དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) མ་དྷྱཱ་མ་ཀཱ་ཨ་བ་ཏཱ་ར་སྱ་ཊཱི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๔ · หน้า 294a
ཅིའི་ཕྱིར་མྱ་ངན་ལས་འདས་པ་ལ་དོན་དམ་པ་ཞེས་བརྗོད་ཅེ་ན། ལན་ནི། དེ་ནི་དགོས་པ་མཆོག་ཡིན་པས། །ཞེས་བྱ་བ་གསུངས་ཏེ། འདིས་ནི་དོན་གྱི་སྒྲས་དགོས་པའང་བསྟན་པ་ཡིན་ཏེ། མྱ་ངན་ལས་འདས་པ་ལས་དགོས་པ་མཆོག་ཏུ་གྱུར་པ་གཞན་མེད་པས་མྱ་ངན་
ལས་འདས་པ་ལ་དོན་དམ་པ་ཞེས་བྱའོ། །དེ་ནི་དེའི་སྟོང་པ་ཉིད་གང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དེ་ཡང་མྱ་ངན་ལས་འདས་པའི་རང་བཞིན་གྱིས་སྟོང་པའོ། དགོས་པ་བསྟན་པར་བྱ་བའི་ཕྱིར། མྱ་ངན་ལས་འདས་དངོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་མཁྱེན་པས་ཞེས་བྱ་བ་ནི་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱིས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གྱི་སྒྲ་ནི་དགོས་པའི་ཚིག་གམ་ཞེས་བྱ་བ་ནི་སྔར་བསྟན་པ་བཞིན་དུའོ། ཤེས་བྱའི་ཚིག་གོ་ཞེས་བྱ་བ་ནི་དོན་དམ་པ་ཞེས་བྱ་བ་འདིར་དོན་གྱི་སྒྲ་ནི་ཤེས་བྱ་
བརྗོད་པ་ཡིན་ལ། དེས་ན་དོན་དམ་པ་ཞེས་བྱ་བ་ནི་ཤེས་བྱ་མཆོག་ཏུ་གྱུར་པ་ཡིན་ལ། དེ་ཡང་མྱ་ངན་ལས་འདས་པ་ལས་གཞན་མེད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་དེ་སྐད་ཅེས་བྱའོ། །འདུས་བྱས་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་ལས་ལ་སོགས་པའི་རྒྱུའི་སྟོབས་ཀྱིས་བསྐྱེད་པ་འདོད་པ་གཟུགས་དང་གཟུགས་མེད་པའི་མཚན་ཉིད་ཅན་གྱི་ཁམས་གསུམ་ལ་འདུས་བྱས་ཞེས་བྱའོ། །ད་ནི་ཞེས་བྱ་བ་ནི་ཁམས་གསུམ་མོ། །དེ་ཡིས་ཞེས་བྱ་བ་ནི་ཁམས་གསུམ་གྱི་རང་
བཞིན་གྱིས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདུས་མ་བྱས་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། གང་ལས་སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པ་ལས་གཞན་དུ་འགྱུར་བ་མེད་པའོ་ཞེས་བྱ་བ་ནི་རྒས་པ་
མེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། གང་ལ་མཐའ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་རྟག་པ་དང་ཆད་པ་མེད་པ་དེ་ནི་མཐའ་ལས་འདས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེ་སྐད་ཅིག་མ་བརྒྱུད་པས་གནས་པའི་ཕྱིར་རྟག་པ་མ་ཡིན་
เล่ม ๑๐๔ · หน้า 294b
ལ། ཆད་པ་མ་ཡིན་པའི་ཕྱིར་ཆད་པའི་མཐའ་ལས་འདས་པའོ། །དེ་ཞེས་བྱ་བ་ནི་མཐའ་ལས་འདས་པའི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཁོ་ན་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱིས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའོ། །
ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། ཐོག་མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཐོག་མའི་སྒྲས་ནི་དང་པོ་བརྗོད་ལ། ཐ་མའི་སྒྲས་ནི་མཐའ་བརྗོད་པ་ཡིན་ནོ། །དེ་དག་མེད་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པས་ཐོག་མ་དང་ཐ་མ་མེད་པའི་སྒྲས་འཁོར་བ་
བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཁོར་བ་ནི་ཐོག་མ་མེད་པར་བརྗོད་ཅེས་བྱ་བ་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པ་དེ་ཡང་དོན་དམ་པ་སྟེ། འཁོར་བར་འགྱུར་བའི་དངོས་པོ་འགའ་ཡང་མེད་པས་སོ། །དེ་ཉིད་ཀྱི་ཕྱིར། འགྲོ་འོང་བྲལ་ཕྱིར་ཞེས་བྱ་བ་གསུངས་ཏེ། དོན་དམ་པར་འགྲོ་བ་ནས་
འགྲོ་བ་གཞན་དུ་འགྲོ་བ་མེད་པའི་ཕྱིར་རོ། །འདིའི་དོན་ནི་གལ་ཏེ་འགྲོ་བ་དང་འོང་བ་ཡོད་ན་འཁོར་བ་ཡོད་པ་ཡིན་ལ། གལ་ཏེ་འཁོར་བ་ཡོད་ན་ཐོག་མ་དང་ཐ་མ་ཡོད་པར་འགྱུར་བ་ལས་འོན་ཀྱང་འགྲོ་བ་དང་འོང་བ་མེད་པས་འཁོར་བ་མེད་པའི་ཕྱིར་ཐོག་མ་དང་ཐ་མ་ཡང་མེད་པ་དེ་ཉིད་ཀྱི་ཕྱིར་
ཐོག་མ་དང་ཐ་མ་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འཁོར་བ་སྟོང་པ་ཉིད་ཡིན་ཏེ། དེ་རྣམས་ལས་ཐ་དད་པའི་འཁོར་བ་མེད་པས་སོ། །དེ་ཉིད་ཀྱི་ཕྱིར་ཐོག་མ་དང་ཐ་མ་དང་དབུས་རྣམས་ཀྱིས་སྟོང་སྟེ་ཞེས་གསུངས་པ་ཡིན་ནོ། །དེ་ཡིས་དབེན་ཉིད་ཅེས་བྱ་བ་ནི་སྲིད་པ་ཉིད་ཀྱིས་སོ། །བསྟན་
བཅོས་ལས་ནི་ཞེས་བྱ་བ་ནི་དབུ་མའི་བསྟན་བཅོས་འདི་ལས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དབུས་མེད་ཅིང་ཞེས་བྱ་བ་ནི་གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་དེ་དག་ལ་ལྟོས་པའི་དབུས་ཀྱང་མེད་པའོ། །ཐོག་མ་དང་
ཐ་མ་མེད་པ་ཉིད་འཆད་པ་ནི། གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོར་བ་མེད་པ་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། དོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དོར་བའི་རྣམ་གྲངས་ནི་འཐོར་བ་དང་འབོར་བ་ཞེས་བྱ་བ་གསུངས་ཏེ། དོར་བའི་སྒྲ་ནི་སྟོང་པའོ། །དོར་
เล่ม ๑๐๔ · หน้า 295a
བ་མེད་ཅེས་བྱ་བ་ནི་སྟོང་པ་སྤངས་པའོ། །དེ་ཉིད་ཀྱི་ཕྱིར། འགའ་ཡང་འབོར་མེད་གང་ཡིན་པའོ། །ཞེས་བྱ་བ་གསུངས་ཏེ། གང་དུ་ཆོས་གང་ཡང་དོར་བ་མེད་པ་སྟེ། དགེ་བའི་ཆོས་ཐེག་པ་ཆེན་པོ་ཡིན་ནོ་ཞེས་པའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་དགེ་བའི་ཆོས་ཀྱི་རང་བཞིན་ཅན་
ཐེག་པ་ཆེན་པོས་སོ། །དེ་ཉིད་ཅེས་བྱ་བ་ནི་ཐེག་པ་ཆེན་པོའོ། །དེས་ན་ཐེག་པ་ཆེན་པོའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་དོར་བ་མེད་པ་སྟོང་པ་ཉིད་ཅེས་པའོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོར་བ་མེད་པའི་དོན་སྟོན་པ་ནི།
དོར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་བཞིན་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། འདུས་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་མ་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཏེ། དེ་རྣམས་ཀྱི་ཡེ་ཤེས་ནི་གཞན་གྱིས་བསྟན་པ་ལ་རག་ལུས་པས་སོ། །འདུས་བྱས་ལ་སོགས་པ་
ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འདུས་མ་བྱས་བསྡུ་བར་བྱའོ། །དེ་དག་གི་ངོ་བོ་ཉིད་ནི་རང་བཞིན་ཏེ་ཆོས་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་རང་བཞིན་གྱི་བདག་ཉིད་ཅན་ཆོས་ཉིད་ཀྱིས་སོ། །དེ་ནི་ཞེས་བྱ་བ་ནི་ཆོས་ཉིད་དོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་
དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་བྱས་ཤིང་ཞེས་བྱ་བ་ནི་སྔར་མ་བྱུང་བ་བྱུང་བའི་སྒོ་ནས་སོ། །མངོན་པར་འདུས་མ་བྱས་པ་སྟེ་ཞེས་བྱ་བ་ནི་གནས་པ་གཞན་དུ་འགྱུར་བའི་སྒོ་ནས་མ་བྱས་པས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། ཁམས་བཅོ་བརྒྱད་ཅེས་བྱ་
བ་ལ་སོགས་པ་གསུངས་ཏེ། ཁམས་བཅོ་བརྒྱད་ནི་སྔར་བཤད་ཟིན་ཏོ། །རེག་དྲུག་དང་ཞེས་བྱ་བ་ལ་རེག་པ་ནི་སྔར་བཤད་ཟིན་ཏོ། །དེ་ལས་བྱུང་བའི་ཚོར་དྲུག་དང་། །ཞེས་བྱ་བ་ནི་རེག་པ་ལས་བྱུང་བའི་ཚོར་བ་དྲུག་གོ། །གཟུགས་ཅན་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །གཟུགས་ཅན་
མིན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་སོགས་པའོ། །འདུས་བྱས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་སྟེ་ཕུང་པོ་ལྔའོ། །འདུས་མ་བྱས་ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པ་སྟེ། དེ་རྣམས་ལ་ཆོས་ཐམས་ཅད་ཅེས་བྱའོ། །ཁམས་བཅོ་བརྒྱད་ཀྱི་ཆོས་ཀྱི་ཁམས་ཀྱི་ནང་དུ་རེག་པ་དང་ཚོར་བ་དག་ནི་
เล่ม ๑๐๔ · หน้า 295b
འདོད་ཆགས་པའི་དངོས་ཀྱི་རྒྱུ་ཡིན་པས་གཙོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་ལོགས་སུ་སྨོས་པ་ཡིན་ནོ་ཞེས་པའོ། །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དག་ཀྱང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཁམས་བཅོ་བརྒྱད་ཀྱིས་ཆོས་ཐམས་ཅད་བསྡུས་པར་ཁོང་དུ་ཆུད་པ་རྣམས་
ལ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དག་ལོགས་སུ་བསྟན་པ་ཡིན་ནོ། །གཟུགས་དང་གཟུགས་ཅན་མ་ཡིན་པ་དག་ཏུ་ཆོས་ཐམས་ཅད་འདུས་སུ་ཟིན་ཀྱང་དེ་དག་ཏུ་ཆོས་ཐམས་ཅད་འདུས་པར་ཁོང་དུ་མ་ཆུད་པ་རྣམས་ལ་འདུས་བྱས་དང་འདུས་མ་བྱས་དག་ལོགས་སུ་བསྟན་པ་ཡིན་གྱི།
འདི་རྣམས་ལ་དོན་གྱི་སྒོ་ནས་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་དག་གིས་དབེན་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་བསྟན་པར་
བྱ་བའི་ཕྱིར། གཟུགས་སུ་རུང་བ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་སུ་རུང་བས་ན་གཟུགས་ཉམས་སུ་མྱོང་བས་ན་ཚོར་བ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཡོད་པ་མ་ཡིན་པས་དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །
ཞེས་བྱ་བ་ནི་རྣམ་པར་བསྒྱུར་བས་བྱ་བ་ཡིན་པས་ན་གཟུགས་ཏེ། ལག་པས་རེག་པའི་སྒོ་ནས་རྣམ་པར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །ཚོར་བ་མྱོང་བའི་མཚན་ཉིད་ཅན། །ཞེས་བྱ་བ་ནི་དེ་ལ་སོགས་པའི་ཉམས་སུ་མྱོང་བའི་བདག་ཉིད་ཅན་ཡིན་པས་སོ། །འདུ་ཤེས་
མཚན་མར་འཛིན་པ་སྟེ། །ཞེས་བྱ་བ་ནི་འདུ་ཤེས་རིང་པོ་ལ་སོགས་པ་མཚན་མར་འཛིན་པའི་རང་བཞིན་ཅན་ཡིན་པས་སོ། །འདུ་བྱེད་མངོན་པར་འདུ་བྱེད་པའོ། །ཞེས་བྱ་བ་ལ་མངོན་པར་འདུ་བྱེད་པའི་རྣམ་པར་སྨིན་པ་འཕེན་པར་བྱེད་པ་སྟེ། སེམས་པ་ལ་སོགས་པས་རྣམ་པར་སྨིན་པ་འཕེན་པར་
བྱེད་པས་འདུ་བྱེད་རྣམས་ལ་མངོན་པར་འདུ་བྱེད་པ་ཞེས་བྱའོ། །ཡུལ་ལ་སོ་སོར་རྣམ་རིག་པ། །ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཡུལ་རྣམས་སོ་སོར་རིག་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དོ། །ཕུང་པོ་སྡུག་བསྔལ་རང་མཚན་ཉིད། །ཅེས་བྱ་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་
เล่ม ๑๐๔ · หน้า 296a
པའི་སྒོ་ནས་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར་ཕུང་པོ་ནི་སྡུག་བསྔལ་གྱི་མཚན་ཉིད་ཅན་ནོ། །ཁམས་ཀྱི་རང་བཞིན་སྦྲུལ་གདུག་འདོད། །ཅེས་བྱ་བ་ནི་ཇི་ལྟར་སྦྲུལ་གྱིས་སྐྱེས་བུ་འཛིན་པ་དེ་བཞིན་དུ་ཁམས་ཀྱིས་ཀྱང་སྐྱེས་བུ་རྣམས་ལ་གནོད་པ་བྱེད་པའི་ཕྱིར། ཁམས་
རྣམས་ལ་སྦྲུལ་གདུག་པ་ཞེས་བྱའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འཛིན་པར་ཆོས་མཐུན་པའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་མཆེད་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་དང་སེམས་
ལས་བྱུང་བ་དག་གི་སྐྱེ་བའི་སྒོ་ཡིན་པས་སྐྱེ་མཆེད་ཅེས་བྱའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་འབྱུང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་ནི་སེམས་ལས་བྱུང་བའི་ནང་དུ་འདུས་པའི་ཕྱིར་རྩ་བའི་བཤད་པ་དང་འགལ་བ་ནི་མ་ཡིན་ནོ། །རྟེན་ཅིང་
འབྲེལ་པར་འབྱུང་བའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རྟེན་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྒྱུའི་སྒོ་ནས་མཚན་ཉིད་བརྗོད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་འདུ་འཕྲོད་ཀྱིས་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཚེགས་ཡོད་པར་འགྱུར་
བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པར་འགྱུར་བ་ཡིན་པས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད་ཅན་ནོ་ཞེས་བརྗོད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི་སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པའི་འབྲས་བུའི་སྒོ་ནས་མཚན་ཉིད་བརྗོད་པ་ཡིན་ཏེ། དེ་ཡོད་ན་དངོས་པོ་སྟོང་པ་ཡོད་པས་སོ། །ཚུལ་ཁྲིམས་གདུང་མེད་མཚན་ཉིད་ཅེས་བྱ་བ་ནི་མཚན་ཉིད་འདི་ཡང་འབྲས་བུའི་སྒོ་ནས་ཡིན་གྱི། སྔར་བསྟན་པའི་ཚུལ་ཁྲིམས་ཀྱི་མཚན་ཉིད་ཅན་གྱི་ཕ་རོལ་ཏུ་ཕྱིན་པས་བདེ་འགྲོར་
སྐྱེ་བས་ན་ངན་འགྲོར་གདུང་བ་མེད་པས་སོ། །བཟོད་པ་ཁོང་ཁྲོ་མེད་མཚན་ཉིད། །ཅེས་བྱ་བ་ནི་བཟོད་པ་ནི་ཁྲོ་བ་མེད་པའི་མཚན་ཉིད་ཅན་ཡིན་པས་སོ། །བརྩོན་འགྲུས་ཀྱི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པ་ཉིད་དོ་ཞེས་བྱ་བ་ནི་བརྩོན་འགྲུས་ནི་དགེ་བ་ཡོངས་སུ་འཛིན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཁ་ན་མ་
เล่ม ๑๐๔ · หน้า 296b
ཐོ་བ་སྟེ་སྡིག་པ་མེད་པས་སོ། །བསམ་གཏན་སྡུད་པའི་མཚན་ཉིད་ཅན། །ཞེས་བྱ་བ་ནི་བསམ་གཏན་གྱི་སྒོ་ནས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དགེ་བའི་ཆོས་རྣམས་བསྒོམས་པས་སོ། །ཤེས་རབ་ཆགས་མེད་མཚན་ཉིད་དེ། །ཞེས་བྱ་བ་ནི་དེས་དངོས་པོ་འགའ་ལ་ཡང་ཆགས་པ་མེད་པའི་
ཕྱིར་རོ། །མཇུག་བསྡུ་བ་བསྟན་པའི་ཕྱིར། ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་བཞི་ལ་སོགས་པའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་འཁྲུགས་པ་མཚན་ཉིད་དུ་གསུངས་
ཞེས་བྱ་བ་ནི་རྒྱུའི་སྒོ་ནས་མཚན་ཉིད་བསྟན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། དེ་དག་ཁོང་ཁྲོ་སྤངས་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། དེ་དག་ཅེས་བྱ་བ་ནི་བསམ་གཏན་ལ་སོགས་པའོ། །ངེས་པར་འབྱུང་བྱེད་རང་མཚན་ཉིད། །ཅེས་བྱ་བ་ནི་འཁོར་བས་འབྱུང་བར་བྱེད་པའི་རྒྱུ་ཡིན་པས་སོ། །
བསམ་གཏན་ལ་སོགས་པ་དག་ནི་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ལ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་ལ་སོགས་པ་རྣམས་ནི་སེམས་བསྐྱེད་པ་གསུམ་པར་བཤད་ཟིན་ཏོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་སེམས་བསྐྱེད་པ་བཞི་པར་བསྟན་ཟིན་
ཏོ། །སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ཀྱི་མཚན་ཉིད། དམིགས་པ་མེད་པས་རྣམ་དབེན་ཉིད། །ཅེས་བྱ་བ་ནི་དངོས་པོ་མ་དམིགས་
པས་དངོས་པོའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །མཚན་མ་མེད་པ་ཞི་ཉིད་དེ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་མཚན་མ་མ་དམིགས་པའི་སྒོ་ནས་སེམས་ལ་རྣམ་
འགྱུར་མེད་པས་སོ། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང་གཏི་མུག་མེད་ཅེས་བྱ་བ་ནི་སྡུག་བསྔལ་དང་གཏི་མུག་མེད་པ་སྟེ། ཤེས་རབ་ཀྱི་སྒོ་ནས་སྨོན་པ་མེད་པའི་ཏིང་ངེ་འཛིན་སྐྱེས་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རྣམ་པར་ཐར་པའི་སྒོ་ཞེས་བྱ་བ་
เล่ม ๑๐๔ · หน้า 297a
ལ་སོགས་པ་གསུངས་ཏེ། འདུ་བྱེད་སྡུག་བསྔལ་གྱི་བདག་ཉིད་ཅན་རྣམས་ལ་ཡང་དག་པར་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་པ་གསུམ་གྱིས་འདུ་བྱེད་རྣམས་སྡུག་བསྔལ་གྱི་བདག་ཉིད་ཅན་དུ་ལྟ་ཞིང་ངོ་། །
ཤེས་རབ་ཀྱི་འདུ་བྱེད་ཀྱི་འདུ་བྱེད་རང་བཞིན་ལ་ལྟ་བ་ན་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་འདུ་བྱེད་རྣམས་རང་བཞིན་མེད་པར་ལྟ་བ་ནའོ། །རྣམ་པར་ཐར་པ་བརྒྱད་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རྣམ་པར་ཐར་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་རྣམས་ཀྱི་
སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་བ་ཡིན་པས་ན་རྣམ་པར་ཐར་པ་རྣམས་ཀྱི་མཚན་ཉིད་ནི་རྣམ་པར་གྲོལ་བར་བྱེད་པའོ། །རྣམ་པར་ཐར་པ་རྣམས་སྔར་མ་གསུངས་པས་རྣམ་པར་ཐར་པ་བརྒྱད་བསྟན་པར་བྱ་བའི་ཕྱིར། རྣམ་པར་ཐར་པ་བརྒྱད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་ལ་སྤྲུལ་པའི་སྒྲིབ་པ་དང་བྲལ་བས་ན་རྣམ་པར་ཐར་པ་དང་པོ་གཉིས་སོ། །སྤྲུལ་པའི་ཉོན་མོངས་པའི་སྒྲིབ་པའི་རྣམ་པར་གྲོལ་བར་བྱེད་པས་ན་གསུམ་པའོ། །རོ་མྱང་བ་ལ་རྣམ་པར་གྲོལ་བར་བྱེད་པས་ན་གཟུགས་མེད་པའི་རྣམ་པར་ཐར་པ་བཞི་པའོ། །དེ་ལ་རོ་མྱང་བ་ནི་འདི་ནི་བཞི་
པའོ། །འདི་ནི་གྱ་ནོམ་པའོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་རྣམ་པར་གྲོལ་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་དག་པ་པ་ཞེས་བརྗོད་པར་བྱའོ། །འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པས་ན་བརྒྱད་པའོ། །འདི་རྣམས་ལ་བདུན་ནི་ཏིང་ངེ་འཛིན་གྱི་རང་
བཞིན་ཅན་ཡིན་ལ། བརྒྱད་པ་ནི་སེམས་དང་སེམས་ལས་བྱུང་བ་འགོག་པའི་རང་བཞིན་ཅན་ནོ། །ཏིང་ངེ་འཛིན་གྱི་རང་བཞིན་ཅན་འདི་རྣམས་ཀྱི་དམིགས་པ་ནི་མིང་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །བརྒྱད་པ་ལ་དམིགས་པ་མེད་དེ། སེམས་དང་སེམས་ལས་བྱུང་བ་འགོག་པའི་རང་
བཞིན་ཅན་ཡིན་པས་སོ། །འདི་རྣམས་ནི་མདོར་བསྡུ་ན་ལམ་གསུམ་གྱིས་བསྡུས་པ་ཡིན་ཏེ། སྤྲུལ་པའི་ལམ་དང་། སྤྲུལ་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོའི་ལམ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་མོ། །དེ་ལ་སྤྲུལ་པའི་ལམ་ནི་རྣམ་པ་གཉིས་ཏེ། བདག་
เล่ม ๑๐๔ · หน้า 297b
ཉིད་ལ་གཟུགས་མེད་པའི་འདུ་ཤེས་མི་སྒོམ་པ་དང་། སྒོམ་པའོ། །དེ་དག་ནི་རིམ་པ་བཞིན་དུ་དང་པོ་གཉིས་སོ། །སྤྲུལ་པ་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡང་རྣམ་པ་གཉིས་ཏེ། སྡུག་པའི་གཟུགས་སྤྲུལ་པ་ལ་རྩོལ་བའི་སྒྲིབ་པའི་གཉེན་པོ་དང་། མི་སྡུག་པའི་གཟུགས་སྤྲུལ་
པའི་མི་མཐུན་པའི་གཉེན་པོའི་སྒྲིབ་པའོ། །དེ་ཡང་གསུམ་པ་ཡིན་ཏེ། གཉི་གའི་གཉེན་པོ་ཡིན་པས་སོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་ཡང་གཉིས་ཏེ། ཞི་བར་གནས་པའི་ལམ་དང་། ཐར་པ་དང་རྗེས་སུ་མཐུན་པའི་གནས་པའི་ལམ་མོ། །དེ་ལ་དང་པོ་ནི་རྣམ་
པར་ཐར་པ་བཞི་ཡིན་ལ། གཉིས་པ་ནི་འདུ་ཤེས་ཚོར་བ་འགོག་པའི་རྣམ་པར་ཐར་པའོ། །བརྒྱད་པོ་འདི་རྣམས་ཀྱི་ནང་ནས་དང་པོ་དང་གཉིས་པའི་ལས་ནི་སྤྲུལ་པ་མངོན་པར་སྤྲུལ་པར་བྱེད་པའོ། །གསུམ་པའི་ལས་ནི་སྡུག་པ་སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པ་མེད་པའོ། །བཞི་
པའི་ལས་ནི་ཞི་བའི་རྣམ་པར་ཐར་པའི་རོ་མྱང་བ་མེད་པའོ། །བརྒྱད་པའི་ལས་ནི་མཆོག་ཏུ་ཞི་བའི་འཕགས་པའི་གནས་པས་གནས་པའོ། །འདི་ནི་རྣམ་པར་ཐར་པ་བརྒྱད་ཀྱི་ངག་གི་དོན་ཏོ། །ཚིག་གི་དོན་ནི་བསམ་གཏན་ལ་བརྟེན་ནས་རང་གི་བདག་ཉིད་ལ་གཟུགས་མེད་པ་ལ་བརྟེན་ཏེ་གཟུགས་
མེད་པའི་འདུ་ཤེས་མི་སྒོམ་པའམ། གཟུགས་ཀྱི་འདུ་ཤེས་མངོན་དུ་བྱས་ནས་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ཁ་དོག་སྡུག་པ་དང་མི་སྡུག་པར་ལྟ་བ་ཡིན་ཏེ། རིམ་པ་བཞིན་དུ་བྱིང་བ་རྒོད་པ་ཞི་བར་བྱ་བའི་དོན་དུ་སྟེ། དེ་ལ་མི་སྡུག་པ་བསྒོམས་པས་སེམས་ཀྱི་
རྒྱུན་བྱིང་བར་མཐོང་ན་ཁ་དོག་མི་སྡུག་པར་ལྟ་ལ། ཁ་དོག་སྡུག་པར་བསྒོམས་པས་སེམས་ཀྱི་རྒྱུད་རྒོད་པར་མཐོང་ན་ཁ་དོག་མི་སྡུག་པ་ལ་བལྟ་བར་བྱའོ། །དེ་ལ་ལྟ་བ་ནི་མོས་པས་སྤྲུལ་པ་རྣམས་ལ་ཡིད་ཀྱིས་ལྟ་བའོ། །ནང་གཟུགས་སུ་འདུ་མི་བྱེད་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་
གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་བརྟེན་ནས་ལྟ་བ་པོའི་རང་བཞིན་ནི་བདག་ཉིད་ལ་གཟུགས་མེད་པའི་འདུ་ཤེས་བསྒོམས་པས་སམ་གཟུགས་མེད་པའི་འདུ་ཤེས་མངོན་དུ་བྱས་ནས་སོ། །ལྷག་མ་ནི་སྔར་བཞིན་དུའོ། །འདི་དག་གི་ཁྱད་པར་ནི་ནང་གི་བདག་ཉིད་ལ་ཡིན་གྱི།
เล่ม ๑๐๔ · หน้า 298a
ཕྱི་ལ་ནི་མ་ཡིན་ནོ། །སྡུག་པའི་རྣམ་པར་ཐར་པ་བསམ་གཏན་བཞི་པའི་བདག་ཉིད་ཅན་གསུམ་པའོ་ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པའི་གཟུགས་སོ་སོ་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། ཕན་ཚུན་རྗེས་སུ་ཞུགས་པའི་འདུ་ཤེས་དང་། ཕན་ཚུན་རོ་གཅིག་ཏུ་གྱུར་པའི་
འདུ་ཤེས་ཐོབ་པས་ལྟ་བ་ལ་གནས་པས་ས་དག་པར་འབྱོར་པའི་ཏིང་ངེ་འཛིན་གང་ཡིན་པའོ། །དེ་ལ་སྡུག་པ་དང་མི་སྡུག་པ་དག་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། ཕན་ཚུན་རྗེས་སུ་ཞུགས་པའི་འདུ་ཤེས་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པར་འགྱུར་ཏེ། འདི་ལྟར་
གཟུགས་སྡུག་པ་ལ་ལྟོས་ནས་དེ་ལས་གཞན་པའི་མི་སྡུག་པའོ་ཞེས་འབྱུང་བ་ཡིན་ལ། མི་སྡུག་པ་ལ་ལྟོས་ནས་ཀྱང་སྡུག་པ་ཡིན་གྱི། མ་ལྟོས་པར་ནི་མ་ཡིན་ཏེ། ཅི་མཐོང་བ་ལ་སྡུག་པ་དང་མི་སྡུག་པའི་བློ་མི་སྐྱེ་བས་སོ། །དེ་བཞིན་དུ་སྡུག་པ་ལ་མི་སྡུག་པ་ཉིད་རྗེས་སུ་ཞུགས་པ་ཡིན་
ལ། མི་སྡུག་པ་ལ་ཡང་སྡུག་པ་ཉིད་ཡིན་ཏེ། སྡུག་པར་འདོད་པའི་སྐྲ་ལ་སོགས་པ་ཡང་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་ནང་དུ་འདུས་པས་སོ། །དེ་ལྟར་ཕན་ཚུན་གཟུགས་ཐམས་ཅད་བསྲེས་ནས་སྡུག་པ་དང་རོ་གཅིག་པའི་འདུ་ཤེས་ཀྱིས་ལྷག་པར་མོས་པར་བྱེད་པ་ཡིན་ནོ། །དེ་ཉིད་
ཀྱི་ཕྱིར་སྡུག་པའི་རྣམ་པར་ཐར་པ་ཞེས་བརྗོད་པ་ཡིན་ནོ། །ཇི་ལྟར་འདོད་པ་བཞིན་དུ་གཟུགས་ལ་ལྷག་པར་མོས་པའི་ཡང་དག་པར་འབྱོར་པ་ཐོབ་པ་དེ་ལ་སྤྲུལ་པའི་ཀུན་ནས་ཉོན་མོངས་པ་སྤོང་བར་འགྱུར་བའོ། །གཟུགས་མེད་པ་བཞི་ནི་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་
ཐར་པ་དང་། རྣམ་ཤེས་མཐའ་ཡས་ཀྱི་དང་། ཅི་ཡང་མེད་པའི་དང་། ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་རྣམ་པར་ཐར་པ་དང་རྗེས་སུ་མཐུན་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པའི་ཡང་དག་པར་
འབྱོར་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་གང་ཡིན་པའོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་པ་ལ་སོགས་པ་འདི་རྣམས་ཀྱང་ཟག་པ་མེད་པ་དང་རྗེས་སུ་མཐུན་པ་ནི་ཐར་པ་ཞེས་བྱ་བའི་མིང་འཐོབ་པར་འགྱུར་ཏེ། དེའི་རོ་མྱང་བ་ལ་རྣམ་པར་ཐར་པར་བྱེད་པས་སོ། །འདུ་ཤེས་དང་ཚོར་བ་
เล่ม ๑๐๔ · หน้า 298b
འགོག་པ་ནི་ཞེས་བྱ་བ་ནི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ལ་བརྟེན་ནས་ཞི་བའི་རྣམ་པར་ཐར་པ་ལས་འདས་ཏེ། ཐར་པ་དང་རྗེས་སུ་མཐུན་པར་ཡང་དག་པར་འབྱོར་པ་འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་
འགོག་པ་མ་ཡིན་པའོ། །རྣམ་པར་ཐར་པ་བརྒྱད་པོ་འདི་དག་ནི་འཕགས་པའི་གནས་ཞེས་བྱ་སྟེ། འདི་དག་གིས་འཕགས་པ་རྣམས་གནས་པའི་ཕྱིར་རོ། །དེ་ལ་འཕགས་པ་དག་ནི་གནས་གཉིས་ལན་མང་དུ་གནས་ཏེ། གསུམ་པ་དང་བརྒྱད་པས་འཕགས་པ་རྣམས་ཕལ་ཆེར་གནས་
ཏེ་མཆོག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་ལ་ལུས་ཀྱིས་མངོན་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས་སོ། །གཞན་དག་ལ་ནི་མ་ཡིན་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་རྣམ་པར་ཐར་པའི་སྒྲིབ་པ་མ་ལུས་པ་རིམ་པ་བཞིན་དུ་དེ་དག་གིས་སྤངས་པས་
སོ། །སྟོབས་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སྟོབས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་དང་གནས་མ་ཡིན་པ་ལ་སོགས་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་མངའ་བས་ཤིན་ཏུ་གཏན་ལ་ཕེབས་པའི་མཚན་ཉིད་ཅན་དེ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་
གནོན་པར་མི་ནུས་པས་སོ། །དེ་ཉིད་ཀྱི་ཕྱིར་ཤིན་ཏུ་རྣམ་པར་གཏན་ལ་ཕེབས་པ་ཉིད་ཀྱིས་ཞེས་བྱ་བ་གསུངས་སོ། །མི་འཇིགས་པ་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སྐྱོབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱོབ་པ་ཉིད་ནི་ཐུགས་སུ་ཆུད་པའི་ལམ་རབ་ཏུ་སྟོན་པར་མཛད་
པའི་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། དེའི་གང་མི་འཇིགས་པ་དེ་ནི་ཤིན་ཏུ་བརྟེན་པའི་མཚན་ཉིད་ཅན་ཏེ། དམ་བཅས་པ་རྣམ་པ་བཞི་ལ་སུས་ཀྱང་གཡོ་བར་མི་ནུས་པས་སོ། །དེ་རྣམས་སྔར་བསྟན་པས་འདིར་བསྟན་པར་བྱ་བའི་ཕྱིར། མི་འཇིགས་པ་ནི་བཞི་སྟེ་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། དེ་ལ་མི་འཇིགས་པ་བཞི་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཟད་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་རྣམས་ལ་མི་འཇིགས་པ་དང་། ངེས་པར་འབྱུང་བའི་ལམ་ལ་མི་འཇིགས་པའོ། །མངོན་པར་རྫོགས་པར་བྱང་ཆུབ་
เล่ม ๑๐๔ · หน้า 299a
པ་ལ་མི་འཇིགས་པ་ནི་བསམ་གཏན་ལ་བརྟེན་ནས་རང་གི་དོན་གྱི་དབང་དུ་བྱས་ཏེ། ཤེས་བྱ་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་དམ་བཅས་པ་རབ་ཏུ་གནས་པ་ལ་དབང་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་དང་དེ་དག་དང་མཚུངས་
པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུ་ཡང་རུང་སྟེ་ཞེས་བྱ་བ་ནི་དགེ་སྦྱོང་ལ་སོགས་པ་ལས་གཞན་ནོ། །ཆོས་དང་མཐུན་པར་ཞེས་བྱ་བ་ནི་རིགས་པར་རོ། །ཟག་པ་ཟད་པ་
ལ་མི་འཇིགས་པ་ནི་རང་གི་དོན་གྱི་དབང་དུ་བྱས་ཏེ། རྣམ་པ་ཐམས་ཅད་དུ་ཟག་པ་ཟད་པར་དམ་བཅས་པ་བརྟན་པ་ལ་དབང་འབྱོར་པའི་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཀྱེ་མ་ང་ཟག་པ་ཟད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བར་དུ་གཅོད་
པའི་ཆོས་རྣམས་ལ་མི་འཇིགས་པ་ནི། གཞན་གྱི་དོན་གྱི་དབང་དུ་བྱས་ཏེ་རྣམ་པ་ཐམས་ཅད་དུ་བར་དུ་གཅོད་པའི་ཆོས་སུ་བརྟན་པར་ཞལ་གྱིས་འཆེ་བ་འཇོག་པ་ལ་དབང་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་དུའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ངས་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
བར་དུ་གཅོད་པའི་ཆོས་ཞེས་བྱ་བ་ནི་བྱིང་བ་དང་རྒོད་པ་ལ་སོགས་པའོ། །ངེས་པར་འབྱུང་བའི་ལམ་ལ་མི་འཇིགས་པ་ནི་བསམ་གཏན་ལ་བརྟེན་ནས་གཞན་གྱི་དོན་གྱི་དབང་དུ་བྱས་ཏེ། རྣམ་པ་ཐམས་ཅད་དུ་ངེས་པར་འབྱུང་བའི་བྱེད་པའི་ལམ་བསྟན་པར་ཞལ་གྱིས་འཆེས་པ་འཇོག་པ་ལ་
དབང་འབྱོར་པའི་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པ་ཞེས་བྱ་བ་ནི་ཟག་པ་མེད་པས་སོ། །ངེས་པར་འབྱིན་པ་ཞེས་བྱ་བ་ནི་ཐར་པའི་རྗེས་སུ་མཐུན་པས་སོ། །དེ་བྱེད་པ་ཞེས་བྱ་བ་ནི་ལམ་
སྒོམ་པར་བྱེད་པའི་གང་ཟག་གོ། །དེ་དག་ལ་ནན་ཏན་བྱས་ན་ཞེས་བྱ་བ་ནི་ལམ་བསྒོམ་པ་ལའོ། །ཤིན་དུ་བརྟན་པའི་མཚན་ཉིད་ཅན། །ཞེས་བྱ་བ་ནི་དམ་བཅའ་འདི་རྣམས་གཞན་དག་གིས་འགྱུར་བར་བྱ་བར་མི་ནུས་པའི་ཕྱིར་རོ། །མི་འཇིགས་པ་བཞི་པོ་འདི་རྣམས་ནི་རང་གི་དོན་དང་
เล่ม ๑๐๔ · หน้า 299b
གཞན་གྱི་དོན་གྱི་དབང་དུ་བྱས་ནས་རིག་པར་བྱ་སྟེ། དེ་ལ་རང་གི་དོན་ནི་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་ཁྱད་པར་དང་། སྤངས་པའི་ཁྱད་པར་རོ། །གཞན་གྱི་དོན་ལ་ཡང་རྣམ་པ་གཉིས་ཏེ། མི་མཐུན་པའི་ཕྱོགས་ཀྱི་ཆོས་ཡོངས་སུ་སྤོང་བ་དང་། གཉེན་པོའི་ཆོས་ལ་ཡོངས་སུ་བརྟེན་
པའོ། །དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་བདག་གི་དོན་གྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །སོ་སོ་ཡང་དག་པར་རིག་པའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སོ་སོ་ཡང་དག་
པར་རིག་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤོབས་པ་ཞེས་བྱ་བ་ནི་རིགས་པ་དང་ཐོག་མ་མེད་པར་བརྗོད་པ་གང་ཡིན་པའོ། །སོགས་པའི་སྒྲས་ནི་ཆོས་དང་དོན་ལ་ངེས་པའི་ཚིག་རྣམས་བསྡུ་བར་བྱའོ། །ཚད་མེད་མཚན་ཉིད་ཅན་ཞེས་བྱ་བ་ནི་སོ་སོ་ཡང་དག་པར་རིག་པ་ནི་ཆད་པ་མེད་
པའི་མཚན་ཉིད་ཅན་ཏེ། ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་རྣམས་ཐོགས་པ་མེད་པས་སོ། །ཚད་མེད་པ་རྣམས་སྔར་བཤད་ཟིན་པས་སོ་སོའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་འགྲོ་ལ་ཕན་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་ལ་ཕན་པ་ཉེར་སྒྲུབ་པ། །ཞེས་བྱ་
བ་ནི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །བྱ་བའི་ཕན་པ་ཉེ་བར་བསྒྲུབ་པ་ལ་བྱམས་པ་ཆེན་པོ་ཞེས་བྱའོ། །ཡོངས་སྐྱོབ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་དྲང་བར་བྱའོ་སྙམ་པའི་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ནི་སྙིང་རྗེ་ཆེན་
པོའོ། །རབ་དགའི་མཚན་ཉིད་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་རབ་ཏུ་དགའ་བའི་རྣམ་པ་ཅན་དགའ་བའོ། །བཏང་སྙོམས་ནི་མ་འདྲེས་པའི་མཚན་ཉིད་ཅན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་རྙེད་པ་དང་མ་རྙེད་པ་ལ་
སོགས་པའི་ཡོད་པར་གྱུར་ན་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་དང་མ་འདྲེས་པའི་སེམས་དང་ལྡན་པར་གྱུར་ཅིག་སྙམ་པའི་དེ་ལྟ་བུའི་རྣམ་པ་ཅན་ནི་བཏང་སྙོམས་སུ་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་
เล่ม ๑๐๔ · หน้า 300a
ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་འདྲེས་པ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའོ། །བཅུ་དང་བརྒྱད་ཅེས་བྱ་བ་ནི་བཅོ་བརྒྱད་དོ། །གང་ཕྱིར་སྟོན་དེས་མི་འཕྲོགས་པ། །ཞེས་བྱ་བ་ནི་དེའི་སྒོ་ནས་གཞན་གྱིས་ཕམ་པར་བྱེད་མི་ནུས་པའོ། །མི་འཕྲོགས་རང་
མཚན་ཉིད་ཅེས་བྱ་བ་ནི་ཕམ་པར་མི་ནུས་པའི་མཚན་ཉིད་ཅན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྔར་མ་བསྟན་པ་དེ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཀྱི་རྣམ་པར་གཞག་པ་ནི་ཐུན་མོང་མ་ཡིན་པའི་སྐུ་དང་གསུང་དང་ཐུགས་
ཀྱི་ཕྲིན་ལས་ཡོངས་སུ་དག་པ་ཡང་དག་པར་འབྱོར་པ་དང་རྟེན་དང་བཅས་པ་དང་འབྲས་བུ་དང་བཅས་པ་དང་། དེ་བཞིན་གཤེགས་པའི་དབང་པོ་བརྙེས་པ་ལས་ཡོངས་སུ་མི་ཉམས་པའི་ཡང་དག་པར་འབྱོར་པ་དང་། ཐུན་མོང་མ་ཡིན་པའི་ལས་ཀྱི་ཀུན་སྤྱོད་པའི་ཡེ་ཤེས་ཀྱི་གནས་པའི་ཡང་
དག་པར་འབྱོར་པ་དང་། ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་གནས་པའི་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །དེ་ལ་འདི་རྣམས་ཀྱི་ནང་ནས་དང་པོ་དྲུག་ནི་ཐུན་མོང་མ་ཡིན་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་
ལས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་འཁྲུལ་པ་མི་མངའོ་ཞེས་བྱ་བ་ནི་སྐུའི་ཕྲིན་ལས་ཡོངས་སུ་དག་པའི་དབང་དུ་མཛད་ནས་སོ། །ཅ་ཅོ་མི་མངའོ་ཞེས་བྱ་བ་འདིས་ནི་གསུང་གི་ཕྲིན་ལས་ཀྱི་དབང་དུ་མཛད་ནས་སོ། །བསྙེལ་བ་མི་མངའོ་ཞེས་བྱ་བ་དང་།
ཐུགས་མཉམ་པར་མ་བཞག་པ་མི་མངའོ་ཞེས་བྱ་བ་དང་། ཐ་དད་པའི་འདུ་ཤེས་མི་མངའོ་ཞེས་བྱ་བ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ་ཞེས་བྱ་བ་འདི་ནི་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པའི་དབང་དུ་མཛད་ནས་ཡིན་པར་རིག་པར་བྱའོ། །འདུན་པ་ཉམས་པ་མི་མངའ་
ཞེས་བྱ་བ་ནས། རྣམ་པར་གྲོལ་བ་ཉམས་པ་མི་མངའོ་ཞེས་པའི་བར་ནི་རྟེན་དང་བཅས་པ་དང་འབྲས་བུ་དང་བཅས་པའི་དེ་བཞིན་གཤེགས་པའི་དབང་པོ་བརྙེས་པ་ལས་མི་ཉམས་པའི་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་རྟེན་ནི་འདུན་པའོ། །འབྲས་བུ་ནི་རྣམ་
เล่ม ๑๐๔ · หน้า 300b
པར་གྲོལ་བའོ། །དབང་པོ་ནི་བརྩོན་འགྲུས་ལ་སོགས་པར་རིག་པར་བྱའོ། །སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་ཞེས་བྱ་བ་གསུམ་པོ་འདི་ནི་ཐུན་མོང་མ་ཡིན་པའི་ཕྲིན་ལས་ཀུན་དུ་སྤྱོད་པའི་ཡེ་ཤེས་གནས་པའི་ཡང་དག་
པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་ཅེས་བྱ་བ་ནས། དེ་ལྟར་བརྗོད་པར་བྱའོ་ཞེས་བྱ་བའི་བར་གསུམ་ནི་ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །
འདི་རྣམས་ཀྱི་དོན་ནི་དེ་ལ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་རྣམས་ལ་གྲོང་ལ་སོགས་པར་བསོད་སྙོམས་ལ་འགྲོ་བ་ལ་གླང་པོ་ཆེ་དང་རྟ་དང་གླང་དང་ཁྱི་གདུག་པ་དང་ཚེར་མ་དང་སྦྲུལ་ལ་སོགས་པས་གནོད་པ་དང་། དགོན་པ་རུ་ཆོམ་རྐུན་དང་སྟག་ལ་སོགས་
པའི་འཇིགས་པ་འབྱུང་བ་དེ་ལྟ་བུའི་འཁྲུལ་པ་དེ་བཞིན་གཤེགས་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་མངའོ། །ཅ་ཅོ་མི་མངའོ་ཞེས་བྱ་བ་འདིར། ཇི་ལྟར་དགོན་པར་ལམ་ནོར་བའི་དགྲ་བཅོམ་པ་རྣམས་ལ་སྐད་ཤིན་ཏུ་ཆེན་པོ་འབྱིན་པར་འགྱུར་བ་འམ་བག་ཆགས་ཀྱི་དབང་གིས་གད་མོ་ཆེན་པོ་དགོད་
པར་འགྱུར་བ་དེ་ལྟ་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་མངའ་སྟེ། རྟག་ཏུ་མཉམ་པར་གཞག་པ་ཡིན་པས་སོ། །བསྙེལ་བ་མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་སེམས་མ་གཏད་ན་བྱ་བ་མི་བྱེད་པ་དང་། དུས་ལས་འདའ་བ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་མ་
ཡིན་ཏེ་ཐུགས་རྗེ་ཆེན་པོ་མངའ་བས་སོ། །ཐུགས་མཉམ་པར་མ་བཞག་པ་མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་སྙོམས་པར་འཇུག་པའི་དུས་ཉིད་ན་མཉམ་པར་བཞག་པ་ཡིན་གཞན་དུ་མ་ཡིན་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ནི་མ་ཡིན། རྟག་ཏུ་མཉམ་པར་གཞག་པའི་
ཕྱིར་རོ། །དེ་བཞིན་དུ་ཐ་དད་པའི་འདུ་ཤེས་དང་ཞེས་བྱ་བ་ལ། མི་མངའོ་ཞེས་བྱ་བ་ཐམས་ཅད་དུ་སྦྱར་བར་བྱའོ་ཞེས་དེ་བཞིན་དུ་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་ནོ། །དེས་ན་ཐ་དད་པའི་འདུ་ཤེས་མི་མངའོ་ཞེས་བྱ་བའི་དོན་དུ་འགྱུར་བ་ཡིན་ཏེ། ཇི་ལྟར་དགྲ་བཅོམ་པ་རྣམས་གཅིག་ངེས་པར་
เล่ม ๑๐๔ · หน้า 301a
ཕུང་པོ་ལ་མི་མཐུན་པའི་འདུ་ཤེས་དང་ལྡན་ལ། མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་དང་ལྡན་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ནི་མ་ཡིན་ཏེ། རང་བཞིན་གྱིས་བདག་མེད་པའི་ཕྱིར་གཉི་ག་ལ་རྣམ་པར་རྟོག་པ་མི་མངའ་བས་སོ། །སོ་སོར་མ་བརྟགས་པའི་
བཏང་སྙོམས་མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་བ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ནི་མ་ཡིན་ཏེ། དེའི་དུས་ལ་སོགས་པ་སོ་སོར་བརྟགས་པ་ཉིད་ཀྱིས་བཏང་སྙོམས་སུ་གནས་པར་འགྱུར་གྱི་གཞན་དུ་མ་ཡིན་
ནོ། །འདུན་པ་ཉམས་པ་མི་མངའོ་ཞེས་བྱ་བ་ལ། ཇི་ལྟར་དགྲ་བཅོམ་པ་རྣམས་ལ་རིགས་ཀྱི་དབང་གིས་སངས་རྒྱས་ཀྱི་རྒྱུའམ། སངས་རྒྱས་ཀྱི་མཛད་པ་རྣམས་ལ་འདུན་པ་ལ་སོགས་པ་མེད་པར་འགྱུར་ལ། དེས་ན་དེ་རྣམས་དེ་ལས་མ་ཐོབ་པའི་ཉམས་པས་ཉམས་པར་འགྱུར་བ་ཡིན་ལ།
དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ནི་མ་ཡིན་ཏེ། དེ་རྣམས་ལ་ཆོས་ཀྱི་ཁྱད་པར་མ་ཐོབ་པ་མི་མངའ་བས་སོ། །དེ་བཞིན་དུ་དགྲ་བཅོམ་པ་རྣམས་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བས་ཀྱང་མ་ཐོབ་པ་ལས་ཉམས་པས་ཡོངས་སུ་ཉམས་པར་
འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་ཉམས་པ་མི་མངའ་བའོ། །ལུས་ཀྱི་ལས་ཐམས་ཅད་ཅེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་དུས་གཅིག་ལ་དགེ་བའི་ལས་ལ་འཇུག་ཅིང་དུས་གཅིག་ལུང་དུ་མ་བསྟན་པ་ལའོ། །ཇི་ལྟར་ལུས་ཀྱི་ལས་ལ་ཡིན་པ་དེ་བཞིན་དུ་
ངག་གི་ལས་དང་ཡིད་ཀྱི་ལས་ལ་ཡང་ངོ་། །དེ་བཞིན་གཤེགས་པ་རྣམས་ནི་ལས་གསུམ་ཆར་ཡང་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ལུང་དུ་མ་བསྟན་པའི་ལས་ནི་མངའ་བ་མ་ཡིན་ནོ། །དེ་ལ་ཡེ་ཤེས་ཀྱིས་ཀུན་ནས་བསླང་བས་ན་ཡེ་ཤེས་སྔོན་དུ་འགྲོ་བ་ཞེས་བྱ་ལ། ཡེ་
ཤེས་དང་ལྷན་ཅིག་ཏུ་སྤྱོད་པའི་ཕྱིར། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །འདས་པའི་དུས་ལ་མ་ཆགས་ཞེས་བྱ་བ་ལ་སོགས་པ་ནི་གང་གི་དགྲ་བཅོམ་པ་རྣམས་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་པ། དུས་གསུམ་གྱི་ཤེས་བྱའི་དངོས་པོ་རྩོལ་བ་ཙམ་གྱི་སྒོ་ནས་ཤེས་པ་མེད་ཅིང་།
เล่ม ๑๐๔ · หน้า 301b
གང་གིས་ན་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་ཐམས་ཅད་ཤེས་པ་ཡང་མེད་ལ། དེ་བཞིན་གཤེགས་པ་རྣམས་ནི་དུས་གསུམ་གྱི་ཤེས་བྱ་རྣམས་རྩོལ་བ་ཙམ་གྱིས་ཐམས་ཅད་མཁྱེན་པ་ཡིན་ནོ། །དེས་ན་བཅོ་བརྒྱད་པོ་འདི་རྣམས་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བརྗོད་
པ་ཡིན་ནོ། །མི་འཕྲོགས་པ་བཤད་པར་བྱ་བའི་ཕྱིར། དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁྲུལ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཅ་ཅོ་ལ་སོགས་པ་བསྡུ་བར་བྱའོ། །གླགས་མེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་དེ་རྣམས་ལ་གཞན་གྱིས་གླགས་མི་རྙེད་པས་སོ། །དེ་རྣམས་
ཀྱི་བཤད་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འཁྲུལ་པས་ཞེས་བྱ་བ་ནི་ལུས་གཞན་དུ་འགྱུར་བས་སོ། །ཆོས་དང་མཐུན་པར་ཞེས་བྱ་བ་ནི་རིག་པས་ཞེས་པ་སྟེ། གཞན་དུ་ན་གང་གང་ལ་འཁྲུལ་པ་མི་བརྗོད་ཅེས་པའོ། །འཁྲུལ་པ་
མི་མངའ་བ་ལ་རྒྱུ་མཚན་འདྲི་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་གསུངས་སོ། །དེ་ལ་ལན་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཏུ་ལྟ་དང་ཞེས་བྱ་བ་ནི་ཕྱོགས་ཀུན་དུ་གཟིགས་པའོ། །རྣམ་པར་ལྟ་བ་དང་ཞེས་བྱ་བ་ནི་ཁྱད་པར་དུ་གཟིགས་པ་ནི་རྣམ་པར་ལྟ་བ་སྟེ། ཕྱོགས་
གཅིག་ཏུ་གཟིགས་པ་ཡིན་ནོ་ཞེས་བྱ་བའོ། །བསྐུམ་པ་དང་ཞེས་བྱ་བ་ནི་ཞབས་ལ་སོགས་པའོ། །བརྐྱང་བ་དང་ཞེས་བྱ་བ་ནི་ཞབས་ལ་སོགས་པ་བརྐྱང་བའོ། །དེ་རྣམས་ཀྱི་དུས་ན་ཆོས་གོས་སྦྱར་མ་དང་། མཐང་གོས་དང་། ལྷུང་བཟེད་དང་ཆོས་གོས་ཐོགས་པས་སྤྱོད་ལམ་མཛེས་པ་སྟེ། དེ་ལ་ཆོས་
གོས་སྦྱར་མ་ནི་ཕྱེད་ཤར་རོ། །མཐང་གོས་ནི་ཆོས་གོས་སོ། །ལྷུང་བཟེད་ནི་བསོད་སྙོམས་ཀྱི་སྣོད་དོ། །ཆོས་གོས་ནི་སྣམ་སྦྱར་རོ། །དེ་རྣམས་ཐོགས་པ་ནི་འཆང་བའོ། །བྱེ་བྲག་ཏུ་བསྟན་ནས་སྤྱིར་བསྟན་པར་བྱ་བའི་ཕྱིར། སྤྱོད་ལམ་བཞི་ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟིམས་
པ་དང་། བཞུགས་པ་དང་། བཞེངས་པ་དང་། སྐུ་འཆག་པ་མངའ་བས་སོ། །རྐང་མཐིལ་ཞེས་བྱ་བ་ལ་སོགས་པ་ནི་ཞབས་ཀྱི་མཐིལ་གྱི་འོག་ཏུ་འཁོར་ལོ་རྩིབས་སྟོང་པ་དང་ལྡན་པའི་སྟེང་དུ་པདྨ་མངོན་པར་འབྱུང་བའོ། །རྫི་རླུང་ཡུག་པའི་རླུང་གིས་ཀྱང་ཞེས་བྱ་བ་ནི་ཆགས་པའི་དུས་ཀྱི་རྫི་རླུང་
เล่ม ๑๐๔ · หน้า 302a
གི་ཁྱད་པར་ཏེ། དེ་རྣམས་ཤིན་ཏུ་ཤུགས་དང་ལྡན་པའི་ཕྱིར་རོ། །དེ་ལྟར་སྐུ་ལ་འཁྲུལ་པ་མེད་པར་བསྟན་ནས། གསུང་ལ་འཁྲུལ་པ་མེད་པར་བསྟན་པར་བྱ་བའི་ཕྱིར། བྱིས་པའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་སུ་སྨྲ་བ་ཞེས་བྱ་བ་ནི་དུས་
ཐམས་ཅད་དུ་མི་གསུང་བར་དུས་ལ་བབ་པའི་ཚེ་གསུང་ངོ་། །ཚིགས་སུ་སྨྲ་བ་ཞེས་བྱ་བ་ནི་སྐབས་སུ་བབ་པ་གསུང་གི་སྐབས་སུ་མི་བབ་པ་མི་གསུང་བའོ། །ཡང་དག་པར་སྨྲ་བ་ཞེས་བྱ་བ་ནི་བདེན་པར་གསུང་བའི་ཕྱིར་རོ། །དེ་བཞིན་བྱེད་པ་པོ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པ་དེ་
བཞིན་བསྒྲུབ་པར་མཛད་པའོ། །ཤིན་ཏུ་ངེས་པའི་ཚིག་དང་ལྡན་པའོ་ཞེས་པ་ནི་ཡི་གེ་ངེས་པར་ཕྱེ་ནས་དོན་དང་ལྡན་པའི་གསུང་མངའ་བ་སྟེ། དཔེར་ན་འཇིག་པས་ན་འཇིག་རྟེན་ཞེས་པ་ལྟ་བུའོ། །སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཚིག་དང་ལྡན་པའོ་ཞེས་བྱ་བ་ནི་བཅོམ་ལྡན་
འདས་ཀྱི་གསུང་གིས་སེམས་ཅན་རྣམས་ཀྱི་བསམ་པ་བཞིན་དུ་ཚིམ་པར་མཛད་པས་སོ། །མི་ལྟོས་པའི་ཚིག་དང་ལྡན་པའོ་ཞེས་བྱ་བ་ནི་སེམས་ཅན་གྱི་བསམ་པ་ལ་མི་ལྟོས་པར་སྔར་གསུངས་པ་ཡང་མི་གསུང་བས་སོ། །གུས་པའི་ཚིག་འབྲུས་བརྒྱན་པའི་ཚིག་དང་ལྡན་པའོ་ཞེས་
བྱ་བ་ནི་གུས་པར་གསུངས་པས་སོ། །སྐད་ཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱེད་པ་སྟེ་ཞེས་བྱ་བ་ནི་ཆོས་གཅིག་གསུངས་པས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པར་སྣང་བས་སོ། །དེ་ཡང་གདུལ་བྱས་བརྟགས་ན་དེ་ལྟར་སྣང་
བ་ཡིན་གྱི་དོན་དམ་པར་གསུངས་པ་ནི་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས། ཁྱབ་བདག་ཁྱེད་ཀྱི་ཡི་གེ་གང་། །གཅིག་ཀྱང་གསུངས་པ་ཡོད་མ་ཡིན། །གདུལ་བྱ་སྐྱེ་བོ་མ་ལུས་པ། །ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད། །ཅེས་གསུངས་སོ། །དེ་ལྟར་
ངག་གི་འཁྲུལ་པ་མེད་པར་བསྟན་ནས་ཐུགས་ལ་འཁྲུལ་པ་མི་མངའ་བར་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་ཀྱང་ཞེས་བྱ་བ་ནི་སྔོན་སྨོན་ལམ་གྱི་དབང་གིས་དང་དེ་བཞིན་གཤེགས་པའི་མཐུས་སེམས་ཅན་གྱི་
เล่ม ๑๐๔ · หน้า 302b
དོན་ལ་འཇུག་པས་སོ། །སེམས་དེར་མི་གཏོང་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཐུགས་སུ་ཆུད་པར་བྱ་བའི་ཕྱིར་རྩོལ་བར་མི་མཛད་པའོ། །ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་སྟེ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མི་མངའ་བའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་གཟིགས་
པའོ། །འཁྲུལ་པ་ཐམས་ཅད་སྤངས་པའི་ཕྱིར། །ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་ཀྱི་འཁྲུལ་པ་སྤངས་པའི་ཆེད་དུའོ། །འདི་ནི་དེ་བཞིན་གཤེགས་པའི་ལས་བཅོ་ལྔ་པའོ་ཞེས་བྱ་བ་ནི་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཞུས་པའི་མདོ་ལས་སུམ་ཅུ་རྩ་གཉིས་གང་གསུངས་པ་དེ་རྣམས་
ཀྱི་ནང་ནས་འཁྲུལ་པ་ཐམས་ཅད་སྤངས་པའི་དོན་དུ་ཆོས་བསྟན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ལས་བཅོ་ལྔ་པར་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ནང་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་པོའོ་ཞེས་གསུངས་སོ། །དེ་བཞིན་དུ་འོག་མ་རྣམས་ལ་
ཡང་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ལ་ཅ་ཅོ་མི་མངའ་བར་དེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅ་ཅོ་མེད་དོ་ཞེས་བྱ་བ་ནི་ཉོན་མོངས་པའམ་འཇིགས་པས་ཀུན་ནས་བསླང་བའི་སྒྲ་མི་མངའ་བའོ། །བདུད་ཀྱི་རིགས་ཀྱི་ལྷའམ་ཞེས་
བྱ་བ་ནི་བདུད་དང་མཚུངས་པའི་འཁོར་དུ་གཏོགས་པའི་ལྷའོ། །ཅ་ཅོ་འམ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་སྟོབས་ཀྱིས་སོ། །རྗེས་སུ་ཅ་ཅོ་ཞེས་བྱ་བ་ནི་ཞེ་སྡང་གི་སྟོབས་ཀྱིས་སོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་མི་མངའ་བས་སོ། །འདོད་ཆགས་དང་
ཞེ་སྡང་མི་མངའ་བ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ལ་འགྱོད་པ་མངའ་བར་གྱུར་ན་དེའི་ཚེ་མྱ་ངན་གྱིས་ཅ་ཅོ་འབྱུང་བར་འགྱུར་བ་ལས་དེ་བཞིན་གཤེགས་པ་ལ་འགྱོད་པ་མི་མངའ་བས་ཅ་ཅོ་མི་མངའ་
བའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། བྱ་དཀའ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །གལ་ཏེ་དེ་བཞིན་གཤེགས་པ་ལ་བྱ་བ་འགའ་ཞིག་བྱ་དཀའ་བར་གྱུར་ན་དེའི་ཚེ་བྱ་བ་དེ་མཛད་མི་ནུས་པས་འགྱོད་པ་སྐྱེ་བར་འགྱུར་བ་ལས་དེ་མེད་པས་འགྱོད་པ་མི་མངའ་བའོ། །མཐར་མ་ཕྱིན་པ་ཞེས་
เล่ม ๑๐๔ · หน้า 303a
བྱ་བ་ནི་བརྩམས་པ་མ་རྫོགས་པའོ། །ཅ་ཅོའི་རྒྱུ་རྩོད་པ་མེད་པས་ཅ་ཅོ་མེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་རྩོད་པ་མེད་པས་སོ། །ཉོན་མོངས་པ་མེད་པ་ལ་གནས་པ་སྟེ། ཞེས་
བྱ་བ་ནི་བསམ་གཏན་ལ་བརྟེན་ནས་གཞན་གྱིས་ཉོན་མོངས་པ་སྐྱེ་བས་རྗེས་སུ་སྲུང་བ་ལ་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཉོན་མོངས་པ་མེད་པ་ཡིན་ལ། དེ་གནས་པས་ཉོན་མོངས་པ་མེད་པ་ལ་གནས་པའོ། །ངའི་བ་མེད་པ་དང་ང་ཡིར་འཛིན་པ་མེད་པ་ཞེས་བྱ་
བ་ནི་བདག་དང་བདག་གི་བའི་མངོན་པར་ཞེན་པ་མེད་པས་སོ། །དེ་ཉིད་ཀྱི་ཕྱིར་ལེན་པ་མེད་པ་ཞེས་བྱ་བ་གསུངས་ཏེ། བདག་ཏུ་ལྟ་བའི་ཉེ་བར་ལེན་པའི་རང་བཞིན་གྱི་འཇིག་ཚོགས་ལ་ལྟ་བ་མེད་པས་སོ། །འདུད་པ་ཐམས་ཅད་དང་བྲལ་བ་སྟེ་ཞེས་བྱ་བ་ནི་འདུད་པ་སྟེ་ཉོན་མོངས་པ་འདི་ལ་མི་
མངའ་བས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་ལ་གནས་པ་ལ་སོགས་པས་སོ། །ཇི་ལྟར་ཞེས་བྱ་བ་ནི་སྔར་བཞིན་དུའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གསུམ་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་གང་ལ་
ཡང་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་ནང་ནས་ཆོས་འགའ་ཞིག་ལ་ཡང་ངོ་། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་
རྣམས་དང་། བསམ་གཏན་དང་པོ་ནས་འགོག་པའི་སྙོམས་པར་འཇུག་པའི་བར་གྱི་སྙོམས་པར་འཇུག་པ་རྣམས་ལ་དེ་བཞིན་གཤེགས་པ་བསྙེལ་བ་མེད་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་གཡོ་བ་ལ་རྣམ་པར་ལྟ་ཞིང་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་
པ་ནི་འདོད་ཆགས་ལ་སོགས་པའོ། །གཡོ་བ་ནི་འདོད་ཆགས་དང་བཅས་པ་ལ་སོགས་པ་དང་རྗེས་སུ་མཐུན་པའི་ཡུལ་ལ་འཇུག་པའོ། །དེ་རྣམས་ལ་རྣམ་པར་ལྟ་ཞིང་ནི་གཟིགས་པ་སྟེ། དེ་རྣམས་ལ་དེ་བཞིན་གཤེགས་པ་བསྙེལ་བ་མི་མངའ་བའོ། །ཅི་རིགས་པར་ཆོས་ཉིད་སྟོན་པ་ལ་ཞེས་
เล่ม ๑๐๔ · หน้า 303b
བྱ་བ་ནི་འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རྣམས་དང་རྗེས་སུ་མཐུན་པར་ཆོས་སྟོན་པའོ། །དོན་དང་ཞེས་བྱ་བ་ལ་སོགས་པ་ནི་འཆད་པར་འགྱུར་བའི་སོ་སོ་ཡང་དག་པར་རིག་པ་རྣམས་ལ་དེ་བཞིན་གཤེགས་པ་བསྙེལ་བ་མེད་པའོ། །གཞན་ནི་སྔར་བཞིན་ནོ། །སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཞི་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་ཟབ་མོའི་མཆོག་ཐོབ་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཟབ་མོ་རྣམས་རབ་ཀྱི་མཐར་སོན་པའོ། །སྒྲིབ་པ་མེད་པའི་བསམ་གཏན་བྱེད་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་
བསམ་གཏན་སྒོམ་པའོ། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་མ་གཏོགས་པར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་མེད་ན་མི་ཤེས་པ་སྟེ། གལ་ཏེ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡོད་པ་དེའི་ཚེ་ཤེས་པ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་སངས་རྒྱས་ཀྱི་མཐུས་
སེམས་ཀྱིས་སེམས་ཀྱི་ཀུན་དུ་རྟོག་པ་ཀུན་དུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལྔ་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་དད་པའི་འདུ་ཤེས་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་
པ་དག་ལ་ཐ་དད་པའི་འདུ་ཤེས་མེད་པའོ། །དེའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། རང་བཞིན་གྱིས་བདག་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་འདྲེས་ཤིང་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ཆོས་ཀྱི་
དབྱིངས་ཡིན་པས་སོ། །དེ་ཉིད་ཀྱི་ཕྱིར། མཉམ་པ་ཉིད་དུ་ཤེས་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། དམིགས་པ་གཅིག་ཡིན་པས་ཡེ་ཤེས་ཀྱང་མཚུངས་པས་སོ། །ཆོས་རྣམས་ལས་ཐ་དད་པའི་འདུ་ཤེས་མེད་དོ་ཞེས་བྱ་བ་ནི་ཉན་ཐོས་པ་ལ་སོགས་པའི་ཆོས་མདོ་སྡེ་ལ་སོགས་
པ་རྣམས་ལ་ཐ་དད་པའི་འདུ་ཤེས་མེད་པའོ། །དེའི་རྒྱུ་མཚན་ནི་འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱིས་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ཐོབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དྲུག་པ་མདོའི་སྒོ་ནས་བསྟན་པར་
เล่ม ๑๐๔ · หน้า 304a
བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་དོ་ཞེས་བྱ་བ་ནི་མ་དཔྱད་པའི་བཏང་སྙོམས་མེད་པའོ། །དེའི་རྒྱུ་མཚན་འདྲི་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་གསུངས་སོ། །དེ་ལ་ལན་ནི་དེ་བཞིན་གཤེགས་པ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་གང་གི་ལམ་བསྒོམས་པ་དེའི་ཚེ་བཏང་སྙོམས་སུ་མཛད་པ་ཡིན་ཏེ། བྱ་བ་བྱས་པའི་ཕྱིར་ལམ་བཏང་སྙོམས་སུ་དོར་བའོ། །དེ་ལྟར་མདོར་བསྟན་ནས། རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པའི་ཤེས་རབ་བསྒོམས་ནས་བཏང་སྙོམས་མཛད་པའོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི་ཡེ་ཤེས་དང་ལྡན་པ་ཡིན་པ་དང་ཞེས་བྱ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཁྱེན་ནས་དེ་རྣམས་ལ་བཏང་སྙོམས་སུ་
མཛད་པས་སོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ལས་འདས་པ་ཡིན་ཏེ། འཇིག་རྟེན་པར་ལྷུང་བ་ནི་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་འཇིག་རྟེན་པ་བླང་བྱ་དང་དོར་བྱ་ཡིན་པ་དེ་ལ་བཏང་སྙོམས་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་བཏང་སྙོམས་སུ་མཛད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་
བཞིན་གཤེགས་པ་ནི་བཏང་སྙོམས་ཆེན་པོ་དེ་ལྟ་བུ་ཕུན་སུམ་ཚོགས་པ་ཞེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ཀྱི་སྒོ་ནས་ཆོས་ཐམས་ཅད་བཏང་སྙོམས་སུ་མཛད་པས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བདུན་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། འདུན་པའི་དོན་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་ཆོས་ལ་འདུན་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ། །དེ་ཉིད་རྒྱས་པར་དྲི་བའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེ་ཡང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
སེམས་ཅན་འདུལ་བ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་བསྟན་པ་ལ་འཇུག་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཉོན་མོངས་པ་སྤོང་བ་དང་རྗེས་སུ་མཐུན་པར་མཛད་པའོ། །རབ་ཏུ་དབེན་པ་དང་ཞེས་བྱ་བ་ནི་ཉོན་མོངས་པ་སྤོང་བའོ། །བྱང་ཆུབ་ཡང་དག་
เล่ม ๑๐๔ · หน้า 304b
པར་འཛིན་དུ་བཅུག་པ་ཞེས་བྱ་བ་ནི་སྨོན་པ་དང་འཇུག་པའི་རང་བཞིན་གྱིས་སེམས་བསྐྱེད་པ་དག་གོ། །དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་བཅད་པ་ཞེས་བྱ་བ་ནི་རིན་པོ་ཆེ་གསུམ་གྱི་རྒྱུད་པ་རྒྱུན་མི་འཆད་པ་ལ་འདུན་པའོ། །དེ་བཞིན་གཤེགས་པ་ནི་འདུན་པས་འགྲོ་བ་མ་ཡིན་གྱི་ཞེས་བྱ་
བ་ནི་དེ་བཞིན་གཤེགས་པ་འདུན་པའི་དབང་དུ་གྱུར་པ་མ་ཡིན་ནོ་ཞེས་པའོ། །དེ་བཞིན་གཤེགས་པའི་འདུན་པ་ནི་ཡེ་ཤེས་སྔོན་དུ་འགྲོ་བ་ཉིད་དེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡོངས་སུ་མཁྱེན་པའི་དབང་གིས་འདུན་པ་འཇུག་པས་སོ། །འདི་ཡང་གདུལ་བྱ་ལ་ལྟོས་ནས་གསུངས་པ་ཡིན་
གྱི། སངས་རྒྱས་བཅོམ་ལྡན་འདས་ལ་ལྟོས་པ་མི་མངའ་བས་ངོར་འདོད་པ་མི་མངའ་བས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱད་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་བྱ་སེམས་ཅན་རྣམས་ཡལ་བར་མི་འདོར་བའི་བརྩོན་
འགྲུས་དང་ཞེས་བྱ་བ་ནི་སྡུག་བསྔལ་བ་ནི་གང་། གང་གིས་སེམས་ཅན་ཉོན་མོངས་པ་རྣམས་ཀྱིས་བསྒྲིབས། གང་ཕོངས་པའི་འདམ་དུ་བྱིང་། གང་ངན་སོང་གི་ས་ལས་དྲངས་ནས་མི་འཇིགས་པའི་ལམ་ལ་དགོད་པར་བྱ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །བརྙས་པ་མེད་པའི་བརྩོན་
འགྲུས་སོ། །ཞེས་བྱ་བ་ནི་སང་ངམ་གནངས་བཤད་པར་བྱའོ་ཞེས་བྱ་བའི་བརྩོན་འགྲུས་སེམས་ཅན་རྣམས་ལ་བརྙས་པར་མི་མཛད་པའོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ལྡང་ངོ་ཞེས་བྱ་བ་ནི་ཆོས་གསུང་བ་ལས་སོ། །རྒྱུད་ལས་ཞེས་
བྱ་བའི་སྐུའོ། །ལུས་ལ་ངལ་བ་ཞེས་བྱ་བ་ནི་གཤེགས་པ་ནའོ། །ངག་ངལ་བ་ཞེས་བྱ་བ་ནི་ཆོས་གསུང་བ་ནའོ། །བསྔགས་པ་སྨྲ་བ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཡོན་ཏན་བརྗོད་པའོ། །འཕགས་པའི་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པའི་མཚན་ཉིད་ཅན་གྱི་རྣམ་པར་གྲོལ་བའོ། །
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དགུ་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོང་ཡེ་ཉམས་པ་མེད་དོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཉམས་པ་མེད་པའོ། །དེ་བཞིན་གཤེགས་པ་ལ་དྲན་པ་ཉམས་པ་མི་མངའ་བ་རྒྱས་པ་བསྟན་པར་བྱ་བའི་
เล่ม ๑๐๔ · หน้า 305a
ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་ཞེས་བྱ་བ་ནི་སེམས་ཅན་གྱི་འདོད་ཆགས་ལ་སོགས་པའི་སྤྱོད་པ་མཁྱེན་ཀྱང་ངོ་། །དེ་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་སྤྱོད་པ་ཤེས་པ་ལའོ། །ཡེ་ཤེས་
ཀྱང་སྟོང་པ་ཡང་མེད་དོ་ཞེས་བྱ་བ་ནི་དེ་ཤེས་པར་བྱ་བའི་དོན་དུ་ཡང་ཡེ་ཤེས་ཚོར་བར་མི་མཛད་པའོ། །ཕུང་པོ་གསུམ་དུ་རྣམ་པར་དགོད་པ་དང་ཞེས་བྱ་བ་ནི་དུས་ཇི་སྲིད་པའི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་རིགས་ཀྱིས། སེམས་ཅན་རྣམས་ཕུང་པོ་
གསུམ་དུ་རྣམ་པར་དགོད་པའོ། །སེམས་ཅན་གྱི་དབང་པོ་འཇུག་པ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱིས་རིགས་ཀྱི་རྗེས་སུ་འབྲངས་ནས། དད་པ་ལ་སོགས་པའི་དབང་པོ་འཇུག་པ་ལ་དྲན་པ་ཉམས་པ་མེད་པའོ། །སེམས་ཅན་གྱི་བསམ་པ་འཇུག་པ་དང་ཞེས་བྱ་བ་ནི་རིགས་ཀྱི་
ཁྱད་པར་གྱིས་རང་གི་དོན་དང་། གཞན་གྱི་དོན་ལ་སོགས་པའི་སེམས་ཀྱི་བསམ་པ་འཇུག་པ་ལའོ། །སེམས་ཅན་གྱི་སྤྱོད་པ་ལ་རྣམ་པར་བལྟ་བས་དྲན་པ་ཉམས་པ་མེད་དེ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རིགས་ཀྱི་ཁྱད་པར་གྱི་བསམ་པའི་རྗེས་སུ་འབྲང་བའི་སྤྱོད་པ་གཟིགས་པ་ལ་
དྲན་པ་ཉམས་པ་མི་མངའོ། །དྲན་པར་བྱས་སམ་ཞེས་བྱ་བ་ནི་སྔར་ཉམས་སུ་མྱོང་བ་དྲན་པར་མཛད་ནས་སོ། །བསམས་སམ་ཞེས་བྱ་བ་ནི་དཔྱད་ནས་སོ། །རྣམ་པར་བརྟགས་ཏེ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་ཆོས་སྟོན་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ལ་རྣམ་
པར་རྟོག་པ་མི་མངའ་བས་སོ། །ཆོས་སྟོན་ཀྱང་དྲན་པ་ཉམས་པ་མི་མངའ་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་པ་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ། དམིགས་
པར་བྱ་བ་དང་། དམིགས་པར་བྱེད་པའི་རང་བཞིན་ཅན་ཆོས་རྣམས་ཀྱི་མཉམ་པ་ཉིད་དོ། །མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་དམིགས་པ་ཡིན་ནོ་ཞེས་པའོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། མི་མཉམ་པ་མ་ཡིན་པ་དང་ཞེས་བྱ་བ་གསུངས་ཏེ། དངོས་པོ་གང་ཡང་
เล่ม ๑๐๔ · หน้า 305b
མི་དམིགས་པས་མི་མཉམ་པ་མེད་པས་སོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་མཉམ་པ་ཉིད་ནི་ཕྱིན་ཅི་མ་ལོག་པའི་རང་བཞིན་ཡིན་པས་ཇི་ལྟ་བ་བཞིན་ནོ། །ཏིང་ངེ་འཛིན་ལས་མི་ཉམས་པ་ལ་རྒྱུ་མཚན་འདྲི་བ་ནི། ཅིའི་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལན་ནི། དེ་བཞིན་ཉིད་ཅེས་
བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་གང་དང་མཉམ་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་ཆོས་ཉིད་དང་མཉམ་པའོ། །དེ་དང་ཏིང་ངེ་འཛིན་མཉམ་པའོ་ཞེས་བྱ་བ་ནི་ཆོས་ཉིད་དང་ཏིང་ངེ་འཛིན་མཉམ་པའོ། །ཏིང་ངེ་འཛིན་གང་དང་མཉམ་པ་དེ་དང་། དེ་བཞིན་གཤེགས་པ་མཉམ་པ་སྟེ་ཞེས་
བྱ་བ་ནི་ཆོས་ཉིད་དང་མཉམ་པའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་མཉམ་པའོ། །འདིའི་དོན་ནི་ཆོས་ཉིད་དང་དེ་བཞིན་གཤེགས་པ་མཉམ་པའོ། །འདིའི་དོན་ནི་ཆོས་ཉིད་དང་དེ་བཞིན་ཉིད་དང་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་རྣམས་ཆོས་ཉིད་ཀྱི་རང་བཞིན་གྱིས་གཅིག་པ་
ཡིན་པས་དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་ལས་མི་ཉམས་པའོ་ཞེས་པའོ། །ཁམས་གསུམ་ཆར་ལ་ཡང་མི་གནས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རང་བཞིན་གྱིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཅིག་པ་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། གང་ཆོས་ཐམས་ཅད་རབ་ཏུ་ཤེས་པ་སྟེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་ཡོངས་སུ་ཤེས་པར་བྱའོ། །གཞན་གྱི་དྲིང་མི་འཇོག་པའི་ཤེས་པའོ་ཞེས་བྱ་བ་ནི། གཞན་གྱིས་བསྟན་པའི་སྟོབས་ལས་མ་བྱུང་བ་སྟེ། སྤྲོས་པ་མཐའ་དག་དང་བྲལ་བའི་ཡེ་
ཤེས་རང་ཉིད་ཀྱིས་ཐུགས་སུ་ཆུད་པའོ། །སེམས་ཅན་གཞན་དག་དང་ཞེས་བྱ་བ་ནི་གང་གིས་གང་ཟག་ཁས་མི་ལེན་པ་དེའི་དབང་དུ་མཛད་ནས་སོ། །གང་ཟག་གཞན་རྣམས་ལ་ཞེས་བྱ་བ་ནི་གང་གིས་གང་ཟག་ཁས་ལེན་པ་དེའི་དབང་དུ་མཛད་ནས་གསུངས་པའོ། །སོ་སོ་ཡང་དག་པར་
རིག་པ་ལ་མཁས་པས་ཚིག་རབ་ཏུ་དབྱེ་བ་ཤེས་པ་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་ལ་མཁས་པ་ཉིད་ཀྱིས་ཚིག་རབ་ཏུ་དབྱེ་བ་སྒྲ་དང་དོན་གྱི་སྒོ་ནས་མཁྱེན་པའོ། །ཚིག་ལ་འཇུག་པས་ཞེས་བྱ་བ་ནི་ཚིག་གི་སྒོ་ནས་སོ། །བསྐལ་པ་བརྒྱ་སྟོང་དུ་གནས་ཤིང་སྟོན་པ་ཤེས་
เล่ม ๑๐๔ · หน้า 306a
པའོ་ཞེས་བྱ་བ་ནི་ཚིག་གཅིག་གི་སྒོ་ནས་བསྐལ་པ་དུ་མ་ན་གནས་པའི་དངོས་པོ་ཐམས་ཅད་སྟོན་ཅིང་མཁྱེན་པ་སྟེ། ཚིག་གཅིག་གི་སྒོ་ནས་དངོས་པོ་ཐམས་ཅད་སྟོན་ནུས་པའི་ཡེ་ཤེས་མངའ་བ་ཡིན་ནོ་ཞེས་པའོ། །ཇི་ལྟར་དྲིས་པ་བཞིན་དུ་ཐེ་ཚོམ་གཅོད་པའི་
ཤེས་པའི་ཞེས་བྱ་བ་ནི་ཇི་ལྟར་དྲིས་པ་བཞིན་དུ་ཐེ་ཚོམ་གཅོད་པའི་ཡེ་ཤེས་མངའ་བའོ། །ཐམས་ཅད་དུ་ཆགས་པ་མེད་པའི་ཡེ་ཤེས་ཤེས་པའོ་ཞེས་བྱ་བ་ནི་གང་ལ་ཡང་མངོན་པར་ཞེན་པ་མེད་པས་སོ། །ཐེག་པ་གསུམ་རྣམ་པར་དགོད་པ་བསྟན་པ་ཤེས་པའོ་ཞེས་བྱ་བ་ནི་ཉན་ཐོས་དང་།
རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་ཀྱི་རྣམ་གཞག་མཛད་པ་ཤེས་པ་སྟེ། རང་བཞིན་གསུངས་པ་མཁྱེན་པའོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ཤེས་པའི་ཤེས་པའོ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་ལ་སོགས་པ་ལ་སྤྱོད་པའི་
དབྱེ་བས་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡང་མཁྱེན་པའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སོ་སོར་ཅི་རིགས་པར་སྟོན་པ་ཤེས་པའོ་ཞེས་བྱ་བ་ནི་སྤྱོད་པ་རེ་རེའི་གཉེན་པོར་ཆོས་ཀྱི་ཕུང་པོ་རེ་རེ་གསུངས་པའི་ཕྱིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདོད་ཆགས་ལ་སྤྱོད་པ་དང་ཞེ་སྡང་ལ་སྤྱོད་
པ་ལ་གང་ལ་གང་འོས་པ་དེ་ལྟར་སྟོན་པས་མཁྱེན་པས་སོ། །མཐའ་ཡས་པ་ཞེས་བྱ་བ་ནི་སྐད་ཅིག་མ་སོ་སོ་ལ་ཆད་པ་མེད་པས་སོ། །དེ་ཉིད་ཀྱི་ཕྱིར་ཟད་པ་མེད་པ་ཞེས་སྨོས་སོ། །ཚད་མེད་པ་བསྟན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་བསྟན་པ་ལ་ཚད་མེད་པས་སོ། །དེ་རྣམས་
སྟོང་པ་ཉིད་ཀྱི་དབང་དུ་མཛད་ནས་གསུངས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཉིས་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་སྒྲའི་རྗེས་སུ་འགྲོ་བའོ་ཞེས་བྱ་བ་ནི་ཉན་ཐོས་རྣམས་ལ་ཆོས་
བསྟན་པའི་སྒོ་ནས། ཐོས་པ་དང་བསམ་པ་དང་། བསྒོམ་པའི་རིམ་པས་ཉོན་མོངས་པའི་སྒྲིབ་པ་སྤོང་བས་སོ། །རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་རྐྱེན་ཁོང་དུ་ཆུད་པའོ་ཞེས་བྱ་བ་ནི་རང་སངས་རྒྱས་རྣམས་སྔར་གྱི་སྐྱེ་བ་གཞན་དུ་སྔར་བདག་མེད་པ་ལ་གོམས་པའི་རྐྱེན་གྱི་དབང་
เล่ม ๑๐๔ · หน้า 306b
གིས་ད་ལྟར་བདག་མེད་པ་ཁོང་དུ་ཆུད་པས་རྣམ་པར་གྲོལ་བའོ། །དེ་ལྟར་ཡང་། སྐྱེ་བ་འདི་ལ་དེ་ཉིད་ཤེས། །མྱ་ངན་འདས་པ་མ་ཐོབ་ཀྱང་། །འབད་པ་མེད་པར་སྐྱེ་གཞན་ལ། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ནི་
ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །མ་འདྲེས་པར་ནི་འཇུག་པར་འགྱུར། །ཞེས་གསུངས་སོ། །ཆགས་པ་དང་འཛིན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི། འདོད་ཆགས་དང་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བའོ། །སྔོན་གྱི་མཐའ་ཡང་
མ་བཅིངས་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ཡིན་པས་འདས་པའི་དུས་དང་མ་འབྲེལ་པའོ། །ཕྱི་མའི་མཐའ་ཡང་མི་འཕོ་ཞེས་བྱ་བ་ནི་མ་འོངས་པའི་དུས་སུ་ཡང་མི་འཕོ་བའོ། །ད་ལྟར་བྱུང་བའི་དུས་ལ་ཡང་མི་གནས་སོ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ལ་ཡང་
མི་གནས་སོ། །འཛིན་པ་ཐམས་ཅད་དང་བྲལ་བ་གང་སྔར་བསྟན་པ་དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། མིག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་དང་གཟུགས་ལ་སོགས་པ་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བའོ་ཞེས་བྱ་བ་ནི། མིག་དང་གཟུགས་སོགས་སྙམ་པའི་
གཉིས་སུ་མངོན་པར་ཞེན་པ་དང་བྲལ་བ་སྟེ། རྣམ་པར་གྲོལ་བ་དེ་ལ་མིག་དང་གཟུགས་ཀྱི་རྣམ་པར་རྟོག་པ་མེད་པའོ། །རྣ་བ་ལ་སོགས་པ་ཡིད་དང་ཆོས་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བ་སྟེ། ཞེས་བྱ་བ་ནི་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་།
རེག་བྱ་དང་། ཡིད་དང་ཆོས་ཀྱི་རྣམ་པར་རྟོག་པ་དང་བྲལ་བའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། འཛིན་པ་མངོན་པར་ཞེན་པ་གནས་ལས་རྣམ་པར་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་དང་གཟུགས་ལ་སོགས་པ་དང་དངོས་པོ་ལ་མངོན་པར་ཞེན་པའི་རྟེན་དུ་མི་
འགྱུར་བའོ། །དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རང་བཞིན་བསྟན་པར་བྱ་བའི་ཕྱིར། སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་གདོད་མ་ནས་མ་སྐྱེས་པའི་ཕྱིར། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ཉོན་མོངས་པའི་དྲི་མས་མ་གོས་
เล่ม ๑๐๔ · หน้า 307a
པའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་ལ། དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་མི་དམིགས་པའི་ཚུལ་གྱིས་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་གྲོལ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་སེམས་རང་བཞིན་གྱིས་འོད་གསལ་བའི་ཤེས་པ་ལ་རྣམ་
པར་གྲོལ་བ་ཞེས་བརྗོད་པས་སོ། །སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི། སྐད་ཅིག་མ་གཅིག་གི་རང་བཞིན་ཅན་གྱི་སེམས་དང་ཤེས་རབ་ཀྱིས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་
སྒྲིབ་པ་དང་བྲལ་བའི་དེ་ཁོ་ན་ཉིད་ལ་ཆ་ཤས་མེད་པའི་ཕྱིར་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གསུམ་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅུ་བཞི་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲས་བུ་ཡོད་པའི་ཆོས་སྟོན་པའོ་ཞེས་བྱ་བ་ནི་གལ་ཏེ་དེ་བཞིན་གཤེགས་པའི་ཆོས་སྟོན་པ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་མ་ཡིན་ན། དེའི་ཚེ་འབྲས་བུ་མེད་
པར་འགྱུར་བ་ལས་དེ་ལྟར་མ་ཡིན་ན་ཆོས་སྟོན་པ་འབྲས་བུ་དང་བཅས་པའོ། །ཆད་པར་ལུང་སྟོན་པའོ་ཞེས་བྱ་བ་ནི་དངོས་པོ་གང་ལ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་འགྱུར་གྱི་གཞན་དུ་མ་ཡིན་པའོ། །ཤིན་ཏུ་ངེས་པའི་ཚིག་སྨྲ་བའོ་ཞེས་བྱ་བ་ནི། དོན་དང་ལྡན་པའི་ཚིག་གསུངས་པའོ། །ཀུན་
ཤེས་པར་བྱེད་པའོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དབྱིངས་ཡང་དག་པར་སྟོན་པས་སོ། །རྣམ་པར་ཤེས་པར་བྱེད་པའོ་ཞེས་བྱ་བ་ནི་བསམ་དུ་ཡོད་པའི་སྦྱིན་པ་ལ་སོགས་པ་ཡང་དག་པར་སྟོན་པའོ། །མི་མཐོ་བའི་ཞེས་བྱ་བ་ནི་བསྟོད་པས་ཉོན་མོངས་པ་ཅན་དུ་མི་འགྱུར་བའོ། །མི་
དམའ་བའོ་ཞེས་བྱ་བ་ནི་སྨད་པས་ཉོན་མོངས་པ་ཅན་དུ་མི་འགྱུར་བའོ། །མི་གཡོ་བ་ཞེས་བྱ་བ་ནི་མ་སྦས་པར་ཆོས་སྟོན་པའོ། །ལྡབ་ལྡིབ་མ་ཡིན་པའོ་ཞེས་བྱ་བ་ནི་དོན་གསལ་བར་དམིགས་པའོ། །ནམ་མཁའི་ཚད་དུ་རྗེས་སུ་འགྲོ་བའོ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའི་ཚད་མེད་པ་དེ་བཞིན་དུ་བཅོམ་ལྡན་
เล่ม ๑๐๔ · หน้า 307b
འདས་ཀྱི་གསུང་ཡང་ཡིན་པས་སོ། །རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའོ་ཞེས་བྱ་བ་ནི་སྔར་བསྟན་པའི་ཡོན་ཏན་རྣམས་དང་ལྡན་པའོ། །ཡན་ལག་དྲུག་ཅུ་དང་ལྡན་པའོ་ཞེས་བྱ་བ་ནི་ཀུན་ཤེས་པར་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་ལ་སོགས་པའི་རྣམ་པ་དྲུག་ཅུ་དང་ལྡན་པའོ། །དེ་
རྣམས་དེ་བཞིན་གཤེགས་པའི་གསང་བའི་མདོ་དང་། མདོ་སྡེ་རྒྱན་ལས་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ལྔ་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་སེམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་
ཞེས་བྱ་བ་ནི་ཀུན་གཞི་རང་བཞིན་གྱིས་སེམས་སུ་བརྗོད་པར་བྱ་བ་མ་ཡིན་ཏེ། བཅོམ་ལྡན་འདས་ནི་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ཉིད་ཡིན་ནོ་ཞེས་བརྗོད་དུ་མེད་པ་ཡིན་ནོ་ཞེས་པའོ། །ཡིད་ཀྱི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རང་བཞིན་ཅན་
ཡིན་ནོ་ཞེས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ། །རྣམ་པར་ཤེས་པས་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གི་རང་བཞིན་ཅན་ཡིན་ནོ་ཞེས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ། །གལ་ཏེ་དེ་བཞིན་གཤེགས་པ་ཀུན་གཞི་
རྣམ་པར་ཤེས་པ་ལ་སོགས་པའི་རང་བཞིན་ཅན་མ་ཡིན་ན་ཇི་ལྟ་བུའི་རང་བཞིན་ཅན་ཡིན་ཞེ་ན། དེ་ལ་ལན་ནི། ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་སྟེ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་མ་དམིགས་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ཀྱིས་དེའི་རང་བཞིན་མཚོན་པར་བྱེད་པའོ། །དེ་ཉིད་ཀྱི་བཤད་པ་
ནི་ཡེ་ཤེས་ཀྱི་བདག་པོར་གྱུར་པའོ་ཞེས་གསུངས་ཏེ། ཡེ་ཤེས་ཀྱི་སྒོ་ནས་དེ་བཞིན་གཤེགས་པའི་ཐ་སྙད་བྱེད་པའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་དུ་ཟིན་ཀྱང་། དེ་བཞིན་གཤེགས་པའི་ཡིད་ཀྱི་ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་དེ་རྣམས་ཐམས་
ཅད་གདུལ་བྱ་རྣམས་ཀྱིས་བརྟགས་པའི་ཡིད་ཀྱི་ལས་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །བཅོམ་ལྡན་འདས་ཡེ་ཤེས་ཀྱི་རང་བཞིན་ཡིན་ལ། དེ་ཡང་དུས་ཐམས་ཅད་དུ་ཡོད་པས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་
เล่ม ๑๐๔ · หน้า 308a
གསུངས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་སོང་བའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་མཁྱེན་པས་སོ། །ཆོས་ཐམས་ཅད་ལ་ངེས་པར་བསམས་པས་སོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་མཁྱེན་པས་སོ། །
ལམ་གྱི་ཡན་ལག་ཤིན་ཏུ་བསྒོམས་པས་སོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐམས་ཅད་བདག་ཉིད་ཀྱིས་བསྐྱེད་པ་ཡིན་པས་སོ། །དམིགས་པ་ལ་ཤིན་ཏུ་འདས་པའོ་ཞེས་བྱ་བ་ནི་དམིགས་པར་བྱ་བའི་དངོས་པོ་ཅུང་ཟད་ཀྱང་མེད་པས་སོ། །རྐྱེན་ལས་སྐྱེ་བ་དང་བྲལ་བའོ་ཞེས་བྱ་བ་ནི་རྒྱུ་དང་
འབྲས་བུ་དག་མི་རིགས་པས་སོ། །སྲིད་པ་གསུམ་གསལ་བའོ་ཞེས་བྱ་བ་ནི་སྲིད་པ་གསུམ་གྱི་འགྲོ་བས་མ་བསྡུས་པའོ། །བདུད་ཀྱི་ལས་ཐམས་ཅད་ལས་རྣམ་པར་གྲོལ་བའོ་ཞེས་བྱ་བ་ནི་བདུད་ཀྱིས་གླགས་མི་རྙེད་པའོ། །ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་སྟེ་ཞེས་བྱ་བ་ནི་སྟོང་
པ་ཉིད་དང་རོ་གཅིག་པའོ། །དེ་བཞིན་གཤེགས་པའི་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་དྲུག་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པ་མེད་ཅིང་ཞེས་བྱ་བ་ནི་ལྟོས་པ་མེད་པའོ། །ཐོགས་
པ་མེད་པའོ་ཞེས་བྱ་བ་ནི་གང་ལ་ཡང་ཐོགས་པ་མེད་པའོ། །ཡེ་ཤེས་མཐོང་བ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་གཟིགས་པའོ། །དེ་དག་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་རྣམས་སོ། །མངོན་སུམ་གྱི་ཤེས་པ་དང་རྗེས་སུ་འགྲོ་བའི་ཤེས་པས་ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱིས་བརྟགས་པའི་
མཉམ་གཞག་དང་རྗེས་ཀྱི་ཤེས་པས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་བདུན་པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་འོངས་པའི་སེམས་ཀྱི་རྒྱུད་བསྐལ་པར་འགྱུར་བ་མ་ཡིན་པར་ཞེས་བྱ་བ་ནི་ད་ལྟ་བ་ཉིད་དུ་གསལ་
བར་མི་རིགས་པས་སོ། །མ་འོངས་པ་ལ་ལྟ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ་ཞེས་བྱ་བ་ནི་མ་འོངས་པའི་དུས་སུ་འདི་ལྟར་འབྱུང་ངོ་ཞེས་བྱ་བའམ། ཡང་ན་མ་འོངས་པའི་དུས་སུ་ཁྱེད་ཀྱིས་འདི་ལྟ་བུ་བྱ་དགོས་སོ་ཞེས་ཆོས་སྟོན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་
เล่ม ๑๐๔ · หน้า 308b
པ་མདོའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཐམས་ཅད་ཅེས་བྱ་བ་ནི་བྲམ་ཟེ་ལ་སོགས་པའི་རིགས་རྣམས་སོ། །སའི་རྡུལ་ཕྲ་རབ་དང་རྡུལ་གྱི་ཆར་དགོད་པ་ཐམས་ཅད་ནི་རབ་ཏུ་བགྲང་བའི་ཚུལ་གྱིས་རབ་ཏུ་ཤེས་སོ་ཞེས་བྱ་
བ་ནི་སའི་ཁམས་ཐམས་ཅད་ལ་རྡུལ་ཕྲ་རབ་དང་རྡུལ་འདི་ཙམ་ཞིག་ཡོད་དོ་ཞེས་བགྲང་བའི་ཚུལ་གྱིས་ཤེས་པའོ། །སྐྲའི་རྩེ་མོས་བླངས་པ་ཞེས་བྱ་བ་ནི་ཆུའི་ཁམས་ལ་སྐྲའི་རྩེ་མོས་བླངས་ན་སྐྲའི་རྩེ་མོ་འདི་ཙམ་ཞིག་ལོངས་པར་འགྱུར་རོ་ཞེས་ཤེས་པར་འགྱུར་བ་ཡིན་ནོ། །མེའི་ཁམས་
ཀྱི་སྐྱེ་བ་དང་འགག་པའི་ཞེས་བྱ་བ་ནི་མེའི་ཁམས་ཀྱི་སྐད་ཅིག་མ་སོ་སོ་ལ་ཡོད་པའི་སྐྱེ་བ་དང་འགག་པ་གྲངས་ཀྱི་སྒོ་ནས་མཁྱེན་པའོ། །རླུང་གི་ཁམས་ཐམས་ཅད་གཟུགས་སུ་གྱུར་པ་ལས་བབ་པའི་ཚུལ་དང་ཞེས་བྱ་བ་ནི་གཟུགས་ཅན་རྣམས་ལ་རླུང་རྣམས་འགྱུར་བྱེད་པའི་ཚུལ་གྱིས་
མཁྱེན་པ་ཡིན་ཏེ། རླུང་གི་ཁམས་ཀྱིས་གཟུགས་ལ་རྣམ་འགྱུར་འབྱུང་བས་སོ། །ནམ་མཁའི་ཁམས་ཐམས་ཅད་སྐྲའི་རྩེ་མོས་རྒྱས་པར་དག་པའི་ཚུལ་གྱིས་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ནམ་མཁའི་ཁམས་སྐྲའི་རྩེ་མོའི་ཆ་འདི་ཙམ་ཞིག་གིས་ཁེངས་པ་ཡིན་ནོ་ཞེས་བྱ་བ་མཁྱེན་པའོ། །
དེ་བཞིན་གཤེགས་པ་ལ་ནི་གཉིས་ཀྱིས་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་མེད་ཅིང་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དག་མི་མངའ་བ་དང་། སངས་རྒྱས་ཀྱི་ཞིང་ལ་སོགས་པ་ཡོངས་སུ་མཁྱེན་པའི་གདུལ་བྱ་རྣམས་ཀྱིས་བརྟགས་པ་ཡིན་པས་སོ། །དེ་ལྟར་སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་རྣམས་ཀྱི་མཚན་ཉིད་བསྟན་ནས། རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་རྣམ་པ་ཀུན་ཏེ་ངོ་བོ་དང་། ཁྱད་པར་གྱི་མཚན་ཉིད་དང་། དབྱེ་བའི་རྣམ་པས་
མཁྱེན་པ་ནི་རྣམ་པ་ཀུན་མཁྱེན་པའོ། །འདི་ཡང་གདུལ་བྱའི་དབང་དུ་བྱས་ནས་བརྟགས་པ་ཡིན་གྱི། དོན་དམ་པར་ནི་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་ནི་རྣམ་པ་ཀུན་མཁྱེན་པའི་ཡེ་ཤེས་སོ། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །ཅེས་བྱ་བ་ནི་འདི་ཁོ་ན་
เล่ม ๑๐๔ · หน้า 309a
ལ་ཆོས་ཐམས་ཅད་ཤིན་ཏུ་གསལ་བར་སྣང་བས་སོ། །གཞན་ནི་ཞེས་བྱ་བ་ནི་ཀུན་ཤེས་པ་ཉིད་དོ། །ཉི་ཚེ་བ་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་མི་ཤེས་པས་སོ། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་བྱ་བ་ནི་དེ་ཉིད་ཀྱི་ཕྱིར་མངོན་སུམ་
དུ་འདོད་པ་མ་ཡིན་ཏེ། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་ཉིད་གསུམ་དང་གྲངས་མེད་གཟིགས། །ཞེས་གསུངས་སོ། །དེ་ལྟར་ཆོས་རྣམས་ཀྱི་མཚན་ཉིད་བསྟན་ནས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་
གསུངས་ཏེ། འདུས་བྱས་ཞེས་བྱ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་དོ། །འདུས་མ་བྱས་ཀྱི་མཚན་ཉིད་གང་ཞེས་བྱ་བ་ནི་མི་སྒྲིབ་པ་ལ་སོགས་པའོ། །མི་དམིགས་པ་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། ད་ལྟར་བ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་གནས་ཤིང་ཞེས་བྱ་བ་ནི་གལ་
ཏེ་ད་ལྟར་གནས་པ་ཡིན་ན། དེའི་ཚེ་སྐྱེ་བ་དང་འཇིག་པ་རང་བཞིན་ཅན་གྱི་ཐོག་མ་དང་ཐ་མ་ཡོད་པར་འགྱུར་ལ། སྐྱེ་བ་དང་གནས་པ་དང་འཇིག་པའི་དུས་སུ་དངོས་པོ་ཡོད་པར་ཁས་བླངས་པས་དངོས་པོ་རྣམས་ཀྱི་སྐད་ཅིག་མ་ཆ་གསུམ་དུ་འགྱུར་བས་སྐད་ཅིག་མར་མི་འགྱུར་བའོ། །དེས་ན་ད་
ལྟར་བ་ལ་གནས་པ་མེད་པས་ད་ལྟར་བ་མི་གནས་པ་ཞེས་བྱའོ། །དེ་ལྟར་ཡང་། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་དང་དབུས་བརྟགས་དགོས། །དེ་ལྟར་སྐད་ཅིག་གསུམ་བདག་ཕྱིར། །འཇིག་རྟེན་སྐད་ཅིག་གནས་པ་མིན། །ཞེས་གསུངས་སོ། །འདས་དང་མ་འོངས་
ཡོད་པ་མིན། །ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དག་ད་ལྟར་བའི་དུས་ན་མེད་པ་དང་། རང་གི་དུས་ན་ད་ལྟར་བཞིན་དུ་ཐལ་བར་འགྱུར་བས་འདས་པ་དང་མ་འོངས་པ་དག་ཡོད་པ་མ་ཡིན་ནོ་ཞེས་བྱའོ། །གང་དུ་དེ་དག་མི་དམིགས་པ་ཞེས་བྱ་བ་ནི་དུས་གསུམ་དུ་འདས་པ་ལ་སོགས་པའི་
དུས་གསུམ་མི་དམིགས་པའོ། །དེ་ལ་མི་དམིགས་པ་ཞེས་བརྗོད། །ཅེས་བྱ་བ་ནི་དུས་གང་ལ་འདས་པ་ལ་སོགས་པ་མ་དམིགས་པས་མི་དམིགས་པ་ཞེས་བྱའོ། །མི་དམིགས་པ་ཞེས་བྱ་བ་ནི་དུས་གསུམ་གྱི་རང་བཞིན་གྱི་དུས་སོ། །དེ་རང་ངོ་བོ་དེ་ཡིས་དབེན། །ཞེས་བྱ་བ་ནི་དུས་
เล่ม ๑๐๔ · หน้า 309b
གསུམ་པོ་དུས་གསུམ་གྱི་རང་བཞིན་གྱིས་སྟོང་པའོ། །ཐེར་ཟུག་གནས་མིན་འཇིག་མིན་པ། །ཞེས་བྱ་བ་ནི་སྔར་བཞིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར་འདས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་ཞེས་བྱ་བ་ནི་དུས་སུའོ། །མི་དམིགས་པ་ཞེས་བྱ་བ་ནི་མི་
དམིགས་པའི་ཕྱིར་དུས་གསུམ་ལ་མི་དམིགས་པ་ཞེས་བྱའོ། །མི་དམིགས་པ་སྟོང་ངོ་ཞེས་བྱ་བ་ནི་དུས་གསུམ་གྱི་རང་བཞིན་གྱིས་སྟོང་པ་ཡིན་ནོ་ཞེས་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། རྐྱེན་ལས་བྱུང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་
པོ་རྣམས་ལ་འདུས་པའི་ངོ་བོ་སྟེ། ཚོགས་པ་ཡོད་པས་རང་བཞིན་གང་སྐྱེ་བ་དེ་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལན་ནི། རྐྱེན་ལས་བྱུང་ཕྱིར་ཞེས་བྱ་བ་གསུངས་ཏེ། རྒྱུ་དང་རྐྱེན་གྱི་དབང་གིས་སྐྱེ་བས་སོ། །དེ་ཡང་རང་བཞིན་རྒྱུ་དང་རྐྱེན་དག་ལས། །སྐྱེ་བར་འགྱུར་བ་ཡོད་མ་
ཡིན། །ཞེས་བྱ་བ་དེར་བསྟན་ཏོ། །འདུས་པ་དེ་ནི་དེ་ཉིད་ཀྱིས་སྟོང་པ་ཉིད་ཅེས་པ་ནི་འདུས་པ་སྟེ། ཚོགས་པའི་རང་བཞིན་གྱི་དངོས་པོ་ཡིན་ལ། དེ་ཡང་ཚོགས་པ་རྙེད་ནས་སྐྱེ་བ་ཡིན་པས་རང་བཞིན་དུ་མི་འགྱུར་བས་དངོས་པོ་མེད་པ་ཉིད་ཡིན་ནོ། །དེས་ན་དངོས་པོ་མེད་པས་སྒྲས་ནི་
ཚོགས་པ་ལས་སྐྱེ་བའི་དངོས་པོ་བརྗོད་པ་ཡིན་ལ། དེ་དེའི་རང་བཞིན་གྱིས་སྟོང་པ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །འདུས་པ་ཞེས་བྱ་བའི་སྒྲ་འདིས་ཚོགས་པ་ལས་བྱུང་བའི་དངོས་པོ་ཐམས་ཅད་མཚོན་པར་བྱའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར།
འདུས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུས་པ་ལས་བྱུང་བའོ་ཞེས་བྱ་བ་ནི་ཚོགས་པ་ཡོད་ན་འབྱུང་བ་ཡིན་པས་འདུས་པ་ལས་བྱུང་བ་སྟེ། འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་འདུས་པ་ལ་ངོ་བོ་མེད་ན་ཅི་ཞིག་ཡིན་ཞེ་ན། ལན་ནི། དངོས་པོ་མེད་པ་ཉིད་ཡིན་ལ། །ཞེས་
བྱ་བ་གསུངས་ཏེ། འབྲས་བུ་ནི་དངོས་པོ་མེད་པའི་རང་བཞིན་ཅན་ནོ། །དེ་ལྟར་སྟོང་པ་ཉིད་བཅུ་དྲུག་རྒྱས་པར་བསྟན་ནས། མདོར་བསྡུས་ཏེ་སྟོང་པ་ཉིད་བཞི་རྒྱས་པར་བསྟན་པར་བྱ་བའི་ཕྱིར་དང་པོ་དངོས་པོ་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། དངོས་པོའི་སྒྲས་ནི་ཞེས་བྱ་བ་ལ་སོགས་པ་
เล่ม ๑๐๔ · หน้า 310a
གསུངས་ཏེ། འབྱུང་བར་འགྱུར་བས་ནི་དངོས་པོའི་སྒྲས་མདོར་བསྡུས་ན་ཕུང་པོ་ལྔ་བརྗོད་པ་ཡིན་ནོ། །དེ་རྣམས་ཞེས་བྱ་བ་ནི་ཕུང་པོ་ལྔའོ། །དེ་ཡང་ཞེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན་ཉིད་ཀྱིས་སོ། །དངོས་པོ་མེད་པའི་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། མདོར་
བསྡུ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་འབྱུང་བས་དངོས་པོ་མེད་པའི་སྒྲས་ནི་ནམ་མཁའ་ལ་སོགས་པ་འདུས་མ་བྱས་རྣམས་བརྗོད་པའོ། །དེ་ཉིད་ཅེས་བྱ་བ་ནི་འདུས་མ་བྱས་སོ། །དངོས་མེད་དེ་སྟོང་ཉིད་ཅེས་བྱ་བ་ནི་འདུས་མ་བྱས་ཀྱི་རང་བཞིན་གྱིས་སོ། །ཟློས་པའི་
སྐྱོན་ནི་ཡོད་པ་མ་ཡིན་ཏེ། སྔར་རྒྱས་པར་བསྟན་ནས་འདིར་མདོར་བསྡུས་ནས་བསྟན་པས་སོ། །རང་བཞིན་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་ནི་ཆོས་ཉིད་ཡིན་ལ། དེའི་ངོ་བོ་ཉིད་མེད་པ་སྟེ། སྟོང་པ་ཉིད་གང་ཡིན་པ་
དེ་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །ཆོས་ཉིད་ལ་རང་བཞིན་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། དེ་ལ་ལན་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་གྱི་དངོས་པོ་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་
སྒྲས་ནི་མཆོག་ཏུ་གྱུར་པའི་དོན་བརྗོད་པ་ཡིན་ཏེ། སངས་རྒྱས་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟོང་པ་ཉིད་ཡོད་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་ནང་ནས་སྟོང་པ་ཉིད་ལ་མཆོག་ཏུ་གྱུར་པ་ཞེས་བྱ་སྟེ། བཅོས་མ་མ་ཡིན་པ་ཉིད་ལ་སོགས་པའི་རང་བཞིན་གྱི་མཚན་ཉིད་དང་ལྡན་པས་
སོ། །དངོས་པོ་གཞན་རྣམས་ནི་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཡོད་པས་སོ། །སྟོང་པ་ཉིད་དེ་ལ་ཡང་དག་པའི་མཐའ་ཞེས་བྱ་སྟེ། ཆོས་ཐམས་ཅད་དེའི་མཐར་ཐུག་པས་སོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་རྟག་ཏུ་རྣམ་འགྱུར་མེད་པར་དེ་བཞིན་དུ་གནས་པས་སོ། །དེ་བཞིན་དངོས་
པོ་སྟོང་ཉིད་དོ། །ཞེས་བྱ་བ་ནི་གཞན་གྱི་དངོས་པོ་ནི་སྟོང་པ་ཉིད་ཡིན་ལ། དེས་སྟོང་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་དོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གཞན་མེད་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་དངོས་པོའི་སྒྲའི་དོན་གཞན་བསྟན་པར་བྱ་བའི་ཕྱིར།
เล่ม ๑๐๔ · หน้า 310b
རྣམ་པ་གཅིག་ཏུ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཏེ་ཡེ་ཤེས་ཕུལ་དུ་བྱུང་བ་ཡིན་ལ། དེའི་དངོས་པོ་ནི་ཡུལ་ཡིན་པས་ཡེ་ཤེས་ཕུལ་དུ་བྱུང་བས་རྟོགས་པར་བྱ་བ་ལ་གཞན་གྱི་དངོས་པོ་མེད་ཅེས་བྱ་སྟེ། སྟོང་པ་ཉིད་དོ། །དེའི་སྟོང་པ་ཉིད་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་
དོ། །གཞན་གྱི་དངོས་པོའི་སྒྲའི་དོན་སྟོན་པ་ནི། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་དངོས་པོ་ནི་འཁོར་བ་ལས་འདས་པའི་ཕྱིར་འཁོར་བ་ལས་གཞན་པའི་དངོས་པོ་ལ་གཞན་གྱི་དངོས་པོ་ཞེས་བྱ་སྟེ། དེས་ན་གཞན་གྱི་དངོས་པོའི་སྒྲས་ནི་དེ་ཁོ་ན་ཉིད་དང་། སྟོང་པ་ཉིད་
དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་བརྗོད་པ་ཡིན་ལ། དེ་སྟོང་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །ཁྱོད་ཀྱིས་སྟོང་པ་ཉིད་འདི་རྣམས་གར་མཐོང་སྙམ་ན། དེ་ལ་ལན་ནི། ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་མདོ་ལས། སྟོང་པ་ཉིད་ཉི་ཤུ་པོ་འདི་རྣམས་གསལ་བར་མཛད་པས་སོ། །འདིས་ནི་རང་དགའ་ཉིད་སྤངས་པ་ཡིན་ནོ། །ས་དྲུག་པའི་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བ་བརྗོད་པའི་
སྒོ་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་འོད་ཟེར་གྱིས་དངོས་པོ་ཐམས་ཅད་གསལ་བར་སྣང་བ་ལ་སོགས་པའི་མཚན་ཉིད་ཅན་དུ་སྟོན་པས་སོ། །དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པ་ཞེས་བྱ་བ་ནི་སྔར་བསྟན་པའི་རྣམ་པར་དཔྱད་པས་ཤེས་རབ་ཀྱི་འོད་ཟེར་གྱིས་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་
གསལ་བར་སྣང་བའི་ཕྱིར་རོ། །ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ་བ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་སྟོབས་ཀྱིས་རྣམ་པར་རྟོག་པའི་དྲ་བ་མཐའ་དག་དང་བྲལ་བའི་མཚན་ཉིད་ཅན་གྱི་འགོག་པ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་སོ། །དོན་དམ་པར་
སེམས་དང་སེམས་ལས་བྱུང་བ་རྣམས་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་འགོག་པ་མེད་པ་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་འགོག་པ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་བྱ་བ་གསུངས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར།
เล่ม ๑๐๔ · หน้า 311a
དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བཤད་པ་རྣམ་པར་བཤད་པ་ཉེ་བར་བསྟན་པའི་དོན་དུའོ་ཞེས་བྱ་བ་ནི། བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་རྣམ་པར་དཔྱད་པ་གང་བསྟན་པ་དེ་བསྟན་པར་བྱ་བའི་དོན་དུའོ། །སྣང་བའི་བཤད་པ་ནི།
དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པའི་མུན་པ་འཇོམས་པའི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ཀུན་རྫོབ་ཀྱི་བདེན་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་འགོག་པའི་རྣམ་གཞག་བྱེད་པས་སོ། །འགོག་པའི་ངོ་བོས་ཞེས་བྱ་བ་ནི་འགོག་
པའི་བསམ་པས་སོ། །འགྲོ་བ་ཡོངས་སུ་སྐྱོབ་པའི་བསམ་པས་ཡོངས་སུ་འདོར་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཐུགས་རྗེས་ཡོངས་སུ་མི་འདོར་བས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྙིང་རྗེ་ཡོངས་སུ་མི་འདོར་བ་ནི་སྦྱོར་བ་དང་རྗེས་
ཀྱི་དུས་ན་ཡིན་ན་དངོས་གཞིའི་དུས་ན་ནི་སྟོང་པ་ཉིད་དང་རོ་གཅིག་ཏུ་འགྱུར་རོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདིའི་སྦྱོར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་ནི་འཁོར་བར་གཏོགས་པ་ཡིན་པ་ཞེས་བྱ་བ་ནི་སྙིང་རྗེའི་སྟོབས་ཀྱིས་འཁོར་བ་ཇི་སྲིད་པར་གནས་པའི་
དོན་དུ་སྦྱོར་བར་བྱེད་པས་སོ། །ལྷག་པའི་བསམ་པ་ནི་མྱ་ངན་ལས་འདས་པར་གཏོགས་པ་ཡིན་པས་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྒོ་ནས་སྟོང་པ་ཉིད་བསྒོམ་པ་འཇུག་པས་སོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ས་བདུན་པ་ནས་བརྩམས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཟིལ་
གྱིས་གནོན་པའི་ནུས་པ་ཡོད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་གོང་ཞེས་བྱ་བ་གསུངས་ཏེ། དེ་གོང་ཞེས་བྱ་བ་ནི་ས་དྲུག་པའི་གོང་སྟེ། བདུན་པ་ཡན་ཆད་དུའོ། །བདེ་གཤེགས་གསུང་སྐྱེས་ཞེས་བྱ་བ་ནི་ཉན་ཐོས་རྣམས་སོ། །སངས་རྒྱས་འབྲིང་ཞེས་བྱ་བ་ནི་རང་སངས་རྒྱས་རྣམས་
སོ། །བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཞེས་བྱ་བ་ནི་མཚན་མ་མེད་པའི་ལམ་དང་། རང་གི་ངང་གིས་འཇུག་པའི་ཡོན་ཏན་དེ་དག་ལ་མེད་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་བར་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནས་བརྩམས་ཏེ། དེ་རྣམས་
เล่ม ๑๐๔ · หน้า 311b
ཀྱི་ཡོན་ཏན་གྱི་མཐའ་སོན་པ་ཉིད་དུ་བསྟན་པའི་ཕྱིར། ཀུན་རྫོབ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ངང་པའི་རྒྱལ་པོ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་བྱ་བ་སྦྱར་ཏེ། འདིར་བྱང་ཆུབ་སེམས་དཔའ་ལ་ངང་པའི་རྒྱལ་པོ་ཞེས་བྱའོ། །ངང་པའི་རྒྱལ་པོ་ལ་གཤོག་པ་ཡོད་པས་འདིར་
གཤོག་པ་གང་ཡིན་ཞེ་ན། ལན་ནི། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་སྟེ་སྦྱིན་པ་ལ་སོགས་པ་དང་། དེ་ཉིད་དེ་སྟོང་པ་ཉིད་འདི་ལ་གཤོག་པ་དཀར་པོ་སྟེ། ཉོན་མོངས་པའི་དྲི་མ་དང་བྲལ་བ་ཡོད་པ་སྟེ། ཀུན་རྫོབ་ཀྱི་བདེན་པའི་
སྒོ་ནས་སེམས་ཅན་གྱི་དོན་བྱེད་ཅིང་དོན་དམ་པའི་སྒོ་ནས་སྟོང་པ་ཉིད་ལ་ཞུགས་ནས་ཡོན་ཏན་གྱི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་སྟེ། སངས་རྒྱས་ཉིད་ཐོབ་པར་བྱེད་པ་ཡིན་ནོ་ཞེས་པའོ། །དེ་གཅིག་པུ་འགྲོ་བའམ་གཞན་དག་དང་ལྷན་ཅིག་ཏུ་འགྲོའོ་ཞེ་ན། དེ་ལ་ལན་ནི། དེ་ནི་སྐྱེ་བོ་ངང་པ་ཡིས། །
མདུན་དུ་བདར་ནས་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གཞན་ཡང་རྒྱལ་བའི་ཡོན་ཏན་གྱི་རྒྱ་མཚོའི་ཕ་རོལ་ཐོབ་པར་བྱེད་པ་ཡིན་ནོ་ཞེས་པའོ། །དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །ཞེས་བྱ་བ་ནི་ཇི་ལྟར་ངང་པ་རླུང་གི་སྟོབས་ཀྱིས་འགྲོ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་
ཡང་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་སྟོབས་ཀྱིས་བཞུད་པའོ། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་བྱ་བ་ལ་རྒྱལ་བའི་ཡོན་ཏན་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡིན་ལ། དེ་རྣམས་ཉིད་རྒྱ་མཚོ་ཡིན་ཏེ། དེ་རྣམས་ཀྱི་མཐའ་རྟོགས་པར་
དཀའ་བས་སོ། །ཕ་རོལ་མཆོག་ཏུ་འགྲོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སའི་གནས་སྐབས་ན་ཡོན་ཏན་རྣམས་མཆོག་ཏུ་རབ་ཀྱི་མཐར་འགྲོ་བས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཀྱི་ཡོན་ཏན་རྣམས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་
པ་ལ་སོགས་པ་རྣམས་སོ། །སྐྱེ་བོའི་ངང་པ་ཕུལ་དུ་བྱུང་བ་སྐྱེད་པ་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི་གང་གི་ཚེ་གཅིག་པུ་འགྲོ་བར་འགྱུར་ན་དེའི་ཚེ་འདི་ཆེན་པོ་ཉིད་དུ་མི་འགྱུར་ལ། གང་གི་ཚེ་སྐྱེ་བོའི་ངང་པ་རྣམས་དང་ལྷན་ཅིག་འགྲོ་བར་གྱུར་ན་དེའི་ཚེ་འདི་ཆེན་པོ་ཉིད་དུ་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་
เล่ม ๑๐๔ · หน้า 312a
ཕུལ་དུ་བྱུང་བ་བསྐྱེད་པ་རྣམས་དང་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ལ་ལྷག་པར་ཕུལ་དུ་བྱུང་བར་སྐྱེད་པར་བྱེད་པས་སོ། །སེམས་བསྐྱེད་པ་དྲུག་པའི་འགྲེལ་པ་བཤད་པའོ།། །།སེམས་བསྐྱེད་པ་བདུན་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་བསྟན་
པར་བྱ་བའི་ཕྱིར་ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུན་པའི་ཞེས་བྱ་བ་ནི་སེམས་བསྐྱེད་པ་བདུན་པའོ། །རིང་དུ་སོང་བ་ཞེས་བྱ་བ་ནི་ས་འདིར་བྱང་ཆུབ་ཀྱི་ཕྱོགས་དང་། བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལ་དམིགས་པའི་མཚན་མ་མེད་པ་ལ་གནས་པ་ལ་རྩོལ་
བས་འཇུག་པའི་ཕྱིར་རིང་དུ་སོང་བ་ཞེས་བྱ་སྟེ། མཚན་མ་མེད་པ་ལ་གནས་པ་སྔར་མེད་པ་དེ་ལྟར་ཐོབ་པས་སོ། །འདི་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །འགོག་པར་འཇུག་འགྱུར་ཞིང་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལའོ། །ཐབས་ཀྱི་ཕ་རོལ་ཕྱིན་པ་ལེགས་འབར་བ་ཐོབ་
ཅེས་བྱ་བ་ནི་ཆོས་གང་སྒྲུབ་པ་དང་འཕེལ་བ་དང་ཐོབ་པའི་དོན་དུའམ། སྤངས་པའི་དོན་དུ་རིགས་པ་དེ་དེའི་ཐབས་ཞེས་བྱའོ། །དེ་ལ་མཁས་པ་ནི་རབ་ཏུ་ཤེས་པ་ཡིན་ལ། དེ་ཉིད་ཕ་རོལ་ཏུ་ཕྱིན་པ་ལེགས་པ་ཉིད་ཡིན་ཏེ། གནས་སྐབས་འདིར་ཐབས་ལ་མཁས་པ་རབ་ཀྱི་མཐར་སོན་པས་སོ། །
དེ་ཤེས་རབ་གང་གིས་ཐོབ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཐབས་ལ་མཁས་པ་ཤེས་རབ་རབ་ཏུ་འགྱུར་བས་སོ། །འདིར་མཁས་པའི་སྒྲ་ནི་མི་མངོན་པར་བྱས་པ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འགོག་པ་ཞེས་བྱ་བ་གསུངས་ཏེ། ཡང་དག་པའི་དངོས་པོ་རྣམས་ཀྱི་མཐའ་སྟེ།
མཐར་ཐུག་པ་ནི་སྟོང་པ་ཉིད་ཡིན་ཏེ། དེ་ལས་གཞན་པའི་ཡང་དག་པའི་མཐའ་མེད་པས་སོ། །དེ་ལ་སྙོམས་པར་འཇུག་པ་ནི་དེ་ལ་རབ་ཏུ་འཇུག་པས་སོ། །སྟོང་པ་ཉིད་ལ་འགོག་པ་ཞེས་བརྗོད་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། འདིར་སྤྲོས་པ་ཐམས་ཅད་འགོག་པར་འགྱུར་བའི་ཕྱིར་རོ་ཞེས་
གསུངས་པ་ལ། འདིར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལའོ། །སྤྲོས་པ་ཐམས་ཅད་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་དོ། །སྐད་ཅིག་དང་སྐད་ཅིག་ལ་འགོག་པ་ལ་སྙོམས་པར་འཇུག་པ་ལ། མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་
เล่ม ๑๐๔ · หน้า 312b
མངོན་སུམ་དུ་བྱས་ཞེས་ནི་མི་བྱའོ་ཞེས་བྱ་བ་ནི་འགོག་པ་མངོན་དུ་བྱས་ན་དེ་ལས་མི་ལྡང་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་ཡང་ཤེས་རབ་ཀྱི་རང་བཞིན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཤེས་རབ་ཉིད་ཅེས་བྱ་བ་ལ་སོགས་
པ་གསུངས་ཏེ། དེ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་རང་བཞིན་ཇི་ལྟར་ཡིན་པ་དེ་ནི་སྔར་བསྟན་ཟིན་ཏོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། འདི་ལྟར་གང་སྐྱེ་ཞིང་སྐྱེ་བར་སངས་རྒྱས་འབྱུང་བ་ལ་མཉེས་པར་བགྱིད་པ་དང་། སྦྱིན་པ་ལ་སོགས་པ་
ལ་འཇུག་པར་བྱེད་པའི་དགེ་བ་དང་རྗེས་སུ་མཐུན་པའི་སྐྱེ་བ་དོན་དུ་གཉེར་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ས་བརྒྱད་པ་སྨོན་ལམ་ཐམས་ཅད་ཡོངས་སུ་སྨིན་པའི་ཚུལ་གྱིས་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་དང་རོ་གཅིག་ཏུ་གྱུར་པས་ཤེས་རབ་ཀྱི་རང་བཞིན་དུ་རྣམ་གཞག་བྱེད་པ་
ཡིན་ནོ། །དོན་དུ་གཉེར་བ་ཁྱད་པར་ཅན་ཡང་ཤེས་རབ་ཀྱི་སྟོབས་ཀྱིས་འབྱུང་བར་འགྱུར་བས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་རང་བཞིན་ཅན་དུ་རྣམ་པར་རྟོག་པ་ཡིན་ནོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་རང་བཞིན་ཅན་ཡིན་ཏེ། གང་གི་ཕྱིར་སོ་སོར་བརྟགས་
པའི་སྟོབས་དང་། བསྒོམས་པའི་སྟོབས་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་ལ། དེ་ཡང་མཐར་ཕྱིན་པའི་གནས་སྐབས་འདིར་རྟོགས་པ་མེད་པའི་ཤེས་རབ་དང་རོ་གཅིག་ཏུ་གྱུར་པས་ཤེས་རབ་ཀྱི་རང་བཞིན་ཡིན་པ་དང་།
མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་དེ་ཡང་ཤེས་རབ་ཀྱི་སྟོབས་ཀྱིས་འབྱུང་བའི་ཕྱིར་དེ་ཡང་ཤེས་རབ་ཀྱི་རང་བཞིན་ཅན་ཡིན་ནོ་ཞེས་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་རང་བཞིན་ཅན་ཡིན་ཏེ། གང་གི་ཕྱིར་དགོངས་པ་ཅན་གྱི་དོན་ཡོངས་སུ་ཤེས་པས་སྒྲ་ཇི་བཞིན་པར་
ཀུན་དུ་རྨོངས་པ་དང་བྲལ་བའི་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་རང་བཞིན་ཉིད་ཡིན་ནོ། །གལ་ཏེ་བཞི་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་ཁོ་ན་ཡིན་ན་དྲུག་པ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་གཞག་
เล่ม ๑๐๔ · หน้า 313a
ཇི་ལྟར་བྱ་ཞེ་ན། དེ་ལ་ལན་ནི། རབ་ཏུ་རྣམ་པར་འབྱེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་དྲུག་པ་ཁོ་ན་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལྷག་པར་གྱུར་པས་དེ་ཁོ་ནར་རྣམ་གཞག་བྱས་སོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ས་བདུན་པ་ལ་སོགས་
པར་རོ། །སེམས་བསྐྱེད་པ་བདུན་པའི་འགྲེལ་པའི་བཤད་པའོ།། །།སེམས་བསྐྱེད་པ་བརྒྱད་པ་བཤད་པར་བྱ་བའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཡང་སྔར་དགེ་བ་ལས་ལྷག་ཐོབ་བྱ་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་
སྔར་ཐོབ་པ་དེ་རྣམས་རབ་ཀྱི་གནས་སྐབས་ཐོབ་པར་བྱ་བའི་ཕྱིར་རོ། །གང་དུ་ཕྱིར་མི་ལྡོག་པ་ཉིད་འགྱུར་བ། །ཞེས་བྱ་བ་ནི་ས་བརྒྱད་པར་བྱང་ཆུབ་སེམས་དཔའ་རྣམས་མི་ལྡོག་པ་ཉིད་དུ་འགྱུར་བ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ལས་མི་ལྡོག་པས་སོ། །མི་གཡོ་དེ་ལ་ཞེས་བྱ་
བ་ནི་གང་གི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལ་དམིགས་པའི་མཚན་མ་མེད་པ་ལ་གནས་པ་རྩོལ་བ་མེད་པ་རང་གི་ངང་གིས་འཇུག་པ་རྣམ་པར་རྟོག་པས་གཡོ་བར་མི་ནུས་པས་མི་གཡོ་བ་ཞེས་བྱའོ། །བདག་ཉིད་ཆེས་དེ་ཞེས་བྱ་བ་ནི་
བྱང་ཆུབ་སེམས་དཔའ་བདག་ཉིད་ཅན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དང་ཡང་དུ་སྔར་གྱི་དགེ་བ་ལས་ལྷག་པ་ཐོབ་པ་ལས་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཆེད་དུ་བསྐྱོད་ཅིང་འགྲོ་བར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་སྐྱེས་བུའི་རྩོལ་བས་འགྲོ་བས་སོ། །ཆེད་དུ་བསྐྱོད་མི་དགོས་པར་འགྲོ་སྟེ་ཞེས་བྱ་བ་ནི་སྐྱེས་བུའི་རྩོལ་བ་མེད་པར་རླུང་གི་ཤུགས་ཀྱིས་འགྲོ་བས་སོ། །དེ་ཉིད་ཀྱི་ཕྱིར། རླུང་གི་དཀྱིལ་འཁོར་གྱིས་བསྐྱོད་ན་
ཞེས་བྱ་བ་གསུངས་སོ། །དཔེ་བསྟན་ནས་དོན་དང་སྦྱར་བའི་ཕྱིར། ཀྱེ་རྒྱལ་བའི་སྲས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་རྩ་བའི་ཚོགས་ཤིན་ཏུ་བསགས་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ཚོགས་ཡོངས་སུ་བསགས་པའོ། །ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པ་ལ་
เล่ม ๑๐๔ · หน้า 313b
མངོན་པར་འཛེགས་པ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པའི་བྱང་ཆུབ་སེམས་དཔའི་ལམ་ལ་ཐེག་པ་ཆེན་པོ་ཞེས་བྱ་ལ། དེ་ཡང་དག་པར་སྒྲུབ་པ་ནི་ཐོབ་པ་ཡིན་ལ་དེའི་དོན་དུ་མངོན་པར་འཛེགས་པ་སྟེ། དེར་འཇུག་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱ་མཚོར་ཕྱིན་ནས་
ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པ་དང་། རྩོལ་བ་མེད་པའི་རང་བཞིན་གྱི་སྤྱོད་པ་གང་ཡིན་པ་དེ་ཉིད་རྒྱ་མཚོ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པས་ཤིན་ཏུ་ཟབ་པ་ཡིན་ལ་དེ་ཐོབ་ནས་སོ། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་ཞེས་
བྱ་བ་ནི་ཡེ་ཤེས་རང་གི་ངང་གིས་འཇུག་པས་སོ། །སྔོན་གྱི་ཆེད་དུ་བྱས་པའི་ལས་ཀྱིས་ཞེས་བྱ་བ་ནི་དང་པོ་ནས་བདུན་པའི་བར་གྱིས་བསྡུས་པའི་ཆེད་དུ་བྱ་བའི་ལས་ཀྱིས་སོ། །ས་འདིར་ཁོ་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར།
འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དོན་དམ་པའི་སེམས་བསྐྱེད་པ་དང་པོའི་གནས་སྐབས་སུ་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་གང་དག་མངོན་པར་བཏབ་པ་དེ་རྣམས་ལ་སྨོན་ལམ་ཞེས་བྱ་ལ། སྨོན་ལམ་དེ་རྣམས་
འདིར་རྣམ་པར་དག་པར་འགྱུར་བ་ཡིན་ཏེ། ཡོངས་སུ་སྨིན་པའི་ཚུལ་གྱིས་རང་གི་ངང་གིས་འཇུག་པས་སོ། །རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་བར་མཛད། །ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འགོག་པ་སྟེ། སྟོང་པ་ཉིད་
ཀྱི་ཏིང་ངེ་འཛིན་ལས་སློང་བར་མཛད་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདིས་སེམས་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་ཡོངས་སུ་དག་པར་འགྱུར་བས་ཞེས་བྱ་བ་ནི་རང་གི་ངང་གིས་འཇུག་པར་འགྱུར་བས་སོ། །དེ་ཉིད་ཀྱི་ཕྱིར་འདིའི་སྨོན་ལམ་
གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ལྷག་པར་འགྱུར་རོ་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བ་ནི་ཇི་ལྟར་རྒྱལ་བའི་སྲས་གཞོན་ནུའི་གནས་སྐབས་དང་། རྒྱལ་ཚབ་ཀྱི་གནས་སྐབས་དང་། རྒྱལ་པོར་དབང་བསྐུར་བའི་གནས་སྐབས་གསུམ་དུ་རྣམ་པར་འཇོག་
เล่ม ๑๐๔ · หน้า 314a
པ་དེ་བཞིན་དུ་འདིར་བརྒྱད་པ་ལ་སོགས་པ་གསུམ་ལ་གཞོན་ནུའི་གནས་སྐབས་དང་། རྒྱལ་ཚབ་ཀྱི་གནས་སྐབས་དང་། དབང་བསྐུར་བའི་གནས་སྐབས་གསུམ་དུ་བརྗོད་པར་བྱ་སྟེ། ཕྱིར་མི་ལྡོག་པ་བརྙེས་པས་སོ། །འགོག་པ་ལས་སློང་བར་མཛད་
པ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུང་བ་ཏེ། སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང་ཞེས་བྱ་བ་ནི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ་བའི་སྨོན་ལམ་གྱི་སྟོབས་བསྐྱེད་པ་ལ་གནས་པའོ། །ཆོས་ཀྱི་སྒོའི་
རྒྱུན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སངས་རྒྱས་རྣམས་ཀྱི་གདམས་ངག་ཐོས་པ་དེ་ལ་ཆོས་ཀྱི་སྒོའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ལ་གནས་པའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པར་མཛད་དེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པར་མཛད་པ་ཡིན་ནོ་ཞེས་
པའོ། །དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལའོ། །འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ཉིད་དོན་དམ་པའི་བཟོད་པ་ཡང་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་རྟོགས་པར་བྱ་བ་ལ་ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་
པ་ལ་སོགས་པ་ཐོབ་པར་བྱ་བ་ལའོ། །སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་སྒྲུབ་པའོ། །སྦྱོར་བ་བྱོས་ཤིག་ཅེས་བྱ་བ་ནི་དེ་ལ་རྩོལ་བ་གྱིས་ཤིག་ཅེས་པའོ། །བརྩོན་འགྲུས་རྩོམས་ཤིག་ཅེས་བྱ་བ་ནི་ཡང་དང་ཡང་དུ་སྦྱོར་བ་བྱེད་པའི་སྒོ་ནས་སོ། །
བཟོད་པའི་སྒོ་ཞེས་བྱ་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་དེ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཐབས་ཡིན་པས་ན་སྒོའོ། །ཞི་བའི་རྣམ་པར་ཐར་པ་ལ་གནས་ཀྱང་ཞེས་བྱ་བ་ནི་ཡང་དག་པའི་མཐའི་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པའི་མཚན་ཉིད་ཅན་དེ་ཐོབ་ཀྱང་ངོ་། །རྣམ་པར་
རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་ཡིད་དབྱེན་སྤྱོ་བ་ཡིན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་པས་སེམས་ཉེ་བར་བཅོམ་པའོ། །འདི་དག་ལ་སོམས་ཤིག་ཅེས་བྱ་བ་ནི་སེམས་ལ་གྱིས་ཤིག་ཅེས་པའོ། །སྔོན་གྱི་སྨོན་ལམ་དང་ཞེས་བྱ་བ་ནི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་
เล่ม ๑๐๔ · หน้า 314b
ཤོག །ཅེས་བྱ་བའི་སྨོན་ལམ་བཏབ་པ་དེ་དྲན་པར་གྱིས་ཤིག་ཅེས་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་སྒོ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་པའི་རྒྱུའོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་
འགྱུར་ཏེ་ཞེས་བྱ་བ་ནི་འགོག་པ་ལས་མི་ལྡང་བས་སོ། །དེ་ནི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཉོན་མོངས་པ་མངོན་དུ་རྒྱུ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཞེས་བྱ་བ་ནི་ས་
བརྒྱད་པར་ཡང་དང་ཡང་དུ་འགོག་པའི་ཏིང་ངེ་འཛིན་ཐོབ་པས་སོ། །འདི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ཆགས་པ་མེད་པའི་བློ་ནི། སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །ཞེས་བྱ་བ་ནི་གང་ཆགས་པ་མེད་པའི་བློ་སྟེ། མངོན་པར་ཞེན་པ་མེད་པའི་བློ་དེ་ནི་སྐྱོན་རྣམས་ཏེ། ཉོན་
མོངས་པ་མངོན་དུ་རྒྱུ་བ་རྣམས་དང་ལྷན་ཅིག་ཏུ་གནས་པ་མ་ཡིན་པ་སྟེ། དེ་ལ་ཉོན་མོངས་པ་མངོན་དུ་རྒྱུ་བ་རྣམས་ནི་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་དག་རྩར་བཅས་ཞེས་བྱ་བ་ནི་མངོན་དུ་རྒྱུ་བ་རྣམས་ཀྱི་ཉོན་མོངས་པ་ཕྲ་བ་ཡང་ལོག་པས་སོ། །དྲི་མ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་སོ། །
ཉེ་བར་ཞི་འགྱུར་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་སྤངས་པས་སོ། །ཉོན་མོངས་པ་སྤངས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཁྱད་པར་ཅན་དེ་རྣམས་ཀྱིས་ཐོབ་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་ཟད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱིས་འབྱོར་པ་སྟེ། ཡོན་ཏན་ཐམས་ཅད་ཡང་དག་པར་འབྱོར་པ་ཡིན་པ་དེ་རྣམས་ཐོབ་པར་མི་ནུས་པས་སོ། །འབྱོར་པའི་ཁྱད་པར་ནི། མཁའ་ལྟར་མཐའ་བྲལ་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་ལྟར་ཡོན་ཏན་ཡང་དག་པར་འབྱོར་པ་མཐའ་ཡས་པའོ། །ཉོན་མོངས་
ཟད་ཅིང་ཞེས་བྱ་བ་ནི་མངོན་དུ་རྒྱུ་བའི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྤངས་པས་སོ། །དེའི་ཕྱིར། ས་གསུམ་བླ་མར་གྱུར་ཀྱང་ཞེས་བྱ་བ་གསུངས་ཏེ། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྤངས་པས་ཁམས་གསུམ་གྱི་བླ་མ་ཞེས་བྱ་སྟེ། འདིའི་དོན་ནི་ཁམས་གསུམ་གྱི་ཉོན་
เล่ม ๑๐๔ · หน้า 315a
མོངས་པ་རྣམས་སྤངས་སུ་ཟིན་ཀྱང་དེ་རྣམས་ཀྱི་བག་ཆགས་ཡོད་པའི་ཕྱིར་བཅོམ་ལྡན་འདས་རྣམས་ཀྱི་མཐའ་ཡས་པའི་ཡོན་ཏན་རྣམས་ཀྱི་མཐར་ཐུག་པར་ནི་མ་གྱུར་པའོ། །དེའི་ཕྱིར་བསྒོམ་པས་སྤང་བར་བྱ་བའི་ཕྱིར་ཉོན་མོངས་པའི་བག་ཆགས་ཡོད་པའི་ཕྱིར་ད་དུང་
ཡང་ཕྱིར་མི་འོང་བར་མི་འགྱུར་རོ་ཞེས་མངོན་པ་ལས་རྣམ་གཞག་བྱས་པ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རྣམ་པར་མི་རྟོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཉི་མ་ཡིན་ལ། དེ་ཤར་བ་སྟེ་སྐྱེས་པས་སོ། །འཁོར་བར་སྐྱེ་བའི་རྒྱུར་
གྱུར་པ་ཞེས་བྱ་བ་ནི་འཁོར་བར་སྐྱེ་བའི་རྒྱུར་གྱུར་པ་ཉོན་མོངས་པ་མངོན་དུ་རྒྱུ་རྣམས་ལོག་པས་ཡིན་གྱི། འཁོར་བའི་རྒྱུར་མ་གྱུར་པའི་བག་ཆགས་ཀྱི་མཚན་ཉིད་ཅན་གྱི་ཉོན་མོངས་པ་རྣམས་ནི་མ་ལོག་པ་ཡིན་ནོ། །ཁྱད་པར་འདི་ཉིད་ཀྱིས་མངོན་དུ་རྒྱུའི་ཉོན་མོངས་པ་རྣམས་ལོག་པ་ཡིན་གྱི་བག་
ཆགས་རྣམས་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་པ་ཡིན་ཏེ། གཞན་དུ་ན་ཁྱད་པར་གྱི་ཚིག་གི་དོན་མེད་པར་འགྱུར་བས་སོ། །དེ་དག་སྤངས་པ་ཞེས་བྱ་བ་ནི་ཁམས་གསུམ་ན་བརྗོད་པའི་ཉོན་མོངས་པ་རྣམས་སྤངས་ཀྱང་ངོ་། །གནས་སྐབས་དེར་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བ་རྣམས་སྤངས་
པའི་གནས་སྐབས་ནའོ། །དེ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བག་ཆགས་སྤངས་ནས་མཐའ་ཡས་པའི་ཡོན་ཏན་གྱི་འབྱོར་པ་རྣམས་ཐོབ་པར་བྱ་བའི་ཆེད་དུའོ། །འདི་ཞེས་བྱ་བ་ནི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེས་དེའི་ཉོན་མོངས་པ་
ཐམས་ཅད་སྤང་བར་ཇི་ལྟར་འགྱུར་ཞེ་ན། དེ་ལ་ལན་ནི། དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་མདོ་ལས་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ་ཞེས་བྱ་བ་གསུངས་པ་དེའི་ཕྱིར་འདི་ལ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ལོག་པ་ཡིན་ནོ་ཞེས་
རྟོགས་པ་ཡིན་ཏེ། གཞན་དུ་ན་ཁམས་གསུམ་གྱི་འདོད་ཆགས་དང་མ་བྲལ་བ་ལ་མྱ་ངན་ལས་འདས་པ་མི་སྲིད་པའི་ཕྱིར། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ་ཞེས་ཇི་ལྟར་གསུངས་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ལ་སོགས་པ་
เล่ม ๑๐๔ · หน้า 315b
གསུངས་ཏེ། འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ནི་ཁམས་གསུམ་གྱི་འདོད་ཆགས་དང་མ་བྲལ་བའོ། །དེ་ལ་གཞན་གྱི་རྒོལ་བ་བསྟན་པར་བྱ་བའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ལ་སོགས་པར་རྟོགས་པའི་འཁོར་བར་གནས་ནས་བསྒོམས་པའི་སྟོབས་དང་སྙིང་རྗེའི་
དབང་གིས་སེམས་ཅན་གྱི་དོན་བྱས་པ་ལས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་ཏེ། འཁོར་བ་མེད་པས་སངས་རྒྱས་ཀྱི་ཆོས་རྣམས་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བཤད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་ཞེས་བྱ་བ་ནི་དབང་
བཅུས་སོ། །རང་གི་བདག་ཉིད་སྣ་ཚོགས་སྟོན་པར་འགྱུར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་ནི་རང་གི་བདག་ཉིད་སྣ་ཚོགས་ཏེ། དུས་ཡུན་རིང་དུ་གནས་པ་ལ་སོགས་པར་སྟོན་པར་བྱེད་པ་སྟེ། གསལ་བར་སྟོན་པའོ། །སྟོན་པ་དང་གསལ་བ་ནི་རྣམ་གྲངས་སོ། །སྲིད་པའི་འགྲོ་བ་ཞེས་བྱ་བ་ནི་
མི་ལ་སོགས་པར་འགྲོ་བར་རོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདིའི་འཁོར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཀྱི་རང་བཞིན་གྱི་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ལས་མ་གྲུབ་པ་དང་། ཡིད་ཀྱིས་སྤྲུལ་པས་སོ། །དེ་ལ་དབང་བཅུ་མདོའི་སྒོ་ནས་བསྟན་པར་བྱ་བའི་
ཕྱིར། དེ་ལ་དབང་བཅུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཚེ་ཚད་བྱིན་གྱིས་རློབ་པས་ཚེ་ལ་དབང་ཐོབ་པའོ་ཞེས་བྱ་བ་ནི། བསྐལ་པ་བརྗོད་དུ་མེད་པ་དང་ཡང་བརྗོད་དུ་མེད་པ་དག་བསྡོམས་པ་ལ་གྲངས་ཇི་སྙེད་ཅིག་ཡོད་པ་དེའི་ཚེ་ཚད་ཙམ་དུ་
བྱིན་གྱིས་རློབ་པས་ཚེ་ལ་དབང་ཐོབ་པ། དེ་ལྟར་ཚེ་ལ་དབང་བ་བསྟན་ནས། སེམས་ལ་དབང་བ་བསྟན་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ལ་དབང་ཐོབ་པའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞེ་ན། དེ་ལ་ལན་ནི་དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཚད་གཟུང་བར་མི་ནུས་པས་དཔག་ཏུ་མེད་པའོ། །གྲངས་ཀྱིས་ཡོངས་སུ་གཅོད་མི་ནུས་པས་གྲངས་མེད་པའོ། །ཏིང་ངེ་འཛིན་ལ་ངེས་པར་སེམས་པ་སྟེ། སེམས་གཏོད་པ་ཡིན་ལ། དེའི་ཡེ་ཤེས་ལ་འཇུག་པ་སྟེ། སེམས་ལ་དབང་བ་ཉིད་ཀྱི་ཏིང་ངེ་འཛིན་དུ་མ་ལ་སྙོམས་པར་
เล่ม ๑๐๔ · หน้า 316a
འཇུག་པ་ཡིན་ནོ་ཞེས་པའོ། །ཡོ་བྱད་ལ་དབང་བ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་སྣ་ཚོགས་པས་ནི་བརྒྱན་ཏེ། མུ་ཏིག་དང་གསེར་དང་དངུལ་ལ་སོགས་པ་
རྣམས་ཀྱིས་བརྒྱན་པར་བྱིན་གྱིས་རློབ་པ་སྟོན་པར་མཛད་པ་ཡིན་ཏེ། དེས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོ་བྱད་སྣ་ཚོགས་དང་ལྡན་པར་སྟོན་པའོ། །འདིའི་དོན་ནི་བྱང་ཆུབ་སེམས་དཔའ་རྣམས་ཡོ་བྱད་ལ་དབང་བ་ཐོབ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་
ལ་ཚད་མེད་པ་དང་རིན་ཐང་མེད་པའི་ཡོ་བྱད་ཉེ་བར་མཁོ་བ་རྣམས་ཀྱི་ཆར་འབེབས་པར་བྱེད་པ་ཡིན་ནོ་ཞེས་པའོ། །ལས་ལ་དབང་བ་ཉིད་བསྟན་པར་བྱ་བའི་ཕྱིར། ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྨིན་པ་བྱིན་གྱི་རླབས་ཀྱིས་དུས་ཇི་ལྟ་བ་བཞིན་དུ་
སྟོན་པར་མཛད་ཅེས་བྱ་བ་ནི་དུས་གང་གི་ཚེ་ལས་ཀྱི་རྣམ་པར་སྨིན་པ་ཡོད་པ་དེའི་ཚེ་བྱིན་གྱིས་རློབ་པར་བྱེད་པའོ། །འདིའི་དོན་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་དང་། གནས་སྐབས་གཞན་དུ་མྱོང་བར་འགྱུར་བའི་ལས་རྣམས་གཞན་དུ་ཡོངས་སུ་སྒྱུར་བར་བྱེད་པ་ཡིན་ནོ་ཞེས་པའོ། །སྐྱེ་བ་ལ་
དབང་བ་ཉིད་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་དུ་སྟོན་པས་ཞེས་བྱ་བ་ནི་བསམ་གཏན་ལ་གནས་ནས་མ་ཉམས་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདོད་པའི་ཁམས་ལ་སོགས་པར་སྐྱེ་བར་སྟོན་
པར་བྱེད་པའོ། །སྨོན་ལམ་ལ་དབང་བ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཞིང་དང་དུས་གང་དུ་ཅི་དགའ་བར་མངོན་པར་རྫོགས་པར་བྱང་ཆུབ་པར་སྟོན་པ་ཞེས་བྱ་བ་ནི་བདག་ཇི་ལྟར་དགའ་བའི་སངས་རྒྱས་ཀྱི་ཞིང་དང་དུས་ཁྱད་
པར་ཅན་གང་དུ་འདོད་པ་དེར་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་སྟེ། ཇི་ལྟར་དེས་སངས་རྒྱས་ཀྱི་ཞིང་དང་དུས་གང་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་སྨོན་ལམ་བཏབ་པ་དེ་ལྟར་འབྱུང་བར་འགྱུར་བའོ། །འདིའི་དོན་ནི་ཇི་ལྟར་འདོད་པ་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་
เล่ม ๑๐๔ · หน้า 316b
བྱེད་ཅིང་སྨོན་ལམ་ཆེན་པོ་གྲངས་མེད་པར་མངོན་པར་སྒྲུབ་པར་བྱེད་པ་དེ་ནི་སྨོན་ལམ་ལ་དབང་བ་ཉིད་དེ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་པའོ། །མོས་པ་ལ་དབང་བ་ཉིད་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གྱི་ཁམས་
ཐམས་ཅད་སངས་རྒྱས་ཀྱི་སྐུས་རབ་ཏུ་གང་བར་ཀུན་དུ་སྟོན་པས་ཞེས་བྱ་བ་ནི་མོས་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་སྐུས་རབ་ཏུ་གང་བར་ཀུན་དུ་སྟོན་པར་བྱེད་པའོ། །འདི་ནི་ཉེ་བར་མཚོན་པ་ཡིན་ཏེ་ས་ལ་སོགས་པ་རྣམས་ཀྱང་ཆུ་ལ་སོགས་པའི་རང་བཞིན་དུ་སྟོན་
པར་བྱེད་པ་ཡང་ཡིན་ནོ་ཞེས་པའོ། །རྫུ་འཕྲུལ་ལ་དབང་བྱེད་པ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཀུན་དུ་སྟོན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་
རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྟེ། བཻ་ཌཱུརྱ་ལ་སོགས་པའི་རང་བཞིན་ཀུན་དུ་སྟོན་པའོ། །འདི་ཡང་ཉེ་བར་མཚོན་པ་ཙམ་ཡིན་གྱི་རྫུ་འཕྲུལ་གྱི་དབང་གིས་སེམས་ཅན་རྣམས་འདུན་པར་བྱ་བའི་ཕྱིར། ཚད་མེད་པའི་རྫུ་འཕྲུལ་རྣམས་སྟོན་པར་བྱེད་པའོ། །ཡེ་ཤེས་ལ་དབང་བ་ཉིད་བསྟན་
པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ལ། དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་འོག་ནས་འཆད་པར་འགྱུར་རོ། །མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྔར་བཤད་ཟིན་ཏོ། །མཚན་རྣམས་ཀྱི་ཕྱག་དང་ཞབས་ཀྱི་མཐིལ་
འཁོར་ལོས་བརྒྱན་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་རྣམས་དྲ་བས་འབྲེལ་པའོ་ཞེས་བྱ་བ་ལ་སོགས་པ་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་བཟང་པོ་ནི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། སེན་མོ་སྣུམ་པ་དང་། སེན་མོ་མཐོ་བ་དང་། སོར་མོ་ཟླུམ་པ་དང་། སོར་མོ་རྒྱས་པ་དང་།
སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་པ་དང་། རྩ་མདུད་པ་མེད་པ་ལ་སོགས་ཏེ་བརྒྱད་ཅུའོ། །དེ་རྣམས་ཀྱང་སྟོང་ཕྲག་ཉི་ཤུ་རྩ་ལྔ་པའི་མདོ་ལས་ཤེས་པར་བྱའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་སྒྲིབ་པ་གཉིས་དང་བྲལ་བའི་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་གང་
เล่ม ๑๐๔ · หน้า 317a
ཡིན་ཏེ། དེ་རྣམས་སྟོན་པར་བྱེད་པའོ། །འདི་ཡང་ཉེ་བར་མཚོན་པ་ཡིན་ཏེ། ཡེ་ཤེས་ལ་དབང་བས་ཆོས་དང་། དོན་དང་། ངེས་པའི་ཚིག་དང་སྤོབས་པ་རྣམས་ཀྱི་རབ་ཀྱི་མཐར་ཐུག་པ་ཡང་ཐོབ་པར་འགྱུར་བས་སོ། །ཆོས་ལ་དབང་བ་ཉིད་བསྟན་པར་བྱ་བའི་ཕྱིར། མཐའ་
དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐའ་དང་དབུས་མེད་པའི་ཆོས་ཀྱི་སྣང་བ་ཀུན་དུ་སྟོན་པ་ཞེས་བྱ་བ་ནི་འདིར་མཐའི་སྒྲས་ཐོག་མ་དང་ཐ་མ་ཡང་གཟུང་བར་བྱ་སྟེ། དེས་ན་མཐའ་དང་དབུས་མེད་པ་ཞེས་བྱ་བའི་སྒྲས་དོན་དམ་པར་ཐོག་མ་དང་ཐ་མ་དང་དབུས་མེད་པའི་ཆོས་ཏེ། མདོ་
སྡེ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་སོ། །དེ་ཉིད་སྒོ་སྟེ། རྣམ་པར་གྲོལ་བའི་ཐབས་ཡིན་པས་སོ། །དེ་ཉིད་སྣང་བ་སྟེ་ཐར་པའི་ཐབས་གསལ་བར་བྱེད་ཅིང་དེ་སྟོན་པར་བྱེད་པས་སོ། །དེའི་དོན་ནི་ཆོས་ལ་དབང་བ་ཉིད་ཀྱིས་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་སྒོ་རྣམས་ཀྱིས་དུས་གཅིག་ཏུ་སེམས་ཅན་
ཐམས་ཅད་ཀྱི་སེམས་ཡོངས་སུ་དགའ་བར་བྱེད་པར་འགྱུར་བའོ། །སེམས་བསྐྱེད་པ་བརྒྱད་པའི་འགྲེལ་པའི་བཤད་པའོ།། །།སེམས་བསྐྱེད་པ་དགུ་པ་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོབས་མཐའ་དག་རྫོགས་པ་དག་འགྱུར་ཞིང་ཞེས་བྱ་བ་ནི་
སོ་སོར་བརྟགས་པའི་སྟོབས་དང་བསྒོམས་པའི་སྟོབས་ལ་སོགས་པའི་མཚན་ཉིད་ཀྱི་སྟོབས་ཐམས་ཅད་རབ་ཀྱི་མཐར་སོན་པར་འགྱུར་བའོ། །ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་ཐོབ། །ཅེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བཞི་རང་གི་མཚན་ཉིད་
ལ་སོགས་པ་ཡོངས་སུ་ཤེས་པའི་རང་བཞིན་ཅན་གྱི་རང་གི་ཡོན་ཏན་དག་པ་ཐོབ་པར་འགྱུར་བའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་དག་པར་འགྱུར་ཞིང་ཞེས་བྱ་བ་ནི་རབ་ཀྱི་གནས་སྐབས་ཐོབ་པའོ། །སོ་སོ་
ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། ཆོས་སོ་སོ་ཡང་དག་པར་རིག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་རང་གི་མཚན་ཉིད་ཀྱི་སྒོ་ནས་སོ་སོར་རིག་པའི་ཆོས་སོ་སོ་ཡང་དག་པར་རིག་པའོ། །ཆོས་རྣམས་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སོ་སོར་རིག་པ་ནི་
เล่ม ๑๐๔ · หน้า 317b
དོན་སོ་སོ་ཡང་དག་པར་རིག་པའོ། །ཡུལ་གྱི་སྐད་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །རྣམ་པ་དུ་མའི་སྒོ་ནས་ཆོས་རྣམས་ཡོངས་སུ་སྟོན་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །རང་གི་མཚན་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཉིད་དོ། །
སྤྱིའི་མཚན་ཉིད་ཅེས་བྱ་བ་ནི་མི་རྟག་པ་ཉིད་ལ་སོགས་པའོ། །ཆོས་རྣམས་མ་འདྲེས་པར་སྟོན་པར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཡུལ་གྱི་སྐད་དང་ངེས་པའི་ཚིག་ཤེས་པའི་སྒོ་ནས་ཆོས་མ་འདྲེས་པར་སྟོན་ཤེས་པའོ། །མཐུན་པའི་རྒྱུན་རྒྱུན་ཆད་པ་མེད་པ་ཉིད་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་
ཆོས་རྣམས་རབ་ཏུ་འདུ་ཤེས་པ་དང་བཏགས་པར་ཡོད་པ་ལ་སོགས་པའི་རབ་ཏུ་དབྱེ་བ་སྟོན་པའི་སྒོ་ནས་ཆོས་སྟོན་པའི་རྒྱུན་ཆད་པ་མེད་པ་ཉིད་དུ་མེད་པ་རབ་ཏུ་ཤེས་པའོ། །སྔར་ལམ་གྱི་རྣམ་གཞག་བྱས་པའི་སྐབས་སུ་ནི་ཆོས་མངོན་པའི་རྗེས་སུ་འབྲངས་ནས་སོ་སོ་ཡང་དག་པར་རིག་པ་རྣམས་
ཀྱི་མཚན་ཉིད་བསྟན་པ་ཡིན་ལ། འདིར་ནི་གཞུང་འདིར་རྗེས་སུ་འབྲངས་ནས་བསྟན་པ་ཡིན་ནོ། །དེ་དག་ལ་ཅུང་ཟད་ཀྱང་ཁྱད་པར་ཡོད་ཀྱང་སྐྱོན་ཡོད་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གདུལ་བྱ་དང་རྗེས་སུ་བསྟན་ནས་ཆོས་སྟོན་པའི་ཁྱད་པར་ཅུང་ཟད་ཡོད་པས་སོ། །འདི་ནི་ས་ལེགས་པའི་བློ་
གྲོས་ཞེས་བྱ་སྟེ། སོ་སོ་ཡང་དག་པར་རིག་པས་ཆོས་སྟོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ལ་བློ་གྲོས་ལེགས་པ་དང་ལྡན་པའི་ཕྱིར་ལེགས་པའི་བློ་གྲོས་སོ། །སེམས་བསྐྱེད་པ་དགུ་པའི་འགྲེལ་པའི་བཤད་པའོ།། །།སེམས་བསྐྱེད་པ་བཅུ་པའི་བྱང་ཆུབ་སེམས་དཔའི་མཚན་
ཉིད་བསྟན་པར་བྱ་བའི་ཕྱིར་ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ནས་སངས་རྒྱས་རྣམས་ལས་ཞེས་བྱ་བ་ནི་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ལས་སོ། །དབང་བསྐུར་བ་དམ་པ་ཐོབ་ཅིང་ཞེས་བྱ་བ་ནི་འོད་ཟེར་གྱི་སྒོ་ནས་བསྐུར་བས་སོ། །དེ་ཡིས་ཞེས་བྱ་བ་ནི་བྱང་ཆུབ་
སེམས་དཔའོ། །ཡེ་ཤེས་ལྷག་པར་མཆོག་ཏུ་གྱུར་པའང་ཡིན། །ཞེས་བྱ་བ་ནི་ཆོས་སྟོན་པ་ལ་སྒྲས་ཇི་བཞིན་པ་ལ་རྨོངས་པ་དང་བྲལ་བས་དགོངས་པ་ཅན་གྱི་དོན་ཡོངས་སུ་ཤེས་པ་རབ་ཀྱི་མཐར་ཕྱིན་པས་སོ། །ས་བཅུ་པ་འདི་ཡང་ཆོས་ཀྱི་སྤྲིན་ཞེས་ཀྱང་བརྗོད་པར་བྱའོ། །དེ་ལ་སྒྲས་འཇུག་པའི་
เล่ม ๑๐๔ · หน้า 318a
རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། ཆར་སྤྲིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཆར་སྤྲིན་རྣམས་ལ་ལོ་ཏོག་སྐྱེ་བའི་ཕྱིར་ཆར་འབེབས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་དགེ་བའི་ལོ་ཏོག་གི་ཆེད་དུ་རྩོལ་
བ་མེད་པར་ཆོས་ཀྱི་ཆར་འབེབས་པར་མཛད་པས་ན་ཆོས་ཀྱི་སྤྲིན་ཞེས་བྱ་སྟེ། སྤྲིན་བཞིན་དུ་ཆོས་ཀྱི་ཆར་འབེབས་པ་ཡིན་ནོ་ཞེས་པའོ། །འདི་རྣམ་པ་གསུམ་གྱི་སྒོ་ནས་སྤྲིན་དང་ཆོས་མཚུངས། ཁྱབ་པ་དང་། རྡུལ་རབ་ཏུ་ཞི་བར་བྱེད་པ་དང་། འབྱིན་པར་བྱེད་པའོ། །དེ་ལ་ཁྱབ་པ་ནི་ས་འདིར་ཆོས་
ཐོས་པས་ནམ་མཁའ་བཞིན་དུ་རྟེན་ཐམས་ཅད་ཁྱབ་པར་འགྱུར་བས་སོ། །རྡུལ་རབ་ཏུ་ཞི་བར་བྱེད་པ་ནི་ཆོས་དེས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྡུལ་རབ་ཏུ་ཞི་བར་བྱེད་པས་སོ། །འབྱིན་པར་བྱེད་པ་ནི་སྤྲིན་གྱི་ཆར་གྱིས་ལོ་ཏོག་འབྱིན་པར་བྱེད་པ་བཞིན་དུ་དགའ་ལྡན་གྱི་གནས་སུ་གནས་པ་
ལ་སོགས་པའི་རིམ་པས་སེམས་ཅན་རྣམས་འདྲེན་པར་བྱེད་པས་སོ། །འདིར་ཆར་འབབ་པ་དང་མཚུངས་པར་བརྗོད་པ་ནི་ཉེ་བར་མཚོན་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་བསྐུར་བ་ལ་མདོའི་ཁུངས་བསྟན་
པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཇི་སྙེད་པ་ཞེས་བྱ་བ་ལ། གྲངས་མེད་པ་ཞེས་བྱ་བ་ནི་གྲངས་ཀྱི་གནས་གཞན་དྲུག་ཅུ་ལ་གྲངས་མེད་པ་ཞེས་བྱ་ལ། དེ་འབུམ་ཕྲག་དྲུག་ཅུ་འགྱུར་དུ་བསྒྲེས་པ་ནི་ཏིང་ངེ་འཛིན་གྲངས་
མེད་པ་འབུམ་ཕྲག་བཅུ་ཞེས་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དབང་བསྐུར་བ་དང་ལྡན་པས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་ལ་གནས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་དོན་དུ་འོད་ཟེར་གྱི་སྒོ་ནས་དབང་ཐོབ་པའོ། །སྟོང་གསུམ་ཕྲག་བཅུའི་གཏོས་དང་མཉམ་པའི་ཞེས་བྱ་བ་ནི་
རི་རབ་དང་གླིང་བཞི་ལ་སོགས་པ་སྟོང་ལ་སྟོང་སྤྱི་ཕུད་ཅེས་བྱ་ལ། དེ་སྟོང་འགྱུར་ལ་སྟོང་གཉིས་བྱ་ལ། སྟོང་གཉིས་སྟོང་འགྱུར་དུ་བསྒྲེས་པ་ནི་སྟོང་གསུམ་ཞེས་བྱ་བ་ལ། སྟོང་གསུམ་བཅུ་འགྱུར་དུ་བསྒྲེས་པ་ནི་ཚད་དང་མཉམ་པའོ། །རིན་པོ་ཆེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྤྲས་
เล่ม ๑๐๔ · หน้า 318b
པ་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པའི་པདྨ་རཱ་ག་ལ་སོགས་པས་སྤྲས་པའོ། །སྟོང་གསུམ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པདྨོའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནི་སྟོང་གསུམ་འབུམ་ཕྲག་བཅུར་བསྒྲེས་པ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་པདྨའི་འཁོར་
དང་ལྡན་པ་འབྱུང་བར་འགྱུར་ཏེ། སྟོང་གསུམ་བཅུ་འགྱུར་དུ་བསྒྲེས་པ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་པདྨ་ཆེན་པོ་པདྨའི་འཁོར་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམ་ཞིང་དེའི་རྐྱེན་དུ་བབ་པར་གནས་སོ་ཞེས་བྱ་བ་ནི་སྟོང་གསུམ་ཕྲག་བཅུའི་
གཏོས་དང་མཉམ་པའི་པདྨ་ཆེན་པོ་དེ་བྱང་ཆུབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཁྱབ་པར་གྱུར་པ་དེའི་ལུས་གནས་པར་འགྱུར་རོ། །དེའི་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དབང་བསྐུར་བ་དང་ལྡན་པ་ཐོབ་པ་ནའོ། །མཛོད་སྤུ་ཞེས་བྱ་བ་ནི་སྤུ་ནི་
སྨིན་མཚམས་སུ་འཇམ་ཞིང་དཀར་བ་གྲངས་ན་ཁྲུ་གང་ངམ་དོའམ་གསུམ་ལ་སོགས་པའི་ཚད་དང་ལྡན་པ་བཏང་ན་གཡས་སུ་འཁྱིལ་ཞིང་རྩེ་མོ་གྱེན་དུ་ལངས་པ། སྐྱུ་རུ་རའི་འབྲས་བུའི་ཚད་དང་མཚུངས་པ་རྡུལ་གྱི་དབུ་བ་དང་འདྲ་བའོ། །དེ་ཉིད་བརྗོད་དེ་འོད་ཟེར་གྱི་གནས་ཡིན་པས་སོ། །དབང་
བསྐུར་བར་མཛད་དོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལུས་ལ་སངས་རྒྱས་ཀྱི་འོད་ཟེར་རྣམས་བཞུགས་པར་འགྱུར་རོ། །སེམས་བསྐྱེད་པ་བཅུ་པའི་འགྲེལ་པའི་བཤད་པའོ།། །།ད་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའི་སོ་སོའི་ཡོན་ཏན་བསྟན་པའི་ཕྱིར། ད་ནི་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། དེ་དག་གི་ཡོན་ཏན་གྱི་གྲངས་ཐོབ་ཅེས་བྱ་བ་ནི་སེམས་དང་པོ་བསྐྱེད་པ་ནས་བརྩམས་ཏེ་སོ་སོའི་ཡོན་ཏན་གྱི་གྲངས་ཐོབ་པའོ། །དེའི་ཚེ་འདི་ནི་སངས་རྒྱས་བརྒྱ་མཐོང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འདིས་དོན་དམ་པའི་སེམས་དང་པོ་བསྐྱེད་པའི་ཚེ་སངས་རྒྱས་
བརྒྱ་ཕྲག་གཅིག་མཐོང་བར་འགྱུར་བའོ། །དེ་དག་བྱིན་གྱི་རླབས་ཀྱང་འདི་ཡིས་རྟོགས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འདིས་སངས་རྒྱས་དེ་རྣམས་ཀྱི་བྱིན་གྱི་རླབས་ཀྱང་ཁོང་དུ་ཆུད་པར་འགྱུར་བ་སྟེ། གང་གི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་
เล่ม ๑๐๔ · หน้า 319a
ཉམས་སུ་མྱོང་བར་འགྱུར་བ་དེ་ལ་བྱིན་གྱིས་བརླབ་པ་ཞེས་བྱའོ། །དེ་ཉིད་ཚེ་ན་བསྐལ་པ་བརྒྱར་གནས་ཤིང་། །ཞེས་བྱ་བ་ནི་སེམས་དང་པོ་བསྐྱེད་པའི་དུས་དེ་ན་བསྐལ་པ་བརྒྱར་གནས་པའི་ནུས་པ་ཡོད་པ་ཡིན་ནོ་ཞེས་པའོ། །སྔོན་དང་ཕྱི་མའི་མཐར་ཡང་ཡང་དག་
འཇུག །ཅེས་བྱ་བ་ནི་བསྐལ་པ་བརྒྱ་ཕྲག་གཅིག་གིས་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་སྒོ་ནས་ཡང་དག་པར་ཤེས་པ་སྟེ། སེམས་ཅན་རྣམས་ཀྱི་སྡིག་པ་ལས་ལོག་པ་ལ་བརྟེན་ནས་ལས་ཀྱི་འགྲོ་བ་སྟོན་པ་ཡིན་ནོ་ཞེས་པའོ། །བློ་ལྡན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ཏིང་འཛིན་
བརྒྱ་ཕྲག་སྙོམས་པར་འཇུག་ཅིང་ལྡང་བྱེད་དེ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་བརྒྱ་ཕྲག་གཅིག་ལ་སྙོམས་པར་འཇུག་ཅིང་དེ་ལས་ལྡང་བར་བྱེད་པ་ཡིན་ནོ་ཞེས་པའོ། །འཇིག་རྟེན་ཁམས་བརྒྱ་འདི་ཡིས་ཀུན་ནས་གཡོ་ཞིང་སྣང་བར་ནུས། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་བརྒྱ་འདིས་ཀུན་
ནས་གཡོ་ཞིང་སྣང་བར་ནུས་པ་ཡིན་ནོ་ཞེས་པའོ། །དེ་བཞིན་རྫུ་འཕྲུལ་གྱིས་དེ་སེམས་ཅན་བརྒྱ་ཕྲག་སྨིན་བྱེད་ཅིང་། །ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་སྒོ་ནས་སེམས་ཅན་བརྒྱ་ཕྲག་གཅིག་དགེ་བའི་ལས་ལ་འགོད་པར་ནུས་ཤིང་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་གཅིག་ཏུ་ཡང་འགྲོ་བར་ནུས་པའོ། །འདིས་
ནི་འགྲོ་བ་དང་སྣང་བའི་སྒོ་ནས་སེམས་ཅན་རྣམས་སྨིན་པར་བྱེད་པ་ཡིན་ནོ་ཞེས་པའོ། །དེས་ནི་ཆོས་ཀྱི་སྒོ་རྣམས་ཡང་དག་འབྱེད་བྱེད་ཐུབ་དབང་སྲས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེས་ཆོས་ཀྱི་སྒོ་བརྒྱ་ཕྲག་གཅིག་གི་གྲངས་ཡང་དག་པར་ཁོང་དུ་ཆུད་པ་ཡིན་ཏེ། རང་གི་བློ་གྲོས་ཡོངས་
སུ་སྨིན་པར་བྱ་བའི་ཕྱིར་དེ་རྣམས་ཀྱི་དོན་སེམས་པར་བྱེད་པའོ། །ཐུབ་དབང་སྲས་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། རང་གི་ལུས་ལ་བྱང་ཆུབ་སེམས་དཔའི་ལུས་བརྒྱ་ཕྲག་གཅིག་ཀུན་ཏུ་སྟོན་པར་བྱེད་པའོ། །ལུས་ཇི་ལྟ་བུ་ཞེ་ན། རང་གི་འཁོར་དང་བཅས་པས་མཛེས་འབྱོར་ལུས་ནི་རེ་རེ་
ཞིང་། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའི་ལུས་རེ་རེ་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པར་སྟོན་པར་བྱེད་པའོ། འཁོར་གྱི་གྲངས་ངེས་པས་སྟོན་པ་ནི། རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་པའང་སྟོན། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་
เล่ม ๑๐๔ · หน้า 319b
དཔའ་བརྒྱ་ཕྲག་གཅིག་དང་འབྲེལ་པ་སྟོན་པའོ། །དེ་ལ་མདོའི་ཁུངས་ཀྱི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཞེས་བྱ་བ་ལ། གང་ལ་ཆའི་དབྱེ་བ་བརྟགས་པ་མི་སྲིད་པ་དེ་ནི་དུས་ཀྱི་མཐར་ཐུག་པ་སྟེ་སྐད་
ཅིག་མ་ཞེས་བྱའོ། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་དྲུག་ཅུ་ནི་ཐང་ཅིག་གོ། །ཐང་ཅིག་སུམ་ཅུ་ནི་ཡུད་ཙམ་གཅིག་གོ། །དུས་དེ་ཙམ་ལ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་ལྡང་བར་བྱེད་པའོ། །དེ་དག་གི་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིའོ། །གཞན་རྣམས་ནི་བཤད་ཟིན་
ཏོ། །ཐམས་ཅད་དུ་བརྒྱ་ཕྲག་བསྟན་པ་ནི་ངེས་པར་འགྱུར་བ་ཡིན་པས་སོ། །ཐབས་ལ་མཁས་པའི་སྟོབས་ཀྱིས་གྲངས་ལ་ངེས་པ་མེད་ཀྱང་ངོ་། །དེ་ཉིད་ཀྱི་ཕྱིར་མོས་པ་སྤྱོད་པའི་སར་ཡང་ཏིང་ངེ་འཛིན་གྲངས་མེད་པ་ཐོབ་པ་དང་། སངས་རྒྱས་ལ་སོགས་པ་རྣམས་ཀྱང་མཐོང་བར་
གསུངས་པ་ཡིན་ནོ། །དེ་ཡང་ཕྱིས་འཛམ་བུའི་གླིང་ལ་དབང་འབྱོར་པ་དང་དབང་ཆེ་བ་ཆོས་རྗེས་སུ་བསྲུང་བར་འགྱུར་རོ་ཞེས་འཆད་པར་འགྱུར་རོ། །སེམས་དང་པོ་བསྐྱེད་པའི་ཡོན་ཏན་བསྟན་ནས། སེམས་གཉིས་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་པར་བྱ་བའི་
ཕྱིར། བློ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་དེ་དག་གི་ཞེས་བྱ་བ་ནི་བརྒྱ་ཕྲག་ནི་གྲངས་ཀྱིས་སྨོས་པས་སོ། །དེ་བཞིན་ཁོ་ནར་ཞེས་བྱ་བ་ནི་ས་དང་པོ་པས་ཡོན་ཏན་ཐོབ་པ་བཞིན་དུའོ། །དྲི་མ་མེད་གནས་པས་ཞེས་བྱ་བ་ནི་ས་གཉིས་པ་ལ་གནས་པས་སོ། །དེ་དག་ནི་ཞེས་བྱ་བ་
ནི་ཡོན་ཏན་རྣམས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སེམས་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱ་ཆེར་བགྲང་བར་བྱའོ་ཞེས་བྱ་བ་ནི་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་སྟོང་ཕྲག་རབ་ཏུ་ཐོབ་པ་དང་། སངས་རྒྱས་སྟོང་ཕྲག་མཐོང་བ་དང་། དེ་རྣམས་ཀྱི་བྱིན་གྱི་རླབས་
ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་གཡོ་བར་བྱེད་ཅིང་སྣང་བར་བྱེད་པ་དང་། ཞིང་སྟོང་དུ་འགྲོ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་སྟོང་དུ་གནས་ཤིང་སྔོན་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་སྟོང་རྣམ་པར་འབྱེད་པ་དང་།
เล่ม ๑๐๔ · หน้า 320a
ལུས་སྟོང་ཀུན་དུ་སྟོན་པར་བྱེད་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་དང་ལྡན་པར་ཀུན་ཏུ་སྟོན་པའོ་ཞེས་བྱའོ། །དེ་ཡང་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སེམས་ཅན་རྣམས་ཀྱི་ཚུལ་ཁྲིམས་འཆལ་
བའི་དྲི་མ་འཁྲུ་བར་ནུས་པའོ། །ད་ནི་སེམས་བསྐྱེད་པ་གསུམ་པ་ལ་སོགས་པ་སེམས་བསྐྱེད་པ་ལྔ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་གྲངས་བསྟན་པར་བྱ་བའི་ཕྱིར། ཡོན་ཏན་དེ་དག་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འབུམ་ཕྲག་དང་ཅེས་བྱ་བ་
ནི་སེམས་གསུམ་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སྔར་བསྟན་པའི་ཡོན་ཏན་སྟོང་ཕྲག་བརྒྱ་ཐོབ་པར་འགྱུར་བ་སྟེ། ཇི་སྐད་དུ་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་འབུམ་ཕྲག་གཅིག་ཐོབ་ཅིང་སངས་རྒྱས་འབུམ་ཕྲག་གཅིག་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་
ཤེས་པ་དང་། འཇིག་རྟེན་གྱི་ཁམས་འབུམ་ཕྲག་གཅིག་གཡོ་བར་བྱེད་པ་དང་། སྣང་བར་བྱེད་པ་དང་། ཞིང་འབུམ་ཕྲག་གཅིག་ཏུ་ཡང་འགྲོ་བ་དང་། སེམས་ཅན་འབུམ་ཕྲག་གཅིག་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་འབུམ་ཕྲག་གཅིག་ཏུ་གནས་ཤིང་སྔོན་དང་ཕྱི་མའི་
མཐར་འཇུག་པ་དང་། ཆོས་ཀྱི་སྒོ་འབུམ་ཕྲག་གཅིག་རྣམ་པར་འབྱེད་པ་དང་། ལུས་འབུམ་ཕྲག་གཅིག་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་རེ་རེ་དང་ལྡན་པར་ཀུན་དུ་སྟོན་ཞེས་གསུངས་པ་ལྟ་བུའོ། དེ་ཡང་སུམ་ཅུ་རྩ་གསུམ་ལ་དབང་བྱེད་པའི་ལྷའི་
དབང་པོར་འགྱུར་ཏེ། སེམས་ཅན་རྣམས་འདོད་པའི་འདམ་ལས་དྲང་བའི་ཕྱིར། སེམས་ཅན་རྣམས་འདོད་པའི་འདོད་ཆགས་ལས་ལྡོག་པའི་ཐབས་ཉེ་བར་སྒྲུབ་པ་ལ་མཁས་པའོ། །བྱེ་བ་ཕྲག་བརྒྱ་ཞེས་བྱ་བ་ནི་སེམས་བཞི་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་དེ་དག་ཉིད་བྱེ་བ་ཕྲག་
བརྒྱ་ཐོབ་སྟེ། ཇི་སྐད་དུ། སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བྱེ་བ་ཕྲག་བརྒྱ་ཐོབ་པ་དང་། སངས་རྒྱས་བྱེ་བ་ཕྲག་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་གཡོ་བར་བྱེད་ཅིང་སྣང་བར་བྱེད་པ་དང་། ཞིང་བྱེ་བ་ཕྲག་
เล่ม ๑๐๔ · หน้า 320b
བརྒྱར་འགྲོ་བ་དང་། སེམས་ཅན་བྱེ་བ་ཕྲག་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བྱེ་བ་ཕྲག་བརྒྱར་གནས་ཤིང་སྔོན་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་བ་ཕྲག་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བྱེ་བ་ཕྲག་བརྒྱ་ཀུན་དུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་གྱི་བྱང་
ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་བརྒྱ་དང་ལྡན་པར་ཀུན་དུ་སྟོན་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་ཡང་འཐབ་བྲལ་ལ་དབང་བྱེད་པའི་ལྷའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་ལ་ཡང་དག་པའི་ལྟ་བ་ལ་འགོད་པའི་ཆེད་དུ་སེམས་ཅན་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་ཀུན་ནས་དྲུངས་འབྱིན་པ་
ལ་མཁས་པའོ། །བྱེ་བ་སྟོང་འགྱུར་ཐོབ་ཅེས་བྱ་བ་ནི་སེམས་ལྔ་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་དེ་དག་ཉིད་བྱེ་བ་སྟོང་འགྱུར་དུ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བྱེ་བ་སྟོང་ཐོབ་པ་དང་། སངས་རྒྱས་བྱེ་བ་སྟོང་མཐོང་བ་དང་། དེ་དག་གི་བྱིན་གྱི་
རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་གཡོ་བར་བྱེད་ཅིང་སྣང་བར་བྱེད་པ་དང་། ཞིང་བྱེ་བ་སྟོང་དུ་འགྲོ་བ་དང་། སེམས་ཅན་བྱེ་བ་སྟོང་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བྱེ་བ་སྟོང་དུ་གནས་ཤིང་སྔོན་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་
བ་སྟོང་རྣམ་པར་འབྱེད་པ་དང་། ལུས་བྱེ་བ་སྟོང་ཀུན་དུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་དང་ལྡན་པ་ཀུན་དུ་སྟོན་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་ཡང་དགའ་ལྡན་ལ་དབང་བྱེད་པའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་བདེན་པ་རྣམས་ལ་རབ་ཏུ་
འགོད་པའི་དོན་དུ་སེམས་ཅན་རྣམས་མུ་སྟེགས་ཀྱི་གནས་ཐམས་ཅད་ལས་བཟློག་པ་ལ་མཁས་པའོ། །བྱེ་བ་བརྒྱ་ཕྲག་སྟོང་འགྱུར་ཐོབ་ཅེས་བྱ་བ་ནི་སེམས་དྲུག་པ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཡོན་ཏན་དེ་དག་ཉིད་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་དུ་ཐོབ་པ་ཡིན་ཏེ། ཇི་སྐད་དུ། སྐད་ཅིག་གཅིག་
ལ་ཏིང་ངེ་འཛིན་བྱེ་བ་བརྒྱ་ཕྲག་སྟོང་ཐོབ་པ་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་སྟོང་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་གཡོ་བར་བྱེད་ཅིང་སྣང་བར་བྱེད་པ་དང་། ཞིང་བྱེ་བ་བརྒྱ་ཕྲག་སྟོང་དུ་འགྲོ་བ་དང་། སེམས་ཅན་བྱེ་བ་བརྒྱ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด