པར་དྲངས་པ་བཞིན་དུ་འགྲོའོ། །དེ་ལྟར་སེམས་བསྐྱེད་པ་བཞི་པ་ནས་བརྩམས་ཏེ། སངས་རྒྱས་ཀྱི་སའི་བར་ནི་འཇུག་པའི་སྒྲུབ་པའོ། །དེས་ན་སེམས་བསྐྱེད་པ་བཞི་པ་ལ་འཇུག་པའི་སྒྲུབ་པའི་རྣམ་གཞག་བྱེད་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི་འཇིག་རྟེན་གྱི་ཆོས་
མཆོག་ནས་བརྩམས་ཏེ་སངས་རྒྱས་ཀྱི་སའི་བར་ལ་གཞག་སྟེ། འདིས་བྱང་ཆུབ་ཆེན་པོ་རྫོགས་པར་བྱེད་པའི་ཚོགས་ཞེས་བྱའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །དེ་དག་སྒྲུབ་པ་ནི་ཚོགས་ཀྱི་སྒྲུབ་པའོ། །བསོད་ནམས་དང་
เล่ม ๑๐๔ · หน้า 31a
ཡེ་ཤེས་ཀྱི་ཚོགས་སྔར་སེམས་བསྐྱེད་པ་གསུམ་པ་དྲོད་ལ་སོགས་པ་གསུམ་གྱི་གནས་སྐབས་སུ་བསགས་སུ་ཟིན་ཀྱང་དེ་ལྟར་ན་ཡང་འཇིག་རྟེན་ཆོས་མཆོག་ནས་བརྩམས་ཏེ་རབ་ཏུ་སོན་པ་ཡིན་པས་འདི་ནས་བཟུང་སྟེ་ཚོགས་ཀྱི་སྒྲུབ་པའི་རྣམ་གཞག་བྱེད་དོ། །
སེམས་བསྐྱེད་པ་བཞི་པ་འདི་མེ་ལྟ་བུ་ཡང་ཡིན་ཏེ། དེས་ཁྱད་པར་དུ་རྟོགས་པ་མཆོག་ཏུ་གྱུར་པ་སྟེ། ཇི་ལྟ་བུར་བུད་ཤིང་གི་ཁྱད་པར་གྱིས་མེ་མཆོག་ཏུ་འགྱུར་བ་བཞིན་ནོ། །སེམས་བསྐྱེད་པ་བཞི་པོ་འདི་རྣམས་ལ་བརྡ་ལས་བྱུང་བ་དང་། ཀུན་རྫོབ་ཀྱི་དང་། འཇིག་རྟེན་པའོ་
ཞེས་བྱའོ། །དེའི་ཕྱིར་དོན་དམ་པའི་དང་། འཇིག་རྟེན་ལས་འདས་པའི་ཞེས་བྱའོ། །སེམས་བསྐྱེད་པ་བཞི་དང་། སྦྱོར་བའི་ལམ་བཤད་ཟིན་ཏོ། །དེ་ལ་སེམས་བསྐྱེད་པ་ལྔ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཅན་དང་། ས་རབ་ཏུ་དགའ་བའི་བདག་ཉིད་ཅན་དང་། འཇུག་པ་
དང་། ཚོགས་ཀྱི་སྒྲུབ་པའི་བདག་ཉིད་ཅན་དང་། བྱང་ཆུབ་ཀྱི་ཡན་ལག་གི་བདག་ཉིད་ཅན་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། གཏེར་ཆེན་པོ་ལྟ་བུའོ། །དེ་ལ་མཐོང་བའི་ལམ་གྱི་མདོར་བསྡུ་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་དེ་མ་ཐག་ཏུ་མི་དམིགས་
པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། རྣམ་པར་མི་རྟོག་པའི་ཞི་གནས་དང་། ལྷག་མཐོང་གི་མཚན་ཉིད་ཅན་ནོ་ཞེས་ཤེས་པར་བྱའོ། །དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པས་མཉམ་པར་ཤེས་པ་ཡང་དེ་ཡིན་ཏེ། དེ་ཡང་གཟུང་བ་དང་།
འཛིན་པ་དེ་ཁོ་ན་ཉིད་མངོན་དུ་བྱས་པས་སོ། །རང་གི་རྒྱུད་ལ་སེམས་ཅན་གྱི་བརྡ་དང་། ཆོས་ཀྱི་བརྡ་གསལ་བ་དང་། ཐམས་ཅད་དུ་གཉིས་ཀའི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པའང་དེ་ཡིན་ནོ། །དེས་རང་གི་རྒྱུད་ལ་བདག་གིས་མཚན་མར་རྣམ་པར་རྟོག་པ་མེད་པས་སེམས་
ཅན་གྱི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པའོ། །རང་གི་རྒྱུད་ལ་ཆོས་ལ་སོགས་པའི་མཚན་མར་མི་རྟོག་པས་ཆོས་ཀྱི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པའོ། །རང་དང་གཞན་གྱི་རྒྱུད་གཉིས་ཀ་ལ་ཁྱད་པར་མེད་པར་བདག་དང་། ཆོས་མཚན་མར་མི་རྟོག་པས་ཐམས་ཅད་དུ་
เล่ม ๑๐๔ · หน้า 31b
གཉིས་ཀའི་བརྡ་གསལ་བས་དམིགས་པའི་ཆོས་ཤེས་པའོ། །དབྱེ་བ་ནི་འཇིག་རྟེན་པའི་ཆོས་ཤེས་པ་མཆོག་གི་དེ་མ་ཐག་ཏུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་
སུ་ཤེས་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་ལ་
རྗེས་སུ་ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་ཤེས་པ་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་ཤེས་པའོ་ཞེས་པ་ནི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་ནོ། །དེ་ལ་སྡུག་བསྔལ་
ལ་ཆོས་ཤེས་པའི་བཟོད་པའི་སྡུག་བསྔལ་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་གྱི་ཆོས་ནི་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ནས་ཆོས་བསྟན་པ་གང་ཡིན་པའོ། །ཤེས་པ་ནི་སྦྱོར་བའི་ལམ་དུ་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ནས་བསྟན་པའི་ཆོས་ལ་སྤྱོད་པའི་ཤེས་པའོ། །
བཟོད་པ་ནི་སྔར་རྣམ་པར་དཔྱད་པའི་དབང་གིས་སྡུག་བསྔལ་གྱི་བདེན་པའི་བདག་ཉིད་མངོན་དུ་གྱུར་པ་ཟག་པ་མེད་པའི་ཤེས་རབ་སྟེ། གང་གིས་སྡུག་བསྔལ་མཐོང་བའི་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །འདིའི་དོན་ནི་འདི་ཡིན་ཏེ།
སྦྱོར་བའི་ལམ་དུ་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ནས་བསྟན་པའི་མདོ་ལ་སོགས་པའི་ཆོས་ལ་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་རྣམ་པར་དཔྱོད་པའི་ཤེས་པའི་དབང་དུ་བྱས་པ་འདིས་སྡུག་བསྔལ་གྱི་བདེན་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པའི་འཇིག་རྟེན་ལས་འདས་པའི་
ཡང་དག་པའི་རང་བཞིན་ཤེས་རབ་སྐྱེས་པ་སྟེ། གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་སྤོང་བ་དེ་ཉིད་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་ཤེས་པ་གང་གིས་བཟོད་པའི་དེ་མ་ཐག་རྣམ་པར་གྲོལ་བ་མངོན་དུ་
เล่ม ๑๐๔ · หน้า 32a
བྱེད་པ་སྟེ། བཟོད་པ་དེས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་རྟེན་གནས་གྱུར་ཏེ་ཡེ་ཤེས་གང་གིས་གནས་གྱུར་པ། རྟོགས་པ་དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་སྡུག་
བསྔལ་ལ་ཆོས་ཤེས་པའི་དེ་མ་ཐག་ཏུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་འདི་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་ནོ་སྙམ་པའི་སོ་སོ་རང་གིས་རིག་པའི་ཟག་པ་མེད་པའི་ཤེས་རབ་སྟེ། བཟོད་པ་དང་ཤེས་རབ་འདི་གཉིས་སློབ་པ་དང་
མི་སློབ་པའི་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། དེ་དག་ལ་དེ་རྣམས་ཡང་དག་པར་འབྱུང་བས་སོ། །དེས་ན་དེ་དག་ལ་དམིགས་ནས་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་ནོ་སྙམ་པའི་སོ་སོ་རང་གིས་རིག་པའི་ཟག་པ་མེད་པའི་ཤེས་རབ་ལ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་
བཟོད་པ་ཞེས་བྱའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་གང་གིས་རྗེས་སུ་ཤེས་པའི་བཟོད་པ་དེ་ངེས་པར་འཛིན་པ་སྟེ། ཡེ་ཤེས་གང་གིས་རྗེས་སུ་ཤེས་པའི་བཟོད་པ་དེ་སོ་སོ་རང་གིས་རིག་པ་དེ་ལ་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་བྱའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་
ཡང་བཟོད་པ་དང་ཤེས་པ་རྣམས་ཇི་ལྟར་རིགས་པར་ཤེས་པར་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་ཡུལ་གཉིས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱི་ལམ་གྱི་ཡུལ་དེ་བཞིན་ཉིད་དོ། །རྗེས་སུ་ཤེས་པའི་ཕྱོགས་ཀྱི་ལམ་གྱི་ཡུལ་
ཡང་དག་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་ཆོས་ཤེས་པའི་བཟོད་པ་དང་། ཤེས་པ་རྣམས་ཀྱིས་ནི་གཟུང་བར་རྟོགས་སོ། །རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པ་རྣམས་ཀྱིས་ནི་འཛིན་པར་རྟོགས་སོ། །ཞེས་བྱའོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་མཚན་མ་མེད་པར་གནས་
པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། །སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་འདི་རྣམས་ནི་མཐོང་བའི་ལམ་སྟེ། དེས་སྔར་མ་མཐོང་བའི་བདེན་པ་བཞི་མཐོང་བ་སྟེ། མངོན་སུམ་དུ་བྱས་པའོ་ཞེས་པའི་ཐ་ཚིག་གོ། །འདིར་སེམས་ཀྱི་སྐད་ཅིག་ནི་སྔར་མ་སྐྱེས་པ་སྐྱེས་པ་ཙམ་ལ་སེམས་ཀྱི་སྐད་
เล่ม ๑๐๔ · หน้า 32b
ཅིག་ཅེས་བརྗོད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་དུས་ཇི་སྲིད་དུ་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལ་སེམས་ཀྱི་སྐད་ཅིག་ཅེས་བྱའོ། །གཞན་གྱི་ནི་གཞན་དུ་འདོད་དོ། །འདི་ལྟར་ཉོན་མོངས་པ་སྤོང་བའི་ཕྱིར་བར་ཆད་མེད་པའི་ལམ་གྱི་རང་བཞིན་ཅན་སྡུག་བསྔལ་
ལ་སོགས་པ་མཐོང་བ་བརྒྱད་ལ་བཟོད་པ་ཞེས་བྱའོ། །དེ་ལ་སྡུག་བསྔལ་ལ་སོགས་པ་ལ་ཆོས་ཤེས་པའི་བཟོད་པ་རྣམས་ཀྱིས་མཐོང་བས་སྤང་བར་བྱ་བའི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རབ་ཏུ་སྤོང་ངོ་། །སྡུག་བསྔལ་ལ་སོགས་པ་རྗེས་སུ་ཤེས་པའི་བཟོད་པ་རྣམས་ཀྱིས་གཟུགས་
དང་གཟུགས་མེད་པའི་ཁམས་ཀྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རབ་ཏུ་སྤོང་ངོ་། །དེས་ན་བཟོད་པ་བརྒྱད་ཉོན་མོངས་པས་བར་ཆད་མེད་པའི་ལམ་གྱི་རང་བཞིན་ཡིན་ནོ། །རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ཅན་ཉོན་མོངས་པ་དང་བྲལ་བ་མངོན་དུ་བྱེད་པའི་ཤེས་པ་བརྒྱད་ལ་
ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་ཞེས་བྱའོ། །དེ་ལ་ཆོས་ཤེས་པ་རྣམས་ཀྱིས་ནི་འདོད་པའི་ཁམས་ཀྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བའི་རྟེན་མངོན་དུ་བྱེད་དོ། །རྗེས་སུ་ཤེས་པ་ནི་གཟུགས་དང་གཟུགས་མེད་པའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བའི་
རྟེན་མངོན་དུ་བྱེད་དོ། །དེ་དང་ལྷན་ཅིག་ཏུ་སྤྱོད་པ་བརྒྱད་ཀྱི་ནང་ནས་ཆོས་ཤེས་པའི་བཟོད་པ་རྟོགས་པའི་ངེས་པའི་ཤེས་པ་བཞི་ལ་ཆོས་ཤེས་པ་ཞེས་རྣམ་གཞག་བྱའོ། །རྗེས་སུ་ཤེས་པའི་བཟོད་པ་རྟོགས་པའི་ངེས་པའི་ཤེས་པ་བཞི་ལ་རྗེས་སུ་ཤེས་པ་ཞེས་རྣམ་གཞག་བྱ་ན་འོ་ན་གཞན་དུ་རྣམ་པར་
གྲོལ་བའི་མངོན་དུ་བྱེད་པའི་ཤེས་པ་ཁོ་ན་ལ་ཆོས་ཤེས་པ་ཞེས་བརྗོད་ལ། ཆོས་ཤེས་པའི་བཟོད་པ་ངེས་པའི་ཤེས་པ་ལ་ཡང་འགལ་ལོ་ཞེ་ན་མ་ཡིན་ཏེ། གནས་སྐབས་འདིར་ཤིན་ཏུ་གོམས་པའི་གནས་སྐབས་མ་ཡིན་པས་ཤིན་ཏུ་གསལ་བ་མེད་པའི་ཕྱིར་སྣང་བ་དང་ངེས་པ་དག་གིས་བཟོད་
པས་དེ་ཁོ་ན་ཉིད་མངོན་དུ་བྱས་སོ་ཞེས་རྣམ་པར་འཇོག་པ་ཡིན་ནོ། །དེ་ནས་བཟོད་པའི་དེ་མ་ཐག་ཏུ་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་མངོན་དུ་བྱེད་པའི་ཤེས་པ་དང་ལྷན་ཅིག་ཏུ་སྤྱོད་པའི་ངེས་པའི་ཤེས་པ་ཡང་ཁས་ལེན་དགོས་ཀྱི་ཆོས་ཤེས་པའི་བཟོད་པ་ལ་ངེས་པ་ཁས་མི་ལེན་པ་རིགས་
เล่ม ๑๐๔ · หน้า 33a
པ་མ་ཡིན་ནོ། །གལ་ཏེ་ཆོས་ཤེས་པའི་བཟོད་པ་ལ་ངེས་པར་ཁས་མི་ལེན་ན། ཤེས་པ་གང་གིས་རྗེས་སུ་ཤེས་པའི་བཟོད་པ་ངེས་པར་བྱེད་པ་དེ་ལ། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་ཇི་ལྟར་བརྗོད་དོ། །ཆོས་ཤེས་པའི་
བཟོད་པ་ལ་མ་ངེས་ན། རྗེས་སུ་ཤེས་པའི་བཟོད་པ་ཡང་ངེས་པར་མི་འགྱུར་བས་སོ། །དེའི་ཕྱིར་ཆོས་ཤེས་པའི་བཟོད་པ་ངེས་པ་ཆོས་ཤེས་པས་བསྡུས་པ་ཡིན་ནོ། །གལ་ཏེ་དེ་ལྟར་མི་འདོད་ན་ཆོས་ཤེས་པའི་བཟོད་པ་ལ་ངེས་པ་ཡོད་དམ་མེད། གལ་ཏེ་ཡོད་ན་ཆོས་ཤེས་པ་ལ་མི་
བརྗོད་ན་གང་ལ་བརྗོད། གལ་ཏེ་མེད་ན་མངོན་དུ་བྱེད་དོ་ཞེས་ཇི་ལྟར་ཐ་སྙད་འདོགས། གལ་ཏེ་ཤིན་ཏུ་གསལ་བ་ཡིན་པས་བཟོད་པ་དང་ཤེས་པས་མངོན་དུ་བྱེད་དོ་ཞེ་ན། འོ་ན་རྗེས་སུ་ཤེས་པ་རྣམས་ཀྱང་མངོན་དུ་བྱེད་པའི་རང་བཞིན་ཅན་དུ་འགྱུར་གྱི། ངེས་པའི་བདག་ཉིད་ཅན་དུ་མི་
འགྱུར་རོ། །གཞན་ཡང་ཤིན་ཏུ་གསལ་བ་ཁས་མི་ལེན་ན་རྣམ་པར་རྟོག་པའི་བདག་ཉིད་ཅན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མེད་པས་ད་ལྟར་ཉིད་དུ་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་པས་སངས་རྒྱས་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཤིན་ཏུ་གསལ་བ་མེད་ཀྱང་ངེས་
པ་ཡོད་དེ། དེ་ལ་བཟོད་པ་ཡང་མི་ཟེར་ཆོས་ཤེས་པ་ཡང་མི་ཟེར་ཞེ་ན། འོ་ན་རྗེས་སུ་ཤེས་པའི་བཟོད་པ་ལ་ངེས་པ་ལ་ཡང་རྗེས་སུ་ཤེས་པ་ཞེས་མི་ཟེར་བས་མཐོང་བའི་ལམ་སྐད་ཅིག་བཅུ་གཉིས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ། །དེའི་ཕྱིར་ཉོན་མོངས་པ་ལས་གྲོལ་བ་མངོན་དུ་བྱེད་པ་དང་།
ལྷན་ཅིག་སྤྱོད་པ་ངེས་པའི་ཤེས་པ་བརྒྱད་ལ་ཡང་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ཞེས་བརྗོད་དགོས་སོ། །དེ་ཉིད་ཀྱི་ཕྱིར་མངོན་པ་ལ་སོགས་པ་གང་རྗེས་སུ་ཤེས་པའི་བཟོད་པ་ལ་ངེས་པ་བསྟན་པ་སྟེ། ཆོས་ཤེས་པའི་བཟོད་པ་ངེས་པའི་ཉེ་བར་མཚོན་པ་ཉིད་དུ་བསྟན་པས་འགལ་བ་
མེད་དོ། །འདིའི་གདམས་ངག་འདི་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་གདོད་མ་ནས་སྐྱེ་བ་མེད་པ་སོ་སོར་རྟོག་པས་སྡུག་བསྔལ་བ་དང་། སྡུག་བསྔལ་བའི་མཚན་ཉིད་མི་དམིགས་པའི་རང་བཞིན་ཅན་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ཞེས་བྱའོ། །དེ་ཁོ་
เล่ม ๑๐๔ · หน้า 33b
ན་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་ཀྱང་བྱའོ། །སྐད་ཅིག་མ་དེ་ཡང་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་པ་དང་བྲལ་བའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་རྗེས་ཐོབ་ལ་ཆོས་འདི་རྣམས་ནི་སྟོང་པ་ཉིད་ཁོ་ནའོ་ཞེས་རྣམ་པར་དག་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་
རང་གི་རྟོགས་པ་ཡོངས་སུ་གཅོད་པའི་ཤེས་པ་གང་སྐྱེ་བ་དང་། འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བའི་རྟེན་མངོན་དུ་བྱེད་པའི་ཤེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །གཟུགས་ལ་སོགས་པའི་མཚན་ཉིད་སྟོང་པ་ཉིད་
གང་ཡིན་པ་དེ་རྣམ་པར་དག་པའི་རང་བཞིན་དང་། དངོས་པོ་དང་དངོས་པོ་མེད་པར་བརྗོད་དུ་མེད་པའོ་སྙམ་དུ་རབ་ཏུ་ཤེས་ནས་ཡང་བརྗོད་དུ་མེད་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་སྐྱེ་བ་དེ་ཉིད་རྗེས་སུ་ཤེས་པའི་བཟོད་པའོ། །དེའི་ཚེ་ཁམས་གསུམ་པའི་ཆོས་རྣམས་ལ་བརྗོད་
དུ་མེད་པ་ཉིད་སོ་སོར་རྟོགས་ཏེ། སྐད་ཅིག་མ་གཉིས་ཀྱིས་ཐོབ་པས་ཤེས་རབ་ཏུ་གྱུར་པ་ཡིན་པས་སོ། །སྔར་ནི་འདོད་པའི་ཁམས་ཀྱི་སྡུག་བསྔལ་ཤིན་ཏུ་དྲག་པ་ཡིན་པ་དང་། ཤེས་རབ་ཏུ་གྱུར་པ་མེད་པས་འདོད་པའི་ཁམས་ཀྱི་ཆོས་རྣམས་ཁོ་ན་ལ་བརྗོད་དུ་མེད་པ་ཉིད་སོ་སོར་
རྟོགས་སོ། །འདི་ཡང་དེ་དག་དང་མཚུངས་པ་དང་། དེའི་རྒྱུ་ཅན་ཡིན་པ་དང་། དེ་ཤེས་པ་དོན་དུ་གཉེར་བ་ཉིད་ཀྱིས་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །དེ་ནས་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་དེ་ཁོ་ན་ཉིད་ངེས་པའི་ཤེས་པ་གང་སྐྱེ་བ་དེའི་རྗེས་སུ་ཤེས་པ་
ཞེས་བྱའོ། །དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ཡང་བཟོད་པ་དང་། ཤེས་པ་ཤེས་པར་བྱའོ། །སྔར་ཆོས་ཤེས་པའི་བཟོད་པ་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བའི་གཉེན་པོ་ཉིད་དུ་བསྟན་ལ། ཕྱིས་ནི་ཆོས་ཤེས་པའི་བཟོད་པ་རྣམས་འདོད་པའི་
ཁམས་ཀྱི་མཐོང་བས་སྤང་བར་བྱ་བའི་གཉེན་པོར་བསྟན་ནོ། །རྗེས་སུ་ཤེས་པའི་བཟོད་པ་རྣམས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བའི་གཉེན་པོར་བསྟན་ནོ། །དེ་ལ་བཟོད་པ་བརྒྱད་ནི་ཉོན་མོངས་པ་སྤང་བ་ལ་རྐུན་པོ་འབྱུང་བའི་ཚུལ་གྱིས་བྱ་བ་བྱེད་དོ། །ཤེས་
เล่ม ๑๐๔ · หน้า 34a
པ་བརྒྱད་ནི་སྒོ་འཕར་གཅོད་པའི་ཚུལ་གྱིས་བྱ་བ་བྱེད་དོ། །དེ་ལ་འདོད་པའི་ཁམས་ན་སྤྱོད་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ལོག་
པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བས་སོ་སོར་བཅུ་བཅུར་སྤང་བར་བྱ་བ་ཡིན་པའི་ཕྱིར་བཞི་བཅུ་ཆོས་ཤེས་པའི་བཟོད་པ་བཞིས་སྤོང་
བར་འགྱུར་རོ། །དེ་ལ་འདོད་ཆགས་ནི་ཁམས་གསུམ་པའི་རྗེས་སུ་ཆགས་པ་སྟེ། སྲེད་པའི་དབང་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་གྲུབ་པར་བྱེད་པས་སྡུག་བསྔལ་སྐྱེད་པའི་ལས་ཅན་ནོ། །ཁོང་ཁྲོ་བ་ནི་སེམས་ཅན་རྣམས་སྡུག་བསྔལ་དང་། སྡུག་བསྔལ་གྱི་གནས་སུ་གྱུར་པའི་ཆོས་
རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། རེག་པར་མི་གནས་པ་དང་། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ཏེ། ཀུན་ནས་མནར་སེམས་པའི་སྡུག་བསྔལ་གྱི་གནས་པས་རེག་པར་མི་གནས་པའོ། །ང་རྒྱལ་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་སྟེ། མི་
གུས་པ་དང་། སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །དེ་ལ་མི་གུས་པ་ནི་བླ་མ་རྣམས་དང་ཡོན་ཏན་ཅན་རྣམས་ལ་གྱོང་བའོ། །སྡུག་བསྔལ་འབྱུང་བ་ནི་ཡང་སྲིད་པར་འབྱུང་བར་རིག་པར་བྱའོ། །མ་རིག་པ་ནི་ཁམས་གསུམ་པའི་མི་ཤེས་པ་སྟེ། ཆོས་རྣམས་ལ་ལོག་
པར་ངེས་པ་དང་། ཐེ་ཚོམ་དང་། ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །ལོག་པར་ངེས་པ་ནི་ཕྱིན་ཅི་ལོག་ཏུ་ངེས་པའོ། །ཐེ་ཚོམ་ནི་སོམ་ཉིའོ། །ཀུན་ནས་ཉོན་མོངས་པ་འབྱུང་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཀུན་ཏུ་འབྱུང་ངོ་། །དེའི་རྟེན་
བྱེད་པ་ནི་རྨོངས་པར་གྱུར་ན་ཉོན་མོངས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །ཐེ་ཚོམ་ནི་བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་སྟེ། དགེ་བའི་ཕྱོགས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །དགེ་བའི་ཕྱོགས་ལ་མི་འཇུག་པ་ནི་དེས་དགེ་བའི་ཕྱོགས་ལམ་གྱི་བདེན་པ་དང་། འགོག་པའི་
เล่ม ๑๐๔ · หน้า 34b
བདེན་པ་ལ་ཇི་ལྟར་རིགས་པར་མི་འཇུག་པའོ། །དེའི་རྟེན་བྱེད་པ་ནི་ངེས་པ་མ་སྐྱེས་ན་མི་རྩོམ་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་མཐོང་བས་ལྟ་བ་གང་ཡིན་པ་སྟེ། ལྟ་བ་ཐམས་ཅད་བརྟེན་པའི་ལས་
ཅན་ནོ། །མཐར་འཛིན་པའི་ལྟ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རྟག་པ་འམ། ཆད་པར་ཡང་དག་པར་རྗེས་སུ་མཐོང་ནས་ལྟ་བ་གང་ཡིན་པ་སྟེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བའི་བར་དུ་གཅོད་པའི་ལས་ཅན་ནོ། །དབུ་མའི་ལམ་ནི་རྟག་པ་དང་། ཆད་པར་འཛིན་པ་
སྤངས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་ལྟ་བ་དང་ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་མཆོག་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། དམ་པར་ཡང་དག་པར་རྗེས་སུ་མཐོང་བས་ལྟ་བ་གང་ཡིན་པ་སྟེ། ལྟ་བ་
ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་དག་པ་དང་། གྲོལ་བ་དང་། ངེས་པར་འབྱིན་
པའི་ཡང་དག་པར་རྗེས་སུ་མཐོང་ནས་ལྟ་བ་གང་ཡིན་པ་སྟེ། ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ལྟ་བ་ངན་པ་སྔོན་དུ་སོང་བར་རིག་པར་བྱའོ། །ངལ་བ་འབྲས་བུ་མེད་པ་ནི་དེས་ངེས་པར་མི་འབྱུང་བའི་ཕྱིར་རོ། །ལོག་པར་ལྟ་བ་ནི་
རྒྱུའམ། འབྲས་བུའམ། བྱ་བ་ལ་སྐུར་པ་འདེབས་པ་དང་། ཡོད་པའི་དངོས་པོ་འཇིག་པར་ལོག་པའི་རྣམ་པར་རྟོག་པ་གང་ཡིན་པ་དང་། དགེ་བའི་རྩ་བ་གཅོད་པ་དང་། མི་དགེ་བའི་རྩ་བ་དམ་དུ་འཛིན་པའི་རྟེན་བྱེད་པའི་ལས་ཅན་དང་། མི་དགེ་བ་ལ་འཇུག་པ་དང་། དགེ་བ་ལ་མི་
འཇུག་པའི་ལས་ཅན་ནོ། །དེ་ལ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་པ་འདི་ནི་རྒྱུ་ལ་སྐུར་པ་འདེབས་སོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་པ་
เล่ม ๑๐๔ · หน้า 35a
འདི་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་ནི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་བྱ་བ་ལ་སྐུར་པ་འདེབས་པ་འཇིག་རྟེན་གཞན་དུ་འགྲོ་བ་དང་། འོང་བའི་བྱ་བ་
དང་། ས་བོན་འདེབས་པའི་བྱ་བ་དང་། ཉིང་མཚམས་སྦྱོར་བའི་བྱ་བ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཡོད་པའི་དངོས་པོ་འཇིག་པའོ། །དེ་ལས་གཞན་ཚངས་པ་ལ་སོགས་པ་བྱེད་པ་པོ་ཡིན་ནོ་ཞེས་ཕྱིན་ཅི་ལོག་ཏུ་རྟོག་
པ་ཐམས་ཅད་ལ་ལོག་པར་རྣམ་པར་རྟོག་པར་རིག་པར་བྱའོ། །དགེ་བའི་རྩ་བ་གཅོད་པ་ནི་ལོག་པར་ལྟ་བ་ཁྱད་པར་ཅན་ལས་འབྱུང་གི །ཐམས་ཅད་ལས་ནི་མ་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་ལ་རྣམ་པ་གཉིས་ཏེ། བརྟགས་པ་དང་།
ལྷན་ཅིག་སྐྱེས་པའོ། །དམ་པ་མ་ཡིན་པའི་ཆོས་མཉན་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ནི་བརྟགས་པའོ། །ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ནི་བདེ་བར་གྱུར་ཅིག་སྡུག་བསྔལ་བར་མ་གྱུར་ཅིག་སྙམ་པའི་སྲེད་པ་དང་ལྡན་པའོ། །ངའོ་སྙམ་པའི་བློ་གྲོས་གང་། །
དེ་ནི་ལྷན་སྐྱེས་འཇིག་ཚོགས་ལྟ། །ལྷན་ཅིག་སྐྱེས་པའི་མཐར་འཛིན་པའི་ལྟ་བ་ནི་གང་གིས་མངོན་པར་རྟོགས་པའི་སྦྱོར་བ་བྱེད་པ་ལ་སྐྲག་པར་འགྱུར་བའོ། །ལྟ་བ་གཞན་ནི་ཀུན་ཏུ་བརྟགས་པའོ། །དེ་ལ་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་
བ་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། ཐོག་མ་མེད་པ་ནས་གོམས་པ་ཡིན་པས་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་ཡུན་རིང་པོ་ནས་གནས་པ་ཡིན་པས་བསྒོམ་པའི་ལམ་ཁོ་ནས་སྤང་བར་བྱ་བ་ཡིན་པས་སོ། །དེ་ལ་རྟག་པའི་ལྟ་བ་དང་། བརྟགས་པའི་ལྟ་བ་ལ་
དམིགས་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བ་ལ་གེགས་བྱེད་པ་ཡིན་པས་ཆོས་ཤེས་པའི་བཟོད་པས་འདོད་པའི་ཁམས་ཀྱི་ཉོན་མོངས་པ་བཞི་བཅུ་སྤོང་བར་
เล่ม ๑๐๔ · หน้า 35b
འགྱུར་རོ། །རྗེས་སུ་ཤེས་པའི་བཟོད་པས་ཉོན་མོངས་པ་བཅུ་པོ་དེ་རྣམས་ལ་ཁོང་ཁྲོ་ཕྲི་བས་གཟུགས་ཀྱི་ཁམས་ན་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། ལམ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་སོ་སོར་དགུ་དགུ་ཡིན་པས་སུམ་ཅུ་རྩ་དྲུག་སྤོང་བར་འགྱུར་རོ། །དེ་བཞིན་
དུ་གཟུགས་མེད་པའི་ཁམས་སུ་ཡང་སུམ་ཅུ་རྩ་དྲུག་ཡིན་པས་གཟུགས་དང་གཟུགས་མེད་པའི་ཁམས་སུ་ཉོན་མོངས་པ་བདུན་ཅུ་རྩ་གཉིས་སྤོང་བར་འགྱུར་བས་སོ། །དེ་ལྟར་བསྡོམས་ན་ཉོན་མོངས་པ་བརྒྱད་ཅུ་རྩ་གཉིས་མཐོང་བའི་ལམ་གྱིས་སྤོང་བར་འགྱུར་རོ། །སྐད་ཅིག་
མ་བཅུ་དྲུག་བཤད་པ་ལ་ཕྱོགས་དང་པོ་ཇི་ལྟར་བྱས་ནས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཁོ་ནས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སྤོང་བར་འགྱུར་བ་ཡིན་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་
པ་ལ་སོགས་པ་སོ་སོར་འདོད་པའི་ཁམས་ཀྱི་བཅུ་དང་། གཟུགས་ཀྱི་ཁམས་ཀྱི་དགུ་དང་། གཟུགས་མེད་པའི་ཁམས་ཀྱི་དགུ་སྟེ་ཉི་ཤུ་རྩ་བརྒྱད་སྤོང་བར་འགྱུར་བ་མ་ཡིན་པས་ཆོས་ཤེས་པའི་བཟོད་པ་ཁོ་ནས་ཉོན་མོངས་པ་བརྒྱད་ཅུ་རྩ་གཉིས་སྤོང་བར་འགྱུར་བས་སོ། །དེ་ལྟར་སྐད་ཅིག་མ་
བཅུ་དྲུག་ནི་མཐོང་བའི་ལམ་མོ། །གལ་ཏེ་མཐོང་བའི་ལམ་དེ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དུ་ཇི་ལྟར་རིགས་ཏེ། འདི་ལྟར་བདེན་པ་བཞིའི་རྣམ་པ་ཐམས་ཅད་དུ་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ཁོ་ན་ཡིན་ལ། དེ་མངོན་དུ་བྱེད་པ་ཡང་ཅིག་ཅར་རིགས་ཀྱི་རིམ་པས་མ་ཡིན་ཏེ་དེ་ལ་ཆ་ཤས་
མེད་པས་སོ། །འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་ཤེས་པས་སྡུག་བསྔལ་ལ་སྐྱེ་བ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ལ་སྡུག་བསྔལ་ཡོངས་སུ་ཤེས་པ་ཞེས་བྱའོ། །ལས་དང་ཉོན་མོངས་པ་ལ་སྐྱེ་བ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་གང་ཡིན་
པ་དེ་ལ་ཀུན་འབྱུང་ཡོངས་སུ་ཤེས་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ལ་སྐྱེ་བ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ལ་འགོག་པ་ཡོངས་སུ་ཤེས་པ་ཞེས་བྱའོ། །ལམ་ལ་ཡང་སྐྱེ་བ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ལ་ལམ་
เล่ม ๑๐๔ · หน้า 36a
ཡོངས་སུ་ཤེས་པ་ཞེས་བྱའོ། །དེ་ལྟར་ཡང་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་བསྟན་པའི་མདོ་ལས་འཇམ་དཔལ་འཕགས་པའི་བདེན་པ་བཞི་ཇི་ལྟར་ཤེས་པར་བྱ། ལྷའི་བུ་འདིར་གང་གིས་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་བ་དེས་སྡུག་
བསྔལ་ཡོངས་སུ་ཤེས་པའོ། །གང་གིས་ཆོས་ཐམས་ཅད་ཆད་པ་མེད་པར་མཐོང་བ་དེས་ཀུན་འབྱུང་སྤང་བར་འགྱུར་བའོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པར་མཐོང་བ་དེས་འགོག་པ་མངོན་དུ་བྱས་སོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་སྟོང་ཞིང་ངོ་བོ་ཉིད་ཀྱིས་
སྐྱེ་བ་མེད་པར་མཐོང་བ་དེས་ལམ་བསྒོམས་པ་ཡིན་ནོ་ཞེས་གསུངས་སོ། །དེས་ན་ཆོས་ཤེས་པའི་བཟོད་པ་ཁོ་ནས་སྐད་ཅིག་མ་གཅིག་ལ་དེ་ཁོ་ན་ཉིད་རྟོགས་པས་བལྟ་བར་བྱ་བ་གཞན་མེད་པའི་ཕྱིར་མཐོང་བའི་ལམ་ལ་སྐད་ཅིག་མ་བཅུ་དྲུག་གི་རྣམ་གཞག་ཅི་ལྟར་བྱེད། དེ་ཉིད་ཀྱི་ཕྱིར།
དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་གསུངས་སོ། །འདིའི་དོན་ནི་སྔོན་པོ་ལ་སོགས་པ་ཆ་དང་བྲལ་བ་རྣམ་པ་ཐམས་ཅད་མངོན་སུམ་དུ་བྱས་པའི་དངོས་པོ་གཅིག་ལ། ཆ་གཞན་
མི་རྟག་པ་ལ་སོགས་པ་མ་མཐོང་བར་འགྱུར་བ་གང་ལ་རྗེས་དཔག་ལ་སོགས་པའི་ཚད་མས་རྟོགས་པར་བྱེད། དེས་ན་མི་རྟག་པ་ལ་སོགས་པའི་ཡུལ་ཅན་རྗེས་སུ་དཔག་པ་དོན་མེད་པ་ཡིན་ཏེ། མངོན་སུམ་ཁོ་ནས་མི་རྟག་པ་ལ་སོགས་པ་རྟོགས་པས་སོ་ཞེ་ན། དེ་ཁོ་ན་ཉིད་ལ་ཆ་ཤས་
མེད་པས་སྐད་ཅིག་མ་གཅིག་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པས་སོ་སོར་རྟོག་པའི་མངོན་པར་རྟོགས་པའི་དབང་དུ་བྱས་ན་མཐོང་བའི་ལམ་སྐད་ཅིག་མ་གཅིག་ཁོ་ན་ཡིན་པ་དེ་བདེན་མོད་ཀྱི། འོན་ཀྱང་སྒྲོ་བཏགས་པའི་རྣམ་པ་གཞན་གསལ་བའི་སྒོ་ནས་ངེས་པ་ལ་ལྟོས་ཏེ་སྐད་ཅིག་མ་བཅུ་
དྲུག་གི་རྣམ་གཞག་བྱེད་པ་ཡིན་ནོ། །དཔེར་ན་སྔོན་པོ་དང་། མི་རྟག་པ་ཉིད་དང་། འཚེར་བ་ལ་སོགས་པའི་ཁྱད་པར་ཅན་ཨུཏྤ་ལ་མཐོང་ནས་རྣམ་པར་རྟོག་པ་རིམ་པར་སྐྱེ་བར་ཡོད་དུ་ཟིན་ཀྱང་རྟོག་མེད་ཀྱི་ཤེས་པ་དེས་ཡུལ་རྣམ་པ་ཐམས་ཅད་དུ་མངོན་དུ་བྱས་པ་ལ་གནོད་པ་མེད་དོ། །འདི་
เล่ม ๑๐๔ · หน้า 36b
ལྟར་གང་གི་ཚེ་རྣམ་པར་རྟོག་པ་མེད་པའི་ཤེས་པས་སྔོན་པོའི་དངོས་པོ་མཐོང་བ་དེའི་ཚེ་སྔོན་པོ་དང་མི་རྟག་པ་ལ་སོགས་པའི་ཆོས་རྣམས་ཐ་དད་མེད་པ་སྟེ། ཐ་དད་དུ་སྣང་བ་མེད་པས་སོ། །དེའི་ཕྱིར་སྔོན་པོ་དང་མི་རྟག་པ་ལ་སོགས་པའི་ཆོས་རྣམས་ཐ་དད་པ་མ་ཡིན་པས་སོ། །དེ་
ལྟ་བུའི་རང་བཞིན་ཅན་སྔོན་པོ་ལ་སོགས་པ་རྣམ་པར་རྟོག་པ་མེད་པའི་ཤེས་པས་འཛིན་ཏེ། དངོས་པོ་ཇི་ལྟར་གནས་པ་དེ་བཞིན་དུ་འཛིན་པ་ཡིན་པས་སོ། །གལ་ཏེ་སྔོན་པོ་ལ་སོགས་པའི་ཆོས་ཇི་ལྟར་དངོས་པོ་ལ་ཐ་མི་དད་པར་གནས་པ་དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་
ཤེས་པས་མི་འཛིན་པ་དེའི་ཚེ། རྟོག་པ་དང་བྲལ་བའི་ཤེས་པ་འཁྲུལ་པ་ཡིན་པས་ཚད་མ་ཉིད་དུ་མི་འགྱུར་རོ། །དེས་ན་བདག་ཉིད་ཐམས་ཅད་ཀྱི་ཆ་ཤས་མེད་པའི་དངོས་པོ་མངོན་སུམ་དུ་བྱའོ། །ཡང་ཕྱིས་ཀྱི་དུས་སུ་སྒྲོ་འདོགས་པ་རྣམ་པར་གཅོད་པའི་སྒོ་ནས་རྣམ་པར་རྟོག་པ་རྣམས་རིམ་
གྱིས་འཇུག་སྟེ། དཔེར་ན་ཉ་ཕྱིས་ལ་དངུལ་གྱི་རྣམ་པར་སྒྲོ་འདོགས་པ་རྣམ་པར་གཅོད་པའི་སྒོ་ནས་ཉ་ཕྱིས་ཉིད་དོ་ཞེས་པའི་རྣམ་པར་རྟོག་པ་འཇུག་པ་དེ་བཞིན་དུ་སྔོན་པོ་མ་ཡིན་པ་དང་། རྟག་པ་ལ་སོགས་པའི་སྒྲོ་འདོགས་པ་རྣམ་པར་གཅོད་པའི་སྒོ་ནས་སྔོན་པོ་ལ་སོགས་པའི་རྣམ་པར་རྟོག་
པ་རིམ་པར་འཇུག་གོ། །དེ་བཞིན་དུ་འདིར་ཡང་ཤེས་པར་བྱ་སྟེ། འདི་ལྟར་ཡང་སྐད་ཅིག་མ་གཅིག་ལ་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་སོ། །དུས་ཕྱིས་སྟོང་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྒྲོ་འདོགས་པ་རྣམ་
པར་བཅད་ནས་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་ངེས་པའི་རང་བཞིན་ཅན་རིམ་པ་སྐྱེས་སུ་ཟིན་ཀྱང་སྐད་ཅིག་མ་གཅིག་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པ་ལ་གནོད་པ་མེད་དོ། །དེས་ན་དངོས་པོའི་རང་བཞིན་རྣམ་པ་ཐམས་ཅད་ཀྱིས་རྟོགས་སུ་ཟིན་ཀྱང་། ཆ་ཤས་གང་ལ་
གོམས་པ་དང་གསལ་བ་ལ་སོགས་པས་ངེས་པ་སྐྱེ་བའི་སྒོ་ནས་སྒྲོ་འདོགས་པ་གཅོད་པའི་ནུས་པ་ཡོད་པ་དེ་ཁོ་ན་ལ་ཤེས་པ་དེ་ཚད་མར་འགྱུར་གྱི། གཞན་ལ་མ་ཡིན་ཏེ། སྐད་ཅིག་མ་ལ་སོགས་པ་ལའང་དེ་བཞིན་ནོ། །དེ་ལྟར་ངེས་པ་ལ་ལྟོས་ནས་མཐོང་བའི་ལམ་ལ་སྐད་ཅིག་མ་བཅུ་དྲུག་གི་
เล่ม ๑๐๔ · หน้า 37a
རྣམ་གཞག་བྱེད་པ་ཡིན་ནོ། །འོ་ན་སོ་སོའི་སྐྱེ་བོ་དང་། འཕགས་པ་རྣམས་ལ་ཁྱད་པར་ཅི་ཡོད་ཅེས་པ་བརྗོད་པར་མི་བྱ་སྟེ། རྣམ་པ་ཇི་ཙམ་ཅིག་བསལ་བས་དེ་རྣམས་ཀྱིས་ཤེས་པ་འཁྲུལ་པའི་མཚན་མ་དང་བྲལ་བ་དེ་ཙམ་གྱིས་འཕགས་པ་རྣམས་ལ་ཁྱད་པར་
ཡོད་པས་སོ། །དེ་ཡང་གང་གི་ཚེ་ཆོས་ཀྱི་དབྱིངས་ལ་ཆ་ཤས་མེད་པས་བདག་ཉིད་ཐམས་ཅད་ཀྱིས་སོ་སོར་རྟོགས་སུ་ཟིན་ཀྱང་ངེས་པར་སྐྱེ་བ་ལ་ལྟོས་ནས་ཀུན་དུ་འགྲོ་བའི་དོན་དུ་སོ་སོར་རྟོགས་པས་ཆོས་ཐམས་ཅད་རང་བཞིན་མེད་པར་མངོན་དུ་བྱེད་པའི་ཤིན་ཏུ་གསལ་བའི་ཤེས་པ་སྐྱེས་པ་
དེའི་ཚེ་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ཐོབ་པོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་གཅིག་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་ནས་ཀྱང་ཕྱིན་ཅི་ལོག་གི་ཉོན་མོངས་པ་དང་བཅས་པའི་སྒྲོ་འདོགས་པ་རྣམ་པར་གཅད་པའི་དོན་དུ་བསྒོམ་པའི་ལམ་ཡང་རིགས་སོ། །མཐོང་བའི་
ལམ་གྱི་དབྱེ་བ་བཤད་ཟིན་ཏོ། །གནས་སྐབས་འདི་ཉིད་དུ་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པས་བྱང་ཆུབ་སེམས་དཔའ་སྐད་ཅིག་སོ་སོ་ལ་རབ་ཏུ་དགའ་བར་འགྱུར་བ་དེའི་ཕྱིར་ས་རབ་ཏུ་དགའ་བའོ། །གཞན་ཡང་རབ་ཏུ་དགའ་བ་ནི་ཡིད་བདེ་
བའོ། །དེ་ཡང་རྣམ་པ་དགུ་སྟེ། དེ་ལ་དང་བའི་རབ་ཏུ་དགའ་བ་ནི་དཀོན་མཆོག་ལའོ། །རངས་པའི་རབ་ཏུ་དགའ་བ་ནི་དམིགས་པ་ལ་དགའ་བས་སོ། །སེམས་པ་མཐོང་བའི་རབ་ཏུ་དགའ་བ་ནི་བདག་གི་རྟོགས་པའི་ཁྱད་པར་མཐོང་བས་སོ། །མཆོག་ཏུ་གྱུར་པའི་རབ་ཏུ་དགའ་བ་ནི་བདག་
གི་ལུས་དང་སེམས་ལ་རྗེས་སུ་བཟུང་བས་རྒྱས་པར་འགྱུར་བས་སོ། །རབ་ཀྱི་རབ་ཏུ་དགའ་བ་ནི་ལུས་དང་སེམས་ལ་རྗེས་སུ་བཟུང་བས་ཁྱབ་པས་སོ། །སྤྲོ་བའི་རབ་ཏུ་དགའ་བ་ནི་བྱང་ཆུབ་དང་ཉེ་བར་མཐོང་བས་སོ། །མི་འཁྲུགས་པའི་རབ་ཏུ་དགའ་བ་ནི་རང་གི་རྒྱུད་ཡོངས་སུ་སྨིན་པའི་དོན་དུ་འཕེལ་
བའི་གཏམ་གྱིས་དུས་སུ་མི་འཁྲུགས་པས་སོ། །རྣམ་པར་མི་འཚེ་བའི་རབ་ཏུ་དགའ་བ་ནི་གཞན་ཡོངས་སུ་སྨིན་པའི་དོན་དུ་སེམས་ཅན་ཡོངས་སུ་སྡུད་པའི་ཚེ་སྙིང་རྗེ་དང་ཐབས་མཁས་པ་ཉིད་ཀྱིས་སོ། །མི་ཁྲོ་བའི་རབ་ཏུ་དགའ་བ་ནི་སེམས་ཅན་ལོག་པར་སྒྲུབ་པའི་དུས་སུ་བཟོད་པས་སོ། །དེ་
เล่ม ๑๐๔ · หน้า 37b
ལྟར་རྣམ་པ་དགུས་རབ་ཏུ་དགའ་བ་ཡིན་པས་ན་རབ་ཏུ་དགའ་བའི་ས་ཞེས་བྱའོ། །མཐོང་བའི་ལམ་འདི་ཁོ་ན་འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་ཅི་ལྟར་འགྱུར་བ་དེ་ལྟར་སྔར་བསྟན་ཟིན་ཏོ། །མཐོང་བའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ཅན་ཞེས་ཀྱང་བྱ་སྟེ། འདི་
ལྟར་བྱང་ཆུབ་ནི་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་རྟོག་པ་མེད་པའི་ཡེ་ཤེས་མཐོང་ལམ་གྱི་བདག་ཉིད་ཅན་ནོ། །དྲན་པ་ལ་སོགས་པ་དྲུག་གི་བྱང་ཆུབ་དང་རྗེས་སུ་མཐུན་པ་ཡིན་པས་བྱང་ཆུབ་ཀྱི་ཡན་ལག་གོ། །ཆོས་རབ་ཏུ་འབྱེད་པ་ནི་བྱང་ཆུབ་ཀྱི་བདག་ཉིད་ཅན་ཡིན་པས་བྱང་ཆུབ་
ཀྱང་ཡིན་ལ་དྲན་པ་ལ་སོགས་པའི་གྲོགས་སུ་གྱུར་པ་ཡིན་པས་ཡན་ལག་ཀྱང་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱའོ། །གཞན་དག་ནི་བར་ཆད་མེད་པའི་ལམ་གྱིས་བསྡུས་པའི་ཆོས་རབ་ཏུ་འབྱེད་པ་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བརྗོད་ལ། རྣམ་པར་གྲོལ་བས་བསྡུས་པ་
ལ་བྱང་ཆུབ་ཅེས་བརྗོད་དོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་རྣམ་གཞག་ལྔ་སྟེ། དམིགས་པ་དང་། ངོ་བོ་དང་། གྲོགས་དང་། བསྒོམ་པ་དང་། བསྒོམས་པའི་འབྲས་བུའི་དབྱེ་བས་སོ། །དེ་ལ་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་འདི་དག་གི་དེ་ཁོ་ན་ཉིད་
དེ་དོན་དམ་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ངོ་བོ་ནི་དྲན་པ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་སོ། །དེ་ལ་བྱང་ཆུབ་ཀྱི་རྟེན་གྱི་ཡན་ལག་དྲན་པ་སྟེ། དྲན་པའི་སྟོབས་ཀྱིས་
དམིགས་པ་དེ་ལ་ཡེངས་པར་མི་འགྱུར་བས་སོ། །ངོ་བོ་ཉིད་ཀྱི་ཡན་ལག་ནི་ཆོས་རྣམ་པར་འབྱེད་པ་སྟེ། བྱང་ཆུབ་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པས་སོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། བརྩོན་འགྲུས་ཀྱིས་སོ་སོ་སྐྱེ་བོའི་ས་ལས་འདའ་བར་བྱེད་པས་སོ། །དགའ་
བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་ལུས་དང་སེམས་རྗེས་སུ་འཛིན་པས་སོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། དེ་རྣམས་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་པས་སོ། །དེ་ལ་ཀུན་ནས་ཉོན་མོངས་
เล่ม ๑๐๔ · หน้า 38a
པ་མེད་པའི་གཞི་ནི་ཤིན་ཏུ་སྦྱངས་པའོ། །ཀུན་ནས་ཉོན་མོངས་པ་མེད་པའི་རྟེན་ནི་ཏིང་ངེ་འཛིན་ཏོ། །ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་ནི་བཏང་སྙོམས་ཏེ། འདི་ལྟར་ཉོན་མོངས་པ་མེད་པའི་རྣམ་པར་དག་པ་ཡིན་ལ། དེའི་གཞི་ནི་རྒྱུ་སྟེ་སྦྱངས་པའོ། །
ཀུན་ནས་ཉོན་མོངས་པ་གཞིའི་གཉེན་པོ་ཡིན་པས་ན་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཞེས་བྱའོ། །འདི་ལྟར་ལུས་དང་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་གྱིས་སེམས་རྩེ་གཅིག་ཏུ་མི་གནས་པས་སེམས་གཡེངས་པར་འགྱུར་རོ། །སེམས་གཡེངས་པ་ལ་འདོད་ཆགས་ལ་
སོགས་པ་ཀུན་ནས་ཉོན་མོངས་པ་རབ་ཏུ་འཇོག་གོ། །དེས་ན་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་ཀྱིས་གནས་ངན་ལེན་ནོ། །ཀུན་ནས་ཉོན་མོངས་པའི་གཞིའི་དེའི་གཉེན་པོ་ནི་ཤིན་ཏུ་སྦྱངས་པའོ། །དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་སྟེ། ལུས་དང་སེམས་ལས་སུ་རུང་བ་
ལས་སེམས་མཉམ་པར་འཇོག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ཉོན་མོངས་པ་སྤོང་བར་འགྱུར་བས་སོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་གཞིའི་གཉེན་པོ་ཡིན་པས་ཤིན་ཏུ་སྦྱངས་པ་ལ་དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་
མེད་པའི་རྟེན་ཏིང་ངེ་འཛིན་ནོ། །སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ཉོན་མོངས་པ་སྤོང་བས་སོ། །ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་བཏང་སྙོམས་ཏེ། བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་དང་བྲལ་བས་ཀུན་ནས་ཉོན་མོངས་པ་
ཅན་དུ་གནས་པ་དང་རྗེས་སུ་མཐུན་པའི་སེམས་མཉམ་པ་ཉིད་མཉམ་པ་ཉིད་མ་ཡིན་པའི་གཉེན་པོ་ཡིན་པས་སོ། །གཞན་དག་ནི་མཐོང་བའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་ཀུན་ནས་ཉོན་མོངས་པ་སྤངས་ནས་ཀུན་ནས་ཉོན་མོངས་པ་དེའི་རྒྱུ་དང་རང་བཞིན་གྱིས་རྣམ་པར་དག་པ་རྣམ་པར་གྲོལ་བའི་
ལམ་གྱིས་བསྡུས་པ་ཞེས་བྱ་ལ། རྣམ་པར་ངེས་པའི་ཤེས་རབ་སྐྱེ་བ་གང་ཡིན་པ་དེ་ལ་བཏང་སྙོམས་ཞེས་བྱ་སྟེ། དགོས་པ་གྲུབ་པའི་ཕྱིར་ཟད་དོ་སྙམ་ནས་བཏང་སྙོམས་སུ་འཇུག་པས་སོ། །ངོ་བོ་བསྟན་ཟིན་ཏོ། །གྲོགས་ནི་དེ་རྣམས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །
เล่ม ๑๐๔ · หน้า 38b
བསྒོམ་པ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ལམ་དབེན་པ་ལ་གནས་པ་དང་། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བར་ཡོངས་སུ་བསྒྱུར་བ་བསྒོམས་པའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཇི་ལྟ་བར་བཏང་སྙོམས་ཡང་དག་བྱང་
ཆུབ་ཀྱི་ཡན་ལག་གི་བར་དུ་ཡང་དེ་བཞིན་ནོ། །དབེན་པ་ལ་གནས་པ་དང་། འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། འགོག་པ་ལ་གནས་པ་དང་། རྣམ་པར་སྤོང་བ་ཡོངས་སུ་བསྒྱུར་བའི་ཚིག་བཞི་པོ་འདིས་བྱང་ཆུབ་ཀྱི་ཡན་ལག་རྣམས་བདེན་པ་བཞི་ལ་དམིགས་ནས་བསྒོམ་པ་
ཡིན་པར་ཡོངས་སུ་བསྟན་ཏེ། འདི་ལྟར་སྡུག་བསྔལ་སྡུག་བསྔལ་ཉིད་དུ་དམིགས་པ་ནི་དེ་དང་བྲལ་བ་ཚོལ་བ་ཡིན་པས་སྡུག་བསྔལ་ལ་དམིགས་པ་ལ་དབེན་པ་ལ་གནས་པ་ཞེས་བྱའོ། །སྲེད་པའི་མཚན་ཉིད་ཅན་སྡུག་བསྔལ་གྱི་ཀུན་འབྱུང་སྡུག་བསྔལ་གྱི་ཀུན་འབྱུང་ཉིད་དུ་དམིགས་པ་ན་
དེའི་འདོད་ཆགས་དང་བྲལ་བ་ཚོལ་བ་ཡིན་པས་དེ་ལ་དམིགས་པ་ལ་འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱའོ། །སྡུག་བསྔལ་གྱི་འགོག་པ་སྡུག་བསྔལ་གྱི་འགོག་པ་ཉིད་དུ་དམིགས་པ་ན་དེ་མངོན་དུ་བྱེད་པ་ཚོལ་བ་ཡིན་པས་དེ་ལ་དམིགས་པ་ལ་འགོག་པ་ལ་གནས་པ་ཞེས་བྱའོ། །སྡུག་
བསྔལ་གྱི་འགོག་པར་འགྲོ་བ་སྒྲུབ་པ་ལ་རྣམ་པར་སྤོང་བ་ཞེས་བྱ་སྟེ། དེས་སྡུག་བསྔལ་སྤོང་བར་འགྱུར་བས་སོ། །དེ་དེ་བཞིན་དུ་དམིགས་པ་ན་སྒོམ་པ་ཚོལ་བ་ཡིན་པས་དེ་ལ་དམིགས་པ་ལ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཞེས་བྱའོ། །བསྒོམ་པ་བསྟན་ཟིན་ཏོ། །འབྲས་བུ་ནི་
མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་མཐོང་ལམ་གྱི་ངོ་བོ་ཡིན་པས་སོ། །དེ་ལྟར་སེམས་བསྐྱེད་པ་ལྔ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་བསྡུས་སོ། །དེས་ནི་སེམས་བསྐྱེད་པ་ལྔ་པ་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ཅན་ཉིད་དུ་
བསྟན་པ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་ནི་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་གྱུར་པ་ཡོད་པས་སོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་
เล่ม ๑๐๔ · หน้า 39a
སྙིང་རྗེ་སྔོན་དུ་སོང་བའི་སེམས་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་དུས་སུ་ལུས་དང་། ངག་དང་། ཡིད་ཀྱི་ལས་གང་ཡིན་པའོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་རིགས་དང་། སྨོན་ལམ་དང་། བསམ་པ་དང་།
དངོས་པོ་དང་། རང་བཞིན་གྱིས་བསྟན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ནི་རིགས་སོ། །སྨོན་ལམ་ནི་བྱང་ཆུབ་ཀྱི་སེམས་སོ། །བསམ་པ་ནི་སྙིང་རྗེ་སྔོན་དུ་འགྲོ་བའི་སེམས་སོ། །དངོས་པོ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །རང་
བཞིན་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་ལྔ་པ་ནི་གཏེར་ཆེན་པོ་དང་འདྲ་སྟེ། ཟང་ཟིང་གི་ལོངས་སྤྱོད་ཀྱི་སེམས་ཅན་ཚད་མེད་པ་རྣམས་ཚིམ་པར་བྱེད་པ་དང་། མི་ཟད་པས་སོ། །སེམས་
བསྐྱེད་པ་ལྔ་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་དྲུག་པ་ནས་ཉི་ཤུ་པའི་བར་དུ་སེམས་བསྐྱེད་པ་བཅོ་ལྔ་ནི་འཇིག་རྟེན་ལས་འདས་པ་བསྒོམ་པའི་ལམ་དང་། འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་དང་། ལམ་གྱི་ཡན་ལག་དང་བཅས་པ་ཞེས་བྱའོ། །ཇི་ལྟར་བསྟན་པའི་མཐོང་
བའི་ལམ་གྱི་མངོན་དུ་བྱས་པའི་དངོས་པོ་ལས་ཐ་མི་དད་པ་ལ་དམིགས་པས་མཐོང་བ་དང་། བསྒོམ་པའི་ལམ་ཐ་མི་དད་པའི་ཕྱིར་བསྒོམ་པའི་ལམ་མཚན་ཉིད་པ་ཡིན་མོད་ཀྱི། དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་བསྒོམ་པས་སྤང་བར་བྱ་བའི་དངོས་པོའི་གཉེན་པོར་སྒོམ་པར་
བྱེད་པ་ཡིན་ནོ། །དེས་ན་མཐོང་བའི་དོན་ལ་ཤེས་པ་རྒྱུན་ཆགས་པ་སྐྱེ་བ་ནི་སྒོམ་པའོ། །དེ་ཡང་ལམ་ཡིན་པས་ན་བསྒོམ་པའི་ལམ་མོ། །དེ་ལ་གཟུགས་ལ་སོགས་པ་ལ་དམིགས་པའི་ལྷན་ཅིག་སྐྱེས་པའི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་ལྷན་ཅིག་
སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། འདོད་པའི་ཁམས་ཀྱི་ཉོན་མོངས་པ་དྲུག་དང་། དྲུག་པོ་དེ་རྣམས་ཉིད་ཀྱིས་ཁོང་ཁྲོ་དོར་བས་གཟུགས་ཀྱི་ཁམས་ཀྱི་ཉོན་མོངས་པ་ལྔ་དང་། དེ་བཞིན་དུ་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ལྔ་ཡིན་པས་བསྒོམ་
เล่ม ๑๐๔ · หน้า 39b
པའི་ལམ་གྱིས་ཉོན་མོངས་པ་བཅུ་དྲུག་རིམ་གྱིས་སྤོང་བར་འགྱུར་རོ། །དེ་ཡང་བག་ལ་ཉལ་སྤོང་བར་འགྱུར་གྱི་མངོན་དུ་རྒྱུ་བ་ནི་མ་ཡིན་ཏེ། སྔོན་ཉིད་དུ་ཉམས་པར་གྱུར་པས་སོ། །དེ་ལ་ཡང་འདོད་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་
པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བྱེ་བྲག་གིས་ས་དགུ་ཡོད་དོ། །དེ་ཡང་རེ་རེ་ལ་ཡང་ཉོན་མོངས་པ་རྣམ་པ་དགུ་དགུ་ཡོད་དེ། འདི་ལྟར་འདོད་པའི་ཁམས་
ཀྱི་ཉོན་མོངས་པ་དྲུག་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་གསུམ་ཡོད་དོ། །དེ་ལ་ཆུང་ངུ་ལ། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་སྟེ་རྣམ་པ་གསུམ་ཡོད་དོ། །འབྲིང་ལ་འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་སྟེ་
གསུམ་ཡོད་དོ། །ཆེན་པོ་ལ་ཡང་ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོ་སྟེ་གསུམ་ཡོད་དོ། །དེ་ལྟར་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ལ་རྣམ་པ་དགུ་ཡོད་དོ། །དེ་བཞིན་དུ་ས་སོ་སོ་ལ་ཉོན་མོངས་པའི་རྣམ་པ་དགུ་དགུར་འགྱུར་བས་ཉོན་མོངས་པའི་རྣམ་པ་
བརྒྱད་ཅུ་རྩ་གཅིག་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པ་བརྒྱད་ཅུ་རྩ་གཅིག་གི་གཉེན་པོ་བསྒོམ་པའི་ལམ་ལ་ཡང་བརྒྱད་ཅུ་རྩ་གཅིག་སྟེ། འདི་ལྟར་འདོད་པའི་ཁམས་ཀྱི་ཉོན་མོངས་པའི་གཉེན་པོ་བསྒོམ་པའི་ལམ་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་
ཉིད་ཀྱིས་རྣམ་པ་གསུམ་དུ་འགྱུར་ལ། དེ་ལ་ཡང་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་དགུར་འགྱུར་རོ། །དེ་བཞིན་དུ་སོ་སོའི་ཉོན་མོངས་པའི་གཉེན་པོ་བསྒོམ་པའི་ལམ་ལ་རྣམ་པ་དགུ་དགུར་འགྱུར་བས་ལམ་ཡང་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ། །དེ་ལ་ཡང་ཁྱད་
པར་འདི་ཡིན་ཏེ། ས་སོ་སོ་ལ་ལམ་ཆུང་ངུའི་ཆུང་ངུའི་རྣམ་པས་ཉོན་མོངས་པ་ཆེན་པོའི་ཆེན་པོ་རྣམ་པར་སྤོང་བར་འགྱུར་རོ། །དེ་བཞིན་དུ་ཆུང་ངུའི་འབྲིང་གིས་ཆེན་པོའི་འབྲིང་དང་། ཆུང་ངུའི་ཆེན་པོས་ཆེན་པོའི་ཆུང་ངུའོ། །དེ་བཞིན་དུ་འབྲིང་གི་ཆུང་ངུས་འབྲིང་གི་ཆེན་པོ་དང་། འབྲིང་གི་འབྲིང་གིས་
เล่ม ๑๐๔ · หน้า 40a
འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོས་འབྲིང་གི་ཆུང་ངུའོ། །དེ་བཞིན་དུ་ཆེན་པོའི་ཆུང་ངུས་ཆུང་ངུའི་ཆེན་པོ་དང་། ཆེན་པོའི་འབྲིང་གིས་ཆུང་ངུའི་འབྲིང་དང་། ཆེན་པོའི་ཆེན་པོས་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་སྤོང་བར་འགྱུར་བ་ཡིན་པས་ཉོན་
མོངས་པའི་རྣམ་པ་ལས་བཟློག་པའི་གཉེན་པོའི་རྣམ་པར་གཞག་པར་རིག་པར་བྱའོ། །ཅིའི་ཕྱིར་ལམ་ཆུང་ངུའི་ཆུང་ངུའི་རྣམ་པས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་སྤོང་བར་འགྱུར་ཞེ་ན། ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་རྣམ་པ་དེ་ངོ་ཚ་བ་དང་། ཁྲེལ་མེད་པའི་རྒྱུད་
ལ་ཀུན་ཏུ་སྤྱོད་པས་མཚོན་པ་དང་ཡོངས་སུ་གཅོད་པར་སླ་བ་ཡིན་ནོ། །དེས་ན་དྲི་མ་རགས་པ་བཞིན་དུ་གཉེན་པོ་ཆུང་ངུས་སྤོང་བར་འགྱུར་རོ། །གང་ཀུན་དུ་སྤྱོད་པ་ཡོངས་སུ་གཅོད་པར་དཀའ་བ་ཕྲ་བ་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་དྲི་མ་ཕྲ་མོ་བཞིན་དུ་གཉེན་པོ་ཆེན་པོའི་ཆེན་པོ་
སྟོབས་ཀྱིས་སྤོང་བར་འགྱུར་བས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པའི་རྣམ་གཞག་བཟློག་ནས་བསྟན་པར་རིག་པར་བྱའོ། །དེ་ལ་ལམ་གྱི་རྣམ་པ་རེ་རེ་ལ་ཡང་སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ཉིད་ཤེས་པར་བྱ་སྟེ། ལམ་གང་
བསྒོམས་པས་རིམ་གྱིས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པའི་གནས་ངན་ལེན་དང་བྲལ་བས་རྟེན་ཡོངས་སུ་འགྱུར་བར་བྱེད་པ་དེ་ལ་བསྒོམ་པའི་ལམ་གྱི་སྦྱོར་བའི་ལམ་ཞེས་བརྗོད་པར་བྱའོ། །གང་གིས་དེ་མ་ཐག་ཏུ་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པ་མ་
ལུས་པར་བྲལ་བར་འགྱུར་བས་རྟེན་ཡོངས་སུ་གྱུར་པ་དེ་ལ་བསྒོམ་པའི་ལམ་གྱི་བར་ཆད་མེད་པའི་ལམ་ཞེས་བརྗོད་པར་བྱ་ལ། དེ་ཡང་རྐུན་པོ་ཕྱུང་བའི་ཚུལ་བཞིན་དུ་ཤེས་པར་བྱ་སྟེ། དེས་ཉོན་མོངས་པའི་རྐུན་པོ་ཕྱུང་བས་སོ། །གང་གིས་ཉོན་མོངས་པ་སྤངས་པའི་རྟེན་ཡོངས་སུ་གྱུར་པ་
མངོན་དུ་བྱེད་པ་སྟེ། རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ཡིན་པས་དེ་ལ་བསྒོམ་པའི་ལམ་གྱི་རྣམ་པར་གྲོལ་བའི་ལམ་ཞེས་བྱའོ། །དེ་ཡང་སྒོ་འཕར་བཅད་པའི་ཚུལ་དུ་རིག་པར་བྱ། དེས་ཉོན་མོངས་པའི་རྐུན་པོ་རྣམས་ལ་གོ་སྐབས་མི་འབྱེད་པས་སོ། །དེ་ལྟར་མི་མཐུན་པའི་ཕྱོགས་དང་།
เล่ม ๑๐๔ · หน้า 40b
གཉེན་པོའི་རྣམ་པར་བསྟན་པ་ཡིན་ནོ། །དེ་ལ་འདོད་པའི་ཁམས་ན་བསྒོམ་པས་སྤང་བར་བྱ་བའི་རྣམ་པ་དགུའི་གཉེན་པོ་ནི་བསྒོམ་པའི་ལམ་རྣམ་པ་དགུ། སེམས་བསྐྱེད་པ་དགུའི་རང་བཞིན་ཅན་དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་
དང་། མངོན་དུ་བྱེད་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཏེ་ས་དགུ་པོ་རྣམས་སོ། །དེ་ལ་གང་ཟག་གི་རྣམ་གཞག་བསྟན་པར་བྱ་སྟེ། གང་གི་ཚེ་ས་རབ་ཏུ་དགའ་བ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་མཐོང་བའི་ལམ་གྱི་
སྐད་ཅིག་མ་བཅོ་ལྔ་ལ་གནས་པར་གྱུར་པ་དེའི་ཚེ་གང་ཟག་དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །ཡང་གང་གི་ཚེ་སྐད་ཅིག་མ་བཅུ་དྲུག་པ་ལ་གནས་པར་གྱུར་པ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་སྟེ། སའི་རང་
བཞིན་ཅན་བསྒོམ་པའི་ལམ་གྱི་རྣམ་པ་བཞི་པ་ལ་གནས་པ་དེའི་ཚེ་རྒྱུན་དུ་ཞུགས་པ་ཉིད་དོ། །མངོན་དུ་བྱེད་པ་སྟེ། སའི་རང་བཞིན་ཅན་བསྒོམ་པའི་ལམ་གྱི་རྣམ་པ་ལྔ་པ་ལ་གནས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པའོ། །རིང་དུ་སོང་བ་སྟེ། སའི་རང་བཞིན་ཅན་བསྒོམ་
པའི་ལམ་གྱི་རྣམ་པ་དྲུག་པ་ལ་གནས་པ་ལ་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །མི་གཡོ་བ་སྟེ། སའི་རང་བཞིན་ཅན་རྣམ་པ་བདུན་པ་དང་། ལེགས་པའི་བློ་གྲོས་ཏེ། སའི་རང་བཞིན་ཅན་བསྒོམ་པའི་ལམ་གྱི་རྣམ་པ་བརྒྱད་པ་ལ་གནས་པ་ལ་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་
བྱའོ། །ཆོས་ཀྱི་སྤྲིན་ཏེ་སའི་རང་བཞིན་ཅན་བསྒོམ་པའི་ལམ་གྱི་རྣམ་པ་དགུ་པ་ལ་གནས་པ་ལ་ཕྱིར་མི་འོང་བ་ཞེས་བྱ་སྟེ། འདོད་པའི་ཁམས་ཀྱི་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་འདོད་པའི་ཁམས་སུ་མི་འོང་བས་སོ། །དེ་ལྟར་ཡང་། འདོད་པའི་
རྣམ་པ་དྲུག་པ་དང་། །དགུ་པའི་ཡང་དག་ཟད་པ་ཡིས། །ལན་ཅིག་ཕྱིར་ནི་འོང་བ་དང་། །ཕྱིར་མི་འོང་བའི་གང་ཟག་འགྱུར། །སྲིད་རྩེའི་ཐ་མར་ཟད་པ་ཡིས། །དགྲ་བཅོམ་དེ་རྣམས་ལམ་ལ་གནས། །དེ་ཡི་སྦྱོར་བ་ལ་གནས་བཞི། །དེ་ལ་ཞུགས་པ་ཞེས་ནི་བརྗོད། །དགྲ་བཅོམ་
เล่ม ๑๐๔ · หน้า 41a
མི་སློབ་གཞན་བདུན་སློབ། །ཟད་པ་སློབ་པ་ཡིན་པས་སོ། །ཞེས་གསུངས་པ་ཡིན་པས་སོ། །འདིའི་དོན་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པས་ལན་ཅིག་ཕྱིར་འོང་བའོ། །ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པས་ཕྱིར་མི་འོང་བར་
འགྱུར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཐ་མ་ཆུང་ངུའི་ཆུང་ངུ་རྣམ་པ་ཟད་པས་དགྲ་བཅོམ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དེ་དག་བསྒོམ་པའི་ལམ་ལ་གནས་པའོ། །དགྲ་བཅོམ་པ་ནི་མཐར་ཕྱིན་པའི་ལམ་ལ་གནས་པའོ། །རྒྱུན་དུ་
ཞུགས་པ་ལ་སོགས་པའི་འབྲས་བུའི་སྦྱོར་བ་ལ་གནས་པ་ལ་ནི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །གང་ཟག་བརྒྱད་པོ་རྣམས་ཀྱི་ནང་ནས་དགྲ་བཅོམ་པ་མི་སློབ་པ་སྟེ། ཟག་པ་ཟད་པ་ལ་མི་སློབ་པས་སོ། །གང་ཟག་གཞན་བདུན་པོ་རྣམས་སློབ་པ་སྟེ། སྒྲིབ་པ་ཟད་པ་ལ་སློབ་པས་སོ་ཞེས་
པའོ། །དེ་ལ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམ་པ་དགུའི་གཉེན་པོ་སེམས་བསྐྱེད་པ་དགུའི་ནང་ནས་དང་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་
བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་སྡོམ་པ་ཐམས་ཅད་ཡང་དག་པར་ལེན་པ་དང་། རྗེས་སུ་བསྲུང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །སེམས་བསྐྱེད་པ་འདི་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་འདི་ལས་འབྱུང་
བས་སོ། །སེམས་བསྐྱེད་པ་གཉིས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་གནོད་པ་
བྱེད་པ་དང་དུ་ལེན་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ཡང་རྒྱ་མཚོ་ལྟ་བུ་སྟེ་མི་འདོད་པ་འབྱུང་བས་མི་འཁྲུག་པས་སོ། །སེམས་བསྐྱེད་པ་གསུམ་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
เล่ม ๑๐๔ · หน้า 41b
ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས། སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ཡང་རྡོ་རྗེ་ལྟ་བུ་སྟེ། ཡང་
དག་པར་ཡིད་ཆེས་པ་བརྟན་པས་གཞིག་པར་མི་ནུས་པས་སོ། །སེམས་བསྐྱེད་པ་བཞི་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་
རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ལས་ལ་དབང་བསྒྱུར་བའི་རྣམ་པ་ཐམས་ཅད་དུ་སེམས་གནས་པ་གང་ཡིན་པའོ། །དེ་ཡང་རི་བོ་ལྟ་བུ་སྟེ། དམིགས་པ་མི་གཡེང་བས་མི་གཡོ་བའི་ཕྱིར་རོ། །སེམས་བསྐྱེད་པ་ལྔ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་
ཅིག་ཏུ་གྱུར་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ལས་ལ་དབང་ཐོབ་པས་རྣམ་པ་ཐམས་ཅད་དུ་ཆོས་རབ་ཏུ་
རྣམ་པར་འབྱེད་པ་གང་ཡིན་པའོ། །དེ་ཡང་སྨན་ཆེན་པོ་ལྟ་བུ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པས་སོ། །སེམས་བསྐྱེད་པ་དྲུག་པ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། མི་ཟད་པའི་ཚད་མེད་པ་བཞི་དང་ཡང་ལྷན་ཅིག་
ཏུ་གྱུར་པའོ། །དེ་ལ་ཆོས་གང་ལ་གྲུབ་པའམ། འཕེལ་བའམ། ཐོབ་པའམ། རབ་ཏུ་སྤོང་བའི་དོན་དུ་གང་འོས་པ་དེ་དེའི་ཐབས་ཡིན་ནོ། །དེ་ལ་མཁས་ཤིང་མཛངས་པ་ནི་ཐབས་ལ་མཁས་པ་སྟེ། ཐབས་ལ་མཁས་པ་ཁོ་ན་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བར་
གྱི་ཚིག་མི་མངོན་པར་བྱས་པས་སོ། །དེའི་ལས་ནི་སྦྱིན་པ་ལ་སོགས་པ་མི་ཟད་པར་བྱེད་པ་ཉིད་དེ། དེས་སྦྱིན་པ་ལ་སོགས་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བས་སོ། །ཚད་མེད་པ་བཞི་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚད་
เล่ม ๑๐๔ · หน้า 42a
མེད་པ་བཞི་མདོར་བསྡུས་ནས་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་ཞེས་བྱ་བའི་རྣམ་པ་གསུམ་གྱིས་བསྒོམ་པར་བྱའོ། །དེ་ལ་གང་བྱང་ཆུབ་སེམས་དཔའ་མོས་པས་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་ལྡན་པ་
དང་། བདེ་བ་འདོད་པའི་སེམས་ཅན་གྱི་དབང་དུ་བྱས་ནས་བདེ་བ་ཉེ་བར་བསྡུ་བའི་ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པའི་བྱམས་པའི་སེམས་ཀྱིས་ཕྱོགས་བཅུའི་སེམས་ཅན་རྣམས་ལ་ཁྱབ་པར་གནས་པ་དེ་ནི་སེམས་ཅན་ལ་དམིགས་པའི་བྱམས་པའོ། །གང་ཡང་ཆོས་ཙམ་ལ་ཉེ་བར་བཏགས་
པར་བསམས་པས་མཐོང་ནས་བྱམས་པ་དེ་ཁོ་ན་ཉིད་བསྒོམ་པ་དེ་ནི་ཆོས་ལ་དམིགས་པའི་བྱམས་པའོ། །གང་ཡང་ཆོས་ཀྱང་རྣམ་པར་མི་རྟོག་པར་བྱམས་པ་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་དེ་ནི་དམིགས་པ་མེད་པའི་བྱམས་པར་རིག་པར་བྱའོ། །ཇི་ལྟར་བྱམས་པ་ལ་རྣམ་པ་གསུམ་བསྟན་པ་དེ་བཞིན་
དུ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་ཡང་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་བྱ་བའི་ལྷག་པའི་བསམ་པས་ཕྱོགས་བཅུ་རྣམས་སུ་སྙིང་རྗེ་དང་ལྷན་ཅིག་ཏུ་གྱུར་པའི་སེམས་སྒོམ་པར་བྱེད་པ་གང་
ཡིན་པ་དེ་ནི་སྙིང་རྗེའོ། །གང་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་བདེ་བ་ལ་རྗེས་སུ་ཡི་རང་བའི་བསམ་པ་ལྷག་པས་ཕྱོགས་བཅུ་རྣམས་སུ་དགའ་བ་དང་ལྷན་ཅིག་ཏུ་གྱུར་པས་སེམས་བསྒོམ་པ་ནི་དགའ་བའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་
དང་། སྡུག་བསྔལ་བ་དང་། བདེ་བ་དང་ལྡན་པའི་སེམས་ཅན་དེ་རྣམས་ཁོ་ན་རིམ་པ་བཞིན་དུ་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་ཀྱི་ཉོན་མོངས་པའི་བདེན་པའི་ལྷག་པའི་བསམ་པས་ཕྱོགས་བཅུ་རྣམས་སུ་བཏང་སྙོམས་དང་ལྷན་ཅིག་ཏུ་གྱུར་པའི་སེམས་བསྒོམ་པ་དེ་ནི་བཏང་སྙོམས་
སོ། །དེ་ལ་གང་བྱང་ཆུབ་སེམས་དཔའི་སེམས་ཅན་ལ་དམིགས་པའི་ཚད་མེད་པ་དེ་ནི་གཞན་མུ་སྟེགས་པ་རྣམས་དང་ཐུན་མོང་བའོ། །གང་ཆོས་ལ་དམིགས་པའི་ཚད་མེད་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་བ་ཡིན་གྱི། མུ་སྟེགས་པ་གཞན་དང་ནི་ཐུན་མོང་བ་མ་ཡིན་པའོ། །གང་བྱང་
เล่ม ๑๐๔ · หน้า 42b
ཆུབ་སེམས་དཔའི་དམིགས་པ་མེད་པའི་ཚད་མེད་པ་དེ་ནི་མུ་སྟེགས་པ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་མ་ཡིན་ནོ་ཞེས་རིག་པར་བྱའོ། །དེ་ལ་ཚད་མེད་པ་བཞི་པོ་དེ་ཡང་མོས་པས་སྤྱོད་པའི་ས་ན་སེམས་ཅན་ལ་དམིགས་པའོ། །རབ་ཏུ་དགའ་བ་ལ་སོགས་པ་ས་
བདུན་ནི་ཆོས་ལ་དམིགས་པའོ། །མི་གཡོ་བ་ལ་སོགས་པ་དམིགས་པ་མེད་པའོ། །འདིར་ཆོས་ལ་དམིགས་པ་མཐར་སོན་པ་ལ་བསམས་ནས་ཚད་མེད་པ་དང་ལྷན་ཅིག་ཏུ་གྱུར་པ་ཉིད་དུ་བསྟན་པ་ཡིན་ནོ། །ཚད་མེད་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །དེ་ཡང་བཤེས་གཉེན་ལྟ་བུ་
སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མཚན་ཉིད་མི་ཟད་པའི་ཚད་མེད་པ་དང་ལྡན་པས་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་འདོར་བས་སོ། །སེམས་བསྐྱེད་པ་བདུན་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། མི་ཟད་
པའི་མངོན་པར་ཤེས་པ་དང་ཡང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་སྨོན་ལམ་ནི་མངོན་པར་འདོད་པའི་བདག་ཉིད་ཅན་ཡིན་པས་དུ་མ་ཡིན་ནོ། །འདིར་ནི་དགེ་བ་དང་རྗེས་སུ་མཐུན་པའི་སྐྱེ་བ་འདོད་པ་དེ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གང་གིས་སྐྱེ་ཞིང་སྐྱེ་བར་སངས་རྒྱས་འབྱུང་བ་ལ་
མཉེས་པར་བྱེད་ཅིང་རྟག་ཏུ་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག་པ་གང་ཡིན་པ་དེ་ལས་སོ། །མངོན་པར་ཤེས་པ་དྲུག་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་
མངོན་པར་ཤེས་པ་དང་། འཆི་འཕོ་དང་སྐྱེ་བའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །དེ་ལ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་
གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་པ་ནི་ས་འགུལ་བར་བྱེད་པ་དང་། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། སྣང་བར་གྱུར་ཅིང་མི་སྣང་བར་
เล่ม ๑๐๔ · หน้า 43a
ཡང་འགྱུར་བ་དང་། རྩིག་པ་ལ་ཡང་འཛུལ་ཞིང་རི་ལ་ཡང་མི་ཐོགས་པར་འགྲོ་བ་དང་། ནམ་མཁའ་ལ་ཡང་འགྲོ་བ་དང་། ས་ལ་ཡང་སྟེང་དུ་འབྱུང་བ་དང་། བྱེའུ་འཛུལ་བྱེད་པ་དང་། ས་ཆེན་པོ་བཞིན་དུ་ཆུ་ལ་ཡང་མི་ནུབ་པར་འགྲོ་བ་དང་། དུ་བ་འཐུལ་
བར་བྱེད་ཅིང་མེ་འབར་བར་ཡང་བྱེད་པ་དང་། བདག་གི་ལུས་ཀྱང་སྤྲིན་ཆེན་པོ་བཞིན་དུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་གང་ཞིང་ནུབ་པར་བྱེད་པའི་ཆུ་ཆེན་པོ་འབྲུབ་པར་བྱེད་དོ། །ཉི་མ་དང་ཟླ་བ་ཡང་ལག་པས་ཡོངས་སུ་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་པ་དང་། ཚངས་པའི་
འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་སྒྱུར་ཞིང་སྤོབས་པ་བདེ་བ་སྟེར་བར་བྱེད་པ་དང་། འོད་ཀྱང་སྤྲོ་བར་བྱེད་དོ་ཞེས་པ་ལ་སོགས་པའོ། །དེ་ལྷའི་རྣ་བའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་
གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་པ་ཞེས་པ་ནི་དེས་རྣམ་པར་དག་པ་མི་ལས་ཤིན་ཏུ་འདས་པའི་ལྷའི་རྣ་བའི་ཁམས་ཀྱིས་ལྷ་དང་། མི་དང་དམྱལ་བ་དང་། དུད་འགྲོ་དང་། ཡི་
དྭགས་རྣམས་ཀྱི་སྒྲ་ཡང་ཐོས་པར་གྱུར་པ་སྟེ། ཐ་ན་ཤ་སྦྲང་དང་། མཆུ་རིངས་དང་། འབུ་སྲིན་དང་། བྱ་དང་། བུང་བ་རྣམས་ཀྱི་སྒྲ་ཡང་སྡུག་བསྔལ་ཞིང་ཉམ་ཐག་པའི་ང་རོར་ཐོས་ནས་སྡུག་བསྔལ་དེ་དང་བྲལ་བར་བྱ་བའི་ཕྱིར་ཤིན་ཏུ་འབད་པ་བྱེད་པའོ། །ཞིང་སྣ་ཚོགས་པའི་
སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པའི་སྒྲ་ཡང་འདི་ཁོ་ནར་གནས་ནས་ཐོས་པར་འགྱུར་རོ། །སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་
ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་པ་ཞེས་པ་ནི་དེས་སེམས་ཅན་གཞན་དེ་དག་གང་ཟག་གཞན་རྣམས་ཀྱི་སེམས་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ།
เล่ม ๑๐๔ · หน้า 43b
འདོད་ཆགས་དང་བཅས་པའི་སེམས་ནི་འདོད་ཆགས་དང་བཅས་པའོ་ཞེས་པ་དང་། དེ་བཞིན་དུ་འདོད་ཆགས་དང་བྲལ་བ་དང་། སྐྱོན་དང་བཅས་པ་དང་། སྐྱོན་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བླ་ན་མེད་པའི་སེམས་ལ་བླ་ན་མེད་པའི་
སེམས་སོ་ཞེས་པའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དང་
མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་པ་ཞེས་པ་ནི་སྐྱེ་བ་གཅིག་ཀྱང་དྲན་ལ། གཉིས་པ་དང་། གསུམ་པ་དང་། སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ཡང་དག་པར་རྗེས་སུ་དྲན་པར་
འགྱུར་བའོ། །དེ་བཞིན་དུ་ཉི་མ་གཅིག་དང་། གཉིས་དང་། གསུམ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་རྗེས་སུ་དྲན་པར་འགྱུར་བ་ནི་བདག་ནི་མིང་འདི་ཞེས་བྱ་བ་དང་། རུས་ནི་འདི་ཞེས་བྱ་བ་དང་། རིགས་ནི་འདི་ཞེས་བྱ་བ་དང་། ཁ་ཟས་ནི་འདི་ཞེས་བྱ་བ་དང་། དེ་
ལྟར་ཡུན་རིང་དུ་གནས་སོ་ཞེས་བྱ་བ་དང་། དེ་ལྟར་ཚེའི་མཐར་ཐུག་པར་གནས་སོ་ཞེས་བྱ་བ་དང་། དེ་ནས་འཕོས་ནས་འདིར་སྐྱེས་སོ་ཞེས་པའི་རྣམ་པ་དང་བཅས་པ་དང་། མིང་དང་བཅས་པ་དང་། རྒྱུ་མཚན་དང་བཅས་པའི་བར་དུ་རྣམ་པ་སྣ་ཚོགས་དང་བཅས་པའི་སྔོན་གྱི་གནས་
རྗེས་སུ་དྲན་པར་འགྱུར་རོ། །གཞན་གྱི་སྔོན་གྱི་སྲིད་པ་ཡང་དེ་ཁོ་ནའི་སྒོ་ནས་དྲན་པར་བྱེད་དོ། །འཆི་འཕོ་དང་། སྐྱེ་བའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་མཐོང་བའི་ཡང་དག་པ་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་
ཡིན་པ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཐོང་བའི་ཡང་དག་པར་འབྱོར་པ་ཞེས་པ་ནི་དེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་རྣམས་མཐོང་སྟེ། འཆི་འཕོ་བ་དང་། སྐྱེ་བ་དང་།
เล่ม ๑๐๔ · หน้า 44a
སྐྱེས་པ་རྣམས་ཀྱི་ཁ་དོག་བཟང་བ་དང་། ཁ་དོག་ངན་པ་དང་། དམན་པ་དང་། གྱ་ནོམ་པ་དང་། བདེ་འགྲོ་དང་། ངན་འགྲོ་ལས་ཇི་ལྟ་བ་བཞིན་དུ་འགྲོ་བའི་སེམས་ཅན་རྣམས་རབ་ཏུ་ཤེས་སོ། །སེམས་ཅན་གྱི་ལུས་ཀྱི་ལེགས་པར་སྤྱོད་པ་དང་།
ངག་གི་ལེགས་པར་སྤྱོད་པ་དང་། སེམས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དང་། འཕགས་པ་རྣམས་ལ་སྐུར་པ་བཏབ་པ་དང་། ཡང་དག་པར་ལྟ་བ་དང་ལྡན་པའི་ལེགས་པར་སྤྱད་པའི་རྒྱུ་དེས་ལུས་ཞིག་ནས་ཤི་བའི་རྗེས་ལ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷར་སྐྱེ་བར་འགྱུར་
བ་དང་། སེམས་ཅན་རྣམས་ཀྱི་ལུས་ཀྱི་ཉེས་པར་སྤྱོད་པ་དང་། ངག་གི་ཉེས་པར་སྤྱོད་པ་དང་། སེམས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དང་། འཕགས་པ་རྣམས་ལ་སྐུར་པ་བཏབ་པ་དང་། ལོག་པར་ལྟ་བ་ཅན། ལོག་པར་ལྟ་བ་ཀུན་ཏུ་འཛིན་པའི་རྒྱུ་དེས་
ལུས་ཞིག་ནས་ཤི་བའི་རྗེས་ལ་ངན་སོང་ལོག་པར་ལྟུང་བའི་དམྱལ་བར་སྐྱེ་བར་འགྱུར་རོ། །ཞེས་ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་ཁམས་ཀྱི་མཐར་གཏུགས་པའི། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་།
སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་ཟག་པ་ཟད་པའི་ཤེས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་
རྣམས་སོ། །ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར་པ་ནི་ཐབས་གང་གིས་ཟག་པ་ཟད་པར་འགྱུར་བ་དང་གང་ཟག་པ་ཟད་པ་ཤེས་པ་གང་ཡིན་པའོ། །དེ་ལ་ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་ས་བརྒྱད་པ་ལ་ཐོབ་པར་འགྱུར་ཏེ། རྣམ་པར་རྟོག་པ་མངོན་དུ་རྒྱུ་བ་མེད་པས་སོ། །སངས་
རྒྱས་ཀྱི་སར་དེ་ཡོངས་སུ་རྫོགས་པར་འགྱུར་ཏེ། བག་ཆགས་སུ་གྱུར་པའི་རྣམ་པར་རྟོག་པ་ཟད་པར་འགྱུར་བས་སོ། །མི་ཟད་པའི་མངོན་པར་ཤེས་པ་རྩོལ་བ་མེད་པར་འཇུག་པ་ཡིན་པས་སེམས་བསྐྱེད་པ་བདུན་པ་མངོན་པར་ཤེས་པ་དང་ལྷན་ཅིག་ཏུ་གྱུར་པར་བསྟན་ནོ། །སེམས་བསྐྱེད་
เล่ม ๑๐๔ · หน้า 44b
པ་འདི་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། ཇི་ལྟར་སྨོན་པ་བཞིན་དུ་འབྲས་བུ་ཡང་དག་པར་འབྱོར་པས་སོ། །སེམས་བསྐྱེད་པ་བརྒྱད་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། བསྡུ་བའི་དངོས་པོ་བཞི་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་སོ་སོར་བརྟགས་པའི་སྟོབས་དང་།
བསྒོམས་པའི་སྟོབས་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་སོ་སོར་བརྟགས་པ་ནི་ཤེས་རབ་བོ། །བསྒོམ་པ་ནི་དགེ་བའི་ཆོས་གོམས་པའོ། །གཉིས་པོ་དེ་དག་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པས་སྟོབས་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཞེས་བྱའོ། །དེའི་ལས་ནི་སྐད་ཅིག་མ་སོ་སོ་ལ་ངེས་པར་འབྱིན་པ་ལ་སོགས་པ་ལ་འཇུག་སྟེ། སོ་སོར་བརྟགས་པ་དང་བསྒོམས་པའི་སྟོབས་དང་ལྡན་པ་ལ་སྦྱིན་པ་ལ་སོགས་པའི་དགེ་བའི་མི་མཐུན་པའི་ཕྱོགས་ཟིལ་གྱིས་མི་ནོན་པས་སོ། །མདོ་གཞན་དུ་གསུངས་པའི་སྟོབས་ཀྱང་འདི་
ཤེས་པར་བྱའོ། །འདི་ལྟར་བསམས་པའི་སྟོབས་ཡོད་དོ། །ཉོན་མོངས་པ་མངོན་དུ་རྒྱུ་བ་མེད་པས་སོ། །ལྷག་པའི་བསམས་པའི་སྟོབས་ཀྱང་ཡོད་དེ། སའི་ཤེས་པ་ཡོངས་སུ་སྦྱངས་པས་སོ། །གཟུངས་ཀྱི་སྟོབས་ཀྱང་ཡོད་དེ། མི་བརྗེད་པའི་ཆོས་ཅན་ཡིན་པས་སོ། །ཏིང་ངེ་འཛིན་གྱི་
སྟོབས་ཀྱང་ཡོད་དེ། རྟག་ཏུ་རྣམ་པར་མི་གཡེང་བས་སོ། །ཡང་དག་པར་འབྱོར་པའི་སྟོབས་ཀྱང་ཡོད་དེ། མཐའ་ཡས་ཤིང་མཐར་ཐུག་པ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སྤྱོད་པའི་བྱེ་བྲག་ལ་མཁས་པས་སོ། །དབང་ཉིད་ཀྱི་སྟོབས་ཀྱང་ཡོད་དེ། མངོན་པར་འདོད་པ་ཐམས་ཅད་ཡོངས་སུ་
རྫོགས་པས་སོ། །སྤོབས་པའི་སྟོབས་ཀྱང་ཡོད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་རྣམ་པར་འབྱེད་པ་དང་རྣམ་པར་འབྱེད་པ་ལ་མཁས་པར་གྱུར་པས་སོ། །སྨོན་ལམ་གྱི་སྟོབས་ཀྱང་ཡོད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྤྱོད་པ་མི་འདོར་བས་སོ། །ཕ་རོལ་ཏུ་ཕྱིན་པའི་
སྟོབས་ཀྱང་ཡོད་དེ། བདག་ཉིད་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་སྤྱོད་པ་མི་འདོར་བས་སོ། །བྱམས་པ་ཆེན་པོའི་སྟོབས་ཀྱང་ཡོད་དེ། སེམས་ཅན་ཐམས་ཅད་ལ་བསྐྱབ་པའི་དོན་དུ་བརྩོན་པ་མི་འདོར་
เล่ม ๑๐๔ · หน้า 45a
བས་སོ། །སྙིང་རྗེ་ཆེན་པོའི་སྟོབས་ཀྱང་ཡོད་དེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱེད་པས་སོ། །ཆོས་ཉིད་ཀྱི་སྟོབས་ཀྱང་ཡོད་དེ། སྒྱུ་མ་ལྟ་བུའི་ཆོས་ཉིད་མངོན་དུ་བྱེད་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་
སྟོབས་ཀྱང་ཡོད་དེ། རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པས་སོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །བསྡུ་བའི་དངོས་པོ་བཞི་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །དེ་ལ་
སྦྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ། །སྙན་པར་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་སྟོན་པའོ། །དོན་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་ཡང་དག་པར་འགོད་པའོ། །དོན་མཐུན་པ་ནི་གང་ལ་གཞན་དག་ཡང་དག་པར་བཀོད་པ་དེ་ལ་བདག་ཉིད་ཀྱང་ཡང་དག་པར་རྗེས་སུ་འཇུག་པའོ། །དེ་ལ་སྦྱིན་པ་ནི་རྗེས་སུ་
འཛིན་པའི་ཐབས་ཏེ། ཟང་ཟིང་གི་སྦྱིན་པ་ལ་ལུས་རྗེས་སུ་འཛིན་པར་བྱེད་པས་སོ། །སྙན་པར་སྨྲ་བ་ནི་རྟོགས་པར་བྱེད་པའི་ཐབས་ཏེ། མ་རྟོགས་པ་རྟོགས་པར་བྱེད་པ་དང་། ཐེ་ཚོམ་སེལ་བར་བྱེད་པས་སོ། །དོན་སྤྱོད་པ་ནི་རབ་ཏུ་འཇུག་པར་བྱེད་པའི་ཐབས་ཏེ། དེས་དགེ་བ་ལ་འཇུག་པར་
འགྱུར་བས་སོ། །དོན་མཐུན་པ་ནི་རྗེས་སུ་འཇུག་པའི་ཐབས་ཏེ། ཡང་དག་པར་འགོད་པ་པོས་ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱེད་པར་རིག་ནས་དེས་གཞན་དག་དགེ་བ་གང་བཀོད་པར་གྱུར་པ་དེ་ལ་རྗེས་སུ་སྒྲུབ་པར་བྱེད་པས་སོ། །དེ་སྦྱིན་པས་སེམས་ཅན་རྣམས་སྣོད་ཉིད་དུ་འགྱུར་ཏེ། ཆོས་ཉན་པ་
དག་སྟོན་པ་པོའི་དབང་དུ་འགྱུར་བས་སོ། །སྙན་པར་སྨྲ་བས་ཆོས་དེ་ལ་ལྷག་པར་མོས་ཏེ། དེའི་དོན་རྟོགས་པ་དང་། ཐེ་ཚོམ་གཅོད་པས་སོ། །དོན་སྤྱོད་པས་ཆོས་ཅི་འདྲ་བ་བཞིན་དུ་རྗེས་སུ་སྒྲུབ་པར་བྱེད་དོ། །དོན་མཐུན་པས་དེའི་སྒྲུབ་པ་རྣམ་པར་དག་པར་བྱེད་པ་སྟེ། དུས་ཡུན་རིང་དུ་སྒྲུབ་
པར་བྱེད་པས་སོ། །བསྡུ་བའི་དངོས་པོ་བཞི་རྣམས་ཀྱང་ཕལ་ཆེར་མོས་པས་སྤྱོད་པའི་ས་ལ་འབྲས་བུ་མེད་པའོ། །ཕལ་ཆེར་ས་ལ་ཞུགས་པ་རྣམས་ལ་འབྲས་བུ་དང་བཅས་པའོ། །རྣམ་པ་ཐམས་ཅད་དུ་ས་བརྒྱད་པ་ལ་སོགས་པར་ནི་འབྲས་བུ་དང་བཅས་པའོ། །བསྡུ་བའི་དངོས་པོ་དང་ལྷན་ཅིག་ཏུ་
เล่ม ๑๐๔ · หน้า 45b
གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་འདི་ནི་ཉི་མ་ལྟ་བུ་སྟེ། མི་ཟད་པ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པས་སོ། །སེམས་བསྐྱེད་པ་དགུ་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་
ཡང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་ལ་སྒྲ་ཇི་བཞིན་དུ་ཀུན་དུ་རྨོངས་པ་དང་བྲལ་བའི་ཡེ་ཤེས་སོ། །སྒྲ་ཇི་བཞིན་དུ་ཀུན་དུ་རྨོངས་པ་ནི་གང་གིས་དགོངས་པ་ཅན་གྱི་དོན་དོར་ནས་སྒྲ་ཇི་བཞིན་དུ་དོན་རྟོགས་པའོ། །ཡེ་ཤེས་ཀྱི་
ཕ་རོལ་ཏུ་ཕྱིན་པ་དེའི་ཕྲིན་ལས་ནི་ཆོས་ལ་ལོངས་སྤྱོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་།
ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི། བསམ་གཏན་ལ་བརྟེན་ནས་རྣམ་གྲངས་སུ་གཏོགས་པ་རྣམས་ལ་ཐོགས་པ་མེད་པར་ཡང་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་
ཡིན་པ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །རྣམ་གྲངས་སུ་གཏོགས་པ་རྣམས་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པ་ནི་འདི་ལྟ་སྟེ། མ་རིག་པ་ནས་བརྩམས་ཏེ། མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་མ་རྟོགས་
པ་ལ་སོགས་པའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་བསམ་གཏན་ལ་བརྟེན་ནས་རང་དང་སྤྱིའི་མཚན་ཉིད་དང་། དགོངས་པ་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །དགོངས་པ་ནི་དོན་གཞན་ལ་དགོངས་པའོ། །ངེས་པའི་ཚིག་སོ་སོ་
ཡང་དག་པར་རིག་པ་ནི་བསམ་གཏན་ལ་བརྟེན་ནས་ཡུལ་གྱི་སྐད་དང་། ཆོས་ཀྱི་ངེས་པའི་ཚིག་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །ཡུལ་གྱི་སྐད་ནི་ཇི་ལྟར་ཡུལ་སོ་སོ་རང་རང་གི་མིང་གཞན་དང་གཞན་གྱི་ཐ་སྙད་དོ། །ཆོས་ཀྱི་ངེས་པའི་ཚིག་
เล่ม ๑๐๔ · หน้า 46a
ནི་འདི་ལྟ་སྟེ། འཇིག་པས་ན་འཇིག་རྟེན་ནོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་བསམ་གཏན་ལ་བརྟེན་ནས་ཆོས་རབ་ཏུ་འབྱེད་པ་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །ཆོས་རབ་ཏུ་འབྱེད་པ་ནི་རྫས་སུ་ཡོད་པ་དང་
བཏགས་པར་ཡོད་པ་དང་། ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་ཡོད་པ་ལ་སོགས་པའོ། །སོ་སོ་ཡང་དག་པར་རིག་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་འདི་ནི་དྲི་ཟའི་གླུ་སྙན་པ་ལྟ་བུ་སྟེ། མི་ཟད་པའི་སོ་སོ་ཡང་དག་པར་རིག་པ་བཞིས་གདུལ་བྱ་གདུལ་བར་
བྱེད་པའི་ཆོས་སྟོན་པར་བྱེད་པས་སོ། །དེ་ལྟར་སེམས་བསྐྱེད་པ་དྲུག་པ་ནས་བརྩམས་ཏེ། སེམས་བསྐྱེད་པ་བཅུ་བཞིའི་བར་ས་དགུའི་རང་བཞིན་སེམས་བསྐྱེད་པ་དགུ་འདོད་པའི་ཁམས་ཀྱི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུའི་གཉེན་པོ་ཉིད་དུ་བསྟན་ཏོ། །དེ་ལྟར་སེམས་བསྐྱེད་
པ་བཅུ་བཞི་བསྟན་ཟིན་ཏོ། །སེམས་བསྐྱེད་པ་བཅོ་ལྔ་པ་ནས་སེམས་བསྐྱེད་པ་ཉི་ཤུའི་བར་སེམས་བསྐྱེད་པ་དྲུག་ནི་ས་བཅུའི་གནས་སྐབས་ཀྱི་ཁྱད་པར་ཏེ། ཁྱད་པར་གྱི་ལམ་ཞེས་བྱའོ། །དེ་ལ་སེམས་བསྐྱེད་པ་དང་པོ་ལྔ་པོ་རྣམས་ལ་སོ་སོར་དབྱེ་བ་རྣམ་པ་བཅུ་བཞི་བྱས་པས་རྣམ་པ་བདུན་
ཅུར་འགྱུར་ཏེ། འདི་ལྟར་སེམས་བསྐྱེད་པ་ལྔ་པོ་རྣམས་ལ་སོ་སོར་སྦྱོར་བ་དང་། དངོས་གཞི་དང་། རྗེས་ཀྱི་རྣམ་པ་གསུམ་གསུམ་དུ་འགྱུར་ལ་དངོས་གཞི་ལ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཆེན་པོའི་ཆེན་པོའི་དབྱེ་བས་རྣམ་པ་བཞི་བཞིར་འགྱུར་ལ། ཡང་ཆུང་ངུ་ལ་སོགས་པ་སོ་སོ་ལ་
ཆུང་ངུ་ལ་སོགས་པ་གསུམ་གསུམ་དུ་ཕྱེ་ན་སོ་སོ་ལ་རྣམ་པ་བཅུ་བཞི་བཅུ་བཞིར་འགྱུར་ལ། དེས་ན་སེམས་བསྐྱེད་པ་ལྔ་པོ་རྣམས་ལ་དབྱེ་བ་བདུན་ཅུར་འགྱུར་རོ། །དེ་ལ་སྒོམ་པས་སྤང་བར་བྱ་བ་བརྒྱད་ཅུ་རྩ་གཅིག་གི་ནང་ནས་འདོད་པའི་ཁམས་ཀྱི་རྣམ་པ་དགུ་ས་བཅུ་པའི་བར་གྱིས་རབ་ཏུ་སྤངས་སོ། །
ལྷག་མ་ལུས་པ་ནི་བདུན་ཅུ་རྩ་གཉིས་སོ། །དེ་ལ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་པོ་རྣམས་ལ་སོ་སོར་རྣམ་པ་དགུ་དགུ་དང་། གཟུགས་མེད་པའི་ཁམས་ཀྱི་གནས་གསུམ་པོ་རྣམས་ཀྱི་སོ་སོར་དགུ་དགུ་དང་། གནས་བཞི་པའི་རྣམ་པ་བདུན་ཏེ། སྒོམ་པས་སྤང་བར་བྱ་བ་ཉོན་མོངས་
เล่ม ๑๐๔ · หน้า 46b
པ་བདུན་ཅུའི་གཉེན་པོའི་ཕྱོགས་སུ་གྱུར་པ་སེམས་བསྐྱེད་པ་ལྔའི་རྣམ་པ་བདུན་ཅུས་རབ་ཏུ་སྤོང་བར་འགྱུར་རོ། །སེམས་བསྐྱེད་པ་དྲུག་པ་ནི་རྣམ་པ་བདུན་ཅུ་རྩ་གཅིག་པ་སྟེ། སངས་རྒྱས་ཀྱི་སའི་བར་ཆད་མེད་པའི་ལམ་མོ། །དེས་སྲིད་པའི་རྩེ་མོའི་ཉོན་མོངས་པའི་རྣམ་པ་བདུན་ཅུ་རྩ་གཅིག་
པ་རབ་ཏུ་སྤོང་བར་འགྱུར་རོ། །སེམས་བསྐྱེད་པ་འདི་ནི་ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཐའི་གནས་སྐབས་དང་ཕྲ་རྒྱས་ཐམས་ཅད་གཞིག་པར་ནུས་པས་རྡོ་རྗེ་ལྟ་བུའོ། །རྣམ་པ་བདུན་ཅུ་རྩ་གཅིག་པ་འདི་ཁོ་ན་ལ་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་རྣམ་གཞག་བྱའོ། །
དེ་ལ་རྣམ་པ་བདུན་ཅུ་རྩ་གཅིག་གི་ནང་ནས་རྣམ་པ་དང་པོ་སུམ་ཅུ་དོར་བའི་ལྷག་མ་རྣམ་པ་བཞི་བཅུ་རྩ་གཅིག་ལ་ངེས་པར་འབྱུང་བའི་སྒྲུབ་པའི་རྣམ་གཞག་བྱ་སྟེ། འདི་རྣམས་ཀྱིས་མ་རྒྱལ་བ་ལས་རྒྱལ་བ་ཐོབ་སྟེ། ངེས་པར་འབྱུང་བས་འབྲས་བུའི་མཐར་ཐུག་པ་ཐོབ་པར་འགྱུར་བས་སོ། །དེ་
ལ་སེམས་བསྐྱེད་པ་དྲུག་གི་ནང་ནས་སེམས་བསྐྱེད་པ་དང་པོ་ནི་ངེས་པར་རྟོན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་ངེས་པར་རྟོན་པ་རྣམ་པ་བཞི་སྟེ། དོན་ལ་རྟོན་པར་བྱའི་ལེགས་པར་སྦྱར་བ་ལ་སོགས་པ་ཚིག་འབྲུ་ལ་ནི་མ་ཡིན་པ་དང་། ཆོས་དེ་རིགས་པ་ལ་རྟོན་པར་བྱའི་གང་ཟག་སྟེ་
གནས་བརྟན་ལ་སོགས་པ་ལ་མ་ཡིན་པ་དང་། ཡེ་ཤེས་ཏེ་བསྒོམས་པ་ལས་བྱུང་བའི་ཤེས་རབ་དེ་ལ་རྟོན་པར་བྱའི། རྣམ་པར་ཤེས་པ་སྟེ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ལ་ནི་མ་ཡིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་མཆོག་ཏུ་ཚད་མ་ཡིན་པས་དེས་གང་ངེས་
པའི་དོན་གྱི་མདོ་གསུངས་པ་དེ་ལ་རྟོན་པར་བྱའི། དྲང་བའི་དོན་ལ་མ་ཡིན་པ་སྟེ། ཡང་དག་པར་རྟོན་པ་བཞིའོ། །སེམས་བསྐྱེད་པ་འདི་ནི་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། ཐོགས་པ་མེད་པའི་མཐུ་ཉིད་ཀྱིས་གཞན་གྱི་དོན་སྒྲུབ་པར་བྱེད་པས་སོ། །སེམས་བསྐྱེད་པ་གཉིས་པ་ནི་བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ནི་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསོད་ནམས་
เล่ม ๑๐๔ · หน้า 47a
དང་ཡེ་ཤེས་ཀྱི་ཚོགས་སོ། །འདི་ལྟར་གཞན་གྱི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་བསོད་ནམས་ཀྱི་ཚོགས་སོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་གང་གིས་
སེམས་ཅན་རྗེས་སུ་འཛིན་པར་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བརྩོན་འགྲུས་གང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྫོགས་པར་བྱེད་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །འཇིག་རྟེན་པའི་བསམ་གཏན་དང་། བསམ་གཏན་གང་གིས་སེམས་ཅན་ཡོངས་སུ་འཛིན་པར་བྱེད་པ་དེ་
བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་གང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྫོགས་པར་བྱེད་པ་དེ་ཡེ་ཤེས་ཀྱི་ཚོགས་སོ། །ཡང་ན་སྦྱིན་པ་ལ་སོགས་པ་ལྔ་ཆར་ཡེ་ཤེས་ཀྱི་ཚོགས་ཀྱང་ཡིན་ཏེ། སྦྱིན་པ་ལ་སོགས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་སོ། །
དེ་ལ་བསོད་ནམས་ཀྱི་ཚོགས་ནི་འཁོར་བར་བདེ་བའི་དོན་དུའོ། །ཡེ་ཤེས་ཀྱི་ཚོགས་ནི་ཉོན་མོངས་པ་མེད་པའི་འཁོར་བའི་དོན་དུ་སྟེ། སེམས་ཅན་གྱི་དོན་དུ་བསམ་པ་སྔོན་དུ་བཏང་སྟེ། སྲིད་པར་སྐྱེ་བ་ཡོངས་སུ་གཟུང་ཡང་འཁོར་བའི་སྐྱོན་གྱིས་མ་གོས་པས་སོ། །བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྐལ་པ་གྲངས་མེད་པ་དང་པོ་ལ་ཆུང་ངུ་དང་གཉིས་པ་ལ་འབྲིང་དང་། གསུམ་པ་ལ་ཆེན་པོ་ཞེས་ཤེས་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །དེ་ཡང་མཛོད་ལྟ་བུ་སྟེ། བསོད་ནམས་
དང་ཡེ་ཤེས་ཀྱི་ཚོགས་ཀྱི་གནས་ཡིན་པས་སོ། །སེམས་བསྐྱེད་པ་གསུམ་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་
བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་ཡན་ལག་གི་བར་ཉི་ཤུ་རྩ་དགུ་བཤད་ཟིན་ཏོ། །ལམ་གྱི་ཡན་ལག་བརྒྱད་ནི་ཕྱིས་འཆད་པར་འགྱུར་རོ། །དེ་ཡང་ལམ་ཆེན་པོ་ལྟ་བུ་སྟེ། འཕགས་པའི་གང་ཟག་ཐམས་
เล่ม ๑๐๔ · หน้า 47b
ཅད་གཤེགས་ཤིང་རྗེས་སུ་གཤེགས་པས་སོ། །སེམས་བསྐྱེད་པ་བཞི་པ་ནི་ཞི་གནས་དང་། ལྷག་མཐོང་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་རྣམ་པ་དགུ་དང་ལྡན་པའི་སེམས་གནས་པ་གང་ཡིན་པ་དེ་ཞི་གནས་སོ། །དེ་ལ་རྣམ་པ་དགུ་ནི་ནང་ཉིད་དུ་སེམས་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། བླན་
ནས་འཇོག་པ་དང་། ཉེ་བར་འཇོག་པ་དང་། འདུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པའོ། །དེ་ལ་ནང་ཉིད་དུ་སེམས་འཇོག་པ་ནི་ཕྱི་རོལ་གྱི་དོན་གྱི་དམིགས་པ་ལས་སེམས་བཀུག་སྟེ། ནང་གི་བདག་ཉིད་
དུ་སེམས་ཉེ་བར་འཆིང་བ་གང་ཡིན་པའོ། །རྒྱུན་དུ་འཇོག་པ་ནི་གཡོ་བ་དང་རགས་པའི་སེམས་ཉེ་བར་བཅིངས་པ་དེ་ཉིད་དམིགས་པ་དེ་ཁོ་ན་ལ་རྒྱུན་དུ་སྦྱོར་བས་ཕྲ་མོར་བྱེད་པས་མངོན་པར་སྡུད་པའོ། །བླན་ནས་འཇོག་པ་ནི་སེམས་དེ་ཉིད་དྲན་པ་ཉམས་པས་ཕྱི་རོལ་ལ་རྣམ་པར་གཡེངས་པ་སླར་སྡུད་
པའོ། །ཉེ་བར་འཇོག་པ་ནི་དང་པོ་ཉིད་ནས་དྲན་པས་སེམས་ཕྱི་རོལ་དུ་མི་འཕྲོ་བར་ནང་དུ་འཇོག་པ་གང་ཡིན་པའོ། །འདུལ་བར་བྱེད་པ་ནི་དང་པོ་ཉིད་དུ་རྣམ་པར་གཡེང་བའི་རྒྱུ་མཚན་གཟུགས་ལ་སོགས་པ་ལ་སྡུག་བསྔལ་བའི་འདུ་ཤེས་བསྐྱེད་པའི་སྒོ་ནས་འཕྲོ་བར་མི་བྱེད་པ་གང་ཡིན་པའོ། །
ཞི་བར་བྱེད་པ་ནི་སེམས་འཁྲུག་པར་བྱེད་པའི་རྣམ་པར་རྟོག་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལ་སྡུག་བསྔལ་བར་མཐོང་བས་རབ་ཏུ་འཕྲོ་བར་མི་བྱེད་པ་གང་ཡིན་པའོ། །རྣམ་པར་ཞི་བར་བྱེད་པ་ནི་དྲན་པ་ཉམས་པས་རྣམ་པར་རྟོག་པ་ལ་སོགས་པ་མངོན་དུ་རྒྱུ་བར་གྱུར་ན་དེ་ཞི་བར་བྱེད་པ་གང་
ཡིན་པའོ། །རྩེ་གཅིག་ཏུ་བྱེད་པ་ནི་མངོན་པར་འདུ་བྱེད་པས་བར་དང་མཚམས་མེད་པར་ཏིང་ངེ་འཛིན་གྱི་རྒྱུན་འཇོག་པ་གང་ཡིན་པའོ། །མཉམ་པར་འཇོག་པ་ནི་ལེགས་པར་གོམས་པས་མངོན་པར་འདུ་མི་བྱེད་པ་སྟེ། མི་རྩོལ་བས་སེམས་ཀྱི་ཏིང་ངེ་འཛིན་གྱི་རྒྱུན་རྣམ་པར་མི་གཡེང་བ་རབ་ཏུ་
འཇོག་པ་གང་ཡིན་པའོ། །ལྷག་མཐོང་ནི་རྣམ་པ་བཞི་སྟེ། ཆོས་ལ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྣམ་པར་རྟོག་པ་དང་། ཡོངས་སུ་དཔྱོད་པར་བྱེད་པའོ། །དེ་ལ་སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པ་ཉིད་ཀྱི་དམིགས་པ་
เล่ม ๑๐๔ · หน้า 48a
ཕུང་པོ་ལ་སོགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་སྟེ་ཇི་སྙེད་ཡོད་པ་ཉིད་ཤེས་པ་དེ་ལ་རྣམ་པར་འབྱེད་པ་ཞེས་བྱའོ། །གནས་ངན་ལེན་གྱི་མཚན་མའི་གཉེན་པོ་ཉིད་ཀྱི་དབང་དུ་བྱས་ནས་དམིགས་པ་དེ་རྣམས་ཇི་ལྟར་ཡོད་པ་བཞིན་དུ་ཤེས་པ་དེ་ལ་རབ་
ཏུ་རྣམ་པར་འབྱེད་པ་ཞེས་བྱའོ། །ཤེས་རབ་དང་ལྷན་ཅིག་ཏུ་གྱུར་པའི་རྣམ་པར་མི་རྟོག་པའི་ཤེས་པས་དམིགས་པ་དེ་ལ་ཡོངས་སུ་རྣམ་པར་རྟོག་པ་ཞེས་བྱའོ། །ཕྱིན་ཅི་ལོག་ཐམས་ཅད་ལས་འབྱིན་པའི་དབང་དུ་བྱས་ནས་ཕྱིན་ཅི་ལོག་མ་ཡིན་པ་ལ་སེམས་འཇོག་པ་གང་ཡིན་པ་དེ་ལ་
ཡོངས་སུ་དཔྱོད་པ་ཞེས་བྱའོ། །ཞི་གནས་དང་ལྷག་མཐོང་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་འདི་ནི་བཞོན་པ་བཟང་པོ་ལྟ་བུ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་རང་གི་ངང་གིས་འཇུག་པས་འཁོར་བ་དང་། མྱ་ངན་ལས་འདས་པ་གང་ཡང་རུང་བར་མི་ལྟུང་
བར་བདེ་བར་འཁྱེར་བས་སོ། །སེམས་བསྐྱེད་པ་ལྔ་པ་ནི་གཟུངས་དང་སྤོབས་པ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་གྱི་གཟུངས་ནི་བཞི་སྟེ། བཟོད་པའི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། སྔགས་ཀྱི་གཟུངས་སོ། །དེ་
ལ་བཟོད་པའི་གཟུངས་ནི་ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་རྣམས་ལ་དེའི་དོན་དེ་ཁོ་ན་ཉིད་སྒྲོ་བཏགས་ནས་སྒོམ་པར་བྱེད་པ་རྣམས་ལ་བསྒོམ་པ་རྫོགས་པར་གྱུར་ན་ཡི་གེའི་དོན་དམ་པ་ལ་བཟོད་པ་གང་སྐྱེས་པ་སྟེ། ཤེས་རབ་ཀྱི་རང་བཞིན་བཟོད་པ་སྐྱེས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ཡི་གེ་
ཨའི་སྒོ་ཅན་ཏེ། གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ལ་སྒོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཐབས་ཨའོ། །གང་གི་ཕྱིར་ཆོས་ཐམས་ཅད་དང་པོ་ཉིད་དེ། དྲི་མ་དང་བཅས་པའི་གནས་སྐབས་ན་མ་སྐྱེས་པ་དེའི་ཕྱིར་མ་སྐྱེས་པའི་དོན་ཡི་གེ་ཨ་ལ་སྒྲོ་བཏགས་ནས་
བསྒོམས་པས་གོམས་པའི་སྟོབས་ཀྱིས་ཡི་གེ་ཨ་ཙམ་ལེགས་པར་གོམས་པར་གྱུར་ན་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པའི་བཟོད་པ་སྐྱེ་བར་འགྱུར་རོ། །དེ་ལྟར་མ་སྐྱེས་པ་དེ་ཉིད་ནི་ཨའི་དོན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒོའི་ཡི་གེ་ར་ཏེ་ར་ཛ་ཞེས་བྱ་བ་རྡུལ་ཏེ་དེ་དང་བྲལ་བས་སོ། །ཇི་ལྟར་ནམ་
เล่ม ๑๐๔ · หน้า 48b
མཁའ་རྡུལ་གྱིས་མི་གོས་པ་དེ་བཞིན་དུ་དེ་བཞིན་ཉིད་ཀྱང་ཉོན་མོངས་པའི་རྡུལ་གྱིས་མི་གོས་སོ་ཞེས་པ་ནི་རའི་དོན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒོ་ཡི་གེ་པ་སྟེ། པ་ར་མ་ཨརྠ་ཞེས་བྱ་བ་དོན་དམ་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ལ་ཁྱད་པར་མེད་པས་སོ། །དོན་དམ་པ་དེ་ཡང་དེ་ཁོ་ན་
ཉིད་དོ་ཞེས་པ་ནི་ཡི་གེ་པའི་དོན་ཏོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒོ་ཡི་གེ་ཙ་སྟེ། བྱོ་བ་ན་ཞེས་བྱ་བ་འཆི་འཕོ་བ་དང་སྐྱེ་བ་སྟེ། དེ་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་ཉིད་ལ་སྐྱེ་བའི་སྲིད་པ་དང་། འཆི་འཕོའི་སྲིད་པ་མེད་པ་གང་ཡིན་པ་དེ་ནི་ཡི་གེ་ཙའི་དོན་ཏོ། །དེ་བཞིན་དུ་ཆོས་ཐམས་ཅད་
ཀྱི་སྒོ་ཡི་གེ་ན་སྟེ་ནཱ་མ་ཞེས་བྱ་བ་ནི་མིང་ཡིན་ལ་དེ་དང་བྲལ་བས་སོ། །དེ་བཞིན་ཉིད་ལ་མིང་མེད་པ་ནི་ཡི་གེ་ནའི་དོན་ཏོ། །འདི་ཉིད་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཡི་གེ་ཇི་སྙེད་ཡོད་པ་དེ་སྙེད་གཟུངས་ཀྱི་ཚིག་གོ། །བཟོད་པའི་གཟུངས་བསྟན་ཟིན་ཏོ། །ཆོས་ཀྱི་གཟུངས་ནི་ཕྱོགས་བཅུའི་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་པའི་ཆོས་ཀྱི་ཕུང་པོ་འཛིན་པའི་རྒྱུ་གང་ཡིན་པ་སྟེ། དཔག་ཏུ་མེད་པའི་ཆོས་རྣམས་ཐོས་པ་ཙམ་གྱིས་དུས་དཔག་ཏུ་མེད་པ་འཛིན་པས་སོ། །དེས་ན་དེའི་དོན་འཛིན་པའི་རྒྱུ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་རྗེས་སུ་འཛིན་པར་
བྱེད་པའི་སྒྱུ་མ་ལྟ་བུའི་སྔགས་ལ་དབང་བ་ཉིད་ནི་སྔགས་ཀྱི་གཟུངས་སོ། །དེ་ལ་བཟོད་པའི་གཟུངས་ནི་མོས་པས་སྤྱོད་པའི་ས་ལའོ། །ལྷག་མ་གསུམ་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །གཟུངས་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །མ་ཐོས་པའི་ཆོས་རྣམས་མི་ཟད་པར་སྟོན་པའི་རྒྱུ་གང་ཡིན་
པ་དེ་ལ་སྤོབས་པ་ཞེས་བྱའོ། །སྤོབས་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་འདི་ནི་བཀོད་མའི་ཆུ་ལྟ་བུ་སྟེ། ཆུ་འཛིན་པ་དང་། མི་ཟད་པར་སྐྱེ་བ་དང་འདྲ་བར་ཐོས་པ་དང་མ་ཐོས་པའི་ཆོས་དང་དོན་འཛིན་པ་དང་ཟད་པ་མེད་པའི་ཆོས་སྟོན་པ་འབྱུང་བས་སོ། །སེམས་བསྐྱེད་པ་
དྲུག་པ་ནི་ཆོས་ཀྱི་དགའ་སྟོན་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་ཆོས་ཀྱི་དགའ་སྟོན་ནི་བཞི་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པའོ། །ཟག་པ་ཟད་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་བདག་མེད་པའོ། །མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ་ཞེས་སོ་སོར་རྟོག་པ་གང་
เล่ม ๑๐๔ · หน้า 49a
ཡིན་པའོ། །དེ་ལ་མི་རྟོག་པ་ནི་རྟག་ཏུ་མེད་པ་གང་ཡིན་པ་སྟེ། མི་རྟག་པའི་དོན་མེད་པ་ཡིན་པས་སོ། །ཀུན་རྫོབ་ཏུ་ནི་སྐད་ཅིག་མ་འཇིག་པའི་དོན་ལ་ཡང་མི་རྟག་པ་ཞེས་བྱའོ། །རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བས་ན་མྱ་ངན་ལས་འདས་པ་ལ་
ཞི་བ་ཞེས་བྱའོ། །ཆོས་ཀྱི་དགའ་སྟོན་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །དེ་ཡང་རབ་ཏུ་སྙན་པའི་སྒྲ་ལྟ་བུ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པར་སྒྲོགས་པར་བྱེད་པས་སོ། །དེ་ལྟར་དྲུག་པ་ནས་སེམས་བསྐྱེད་པ་བཅོ་ལྔའི་བར་བསྒོམ་པའི་ལམ་ཉིད་དུ་བསྟན་ཏོ། །
བསྒོམ་པའི་ལམ་དེའི་ཡང་གྲོགས་ལམ་གྱི་ཡན་ལག་གོ། །དེ་ལ་ལམ་གྱི་ཡན་ལག་ནི་བརྒྱད་དེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་
དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདི་རྣམས་ལ་རྣམ་གཞག་ལྔར་རིག་པར་བྱ་སྟེ། དམིགས་པ་དང་། ངོ་བོ་དང་། གྲོགས་དང་། སྒོམ་པ་དང་། བསྒོམས་པའི་འབྲས་བུའོ། །དེ་ལ་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་སྟེ།
མཐོང་བའི་ལམ་གྱིས་ཕྱིས་ཀྱི་དུས་སུ་ཇི་ལྟར་མཐོང་བའི་བདེན་པ་རྣམས་ཀྱི་ཡང་དག་པ་ཉིད་ཅི་ལྟ་བ་དེ་ཁོ་ན་ལམ་གྱི་ཡན་ལག་གི་དམིགས་པའོ། །སྔར་བསྟན་པའི་ཡན་ལག་བརྒྱད་ནི་ངོ་བོའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། དེས་ཇི་ལྟར་ཉམས་སུ་མྱོང་
བའི་དེ་ཁོ་ན་ཉིད་ངེས་པར་བྱེད་པ་སྟེ། གང་གིས་མཐོང་བའི་ལམ་གྱིས་རྟོགས་པའི་དེ་ཁོ་ན་ཉིད་དུ་ཡོངས་སུ་གཅོད་པ་སྟེ། ཡང་དག་པའི་ལྟ་བ་ཡིན་ནོ་ཞེས་པའི་ཚིག་གོ། །ལམ་ལ་སྙོམས་པར་ཞུགས་པ་ལ་ཡང་དེའི་སྐྱེ་བའི་ནུས་པ་ཡོད་པས་དེ་རྣམ་པར་འཇོག་གོ། །ཡང་དག་པའི་རྟོག་པ་
དང་། ཡང་དག་པའི་ངག་ནི་གཞན་གྱིས་གོ་བར་བྱེད་པའི་ཡན་ལག་སྟེ། ཡང་དག་པའི་ལྟ་བས་རྟོགས་པའི་དེ་ཁོ་ན་ཉིད་ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་གིས་གཞན་ལ་གོ་བར་བྱེད་པ་སྟེ། རྣམ་པར་མ་བརྟགས་པ་དང་། རྣམ་པར་མ་དཔྱད་པའི་ཚིག་མི་སྨྲའོ་ཞེས་གསུངས་པས་
เล่ม ๑๐๔ · หน้า 49b
སོ། །མཉམ་པར་གཞག་པ་ལ་འདི་གཉིས་ཡོད་དེ། དེ་གཉིས་སྐྱེ་བའི་ནུས་པ་ཐོབ་པས་སོ། །མཉམ་པར་གཞག་པ་ནི་ཡང་དག་པར་མི་རྟོག་པ་དང་། ཡང་དག་པར་མི་བརྗོད་པས་སོ། །ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་ནི་གཞན་ཡིད་
ཆེས་པར་བྱེད་པའི་ཡན་ལག་སྟེ། དེ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་པོ་ལྟ་བ་ལ་སོགས་པ་ཡང་དག་པར་ངེས་པར་བྱེད་པས་སོ། །དེ་ལ་ཡང་དག་པའི་ངག་ནི་རྟོག་པ་དང་རྗེས་སུ་མཐུན་པའི་སྒྲིབ་པ་དང་། ལུང་སྟོན་པ་འཕེལ་བའི་གཏམ་ངེས་པས་དེའི་ལྟ་བ་རྣམ་པར་དག་པ་ཡིན་ནོ་
ཞེས་ཤེས་པ་ཡིན་ནོ། །ཡང་དག་པའི་ལས་ཀྱི་མཐའ་འགྲོ་བ་དང་འོང་བ་ལ་སོགས་པ་སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་ཡོངས་སུ་དག་པར་ཤེས་ཏེ། འདི་ལྟར་ཡང་དག་པའི་ལས་ཀྱི་མཐའ་ནི་ཉེས་པར་སྤྱོད་པ་དང་འགལ་བ་ཡིན་པས་དེ་དང་ལྡན་པ་ལ་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་
པས་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ་སྙམ་པའི་གཞན་དག་ལ་ངེས་པ་སྐྱེ་བ་ཡིན་ནོ། །ཡང་དག་པའི་འཚོ་བས་ནི་ཇི་ལྟར་གནས་པའི་ཆོས་གོས་ལ་སོགས་པ་ཚོལ་བ་ཡིན་པས་ཡོ་བྱད་ལ་འདོད་པ་ཆུང་བ་ཡིན་ནོ་སྙམ་དུ་ངེས་པར་འགྱུར་ཏེ། འདི་ལྟར་ཚུལ་འཆོས་ལ་སོགས་པའི་སྐྱོན་དང་བྲལ་བའི་
སྲོག་གནས་པ་ཙམ་གྱི་ཆེད་དུ་ལུས་དང་ངག་གི་ཀུན་དུ་སྤྱོད་པ་ནི་ཡང་དག་པའི་འཚོ་བ་ཡིན་པས་སོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། འདི་ལྟར་ཡང་དག་པའི་ལྟ་བས་ཡོངས་སུ་བཟུང་བ་བྱིང་བ་དང་། རྒོད་པ་དང་བྲལ་བའི་ཏིང་ངེ་འཛིན་གྱི་གནས་
སྐབས་ཀྱི་བརྩོན་འགྲུས་གང་ཡིན་པ་དེ་ལ་ཡང་དག་པའི་རྩོལ་བ་ཞེས་བྱ་སྟེ། ཡང་དག་པའི་རྩོལ་བ་དེས་སྒོམ་པས་སྤོང་བར་བྱ་བའི་ཉོན་མོངས་པ་རྣམས་རབ་ཏུ་སྤང་བའི་དོན་དུ་དེའི་གཉེན་པོའི་ཕྱོགས་ལམ་སྒོམ་པར་བྱེད་དོ། །དེས་ན་ཡང་དག་པའི་རྩོལ་བ་ཉོན་མོངས་པའི་སྒྲིབ་པ་སྦྱངས་པའི་ཡན་
ལག་གོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱངས་པའི་ཡན་ལག་སྟེ། དེས་ཞི་གནས་ལ་སོགས་པའི་མཚན་མ་མི་བརྗེད་པས་བྱིང་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལ་གོ་སྐབས་མི་འབྱེད་པས་སོ། །འདི་ལྟར་རྒོད་པ་དང་། རྒོད་པར་དོགས་པའི་སེམས་ཡོད་
เล่ม ๑๐๔ · หน้า 50a
པར་གྱུར་པ་ལ་ཡིད་འབྱུང་བའི་དངོས་པོ་ཡིད་ལ་བྱེད་པ་ནི་ཞི་གནས་ཀྱི་མཚན་མ་ཡིན་ལ། སེམས་བྱིང་བ་དང་བྱིང་བར་དོགས་པའི་སེམས་ཡོད་པར་གྱུར་ན་རབ་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པ་དེ་རབ་ཏུ་འཛིན་པའི་མཚན་མའོ། །ཞི་གནས་འབའ་ཞིག་གི་ལམ་
ལ་གནས་པའམ། ཟུང་དུ་འཕེལ་བར་འཇུག་པའི་ལམ་ལ་བྱིང་བ་དང་། རྒོད་པའི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པའི་རྩོལ་བ་མེད་པའི་ཡིད་ལ་བྱེད་པ་ལ་ནི་བཏང་སྙོམས་ཀྱི་མཚན་མའོ། །དེ་ལྟར་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་མ་བརྗེད་པར་
བྱིང་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལ་གོ་སྐབས་མེད་པར་འགྱུར་བའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པ་རྣམ་པར་སྦྱངས་པའི་ཡན་ལག་སྟེ། དེས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པས་སོ། །འདི་ལྟར་མངོན་པར་ཤེས་པ་ལ་
སོགས་པའི་ཡོན་ཏན་གྱི་བདག་ཉིད་ཅན་ཁྱབ་བདག་ཉིད་ཀྱི་སྙོམས་པར་འཇུག་པའི་སྒྲིབ་པའི་བདག་ཉིད་ཅན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་མི་མཐུན་པའི་ཕྱོགས་གང་ཡིན་པ་དེའི་གཉེན་པོ་ཡང་དག་པའི་ཏིང་ངེ་འཛིན་ཡིན་ཏེ། བསམ་གཏན་ནི་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་འགྲུབ་པར་
བྱེད་པའི་རྟེན་ཡིན་པས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་འགྲུབ་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སྙོམས་པར་འཇུག་པའི་སྒྲིབ་པའི་གཉེན་པོའོ། །དེ་ལྟར་ངོ་བོ་བསྟན་ཟིན་ཏོ། །གྲོགས་ནི་དེ་རྣམས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་
སོ། །སྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བཞིན་ནོ། །འདི་ལྟ་སྟེ། ཡང་དག་པའི་ལྟ་བ་སྒོམ་པ་དང་རྣམ་པར་དབེན་པ་ལ་གནས་པ་ལ་སོགས་པ་རྒྱས་པར་བསྟན་པ་ཡིན་ནོ། །ཚིག་འདི་རྣམས་ཀྱི་དོན་ནི་ཇི་ལྟར་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །བསྒོམས་པའི་འབྲས་བུ་ནི་ཡོངས་སུ་གཅོད་
པ་དང་། གཞན་གོ་བར་བྱེད་པ་དང་། ཡིད་ཆེས་པར་བྱེད་པ་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་། ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པ་རྣམ་པར་དག་པའོ། །ལམ་གྱི་ཡན་ལག་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །
เล่ม ๑๐๔ · หน้า 50b
བསྒོམ་པའི་ལམ་བསྟན་ཟིན་ཏོ། །སངས་རྒྱས་ཀྱི་སར་གདུལ་བྱའི་བསམ་པ་ལ་ལྟོས་ནས་དངོས་གཞི་དང་རྗེས་ཀྱི་སེམས་བསྐྱེད་པ་གཉིས་ཀྱི་བདག་ཉིད་ཅན་ལམ་གྱི་རྣམ་པ་བདུན་ཅུ་རྩ་གཉིས་པས་ཉོན་མོངས་པ་རྣམ་པ་བདུན་ཅུ་རྩ་གཉིས་རབ་ཏུ་སྤོང་བར་འགྱུར་རོ། །འདི་ཁོ་ན་ལ་ཉོན་
མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་སྤངས་པས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཅན་སངས་རྒྱས་ཀྱིས་ཀུན་དུ་འོད་ཅེས་བྱའོ། །གནས་སྐབས་དེ་ཁོ་ན་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་ཞེས་རྣམ་པར་གཞག་གོ། །དེ་ལ་ཀུན་འབྱུང་བ་མ་ལུས་པ་རབ་ཏུ་སྤངས་ནས་དེའི་གནས་སྐབས་
ཀྱི་ཤེས་པ་གང་ཡིན་པའམ། ཡང་ན་ཀུན་འབྱུང་གི་འགོག་པ་ལ་དམིགས་པའི་ཤེས་པ་གང་ཡིན་པ་དེ་ལ་ཟད་པའི་ཡེ་ཤེས་ཞེས་བྱའོ། །མ་འོངས་པའི་དུས་སུ་སྡུག་བསྔལ་ཐམས་ཅད་མི་སྐྱེ་བའི་ཆོས་ཉིད་དུ་གྱུར་ནས་དེའི་གནས་སྐབས་ཀྱི་ཤེས་པ་གང་ཡིན་པའམ། སྡུག་བསྔལ་གྱི་མི་སྐྱེ་
བ་ལ་དམིགས་པའི་ཤེས་པ་གང་ཡིན་པ་དེ་ལ་མི་སྐྱེ་བའི་ཡེ་ཤེས་ཞེས་བྱའོ། །སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་ནི་བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་བགྲོད་པ་གཅིག་པའི་ལམ་ནི་བླ་ན་མེད་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ན་དེའི་ས་པ་རྣམས་ཀྱི་བྱང་ཆུབ་ཀྱི་རང་བཞིན་ཅན་
གྱི་སེམས་སོ་སོར་མངོན་དུ་བྱས་པས་ཐ་མི་དད་པའི་བྱ་བ་བྱེད་པ་གང་ཡིན་པ་སྟེ། དེ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ཡང་ཆུ་བོའི་རྒྱུན་ལྟ་བུ་སྟེ། རང་གི་ངང་གིས་འཇུག་པ་ཡིན་པས་སོ། །བགྲོད་པ་གཅིག་པའི་ལམ་ནི་ས་མི་གཡོ་བ་ནས་བརྩམས་ནས་ཡོད་ཀྱི་འོན་ཀྱང་འདིར་བླ་ན་མེད་པར་འགྱུར་བའོ། །
སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པ་ནི་ཆོས་ཀྱི་སྐུ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ཡང་སྤྲིན་ལྟ་བུ་སྟེ། ཇི་ལྟར་སྤྲིན་གྱིས་སྣོད་ཀྱི་འཇིག་རྟེན་ཡོངས་སུ་རྫོགས་པར་འགྱུར་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བྱེད་པ་ལ་འཇུག་པ་ཡིན་པས་སོ། །མི་ཟད་པའི་ཐབས་ལ་མཁས་པ་དང་ཡང་ལྷན་
ཅིག་ཏུ་གྱུར་པའོ། །དེ་ལ་སྟོང་པ་དང་། སྙིང་རྗེ་ལས་བྱུང་བའི་བྱ་བ་ལ་མཁས་པ་ནི་ཐབས་ལ་མཁས་པ་སྟེ། དེས་དགའ་ལྡན་ལ་སོགས་པའི་གནས་སུ་བཞུགས་པ་ལ་སོགས་པར་ཡང་དག་པར་སྟོན་པར་བྱེད་པས་སོ། །འདི་ལྟར་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱི་གནས་སུ་
เล่ม ๑๐๔ · หน้า 51a
གནས་པར་སྟོན་པར་བྱེད་ལ། གཟུགས་དང་གཟུགས་མེད་པའི་ཁམས་སུ་མ་ཡིན་ཞེ་ན། མི་ཁོམ་པའི་གནས་ནས་འདིར་བྱོན་པ་ཡིན་གྱི། ཁོ་བོ་ཅག་གི་དོན་དུ་བྱོན་པ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཉིད་ལ་རབ་ཏུ་མ་གུས་པ་སྤང་བར་བྱ་བའི་དོན་དུའོ། །གང་གི་ཕྱིར་
གཞན་འཕྲུལ་དབང་བྱེད་དུ་གནས་པར་སྟོན་པར་མི་མཛད་ཅེ་ན། སྐྱེ་བ་ཁྱད་པར་ཅན་དོར་ནས་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བས་དགའ་ལྡན་གྱི་གནས་སུ་གནས་སོ་སྙམ་པའི་ཤིན་ཏུ་རབ་ཏུ་གུས་པ་བསྐྱེད་པའི་དོན་དུའོ། །དེ་བཞིན་དུ་ལྷུམས་སུ་འཇུག་པ་ལ་སོགས་པ་ཡང་ཐབས་ལ་
མཁས་པའི་དགོས་པར་ཤེས་པར་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ལ་མཐར་ཕྱིན་པའི་ལམ་ཞེས་བྱ་སྟེ། གནས་ངན་ལེན་ཐམས་ཅད་དང་བྲལ་བས་སོ། །དེ་ལྟར་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་ནང་ནས་དང་པོའི་འཇིག་རྟེན་པའི་སེམས་བསྐྱེད་པ་
བཞི་དོར་ཏེ། འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པ་དང་པོ་བསྟན་པར་བྱ་བའི་ཕྱིར། རྒྱལ་བའི་སྲས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་འདིས་སེམས་བསྐྱེད་པ་དང་པོ་པ་རྣམ་པ་ལྔ་བསྟན་ཏེ། དགོས་པའི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། བསྔོ་བའི་
ཁྱད་པར་དང་། གནས་ཀྱི་ཁྱད་པར་དང་། གྲངས་ཀྱི་ཁྱད་པར་རོ། །དེ་ལ་འགྲོ་བ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཞེས་པ་འདིས་དགོས་པའི་ཁྱད་པར་བསྟན་ཏེ། འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པའི་འགྲོ་བའི་སྒྲིབ་པ་གཉིས་ཀྱིས་བཅིངས་པ་རྣམ་པར་གྲོལ་བར་བྱ་བའི་དོན་དུའོ། །
སྙིང་རྗེའི་དབང་གྱུར་ཅིང་ཞེས་པ་འདིས་རྒྱུའི་ཁྱད་པར་བསྟན་ནོ། །ཀུན་དུ་བཟང་པོའི་སྨོན་པས་རབ་བསྔོས་ཞེས་པ་འདིས་ཡོངས་སུ་བསྔོ་བའི་ཁྱད་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྨོན་ལམ་ནི་འདོད་པ་ཁྱད་པར་དགེ་བ་སྟེ། དེས་ཡོངས་སུ་བསྒྱུར་བ་གང་ཡིན་པའོ། །
དགའ་བ་ལ་རབ་ཏུ་གནས་པ་ཞེས་པ་འདིས་གནས་ཀྱི་ཁྱད་པར་བསྟན་ཏེ། ས་རབ་ཏུ་དགའ་བ་དང་སེམས་བསྐྱེད་པ་དང་པོ་ཐ་དད་པ་མེད་དུ་ཟིན་ཀྱང་ཐ་དད་པ་བསྟན་ཏེ། སྒྲ་གཅན་གྱི་མགོ་བཞིན་དུ་ཐུན་མོང་མ་ཡིན་པ་རྟོགས་པར་བྱ་བའི་དོན་དུའོ། །འདི་ནི་དང་པོ་ཞེས་བྱ་བ་འདིས་གྲངས་ཀྱི་ཁྱད་པར་
เล่ม ๑๐๔ · หน้า 51b
བསྟན་ཏེ། འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པ་རྣམས་ཀྱི་དང་པོ་ཡིན་པས་སོ། །སེམས་བསྐྱེད་པའི་རྣམ་པས་བསྡུས་པ་ཡིན་པས་སྤྱིའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཉིད་ལ་སོགས་པ་
ཞེས་པའི་མིང་འཐོབ་སྟེ་ཞེས་འབྲེལ་ལོ། །སོགས་པའི་ཚིག་གིས་སྟོང་པ་ཉིད་ཤེས་པར་བྱའོ། །ཟག་པ་མེད་པ་ཞེས་བྱ་བ་ནི་ཟག་པ་རྣམས་དེ་ལ་རྒྱས་པར་མི་འགྱུར་ཏེ། འདི་ལྟར་སྟོང་པ་དང་། སྙིང་རྗེས་ཡོངས་སུ་ཟིན་པའི་ཤེས་པ་དེ་ལམ་གྱིས་བསྡུས་པ་ཡིན་ལ། ལམ་གྱི་རང་བཞིན་
ཅན་གྱིས་ཤེས་པ་ལ་ཟག་པ་རྒྱས་པར་མི་འགྱུར་ཏེ། གང་བདག་ཏུ་ལྟ་བ་དང་། བདག་གི་སྲེད་པས་བརླན་པར་མ་བྱས་པ་དེ་ལ་ཟག་པ་རྣམས་རྒྱས་པར་མི་འགྱུར་ཏེ། རྡོ་ཚན་དེ་ལ་རྐང་མཐིལ་བཞིན་ནོ། །བདག་ཏུ་ལྟ་བ་དང་། བདག་གི་སྲེད་པས་ལམ་གྱི་ཤེས་པ་བརླན་པར་མ་བྱས་པ་ཡིན་
པས་ཟག་པ་མེད་པར་ཤེས་པར་བྱའོ། །ཆར་རྣམ་པར་ཕྱེ་བ་ན་ཤེས་རབ་ནི་ཆོས་ཀྱི་དབྱིངས་ལ་ཀུན་ཏུ་འགྲོ་བ་ལ་སོགས་པའི་དབྱེ་བ་ཡོངས་སུ་ཤེས་པ་དང་། ཡོན་ཏན་ལ་སོགས་པའི་སྒོ་ནས་ཆར་རྣམ་པར་དབྱེ་བར་བྱ་སྟེ། འདི་ལྟར་གང་ཕྱིར་ཆོས་དབྱིངས་དང་བྲལ་བའི་ཆོས་ནི་ཡོད་པ་མ་ཡིན་ནོ་
ཞེས་གསུངས་པས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཆ་ནས་ས་དང་པོར་རྣམ་པར་གཞག་གོ། །དེ་ཉིད་ཀྱི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་གྱུར་པ་ཡིན་ཏེ། བདག་དང་གཞན་ལ་སྟོང་པ་ཉིད་ཐ་མི་དད་པར་
མཐོང་བ་ཡིན་པས་རང་གི་དོན་བཞིན་དུ་གཞན་གྱི་དོན་ལ་ཡང་འཇུག་པ་ཡིན་པས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་ཡིན་པས་མཆོག་ཉིད་དུ་ཡོངས་སུ་ཤེས་པའི་ཆ་ནས་ས་གཉིས་པར་རྣམ་པར་འཇོག་གོ། །དེ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་གྱུར་པ་
ཡིན་ཏེ། ཁྱད་པར་དུ་འཕགས་པའི་དོན་དེ་དོན་དུ་གཉེར་བ་ཡིན་པས་བདག་སྣོད་དུ་རུང་བར་བྱེད་པས་སོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཆོས་ཀྱི་སྐུ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་དབང་གིས་ཞུགས་པ་ཡིན་པས་མདོ་སྡེ་ལ་སོགས་པ་བསྟན་པའི་ཆོས་རྣམས་མཆོག་ཡིན་ནོ། །དེས་
เล่ม ๑๐๔ · หน้า 52a
ན་ཆོས་ཀྱི་དབྱིངས་དང་རྒྱུ་མཐུན་པ་བསྟན་པའི་ཆོས་མཆོག་ཏུ་ཡོངས་སུ་ཤེས་པའི་ཆ་ནས་ས་གསུམ་པར་རྣམ་པར་འཇོག་གོ། །དེ་ཉིད་ཀྱི་ཕྱིར་ས་འདིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་བ་ཡིན་ཏེ། ཐོས་པའི་ཆེད་དུ་སྡུག་བསྔལ་ཐམས་ཅད་བཟོད་
པས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་བདག་གིའོ་སྙམ་པའི་ཞེན་པ་མེད་པས་བདག་གི་བ་མེད་པའི་མཚན་ཉིད་ཅན་ཡོངས་སུ་ཤེས་པ་མེད་པའི་ཆ་ནས་ས་བཞི་པའི་རྣམ་གཞག་བྱའོ། །དེ་ཉིད་ཀྱི་ཕྱིར་ས་འདིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། སྤྲོས་པ་
མེད་པའི་ཤེས་པས་ཆོས་ཀྱི་དབྱིངས་རྟོགས་པ་ཡིན་པས་ཆོས་ལ་སྲིད་པ་ལ་སོགས་པས་ཆོས་ཀྱི་དབྱིངས་དེ་རྟོགས་པའི་དོན་དུ་བརྩོན་འགྲུས་ལྷག་པར་རྩོམ་པས་སོ། །དེ་བཞིན་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་
རྒྱུད་ཀྱི་ཆོས་ཉིད་དང་བདག་གི་རྒྱུད་ཀྱི་ཆོས་ཉིད་ལ་ཕན་ཚུན་ཐ་མི་དད་པ་མཉམ་པ་ཉིད་དུ་མཐོང་ནས་ཆོས་ཀྱི་དབྱིངས་ལ་རྒྱུ་ཐ་དད་པ་མེད་པར་ཡོངས་སུ་ཤེས་པའི་ཆ་ནས་ས་ལྔ་པར་རྣམ་པར་འཇོག་གོ། །དེ་ཉིད་ཀྱི་ཕྱིར་ས་འདིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། བྱང་ཆུབ་
སེམས་དཔའི་གཞན་བཞིན་དུ་བདེན་པའི་རྣམ་པ་མང་དུ་བསྒོམ་པས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཅན་ཀུན་ནས་ཉོན་མོངས་པ་གློ་བུར་བ་ཡོད་པ་ཡིན་པས་ཆོས་ཀྱི་དབྱིངས་ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་བ་དང་། རང་
བཞིན་གྱིས་རྣམ་པར་དག་པ་ཡིན་པས་རྣམ་པར་མ་དག་པར་མི་འགྱུར་རོ་སྙམ་པའི་ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པའི་ཆ་ནས་ས་དྲུག་པ་རྣམ་པར་འཇོག་གོ། །དེ་ཉིད་ཀྱི་ཕྱིར་ས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་
པར་བྱང་བ་མེད་དོ་སྙམ་པའི་ཆོས་ཀྱི་དབྱིངས་ཟབ་པར་རྟོགས་པ་ཡིན་པས་སོ། །དེ་བཞིན་དུ་གང་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་མཚན་མས་ཆོས་ཀྱི་དབྱིངས་ལ་འཇུག་ཅིང་མཚན་མ་དེ་རྣམས་མི་འདོད་པ་བཞིན་དུ་སྦྱོར་བ་དང་དེའི་རྗེས་ལ་ཐོབ་པའི་ཤེས་པ་ལས་དྲུག་པའི་བར་དུ་ཐ་དད་པ་ཉིད་དུ་མངོན་
เล่ม ๑๐๔ · หน้า 52b
པར་འགྱུར་རོ། །ས་བདུན་པར་མཚན་མ་རྣམས་དང་ཆོས་རྣམས་དང་ཆོས་ཀྱི་དབྱིངས་རོ་གཅིག་པའི་རྣམ་པ་ཅན་གྱི་ཤེས་པས་མཚན་མ་མེད་པའི་ཆོས་ཀྱི་དབྱིངས་རྟོགས་པ་ཡིན་པས་ཆོས་ཀྱི་དབྱིངས་ལ་རྣམ་པ་ཐ་དད་པ་མེད་དོ་སྙམ་དུ་ཤེས་པའི་ཆ་ནས་ས་བདུན་པར་རྣམ་པར་གཞག་གོ། །
དེ་ཉིད་ཀྱི་ཕྱིར་ས་འདིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། མཚན་མ་རྣམས་དང་ཆོས་ཀྱི་དབྱིངས་ཐ་མི་དད་པར་རྟོགས་ཀྱང་མཚན་མས་བྱས་པའི་བྱ་བ་མི་འགེགས་པས་སོ། །དེ་ཉིད་ཀྱི་ཕྱིར་ས་བདུན་པ་ལ་མཚན་མ་མེད་པའི་ལམ་ཞེས་བྱའོ། །དེ་བཞིན་དུ་ཆོས་ཀྱི་
དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་གནས་སྐབས་ལ་ཁྱད་པར་མེད་པས་ས་ཀུན་ནས་ཉོན་མོངས་པའི་གནས་སྐབས་ན་ཆོས་གང་ཡང་འགྲིབ་པ་མེད་པ་དང་། རྣམ་པར་བྱང་བའི་གནས་སྐབས་ན་ཆོས་གང་ཡང་འཕེལ་བར་མི་འགྱུར་རོ་
སྙམ་དུ་ཆོས་ཀྱི་དབྱིངས་ལ་ཉམས་པ་མེད་པ་དང་འཕེལ་བ་མེད་པ་ཡོངས་སུ་ཤེས་པའི་ཆ་ནས་ས་བརྒྱད་པ་རྣམ་པར་གཞག་གོ། །དེ་ཡང་དབང་བཞིའི་ནང་ནས་དབང་གཉིས་ཀྱི་རྟེན་ཉིད་དུ་འགྱུར་བ་ཤེས་པ་ཡིན་ཏེ། དེ་ལ་དབང་བཞི་ནི་རྣམ་པར་མི་རྟོག་པ་ལ་དབང་བ་ཉིད་དང་། ཞིང་ཡོངས་སུ་
དག་པ་ལ་དབང་བ་ཉིད་དང་། ཡེ་ཤེས་ལ་དབང་བ་ཉིད་དང་། ལས་ལ་དབང་བ་ཉིད་དོ། །དེ་ལ་རྣམ་པར་མི་རྟོག་པ་ལ་དབང་བ་ཉིད་ནི་ཆོས་ཀྱི་དབྱིངས་ལ་རྩོལ་བ་མེད་པར་མཚན་མ་ཐམས་ཅད་ཀུན་དུ་མི་སྤྱོད་པར་རིག་པར་བྱའོ། །ས་བདུན་པར་ཡང་མཚན་མ་ལ་ཀུན་ཏུ་སྤྱོད་པ་མེད་པར་རྩོལ་
ལ། འདིར་ནི་མེད་དོ་ཞེས་པ་ནི་ཁྱད་པར་རོ། །ཞིང་ཡོངས་སུ་དག་པ་ལ་དབང་བ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་མཐུས་ཇི་ལྟར་འདོད་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་དང་། འཁོར་སྟོན་པའི་ནུས་པ་ཐོབ་པར་རིག་པར་བྱའོ། །དབང་གཉིས་ཀྱི་རྟེན་ཆོས་ཀྱི་དབྱིངས་ཡིན་ནོ་སྙམ་དུ་ཡོངས་སུ་ཤེས་པ་ནི་ས་
བརྒྱད་པ་ཁོ་ནར་རོ། །དེ་ཉིད་ཀྱི་ཕྱིར་ས་དེར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། རྣམ་པར་མི་རྟོག་པ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བ་ཉིད་ཡིན་པས་དགེ་བ་ལ་བར་མ་ཆད་པར་སྦྱོར་བ་ཡིན་པས་སོ། །དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ཐོབ་པས་ཆོས་ཀྱི་དབྱིངས་
เล่ม ๑๐๔ · หน้า 53a
ཡེ་ཤེས་ལ་དབང་བ་ཉིད་ཀྱི་རྟེན་ཉིད་དུ་ཡོངས་སུ་ཤེས་པའི་ཆ་ནས་ས་དགུ་པར་རྣམ་པར་གཞག་གོ། །སྔར་ས་བཅུ་པ་ལ་སོ་སོ་ཡང་དག་པར་རིག་པ་དང་ལྷན་ཅིག་ཏུ་གྱུར་པར་གང་སྨྲས་པ་དེ་མི་ཟད་པའི་སོ་སོ་ཡང་དག་པར་རིག་པ་ཐོབ་པས་སོ། །དེ་ཉིད་ཀྱི་ཕྱིར་ས་དེར་
སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། ཤེས་རབ་ཀྱི་སྟོབས་ཁྱད་པར་ཅན་ཡོད་པས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ལས་ལ་དབང་བའི་རྟེན་ཉིད་དུ་ཡོངས་སུ་ཤེས་པའི་ཆ་ནས་ས་བཅུ་པར་རྣམ་པར་གཞག་གོ། །དེ་ལ་ལས་ལ་དབང་བ་ཉིད་ནི་དེ་བཞིན་
གཤེགས་པའི་ལས་ལ་དབང་བ་ཉིད་ཐོབ་པ་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་ས་དེར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། ཆོས་ཀྱི་ལོངས་སྤྱོད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱད་པར་དང་ལྡན་པས་སོ། །ཆ་ཤས་རྣམ་པར་ཕྱེ་བར་བྱ་བ་བསྟན་ཟིན་
ཏོ། །ཡོན་ཏན་གྱི་གནས་སུ་གྱུར་པའི་ཕྱིར་རོ་ཞེས་པ་ནི་ཏིང་ངེ་འཛིན་བརྒྱ་ཐོབ་པར་འགྱུར་རོ་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་ཡོན་ཏན་རྣམས་ཀྱི་གནས་ཡིན་པས་སོ། །ས་ཞེས་བྱ་བའི་མིང་ཐོབ་སྟེ་ཞེས་པ་ནི་ཇི་ལྟར་སས་སེམས་ཅན་གྱི་གནས་བྱེད་པས་ས་ཞེས་བརྗོད་པ་བཞིན་དུ་
སེམས་བསྐྱེད་པ་ཡང་ས་ཞེས་བྱ་སྟེ། ཡོན་ཏན་གྱི་རྟེན་བྱེད་པས་སོ། །དེ་ལྟ་བུའི་ས་ཞེས་བྱ་བའི་ཤེས་པ་ལ་དོན་དམ་པར་རང་བཞིན་མེད་པ་ཡིན་པས་རང་གི་ངོ་བོའི་ཁྱད་པར་གྱིས་བྱས་པའི་དབྱེ་བ་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་དབྱེ་བ་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཤེས་པ་དེ་ཡང་ས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བས་དབྱེ་བ་རྣམ་པ་བཅུར་གཞག་གི་ཞེས་བྱ་བར་འབྲེལ་ལོ། །དེ་ལ་འདིར་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ལ་རྣམ་པ་བཞི་བཞིའི་སྒོ་ནས་དབྱེ་བའི་རྣམ་གཞག་བྱ་སྟེ། ཡོན་ཏན་གྱི་གྲངས་ལྷག་
པར་ཐོབ་པ་དང་། མཐུ་ལྷག་པར་ཐོབ་པ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འགྱུར་བ་དང་། རྣམ་པར་སྨིན་པ་མཆོག་ཏུ་གྱུར་པའི་དབྱེ་བས་སོ། །དེ་ལ་ཡོན་ཏན་གྱི་གྲངས་ལྷག་པར་ཐོབ་པ་ནི་འདི་ལྟ་སྟེ། ས་དང་པོར་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་
เล่ม ๑๐๔ · หน้า 53b
པ་དང་། སྙོམས་པར་འཇུག་པར་འགྱུར་བ་དང་། སངས་རྒྱས་མཐོང་བར་འགྱུར་བ་དང་། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་རྣམ་པར་ཤེས་པར་འགྱུར་བ་ལ་སོགས་པའོ། །མཐུ་ལྷག་པར་ཐོབ་པ་ནི་འཇིག་རྟེན་གྱི་ཁམས་བརྒྱ་འགུལ་བར་བྱེད་པ་དང་། སྣང་བར་བྱེད་པ་དང་། ཞིང་
བརྒྱ་ཕྲག་གཅིག་ཏུ་སྣོན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །ས་གཉིས་པར་ཡོན་ཏན་གྲངས་ལྷག་པར་ཐོབ་པ་ནི་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་སྟོང་ཐོབ་པ་དང་། སངས་རྒྱས་སྟོང་མཐོང་ཞེས་བྱ་བ་ལ་སོགས་པའོ། །མཐུ་ནི་འཇིག་རྟེན་གྱི་ཁམས་སྟོང་འགུལ་བར་བྱེད་དོ་ཞེས་བྱ་བ་
ལ་སོགས་པའོ། །ཡོན་ཏན་དང་མཐུ་འདི་དག་ས་ཐམས་ཅད་ལ་དེའི་ཚེ་སངས་རྒྱས་བརྒྱ་ནི་འདིས་མཐོང་འགྱུར་ཞེས་བྱ་བ་ལ་སོགས་པས་སའི་ཡོན་ཏན་སྟོན་པའི་དུས་སུ་བཤད་པར་འགྱུར་རོ། །འདིར་ཡོན་ཏན་དང་མཐུ་ཐ་དད་དུ་བསྟན་ལ། འོག་ཏུ་ནི་མཐུ་ཡོན་ཏན་གྱི་རང་བཞིན་དུ་བསྟན་
ནོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འགྱུར་བ་སྔར་བསྟན་ཟིན་ཏོ། །རྣམ་པར་སྨིན་པ་མཆོག་ཏུ་གྱུར་པའི་ཁྱད་པར་ནི་ས་དང་པོ་ཐོབ་པ་ན་འཛམ་བུའི་གླིང་ལ་དབང་བསྒྱུར་རོ། །ས་གཉིས་པ་ཐོབ་པས་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཇི་ལྟར་
རིན་པོ་ཆེའི་ཕྲེང་བ་ལས། །སྦྱིན་པའི་ཕ་རོལ་ཕྱིན་པ་མཆོག །འཇིག་རྟེན་ཁམས་བརྒྱ་འགུལ་བར་བྱེད། །འཛམ་བུའི་གླིང་ལ་དབང་བྱེད་མཆོག །རྣམ་པར་སྨིན་པ་འདི་རུ་སྐྱེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་དོན་དམ་པར་ཡེ་ཤེས་
རང་བཞིན་མེད་པས་སོ། །དེ་ཉིད་ལ་ས་བཅུའི་མདོའི་ཚིག་ཚད་མར་བྱ་བར་བསྟན་པའི་ཕྱིར། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ན་ནམ་མཁའ་ལ་འཕུར་བའི་བྱའི་རྗེས་མཁས་པ་རྣམས་ཀྱིས་སྨྲ་བ་དང་མཐོང་བར་མི་ནུས་ཏེ། ནམ་མཁའི་ཡུལ་ཕྱོགས་ཡོངས་སུ་གཅོད་པར་མི་
ནུས་པས་སོ། །དེར་བྱ་མི་འགྲོ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་བྱའི་རྗེས་དང་འདྲ་བའི་མིང་དང་། ཚིག་དང་། ཡི་གེའི་ཚོགས་ཀྱི་གནས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་ས་སོ་སོ་རང་གིས་རིག་པའི་རང་བཞིན་ཅན་མཁས་པ་རྣམས་ཀྱིས་སྨྲ་བར་མི་ནུས་པ་དང་། ཐོས་པར་མི་ནུས་ཏེ། སྒྲ་ཇི་བཞིན་པའི་
เล่ม ๑๐๔ · หน้า 54a
རང་བཞིན་མེད་པས་སོ། །དེ་ལ་ཀུན་རྫོབ་ཏུ་མིང་དང་། ཚིག་དང་། ཡི་གེའི་ཚོགས་དགོད་པར་མི་བྱ་བ་ནི་མ་ཡིན་ནོ། །དེ་ལ་ས་བཅུའི་མིང་གི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སེམས་བསྐྱེད་པ་བཅུ་ནི་རབ་ཏུ་དགའ་བ་དང་།
དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བའི་མིང་ཅན་ནོ། །དེ་ལ་མངལ་གྱི་གནས་སྐབས་བཞིན་དུ་བྱང་ཆུབ་སེམས་དཔའི་ས་བཅུར་རིག་
པར་བྱ་སྟེ། ས་རྣམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །སྐྱེས་པའི་གནས་སྐབས་ལྟ་བུ་ནི་སངས་རྒྱས་པའི་གནས་སྐབས་ཏེ། བྱ་བ་ཡོངས་སུ་རྫོགས་པས་ཤེས་བྱ་ཐམས་ཅད་ཉམས་སུ་མྱོང་བས་སོ། །སྐྱེ་གནས་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བ་བཞིན་ནོ། །དེ་ལ་མངལ་གྱི་
གནས་སྐབས་རྣམ་པ་བཅུ་སྟེ། ཁུ་བའི་ལུས་ཀྱི་གནས་སྐབས་དང་། ཤའི་ལུས་ཀྱི་གནས་སྐབས་དང་། ལྷོད་པའི་ལུས་ཀྱི་གནས་སྐབས་དང་། སྲ་བའི་ལུས་ཀྱི་གནས་སྐབས་དང་། ལུས་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། རང་བཞིན་དང་རྗེས་སུ་མཐུན་པའི་ལུས་ཀྱི་
གནས་སྐབས་དང་། ལས་དང་བཅས་པའི་ལུས་ཀྱི་གནས་སྐབས་དང་། ཡོངས་སུ་རྫོགས་པའི་ལུས་ཀྱི་གནས་སྐབས་སོ། །དེ་ལ་རྣམ་པ་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང་། མཚན་ཡོངས་སུ་རྫོགས་པ་དང་། ཆུ་དང་ཞེང་ཡོངས་སུ་རྫོགས་པའོ། །མངལ་གྱི་གནས་
སྐབས་བཅུ་དང་ས་བཅུ་ཆོས་མཐུན་པར་རིག་པར་བྱའོ། །སའི་དོན་བཤད་ནས་ཚིགས་སུ་བཅད་པའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་འགྲོ་བ་གཡོ་བ་ཆུའི་ནང་གི་ཟླ་བ་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྙིང་རྗེའི་ཁྱད་པར་གྱིས་ཉེ་
བར་གཟུང་བའི་ཞེས་པ་ནི་ཆོས་ལ་དམིགས་པའི་སྙིང་རྗེ་དང་ལྡན་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཞེས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བས་སོ། །དེའི་རྒྱུ་ཅན་གྱི་འབྲས་བུ་ཉེ་བར་མཚོན་པ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུད་ལས་བྱུང་བའི་མཐོང་བས་སྤོང་བར་བྱ་
เล่ม ๑๐๔ · หน้า 54b
བའི་ཉོན་མོངས་པ་སྤངས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་འབྲས་བུ་ཉེ་བར་མཚོན་པའོ། །ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་ཡོངས་སུ་བསྔོས་པ་ཞེས་སྨོས་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་སྨོན་ལམ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨོན་ལམ་ཆེན་པོ་བཅུ་ཞེས་པ་
ནི་འཕགས་པ་ས་བཅུའི་མདོ་ལས་བསྟན་ཏོ། །འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱ་བའི་ཕྱིར་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་
མཐའི་མུར་ཐུག་པ་བསྐལ་པའི་གྲངས་ཐམས་ཅད་དུ་སངས་རྒྱས་གྲངས་སུ་འབྱུང་བ་ལ་རིམ་གྲོ་དང་མཆོད་པ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ་ཞེས་པ་ནི་དང་པོའོ། །སྨོན་ལམ་འདི་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུའོ། །དེ་ལ་
མཆོད་པ་ནི་རྣམ་པ་གསུམ་སྟེ། རྙེད་པའི་མཆོད་པ་ཆོས་གོས་ལ་སོགས་པའོ། །བཀུར་སྟིའི་མཆོད་པ་གདུགས་ལ་སོགས་པའོ། །སྒྲུབ་པའི་མཆོད་པ་དད་པ་ལ་སོགས་པའོ། །རིམ་གྲོ་ལ་རྣམ་པ་གསུམ་སྟེ། བསྙེན་བཀུར་དང་། བཀའ་ལུང་དང་། སྒྲུབ་པའོ། །རྣམ་པའི་མཆོག་
ཐམས་ཅད་དང་ལྡན་པ་ནི་རབ་ཏུ་མང་པོ་དང་། སྣ་ཚོགས་པའི་དངོས་པོ་དང་། གྱ་ནོམ་པའི་དངོས་པོས་སོ། །མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ནི་ཤིན་ཏུ་དང་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ལྷག་པར་མོས་པས་སོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པས་རྒྱ་ཆེ་བ་ནི་དགེ་བའི་རྩ་བ་
གཞན་ཐམས་ཅད་ལས་གཙོ་བོར་གྱུར་པས་སོ། །ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ་ནི་འདོད་པའི་འབྲས་བུ་མི་རྟག་པའི་རྒྱུ་ཉིད་དུ་མི་ཟད་པས་སོ། །ཕྱི་མའི་མཐའི་མུར་ཐུག་པ་ནི་རྟག་པའི་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་པས་སོ། །བསྐལ་པའི་གྲངས་ལ་སོགས་པའི་དོན་ནི་བསྡུལ་
བ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཐམས་ཅད་ལ་རིམ་གྲོ་དང་། མཆོད་པ་ཆེན་པོ་རྒྱུན་མི་འཆད་པར་བྱ་བའི་དོན་དུའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཡོངས་སུ་
เล่ม ๑๐๔ · หน้า 55a
འཛིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་ཞེས་པ་ནི་གཉིས་པའོ། །སྨོན་ལམ་འདི་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་དོན་དུའོ། །དེ་བཞིན་གཤེགས་པ་ནི་སྟོན་པ་ཕུན་སུམ་ཚོགས་པའོ། །ཆོས་ཀྱི་ཚུལ་ནི་
མདོ་སྡེ་ལ་སོགས་པ་ལུང་གི་ཚོགས་སོ། །སངས་རྒྱས་ནི་ཇི་སྙེད་པ་རྟོགས་པའོ། །ཡོངས་སུ་འཛིན་པ་ནི་རྟོག་པའི་ཆེད་དུ་གདམས་ངག་འབོགས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཇི་ལྟ་བ་བཞིན་མངོན་པར་རྟོགས་པའོ། །བསྟན་པ་ཡོངས་སུ་བསྲུང་བ་ནི་སྒྲུབ་པ་བྱེད་པ་རྣམས་ལ་
ཉེ་བར་འཚེ་བ་བསྲུང་བས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་ཞིང་དགའ་ལྡན་གྱི་ཕོ་བྲང་དམ་པ་ན་བཞུགས་པ་ལ་སོགས་པ་སྟེ། འཕོ་བ་དང་། གཤེགས་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམས་པ་དང་། གཞོན་
ནུ་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པ་དང་། སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་དང་། བདུད་བཏུལ་བ་དང་། མངོན་པར་འཚང་རྒྱ་བ་དང་། གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། མྱ་ངན་
ལས་འདས་པའི་དོན་དུ་ཉེ་བར་འགྲོ་བའོ་ཞེས་པ་ནི་གསུམ་པའོ། །གསུམ་པ་ལ་སོགས་པའི་སྨོན་ལམ་ལྔ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་སྟེ། བསམ་པ་ཅི་འདྲ་བ་དང་། སེམས་ཅི་འདྲ་བ་དང་། སེམས་ཅན་གང་དང་གང་ན་གནས་པ་དང་། ཇི་ལྟར་གྱུར་པ་སེམས་ཅན་ཡོངས་སུ་
སྨིན་པར་བྱེད་པ་དང་། སྨོན་ལམ་ལྔས་རིམ་པ་བཞིན་དུ་བསྟན་པའོ། །དེ་ལ་བསམ་པའི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ལ་སོགས་པ་ཐབས་ལ་མཁས་པའི་རང་བཞིན་ཡིན་པས་སོ། །ཚིག་གི་དོན་ནི་གོ་སླའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་
ཐམས་ཅད་ཀྱི་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པས་བསྡུས་པའི་ས་ཡོངས་སུ་སྦྱོང་བའི་ཡན་ལག་དང་ཉེ་བའི་ཡན་ལག་དང་བཅས་པའི་ཡོངས་སུ་སྦྱོང་བ་ལ་གདམས་ངག་དང་། རྗེས་སུ་བསྟན་པ་འབོགས་པའི་དོན་དུ་ཉེ་བར་བསྟན་པའི་སེམས་བསྐྱེད་པ་གྲུབ་པའི་ཕྱིར་ཞེས་པ་ནི་བཞི་པའོ། །ས་ཡོངས་སུ་
เล่ม ๑๐๔ · หน้า 55b
སྦྱོང་བ་ནི་མངོན་རྟོགས་སུ་ཤེས་པར་བྱའོ། །རྗེས་སུ་བསྟན་པ་ནི་གདམས་ངག་ཐོབ་པ་དེ་ཡོངས་སུ་བསྲུང་བའོ། །དེ་བཞིན་དུ་ཁམས་དང་། འགྲོ་བ་དང་། སྐྱེ་གནས་དང་། རིགས་ལ་གནས་པའི་མིང་དང་། གཟུགས་ཀྱིས་བསྡུས་པའི་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་སྨིན་པར་
བྱ་བ་དང་། སངས་རྒྱས་ཀྱི་ཆོས་ལ་གཟུད་པ་དང་། འགྲོ་བ་གྲངས་ཀྱིས་ཡོངས་སུ་མི་ཆོད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་ཕྱིར་ཞེས་པ་ནི་ལྔ་པའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཡངས་པ་དང་། དོག་པ་དང་། རྒྱ་ཆེན་པོ་དང་། ཚད་མེད་པ་དང་། ཕྲ་བ་དང་། ཆེ་བ་
དང་། སྣྲེལ་ཞི་དང་། རྩེ་མོ་དང་བྲལ་ཞིང་གཞི་མཉམ་པ་དང་། རབ་ཏུ་འཇུག་པ་ལ་ཡང་དག་པར་གཞོལ་བ་དང་ལྡན་པ་དང་། མིག་འཕྲུལ་གྱི་རྣམ་པ་ལྟར་ཕྱོགས་བཅུའི་རྣམ་པ་ཐ་དད་པ་མ་ལུས་པའི་རྣམ་པ་འཇུག་པ་རྣམ་པར་ཕྱེ་བའི་ཡེ་ཤེས་ཁོང་དུ་ཆུད་ཅིང་མངོན་དུ་འགྱུར་བར་བྱ་བའི་
ཕྱིར་ཞེས་པ་ནི་དྲུག་གོ། །དེ་ལ་ཇི་ལྟར་རིགས་པར་ཡངས་པ་དང་། དོག་པ་དང་། རྒྱ་ཆེན་པོ་ནི་སྟོང་གཅིག་དང་། སྟོང་གཉིས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ཤེས་པར་བྱའོ། །དེ་ལ་སྟོང་གི་འཇིག་རྟེན་གྱི་ཁམས་ནི་འཛམ་བུའི་གླིང་དང་། ཤར་གྱི་ལུས་
འཕགས་དང་། བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། ཉི་མ་དང་། ཟླ་བ་སྟོང་དང་། རི་རབ་སྟོང་དང་། རྒྱལ་ཆེན་རིས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་སྤྱི་ཕུད་ཀྱི་
འཇིག་རྟེན་གྱི་ཁམས་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །ཚད་མེད་པ་ནི་སེམས་ཅན་མཐའ་ཡས་པའོ། །ཕྲ་བ་ནི་གང་ན་ཡིད་ཀྱི་རང་བཞིན་
གྱི་ལུས་ཡོད་པའོ། །ཆེ་བ་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ཡོད་པའོ། །སྣྲེལ་ཞི་ནི་རིམ་པ་མ་ཡིན་པར་གནས་པའོ། །རྩེ་མོ་དང་བྲལ་ཞིང་གཞི་མཉམ་པ་ནི་ཁང་ཁྱིམ་གྱི་དབྱིབས་མ་བྱས་པའོ། །རབ་ཏུ་འཇུག་པ་ལ་ཡང་དག་པར་གཞོལ་བ་ནི་ཁང་ཁྱིམ་གྱི་དབྱིབས་བྱས་པའོ། །འདི་ནི་འཇིག་
เล่ม ๑๐๔ · หน้า 56a
རྟེན་གྱི་ཁམས་སྤྱིའི་མཚན་ཉིད་དོ། །མིག་འཕྲུལ་གྱི་རྣམ་པ་ལྟ་བུ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་ཀྱི་སྒྱུ་མའི་རང་བཞིན་ཡིན་པས་མིག་འཕྲུལ་གྱི་རྣམ་པ་ལྟ་བུའོ། །འདི་ནི་འཇིག་རྟེན་གྱི་ཁམས་ཀྱི་དོན་དམ་པའི་མཚན་ཉིད་དོ། །ཕྱོགས་བཅུའི་རྣམ་
པ་ཐ་དད་པ་མ་ལུས་པའི་རྣམ་པ་ལ་འཇུག་པས་རྣམ་པར་ཕྱེ་བའི་ཞེས་པ་ནི་ཕྱོགས་བཅུ་ན་གནས་པའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐ་དད་པ་ཡོད་པ་ཐམས་ཅད་ཡེ་ཤེས་ཀྱི་སྒོ་ནས་རྣམ་པར་ཕྱེ་བ་གང་ཡིན་པའོ། །འདི་ནི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཚད་མེད་པའི་མཚན་ཉིད་དོ། །
དེ་ལ་དོན་དམ་པའི་མཚན་ཉིད་ལ་སྨོན་པ་ནི་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་བའི་དོན་དུ་སྨོན་པའོ། །སྤྱི་དང་ཚད་མེད་པའི་མཚན་ཉིད་ལ་སྨོན་པ་ནི་མངོན་དུ་གྱུར་པའི་དོན་དུ་སྨོན་པའོ། །འདིའི་དོན་ནི་འདི་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཅན་འཇིག་རྟེན་གྱི་ཁམས་མ་ལུས་པ་ཤེས་
ནས་དེར་གནས་ཏེ། སེམས་ཅན་རྣམས་སྨིན་པར་བྱའོ་ཞེས་པའོ། །དེ་བཞིན་དུ་ཞིང་ཐམས་ཅད་ཞིང་གཅིག་ཏུ་ཡང་དག་པར་གཞོལ་བར་བྱ་བ་དང་། ཞིང་གཅིག་ཞིང་ཐམས་ཅད་དུ་ཡང་དག་པར་གཞོལ་བར་བྱ་བ་དང་། ཡོངས་སུ་སྦྱོང་བ་དང་། སངས་རྒྱས་ཀྱི་ཞིང་ཚད་མེད་པ་འོད་མང་པོའི་
རྒྱན་གྱིས་རབ་ཏུ་བརྒྱན་པར་བྱ་བ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པ་དང་། སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པས་ཡོངས་སུ་གང་བའི་སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་ཞིང་ཁོང་དུ་ཆུད་པར་བྱ་བ་དང་།
བསམ་པའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཡང་དག་པར་བསྟན་ཅིང་ཤིན་ཏུ་ཚིམ་པར་བྱ་བའི་ཕྱིར་ཞེས་པ་ནི་བདུན་པའོ། །འདིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྟོན་པ་ཡིན་ནོ། །དེ་ཡང་རྣམ་པ་བདུན་ཏེ། ཐུན་མོང་བ་ཉིད་ཀྱི་རྣམ་པར་དག་པ་ནི་ཞིང་ཐམས་ཅད་ཞིང་གཅིག་ཏུ་ཡང་
དག་པར་གཞོལ་བར་བྱ་བ་དང་ཞེས་པས་བསྟན་ཏོ། །ཡོངས་སུ་སྦྱང་བ་དང་ཞེས་པ་ནི་དབང་ཉིད་ཡོངས་སུ་དག་པའོ། །སངས་རྒྱས་ཀྱི་ཞིང་ཚད་མེད་པ་འོད་མང་པོའི་རྒྱན་གྱིས་རབ་ཏུ་བརྒྱན་པར་བྱ་བ་དང་། རབ་ཏུ་དང་བ་སྐྱེད་པར་བྱེད་པའི་རྣམ་པར་དག་པ་སྟེ། འོད་ཀྱི་རྒྱན་དང་དབྱིབས་ཀྱི་
เล่ม ๑๐๔ · หน้า 56b
རྒྱན་གྱིས་སོ། །ཀུན་ནས་ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པ་དང་ཞེས་པ་ནི་ཡོངས་སུ་ལོངས་སྤྱོད་པ་རྣམ་པར་དག་པའོ། །སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པ་ཡོངས་སུ་གང་བའི་ཞེས་པ་ནི་དེར་གནས་པའི་སེམས་ཅན་གྱི་ཡོངས་སུ་དག་
པའོ། །སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་ཞིང་ཁོང་དུ་ཆུད་པར་བྱ་བ་དང་ཞེས་པས་ནི་རྒྱུའི་རྣམ་པར་དག་པ་སྟེ། སངས་རྒྱས་ཀྱི་ཡུལ་དུ་གྱུར་པའི་སྦྱིན་པ་ལ་སོགས་པ་ལ་གཞོལ་བས་སོ། །བསལ་བའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཡང་དག་པར་བསྟན་ཅིང་
ཤིན་ཏུ་ཚིམ་པའི་ཞེས་པས་ནི་འབྲས་བུའི་རྣམ་པར་དག་པ་བསྟན་ཏེ། དེ་ལ་ཡང་དག་པར་བསྟན་པ་ནི་ཡེ་ཤེས་ཀྱིས་སོ། །ཤིན་ཏུ་ཚིམ་པར་བྱེད་པ་ནི་མཐུའི་སྒོ་ནས་སོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་གཅིག་པའི་སྦྱོར་བ་དང་། མཚུངས་པ་
མེད་པའི་དགེ་བའི་རྩ་བ་ཐམས་ཅད་ལ་སོགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྟག་ཏུ་རྒྱུན་མི་འཆད་པར་འགྲོགས་ཤིང་མི་འབྲལ་བ་དང་། སངས་རྒྱས་འབྱུང་བ་ཇི་ལྟར་སྟོན་པ་དང་། རང་གི་སེམས་བསྐྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་དང་ཡེ་ཤེས་
ཁོང་དུ་ཆུད་པར་བྱ་བ་དང་། མཉམ་ཞིང་རྗེས་སུ་འབྲང་བའི་མངོན་པར་ཤེས་པ་ཐོབ་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་བསྒྱུར་བར་བྱ་བ་དང་། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྣང་བ་ཐོབ་པ་དང་ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱང་
ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱོད་པ་རྒྱུན་མི་འཆད་པའི་ཕྱིར་ཞེས་པ་ནི་བརྒྱད་པའོ། །བརྒྱད་པ་ལ་སོགས་པ་སྨོན་ལམ་གསུམ་ནི་བདག་ཉིད་ཀྱིས་ཡོངས་སུ་སྦྱོང་བའི་དོན་དུའོ། །དེ་ལ་བསམ་པ་གཅིག་པའི་སྦྱོར་བ་དང་ཞེས་པ་ནི་ཐེག་པ་གཞན་ལ་མི་རེག་པས་ཐེག་པ་ཆེན་པོ་ལ་
འཇུག་པའི་ཕྱིར་རོ། །གཞན་ནི་གོ་སླའོ། །དེ་བཞིན་དུ་ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པར་བྱ་བ་དང་། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་གདོན་མི་ཟ་བར་ཐོབ་པར་བྱ་བ་དང་།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด