དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) མ་དྷྱཱ་མ་ཀཱ་ཨ་བ་ཏཱ་ར་སྱ་ཊཱི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๔ · หน้า 321a

ཕྲག་སྟོང་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བྱེ་བ་བརྒྱ་ཕྲག་སྟོང་དུ་གནས་ཤིང་སྔོན་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་བ་བརྒྱ་ཕྲག་སྟོང་རྣམ་པར་འབྱེད་པ་དང་། ལུས་བྱེ་བ་བརྒྱ་ཕྲག་སྟོང་ཀུན་དུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་བྱང་ཆུབ་

སེམས་དཔའ་བྱེ་བ་བརྒྱ་ཕྲག་སྟོང་སྟོང་དང་ལྡན་པར་ཀུན་དུ་སྟོན་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་ཡང་འཕྲུལ་དགའ་ལ་དབང་བྱེད་པའི་ལྷའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་འཛུད་ཅིང་སེམས་ཅན་རྣམས་མངོན་པའི་ང་རྒྱལ་ཟིལ་གྱིས་

གནོན་པ་ལ་མཁས་པར་འགྱུར་བའོ། །བྱེ་བ་ཁྲག་ཁྲིག་ཕྲག་བརྒྱར་རྫོགས་པར་བསྒྱུར་བ་དང་སླར་ཡང་སྟོང་ཕྲག་ཏུ་ཡང་དག་པར་ནི་བསྒྱུར་བ་མཐའ་དག་རབ་ཏུ་ཐོབ་པར་འགྱུར་ཞེས་བྱ་བ་ནི་སེམས་བདུན་པ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཡོན་ཏན་དེ་དག་ཉིད་བྱེ་བ་ཁྲག་ཁྲིག་སྟེ་བྱེ་བ་ཁྲི་

ཕྲག་གཅིག་ཡིན་ལ། དེ་བརྒྱ་འགྱུར་དུ་འགྲེས་ཤིང་དེ་ཡང་སྟོང་འགྱུར་དུ་འགྲེས་པ་ལ་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་ཀྱི་ཡོན་ཏན་ཐོབ་པར་འགྱུར་བ་ཡིན་ཏེ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཐོབ་པར་འགྱུར་བ་ཡིན་ནོ་ཞེས་པའོ། །ཇི་སྐད་དུ་སྐད་ཅིག་ལ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་ཕྲག་

འབུམ་ཐོབ་པ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གཡོ་བར་བྱེད་ཅིང་སྣང་བར་བྱེད་པ་དང་། ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དུ་འགྲོ་བ་དང་། སེམས་

ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དུ་གནས་པར་བྱེད་ཅིང་། སྔོན་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་རྣམ་པར་འབྱེད་པ་དང་། ལུས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཀུན་དུ་སྟོན་པ་དང་། ལུས་

རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་འབུམ་འབུམ་དང་ལྡན་པར་ཀུན་དུ་སྟོན་པའོ། །དེ་ཡང་གཞན་འཕྲུལ་དབང་བྱེད་ལ་དབང་བའི་ལྷའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་མངོན་པར་རྟོགས་པ་ཉེ་བར་བསྒྲུབ་པ་ལ་མཁས་པའོ། །དེ་འགྲེལ་པས་

เล่ม ๑๐๔ · หน้า 321b

བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་བསྐྱེད་པ་བརྒྱད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་པར་བྱ་བའི་ཕྱིར། དེ་ཡན་ཆད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲངས་ཀྱིས་ཡོངས་སུ་བགྲང་བར་མི་སྲིད་པར། །ཞེས་བྱ་བ་ནི་བྱེ་བ་ལ་

སོགས་པའི་གྲངས་ཀྱིས་བགྲང་བར་མི་སྲིད་པའོ། །རྡུལ་ཕྲ་རབ་རྣམས་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་རྣམས་ཀྱིའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། མི་གཡོའི་སར་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སོ། །

སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་འཇིག་རྟེན་ན། །ཞེས་བྱ་བ་ནི་སྟོང་གསུམ་བརྒྱ་ཕྲག་ཏུ་འགྲེས་པས་སྟོང་དུ་བསྒྱུར་བ་སྟེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་གཅིག་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཡོན་ཏན་ཐོབ་པར་འགྱུར་བའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་

ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བསྟན་པའི་ཡོན་ཏན་དག་ཅེས་བྱ་བ་ནི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ་ལ་སོགས་པ་སྟེ། ཇི་སྐད་དུ་སྐད་ཅིག་ལ་ཏིང་ངེ་འཛིན་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཏིང་ངེ་འཛིན་

རབ་ཏུ་ཐོབ་པ་དང་། སངས་རྒྱས་དེ་སྙེད་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་དེ་སྙེད་གཡོ་ཞིང་སྣང་བར་བྱེད་པ་དང་། དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་དེ་སྙེད་

དུ་གནས་པར་བྱེད་ཅིང་སྔོན་དང་ཕྱི་མའི་མཐར་འཇུག་པ་དང་ཆོས་ཀྱི་སྒོ་དེ་སྙེད་རྣམ་པར་འབྱེད་པ་དང་། ལུས་དེ་སྙེད་ཅིག་ཀུན་ཏུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་དེ་སྙེད་དང་ལྡན་པ་ཀུན་དུ་སྟོན་པའོ་ཞེས་གསུངས་པ་ལྟ་བུའོ། །ས་འདིར་བྱང་ཆུབ་སེམས་དཔའ་དེ་འཇིག་

རྟེན་སྟོང་ལ་དབང་བ་ཟིལ་གྱིས་གནོན་པར་བྱེད་ཅིང་། ཟིལ་གྱིས་གནོན་པར་མི་ནུས་པ་དབང་ཐོབ་པ་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་ལ་གཞུག་པའི་ཆེད་དུ་ལས་ཐམས་ཅད་བསྡུ་བའི་དངོས་པོ་རྣམས་ཀྱི་སྒོ་ནས་བྱེད་པའོ། །སེམས་དགུ་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཕན་ཡོན་

เล่ม ๑๐๔ · หน้า 322a

བསྟན་པར་བྱ་བའི་ཕྱིར། ལེགས་པའི་བློ་གྲོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲངས་མེད་པ་ཞེས་བྱ་བ་ནི་གཅིག་གཉིས་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྣམ་གྲངས་ཀྱི་གནས་གཞན་དྲུག་ཅུར་ཡོངས་སུ་བཅད་པའི་གྲངས་ལ་གྲངས་མེད་པ་ཞེས་བྱ་བ་

ལ། དེ་རྣམས་བརྒྱ་འགྱུར་དུ་བྱས་ནས་དེ་ཡང་སྟོང་འགྱུར་དུ་བྱས་ནས་སྟོང་འགྱུར་དེ་ཡང་བཅུ་འགྱུར་དུ་བྱས་པ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ་ལ་སོགས་པ་ཡོན་ཏན་རྣམས་ཐོབ་པར་བྱས་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ་སྐད་ཅིག་ལ་སྟོང་གསུམ་གྱི་ཁམས་

གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཏིང་ངེ་འཛིན་རབ་ཏུ་ཐོབ་ཅིང་སངས་རྒྱས་དེ་སྙེད་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་དེ་སྙེད་ཀྱང་གཡོ་བར་བྱེད་ཅིང་སྣང་བར་བྱེད་པ་དང་། སེམས་ཅན་

དེ་སྙེད་ཅིག་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་དེ་སྙེད་ཅིག་ཏུ་གནས་པར་བྱེད་ཅིང་སྔོན་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་དེ་སྙེད་ཅིག་འབྱེད་པ་དང་། ལུས་དེ་སྙེད་ཅིག་ཀུན་དུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་དེ་སྙེད་དང་ལྡན་པར་ཀུན་དུ་

སྟོན་པའོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་འདི་ནི་སྟོང་གཉིས་ལ་དབང་བའི་ཚངས་པའི་མངའ་བདག་ཕ་རོལ་ཏུ་ཕྱིན་པའི་ཉེ་བར་སྟོན་པ་ལ་མཁས་པའོ། །སེམས་བཅུ་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། རེ་ཞིག་ཅེས་བྱ་བ་ལ་

སོགས་པ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ལུས་ཀྱི་སྤྱོད་ཡུལ་ལས་འདས་ཤིང་ངག་གི་སྤྱོད་ཡུལ་མ་ཡིན་པས་བསྒྲེས་པའི་འཇིག་རྟེན་གྱི་ཁམས་རྣམས་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་ཐོབ་པར་འགྱུར་བའོ། །རེ་ཞིག་སྨོས་པ་ནི་ཡོན་ཏན་མ་བརྗོད་

པ་རྣམས་ཀྱང་བསྡུ་བར་བྱ་བའི་ཆེད་དུའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ངག་གི་སྤྱོད་ཡུལ་ལས་འདས་

เล่ม ๑๐๔ · หน้า 322b

པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་འགྲེལ་པའི་ངག་གི་སྤྱོད་ཡུལ་མ་ཡིན་པའི་སངས་རྒྱས་ཀྱི་ཞིང་གང་ཡིན་པ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཡོན་ཏན་ཐོབ་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ་སྐད་ཅིག་ལ་ཕྱོགས་བཅུ་ན་བགྲང་བ་ལས་འདས་པའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཏིང་

ངེ་འཛིན་ཐོབ་པ་དང་། སངས་རྒྱས་དེ་སྙེད་ཀྱི་ཡོན་ཏན་ཐོབ་པར་འགྱུར་བ་ཡིན་ཏེ། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་དེ་སྙེད་ཅིག་གཡོ་བར་བྱེད་པ་དང་། ཞིང་དེ་སྙེད་དུ་འགྲོ་བ་དང་། སེམས་ཅན་དེ་སྙེད་ཅིག་ཡོངས་སུ་སྨིན་པར་བྱེད་པ་དང་།

བསྐལ་པ་དེ་སྙེད་ཅིག་ཏུ་གནས་པར་བྱེད་ཅིང་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་དེ་སྙེད་ཅིག་རྣམ་པར་འབྱེད་པར་བྱེད་པ་དང་། ལུས་དེ་སྙེད་ཅིག་ཀུན་ཏུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་དེ་སྙེད་རེ་རེ་དང་ལྡན་པར་ཀུན་དུ་སྟོན་པའོ་ཞེས་གསུངས་

པ་ལྟ་བུའོ། །དེ་ཡང་གནས་གཙང་མའི་ལྷའི་རྒྱལ་པོ་མངའ་བདག་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་མཁས་པའོ། །རེ་ཞིག་གི་སྒྲའི་དོན་སྟོན་པ་ནི། རེ་ཞིག་བཅུ་པ་དེས་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་རིམས་བཞིན་སྟོན་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །འདིར་

ཡོན་ཏན་འདི་ཙམ་ཞིག་བརྗོད་པ་ཡིན་གྱི་གཞན་ཡང་ཡོད་པ་མ་ཡིན་ཞེས་པའོ། །ཡོན་ཏན་རྣམས་ཀྱི་ཕྱོགས་ཙམ་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བ་སྤུའི་ཁུང་བུར་ཞེས་བྱ་བ་ནི་བ་སྤུའི་བུ་གར་གྲངས་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་

རྣམས་འཁོར་བྱང་ཆུབ་སེམས་དཔའ་དང་བཅས་པར་བསྟན་པའོ། །དེ་བཞིན་དུ་ལྷ་མིན་དག་ཀྱང་ཞེས་བྱ་བ་ནི་སངས་རྒྱས་རྣམས་བཞིན་དུ་ལྷ་དང་ལྷ་མིན་དང་མི་རྣམས་ཀྱང་བ་སྤུའི་བུ་གར་སྟོན་པར་བྱེད་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། ཀྱང་གི་སྒྲ་ནི་མ་སྨོས་པ་བསྡུ་བའི་དོན་དུ་སྟེ་ཞེས་བྱ་བ་ནི་མི་དག་ཀྱང་ཞེས་བྱ་བའི་ཀྱང་གི་སྒྲ་འདིས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་གཟུགས་བཟུང་ནས་ཆོས་སྟོན་པར་བྱེད་པ་ཡང་བསྡུ་བར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། བརྒྱ་བྱིན་དང་ཞེས་བྱ་བ་ལ་

เล่ม ๑๐๔ · หน้า 323a

སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་གདུལ་བྱ་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཅིག་ཅར་ལུས་སྟོན་པར་མཛད་པ་དང་། སྐྱིལ་མོ་ཀྲུང་གཅིག་གིས་ཞིང་ཁམས་ཐམས་ཅད་ཁྱབ་པར་བྱེད་པ་དང་། རང་གི་ལུས་ཀྱི་རྡུལ་ཕྲ་རབ་དང་ཕྱི་རོལ་གྱི་རྡུལ་ཕྲ་རབ་རེ་རེ་ལ་

ཞིང་ཁམས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྣམ་འཕྲུལ་དང་། སེམས་ཅན་གྱི་ཁམས་འཇིག་པ་དང་། ཆགས་པ་དག་སྟོན་ཅིང་རྡུལ་ཕྲ་རབ་དེ་རྣམས་ཀྱང་འཕེལ་བར་ཡང་མི་འགྱུར་བས་སངས་རྒྱས་ལ་སོགས་པ་དེ་རྣམས་ཀྱང་འགྲིབ་པར་མི་འགྱུར་

ཞིང་འདྲེས་པར་ཡང་མི་འགྱུར་རོ། །དེ་རྣམས་ཀྱང་སངས་རྒྱས་ཀྱི་ཞིང་རྒྱས་པ་ཇི་ལྟ་བ་བཞིན་དུ་འདིར་ཡང་ཕན་ཚུན་འདྲེས་པར་གནས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ལུས་ཀྱི་ལས་དང་། ཚིག་གཅིག་ལ་གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་དང་། ཚིག་གཅིག་

གིས་ཞིང་ཁམས་ཐམས་ཅད་ཁྱབ་པ་དང་། དབྱངས་གཅིག་ལ་དབྱངས་ཀུན་སྣང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ངག་གི་ལས་དང་། ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་དཔག་ཏུ་མེད་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིད་ཀྱི་ལས་ཀྱང་བསྡུ་བར་བྱའོ། །དེ་ལྟར་ས་བཅུ་པ་

ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བསྟན་ནས། ད་ནི་སངས་རྒྱས་ཀྱི་སའི་ཡོན་ཏན་བསྟན་པར་བྱ་བའི་ཕྱིར། དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་འོག་ཏུ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བརྗོད་པའི་རྗེས་ལའོ། །ཡོན་ཏན་ཅུང་ཟད་ཙམ་

ཞིག་བརྗོད་པར་འདོད་པ་ཞེས་བྱ་བ་ནི་ཡོན་ཏན་འགའ་ཞིག་སྟོན་པར་འདོད་པ་སྟེ། ཡོན་ཏན་མ་ལུས་པར་བརྗོད་པར་མི་ནུས་པས་སོ། །དེ་ཉིད་ཀྱི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །བསྟོད་པ་བསྒྲུབ་པའི་སྒོ་ནས་ཞེས་བྱ་བ་ནི་ཡོན་

ཏན་ཇི་ལྟ་བ་བཞིན་དུ་བརྗོད་པའི་སྒོ་ནས་སོ། །དེ་ལ་སྤངས་པ་ཕུན་སུམ་ཚོགས་པ་དང་། རྟོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་བསྟོད་པ་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནམ་མཁའ་དྲི་མ་མེད་པ་ལ་ཚེས་བཅོ་ལྔའི་ཟླ་བས་སྣང་བ་

เล่ม ๑๐๔ · หน้า 323b

གསལ་བས་མུན་པ་སེལ་བའི་སྒོ་ནས་འགྲོ་བ་མ་ལུས་པར་གསལ་བར་ནུས་པ་དེ་བཞིན་དུ་སེམས་བཅུ་པ་བསྐྱེད་པའི་ཚེ་སྟོབས་བཅུ་བསྐྱེད་པ་སྟེ། སངས་རྒྱས་ཀྱི་ས་ཀུན་དུ་འོད་ཅེས་བྱ་བ་ཐོབ་པའི་དོན་དུ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བས་ཡོན་ཏན་ཐམས་ཅད་ཐུགས་སུ་ཆུད་

པའི་ཆེད་དུ་སེམས་བཅུ་པ་བསྐྱེད་ནས་སླར་ཡང་སྟེ། ཕྱིས་འཆད་པ་སྟེ། བརྩོན་འགྲུས་བརྩམས་པར་འགྱུར་བའོ། །འདིའི་དོན་ནི་ཚེས་བཅོ་ལྔའི་ཟླ་བ་མུན་པ་མ་ལུས་པ་བསལ་ནས་སྣང་བ་གསལ་བར་མཛད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་མུན་པ་མ་ལུས་པ་བསལ་ནས་སྣང་བ་གསལ་བར་

འདོད་པའི་དོན་དུ་འབད་པར་འགྱུར་བ་ཡིན་ནོ་ཞེས་པའི་དོན་ཏོ། །འོག་མིན་དུ་ནི་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་མཐའི་འོག་མིན་གྱི་གནས་སུའོ། །གང་གི་དོན་དུ་འབད་པར་འགྱུར་བ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་རྣམས་ཐུགས་སུ་ཆུད་པའི་དོན་དུ་འབད་པར་འགྱུར་བའོ། །གོ་འཕང་མཆོག་

ཞི་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐུགས་སུ་ཆུད་པའི་རང་བཞིན་ཅན་གྱི་གོ་འཕང་གང་ཡིན་པ་དེ་ནི་མཆོག་སྟེ། དེ་ལས་མཆོག་ཏུ་གྱུར་པ་གཞན་མེད་པས་སོ། །དེ་ཞི་བ་ཡང་སྟེ། རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པས་སོ། །ཡོན་ཏན་མཐའ་དག་མཐར་ཐུག་ཅེས་བྱ་བ་ནི། དྲན་པ་ཉེ་བར་

གཞག་པ་ལ་སོགས་པའི་ཡོན་ཏན་རྣམས་འདིར་མཐར་ཐུག་པ་ཡིན་ཏེ། སྒྲིབ་པ་ཐམས་ཅད་དང་བྲལ་བས་སོ། །མཚུངས་པ་མེད་དེ་ཞེས་བྱ་བ་ནི་དེ་དང་འདྲ་བའི་གོ་འཕང་གཞན་མེད་པས་སོ། །བརྙེས་ཞེས་བྱ་བ་ནི་དེ་ལྟ་བུའི་གོ་འཕང་དེ་ཁྱོད་ཀྱིས་འོག་མིན་དུ་བརྙེས་པའོ། །འདིའི་དོན་ནི་

སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་གོ་འཕང་གང་ཐོབ་པ་དེ་ནི་འོག་མིན་གྱི་གནས་ཁོ་ན་ཡིན་ཏེ། འདི་ནི་གདུལ་བྱ་རྣམས་ཀྱི་དོན་དུ་སྤྲུལ་པའི་སྐུའོ་ཞེས་བསྟན་པ་ཡིན་ནོ། །གཞན་དུ་ན་མི་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མི་འགྱུར་རོ་སྙམ་ནས་སྐྱེ་བོ་རྣམས་སངས་རྒྱས་

ཀྱི་གོ་འཕང་ཐོབ་པའི་དོན་དུ་སྙོམ་ལས་བྱེད་པར་འགྱུར་བས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་ཐོབ་པ་ལ་གེགས་བྱེད་པའི་མུན་པ་སྦྱོང་བ་ཉིད་དུ་མཛད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་

เล่ม ๑๐๔ · หน้า 324a

སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཐོབ་པ་ལ་གེགས་བྱེད་པའི་མུན་པ་སྟེ། རྣམ་པར་རྟོག་པའི་བག་ཆགས་ཀྱི་མཚན་ཉིད་ཅན་ཡིན་ལ། དེ་སྦྱོང་བ་ཉིད་མཛད་པ་ནི་བག་ཆགས་ཀྱི་ཆུང་ངུའི་ཆུང་ངུའི་རྣམ་པ་ལུས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་

འབྱུང་བར་འགྱུར་བའི་མཚན་ཉིད་ལ་བརྟེན་ནས་ཏེ། དཔེར་ན་འབྲས་བུ་སྐྱེ་བ་བཞིན་དུའོ། །ཐུགས་བསྐྱེད་པ་བཅུ་པ་བརྙེས་པས་ཞེས་བྱ་བ་ནི་ས་བཅུ་པ་ལ་གནས་པས་སོ་ཞེས་བྱ་བའོ། །རང་ཉིད་སངས་རྒྱས་ཀྱི་ཆོས་བརྙེས་པ་མཁྱེན་ནས་ཞེས་བྱ་བ་ནི། མུན་པ་ཐམས་ཅད་དང་མ་བྲལ་བས་

ཐུགས་སུ་མ་ཆུད་པའི་ཕྱིར་རོ། །གོང་ན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལས་མཆོག་ཏུ་གྱུར་པ་གཞན་མེད་པས་སོ། །ད་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་པར་བྱ་བའི་ཕྱིར། དེར་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

དེར་ཞེས་བྱ་བ་ནི་འོག་མིན་དུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ཅན་ནོ། །དེ་ཉིད་སྟོན་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྣོད་ཀྱི་དབྱེ་བ་སྟེ་བུམ་པ་དང་གཞོང་པ་ལ་སོགས་པའི་དབྱེ་བས་ནམ་

མཁའ་ལ་དབྱེ་བ་མེད་པ་ཡིན་ཏེ། བུམ་པ་ལ་སོགས་པ་ཡོད་དུ་ཟིན་ཀྱང་མི་སྒྲིབ་པའི་མཚན་ཉིད་ཅན་དུ་མཚུངས་པས་སོ། །དེ་བཞིན་དུ་དེ་ཁོ་ན་སྟེ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ལ་དངོས་བྱས་ཏེ། གཟུགས་དང་ཚོར་བ་ལ་སོགས་པས་བྱས་པའི་དབྱེ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། རང་གི་རྣམ་པར་

རྟོག་པའི་སྟོབས་ཀྱིས་བྱིས་པ་རྣམས་ལ་གཟུགས་དང་ཚོར་བ་ལ་སོགས་པར་སྣང་བ་དང་དེ་ཁོ་ན་ཉིད་ཡོད་པ་དང་། མེད་པ་ལ་སོགས་པའི་རང་བཞིན་གང་དུ་ཡང་མ་གྲུབ་པས་དེ་དག་གིས་རྣམ་འགྱུར་བྱ་བར་མི་ནུས་པས་སོ། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ན། །ཞེས་བྱ་

བ་ནི། རྣམ་འགྱུར་མེད་པ་ཉིད་ཀྱིས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རོ་མཉམ་པ་ཉིད་དུ་མཁྱེན་པས་སོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཁྱེད་ཀྱིས་མཁྱེན་བཟང་སྟེ། སྒྲིབ་པ་མེད་པའི་ཐུགས་ཀྱིས་ཤེས་བྱ་དེ་ཁོ་ན་ཉིད་སྐད་ཅིག་གཅིག་ལ་ཐུགས་སུ་ཆུད་པའོ། །དེ་འགྲེལ་པས་བསྟན་པར་བྱ་

เล่ม ๑๐๔ · หน้า 324b

བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་སྒྲོན་མ་ལ་སོགས་པ་བསྡུ་བར་བྱའོ། །དེར་རྟོགས་པའི་ཞེས་བྱ་བ་ནི། བུམ་པ་དང་གཞོང་པ་ལ་སོགས་པར་རྟོགས་པའོ། །གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འདུ་ཤེས་པ་ལ་སོགས་པ་བསྡུ་བར་

བྱའོ། །དེ་ཡང་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ལ་གཞན་དག་གི་རྒོལ་བ་བསྟན་པར་བྱ་བའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྨྲས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ལ་ཕྱོགས་སྔ་མ་འགོད་པའོ། །གང་གི་ཚེ་ཞི་བ་དེ་ཉིད་ཡིན་

ཞེས་བྱ་བ་ནི་གང་གི་ཚེ་སྐྱེ་བ་མེད་པའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ཤེས་པ་དང་ཤེས་བྱ་ལ་སོགས་པའི་སྤྲོས་པ་དང་བྲལ་བས་ཞི་བའོ། །དེ་ལ་བློ་གྲོས་འཇུག་མི་འགྱུར། །ཞེས་བྱ་བ་ནི་སྐྱེ་བ་མེད་པའི་རང་བཞིན་ཅན་དེ་ཁོ་ན་ཉིད་ལ་བློ་གྲོས་འཇུག་པར་མི་འགྱུར་ཏེ། གཟུང་བ་དང་འཛིན་པའི་རང་

བཞིན་གྱི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་མི་འཐད་པ་དང་། དེ་ཁོ་ན་ཉིད་ལ་རྣམ་པ་གང་གི་སྒོ་ནས་ཀྱང་རྣམ་པ་མེད་པའི་ཕྱིར་རོ། །བློ་མ་ཞུགས་ན་སྐྱོན་ཅི་ཡོད་སྙམ་ན། དེ་ལ་ལན་ནི། བློ་མ་ཞུགས་པར་ཤེས་བྱའི་ཡུལ་ཅན་ངེས་པར་རིགས་པ་མ་ཡིན་ལ་ཞེས་བྱ་བ་གསུངས་ཏེ། ཡུལ་དེ་ཁོ་ན་ཉིད་

ལ་བློ་མ་ཞུགས་ན་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་ངེས་པ་རིགས་པར་མི་འགྱུར་རོ། །གལ་ཏེ་དེ་ཁོ་ན་ཉིད་ཉམས་སུ་མ་མྱོང་བ་ཉིད་ལ་ཉམས་སུ་མྱོང་བ་ཞེས་བརྗོད་ན། དེ་ལ་ལན་ནི། ཀུན་ནས་ཤེས་པ་མེད་པར་ནི་ཤེས་པ་ཇི་ལྟར་འགྱུར་ཏེ། འགལ་བར་འགྱུར་ཞེས་བྱ་བ་གསུངས་ཏེ། གང་མི་ཤེས་པ་དེ་ཤེས་

པར་ཇི་ལྟར་འགྱུར་ཏེ། ཤེས་པ་དང་མི་ཤེས་པ་དག་ཕན་ཚུན་འགལ་བའི་ཕྱིར་རོ། །མཁྱེན་པ་པོ་མེད་པར་ཞེས་བྱ་བ་ལ་སོགས་པར་ནི། གང་གི་ཚེ་དེ་ཁོ་ན་ཉིད་མ་ཤེས་ན་དེའི་ཚེ་དེ་ཁོ་ན་ཉིད་ཀྱི་མཁྱེན་པ་པོ་མེད་པས་ཁྱེད་ཀྱི་ནང་ནས་སྐྱེ་བ་མེད་པ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་སུ་ཞིག་གིས་གཞན་ལ་གོ་བར་

བྱེད་དོ། །སྟོན་པ་ནི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སྐྱེ་བ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །དེ་ལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལའོ། །རྣམ་པ་མེད་པས་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་རང་བཞིན་ཅན་

เล่ม ๑๐๔ · หน้า 325a

གྱིས་དེ་ཁོ་ན་ཉིད་ལ་ཡོད་པ་དང་། མེད་པ་ལ་སོགས་པའི་རང་བཞིན་ཅན་གྱི་རྣམ་པ་གང་ཡང་མེད་པས་སོ། །ཤེས་བྱའི་ཡུལ་ཅན་གྱི་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱིའོ། །ཁྱེད་ཅག་གི་ཞེས་བྱ་བ་ནི་ཁྱེད་ཅག་གི་ནང་ནས་སོ། །དེའི་ཕྱིར་འདིར་མི་རིགས་སོ་ཞེས་

བྱ་བ་ནི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པར་རིགས་པ་མ་ཡིན་ནོ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ལ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་ཡིན་ཏེ། གཞན་ནི་བཅོས་མ་མ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་

རང་བཞིན་དུ་མི་རིགས་པའོ། །བློ་ཡང་སྐྱེ་བ་བྲལ་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པས་བློ་ཡང་སྐྱེ་བ་མེད་པའོ། །དེ་ཚེ་དེ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་ཀྱི་རྣམ་པ་སྐྱེ་བ་མེད་པ་གང་ཡིན་པ་དེ་བློས་བསྟན་པ་སྟེ། བློ་ཡང་སྐྱེ་བ་མེད་པའི་རྣམ་པ་ཅན་ཡིན་པས་བློ་

དེས་སྐྱེ་བ་མེད་པའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་རྟོགས་པ་ལྟ་བུ་ཡིན་ཏེ། གང་ཡུལ་སྐྱེ་བ་མེད་པའི་ཕྱིར་དེ་ཉམས་སུ་མྱོང་བ་ཡིན་པ་ལ་དེ་ཁོ་ན་ཉིད་རྟོགས་པ་མ་ཡིན་ནོ་ཞེས་ཉེ་བར་བཏགས་པ་ཡིན་གྱི་དེ་ལ་གསལ་བར་བྱེད་པ་དང་གསལ་བར་བྱ་བ་དག་ནི་ཡོད་པ་མ་ཡིན་ནོ་ཞེས་པའོ། །དོན་དེ་མདོ་སྡེ་པའི་

དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་གལ་ཏེ་སྔོན་པོའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བར་གྱུར་ན་དེའི་ཚེ་སྔོན་པོ་ལ་སོགས་པའི་ཡུལ་ཤེས་པ་དེས་ཡོངས་སུ་ཤེས་སོ་ཞེས་ཐ་སྙད་བྱེད་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ཕྱི་རོལ་གྱི་

དོན་མི་སྣང་བས་སོ། །དེ་བཞིན་ཐ་སྙད་བརྟེན་ནས་རིག་པ་ཡིན། །ཞེས་བྱ་བ་ནི་སྔོན་པོ་ཡོངས་སུ་ཤེས་པ་བཞིན་དུ་ཐ་སྙད་ལ་བརྟེན་ནས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པར་བརྗོད་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །འདིའི་དོན་ནི་ཇི་ལྟར་དུས་མཉམ་པ་ལ་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་

བྱེད་པ་མི་མཐུན་པས་སྔོན་པོ་ལ་སོགས་པའི་དོན་ཉམས་སུ་མྱོང་བ་མེད་ཀྱང་སྔོན་པོའི་རྣམ་པ་ཅན་གྱི་ཤེས་པ་སྐྱེས་པས་སྔོན་པོ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་ཉེ་བར་བཏགས་ནས་རྣམ་གཞག་བྱེད་པ་དེ་བཞིན་དུ་འདིར་ཡང་བློ་ལ་སྐྱེ་བ་མེད་པའི་རྣམ་པ་ཡོད་པས་སྐྱེ་བ་མེད་པའི་མཚན་ཉིད་ཅན་གྱིས་དེ་ཁོ་ན་ཉིད་དུ་

เล่ม ๑๐๔ · หน้า 325b

ཉམས་སུ་མྱོང་བར་བཏགས་ནས་རྣམ་པར་འཇོག་པ་ཡིན་གྱི། དངོས་སུ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་སྤྲོས་པ་མཐའ་དག་ལས་འདས་པའི་ཕྱིར་རོ། །དེས་ན་དངོས་པོ་གང་ཡང་རུང་མི་དམིགས་པ་དེ་ཉིད་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ཡིན་ནོ། །དེ་ལ་ཁྱེད་ཀྱིས་ཉམས་སུ་མ་མྱོང་བ་གང་ཡིན་པ་དེ་

ཉམས་སུ་མྱོང་བར་ཇི་ལྟར་རིགས་ཏེ། དེ་གཉིས་ཕན་ཚུན་འགལ་བ་ཡིན་ཏེ་ཞེས་གང་སྨྲས་པ་དེ་ཡང་མི་རིགས་ཏེ། གང་དེ་ཁོ་ན་ཉིད་མ་རྟོགས་པ་དེ་ཉིད་ལ་དེ་ཁོ་ན་ཉིད་རྟོགས་པར་མི་བརྗོད་ལ། འོན་ཀྱང་དངོས་པོ་གང་ཡང་མི་དམིགས་པ་དེ་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་ཡིན་པས་འགལ་

བར་ཇི་ལྟར་འགྱུར་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ན་ཞེས་བྱ་བ་ནི་རིགས་པའི་གནས་སྐབས་ནའོ་དེའི་རྣམ་པའི་རྗེས་སུ་བྱེད་པ་འཛིན་པ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པའི་རྗེས་སུ་བྱེད་ནའོ། །ཤེས་པ་དེ་ཁོ་ན་ཉིད་ཀྱི་རྣམ་པའི་

རྗེས་སུ་བྱེད་པ་སྐྱེ་བ་ན་ཞེས་བྱ་བ་ནི་ཤེས་པ་ཡང་སྐྱེ་བ་མེད་པའི་རང་བཞིན་ཅན་ཡིན་པས་སོ། །དེའི་རྣམ་པའི་རྗེས་སུ་བྱེད་པ་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་རྣམ་པའི་རྗེས་སུ་བྱེད་པའོ། །དེ་རྣམས་བརྟེན་ལས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་རྣམ་པ་བརྟེན་པ་ལའོ། །གལ་ཏེ་དངོས་སུ་རྟོགས་པ་མ་

ཡིན་པར་བརྟགས་ནས་ཡིན་པར་ཅིའི་ཕྱིར་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། ཤེས་པ་དང་ཤེས་བྱ་གཉིས་ཀ་ཡང་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་གསུངས་སོ། །མཁྱེན་པ་མེད་པར་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གང་ཡང་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པ་འདི་སྐྱེ་བ་མེད་པ་ཁོ་ན་ཡིན་པར་བདེན་མོད་ཀྱི་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལ་སྐྱེ་བ་མ་གྲུབ་པས་ཡེ་ཤེས་ཀྱང་སྐྱེ་བ་མེད་པ་ཉིད་དོ། །འདིར་འགའ་ཞིག་ནི་བཅོམ་ལྡན་འདས་ལ་སྒྱུ་མའི་རང་བཞིན་གྱི་ཡེ་ཤེས་ཡོད་པར་འདོད་ལ། དེ་ཡང་དོན་

དམ་པར་སྐྱེ་བ་མེད་པའི་ཕྱིར་ཤེས་པ་ཡང་སྐྱེ་བ་མེད་པ་ཡིན་ནོ་ཞེས་བརྗོད་ལ། ཡེ་ཤེས་དེ་ཡང་ལྡོག་པའི་སྒོ་ནས་ལྟ་སྟེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ལ་

เล่ม ๑๐๔ · หน้า 326a

ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་དང་བྲལ་བའི་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པའོ་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་མངའ་བ་དེ་ཁོ་ན་ཉིད་བསྒོམ་པ་རབ་ཀྱི་མཐར་གྱུར་པ་ཆོས་ཀྱི་དབྱིངས་

སུ་ཐུགས་སུ་ཆུད་པ་གང་ཡིན་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་གང་དུ་མཐའ་མེད་པའི་ཁམས་གསུམ་གྱི་སེམས་ཅན་དང་ཅིག་ཤོས་རིང་བ་དང་། ཅིག་ཤོས་ཀྱི་ཡུལ་ལས་འདས་པ་དང་། མ་འོངས་པ་དང་ད་ལྟར་བའི་དངོས་པོ་རྡུལ་ཕྲ་རབ་དང་། གནས་སྐབས་སོ་སོར་མེ་

ལོང་ལ་གཟུགས་བརྙན་བཞིན་དུ་ཐམས་ཅད་ལ་གསལ་བར་སྣང་བའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་གིས་དེ་ལྟར་གཟུགས་བརྙན་ལྟ་བུར་སྣང་བའི་འགྲོ་བ་རྣམས་ལ་ཆོས་ཀྱི་བདག་མེད་པ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་ནས་སེམས་ཅན་ཐམས་ཅད་ལ་རྟག་ཏུ་བདག་ཉིད་དང་མཉམ་

པའི་ཐུགས་བརྙེས་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་གང་གིས་བཅོམ་ལྡན་འདས་དེ་ལྟར་མཉམ་པར་བཞག་པས་རྣམ་པར་མི་རྟོག་པ་ཁོ་ན་ཡིན་དུ་ཟིན་ཀྱང་། སྔོན་གྱི་སྨོན་ལམ་དང་། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་སྤྱོད་པ་སོ་སོར་རྟོག་པའོ། །

བྱ་བ་གྲུབ་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་རྟོགས་པའི་འགྲོ་བ་རྣམས་ལ་བྱ་བ་སྒྲུབ་པར་མཛད་པའོ། །ཡེ་ཤེས་ལྔ་པོ་འདི་རྣམས་ནི་སྐུ་གསུམ་གྱིས་བསྡུས་པ་སྟེ། དེ་ལྟར་ཡང་སློབ་དཔོན་ཙན་དྲ་གོ་མིས། ཉོན་མོངས་ཡིད་ནི་གནས་གྱུར་ལ། །མཉམ་ཉིད་ཡེ་ཤེས་ཞེས་ནི་བརྗོད། །

ཡིད་ཀྱི་རྣམ་ཤེས་གང་ཡིན་དེ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །དེ་དག་ལོངས་སྤྱོད་རྫོགས་སྐུ་ཉིད། །ཆོས་ཀྱི་ལོངས་སྤྱོད་གཟིགས་ཕྱིར་དང་། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །ཆོས་ཀྱི་ལོངས་སྤྱོད་རྒྱུ་ཡིན་ཕྱིར། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་། །ཁ་ཅིག་ལོངས་སྤྱོད་

རྫོགས་སྐུར་བརྗོད། །ཁ་ཅིག་དེ་ཡང་དེ་རྒྱུ་ཡིས། །བརྟགས་ནས་དེ་བཞིན་བརྗོད་པ་ཡིན། །སྒོ་ལྔའི་དབང་པོའི་ཤེས་པ་གང་། །དེས་དོན་ཀུན་ནི་འཛིན་ཉིད་ཕྱིར། །སེམས་ཅན་ཀུན་གྱི་དོན་ཕྱིར་དུ། །བྱ་བ་སྒྲུབ་པའི་ཡེ་ཤེས་བརྙེས། །དེ་ཡང་ཐམས་ཅད་ཐམས་ཅད་དུ། །དུས་དང་

เล่ม ๑๐๔ · หน้า 326b

བསམ་པ་ཇི་ལྟ་བར། །སངས་རྒྱས་ཡེ་ཤེས་སྤྲུལ་སྐུ་སྟེ། །སྤྲུལ་པ་ཐམས་ཅད་མཛད་ཕྱིར་རོ། །ཁ་ཅིག་ཡིད་ནི་ཁོ་ན་ལ། །སྤྲུལ་པའི་སྐུ་ཉིད་དུ་ནི་འདོད། །སྒོ་ལྔའི་རྣམ་ཤེས་གང་ཡིན་དེས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་བརྗོད། །ཅེས་གསུངས་སོ། །དེ་ལ་ཉོན་མོངས་པ་ཅན་གྱི་

ཡིད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ཅིང་། ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པ་བདག་ཏུ་ལྟ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་ཞེན་པ་ཞེས་བྱ་བའི་ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པ་ཡིད་ལ་བྱེད་པའི་བདག་ཉིད་ཅན་ནོ། །

གནས་གྱུར་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་བདག་ཏུ་ལྟ་བ་ལ་སོགས་པ་དང་བྲལ་བ་བདག་དང་གཞན་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས་པའོ། །ཡིད་ཀྱི་རྣམ་ཤེས་གང་ཡིན་དེ། །ཞེས་བྱ་བ་ལ་སོགས་པ་ནི་གང་ཆོས་ལ་དམིགས་

པའི་རྣམ་པར་རྟོག་པའི་ཤེས་པ་གནས་གྱུར་པ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །དེ་དག་ཅེས་བྱ་བ་ནི་མཉམ་པ་ཉིད་དང་། སོ་སོར་རྟོག་པའི་ཡེ་ཤེས་སོ། །ལོངས་སྤྱོད་པའི་སྐུའི་སྒྲ་འཇུག་པའི་རྒྱུ་མཚན་གཉིས་སྟོན་པ་ནི། ཆོས་ཀྱི་ལོངས་སྤྱོད་གཟིགས་ཕྱིར་དང་། །ཞེས་བྱ་

བ་ལ་སོགས་པ་གསུངས་ཏེ། སྟོན་པ་པོ་རང་ཉིད་ཀྱིས་སྟོན་པའི་ཚེ་དེ་དག་གི་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པའི་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་དགའ་བ་དང་། བདེ་བ་ཉམས་སུ་མྱོང་བ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དེའི་དབང་གིས་བཻ་ཌཱུརྱ་ལ་སོགས་པའི་རང་བཞིན་ཅན་

གྱི་སྐུ་ལས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་སྟོན་པ་ཐོས་ནས་དགའ་བ་དང་བདེ་བ་ཉམས་སུ་མྱོང་བས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཞེས་བྱ་བ་ལ་སོགས་པ་ན་ཁ་ཅིག་གིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུར་བརྗོད་དེ། དེ་ལ་བཻ་ཌཱུརྱ་ལ་

སོགས་པའི་རང་བཞིན་གྱི་སྐུ་དང་། ཆོས་སྟོན་པར་སྣང་བས་སོ། །ཁ་ཅིག་དེ་ཡང་དེ་རྒྱུ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་མེ་ལོང་ལྟ་བུའི་ཡེ་ཤེས་ལ་ཆོས་ཀྱི་སྐུར་བརྗོད་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་མི་གཡོ་བའི་ཕྱིར་རོ། །དེ་ལ་མི་གཡོ་བ་ནི་རྣམ་པ་ཐམས་ཅད་དུ་ཡོད་པ་

เล่ม ๑๐๔ · หน้า 327a

དང་། རྣམ་པར་རྟོག་པ་གཡོ་བར་མི་ནུས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་གཡོ་བ་མེད། །ཅེས་གསུངས་སོ། །དེ་ཡང་ཆོས་ཀྱི་སྐུ་དང་རོ་གཅིག་པའི་ཕྱིར་འཐད་པ་ཡིན་ནོ་ཞེས་བྱ་བ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་རྣམས་

ལ་དྲན་པ་ཉམས་པ་མི་མངའ་བ་རིགས་པ་ཡིན་ཏེ། དུས་ཐམས་ཅད་དུ་དངོས་པོ་ཐམས་ཅད་མེ་ལོང་བཞིན་དུ་སྣང་བས་སོ། །ཡེ་ཤེས་གཞན་རྣམས་ནི་དུས་རེས་འགའ་བ་ཡིན་པས་གཡོ་བར་མི་ནུས་པའི་ཕྱིར་རོ། །གདུལ་བྱ་རྣམས་ཀྱིས་དེ་ལྟར་བརྟག་པས་སོ། །དེས་ན་མེ་ལོང་ལྟ་བུའི་

ཡེ་ཤེས་ལ་ལོངས་སྤྱོད་རྫོགས་པའི་སྐུར་གང་བརྗོད་པ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་ཡིན་པའི་ཕྱིར་རོ། །སྒོ་ལྔའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ནི། གང་སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཟུགས་དང་སྒྲ་ལ་སོགས་པ་ཡོངས་སུ་འཛིན་པས་བྱ་བ་

གྲུབ་པའི་ཡེ་ཤེས་ཞེས་བྱ་བའི་མིང་བརྙེས་པ་ཡིན་ནོ། །དེ་ཉིད་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བསྟན་པ་ཡིན། དེ་ཡང་ཐམས་ཅད་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན། དེ་ཡང་ཞེས་བྱ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཐམས་ཅད་ཐམས་ཅད་དུ་ཞེས་བྱ་བ་ནི་དུས་དང་ཡུལ་དག་

ཏུའོ། །བསམ་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་བསམ་པ་བཞིན་དུའོ། །ཁ་ཅིག་ཡིད་ནི་ཁོ་ན་ལས། །ཞེས་བྱ་བ་ནི་ཁ་ཅིག་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ལ་སྤྲུལ་པའི་སྐུ་ཞེས་བརྗོད་དེ། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ལས་སེམས་ཅན་གྱི་དོན་མཛད་

པའོ། །སྒོ་ལྔའི་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་ནི། གང་སྒོ་ལྔའི་རྣམ་པར་ཤེས་པ་དེ་ལོངས་སྤྱོད་རྫོགས་པའི་སྐུར་བརྗོད་པ་སྟེ། ཁྱད་པར་ཅན་གྱི་བཻ་ཌཱུརྱ་ལ་སོགས་པའི་རང་བཞིན་ཅན་གྱི་སྐུ་ལ་སོགས་པར་སྣང་བ་འབྱུང་བས་སོ། །ཡེ་ཤེས་ལྔ་པོ་འདི་རྣམས་ཀྱང་ལྡོག་པ་ཐ་དད་པའི་སྒོ་ནས་

ཐ་དད་པ་ཡིན་གྱི་རྒྱུ་བ་ཐ་དད་པ་ལ་ཡོད་པའི་ཤེས་པ་ལྔ་རང་བཞིན་དུ་ཐ་དད་པ་ནི་མ་ཡིན་ཏེ། འདི་ལྟར་གཅིག་ཉིད་ལ་ཆོས་ཀྱི་དབྱིངས་མཁྱེན་པའི་སྒོ་ནས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སུ་རྣམ་པར་འཇོག་པར་བྱེད་པ་ཡིན་ལ། དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་

เล่ม ๑๐๔ · หน้า 327b

ཐམས་ཅད་ཡོངས་སུ་ཤེས་པའི་སྒོ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རྣམ་པར་འཇོག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དེ་རྣམས་མཉམ་པ་ཉིད་དུ་རྟོགས་པའི་སྒོ་ནས་དེ་ཉིད་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རྣམ་པར་འཇོག་ཅིང་། སེམས་དང་སེམས་ལས་བྱུང་བའི་རྟེན་ཅིང་འབྲེལ་

པར་འབྱུང་བའི་ཆོས་རྣམས་ལ་འདོད་ཆགས་ལ་སོགས་པར་ཡོངས་སུ་ཤེས་པའི་སྒོ་ནས་དེ་ཉིད་ལ་སོ་སོར་རྟོག་པའི་ཡེ་ཤེས་སུ་རྣམ་གཞག་བྱེད་ལ། འདོད་ཆགས་ལ་སོགས་པའི་སྤྱོད་པའི་སེམས་ཅན་རྣམས་ལ་བསམ་པ་ཇི་ལྟར་འོས་པ་བཞིན་དུ་ཆོས་སྟོན་པ་ཡོངས་སུ་མཁྱེན་པའི་སྒོ་ནས་

དེ་ཉིད་ལ་བྱ་བ་སྒྲུབ་པའི་ཡེ་ཤེས་རྣམ་གཞག་བྱེད་པ་ཡིན་ནོ། །དེས་ན་ཡེ་ཤེས་གཅིག་ཉིད་ལ་ཆ་དང་ཆར་ཐ་དད་པར་རྟོགས་ནས་ཡེ་ཤེས་ལྔར་རྣམ་པར་འཇོག་པ་ཡིན་ནོ། །ཡེ་ཤེས་གཅིག་གིས་བསྡུས་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་ཚུལ་འདི་བཞིན་དུ་རིག་

པར་བྱ་སྟེ། དེ་རྣམས་ཡེ་ཤེས་གཅིག་དང་རོ་གཅིག་ཏུ་གྱུར་པས་སོ། །མཚན་ཉིད་ཐ་དད་པ་ཡོད་པ་ནི་རྒྱུའི་གནས་སྐབས་ལ་བརྟེན་ནས་ཡིན་པར་རིག་པར་བྱའོ། །ཡེ་ཤེས་དེ་ཡང་ཆོས་ཀྱི་དབྱིངས་སུ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་བཞིའི་རང་བཞིན་ཅན་ལ་ནི་

དངོས་གཞིའི་རྣམ་གཞག་བྱེད་པ་ཡིན་ནོ། དེའི་དབང་གིས་ཆོས་སྟོན་པ་ཡོངས་སུ་རྫོགས་པའི་ཕྱིར་ཡེ་ཤེས་དེ་ཉིད་བྱ་བ་སྒྲུབ་པའི་ཆ་ནས་རྗེས་ཐོབ་ཀྱི་ཡེ་ཤེས་སུ་རྣམ་པར་འཇོག་པ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུར་འདོད་པ་རྣམས་ཀྱི་རྣམ་གཞག་དེ་ལྟར་ཡིན་ནོ། །

གཞན་རྣམས་ཀྱི་ནི་རྣམ་གཞག་འདི་ལྟར་སྟོན་ཏེ། གལ་ཏེ་བཅོམ་ལྡན་འདས་ལ་ཡེ་ཤེས་ཡོད་པར་འདོད་ན་ཡེ་ཤེས་དེ་བཅོམ་ལྡན་འདས་ལ་སྣང་ངམ་མི་སྣང་། གལ་ཏེ་མི་སྣང་བར་འགྱུར་ན། དེའི་ཚེ་དེ་ཡོད་པ་མ་ཡིན་ནོ་ཞེས་ཇི་ལྟར་ཐ་སྙད་བྱེད། གལ་ཏེ་སྣང་བར་འགྱུར་ན་དོན་དམ་པར་སྣང་བ་

དེ་ཡོད་པ་ཅིག་སྣང་བ་ཡིན་ནམ་འོན་ཏེ་མེད་པ་ཅིག་སྣང་བ་ཡིན། དེ་ལ་ཕྱོགས་དང་པོ་ནི་མ་ཡིན་ཏེ། བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་དོན་དམ་པར་བཀག་པས་སོ། །དོན་དམ་པར་མེད་ཀྱང་སྣང་ན་ནི་བཅོམ་ལྡན་འདས་རྣམས་ལ་མ་རིག་པ་ཡོད་པར་ཐལ་བར་འགྱུར་རོ། །དེ་

เล่ม ๑๐๔ · หน้า 328a

ཅིའི་ཕྱིར་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་གསུངས་པས་སོ། །གལ་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་འདིས་ཉོན་མོངས་པ་དང་བཅས་པའི་འཁོར་བར་གྱུར་པའི་རྣམ་པར་ཤེས་

པ་ལ་མ་རིག་པའི་རྐྱེན་ཅན་དུ་གསུངས་པ་ཡིན་གྱི་ཤེས་པ་ཐམས་ཅད་ལ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ནི་སྙིང་རྗེའི་རྒྱུ་ཅན་ཡིན་ཏེ། སྙིང་རྗེའི་སྟོབས་ཀྱིས་བཅོམ་ལྡན་འདས་རྣམས་འཁོར་བ་ཇི་སྲིད་དུ་བཞུགས་པས་སོ། །དཔེར་ན་མར་མེ་དང་པོ་འབྲུ་མར་གྱིས་

རྒྱུ་ཅན་ཡིན་དུ་ཟིན་ཀྱང་འབྲུ་མར་ཟད་ནས་མར་བླུགས་ན་མི་ལྡོག་པ་དེ་བཞིན་དུ་འདིར་ཡང་ཤེས་པ་མ་རིག་པའི་རྒྱུ་ཅན་ཡིན་དུ་ཟིན་ཀྱང་མ་རིག་པ་ལོག་ནས་སྙིང་རྗེའི་སྟོབས་ཀྱིས་ཡེ་ཤེས་སྣང་བས་བཅོམ་ལྡན་འདས་རྣམས་མ་རིག་པ་དང་བཅས་པར་ཐལ་བར་མི་འགྱུར་བའོ། །དེ་ལ་ཁ་ཅིག་

ན་རེ་བཅོམ་ལྡན་འདས་རྣམས་ལ་སྙིང་རྗེའི་སྟོབས་ཀྱིས་ཡེ་ཤེས་སྣང་དུ་ཆུག །དེ་ལྟར་ན་ཡང་མ་རིག་པ་ལོག་པར་མི་འགྱུར་ཏེ། འདི་ལྟར་གལ་ཏེ་སྙིང་རྗེའི་དབང་གིས་ཡེ་ཤེས་སྣང་བར་གྱུར་ན་དེའི་དོན་དམ་པར་ཡོད་པའི་ཡེ་ཤེས་སྣང་བ་མ་ཡིན་ཏེ། དོན་དམ་པར་ཡོད་པ་སྔར་

བཀག་ཟིན་པས་སོ། །དོན་དམ་པར་མེད་པར་སྣང་བ་གང་ཡིན་པ་དེ་འཁྲུལ་པ་མེད་པར་མི་རིགས་ཏེ། དཔེར་ན་རབ་རིབ་ཅན་ལ་མེད་པའི་སྐྲ་ཤད་དང་ཟླ་བ་ལ་སོགས་པ་སྣང་བ་འཁྲུལ་པ་མེད་ན་མི་རིགས་ལ། དེ་བཞིན་དུ་འདིར་ཡང་མེད་པར་སྣང་བར་འཁྲུལ་པ་མེད་ན་འབྱུང་བར་མི་

འགྱུར་བ་ཡིན་ལ། འཁྲུལ་པ་ཡང་མ་རིག་པ་ཉིད་དོ། །དེས་ན་སངས་རྒྱས་ལ་སྙིང་རྗེ་སྔོན་དུ་འགྲོ་བ་ཅན་གྱི་ཡེ་ཤེས་མངའ་ན་མ་རིག་པ་དང་བཅས་པར་ཐལ་བར་འགྱུར་བ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་ལ་མ་རིག་པ་ཡོད་ཀྱང་སྐྱོན་ཅི་ཡོད་ཅེ་ན། མ་ཡིན་ཏེ་ཕྱི་རོལ་པའི་

འདོད་ཆགས་དང་བྲལ་བ་རྣམས་བཞིན་དུ་བཅོམ་ལྡན་འདས་རྣམས་ལ་ཡང་མ་རིག་པ་སྔོན་དུ་འགྲོ་བའི་ཉོན་མོངས་པ་འཇུག་པར་ཐལ་བར་འགྱུར་བའོ། །དེ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བས་ནི་མ་རིག་པ་མ་རིག་པ་ཉིད་དུ་མ་ཤེས་པ་ཡིན་ལ་བཅོམ་ལྡན་

เล่ม ๑๐๔ · หน้า 328b

འདས་རྣམས་ཀྱིས་མ་རིག་པ་ཉིད་དུ་མཁྱེན་པ་ཡིན་ལ། དེ་ནས་དེ་སྔོན་དུ་འགྲོ་བའི་ཉོན་མོངས་པ་འཇུག་པ་མ་ཡིན་ནོ། །དེ་ཡང་མ་ཡིན་ཏེ། གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་རིག་པ་ཉིད་དུ་མཁྱེན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་མ་རིག་པ་ཡོད་པ་ཉིད་དུ་ཁས་བླངས་པ་

ཡིན་ཏེ། དཔེར་ན་རབ་རིབ་ཅན་རྣམས་ལ་སྐྲ་ཤད་ལ་སོགས་པ་སྣང་བ་དང་ང་ལ་རབ་རིབ་ཀྱི་དབང་གིས་འདི་མི་བདེན་པ་སྣང་བ་ཡིན་ནོ་སྙམ་དུ་འཁྲུལ་པར་ཡོངས་སུ་ཤེས་ཀྱང་འཁྲུལ་པ་མི་ལྡོག་པ་ཡིན་ལ། དེ་བཞིན་དུ་འདིར་ཡང་ངོ་། །དེ་ལྟར་ན་ནི་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་

བག་ཆགས་དང་བཅས་པ་སྤངས་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་རིགས་པ་མ་ཡིན་ནོ། །དེ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་རྣམས་མ་རིག་པ་སྤོང་བའི་ནུས་པ་མངའ་རུ་ཟིན་ཀྱང་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེའི་དབང་གིས་མ་རིག་པ་མི་སྤོང་བ་ཡིན་ཏེ། གཞན་དུ་ན་ཆད་

པར་འགྱུར་བས་སོ། །བག་ཆགས་དང་བཅས་པའི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པར་གསུངས་པ་ནི་སྤོང་བར་ནུས་པ་མངའ་བའི་ཕྱིར་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། གཞན་ལས། ཉོན་མོངས་མ་བསྲེགས་རྩྭ་རྩེ་བཞིན། །སྤངས་པ་ཉིད་དུ་མཛད་པ་

ཡིན། །ཞེས་གསུངས་སོ། །དེ་ལྟར་ཁ་ཅིག་བཅོམ་ལྡན་འདས་ལ་ཡེ་ཤེས་མངའ་བར་བཞེད་དོ། །གཞན་རྣམས་ཀྱིས་འདི་ལྟར་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམས་ནི་མཚན་མ་མེད་ཅིང་རྩོལ་བ་མེད་པའི་ལམ་རབ་རིབ་ཀྱི་མཐར་སོན་པས་ཡེ་ཤེས་ཀྱི་མཚན་མ་མི་སྣང་བ་དང་། སྔར་

བསྟན་པའི་རིགས་པས་རང་རིག་མི་འཐད་པའི་ཕྱིར་ཡེ་ཤེས་ཇི་ལྟར་སྣང་བར་འགྱུར། གཞན་ཡང་གལ་ཏེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་དམིགས་པར་བྱ་བ་ཡིན་ན་དེའི་ཚེ་དེ་དག་ལ་དམིགས་པའི་ཡེ་ཤེས་འབྱུང་ཞིང་སྣང་བར་འགྱུར་

བ་ལས་འོན་ཀྱང་སངས་རྒྱས་ཀྱི་སར་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་དག་ཕན་ཚུན་མཉམ་པ་ཉིད་དུ་གྱུར་པས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་དང་ཡེ་ཤེས་རྣམས་སྟོང་པ་ཉིད་དང་རོ་གཅིག་ཏུ་གྱུར་པས་ཅི་ལྟར་ན་ཡེ་ཤེས་

เล่ม ๑๐๔ · หน้า 329a

སྣང་བར་འགྱུར་ཞེས་པའོ། །གལ་ཏེ་ཡེ་ཤེས་སྣང་བ་མེད་ན་ཅི་ལྟར་ཆད་པར་མི་འགྱུར་ཞིང་སེམས་ཅན་གྱི་དོན་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། དེ་ཡང་མ་ཡིན་ཏེ། ཁྱོད་ཀྱི་ཡེ་ཤེས་མི་སྣང་ན་ཆད་པར་འགྱུར་ཞེས་བརྗོད་པ་དེ། བཅོམ་ལྡན་འདས་རྣམས་ཆད་པར་རྟོག་

གམ། འོན་ཏེ་ཡེ་ཤེས་ཆད་པར་རྟོག །དེ་ལ་བཅོམ་ལྡན་འདས་རྣམས་ནི་མ་ཡིན་ཏེ། བཅོམ་ལྡན་འདས་རྣམས་ཆོས་ཀྱི་སྐུའི་རང་བཞིན་ཅན་ཡིན་པས་སོ། །ཆོས་ཀྱི་སྐུ་ཡང་ཡོན་ཏན་རྣམས་དང་རོ་གཅིག་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ལྟར་ཡང་འཕགས་པ་རྡོ་རྗེ་གཅོད་པ་ལས། གང་

དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་རིག་པར་བྱ་མིན་པས། །དེས་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་ཏེ།

འདིའི་དོན་ནི་གང་གཟུགས་ཀྱི་སྐུ་མཐོང་བ་ཙམ་གྱིས་སམ། སྒྲ་རྗེས་སུ་མཐོང་བ་ཙམ་གྱིས་ཁོ་བོས་དེ་བཞིན་གཤེགས་པ་མཐོང་ངོ་། །ཤེས་སོ་སྙམ་དུ་སེམས་ཅན་དེ་རྣམས་ནི་སངས་རྒྱས་མཐོང་བ་ལ་གེགས་བྱེད་པའི་ལས་ཀྱི་སྒྲིབ་པ་སྤོང་བའི་དོན་དུ་ལོག་པར་ཞུགས་པ་ཡིན་ཏེ་དེ་ཉིད་ལས་གུས་པར་

ཞུགས་པས་དེ་རྣམས་ཀྱིས་ང་མཐོང་བ་མ་ཡིན་ཞིང་ཕྱིས་ཀྱང་མཐོང་བར་མི་འགྱུར་བའོ། །གལ་ཏེ་གཟུགས་ཀྱི་སྐུ་མཐོང་བ་ཙམ་གྱིས་སངས་རྒྱས་མཐོང་བར་མི་འགྱུར་གྱི། འདི་དེ་མཐོང་བ་དང་རྗེས་སུ་མཐུན་པ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཚེ་ང་མཐོང་བར་འགྱུར་བ་ཡིན་གྱི་གང་གི་ཚེ་མ་མཐོང་

བ་མངོན་པར་ཞེན་པ་ཡོད་ན་ནི་དེའི་ཚེ་ཇི་ལྟར་མཐོང་བར་འགྱུར་རོ། །དེའི་ཆོས་ཉིད་མཐོང་བ་གང་ཡིན་པ་དེ་ཉིད་སངས་རྒྱས་མཐོང་བ་ཡིན་ཏེ། དེ་དེ་དང་རོ་གཅིག་པ་ཡིན་པས་སོ། །ཆོས་ཀྱི་སྐུའི་རང་བཞིན་ཆོས་ཉིད་དེ་ཡང་གཟུགས་མཐོང་བ་དང་། སྒྲ་ཐོས་པ་ཙམ་གྱིས་སོ་སོའི་སྐྱེ་བོས་ཁོང་དུ་

ཆུད་པར་མི་ནུས་སོ། །དོན་དམ་པར་ནི་ཡོངས་སུ་དག་པས་ཀྱང་མ་ཡིན་ན་ཤེས་པ་དང་ཤེས་བྱ་དག་ནུབ་པར་འགྱུར་བས་སོ། །དེས་ན། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་མ་མཐོང་བ་ཉིད་ཀྱང་སངས་རྒྱས་མཐོང་བའོ། །དེ་ཉིད་ཀྱི་ཕྱིར་གཞན་

เล่ม ๑๐๔ · หน้า 329b

ལས་ཀྱང་། ཐམས་ཅད་ལ་ནི་ཁྱད་མེད་ཀྱང་། །དེ་བཞིན་ཉིད་དག་གྱུར་པ་ལ། །དེ་བཞིན་གཤེགས་བརྗོད་དེ་ཡི་ཕྱིར། །ལུས་ཅན་ཐམས་ཅད་དེ་སྙིང་ཅན། །ཞེས་གསུངས་སོ། །དེས་ན་བཅོམ་ལྡན་འདས་རྣམས་ཆོས་ཀྱི་སྐུའི་རང་བཞིན་ཅན་ཡིན་པས་ཆད་པར་འགྱུར་བ་ཡོད་པ་མ་ཡིན་ནོ། །

གལ་ཏེ་ཡེ་ཤེས་ཆད་པར་རྟོག་ན་དེ་ཡང་མི་རིགས་ཏེ། དེ་ཆད་ཀྱང་བཅོམ་ལྡན་འདས་རྣམས་ཆོས་ཀྱི་སྐུའི་རང་བཞིན་ཅན་ཡིན་པས་ཆད་པ་མེད་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ཅི་ཞིག་གནོད་པར་འགྱུར། གཞན་ཡང་ཡེ་ཤེས་ལ་དང་པོར་རང་བཞིན་ཡོད་པར་འགྱུར་ན་དེ་ཕྱིས་ཆད་པ་ལས་ཆད་པར་

སྨྲ་བར་འགྱུར་ལ། འོན་ཀྱང་ཐོག་མ་ནས་ཀྱང་དེ་ལ་རང་བཞིན་མེད་པའི་ཕྱིར་གང་ཞིག་ཆད་པར་འགྱུར། དེ་སྐད་དུ་ཡང་། འདི་ལ་དོར་བ་ཅི་ཞིག་ཡོད། །འདི་ལ་བསྣན་པ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་སོ། །དེས་ན་

ཡེ་ཤེས་ལ་ཆད་པ་ཡོད་པ་མ་ཡིན་ནོ། །སེམས་ཅན་གྱི་དོན་ཡང་ཆད་པ་མ་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུས་འགྲོ་བའི་དོན་རྫོགས་པར་མཛད་པས་སོ། །དེ་ཡང་ཕྱིས་འཆད་པར་འགྱུར་བའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་

སྒྲིབ་པ་སྤོང་བའི་ནུས་པ་མངའ་བས་བཅོམ་ལྡན་འདས་རྣམས་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པར་འཇོག་ལ། རྣམ་པ་ཐམས་ཅད་དུ་མ་སྤངས་པ་དང་། བཅོམ་ལྡན་འདས་རྣམས་ཀྱིས་སྙིང་རྗེའི་སྟོབས་ཀྱིས་མ་རིག་པ་བཞག་པ་ཡིན་ནོ་ཞེས་བྱ་

བ་དེ་གང་ལས་གསུངས། ཉོན་མོངས་མ་བསྲེགས་ཞེས་བྱ་བ་ལ་སོགས་པ་དེ་མཛད་པའི་ཚིག་ཡིན་གྱི་དོན་མདོ་ལས་ནི་མ་ཡིན་ནོ། །ཡང་ན་འདིའི་དོན་ནི་ཁྱེད་ཀྱིས་ཉོན་མོངས་པ་མ་བསྲེགས་ཏེ། ཞིག་པར་མཛད་པ་མ་ཡིན་ཏེ། ཉོན་མོངས་པ་རྣམས་ལ་རང་བཞིན་མེད་པས་སོ། །

འོན་ཀྱང་ཉོན་མོངས་པ་རྣམས་ཀྱི་རང་བཞིན་མེད་པར་ཐུགས་སུ་ཆུད་པས་རྩྭའི་རྩེ་མོ་བཞིན་དུ་སྤོང་བར་མཛད་པ་ཡིན་ནོ་ཞེས་པའོ། །དེས་ན་འགལ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་བཅོམ་ལྡན་འདས་ལ་ཡེ་ཤེས་ལྔའི་རྣམ་གཞག་བྱས་པ་གང་ཡིན་པ་དེ་ནི་ཇི་ལྟར་རིགས་པ་ཡིན་ཞེ་ན།

เล่ม ๑๐๔ · หน้า 330a

དེ་ལ་ལན་བསྟན་པར་བྱ་སྟེ། གང་གི་ཚེ་ཆོས་ཀྱི་སྐུའི་དབང་གིས་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དག་ལས་སྔོན་གྱི་སྨོན་ལམ་དང་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་གིས་གདུལ་བྱ་རྣམས་ལ་ཡེ་ཤེས་ལྔ་དང་རྗེས་སུ་མཐུན་པའི་ཆོས་སྟོན་

པའི་སྣང་བ་འབྱུང་བར་འགྱུར་ལ། དེའི་ཚེ་བཅོམ་ལྡན་འདས་རྣམས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་མངའ་བ་ཡིན་ནོ་ཞེས་གདུལ་བྱ་རྣམས་ཀྱིས་ཡོངས་སུ་རྟོག་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་རྗེས་སུ་མཐུན་པའི་ཆོས་སྟོན་

པར་གྱུར་པ་སྟེ། དེའི་ཚེ་བཅོམ་ལྡན་འདས་ལ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་མངའ་བ་ཡིན་ནོ་ཞེས་ཡོངས་སུ་རྟོག་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་དང་ཅིག་ཤོས་ལ་སོགས་པའི་དངོས་པོ་ཡོངས་སུ་ཤེས་པར་སྟོན་པར་སྣང་བར་འགྱུར་བ་དེའི་ཚེ་བཅོམ་ལྡན་འདས་ལ་

མེ་ལོང་ལྟ་བུའི་ཡེ་ཤེས་མངའ་བ་ཡིན་ནོ་ཞེས་ཡོངས་སུ་རྟོག་པ་ཡིན་ནོ། །གང་གི་ཚེ་བདག་དང་གཞན་མཉམ་པ་ཉིད་ལ་སོགས་པར་སྟོན་པར་སྣང་བར་འགྱུར་བ་དེའི་ཚེ་བཅོམ་ལྡན་འདས་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་མངའ་བ་ཡིན་ནོ་ཞེས་ཡོངས་སུ་རྟོག་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་གྱི་

སྤྱོད་པ་ལ་སོགས་པ་སྟོན་པར་སྣང་བར་འགྱུར་བ་དེའི་ཚེ་བཅོམ་ལྡན་འདས་ལ་སོ་སོར་རྟོག་པའི་ཡེ་ཤེས་མངའ་བ་ཉིད་ཡིན་ནོ་ཞེས་ཡོངས་སུ་རྟོག་པ་ཡིན་ནོ། །གང་གི་ཚེ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་གཉེན་པོའི་ཆོས་སྟོན་པར་སྣང་བར་འགྱུར་བ་དེའི་ཚེ་བཅོམ་ལྡན་འདས་ལ་བྱ་བ་གྲུབ་པའི་

ཡེ་ཤེས་མངའ་བ་ཡིན་ནོ་ཞེས་ཡོངས་སུ་རྟོག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཆོས་ཀྱི་སྐུའི་རྒྱུ་ཅན་ཡེ་ཤེས་རྣམ་པ་ལྔ་མངའ་བ་ཡིན་པས་ཡེ་ཤེས་རྒྱུན་ཆད་པར་འགྱུར་བ་ཡང་མ་ཡིན་ནོ། །ཡོན་ཏན་རྣམས་ཀྱི་རྣམ་གཞག་ཀྱང་དེ་ལྟར་ཤེས་པར་བྱའི། ཆོས་ཀྱི་སྐུའི་གནས་སྐབས་

ན་བཅོམ་ལྡན་འདས་ལ་ཡོན་ཏན་ཐ་དད་པར་མངའ་བ་ནི་མ་ཡིན་ཏེ། དེ་རྣམས་ཆོས་ཀྱི་སྐུ་དང་རོ་གཅིག་པས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་རྣམས་ཆོས་ཀྱི་སྐུའི་རང་བཞིན་ཡིན་ཞིང་། བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་ཀྱི་སྐུར་རོ་གཅིག་པ་དེའི་ཕྱིར་ཆོས་ཀྱི་སྐུ་ལ་མངོན་པར་བྱང་

เล่ม ๑๐๔ · หน้า 330b

ཆུབ་པའི་དུས་དང་། གནས་པའི་དུས་ལ་མཐའ་ཡོད་པ་མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། རིགས་ཀྱི་དབྱེ་དང་དོན་མེད་མིན། །རྫོགས་དང་ཐོག་མ་མེད་ཉིད་དང་། །དྲི་མེད་རྟེན་ལ་དབྱེ་མེད་ཕྱིར། །སངས་རྒྱས་གཅིག་མིན་དུ་མའང་མིན། །ཞེས་གསུངས་

སོ། །འདིའི་དོན་ནི་སངས་རྒྱས་གཅིག་ཉིད་དུ་ཡང་འདོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རིགས་ཐ་དད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་རིགས་ཅན་སེམས་ཅན་མཐའ་ཡས་པས་དེ་ལ་གཅིག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ལ་གཞན་རྣམས་ཅིའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་

པར་འགྱུར་བ་མ་ཡིན་ནོ་ཞེས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དོན་མེད་པར་ཡང་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གཞན་རྣམས་མངོན་པར་རྫོགས་པར་འཚང་མི་རྒྱ་བས་སོ། །དོན་མེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་པ་ཉིད་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་སེམས་

ཅན་གྱི་དོན་རྫོགས་པར་ཡང་མི་འགྱུར་ཏེ། འགའ་ཞིག་ཀྱང་སངས་རྒྱས་ཉིད་ལ་མ་བཀོད་པས་ཀྱང་མི་རིགས་པས་སོ། །དང་པོའི་སངས་རྒྱས་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ཚོགས་མ་བསགས་པའི་སངས་རྒྱས་ཉིད་མི་རིགས་པ་དང་། སངས་རྒྱས་གཞན་མེད་ན་ཚོགས་སོག་པ་

མི་རིགས་སོ་ཞེས་ཐོག་མ་མེད་པའི་ཕྱིར་སངས་རྒྱས་གཅིག་ཉིད་ཀྱང་རིགས་པ་མ་ཡིན་ནོ། །སངས་རྒྱས་མང་པོ་ཉིད་ཀྱང་འདོད་པ་མ་ཡིན་ཏེ། ཟག་པ་མེད་པའི་ཁམས་ལ་ཆོས་ཀྱི་སྐུ་དབྱེ་བ་མེད་པའི་ཕྱིར་ཞེས་པའོ། །དེའི་ཕྱིར་ཆོས་ཀྱི་སྐུ་ལ་ལྟོས་ནས་མངོན་པར་བྱང་ཆུབ་པའི་དུས་དང་

གནས་པའི་དུས་ལ་མཐའ་ཡོད་པ་མ་ཡིན་ནོ། །དེས་ན་ཆོས་ཀྱི་སྐུ་ལ་ལྟོས་ནས་དང་པོའི་སངས་རྒྱས་ཀྱི་རྣམ་གཞག་ཀྱང་རིགས་པ་ཡིན་ཏེ། དོན་དམ་པར་ཆོས་ཀྱི་སྐུའི་རང་བཞིན་གཅིག་ཉིད་ཡིན་པས་སོ། །མང་བར་འགྱུར་བས་ཆོག་གོ། །དཀྱུས་མ་ཉིད་བརྗོད་པར་བྱ་སྟེ། གལ་ཏེ་ཡེ་

ཤེས་སྐྱེ་བ་མེད་པ་ཡིན་ན་དེའི་ཚེ་མཁྱེན་པ་པོ་མེད་པར་འཇིག་རྟེན་ན་དེ་ཁོ་ན་ཉིད་སྟོན་པ་ཇི་ལྟར་སྲིད་པར་འགྱུར་ཞེ་ན། དེ་ལ་ལན་ནི། འཇིག་རྟེན་ན་འདི་ཉིད་སྟོན་པ་མི་སྲིད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེ་ན་ཞེས་བྱ་བ་ལ་

เล่ม ๑๐๔ · หน้า 331a

སོགས་པ་གསུངས་སོ། །དེའི་ཞེས་བྱ་བ་ནི། ཆོས་ཀྱི་སྐུའི་བདག་ཉིད་ཀྱི་སངས་རྒྱས་སོ། །ལོངས་སྤྱོད་རྫོགས་སྐུ་ཞེས་བྱ་བ་ནི་འོག་མིན་གྱི་གནས་ན་གང་བཞུགས་པའོ། །བསོད་ནམས་བརྒྱ་ཡིས་ཟིན་དང་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་བསགས་པ་ལས་བྱུང་

བས་སོ། །སྤྲུལ་པ་མཁའ་གཞན་ལས་ཞེས་བྱ་བ་ལ། སྤྲུལ་པ་ནི་འདིར་སྐུ་བལྟམས་པ་ལ་སོགས་པ་བསྟན་ནས། མངོན་པར་བྱང་ཆུབ་པ་ལ་སོགས་པ་གང་ཡིན་པའོ། །མཁའ་ནི་ནམ་མཁའོ། །གཞན་ལས་ཏེ། ཤིང་ལ་སོགས་པ་ལས་ཆོས་སྟོན་པའི་སྒྲ་གང་བྱུང་བ་དེས་ཆོས་ཀྱི་དེ་

ཁོ་ན་ཉིད་སྟོན་པར་འགྱུར་བ་ཡིན་ཏེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་སྟོན་པར་བྱེད་པ་གང་ཡིན་པའོ། །དེའི་མཐུས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་དབང་གིས་སོ། །དེ་ལ་འཇིག་རྟེན་པའི་ལས་ཀྱིས་ཀྱང་དེ་ཉིད་རིག་ཅེས་བྱ་བ་ནི་སྒྲ་དེ་ལས་འཇིག་རྟེན་གྱིས་སྐྱེ་བ་

མེད་པ་དང་། འགག་པ་མེད་པའི་རང་བཞིན་ཅན་གྱིས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འགྱུར་བའོ། །འདིའི་དོན་ནི་ཆོས་ཀྱི་སྐུའི་དབང་གིས་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་དག་དང་། ནམ་མཁའ་ལ་སོགས་པ་གཞན་ལས་ཀྱང་གདུལ་བྱ་རྣམས་ལ་སྟོན་པར་སྣང་བས་དེ་ཁོ་ན་ཉིད་སྟོན་

པར་སྲིད་པ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱི་སྐུ་གང་ལ་བཞུགས་ནས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བཞུགས་ནས་སོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་

བཞིན་ཅན་ཆོས་ཀྱི་སྐུའོ། །བསོད་ནམས་བརྒྱས་ཟིན་པ་ཞེས་བྱ་བ་ནི་བརྒྱ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་སྨོས་པ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་ཡིན་པས་སོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་ས་

བཅུ་ལ་གནས་པ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་མ་ཡིན་པས་སོ། །སྣ་ཚོགས་པའི་གཟུགས་མངའ་བ་ཞེས་བྱ་བ་ནི། བཻ་ཌཱུརྱའི་རང་བཞིན་ཅན་ལ་སོགས་པའི་སྐུ་སྟོན་པའོ། །དེ་ཉིད་རྒྱས་པར་སྟོན་པ་ནི། དེ་ནི་ངོ་བོ་ཉིད་དེ་དང་དེར་ཞེས་བྱ་བ་ལ་སོགས་པ་གསུངས་

เล่ม ๑๐๔ · หน้า 331b

སོ། །གང་ལས་ཞེས་བྱ་བ་ནི་འཇིག་རྟེན་པས་དེ་ཁོ་ན་ཉིད་ངེས་པ་ལས་སོ། །ད་རུང་ཡང་ཞེས་བྱ་བ་ནི་དུས་ད་ལྟར་ཡང་ངོ་། །འཇམ་དཔལ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཅན་ཡིན་ལ། དེ་ལ་སྐྱེ་བ་དང་འགག་པ་མེད་པས་སོ། །དེ་

བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་བྱིན་གྱི་རླབས་ཀྱིས་སོ། །རྣམ་པ་དེ་ལྟ་བུའི་ཆོས་ཉེ་བར་སྟོན་པའི་སྣོད་དུ་གྱུར་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་བསྟན་པའི་སྣོད་དུ་གྱུར་པས་སོ། །དེ་ལ་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་བྱིན་

གྱི་རླབས་ཀྱིས་སོ། །བྲག་ལ་སོགས་པ་ལས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རྔ་ལ་སོགས་པ་བསྡུ་བར་བྱའོ། །དེའི་མཐུས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་མཐུས་སོ། །སེམས་དང་སེམས་ལས་བྱུང་བ་འཇུག་པ་མེད་དུ་ཟིན་ཀྱང་ཞེས་བྱ་བ་ནི་རྩོལ་བ་མེད་དུ་ཟིན་ཀྱང་ངོ་། །འདིར་གཞན་

དག་གི་དོགས་པ་བསུ་བ་ནི། ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དང་སེམས་ལས་བྱུང་བ་མེད་པའི་རང་བཞིན་ཅན་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་སེམས་དང་སེམས་ལས་བྱུང་བའི་རབ་ཏུ་རྒྱུ་བ་མི་མངའ་བས་སོ། །རྣམ་པར་རྟོག་པ་མེད་པས་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་

ཐམས་ཅད་དང་བྲལ་བས་སོ། །བྱ་བ་ད་ལྟར་བ་མི་སྲིད་ཀྱང་ཞེས་བྱ་བ་ནི་རྩོལ་བ་མེད་དུ་ཟིན་ཀྱང་། ཇི་སྐད་བཤད་པའི་བྱ་བ་འབྱུང་བའི་རྒྱུ་ཉིད་དུ་འགྱུར་ཞེས་བྱ་བ་ནི་ཆོས་སྟོན་པའི་བྱ་བའི་རྒྱུ་ཉིད་དུ་ཇི་ལྟར་འགྱུར་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་བསྟན་པར་བྱ་བའི་ཕྱིར་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བསྟན་པའི་ཕྱིར་ཞེས་བྱ་བ་ནི། བྱ་བ་ད་ལྟར་བ་མེད་དུ་ཟིན་ཀྱང་བྱ་བ་འབྱུང་བའི་རྒྱུ་ཉིད་དུ་འགྱུར་བའོ། །ཕྱི་རོལ་གྱི་དཔེ་ཞེས་བྱ་བ་ནི་རྫ་མཁན་གྱི་འཁོར་ལོ་ལ་སོགས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། འདིར་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་བྱེད་པའི་དུས་ནའོ། །བསྐོར་ཞེས་བྱ་བ་ནི་དབྱུག་པ་ལ་སོགས་པས་སོ། །དེ་རྩོལ་ཞེས་བྱ་བ་ནི་རྫ་མཁན་གྱི་རྩོལ་བའོ། །བུམ་པ་ལ་སོགས་པ་རྒྱུར་མཐོང་ལྟར་ཞེས་བྱ་བ་ནི་འཁོར་ལོ་འཁོར་ཞིང་བུམ་པ་ལ་སོགས་པའི་རྒྱུ་ཉིད་དུ་

เล่ม ๑๐๔ · หน้า 332a

མཐོང་བའོ། །དཔེ་བསྟན་ནས་དོན་དང་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ད་ལྟར་སྐྱེས་བུ་རྩོལ་བ་མེད་བཞིན་དུ། །ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་རང་བཞིན་ཅན་གྱི་རྩོལ་བ་ད་ལྟར་མེད་ཀྱང་ངོ་། །ཆོས་ཀྱི་བདག་ཉིད་

ཅན་སྐུ་ཉིད་ལ་བཞུགས་དེའི་ཞེས་བྱ་བ་དེ་བཞིན་ཉིད་ཀྱི་རང་བཞིན་ཅན་གྱི་སྐུ་ལ་བཞུགས་པའི་བཅོམ་ལྡན་འདས་སོ། །དེའི་ཞེས་བྱ་བ་ནི་ཆོས་ཀྱི་སྐུའིའོ། །འཇུག་པ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་འཇུག་པའོ། །སྐྱེ་བོའི་དགེ་དང་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་ཆོས་ཉན་པར་འགྱུར་བའི་

བསོད་ནམས་ཀྱི་ཁྱད་པར་གྱིས་སོ། །སྨོན་ལམ་གྱི་ཁྱད་པར་གྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བཏབ་པའི་སྨོན་ལམ་གྱིས་སོ། །འཕངས་ཞེས་བྱ་བ་ནི། དེ་རྣམས་ཀྱི་འབྲས་བུ་འབྱིན་པ་ལ་མངོན་པར་རྟོགས་པར་བྱས་པས་སོ། །འདིའི་དོན་ནི་ཇི་ལྟར་རྫ་མཁན་གྱི་

རྩོལ་བ་དང་། དབྱུག་པས་བསྐོར་བའི་འཁོར་ལོ་ནི་རྫ་མཁན་གྱི་རྩོལ་བ་དང་དབྱུག་པ་མེད་དུ་ཟིན་ཀྱང་འཁོར་ཞིང་བུམ་པ་ལ་སོགས་པ་འབྱུང་བའི་རྒྱུར་མཐོང་བ་དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་སྔོན་གྱི་སྨོན་ལམ་དང་བསོད་ནམས་ཀྱི་དབང་གིས་ད་ལྟར་འབད་རྩོལ་མེད་དུ་ཟིན་ཀྱང་སེམས་ཅན་

གྱི་བྱ་བའི་རྒྱུ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་པའོ། །དེ་ལྟར་ཡང་འཕགས་པ་རྒྱ་མཚོའི་བློ་གྲོས་ཀྱིས་བསྟན་པ་ལས་དཔེར་ན་དགེ་སློང་ཞིག །གཎྜཱི་བྱིན་གྱིས་བརླབས་ནས་འགོག་པ་ལ་སྙོམས་པར་ཞུགས་པར་གྱུར་ན། དེས་གཎྜཱིའི་སྒྲ་མ་ཐོས་ཤིང་རྟོགས་པར་ཡང་མི་བྱེད་ལ། ལྡང་བར་ཡང་

འགྱུར་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་གང་གིས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་པ་མེད་པར་འགྱུར་དུ་ཟིན་ཀྱང་ཞེས་བྱ་བ་ནི་ཤེས་བྱའི་བུད་ཤིང་སྐམ་པོ་རྣམས་བསྲེགས་པས་རྟོག་པ་མེད་པའི་ཕྱིར་རོ། །ཡིད་བཞིན་གྱི་ནོར་བུ་དང་

དཔག་བསམ་གྱི་ཤིང་འདྲ་བ་ཞེས་བྱ་བ་ནི་ཇི་ལྟར་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་རྣམས་ལ་རྣམ་པར་རྟོག་པ་མེད་ཀྱང་གཞན་གྱིས་བསམ་པའི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་འགྱུར་བ་བཞིན་དུའོ། །ཆོས་ཀྱི་དབྱིངས་ལས་སྐད་ཅིག་དང་མི་བསྐྱོད་ལ་ཞེས་བྱ་བ་ནི་དུས་

เล่ม ๑๐๔ · หน้า 332b

ཐམས་ཅད་དུ་ཆོས་ཀྱི་སྐུ་ལ་བཞུགས་པས་སོ། །སེམས་ཅན་གདུལ་བྱའི་དུས་ལས་ཀྱང་མི་འདའ་བར་ཞེས་བྱ་བ་ནི་དུས་གང་གི་དུས་ན་གང་འདུལ་བར་འགྱུར་བ་དུས་དེ་ན་འདུལ་བར་མཛད་པའོ། །དེའི་ཤུགས་དང་ཞེས་བྱ་བ་ནི་ནུས་པས་སོ། །དོན་བྱ་བ་ཡང་འགྲུབ་པོ་ཞེས་བྱ་བ་ནི་

མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཅན་ནོ། །ད་ལྟར་སྐྱེས་བུའི་འབད་རྩོལ་མེད་པར་ཞེས་བྱ་བ་ནི་ད་ལྟར་བའི་འབད་རྩོལ་མེད་དུ་ཟིན་ཀྱང་ངོ་། །དེ་ལྟར་དེ་ཁོ་ན་ཉིད་སྟོན་པར་མི་རིགས་པའི་སྐྱོན་སྤངས་ནས་ཆོས་ཀྱི་སྐུའི་རང་བཞིན་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རང་བཞིན་གྱི་སྐུ་ནི་ཆོས་ཀྱི་སྐུའོ། །དེ་ཉིད་ལ་ངོ་བོ་ཉིད་ཀྱི་སྐུ་ཞེས་ཀྱང་བྱ་སྟེ། རང་བཞིན་ནི་ངོ་བོ་ཉིད་ཡིན་ལ་དེས་ན་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཆོས་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་བཅོས་མ་མ་ཡིན་པ་འདུས་མ་

བྱས་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་བྱ་བ་སྤྲོས་པའི་སྒྲོ་བཏགས་པ་མཐའ་དག་ལོག་པར་རང་བཞིན་མེད་པ་ཉིད་ནི་ངོ་བོ་ཉིད་ཀྱི་སྐུའོ། །འོ་ན་གང་གིས་ཆོས་ཀྱི་སྐུའི་རང་བཞིན་གློ་བུར་གྱི་དྲི་མ་དང་བྲལ་བ་ཟག་པ་མེད་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་སྤྲོས་པ་མེད་པའི་

ཡེ་ཤེས་ཀྱི་བདག་ཉིད་ཅན་གང་ཡིན་པ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་རྣམས་སྐུ་གང་ཞིག་གིས་བསྡུས་ཤེ་ན། ཆོས་ཀྱི་སྐུ་ཉིད་ཀྱིས་ཏེ། བག་ཆགས་ཀྱི་དྲི་མ་མ་ལུས་པ་དང་བྲལ་བས་རང་བཞིན་མེད་པའི་བདག་ཉིད་ཅན་གྱི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེ་རྣམས་ཐ་དད་དུ་མི་

དམིགས་པས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་སོ་སོར་དམིགས་པའི་ཕྱིར་དེ་དག་ལ་ཐ་དད་པའི་རྣམ་གཞག་རིགས་པའོ། །བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་

ཉིད་ཐ་དད་དུ་བསྟན་པ་ནི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲང་བ་ཡིན་པར་རིག་པར་བྱའོ། །ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པས་ཞེས་བྱ་བ་ནི་ཤེས་པར་བྱ་བའི་དངོས་པོ་མ་ལུས་པ་དེ་རྣམས་ཉིད་བུད་ཤིང་སྐམ་པོ་ཡིན་ལ་དེ་རྣམས་ཤེས་རབ་ཀྱི་མེས་བསྲེགས་པའོ། །དེ་ལྟར་ཡང་།

เล่ม ๑๐๔ · หน้า 333a

དངོས་པོ་ཡོད་ན་རྣམ་རྟོག་འབྱུང་། །ཞེས་བྱ་བ་གསུངས་སོ། །ཞི་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དག་དང་བྲལ་བས་སོ། །དེ་རྣམས་ཆོས་ཀྱི་སྐུ་སྟེ། དེ་ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བ་དག་ལོག་པས་ཞི་བའི་བདག་ཉིད་ཅན་གྱིས་

དེ་ཁོ་ན་ཉིད་ཀྱི་རང་བཞིན་བརྙེས་པ་གང་ཡིན་པའོ། །ཆོས་ཀྱི་སྐུ་དེ་ཡང་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཡིན་ཏེ། དེ་བཞིན་ཉིད་ལ་ཡང་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ། །འོ་ན་སེམས་དང་སེམས་ལས་བྱུང་བ་འགགས་ན་ཆོས་ཀྱི་སྐུ་ཇི་ལྟར་མངོན་དུ་མཛད་ཅེ་ན། དེ་ལ་ལན་ནི།

སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་བྱ་བ་གསུངས་ཏེ། སྤྲོས་པའི་རང་བཞིན་གྱིས་སེམས་འགགས་པས་ལོངས་སྤྱོད་རྫོགས་པའི་སྐུས་མ་གཟིགས་པའི་ཚུལ་གྱིས་མངོན་སུམ་དུ་མཛད་པའི་སྒོ་ནས་བརྙེས་པས་སྐུས་མངོན་སུམ་དུ་མཛད་པ་ཡིན་ནོ་ཞེས་རྣམ་པར་འཇོག་

པའོ། །དེའི་ཚེ་ཞེས་བྱ་བ་ནི་ཆོས་སྐུ་མངོན་དུ་མཛད་པའི་དུས་ནའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་ཀྱི་རང་བཞིན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེས་བྱ་བ་སྐྱེ་བ་མེད་པས་སྐྱེ་བ་མེད་པ་དང་ལྡན་པར་གྱུར་པ་ཞེས་བྱ་བ་ནི་ཡུལ་མེད་པས་ཡུལ་ཅན་མེད་པའོ། །

ཡེ་ཤེས་ཀྱི་རང་བཞིན་གྱིས་ཞེས་བྱ་བ་ནི་ཆོས་ཉིད་ཁོ་ན་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་གཞན་ནི་བཅོས་མ་མ་ཡིན་པས་རང་བཞིན་ཉིད་དུ་མི་འཐད་པས་སོ། །འདི་ཉིད་ཀྱི་དབང་དུ་མཛད་ནས་ཞེས་བྱ་བ་ནི་ཞི་བའི་རང་བཞིན་ཅན་ནི་ཆོས་ཀྱི་སྐུའི་དབང་དུ་མཛད་ནས་སོ། །སངས་རྒྱས་རྣམས་ནི་ཞེས་

བྱ་བ་ལ་སོགས་པའི་དོན་སྔར་བཤད་ཟིན་ཏོ། །ཀུན་རྫོབ་ཏུ་ཞེས་བྱ་བ་ནི་གདུལ་བྱ་རྣམས་ལ་ལྟོས་ནས་ཡིན་གྱི་དེ་ལྟ་བུའི་དེ་ཁོ་ན་ཉིད་མངོན་དུ་མཛད་པ་ཡོད་པ་མ་ཡིན་ཏེ། དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པས་སོ། །དེ་ཉིད་ཀྱི་ཕྱིར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྣམ་པ་

ཐམས་ཅད་ཡོངས་སུ་དག་པའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་གསུངས་སོ། །སློབ་དཔོན་ཙནྡྲ་གོ་མིས་ཀྱང་། །རྣམ་རྟོག་ཀུན་གྱི་སྤྱོད་ཡུལ་མིན། །འདི་ཡི་ཆོས་སྐུ་དེ་བཞིན་ཉིད། །དེ་ནི་དོན་ཀུན་དང་

เล่ม ๑๐๔ · หน้า 333b

གཉིས་མེད། །ཡོད་དང་མེད་དང་གཉིས་མེད་དང་། །ཡོད་དང་མེད་དང་མི་རྟག་དང་། །རྟག་དང་སྣ་ཚོགས་གཅིག་ཉིད་དང་། །དག་དང་མ་དག་བྱང་ཆུབ་རྣམས། །འདི་ནི་ཐམས་ཅད་བརྟགས་པ་ཡིན། །རྣམ་པ་དེ་ལྟའི་སྐུ་གང་ཡིན། །སྐྱོབ་པ་འདི་ཡིས་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །

ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྟོན་པ་པོ་བདག་ཉིད་དང་ཆོས་སྟོན་པར་མཛད་པ་ན་དགའ་བ་དང་། བདེ་བ་ཉམས་སུ་མྱོང་བར་འགྱུར་ཞིང་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་ཟབ་ཅིང་རྒྱ་ཆེ་བའི་ཆོས་

བསྟན་པ་ཐོས་ནས་ཀྱང་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པའི་ཆོས་ལ་ལོངས་སྤྱོད་པས་དགའ་བ་དང་བདེ་བ་ཉམས་སུ་མྱོང་བའི་སྒོ་ནས་ཡང་དག་པར་ལོངས་སྤྱོད་པས་ལོངས་སྤྱོད་པའམ། བྱང་ཆུབ་སེམས་དཔའ་རྣམས་འདུས་ནས་ལོངས་སྤྱོད་པས་ན། ལོངས་སྤྱོད་པ་སྟེ། དེའི་རྒྱུར་གྱུར་པས་ན་

ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ། མཚན་དང་དཔེ་བྱད་རྣམས་ཀྱིས་མཛེས་པ་དང་། བདག་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པའོ། །ཡང་ན་ཟབ་ཅིང་རྒྱ་ཆེ་བའི་ཆོས་བསྟན་པས་ལོངས་སྤྱོད་པ་སྟེ། ཡོངས་སུ་སྐྱོབ་པའམ་ཉམས་སུ་མྱོང་བར་

མཛད་པའོ། །ཡང་ན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་འདི་ཆོས་བསྟན་པ་དང་། དེའི་བརྗོད་བྱ་ཉམས་སུ་མྱོང་བའི་སྒོ་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ། །དེ་ཡང་སློབ་དཔོན་ཉིད་ཀྱིས། སངས་རྒྱས་རྣམས་ཀྱི་སྐུ་གཟུགས་ནི། །མཚན་དང་དཔེ་བྱད་རྣམས་

ཀྱིས་མཛེས། །གདུལ་བྱའི་མོས་པས་སྐུ་སྣ་ཚོགས། །རྒྱལ་བ་རྣམས་ནི་འཛིན་པར་མཛད། །དཔག་ཏུ་མེད་པའི་བསོད་ནམས་ཚོགས། །བསགས་པའི་སྐུ་དེ་རྒྱལ་བའི་སྲས། །ས་བཅུ་ལ་གནས་པ་ཡིས་མཐོང་། །དེ་ནི་ཆོས་ལ་ལོངས་སྤྱོད་ཕྱིར། །རྒྱལ་བའི་སྲས་ཀྱིས་ལོངས་སྤྱོད་པའོ། །

ཞེས་གསུངས་སོ། །ཞི་ཞེས་བྱ་བ་ནི་སྐུ་གང་གིས་ཆོས་ཀྱི་སྐུ་མངོན་དུ་མཛད་པ་དེ་ནི་ཞི་བ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་དང་བྲལ་བའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་སྐུ་སྤྲོས་པ་མཐའ་དག་ལས་འདས་པས་སོ། །སེམས་དང་སེམས་ལས་བྱུང་བ་དག་དང་བྲལ་དུ་ཟིན་ཀྱང་། སེམས་ཅན་གྱི་དོན་

เล่ม ๑๐๔ · หน้า 334a

གྱི་བྱ་བ་ཉམས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དཔག་བསམ་ཤིང་ལྟར་ཞེས་བྱ་བ་གསུངས་ཏེ། སེམས་དང་སེམས་ལས་བྱུང་བ་དག་དང་བྲལ་དུ་ཟིན་ཀྱང་དཔག་བསམ་གྱི་ཤིང་ལ་སོགས་པ་བཞིན་དུ་མངོན་པར་འདོད་པའི་དོན་སྒྲུབ་པར་མཛད་པའོ། །དེ་ཉིད་

འཇིག་པ་མེད་པའི་རྟག་པ་ཉིད་ཀྱིས་བརྟགས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འགྲོ་གྲོལ་བར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྲིད་དུ་འགྲོ་བ་རྣམས་གྲོལ་བའི་དུས་དེ་སྲིད་དུ་འཇིག་རྟེན་གྱི་འབྱོར་པ་སྟེ། སངས་རྒྱས་ཐོབ་པའི་ཆེད་དུ་སྤྲོས་པ་དང་བྲལ་བ་སྟེ་རྣམ་པར་རྟོག་པ་

མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐོང་བར་འགྱུར་བའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སྐུ་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གང་གིས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཆོས་ཀྱི་དེ་ཁོ་ན་ཉིད་འདི་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ནོ། །

མངོན་པར་མཛད་པར་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་གཟིགས་པའི་ཚུལ་གྱིས་སོ། །དེ་ནི་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སེམས་དང་སེམས་ལས་བྱུང་བ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་ལ་སེམས་དང་སེམས་ལས་བྱུང་བ་འཇུག་

པ་མེད་པའོ། །འདི་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འཁོར་བ་ཇི་སྲིད་དུ་བཞུགས་པའི་བཤད་པ་ནི་རྟག་ཅེས་བྱ་བའོ། །སྐུ་འདི་ནི་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཚུལ་འདིས་ཞེས་བྱ་བ་ནི་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུའི་ཚུལ་གྱིས་སོ། །བསོད་ནམས་

བརྒྱའི་མཚན་གྱིས་བརྒྱན་པའི་ཞེས་བྱ་བ་ནི་བསོད་ནམས་དཔག་ཏུ་མེད་པས་བསྐྱེད་པའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའོ། །བྱང་ཆུབ་སེམས་དཔའ་སྤྲོས་པ་དང་བྲལ་བ་ཞེས་བྱ་བ་ནི་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའོ། །ཤེས་རབ་དྲི་མ་མེད་པའི་མེ་ལོང་ཞེས་བྱ་བ་ནི་ཤེས་

རབ་ཀྱི་དྲི་མ་མེད་པ་ཉིད་མེ་ལོང་ཡིན་ཏེ། དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བའོ། །ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་མང་བ་ཉིད་དང་ཤིན་ཏུ་མཐུ་ཆེ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཆོས་ཀྱི་སྐུ་ལས་བྱུང་བའམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱི་སྐུའི་མཐུ་ལས་ཡིན་ཡང་

เล่ม ๑๐๔ · หน้า 334b

རུང་སྟེ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལས་བྱུང་བའོ། །ཇི་སྐད་བཤད་པའི་སྐུ་ལས་གཞན་དུ་གྱུར་པ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་གཞན་རྣམས་སོ། །རྒྱུ་མཐུན་པའི་སྐུ་གང་དག་ཅེས་བྱ་བ་ནི་ཆོས་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་འདྲ་བའོ། །སེམས་ཅན་འདུལ་

བའི་རྒྱུས་ཞེས་བྱ་བ་ནི་གདུལ་བར་བྱ་བའི་སེམས་ཅན་འདུལ་བའི་ཆེད་དུའོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་གཞན་རྣམས་ལས་སོ། །ཐུབ་དབང་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེའི་རྒྱུ་མཐུན་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་

རྫོགས་པའི་སྐུ་དག་དང་རྒྱུ་མཐུན་པའོ། །གཟུགས་སྐུ་གཅིག་ལ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སངས་རྒྱས་ཀྱི་གནས་སྐབས་ཀྱི་སྔོན་རོལ་གྱི་སྐྱེ་བའི་གནས་སྐབས་མཐའ་དག་སྟོན་པར་མཛད་པ་ཡིན་ནོ་ཞེས་སྦྱར་བར་བྱའོ། །སྐྱེ་བའི་གནས་སྐབས་ཇི་ལྟ་བུ་ཞེ་ན། གསལ་

བ་དང་མ་འཆོལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། བྱུང་ཚུལ་མ་ལུས་པར་གསལ་བར་སྟོན་པའི་ཕྱིར་གསལ་བ་ཡིན་ལ་བྱུང་ཚུལ་དེ་རྣམས་ཕན་ཚུན་མ་འདྲེས་པར་སྟོན་པ་འཆོལ་བའི་བྱུང་ཚུལ་མ་ལུས་པ་སྟེ། བྲམ་ཟེ་དང་རྒྱལ་རིགས་སུ་སྐྱེས་པའི་གནས་སྐབས་རྣམ་པ་སྣ་ཚོགས་

པ་སྟོན་པར་མཛད་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་སྐབས་ཀྱི་སྔོན་རོལ་ཞེས་བྱ་བ་ནི་སངས་རྒྱས་པའི་གནས་སྐབས་ཀྱི་སྔོན་རོལ་གྱིའོ། །གསལ་བའི་རྒྱུ་མཚན་སྟོན་པ་ནི། །བྱུང་ཚུལ་མ་ལུས་པ་བསྟན་པའི་ཕྱིར་ཞེས་བྱ་བ་

གསུངས་སོ། །མི་འཆོལ་བའི་བཤད་པ་ནི་ཕན་ཚུན་མ་འདྲེས་པ་ཞེས་བྱ་བ་གསུངས་སོ། །རྒྱུ་མཐུན་པའི་སྐུ་གཅིག་ཉིད་ལ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལྟར་སྐྱེ་བའི་གནས་སྐབས་སྟོན་པའི་དབང་དུ་མཛད་པ་དེ་མཐུ་ཕུལ་དུ་ཕྱུང་བ་ཉིད་དུ་བརྗོད་ནས། ད་ནི་སྤྱོད་པའི་

དབང་དུ་མཛད་ནས་མཐུ་ཕུལ་དུ་བྱུང་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འདི་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པའི་ཞེས་བྱ་བ་ནི་སངས་རྒྱས་པའི་སྔ་རོལ་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པ་གང་ཡིན་པའོ། །བྱུང་

เล่ม ๑๐๔ · หน้า 335a

ཚུལ་གང་དག་ཅེས་བྱ་བ་ནི་སྤྱོད་པའི་ཁྱད་པར་གང་དག་གོ། །གང་དུ་ཞེས་བྱ་བ་ནི་ཡུལ་ལོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པའོ། །གང་གི་དོན་དུ་ཞེས་བྱ་བ་ནི་དགོས་པའོ། །དེ་ཐམས་ཅད་ཀྱང་ཞེས་བྱ་བ་ནི་ཡུལ་དང་བཅས་པ་དང་། རྣམ་པ་དང་བཅས་པ་དང་། དགོས་པ་

དང་བཅས་པ་བྱུང་བའི་ཚུལ་ལོ། །སངས་རྒྱས་ཀྱི་ཞིང་ཇི་འདྲར་ཞེས་བྱ་བ་ནི་བཻ་ཌཱུརྱ་ལ་སོགས་པའི་རང་བཞིན་ཅན་ནོ། །དེ་དག་ཅེས་བྱ་བ་ནི་ཐུབ་པའི་དབང་པོ་རྣམས་སོ། །སྐུ་མཐུ་སྟོབས་ཅི་འདྲ་དང་ཞེས་བྱ་བ་ནི། དེ་ལ་སྐུའི་མཐུ་ནི་སྐུ་གཅིག་ལ་སྐུ་དུ་མ་སྤྲོ་བ་ལ་སོགས་པའོ། །སྤྱོད་པའི་མཐུ་

ནི་བསླབ་པ་བསྲུང་བ་དང་། །ཆོས་སྟོན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའོ། །ཉན་ཐོས་དགེ་འདུན་ནི་ཇི་སྙེད་ཇི་ལྟ་དང་ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་ལ་ཡང་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་ཡོད་པ་དང་རྣམ་པ་གང་གི་སྒོ་ནས་ཡོད་པ་དེ་ཡང་སྟོན་པར་མཛད་པའོ། །བྱང་ཆུབ་སེམས་དཔའ་

རྣམས་དེར་གཟུགས་དེ་འདྲ། །ཞེས་བྱ་བ་ནི་འདིས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་བསྟན་པ་ཡིན་ནོ། །ཇི་འདྲའི་ཆོས་དང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐེག་པ་གསུམ་གྱི་རང་བཞིན་གྱི་ཆོས་སོ། །དེ་དག་ཅི་འདྲ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་སྤྱོད་

པའི་གནས་སྐབས་ཀྱི་བྲམ་ཟེ་ལ་སོགས་པའི་རིགས་ཀྱི་རང་བཞིན་ཅན་ནོ། །སྤྱོད་པ་གང་ལ་སྤྱད་པ་དང་། །ཞེས་བྱ་བ་ནི་བསླབ་པ་བསྲུང་བའོ། །དེ་དག་ལ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ལའོ། །གང་ཞེས་བྱ་བ་ནི་གསེར་ལ་སོགས་པའོ། །ཇི་ཙམ་ཞེས་བྱ་བ་ནི་ཚད་དོ། །དེ་འགྲེལ་པས་བསྟན་པར་

བྱ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུ་དང་ཞེང་དང་ཀུན་ནས་ཟླུམ་པ་དང་བཅས་པ་ཞེས་བྱ་བ་ནི་ཆུ་དང་ཞེང་ཀུན་ནས་ཟླུམ་པ་དང་བཅས་པའི་སངས་རྒྱས་ཀྱི་ཞིང་ངོ་། །དེ་ལ་བརྟེན་པའི་སེམས་ཅན་གྱི་ཁྱད་པར་གྱིས་ཉེ་བར་མཛེས་པ་ཅི་འདྲ་བ་ཞིག་ན་ཞེས་བྱ་བ་ནི་སངས་རྒྱས་

ཀྱི་ཞིང་ལ་བརྟེན་པའི་ཚད་ལ་སོགས་པ་དང་ལྡན་པའི་སེམས་ཀྱི་ཁྱད་པར་ཉེ་བར་མཛེས་པ་ཞིག་ནའོ། །བལྟམས་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བྱང་ཆུབ་པ་ལ་སོགས་པ་གཟུང་བར་བྱའོ། །ཇི་ལྟར་ཞེས་པའི་བཤད་པ་ནི། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་ཞེས་བྱ་བ་གསུངས་ཏེ།

เล่ม ๑๐๔ · หน้า 335b

བསྟན་པའི་ཆོས་ཀྱི་རྗེས་སུ་སྟེ་ཕྱིས་ཆོས་ལ་བསྒྲུབ་པའི་རང་བཞིན་ཅན་གྱི་ནན་ཏན་གང་ཡིན་པ་དེས་སོ། །གནས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་མལ་ཆ་ལ་སོགས་པ་བསྡུ་བར་བྱའོ། །ཐེག་པ་གཅིག་དང་གསུམ་གྱི་རྟེན་ཅན་ཞེས་བྱ་བ་ནི་དོན་དམ་པར་ཐེག་པ་ཆེན་པོ་གཅིག་ཉིད་ཡིན་ལ།

ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་དང་གསུམ་བསྟན་པ་ནི་སེམས་ཅན་རྣམས་གཞུག་པའི་དོན་དུའོ། །བྲམ་ཟེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རྒྱལ་རིགས་ལ་སོགས་པ་བསྡུ་བར་བྱའོ། །སྤྱོད་པ་གང་ལགས་ཞེས་བྱ་བའི་བཤད་པ་ནི་ལྷག་མ་

དང་བཅས་པ་དང་ལྷག་མ་མེད་པའི་བསླབ་པ་ཁས་བླངས་པ་སྟེ་ཞེས་བྱ་བ་གསུངས་ཏེ། བསླབ་པ་མཐའ་དག་བསྲུང་བ་དང་། མཐའ་དག་མི་བསྲུང་བའོ། །བཟའ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བལྡག་པ་དང་འཇིབ་པ་ལ་སོགས་པ་བསྡུ་བར་བྱའོ། །ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་དུས་ཀྱི་བྱུང་ཚུལ་ཐམས་ཅད་རང་གི་སྐུ་ལ་སྟོན་པ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ལ་སྤྱོད་པའི་དུས་ཀྱི་བྱུང་ཚུལ་རྣམས་ཀྱང་སྟོན་པར་བྱེད་པ་ཡིན་ནོ་ཞེས་ཤེས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། སྦྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་བ་སྤུའི་ཁུང་བུར་

ཡང་སྤྱོད་པ་ཐམས་ཅད་སྟོན་པའི་སྒོ་ནས་མཐུ་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར་སྐུ་གཅིག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉིད་ཀྱི་སྤྱོད་པ་ཀུན་སྐུའི་བ་སྤུའི་ཁུང་བུར་གསལ་བར་སྟོན་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་པའི་གནས་སྐབས་ན་རང་ཉིད་ལ་སྤྱོད་པ་དེ་ཐམས་ཅད་བ་སྤུའི་ཁུང་བུ་རེ་

རེར་སྟོན་པར་མཛད་པའོ། །ཡང་བ་སྤུའི་ཁུང་བུ་ཁོ་ནར་བདག་ཉིད་ཀྱི་སྤྱོད་པ་སྟོན་པར་མཛད་པ་དེ་བཞིན་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བའི་སངས་རྒྱས་རྣམས་ཐུགས་དང་པོ་བསྐྱེད་པ་ནས་བརྩམས་ཏེ་བྱང་ཆུབ་ཀྱི་སྙིང་པོ་བརྙེས་པའི་བར་གྱི་སྤྱོད་པ་ཐམས་ཅད་སྟོན་པར་མཛད་པའི་སྒོ་ནས་

ལྷག་པར་མཐུ་ཆེ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་མཐར་ཐུག་པར་ཞེས་བྱ་བ་ནི་སངས་རྒྱས་མཐའ་ཡས་པས་སོ་ཞེས་བྱ་བའོ། །གདངས་མཐོན་ཆོས་སྟོན་ཞེས་བྱ་བ་ནི་ཚངས་པའི་དབྱངས་ཀྱིས་ཆོས་གསལ་བར་སྟོན་པའོ། །སྡུག་

เล่ม ๑๐๔ · หน้า 336a

བསྔལ་གྱིས་གཟུང་བའི་ཞེས་བྱ་བ་ནི་སྡུག་བསྔལ་གསུམ་གྱིས་གཟུང་བའོ། །འགྲོ་དབུགས་འབྱིན་ཞིང་ཞེས་བྱ་བ་ནི་མ་འཇིགས་ཤིག་ཅེས་དབུགས་འབྱིན་པས་སོ། །སྤྱོད་པའི་དུས་བསྟན་པར་བྱ་བའི་ཕྱིར། དང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

ཐུགས་དང་པོ་བསྐྱེད་པ་ནས་བཟུང་ནས་བྱང་ཆུབ་ཀྱི་སྙིང་པོའི་བར་གྱི་སྤྱོད་པ་རྣམས་གང་ཡིན་པའོ། །བདག་བཞིན་ཞེས་བྱ་བ་ནི་བདག་ཉིད་ཀྱི་སྤྱོད་པ་སྟོན་པ་བཞིན་དུའོ། །དེ་ལྟ་བུའི་སྤྱོད་པ་ཅི་ལྟར་སྟོན་པར་ནུས་ཤེ་ན། ལན་ནི་དངོས་རྣམས་མིག་འཕྲུལ་གྱི་རང་བཞིན་མཁྱེན་ནས་ཞེས་བྱ་བ་

གསུངས་ཏེ། དངོས་པོ་མེད་པའི་རང་བཞིན་ཅན་རྣམས་དངོས་པོ་མེད་པར་སྟོན་པར་ཅིའི་ཕྱིར་མི་ནུས། མིག་འཕྲུལ་མཁན་གྱིས་མིག་འཕྲུལ་སྟོན་པ་བཞིན་དུའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་འཕྲུལ་གྱི་ཚུལ་ཤེས་པ་ཞེས་

བྱ་བ་ནི་སྒྱུ་མ་བྱེད་ཤེས་པའོ། །ཐ་མལ་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའོ། །དངོས་པོ་རྣམས་ལ་སྣ་ཚོགས་པ་སྟོན་ནུས་ན་ཞེས་བྱ་བ་ནི་རང་གི་ལུས་ལ་གྲོང་ཁྱེར་དང་རི་ལ་སོགས་པ་སྟོན་ནུས་པས་སོ། །དངོས་པོའི་རང་བཞིན་མིག་འཕྲུལ་གྱི། རང་བཞིན་རྣམ་པ་དེ་ལྟ་བུ་དང་ཐ་མི་དད་པར་མཁྱེན་ནས་

ཞེས་བྱ་བ་ནི་དངོས་པོ་རྣམས་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཁྱེན་ནས་སོ། །དཔེ་འདིའི་སྒོ་ནས་ཞེས་བྱ་བ་ནི་མིག་འཕྲུལ་གྱི་དཔེའི་སྒོ་ནས་སོ། །ཡང་བ་སྤུའི་ཁུང་བུ་ཁོ་ནར་བྱང་ཆུབ་སེམས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད་པ་ཀུན་དུ་སྟོན་པའི་སྒོ་ནས་མཐུ་ཕུལ་དུ་བྱུང་བ་ཉིད་དུ་བསྟན་

པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟག་སྐྱེ་བོའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ལྷག་མ་སྟེ། སོ་སོའི་སྐྱེ་བོ་རྣམས་སོ། །སྐུ་ཕུན་སུམ་ཚོགས་པ་བརྗོད་ནས་ཞེས་བྱ་བ་ནི། སྐུའི་མཐུ་ཕུན་སུམ་ཚོགས་པ་བསྟན་ནས་སོ། །བཞེད་པ་

ལ་མངའ་སྒྱུར་བ་ཉིད་ཕུན་སུམ་ཚོགས་པར་ཞེས་བྱ་བ་ནི་བཞེད་པ་ལ་མངའ་སྒྱུར་བ་ཉིད་ཡོངས་སུ་རྫོགས་པའོ། །རྣམ་པར་མི་རྟོག་པ་ལ་བཞེད་པ་ཇི་ལྟར་ཡོད་དེ། བཞེད་པ་ནི་རྣམ་པར་རྟོག་པའི་རང་བཞིན་ཅན་ཡིན་པས་སོ། །དེ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུའི་དབང་གིས་དང་།

เล่ม ๑๐๔ · หน้า 336b

སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་རྡུལ་ཕྲ་རབ་ལ་སོགས་པ་དེ་ལྟར་སྣང་བ་བཞེད་པ་ཡོད་པ་ཉིད་དུ་བརྟགས་པ་ཡིན་པས་སོ། །སྐུའི་མཐུ་དང་བཞེད་པ་ལ་མངའ་སྒྱུར་བ་དག་ནི་གདུལ་བྱའི་རྗེས་སུ་འབྲངས་ནས་བརྗོད་པ་ཡིན་གྱི་གཞན་དུ་ན་གཉིས་ཀ་ཡང་དེའི་དབང་གིས་གྲུབ་པའི་ཕྱིར་འདི་ནི་མཐུ་

ཕུན་སུམ་ཚོགས་པ་ཡིན་ལ། འདི་ནི་བཞེད་པ་ལས་མངའ་སྒྱུར་བ་ཉིད་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་རིགས་ཞེས་པའོ་དག་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་དག་པ་འདི་ནི་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཅན་གྱི་སངས་རྒྱས་ཉིད་དོ། །བཞེད་པ་འཇུག་པ་ཡིས་

ཞེས་བྱ་བ་ནི་བཞེད་པ་ཙམ་གྱིས་སོ། །རྡུལ་གཅིག་ཡུལ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་གཅིག་ཡུལ་དེ་ཉིད་དེ། དེར་ནམ་མཁའི་མཐར་ཐུག་པའི་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་གྱིས་བསྡུས་པའི་འཇིག་རྟེན་སྟོན་པར་མཛད་པའོ། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །

ཅེས་བྱ་བ་ནི། རྡུལ་ཕྲ་རབ་གཅིག་གིས་ཀྱང་འཇིག་རྟེན་མཐའ་ཡས་པ་ལ་ཁྱབ་པར་སྟོན་པའོ། །རྡུལ་ཕྲ་རབ་མི་འགྱུར་ཞེས་བྱ་བ་ནི་གང་གི་ཚེ་རྡུལ་ཕྲ་རབ་གཅིག་གི་ཡུལ་ལ་འཇིག་རྟེན་སྟོན་པར་མཛད་པ། དེའི་རྡུལ་ཕྲ་རབ་དེ་རགས་པར་ཡང་མི་འགྱུར་བས་སོ། །འཇིག་རྟེན་ཕྲ་མི་

འགྱུར་ཞེས་བྱ་བ་ནི་གང་གི་ཚེ་རྡུལ་ཕྲ་རབ་གཅིག་གིས་ཁྱབ་པར་སྟོན་པ་དེའི་ཚེ་འཇིག་རྟེན་ཕྲ་བར་ཡང་མི་འགྱུར་བའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གནས་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དང་འཇིག་རྟེན་དག་གོ་ཞེས་བཞེད་

པ་ཙམ་གྱིས་ཞེས་བྱ་བ་ནི་གདུལ་བྱ་ལ་བརྟགས་པའོ། །འཇིག་རྟེན་མ་ལུས་པ་ཞེས་བྱ་བ་ནི་སྣོད་དང་བཅུད་དག་གོ། །ད་ནི་དུས་ལ་ལྟོས་ནས་བཞེད་པ་ལ་མངའ་སྒྱུར་བ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྐད་ཅིག་རེ་རེ་ལ་སྟེ་

སྐད་ཅིག་མ་ཤིན་ཏུ་ཡུན་ཐུང་བ་རེ་རེ་ལ་སྦྱིན་པ་ལ་སོགས་པའི་རང་བཞིན་ཅན་གྱི་སྤྱོད་པ་ལ་སྦྱིན་པ་དང་སྦྱིན་པ་ཆེན་པོ་དང་མཆོག་ཏུ་གྱུར་པའི་སྦྱིན་པ་ལ་སོགས་པའི་དབྱེ་བ་སྣ་ཚོགས་པ་སྲིད་པའི་མཐའི་བར་ཏེ། སངས་རྒྱས་ཐོབ་པའི་བར་དུ་ཇི་སྙེད་སྟོན་པར་འཛམ་བུའི་གླིང་མ་ལུས་པ་རྡུལ་ཕྲ་རབ་ཇི་སྙེད་

เล่ม ๑๐๔ · หน้า 337a

ཡོད་པ་དེ་དག་ལ་དེ་སྙེད་ཀྱི་གྲངས་ཡོད་པ་མ་ཡིན་ཏེ། འཛམ་བུ་གླིང་མ་ལུས་པ་ལ་ཡོད་པའི་རྡུལ་ཕྲ་རབ་ཀྱི་གྲངས་པས་སྤྱོད་པའི་གྲངས་ལྷག་པ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རྣམ་པར་རྟོག་པ་མི་མངའ་བ། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། ཚད་དེའི་གྲངས་ཞེས་བྱ་བ་ནི་སྤྱོད་པའི་ཚད་ཀྱི་གྲངས་སོ། །འདི་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་རབ་ཏུ་གསལ་བར་བྱེད་པའོ། །བསྟོད་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཡོན་ཏན་བརྗོད་པའི་རང་བཞིན་ཅན་ནོ། །སྟོབས་

བཅུས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། །ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་བཅུ་དང་ལྡན་པའི་ཕྱིར་རོ། །དེ་རྣམ་པར་དབྱེ་བ་ཙམ་ཞིག་ཅེས་བྱ་བ་ནི་སྟོབས་བཅུ་ཅུང་ཟད་ཙམ་ཉིད་ཀྱིས་བསྟན་པར་བྱ་བའི་རྣམ་པ་ཐམས་ཅད་བསྟན་པ་ཉིད་དུ་མི་ནུས་པས་སོ། །

གནས་དང་གནས་མིན་མཁྱེན་སྟོབས་དང་། །ཞེས་བྱ་བ་ནི། བསམ་གཏན་ལ་བརྟེན་ནས་རྣམ་པ་ཐམས་ཅད་དུ་རྒྱུ་དང་རྒྱུ་མ་ཡིན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་དང་། ཤེས་རབ་དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་གང་ཡིན་པའོ། །

དེ་བཞིན་ལས་རྣམ་སྨིན་བློ་དང་། །ཞེས་བྱ་བ་ལ་བློའི་སྒྲས་ཡེ་ཤེས་བརྗོད་པ་ཡིན་ཏེ། དེས་ན་ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་སོ། །དེ་ཡང་རྣམ་པ་ཐམས་ཅད་དུ་ལས་དང་རྣམ་པར་སྨིན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་

པའོ། །མོས་པ་སྣ་ཚོགས་ཐུགས་ཆུད་དང་། །ཞེས་བྱ་བ་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཡིན་ཏེ། དེ་ཡང་རྣམ་པ་ཐམས་ཅད་དུ་མོས་པ་སྣ་ཚོགས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །སྣ་ཚོགས་ཁམས་ནི་མཁྱེན་

སྟོབས་དང་། །ཞེས་བྱ་བ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཡིན་ཏེ། དེ་ཡང་རྣམ་པ་ཐམས་ཅད་དུ་ཁམས་སྣ་ཚོགས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །དེ་བཞིན་དུ། དབང་པོ་མཆོག་དང་མཆོག་མ་ཡིན་མཁྱེན་དང་། །

เล่ม ๑๐๔ · หน้า 337b

ཞེས་བྱ་བ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཏེ། དེ་ཡང་རྣམ་པ་ཐམས་ཅད་དུ་དབང་པོ་མཆོག་དང་མཆོག་མ་ཡིན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །ཐམས་ཅད་དུ་འགྲོ་དང་ཞེས་བྱ་བ་ནི་ཐམས་ཅད་དུ་

འགྲོ་བའི་ལམ་མཁྱེན་པའི་སྟོབས་ཏེ། དེ་ཡང་རྣམ་པ་ཐམས་ཅད་དུ་འགྲོ་བའི་ལམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་ལ་སོགས་པའོ། །བསམ་གཏན་རྣམ་ཐར་ཏིང་འཛིན་དང་། །སྙོམས་པར་འཇུག་སོགས་བློ་སྟོབས་དང་། །ཞེས་བྱ་བ་ལ་སོགས་པའི་

སྒྲས་ནི་གཟུགས་ལ་སོགས་པ་བསྡུ་བར་བྱའོ། །དེ་ཡང་རྣམ་པ་ཐམས་ཅད་དུ་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སོགས་པ་རྣམས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །སྔོན་གནས་དྲན་པ་

མཁྱེན་པ་དང་། །ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཏེ། དེ་ཡང་རྣམ་པ་ཐམས་ཅད་དུ་སྔོན་གྱི་སྟོབས་དང་རྗེས་སུ་དྲན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་བཞིན་འཆི་འཕོ་སྐྱེ་བློ་དང་། །ཞེས་བྱ་བ་ནི། འཆི་འཕོ་བ་

དང་སྐྱེ་བ་མཁྱེན་པའི་སྟོབས་ཏེ། དེ་ཡང་རྣམ་པ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་ལ་སོགས་པའོ། །ཟག་རྣམས་ཟད་པ་མཁྱེན་སྟོབས་ཏེ། །ཞེས་བྱ་བ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ། དེ་ཡང་རྣམ་པ་ཐམས་ཅད་

དུ་ཟག་པ་ཟད་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངོན་དུ་མཛད་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །སྟོབས་ནི་བཅུ་པོ་འདི་དག་གོ། །ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། དེ་རྣམས་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་སྟོབས་ཞེས་བྱའོ། །གནས་དང་གནས་མ་ཡིན་པ་

མཁྱེན་པའི་སྟོབས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལ་གནས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུའི་མཚན་ཉིད་ཅན་གྱི་དངོས་པོ་གང་ཞིག་ལས་འབྲས་བུ་གང་ཞིག་ངེས་པར་སྐྱེ་བར་འགྱུར་བའི་རྒྱུ་དེ་འབྲས་བུ་དེའི་གནས་སུ་བརྗོད་པ་ཡིན་ཏེ། རྒྱུ་དེ་ལ་འབྲས་བུ་དེ་གནས་པ་ཡིན་པས་སོ། །

เล่ม ๑๐๔ · หน้า 338a

དེ་མཁྱེན་པ་རྣམས་ཀྱིས་ཞེས་བྱ་བ་གནས་དེ་མཁྱེན་པ་རྣམས་ཀྱིས་སོ། །བཤད་པ་ལས་བཟློག་གནས་མིན་ཞེས་བྱ་བ་ནི་རྒྱུ་གང་ལས་གང་ཞིག་སྐྱེ་བར་མི་འགྱུར་བ་དེ་ནི་གནས་མིན་ཡིན་ནོ། །ཤེས་བྱ་མཐའ་ཡས་པ་ཞེས་བྱ་བ་ནི་རྒྱུ་དང་རྒྱུ་མ་ཡིན་པ་མཐའ་ཡས་པའི་ཕྱིར་སྟོབས་ཀྱིས་

ངེས་ཚིག་བསྟན་པར་བྱ་བའི་ཕྱིར། ཐོགས་པ་སྤང་བ་ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རྒྱུ་གང་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཉེ་བར་མཚོན་པ་སྟེ་ཞེས་བྱ་བ་ནི་གང་ལས་གང་ཐོབ་པ་མེད་པ་ཞེས་

བྱ་བ་མཚོན་པར་བྱེད་པའོ། །དེ་བསྟན་པར་བྱ་བའི་ཕྱིར་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་འབྲས་བུ་ཉིད་དུ་མི་རིགས་ཏེ། སོ་སོར་བརྟགས་པའི་འགོག་

པ་དང་། ཆོས་ཀྱི་སྐུའི་རང་བཞིན་ཅན་གྱི་མྱ་ངན་ལས་འདས་པས་འབྲས་བུ་ཉིད་དུ་མི་འཐད་པས་སོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཡང་བསྡུ་བར་བྱའོ། །སྐྱེ་བ་ཅན་དེའི་གནས་དེ་ཞེས་བྱ་བ་ནི་འབྲས་བུ་དེའི་རྒྱུ་གནས་ཡིན་ནོ་ཞེས་

པའོ། །འདིར་གནས་པས་ན་ཞེས་བྱ་བ་ནི་རྒྱུ་འདིར་འབྲས་བུ་གནས་པའི་ཕྱིར་རོ། །བརྟགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་འཇིག་རྟེན་པས་རྒྱུ་ལ་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས་བརྟགས་པས་སོ། །མཐོང་བའི་ལམ་ཐོབ་པ་ལ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་མི་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་རྒྱུན་

དུ་ཞུགས་པ་ཇི་ལྟར་ཐོགས་ན་སྲིད་པ་ལན་བདུན་པའོ་ཞེས་མདོ་ལས་གསུངས་པས་སྲིད་པ་བརྒྱད་ལ་མངོན་པར་མི་འགྲུབ་པའོ། །མི་མཐུན་པའི་ཕྱོགས་དང་བྲལ་བ་ཞེས་བྱ་བ་ནི་ཡེ་ཤེས་འདིས་གང་མཁྱེན་པ་དེ་བཞིན་དུ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་པའོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར།

ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་རྒྱུ་ལ་རྒྱུ་ཉིད་དུ་མཁྱེན་པའོ། །གནས་མ་ཡིན་པ་ལ་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་རྒྱུ་མ་ཡིན་པ་ལ་རྒྱུ་མ་ཡིན་པ་ཉིད་དུ་རབ་ཏུ་

เล่ม ๑๐๔ · หน้า 338b

མཁྱེན་པའོ། །དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་བུ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །གོ་སྐབས་མེད་དེ་ཞེས་བྱ་བ་ནི་གནས་མ་ཡིན་ཞིང་ཞེས་བྱ་བའི་བཤད་པ་ནི་སྲིད་པ་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །གང་ལུས་ཀྱིས་ཉེས་པར་སྤྱོད་

པ་དང་། ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་རྣམ་པ་གསུམ་མོ། །ངག་གིས་ཉེས་པར་སྤྱོད་པ་དང་། ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་རྣམ་པ་བཞིའོ། །ཡིད་ཀྱིས་ཉེས་པར་སྤྱད་པའི་ཞེས་བྱ་བ་ནི་བརྣབ་སེམས་ལ་སོགས་པ་རྣམ་པ་གསུམ་གྱིའོ། །འདོད་པ་དང་སྡུག་པ་དང་དགའ་བ་དང་

ཡིད་དུ་འོང་བར་འགྱུར་བ་ཞེས་བྱ་བ་ནི་རིམ་པ་བཞིན་དུ་བདེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཆེན་པོའི་རྒྱུ་ཡིན་པས་སོ། །འདིའི་དོན་ནི་འདོད་པ་ལ་སོགས་པའི་རྣམ་པར་སྨིན་པའི་རྒྱུ་ནི་ལུས་ཀྱིས་ཉེས་པར་སྤྱོད་པའི་ལས་ལ་སོགས་པ་མ་ཡིན་ནོ། །འདི་ནི་གནས་ཡིན་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་

ལས་བཟློག་ནས་བཤད་པར་བྱའོ། །སེར་སྣ་ཞེས་བྱ་བ་ནི་ཆགས་པས་སོ། །ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་ནི། གོས་དང་རྒྱན་དང་བཟའ་བ་ལ་སོགས་པའི་ལོངས་སྤྱོད་རྣམས་ཏེ། སེར་སྣས་ལོངས་སྤྱོད་ཆེན་པོ་ཉིད་གྲུབ་པར་མི་འགྱུར་ཞེས་བྱའོ། །ངང་ཚུལ་ངན་པས་ཞེས་བྱ་བ་ནི་མི་དགེ་བ་སྤྱད་པས་

སོ། །ལྷ་དང་མིར་སྐྱེ་བ་དང་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་བས་བདེ་འགྲོར་སྐྱེ་བ་མེད་པས་སོ། །གནོད་སེམས་ཀྱིས་ཞེས་བྱ་བ་ནི་སེམས་ཅན་ལ་ཞེ་སྡང་བས་སོ། །མཛེས་པར་འགྱུར་བ་དང་ཞེས་བྱ་བ་ནི་གཟུགས་མཛེས་པ་ལ་སོགས་པར་སྐྱེ་བར་འགྱུར་བས་སོ། །མངོན་པར་རྟོགས་པ་ཐོབ་པ་

དང་ཞེས་བྱ་བ་ནི། བདེན་པ་བཞི་མངོན་དུ་བྱེད་པའོ། །སེམས་གཡེངས་པས་ཞེས་བྱ་བ་ནི་བག་མེད་པའི་སེམས་ཀྱིས་སོ། །སྐྱོན་མེད་པ་ལ་འཇུག་པ་དང་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ལ་འཇུག་པའོ། །འཆལ་བའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་

ཞེན་པའི་ཤེས་རབ་ཀྱིས་སོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཀུན་དུ་འཇོམས་པར་འགྱུར་བ་དང་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱི་འབྲེལ་པ་སྤོང་བར་འགྱུར་བའོ། །མཚམས་མེད་པ་བྱེད་པ་ཞེས་བྱ་བ་ནི་ཕ་གསོད་པ་ལ་སོགས་པའི་མཚམས་མེད་པ་ལྔ་

เล่ม ๑๐๔ · หน้า 339a

བྱེད་པའོ། །སེམས་གནས་པར་འགྱུར་བ་དང་ཞེས་བྱ་བ་ནི་སེམས་མཉམ་པར་གཞག་པར་འགྱུར་བ་སྟེ། ཡིད་མི་བདེ་བས་སེམས་རྣམ་པར་གཡེངས་པས་སོ། །དམིགས་པ་ཅན་གྱི་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པའོ། །རྗེས་སུ་མཐུན་པའི་བཟོད་

པས་ཞེས་འགྱུར་བ་དང་ཞེས་བྱ་བ་ནི་དྲོད་དང་རྩེ་མོ་ལ་སོགས་པའི་རིམ་པས་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་རང་བཞིན་ཅན་ནོ། །འགྱོད་པ་ལ་གནས་པའི་ཞེས་བྱ་བ་ནི་སྡིག་པའི་ལས་བྱས་པའི་མྱ་ངན་བྱེད་པའོ། །སེམས་ཤིན་ཏུ་སྦྱངས་

པར་འགྱུར་བ་ཞེས་བྱ་བ་ནི་དགེ་བའི་ལས་ལ་རུང་བ་ཉིད་དུ་འགྱུར་བའོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ་ཞེས་བྱ་བ་ལ་སོགས་པ་ནི་བུད་མེད་ཀྱི་ལུས་དེ་ཉིད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། བརྒྱ་བྱིན་ལ་སོགས་པ་ཐོབ་པ་མ་ཡིན་པས་སོ། །ཐམས་ཅད་བཟློག་ནས་སྦྱར་བར་བྱ་

ཞིང་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱིས་ལྷ་དང་མིར་སྐྱེ་བ་དང་། བཟོད་པས་མཛེས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཟློག་ནས་སྦྱར་བར་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་ལས་དང་པོའོ་ཞེས་བྱ་བ་ནི་ལས་སུམ་ཅུ་རྩ་གཉིས་ཀྱི་ནང་ནས་ལས་དང་པོ་ཡིན་ལ་སྟོབས་བཅུའི་ནང་ནས་

སྟོབས་དང་པོའོ། །སྟོབས་གཉིས་པ་བསྟན་པར་བྱ་བའི་ཕྱིར་ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་དང་མི་འདོད་དེ་ལས་བཟློག་དང་ཞེས་བྱ་བ་ལ། དེ་ལ་འདོད་པ་ནི་དགེ་བའོ། །མི་འདོད་པ་ནི་མི་དགེ་བའོ། །དེ་ལས་བཟློག་པ་ནི་གང་དགེ་བ་གཅིག་པུ་ཡང་མ་ཡིན་མི་དགེ་བ་གཅིག་པུ་ཡང་མ་ཡིན་པ་སྟེ་འདྲེས་པ་

ཉིད་ཅེས་པའོ། །དེ་ཉིད་ཀྱི་ཕྱིར། འགྲེལ་པ་ལས་བཟློག་དང་ཞེས་བྱ་བའི་བཤད་པ་ནི་ཡིད་དུ་འོང་བ་དང་མི་འོང་བའི་ལས་དང་ཞེས་བྱ་བ་གསུངས་སོ། །མི་ཟད་དངོས་ལས་དང་ཞེས་བྱ་བ་ནི་ཟད་པ་མེད་པ་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་པས་ན་ཟད་པ་མེད་པའི་ལས་སོ། །དེའི་ཞེས་བྱ་བ་

ནི་ལས་རྣམ་པ་གསུམ་གྱིའོ། །རྣམ་སྨིན་ཞེས་བྱ་བ་ནི་བདེ་འགྲོ་དང་ངན་འགྲོའི་མཚན་ཉིད་ཅན་ནོ། །ཤིན་ཏུ་སྣ་ཚོགས་པའང་ཞེས་བྱ་བ་ནི་ལྷ་དང་མི་དང་དམྱལ་བ་ལ་སོགས་པའི་དབྱེ་བ་ཤིན་ཏུ་སྣ་ཚོགས་པའོ། །དེར་ཡེ་ཤེས་འཇུག་པ་གང་ཡིན་པ་དེ་ནི་སྟོབས་སུ་འདོད་ཅེས་སྦྱར་བར་བྱའོ། །

เล่ม ๑๐๔ · หน้า 339b

ཡེ་ཤེས་དེ་ཡང་ཇི་ལྟ་བུ་ཞེ་ན། ནུས་མཐུ་ཐོགས་མེད་ཅེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་ནུས་པས་སོ། །ཡེ་ཤེས་དེ་ཡང་ཕྱོགས་གཅིག་པ་མ་ཡིན་ཏེ་ཞེས་སྟོན་པ་ནི། དུས་གསུམ་ཤེས་བྱ་ཁྱབ་མཛད་ཅེས་བྱ་བ་གསུངས་ཏེ། དུས་གསུམ་པའི་

ལས་དང་རྣམ་པར་སྨིན་པ་མཁྱེན་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ལས་ཡིད་དུ་འོང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྨིན་པ་དེའི་རྣམ་པར་སྨིན་པ་ཞེས་བྱ་བ་ལ། ཟག་པ་མེད་པའི་ལས་ནི་སྲིད་པའི་ཆུས་མ་བྲན་པས་རྣམ་པར་སྨིན་པ་མེད་པའི་ཕྱིར།

རྣམ་པ་གསུམ་པོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །རྣམ་པར་སྨིན་པ་ལས་ལྟར་ཤིན་ཏུ་སྣ་ཚོགས་པ་ཞེས་བྱ་བ་ནི་ལས་སྣ་ཚོགས་པ་ལྟར་རྣམ་པར་སྨིན་པ་ཡང་སྣ་ཚོགས་པའོ། །འཇིག་རྟེན་མ་ལུས་པ་ཁྱབ་པ་ཡང་ཞེས་བྱ་བ་ནི་ལས་དང་རྣམ་པར་སྨིན་པས་འཇིག་རྟེན་མ་ལུས་པ་ལ་ཁྱབ་པས་སོ། །

རང་གི་ངོ་བོ་དང་རབ་ཏུ་དབྱེ་བ་ལ་སོགས་པ་ཐམས་ཅད་ཡོངས་སུ་མཁྱེན་པ་ཞེས་བྱ་བ་ནི་ལས་དང་རྣམ་པར་སྨིན་པའི་རང་གི་ངོ་བོ་དང་དབྱེ་བ་རབ་ཏུ་མཁྱེན་པ་དང་། སོགས་པའི་སྒྲས་དུས་ལ་སོགས་པ་ཡོངས་སུ་མཁྱེན་པ་བསྡུ་བར་བྱའོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་

སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་རྣམས་ཞེས་བྱ་བ་ནི་ཕྱག་བྱེད་པ་ལ་སོགས་པའི་དགེ་བ་དང་མི་དགེ་བ་རྣམས་སོ། །ལས་ཡང་དག་པར་བླངས་པ་རྣམས་ཞེས་བྱ་བ་ནི་སྡོམ་པ་མ་ཡིན་པ་དག་གིས་བསྡུས་པའོ། །གནས་དང་ཞེས་བྱ་བ་ལ་སོགས་པ་ནི་ཡུལ་གང་དུ་ལས་གང་

བྱས་པ་དང་། ལས་ཀྱི་རྒྱུ་གང་ཡིན་པ་དང་། ལས་ཀྱི་རང་བཞིན་དང་། ལས་ཀྱི་རྣམ་པར་སྨིན་པ་གང་ཡིན་པའོ། །མཁས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ཤིན་ཏུ་སྣ་ཚོགས་པ་ཉིད་མཁས་པ་ཡིན་ཏེ། འདི་ཡང་ཡུལ་ཅན་གྱི་སྒོ་ནས་ཡུལ་བསྟན་པ་ཡིན་ཏེ། མཁས་པ་ཉིད་ཀྱིས་རྣམ་པར་

སྨིན་པ་ཤིན་ཏུ་སྣ་ཚོགས་པ་ཉིད་མཁྱེན་པས་སོ། །དགེ་བའི་རྒྱུ་ལས་བྱུང་བ་ཉིད་ཅེས་བྱ་བ་ནི་མ་ཆགས་པ་ལ་སོགས་པའི་རྒྱུ་དང་ལྡན་པའོ། །དགེ་བ་དང་བྲལ་བ་ཞེས་བྱ་བ་ནི་ཆགས་པ་ལ་སོགས་པ་དང་བྲལ་བའོ། །དགེ་བའི་རྒྱུ་འབྱིན་པ་དང་ཞེས་བྱ་བ་ནི་དགེ་བ་སྐྱེ་བའི་བག་ཆགས་འཇོག་པར་

เล่ม ๑๐๔ · หน้า 340a

འགྱུར་བའོ། །ལས་ཡང་དག་པར་བླངས་པ་གང་ཞེས་བྱ་བ་ནི། སྲོག་གཅོད་པ་ལ་སོགས་པའོ། །མི་དགེ་བའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི། ཆགས་པ་ལ་སོགས་པའི་རྒྱུ་ལས་བྱུང་བའོ། །དགེ་བ་དང་བྲལ་བ་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པ་དང་བྲལ་བའོ། །

མི་དགེ་བའི་རྒྱུ་འབྱིན་པ་ཞེས་བྱ་བ་ནི། མི་དགེ་བའི་བག་ཆགས་འཇོག་པར་འགྱུར་བའོ། །ལས་ཡང་དག་པར་བླངས་པ་གང་ཞེས་བྱ་བ་ནི། བསམ་གཏན་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཉམས་པའི་ཆ་དང་མཐུན་པར་འགྱུར་བ་དང་ཞེས་བྱ་བ་ནི་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་སྟེ།

གང་གི་དབང་གིས་འོག་མར་ལྟུང་བར་འགྱུར་བའོ། །གང་ཁྱད་པར་གྱི་ཆ་དང་མཐུན་པར་འགྱུར་བ་ཞེས་བྱ་བ་ནི་ས་འོག་མ་ཐོབ་པ་དང་རྗེས་སུ་མཐུན་པའོ། །དེ་བཞིན་དུ་རེ་རེ་ཞིང་ཕྱོགས་མཐུན་པ་ལ་ཤེས་པར་བྱའོ་ཞེས་བྱ་བ་ནི་འདས་པ་དང་ད་ལྟར་བ་དང་མ་འོངས་པའི་དུས་ན་ཉམས་པའི་ཆ་དང་མཐུན་པ་

ལས་ཉམས་པའི་ཆ་དང་མཐུན་པར་འབྱུང་བར་འགྱུར་བ་དང་། ཁྱད་པར་གྱི་ཆ་དང་མཐུན་པ་ལས་ཁྱད་པར་གྱི་ཆ་དང་མཐུན་པར་འབྱུང་བར་མཁྱེན་པའོ། །སྦྱོར་བ་ཆུང་བ་ཞེས་བྱ་བ་ནི་ཀུན་སློང་གི་སེམས་ཆུང་བས་བསླངས་པའོ། །སྦྱོར་བ་རྒྱ་ཆེ་བ་འབྱུང་བ་དང་ཞེས་བྱ་བ་ནི་ཀུན་སློང་གི་སེམས་ཆེན་པོ་སློང་བར་

འགྱུར་བའོ། །རྩོམ་པ་ཆུང་ལ་ཞེས་བྱ་བ་ནི་ཞིང་ཁྱད་པར་ཅན་ལ་ལས་ཆུང་ངུ་བྱས་པའོ། །ཁྱད་པར་ཆེན་པོ་འབྱུང་བ་དང་ཞེས་བྱ་བ་ནི། འབྲས་བུ་ཆེན་པོ་ཉིད་དུ་འགྱུར་བའོ། །རྩོམ་པ་ཆེན་པོར་འགྱུར་ལ་ཞེས་བྱ་བ་ནི་ཞིང་དམན་པ་ལ་སྦྱིན་པ་ལ་སོགས་པའི་ལས་ཆེན་པོ་རྩོམ་པས་སོ། །ཁྱད་པར་

དུ་འགྱུར་བ་ཆུང་བ་དང་ཞེས་བྱ་བ་ནི་འབྲས་བུ་ཆུང་བའི་ཕྱིར་རོ། །ཉན་ཐོས་ཀྱི་རྒྱུ་འབྱིན་པ་དང་ཞེས་བྱ་བ་ནི་སྙིང་རྗེ་ལ་མ་ལྟོས་པའི་ལས་ཀྱིས་དུས་ཇི་སྲིད་པའི་ཉན་ཐོས་ཀྱི་རིགས་སྟོད་པར་བྱེད་པས་སོ། །རང་སངས་རྒྱས་ཉིད་དང་ཞེས་བྱ་བ་ནི་སྤོབས་པ་མེད་པའི་རང་བཞིན་གྱི་རྒྱུ་འབྱིན་པའོ། །རྒྱུ་འབྱིན་

པ་ཞེས་བྱ་བ་ནི་རང་སངས་རྒྱས་དང་སངས་རྒྱས་ཀྱི་རིགས་སྟོད་པའོ། །ད་ལྟར་བྱུང་བ་ན་སྡུག་བསྔལ་བ་ཞེས་བྱ་ནི་བྱ་དཀའ་བས་སོ། །མ་འོངས་པ་རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང་ཞེས་བྱ་བ་ནི་བདེ་འགྲོའི་འབྲས་བུ་ཉམས་སུ་མྱོང་བར་འགྱུར་བས་སོ། །ད་ལྟར་བྱུང་བ་ན་བདེ་ལ་ཞེས་བྱ་བ་ནི།

เล่ม ๑๐๔ · หน้า 340b

མ་བྱིན་པར་ལེན་པ་ལ་སོགས་པ་ད་ལྟར་གྱི་དུས་ན་བདེ་བའི་རང་བཞིན་ཅན་ཡིན་པས་སོ། །མ་འོངས་པ་ན་རྣམ་པར་སྨིན་པ་སྡུག་བསྔལ་བ་འབྱུང་བ་ཞེས་བྱ་བ་ནི། ངན་འགྲོའི་འབྲས་བུ་ཉམས་སུ་མྱོང་བར་འགྱུར་བས་སོ། །ལས་གང་ཡིན་པ་དང་ཞེས་བྱ་བ་ནི་སྔོན་གྱི་ལས་སོ། །རྒྱུ་གང་

ཡིན་པ་དང་ཞེས་བྱ་བ་ནི་ད་ལྟར་བའི་དུས་ཀྱི་རྒྱུ་གང་ཡིན་པའོ། །རྣམ་པར་སྨིན་པ་གང་ཡིན་པ་དང་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །དེ་ཁོ་ན་ཞེས་བྱ་བའི་བཤད་པ་ནི་གཞན་མ་ཡིན་པ་ལ་བརྟེན་པ་ཞེས་བྱའོ། །སྟོབས་གསུམ་པ་བསྟན་པར་བྱ་

བའི་ཕྱིར། ད་ནི་མོས་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་དེ་བཞིན་དུ་དད་པ་ལ་སོགས་པའི་སྟོབས་ཀྱིས་ཏེ། ས་བོན་གྱི་སྟོབས་ཀྱིས་དམན་པ་དང་འབྲིང་དང་མཆོག་ཏུ་གྱུར་པའི་མངོན་པར་འདོད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་

གཞན་མངོན་དུ་རྒྱུ་བས་བསྒྲིབས་པ་ཡང་མཁྱེན་པ་གང་ཡིན་པ་དེ་ནི་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ཞེས་བྱའོ། །དུས་གསུམ་འགྲོ་བ་མ་ལུས་ཁྱབ་པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་སེམས་ཅན་གྱིས་མོས་པའི་ཡུལ་ཅན་ཡིན་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདིར་

འདོད་ཆགས་ཞེ་སྡང་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཀྱི་སྒྲ་ནི་ཉོན་མོངས་པའི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་སྒྲས་དགེ་བའི་ཕྱོགས་འཛིན་པས་འདོད་ཆགས་ཀྱི་སྒྲ་ནི་ཉོན་མོངས་པ་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ནོ། །འབྱུང་བའི་

སྒྲས་ས་བོན་བརྗོད་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། འབྱུང་བའི་སྒྲས་ནི་ཞེས་བྱ་བ་གསུངས་སོ། །དེ་ལས་གཞན་གྱིས་ཆོས་ཀུན་དུ་སྤྱོད་པས་བསྒྲིབས་པ་ཞེས་བྱ་བ་ནི་ཞེ་སྡང་ཀུན་དུ་སྤྱོད་པས་འདོད་ཆགས་ལ་སོགས་པའི་འདོད་པ་ལ་བསྒྲིབས་སུ་ཟིན་ཀྱང་ངོ་། །སེམས་ཅན་གཞན་

དག་ཅེས་བྱ་བ་ནི་གང་ཟག་ཁས་མི་ལེན་པ་རྣམས་ལ་ལྟོས་ནས་སོ། །གང་ཟག་གཞན་རྣམས་ཀྱང་ཞེས་བྱ་བ་ན་གང་ཟག་ཁས་ལེན་པ་ལ་ལྟོས་ནས་སོ། །མོས་པ་དུ་མ་ཞེས་བྱ་བའི་བཤད་པ་ནི་མོས་པ་སྣ་ཚོགས་པ་ཞེས་བྱའོ། །འདོད་ཆགས་ལ་གནས་པ་ཞེས་བྱ་བ་ནི་འདོད་ཆགས་ཀུན་དུ་སྤྱོད་

เล่ม ๑๐๔ · หน้า 341a

པ་དངོས་སུ་ཡོད་པས་སོ། །ཞེ་སྡང་ལ་མོས་པ་དང་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ཡོངས་སུ་བསྒྲིབས་པའི་ཞེ་སྡང་ལ་མོས་པའོ། །དེ་བཞིན་དུ་གཞན་ལ་ཡང་ངོ་ཞེས་བྱ་བ་ནི་འབྱོར་པ་ཆུང་ལ་ཞེས་བྱ་བ་ནི་འབྱོར་པ་མེད་པས་སྦྱིན་པ་ལ་སོགས་པ་དམན་པའོ། །བསམ་པ་རྒྱ་

ཆེན་པོ་ལ་མོས་པ་དང་ཞེས་བྱ་བ་ནི་སེར་སྣ་དང་བྲལ་བའི་སེམས་སོ། །སྦྱར་བ་རྒྱ་ཆེ་ལ་ཞེས་བྱ་བ་ནི། སྦྱིན་པ་ཆེན་པོ་གཏོང་བས་སོ། །བསམ་པ་ཆུང་བ་ལ་མོས་པ་ཞེས་བྱ་བ་ནི་སེམས་ཀྱིས་གཏོང་བར་མི་ནུས་པས་སོ། །ཁྱད་པར་ལ་གནས་པར་འགྱུར་བ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་

པར་འགྱུར་བའོ། །ཆུང་ངུ་ལ་གནས་པར་འགྱུར་བ་དང་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་གོ་འཕང་ཐོབ་པར་འགྱུར་བའོ། །ཡང་དག་པ་ཉིད་དུ་ངེས་པའི་ཁམས་ནི་དེ་བཞིན་གཤེགས་པས་ཆོས་སྟོན་ཀྱང་རུང་མི་སྟོན་ཀྱང་རུང་སྟེ། རྣམ་པར་གྲོལ་བར་རུང་བ་གང་ཡིན་པ་སྟེ། དེ་ཡང་དུས་

ཇི་སྲིད་པ་ལ་ལྟོས་ནས་ཡིན་གྱི་གཞན་དུ་ན་ལོག་པ་ཉིད་དུ་ངེས་པའི་ཁམས་ལ་འཇོག་པར་འགྱུར་བ་རིགས་པ་མ་ཡིན་ནོ། །དེ་ལ་ལོག་པ་ཉིད་དུ་ངེས་པའི་ཁམས་ནི་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་མི་བསྟན་ཀྱང་རུང་སྟེ་གྲོལ་བར་མི་རུང་བ་སྟེ། དེ་ཡང་དུས་ཇི་སྲིད་པ་ལ་ལྟོས་ནས་ཡིན་གྱི་

གཞན་དུ་ན་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མི་རིགས་པས་སོ། །ལོག་པ་ཉིད་དུ་ངེས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་ལས་བཟློག་པའོ། །མ་ངེས་པ་ལ་ཞེས་བྱ་བ་ནི་གང་རྐྱེན་གྱི་སྟོབས་ཀྱིས་རྣམ་པར་གྲོལ་བར་འགྱུར་ལ། གཞན་དུ་མ་ཡིན་པ་སྟེ། དེ་ཡང་དུས་ཇི་

སྲིད་པ་ལ་ལྟོས་ནས་ཡིན་གྱི་ཐམས་ཅད་རིགས་གཅིག་ཡིན་པས་སོ། །སྟོབས་བཞི་པ་བསྟན་པར་བྱ་བའི་ཕྱིར་ད་ནི་ཁམས་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་སོགས་དག་གིས་ཞེས་བྱ་བ་ནི་མིག་གི་ཁམས་ལ་སོགས་པ་རྣམས་སོ། །སོགས་པའི་སྒྲས་ནི་གཟུགས་ལ་སོགས་

པའི་ཁམས་དང་། ས་ལ་སོགས་པའི་ཁམས་བསྡུ་བར་བྱའོ། །རང་བཞིན་གང་ཞེས་བྱ་བ་སྟོན་པ་ཉིད་དོ། །དེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་རང་བཞིན་ནོ། །ཁམས་ཀྱི་རྣམ་པར་དབྱེ་བ་མཁས་རྣམས་ཀྱིས། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཁྱད་པར་དེ་སྟོང་པ་ཉིད་ཀྱི་དབྱེ་བ་ལ་མཁས་པ་

เล่ม ๑๐๔ · หน้า 341b

ཉིད་དོ། །རྣམ་ཀུན་ཁམས་ཀྱི་ཁྱད་པར་ལ་འཇུག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ཐུགས་སུ་ཆུད་པས་སོ། །མཐའ་ཡས་ཞེས་བྱ་བ་ནི་ཁམས་ཐམས་ཅད་ལ་ཁྱབ་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རང་བཞིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་སྟོང་

པ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ནི་ཕྱི་སྟོང་པ་ཉིད་ལ་སོགས་པ་བསྡུ་བར་བྱའོ། །རབ་ཏུ་དབྱེ་བ་དུ་མར་གྱུར་པ་ཞེས་བྱ་བ་ནི་རྣམ་པ་ཉི་ཤུ་རབ་ཏུ་དབྱེ་བར་འགྱུར་བའོ། །ཁམས་མཐའ་དག་གི་རབ་ཏུ་རྣམ་པར་དབྱེ་བ་ལ་མཁས་པ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་དབྱེ་བ་

མཐའ་དག་ལ་མཁས་པ་ཉིད་དོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མིག་གི་ཁམས་ནང་སྟོང་པ་ཉིད་དུ་རབ་ཏུ་ཤེས་ཤིང་གཟུགས་ཀྱི་ཁམས་ཕྱི་སྟོང་པ་ཉིད་དུ་རབ་ཏུ་ཤེས་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཕྱི་ནང་སྟོང་པ་ཉིད་དུ་ཤེས་

ཏེ། མིག་གི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པ་དང་། ཕྱིའི་གཟུགས་ལ་བརྟེན་ནས་སྐྱེ་བའི་ཕྱིར། མིག་གི་རྣམ་པར་ཤེས་པ་ཕྱི་དང་ནང་གིས་བསྡུས་པའོ། །དེ་བཞིན་དུ་ཁམས་བཅོ་བརྒྱད་ཅར་ཡང་ཞེས་བྱ་བ་ནི། རྣ་བ་དང་སྒྲ་དང་རྣ་བའི་རྣམ་པར་ཤེས་པ་ནས་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་

ཤེས་པའི་བར་རྣམས་སྟོང་པ་ཉིད་དུ་ཤེས་པའོ། །ས་ལ་སོགས་པའི་ཁམས་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཆུ་ལ་སོགས་པ་བསྡུ་བར་བྱའོ། །ནམ་མཁའི་ཁམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའི་ཁམས་གདོད་མ་ནས་སྐྱེ་བ་མེད་པ་དེ་བཞིན་དུ་ས་ལ་སོགས་པའི་

ཁམས་ཀྱང་རབ་ཏུ་ཤེས་པའོ། །ཡོངས་སུ་བརྟགས་པ་ལས་ཡང་དག་པར་འབྱུང་བར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་དབང་གིས་ཁམས་རྣམས་བྱུང་བ་ཡིན་གྱི། དོན་དམ་པར་ནི་ཡོད་པ་མ་ཡིན་ནོ་ཞེས་པའོ། །འདུས་བྱས་ཀྱི་ཁམས་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །མངོན་པར་འདུ་

བྱ་བའི་མཚན་ཉིད་ཅན་དུ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་འདི་རྣམས་མངོན་པར་འདུ་བྱ་བ་སྟེ། རྒྱུ་དང་རྐྱེན་ལས་གྲུབ་པ་ཡིན་ནོ་ཞེས་བྱ་བའི་མཚན་ཉིད་ཅན་རབ་ཏུ་ཤེས་པ་སྟེ། བཅོས་མ་ཡིན་པའི་ཕྱིར། འདི་ལ་རང་བཞིན་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་རབ་ཏུ་ཤེས་པའོ། །འདུས་མ་བྱས་ཀྱི་ཁམས་

เล่ม ๑๐๔ · หน้า 342a

ཞེས་བྱ་བ་ནི་ཆོས་ཉིད་ལ་སོགས་པ་རྣམས་སོ། །མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་ཅན་དུའོ་ཞེས་བྱ་བ་ནི་སུས་ཀྱང་མ་བྱས་པ་ཉིད་དུ་སྟེ། དེས་ན་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་སྟོང་པ་ཉིད་དུ་རབ་ཏུ་ཤེས་པའོ། །ཀུན་ནས་ཉོན་མོངས་པའི་ཁམས་ཞེས་བྱ་བ་ནི་

འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །གློ་བུར་གྱི་ཉོན་མོངས་པའི་མཚན་ཉིད་ཅན་དུའོ་ཞེས་བྱ་བ་ནི་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ནམ་མཁའ་ལ་སྤྲིན་བཞིན་དུ་གློ་བུར་བ་ཉིད་དུ་ཤེས་པར་བྱའོ། །རྣམ་པར་བྱང་བའི་ཁམས་ཞེས་བྱ་བ་ནི་དེ་བཞིན་ཉིད་

ཀྱི་མཚན་ཉིད་ཅན་ནོ། །རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཅན་དུ་ཞེས་བྱ་བ་ནི་དེ་ནམ་མཁའ་ལ་སྤྲིན་བཞིན་དུ་ཉོན་མོངས་པ་རྣམས་ཀྱིས་མ་གོས་པས་སོ། །འཁོར་བའི་ཁམས་ཞེས་བྱ་བ་ནི་འགྲོ་བ་ནས་འགྲོ་བ་གཞན་དུ་འགྲོ་བའི་མཚན་ཉིད་ཅན་ནོ། །ཚུལ་བཞིན་མ་ཡིན་པའི་མ་རིག་

པའི་མཚན་ཉིད་ཅན་དུའོ་ཞེས་བྱ་བ་ནི་དངོས་པོའི་དེ་ཁོ་ན་ཉིད་ལ་ཇི་ལྟ་བ་བཞིན་དུ་མི་འཇུག་པའི་མི་ཤེས་པའི་མཚན་ཉིད་ཅན་དུ་སྟེ། འཁོར་བ་ནི་མི་ཤེས་པ་ལས་བྱུང་བ་ཡིན་གྱི་འདི་ལ་རང་བཞིན་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་པའོ། །ཚུལ་བཞིན་རིག་པའི་མཚན་ཉིད་ཅན་དུའོ་ཞེས་བྱ་བ་ནི་དངོས་

པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་ཏེ། དེའི་གནས་སྐབས་ན་དངོས་པོ་གང་གི་ཡང་རང་བཞིན་མི་དམིགས་པས་དེ་ཡང་སྟོང་པ་ཉིད་དུ་རབ་ཏུ་ཤེས་པའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པའི་ཁམས་

གང་ཡིན་པ་དང་ཞེས་བྱ་བ་ནི་མིག་ལ་སོགས་པ་ནས་འདུས་བྱས་ཀྱི་ཁམས་ཀྱི་བར་རྣམས་གནས་པའི་ཁམས་ཡིན་ཏེ། དེར་འཇིག་རྟེན་གནས་པའི་ཕྱིར་རོ། །ཐོབ་པའི་ཁམས་གང་ཡིན་པ་དང་ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་ཁམས་ཏེ། ཐམས་ཅད་དེ་ཁོ་ན་ཉིད་ལ་ཐིམ་པར་འགྱུར་བས་སོ། །སྦྱོར་

བའི་ཁམས་གང་ཡིན་པ་དང་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཁམས་དག་སྟེ། དེ་དག་ལ་སྤོང་བ་དང་མངོན་དུ་བྱ་བའི་ཆེད་དུ་སྦྱོར་བར་བྱེད་པའོ། །རྟེན་གྱི་ཁམས་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དག་སྟེ། དེ་དག་ལ་སྙིང་རྗེ་དང་ཤེས་རབ་ཀྱི་སྟོབས་ཀྱིས་

เล่ม ๑๐๔ · หน้า 342b

བརྟེན་པས་སོ། །སྟོབས་ལྔ་པ་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་རྟོག་སོགས་ཆེས་རྣོ་ཞེས་བྱ་བ་ནི་ཀུན་དུ་རྟོག་པ་དང་དད་པ་ལ་སོགས་པ་ཆེན་པོ་ཉིད་དོ། །མཆོག་བཞེད་པ་ཞེས་བྱ་བ་ནི་གང་ཆེན་པོར་གྱུར་པ་དེ་ལ་མཆོག་གི་སྒྲ་བརྗོད་པའོ། །འབྲིང་

གནས་སྐབས་དང་རྡུལ་ཉིད་མཆོག་མིན་པར་བཤད་དང་ཞེས་བྱ་བ་ནི་ཆུང་དང་འབྲིང་ལ་མཆོག་མ་ཡིན་པའི་སྒྲས་བརྗོད་པའོ། །མིག་ལ་སོགས་པ་དང་ཕན་ཚུན་བསྒྲུབ་ནུས་ཆུབ་པ་ལ་ཞེས་བྱ་བ་ནི་མིག་དང་རྣ་བ་ལ་སོགས་པ་དབང་པོ་ཉི་ཤུ་རྩ་གཉིས་དང་། མིག་དང་སོགས་པ་རྣམས་ཕན་ཚུན་

རྒྱུ་ཉིད་དུ་བསྒྲུབ་ནུས་པར་རྣམ་པར་རྟོག་པ་གང་ཡིན་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཀུན་དུ་རྟོག་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པ་མ་ཡིན་པར་ལྷག་པར་སྒྲོ་འདོགས་པའོ་ཞེས་བྱ་བ་ནི་ཀུན་དུ་རྟོག་པའི་མིང་གི་རྣམ་གྲངས་བསྟན་པ་ཡིན་ནོ། །ཡང་དག་

པ་མ་ཡིན་པའི་དངོས་པོར་སྒྲོ་འདོགས་པས་སོ། །ཀུན་དུ་རྟོག་པ་ཉིད་དབང་པོ་ཡིན་ནོ་ཞེས་སྟོན་པ་ནི། ཀུན་དུ་རྟོག་པ་ནི་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པ་སྐྱེད་པ་ལ་མངའ་བདག་ཉིད་དུ་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་དབང་པོའི་བདག་པོའི་དོན་ཡིན་པས་ཡང་དག་པ་མ་

ཡིན་པ་ཡོངས་སུ་རྟོག་པ་ནི་འདོད་ཆགས་ལ་སོགས་པ་ལ་དབང་བྱེད་པས་ན་དབང་པོའོ། །དགེ་བའི་རྒྱུ་ཅན་རྣམས་ཞེས་བྱ་བ་ནི་ཆགས་པ་ལ་སོགས་པའི་རྒྱུ་ཅན་ནོ། །ཕུལ་དུ་བྱུང་བ་ཞེས་བྱ་བ་ནི་ཆེན་པོའི་གནས་སྐབས་སོ། །དབང་པོ་ཉི་ཤུ་རྩ་ལྔ་ནི་སྔར་བཤད་ཟིན་ཏོ། །ཕན་ཚུན་འབྲས་

བུ་བསྒྲུབ་པར་ནུས་པའི་རང་གི་ངོ་བོ་ཐུགས་སུ་ཆུད་པ་ལ་ཞེས་བྱ་བ་ནི་མིག་གི་དབང་པོ་ལ་རྣ་བའི་དབང་པོའི་མཚན་ཉིད་ཅན་གྱི་འབྲས་བུ་བསྒྲུབ་པའི་ནུས་པ་ཡོད་པ་དང་། རྣ་བའི་དབང་པོ་ལ་ཡང་མིག་གི་དབང་པོའི་མཚན་ཉིད་ཅན་གྱི་འབྲས་བུ་བསྒྲུབ་པའི་ནུས་པ་ཡོད་དོ་སྙམ་དུ་རྟོགས་པ་ལའོ། །

དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོའི་རིམ་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་རྣམས་ཀྱི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་དོ། །མཐར་སོང་བ་ཞེས་བྱ་བའི་བཤད་པ་ནི་རབ་ཏུ་འགྱུར་བའོ་ཞེས་བྱ་བའོ། །འདོད་ཆགས་དང་

เล่ม ๑๐๔ · หน้า 343a

ཞེས་བྱ་བ་དང་གཏི་མུག་བཅོས་མ་སྐྱེ་བ་ཞེས་བྱ་བ་ནི་ས་བོན་རྒྱས་པ་མ་ཡིན་པ་དང་ལྡན་པར་སྐྱེས་པའོ། །སྦྲེལ་ཞིང་ཞེས་བྱ་བ་ནི་མ་འདྲེས་པ་སྟེ་རེས་འགའ་འདོད་ཆགས་ལ་སོགས་པ་སྐྱེ་ཞིང་རེས་འགའ་ཞེ་སྡང་དང་། རེས་འགའ་གཏི་མུག་སྐྱེ་བའོ། །ཚར་གཅད་པའི་ཞེས་བྱ་བ་ནི་སྔོན་

དུ་རྒྱུ་མ་ཡིན་པའོ། །དབང་པོ་གང་དག་དགེ་བའི་རྒྱུ་ལས་བྱུང་བ་དང་། །ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པ་ལས་བྱུང་བའི་དད་པ་ལ་སོགས་པའོ། །ངེས་པར་འབྱུང་བའི་རྒྱུ་ལས་བྱུང་ལ་ཞེས་བྱ་བ་ནི། གང་གིས་ངེས་པར་འབྱུང་བས་ན། །ངེས་པར་འབྱུང་བ་སྟེ་ལམ་ཡིན་ལ་དེ་ལས་བྱུང་བའི་དད་པ་ལ་

སོགས་པ་གང་ཡིན་པའོ། །དབང་པོ་རྣམས་ཕན་ཚུན་རྒྱུ་ཉིད་དུ་བསྟན་པ་ནི་དབང་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་གང་རྣ་བའི་དབང་པོ་འཇོག་པ་ཞེས་བྱ་བར་སྦྱར་བར་བྱའོ། །རྣ་བའི་དབང་པོ་ཇི་ལྟ་བུ་ཞེ་ན། མིག་གི་དབང་པོའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་སྨོས་ཏེ། སྒྲ་ཐོས་པ་

ལ་ལྟ་བར་འདོད་པ་བྱུང་བའི་དུས་དང་། གཟུགས་མཐོང་བ་ལ་སྒྲ་ཐོས་པར་འདོད་པ་འབྱུང་བའི་དུས་ལྟ་བུ་སྟེ། ཕན་ཚུན་རྒྱུ་དང་འབྲས་བུ་ཡིན་པས་སོ། །དེ་བཞིན་དུ་རྣ་བའི་དབང་པོ་ལ་སོགས་པ་རྣམས་ཀྱང་རིག་པར་བྱའོ་ཞེས་བྱ་བ་ནི་དབང་པོ་གང་རྣ་བའི་དབང་པོའི་རྒྱུ་ལས་བྱུང་བ་མིག་གི་དབང་

པོ་འཇོག་པ་ཞེས་བྱ་བ་ལ་སོགས་པ་ཡང་རིག་པར་བྱའོ། །སྦྱིན་པའི་དབང་པོ་ཅན་ཡིན་ལ་ཞེས་བྱ་བ་ནི་སྦྱིན་པའི་སེམས་པ་གང་ཡིན་པ་དེ་སྦྱིན་པའི་དབང་པོ་ཡིན་ཏེ། གཏོང་བ་ལ་དབང་བྱེད་པས་སོ། །ཚུལ་ཁྲིམས་ལ་སྦྱོར་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་སྲུང་བར་བྱེད་པའོ། །དབང་པོ་མཆོག་དང་

མཆོག་མ་ཡིན་པ་ཤེས་པས་ཞེས་བྱ་བ་ནི་སྦྱིན་པའི་དབང་པོ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཤེས་པས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང་ཞེས་བྱ་བ་ལ་སོགས་པ་ནི། སེམས་ཅན་གང་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ཡིན་ལ། དེ་ཡང་སྦྱིན་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པ་དབང་པོ་མཆོག་དང་

མཆོག་མ་ཡིན་པ་ཤེས་པས་ཚུལ་ཁྲིམས་ཀྱི་གཏམ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཡང་སྦྱར་བར་བྱའོ། །ཉན་ཐོས་ཀྱི་ཐེག་པ་འདི་དབང་པོ་ཅན་ཡིན་ལ་ཞེས་བྱ་བ་ནི་མིག་ལ་སོགས་པ་སྐྱེ་མཆེད་དྲུག་གི་ཁྱད་པར་ཅན་མཚན་ཉིད་ཅན་གྱི་རིགས་ཁོ་ན་ལ་དབང་པོའི་སྒྲ་བརྗོད་པ་ཡིན་ཏེ། དེས་ན་ཉན་ཐོས་ཀྱི་

เล่ม ๑๐๔ · หน้า 343b

བྱང་ཆུབ་ལ་དབང་བྱེད་པས་སོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱོར་བ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་ཐེག་པ་ཉན་པ་དང་བསམ་པ་ལ་སོགས་པ་བྱེད་པ་ལའོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གང་རང་སངས་རྒྱས་ཀྱི་དབང་པོ་ཅན་ཡིན་ལ། དེ་ཉན་ཐོས་ཀྱི་ཐེག་པ་ལ་སྦྱོར་བ་

ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དབང་པོ་ཡོངས་སུ་སྨིན་པ་རྣམས་ཞེས་བྱ་བ་ནི་དགེ་བ་ཁྱད་པར་ཅན་སྐྱེ་བ་ལ་དད་པ་ལ་སོགས་པ་དབང་པོ་རྣམས་ཡོངས་སུ་སྨིན་པའོ། །ཡོངས་སུ་མ་སྨིན་པ་རྣམས་ཀྱང་ཞེས་བྱ་བ་ནི་དེ་ལས་བཟློག་པའོ། །ངེས་པར་འབྱུང་བ་མ་ཡིན་པ་རྣམས་

ཞེས་བྱ་བ་ནི་གང་གིས་འཁོར་བ་ལས་ངེས་པར་འབྱུང་བར་མི་འགྱུར་བའོ། །ངེས་པར་འབྱུང་བ་དང་བཅས་པ་རྣམས་ཞེས་བྱ་བ་ནི་གང་གིས་འཁོར་བ་ལས་ངེས་པར་འབྱུང་བར་འགྱུར་བའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། སེམས་ཅན་གྱི་དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

རྣམ་པ་གང་ཡིན་པ་དང་ཞེས་བྱ་བ་ནི་རིགས་ཀྱི་བུ་ཞེས་བྱ་བ་ནི་དབང་པོ་རྣོན་པོ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་རོ། །བསམ་པ་གང་ཡིན་པ་དང་ཞེས་བྱ་བ་ནི། ཡོངས་སུ་རྟོགས་པའི་དབང་པོ་ཞེས་བྱ་བ་ནས། གང་གིས་ཚར་གཅད་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བ་

ཞེས་པའི་བར་རོ། །སྦྱོར་བ་གང་ཡིན་པ་དང་ཞེས་བྱ་བ་ནི་གང་སྦྱིན་པའི་དབང་པོ་ཅན་ཡིན་ལ་དེ་ཡང་ཚུལ་ཁྲིམས་ལ་སྦྱོར་བ་ཞེས་བྱ་བ་ལ་སོགས་པའོ། །གང་གི་རྒྱུ་ལས་བྱུང་བ་དང་ཞེས་བྱ་བ་ནི། དབང་པོ་གང་དག་དགེ་བའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པའོ། །རྐྱེན་གང་ཡིན་པ་དང་

ཞེས་བྱ་བ་ནི། དབང་པོ་ཡོངས་སུ་སྨིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམིགས་པ་གང་ཡིན་པ་དང་ཞེས་བྱ་བ་ནི། དམིགས་པ་མེད་པའི་དབང་པོ་མེད་པས་དམིགས་པ་ནི་ཤུགས་ཀྱིས་བསྟན་ཏོ། །མཐར་ཐུག་པ་གང་ཡིན་པ་དང་ཞེས་བྱ་བ་ནི། ངེས་པར་འབྱུང་བ་དང་བཅས་པ་

རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐའ་གང་ཡིན་པ་དང་ཞེས་བྱ་བ་ནི་མཐར་ཐུག་པ་གང་ཡིན་པ་དང་ཞེས་བྱ་བའི་བཤད་པའོ། །སྟོབས་དྲུག་པ་བསྟན་པར་བྱ་བའི་ཕྱིར། ད་ནི་ཐམས་ཅད་དུ་འགྲོ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་འགའ་རྒྱལ་བ་ཉིད་དང་ཞེས་བྱ་

เล่ม ๑๐๔ · หน้า 344a

བ་ནི་ལམ་འགའ་ཞིག་གིས་ནི་སངས་རྒྱས་ཐོབ་པའོ། །གང་ཞིག་རང་རྒྱལ་ཞེས་བྱ་བ་ནི་འགྲོ་བ་ཞེས་བྱ་བ་ཐམས་ཅད་དུ་སྦྱར་བར་བྱའོ། །དམྱལ་སོགས་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་མི་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ལམ་བསྡུ་བར་བྱའོ། །དེ་ལ་ཞེས་བྱ་

བྱ་བ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་གྱི་ཚིག་སྟོན་པ་ནི། ལམ་གང་ལ་ཐམས་ཅད་དུ་འགྲོ་བའི་ངང་ཚུལ་ཡོད་པ་དེ་ནི་ཞེས་གསུངས་ཏེ། སངས་རྒྱས་ཉིད་དང་རང་སངས་རྒྱས་དང་ཉན་ཐོས་དང་

མི་ལ་སོགས་པའི་འགྲོ་བ་ལྔ་རུ་འགྲོ་བའི་ཕྱིར་རོ། །སོགས་པའི་སྒྲས་ནི་རྣམ་པ་སྣ་ཚོགས་པར་མཚོན་པའི་དོན་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པ་ཞེས་བྱ་བ་ནི་སོགས་པའི་སྒྲ་འདིས་ནི་དམྱལ་བ་ལ་སོགས་པ་རིགས་རེ་རེ་ལ་ཡང་དབྱེ་བ་རྣམ་པ་སྣ་ཚོགས་པ་གང་ཡོད་པ་དེ་བསྡུ་བའི་དོན་དུའོ། །

ལམ་གང་ཞིག་ཅེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་ནོ། །གང་དུ་འགྲོ་བའི་ཞེས་བྱ་བ་ནི་སངས་རྒྱས་ཉིད་ལ་སོགས་པར་འགྲོ་བའོ། །ལམ་དེ་ནི་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་སོགས་པའོ། །དེར་འགྲོ་བ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ལ་སོགས་པར་འགྲོ་བའོ། །དེ་ལ་

མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་རྒྱུའི་སྟོབས་ཅན་ཞེས་བྱ་བ་ནི་རིགས་དང་ལྡན་པའོ། །སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སྐྱེ་བ་སྔ་མ་ལ་སོགས་པ་ལ་ཐོས་པ་དང་བསམ་པ་དང་བསྒོམ་པའི་སྦྱོར་བ་དང་ལྡན་པའོ། །

ཟུར་ཙམ་གྱིས་གོ་བ་ཞེས་བྱ་བ་ནི། ཚིག་གཅིག་ཙམ་བསྟན་པས་དོན་གོ་བའོ། །དབང་པོ་རྣོན་པོའི་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་རྣམས་ཆེན་པོ་ཉིད་དུ་འགྱུར་བའོ། །དེ་དག་ལ་ཞེས་བྱ་བ་ནི་དབང་པོ་རྣོན་པོ་དག་ལའོ། །སྔོན་གྱི་རྒྱུ་དང་སྟོབས་ཞེས་བྱ་བ་ནི། སྔོན་གྱི་རིགས་དང་གོམས་

པའི་སྟོབས་མཁྱེན་ནས་སོ། །ཆོས་སྟོན་ཏོ་ཞེས་བྱ་བ་ནི་ལམ་སྟོན་པར་མཛད་པའོ། །འདིས་ནི་བཅོམ་ལྡན་འདས་ལ་ཡོངས་སུ་མཁྱེན་པ་ཉིད་དུ་བསྟན་པ་ཡིན་ཏེ། མ་ཤེས་ན་སྟོན་པ་མི་སྲིད་དོ། །རྐྱེན་གྱི་སྟོབས་ཅན་ཞེས་བྱ་བ་ནི་སྔོན་ཐོས་པ་ལ་སོགས་པ་ཆུང་བའི་ཕྱིར་དང་ད་ལྟར་ཉན་པ་ལ་སོགས་པའི་

เล่ม ๑๐๔ · หน้า 344b

རྐྱེན་ལ་ལྟོས་པའོ། །ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཚན་ཉིད་ཅན་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཕྱིར་མ་སྨིན་པས་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྨིན་པར་བྱ་བའི་མཚན་ཉིད་ཅན་ནོ། །འདོམས་ཤིང་རྗེས་སུ་བསྟན་པ་དང་ཞེས་བྱ་བ་ལ། ཁོང་དུ་ཆུད་པའི་དོན་དུ་སྟོན་པ་གང་ཡིན་པ་དེ་ནི་འདོམས་པ་སྟེ་

ཆོས་སྟོན་པའོ། །ཆོས་བསྟན་པའི་རྗེས་ལ་སྒྲུབ་པ་ཉམས་སུ་ལེན་དུ་འཇུག་པ་གང་ཡིན་པ་དེ་ནི་རྗེས་སུ་བསྟན་པའོ། །རྒྱུ་དང་རྐྱེན་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ལུགས་ལས་འབྱུང་བ་དང་། ལུགས་ལས་བཟློག་པ་དང་ལྡན་པའི་ཆོས་ཐོས་ནས་སོ། །ཚུལ་

བཞིན་དུ་རབ་ཏུ་སྦྱོར་བ་ཞེས་བྱ་བ་ནི། དངོས་པོའི་དེ་ཁོ་ན་བཞིན་དུ་འཇུག་པས་སོ། །ཡོངས་སུ་སྦྱང་བར་མ་བྱས་པ་ཞེས་བྱ་བ་ནི། ཐོས་པ་ལ་སོགས་པ་ལ་གོམས་པར་མ་བྱས་པའོ། །རེ་ཆུང་བ་ཞེས་བྱ་བ་ནི། བརྩོན་འགྲུས་དང་ཤེས་རབ་ཆུང་བའོ། །དེ་ཉིད་ཀྱི་ཕྱིར་ན་བླུན་པོའོ། །དེ་ཉིད་ཀྱི་ཕྱིར་ན།

སྣོད་དུ་མ་གྱུར་པ་ཞེས་བྱ་བ་སྨོས་ཏེ། ལམ་གྱི་སྣོད་མ་ཡིན་པས་སོ། །དེ་ཡང་དུས་དེ་ལ་ལྟོས་ནས་ཡིན་གྱི་གཞན་དུ་ན་དེ་དག་གི་ཆེད་དུ་བྱང་ཆུབ་སེམས་དཔའ་རྣམས་གོ་ཆ་གྱོན་པར་མི་འཐད་པས་སོ། །དེ་ཉིད་ཀྱི་ཕྱིར། རིགས་དང་མི་ལྡན་པའི་སེམས་ཅན་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །

སྡུག་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད་ཅེས་བྱ་བ་ནི་བུད་མེད་ལ་སོགས་པ་མཛེས་པའི་རྣམ་པ་མཐོང་ནས་སྐྱེས་པའོ། །རྗེས་སུ་ཆགས་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད་དེ་ཞེས་བྱ་བ་ནི་བསྟིང་བ་དང་། སྤྱོ་བ་ལ་སོགས་པའི་རྣམ་པ་ལས་སྐྱེས་པའོ། །སྔོན་གྱི་བག་ལ་ཉལ་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་པ་

ཞེས་བྱ་བ་ནི་སྔོན་གྱི་འདོད་ཆགས་ཀྱི་བག་ཆགས་ལས་སྐྱེས་པའོ། །ཁོང་ཁྲོ་བའི་རྒྱུ་ལས་སྐྱེ་བ་ཡང་ཡོད་ཅེས་བྱ་བ་ནི། གཞན་གྱིས་གནོད་པ་བྱས་པ་ལས་བྱུང་བའི་ཁོང་ཁྲོ་བ་ལས་སོ། །བསམ་པ་ཡོངས་སུ་མ་རྫོགས་པ་ལས་སྐྱེ་བ་ཡང་ཡོད་ཅེས་བྱ་བ་ནི་མངོན་པར་འདོད་པའི་དོན་མ་ཐོབ་པ་ལས་སོ། །

སྔོན་བག་ལ་ཉལ་བ་ལས་སྐྱེ་བ་ཡང་ཡོད་ཅེས་བྱ་བ་ནི་སྔོན་གྱི་ཁོང་ཁྲོའི་བག་ཆགས་ལས་སོ། །མ་རིག་པའི་རྒྱུ་ལས་སྐྱེ་བ་ཡང་ཡོད་ཅེས་བྱ་བ་ནི། མ་རིག་པ་དང་འཇིག་ཚོགས་ལ་ལྟ་བ་དག་ལྷན་ཅིག་ཏུ་སྤྱོད་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ནི་མ་རིག་པའི་ལྷན་ཅིག་འབྱུང་བའི་རྒྱུའོ། །དེ་བཞིན་དུ་ཐེ་

เล่ม ๑๐๔ · หน้า 345a

ཚོམ་གྱི་རྒྱུ་ལས་སྐྱེ་བ་ཡང་ཤེས་པར་བྱའོ། །འཇུག་པའི་རྒྱུར་གྱུར་པ་དང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ལམ་རྣམས་སོ། །ལྡོག་པའི་རྒྱུར་གྱུར་པའི་ལམ་ཞེས་བྱ་བ་ནི་ཡང་དག་པར་ངེས་པའི་ལམ་རྣམས་སོ། །དེ་དག་ལ་ཞེས་བྱ་བ་ནི་ལམ་མོ། །སྟོབས་

བདུན་པ་བསྟན་པར་བྱ་བའི་ཕྱིར། ད་ནི་བསམ་གཏན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བསམ་གཏན་ནི་བཞིའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་དགེ་བ་ལ་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ནོ། །སྙོམས་པར་འཇུག་པ་ནི་དགུའོ། །ཀུན་ནས་

ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གང་ལས་ལྡང་བར་འགྱུར་ཏེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གང་ལས་ལྡང་བར་འགྱུར་བ་དེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ལྡང་བ་སྟེ། དེ་དག་གི་རྒྱུ་གང་ཡིན་པའོ། །དེ་དག་ལ་ཐོགས་པ་མེད་པར་མཁྱེན་

པའོ། །ཡེ་ཤེས་ནི་སྟོབས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་བྱེ་བྲག་ལས་ཐ་དད་ཅེས་བྱ་བ་ནི་རྣལ་འབྱོར་པ་དབང་པོ་རྟུལ་པོ་ལ་སོགས་པའི་དབྱེ་བ་ཐ་དད་པས་བསམ་གཏན་ལ་སོགས་པ་ཡང་ཐ་དད་པའོ། །གཅིག་དང་

བརྒྱད་གྱུར་པ་ཞེས་བྱ་བ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བསམ་གཏན་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་བཤད་པ་

ནི། བསམ་གཏན་བཞི་དང་ཞེས་བྱ་བ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བཤད་པ་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མ་རིག་པ་ནི་མི་ཤེས་པའོ། །རྟག་པ་དང་གཙང་བ་དང་བདེ་བ་ལ་སོགས་པ་དེ་ཁོ་ན་ཉིད་མ་

ཡིན་པ་ཡིད་ལ་བྱེད་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ལ། དེ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ཏེ། དེ་དག་གི་སྟོབས་ཀྱིས་འདོད་ཆགས་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །གཞན་ལ་རྗེས་སུ་མཐུན་པའི་སྒྲ་དང་ཞེས་བྱ་བ་ནི་དབང་པོ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པའོ། །ཚུལ་

เล่ม ๑๐๔ · หน้า 345b

བཞིན་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པའོ། །དེ་ནི་རྣམ་པར་བྱང་བའི་རྒྱུ་ཡིན་ཏེ། དེས་འདོད་ཆགས་ལ་སོགས་པ་སྤོང་བར་བྱེད་པས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ནི་ཞེས་བྱ་བ་

ནི་དངོས་ཀྱི་རྒྱུའོ། །རྐྱེན་ནི་མ་རིག་པའོ་ཞེས་པ་ནི། ལྷན་ཅིག་བྱེད་པའི་རྒྱུ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡོད་ན་མ་རིག་པ་ཡོད་པས་སོ། །འདུ་བྱེད་རྣམས་ནི་རྐྱེན་ཏོ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའི་རང་བཞིན་ཅན་གྱིས་འདུ་བྱེད་ཀྱི་འགྲོ་བ་རྣམས་སུ་བདེ་བ་དང་སྡུག་

བསྔལ་ཉམས་སུ་མྱོང་བ་དང་མ་རིག་པའི་སྟོབས་ཀྱིས་ཉོན་མོངས་པ་རྣམས་སྐྱེ་བར་འགྱུར་བ་ཡིན་ཏེ་འདུ་བྱེད་ནི་རྒྱུའོ་ཞེས་བྱ་བ་ནི་སྔར་བཞིན་དུའོ། །ལྟ་བ་ནི་རྒྱུའོ་ཞེས་བྱ་བ་ནི་བདག་དང་བདག་གིར་ལྟ་བའོ་སྲེད་པ་ནི་སྐྱོན་ཏོ་ཞེས་བྱ་བ་ནི་བདག་དང་བདག་གིར་སྲེད་པ་ལས་འདོད་ཆགས་ལ་སོགས་པ་སྐྱེ་

བས་སོ། །བག་ལ་ཉལ་ནི་རྒྱུའོ་ཞེས་བྱ་བ་ནི་བག་ཆགས་ཀྱི་རང་བཞིན་ཅན་ནོ། །ཀུན་ནས་ལྡང་བ་ནི་རྐྱེན་ཏེ་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་རྣམས་ཏེ། དཔེར་ན་བདག་དང་བདག་གི་བའི་མངོན་དུ་རྒྱུ་ཡོད་ན་བདག་དང་བདག་གི་བ་དང་མི་མཐུན་པ་ལ་ཞེ་སྡང་བ་ནི་བག་ཆགས་ཀྱི་སྟོབས་དང་། ཆགས་

པའི་སྟོབས་ཀྱིས་ཞེ་སྡང་སྐྱེའོ། །ཞི་གནས་ལ་རྩེ་གཅིག་པ་དང་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སེམས་རྩེ་གཅིག་པར་འགྱུར་བའོ། །ལྷག་མཐོང་ལ་མཁས་པ་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་ཡོངས་སུ་ཤེས་པ་ལ་བྱ་བའོ། །དེ་ལ་ཡང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་རྒྱུ་ཡིན་ལ་གཞན་

ལས་སྒྲ་ཐོས་པ་ནི་རྐྱེན་ནོ། །དེ་ཡང་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ནོ། །ཡེ་ཤེས་དང་ལྡན་པས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་མཁྱེན་པའི་ཡེ་ཤེས་སོ། །འདོད་པ་རྣམས་ལ་དབེན་པ་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་དང་པོའི་སྙོམས་པར་འཇུག་གིས་འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བར་འགྱུར་

བའོ། །འགོག་པ་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འགོག་པ་ལ་སྙོམས་པར་ཞུགས་པས་བསམ་གཏན་དང་པོ་ལས་ལྡང་བའོ། །ལུགས་དང་མཐུན་པར་ཡང་དག་པར་སྙོམས་པར་འཇུག་གོ་ཞེས་བྱ་བ་ནི་དང་པོ་ལས་གཉིས་པར་ཞེས་བྱ་བ་ལ་སོགས་པའི་རིམ་པས་སོ། །

เล่ม ๑๐๔ · หน้า 346a

ལུགས་དང་མི་མཐུན་པ་དང་ཞེས་བྱ་བ་ནི་བརྒྱད་པ་ནས་བདུན་པ་ལ་སོགས་པར་ཏེ། རིམ་པ་མ་ཡིན་པས་སོ། །སྦྲེལ་ཞིང་ཡང་ངོ་ཞེས་བྱ་བ་ནི། དང་པོ་ལས་གསུམ་པ་དང་གསུམ་པ་ལས་ལྔ་པར་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །བཅོམ་ལྡན་འདས་ཀྱིས་ཏིང་ངེ་

འཛིན་དང་སྙོམས་པར་འཇུག་པ་མཐའ་དག་དང་རོ་གཅིག་པའི་ཕྱིར་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་ལ་འདྲེས་པ་གང་ཡང་མེད་ཅིང་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྣམས་ཀྱི་བྱ་བ་ཐ་དད་པར་སྣང་བས་སོ། །དམིགས་པས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱ་བ་མེད་དོ་

ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལ་དམིགས་པ་མེད་པས་སོ། །སེམས་གཅིག་ནས་གཅིག་ཏུ་འཇུག་པ་མེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཐའ་དག་དང་རོ་གཅིག་པའི་ཕྱིར་རོ། །སེམས་མཉམ་པར་མ་གཞག་པར་མི་

རིགས་སོ་ཞེས་བྱ་བ་ནི་སེམས་མཉམ་པར་མ་བཞག་པ་མི་མངའ་བའོ། །ལུས་ཀྱང་ལྟ་བར་མི་ནུས་ཏེ། །ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཁོངས་སུ་ཆུད་པར་བྱ་བ་མ་ཡིན་པས་སོ། །ཟིལ་གྱིས་མི་ནོན་པ་སྟེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱིས་སོ། །འདི་ལ་ཞེས་བྱ་བ་ནི་དེ་བཞིན་

གཤེགས་པའི་ཏིང་ངེ་འཛིན་ལའོ། །སྟོབས་བརྒྱད་པ་བསྟན་པར་བྱ་བའི་ཕྱིར། ད་ནི་སྔོན་གྱི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི་ཞེས་བྱ་བ་ནི་སྔོན་གྱི་གནས་ནི་སྐྱེ་བ་གཞན་གྱི་གནས་སོ། །དེ་རྗེས་སུ་དྲན་པ་ནི་མངོན་དུ་བྱེད་པའོ། །དེ་

མཁྱེན་པ་ནི་སྟོབས་སོ། །ཇི་སྲིད་གཏི་མུག་ཅེས་བྱ་བ་ལ་སོགས་པ་ནི། ཇི་སྲིད་གཏི་མུག་ཅེས་བྱ་བ་འདིས་མ་རིག་པ་ཐོག་མ་མེད་པའི་ཕྱིར་སྐྱེ་བ་བརྒྱུད་པ་རྣམས་ལ་ཐོག་མ་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་སྲིད་གནས་འདས་ཞེས་བྱ་བ་ནི་འདས་པའི་སྐྱེ་བ་དེ་སྲིད་པའོ། །སྐྱེ་བ་དེ་གང་གི་ཡིན་ཞེ་

ན་བདག་དང་སེམས་ཅན་གཞན་རེ་རེ་ཞེས་བྱ་བ་སྨོས་ཏེ། བདག་དང་སེམས་ཅན་རྣམས་རེ་རེ་སྲིད་པ་འདས་པའོ། །གཞན་ནི་སྲིད་པ་ཇི་ལྟ་བུ་ཞེ་ན། སེམས་ཅན་ཇི་སྙེད་དེ་སྙེད་མཐའ་ཡས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་མཐའ་ཡས་པས་སྲིད་པ་ཡང་མཐའ་ཡས་པའོ། །ཡང་ཇི་ལྟ་བུ་ཞེ་

เล่ม ๑๐๔ · หน้า 346b

ན། གཞིར་བཅས་ཡུལ་ཕྱོགས་དང་བཅས་རྣམས་ལ་ཞེས་བྱ་བ་གསུངས་ཏེ། དེ་ལ་ང་སྔར་སྐྱེས་པའི་ཡུལ་དུ་གྱུར་པ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་གཞི་དང་བཅས་པའོ། །ང་དེར་གནས་སོ་སྙམ་ན་ནི་ཡུལ་ཕྱོགས་དང་བཅས་པའོ། །ང་ཁ་དོག་འདི་ལྟ་བུ་དང་ལྡན་པར་གྱུར་ཏོ་སྙམ་པ་ནི་རྣམ་པ་དང་

བཅས་པའོ། །དེ་ལྟ་བུ་ལ་མཁྱེན་པ་ཐོགས་པ་མེད་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་ཉིད་དུ་བཤད་དོ་ཞེས་བྱ་བ་ནི་ཐོག་མ་མེད་པའི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་

པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཡུལ་ཉིད་དུ་ཇི་སྲིད་གཏི་མུག་ཅེས་བྱ་བའི་སྒྲས་བརྗོད་པའོ། །བསྡུ་བར་བརྗོད་དོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་མུ་མཐའ་མེད་པའི་སྔོན་གྱི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡུལ་ཉིད་དུ་བསྡུ་བར་བཞེད་པའོ། །གཞིར་བཅས་ཞེས་བྱ་བ་ནི་རྒྱུ་དང་

བཅས་པ་ཉིད་དོ། །དེ་ཞེས་བྱ་བ་ནི་སྔོན་གྱི་གནས་སོ། །ལྷག་མ་ནི་རྒྱུ་དང་བཅས་པ་རྗེས་སུ་དྲན་པའོ་ཞེས་བྱ་བ་ནི་མདོ་ལས་ཁ་ཅིག་དང་ཕྱོགས་ལས་གང་གཞན་རྗེས་སུ་དྲན་པ་གསུངས་པ་དེ་ཐམས་ཅད་རྒྱུ་དང་བཅས་པར་རྗེས་སུ་དྲན་པའོ། །སྟོབས་ཀྱི་དགོས་པ་བསྟན་པར་བྱ་བའི་ཕྱིར། སྟོབས་

འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོ་འཕྲུལ་ཡོད་པར་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བ་ནི་སྔོན་གྱི་རྒྱུའི་སྟོབས་དང་ལྡན་པ་དང་མི་ལྡན་པ་ཉིད་མཁྱེན་པས་དེ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པས་ཆོས་བསྟན་པར་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་པའོ། །དེ་ལ་མདོའི་ཁུངས་

བསྟན་པར་བྱ་བའི་ཕྱིར། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་ཆོས་སྟོན་པ་ཞེས་བྱ་བ་ནི་སྔོན་གྱི་རྒྱུའི་རྗེས་སུ་འབྲངས་ནས་སོ། །སེམས་ཀྱི་རྒྱུ་བ་འདས་པ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །བྱ་བ་འདི་རྒྱས་པར་བསྟན་པར་བྱ་བའི་ཕྱིར། སེམས་གང་གིས་

ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་ཤེས་པ་འདི་ཉིད་མཐའ་ཡས་པར་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཅི་ཙམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་དོན་ནི་ཆུ་བོ་གང་གཱའི་བྱེ་མ་སྙེད་དང་མཚུངས་པའི་སེམས་ཅན་གཅིག་ནས་གཅིག་ཏུ་བརྒྱུད་པ་བརྗོད་པར་མི་ནུས་པའི་

เล่ม ๑๐๔ · หน้า 347a

སེམས་ཀྱི་རྒྱུན་དེ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། ངག་གི་སྤྱོད་ཡུལ་ལས་འདས་པའི་སེམས་ཀྱི་རྒྱུན་མཁྱེན་པ་ཡིན་ནོ་ཞེས་པའོ། །ཡང་མུ་མཐའ་མེད་པ་ཉིད་བསྟན་པར་བྱ་བའི་ཕྱིར། ཕྱི་མའི་མུ་མཐར་ཐུག་པ་བསྟན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

གལ་ཏེ་བཅོམ་ལྡན་འདས་ཀྱིས་འཁོར་བའི་མཐའ་མའི་བར་དུ་སེམས་ཀྱི་རྒྱུན་བསྟན་པར་གྱུར་ཀྱང་། དེ་ལྟར་ན་ཡང་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་འདི་སྟོན་པ་ལས་མཐའ་ཡོད་པར་མི་འགྱུར་རོ། །གལ་ཏེ་འཁོར་བ་ལ་མཐའ་མེད་པས་ཕྱི་མའི་མུར་ཐུག་པ་ཞེས་ཇི་ལྟར་བརྗོད་ཅེ་ན། དེ་ལ་

ལན་ནི། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་ཞེས་བྱ་བ་གསུངས་ཏེ། འཁོར་བ་མཐའ་ཡོད་པར་བརྟགས་ནས་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གྱིས་མི་ཁྱབ་ཅིང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་སེམས་ཀྱི་ཡུལ་མ་ཡིན་པས་སོ། །མཚུངས་པ་མེད་ལ་ཞེས་བྱ་བ་ནི་དེ་

བཞིན་གཤེགས་པ་ལས་གཞན་པ་རྣམས་ལ་དེ་ལྟ་བུའི་ཡེ་ཤེས་མེད་པས་སོ། །ཚད་མེད་པ་དེ་ཞེས་བྱ་བ་ནི་གྲངས་ཀྱིས་བགྲང་བར་མི་ནུས་པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེའི་མཐའ་ནི་བསྟན་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ཙམ་ཞིག་གོ་ཞེས་བྱ་བའོ། །སངས་རྒྱས་ཁྱུ་མཆོག་

ཏུ་གྱུར་པ་ཞེས་བྱ་བ་ནི་སངས་རྒྱས་ལ་མི་འཇིགས་པ་མངའ་བས་སོ། །དགེ་བའི་རྩ་བ་ལ་དམིགས་པ་དེ་དང་དེས་ཞེས་བྱ་བ་ནི་དགེ་བའི་རྩ་བ་སངས་རྒྱས་ལ་བསྐྲུན་པ་ལ་སོགས་པ་སེམས་ལ་བྱས་ནས་སོ། །ཕྱིར་མི་ལྡོག་པར་འགྱུར་བ་ཞེས་བྱ་བ་ནི་བྱང་ཆུབ་ལས་སོ། །དེ་བཞིན་གཤེགས་པའི་

སྟོབས་དགུ་པ་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཞེས་བྱ་བ་ལ། འཆི་བ་ནི་ཕུང་པོ་འཇིག་པའོ། །སྐྱེ་བ་ནི་ཕུང་པོ་ཉིང་མཚམས་སྦྱོར་བའོ། །འདི་ནི་ཉེ་བར་མཚོན་པ་སྟེ། འཇིག་པ་དང་ཆགས་པ་ལ་སོགས་པ་ཡང་

རིག་པར་བྱའོ། །དེ་དག་ལ་མཁྱེན་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་སྟོབས་སོ། །འཇིག་རྟེན་ལ་གནས་ཞེས་བྱ་བ་ནི་འཇིག་རྟེན་པའི་ཁམས་ན་ཡོད་པའོ། །ནམ་མཁའི་མཐར་ཐུག་དང་ཞེས་བྱ་བ་ནི་མཐའ་ཡས་པ་སྟེ་ནམ་མཁའ་ལ་མུ་མཐའ་མེད་པས་སོ། །བཀྲ་མང་ཞེས་བྱ་བ་ནི། ལས་སྣ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด