དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) མ་དྷྱཱ་མ་ཀཱ་ཨ་བ་ཏཱ་ར་སྱ་ཊཱི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๔ · หน้า 162b
པོ་ལས་སྟོང་པ་སྐྱེ་བ་ལ་དབུ་མའི་བསྟན་བཅོས་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེ་འདིའི་སྒོ་ནས་རང་བཞིན་མེད་པ་རྣམས་ལ་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ངེས་པ་ཡིན་ཏེ། དཔེར་ན་སྟོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྫུ་འཕྲུལ་
ཕུན་སུམ་ཚོགས་པ་སྟེ། རྫུ་འཕྲུལ་གྱི་མཐུས་སྤྲུལ་པ་སྤྲུལ་ན་གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ་དེས་ཀྱང་སྤྲུལ་པ་གཞན་སྤྲུལ་པར་བྱེད་དེ། དེ་ལ་གང་སྤྲུལ་པ་གཞན་སྤྲུལ་པར་བྱེད་པའི་སྤྲུལ་པ་པོ་དེ་སྟོང་པ་ཉིད་དེ་རང་བཞིན་མེད་པའོ། །གང་སྤྲུལ་པ་པོས་སྤྲུལ་པའི་སྤྲུལ་པ་གཞན་དེ་
ཡང་སྟོང་པ་ཉིད་དེ་དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བ་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་ཅི་ལྟར་འདིར་རང་བཞིན་མེད་པ་རྣམས་ལ་རང་བཞིན་མེད་པའི་བྱ་བ་དང་བྱེད་པ་ཉིད་དང་། ལས་དང་བྱེད་པ་པོར་བརྗོད་པར་འགྱུར་བ་དེ་བཞིན་དུ་འདིར་ལས་ཀྱི་བྱེད་པ་
པོ་ནི་སྤྲུལ་པའི་རྣམ་པ་ཅན་ཡིན་ཏེ། རང་བཞིན་སྟོང་པའོ། །རང་བཞིན་སྟོང་པའི་བྱེད་པ་པོ་དེས་ལས་གང་བྱེད་པ་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཏེ། དཔེར་ན་སྤྲུལ་པ་པོས་སྤྲུལ་པ་གཞན་སྤྲུལ་པ་དེ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་གཉིས་སུ་མེད་པར་སྨྲ་བའི་དབུ་མ་པ་རྣམས་ལ་ལོག་པར་ལྟ་བ་
ག་ལ་ཡོད་ཅེས་པའོ། །སྤྲུལ་པའི་དཔེ་འབའ་ཞིག་གིས་རང་བཞིན་མེད་པར་ལྟ་བར་རིག་པར་མ་ཟད་ཀྱི་གཞན་ཡང་དཔེ་འདི་རྣམས་ཀྱི་སྒོ་ནས་ཀྱང་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་ནོ་ཞེས་གསལ་བར་ཁོང་དུ་ཆུད་པར་གྱིས་ཞེས་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་ལས་དང་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་སོ། །ལས་ནི་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བའི་ལས་སོ། །བྱེད་པ་པོ་ནི་སེམས་དང་ལུས་སོ། །འབྲས་བུ་ནི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་དང་། བདག་
པོའི་འབྲས་བུ་ལ་སོགས་པའོ། །ཉོན་མོངས་པ་ལ་སོགས་པ་འདི་རྣམས་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་ལ་སོགས་པ་བཞིན་དུ་རང་བཞིན་མེད་པར་རིག་པར་བྱའོ། །དེའི་ཕྱིར་དབུ་མ་པ་རྣམས་ཁོ་ནས་དངོས་པོ་རྣམས་ཀྱི་རང་བཞིན་ཁས་མ་བླངས་པའི་ཕྱིར་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་བ་ཡོད་པ་མ་
เล่ม ๑๐๔ · หน้า 163a
ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རྟག་པ་དང་ཆད་པར་ལྟ་བ་སྤངས་ནས་རང་བཞིན་མེད་པ་ཉིད་ལ་དགེ་བ་དང་། མི་དགེ་བའི་ལས་དང་འབྲས་བུའི་འབྲེལ་པར་རིགས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དགེ་བ་དང་། མི་དགེ་བའི་ལས་ཞེས་བྱ་བ་ལ་དགེ་བའི་ལས་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའོ། །མི་དགེ་བའི་ལས་ནི་སྲོག་གཅོད་པ་ལ་སོགས་པའོ། །འབྲས་བུའི་འབྲེལ་པ་ནི་དགེ་བའི་ལས་ཀྱིས་བདེ་འགྲོར་ཡིད་དུ་འོང་བའི་འབྲས་བུ་དང་། མི་དགེ་བའི་ལས་ནི་ངན་སོང་དུ་ཡིད་དུ་མི་
འོང་བའི་འབྲས་བུ་དང་འབྲེལ་པའོ། །འགགས་ནས་ཡུན་རིང་དུ་ལོན་ནས་ཞེས་བྱ་བ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པའི་ལས་རྣམས་ཀྱི་འབྲས་བུ་དུས་གཞན་དུ་ཉམས་སུ་མྱོང་བར་འགྱུར་བས་སོ། །ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་དང་ཆུད་མི་ཟ་བ་དང་ཐོབ་པ་ལ་སོགས་པ་ཡོངས་སུ་
རྟོགས་པ་མེད་པ་ཡང་འཐད་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་མེད་དུ་ཟིན་ཡང་འབྲས་བུ་འཐད་པ་ཡིན་ཏེ། ཇི་ལྟར་བག་ཆགས་ཀྱིས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་སྐྱེ་བ་དག་ལས་དུས་གཞན་དུ་འབྲས་བུ་སྐྱེ་བར་གཞན་གྱིས་བརྟགས་པ་དེ་ལྟར་ནི་མ་ཡིན་ནོ། །
དེ་བཞིན་དུ་ཆུད་མི་ཟ་བའི་ཆོས་མེད་པས་ཀྱང་འབྲས་བུ་སྐྱེ་བ་ཡིན་ཏེ། གཞན་གྱིས་ཇི་ལྟར་བརྟགས་པ་བཞིན་དུ་ནི་མ་ཡིན་ཏེ། གཞན་དག་ན་རེ་དགེ་བའི་ལས་ནི་སྐྱེས་པའི་དེ་མ་ཐག་ཏུ་ཆུད་ཟ་བ་ཡིན་ན་དེ་འགགས་པས་འབྲས་བུ་མེད་པར་ཐལ་བར་འགྱུར་རོ། །དེས་ན་གང་གི་ཚེ་ལས་དེ་བྱས་པའི་དུས་
དེ་ཉིད་དུ་ལས་དེ་ལས་ཆུད་མི་ཟ་བར་ཞེས་བྱ་བའི་ཆོས་ལྡན་པ་མ་ཡིན་པ་ཞིག་བྱེད་པ་པོའི་རྒྱུད་ལ་བུ་ལོན་གྱི་ཡི་གེ་ལྟ་བུ་ཞིག་སྐྱེ་བར་འགྱུར་བ་ཡིན་ལ། དེ་ལྟར་ན་ཡི་གེ་བཞིན་དུ་ཆུད་མི་ཟ་བར་རིག་པར་བྱའོ། །གང་ལས་ཆུད་མི་ཟ་བའི་ཆོས་སྐྱེ་བའི་ལས་དེ་བུ་ལོན་བཞིན་དུ་རིག་པར་བྱའོ། །ཇི་ལྟར་
བུ་ལོན་གྱི་ཡི་གེ་ཡོད་པས་བུ་ལོན་དེ་སྤྱད་དུ་ཟིན་ཀྱང་ནོར་གྱི་བདག་པོའི་ནོར་ཆུད་ཟ་བར་མི་འགྱུར་བར་སྐྱེད་དང་བཅས་པའི་ནོར་གྱི་ཚོགས་དང་ལྡན་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ལས་ཟད་དུ་ཟིན་ཀྱང་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་གཞན་ཡོད་པས་དེའི་སྒོ་ནས་འབྲས་བུ་དང་བྱེད་པ་པོ་དག་འབྲེལ་པ་ཡིན་ནོ། །
เล่ม ๑๐๔ · หน้า 163b
གང་གི་ཚེ་བུ་ལོན་གྱི་ཡི་གེས་ནོར་ཁུགས་ཏེ་ལོངས་སྤྱད་ནས་ཕྱིས་ཡོད་དམ་མེད་ཀྱང་རུང་ནོར་འོང་བའི་ནུས་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆུད་མི་ཟ་བ་ཡང་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱས་ནས་ཡོད་དམ་མེད་ཀྱང་རུང་ནོར་སྤྱད་པའི་ཡི་གེ་བཞིན་དུ་ཡང་རྣམ་པར་སྨིན་པ་འབྱིན་པར་ནུས་པ་
མ་ཡིན་ནོ། །ཐོབ་པ་མེད་དུ་ཟིན་ཀྱང་འཐད་པ་ཡིན་ནོ། །གཞན་དག་གིས་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་ཐོབ་པ་ཞེས་བྱ་བའི་ལྡན་པ་མ་ཡིན་པའི་ཆོས་ཞིག་ཡོད་པ་ལ། གང་ཐོབ་པ་ལས་ཞིག་ཏུ་ཟིན་ཀྱང་དགེ་བ་དང་མི་དགེ་བའི་ལས་ཀྱང་ལྡན་པར་བརྗོད་པ་ཡིན་ནོ། །དེ་ལས་དུས་
གཞན་དུ་འབྲས་བུ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་དེ་ལྟ་མ་ཡིན་པའོ། །སོགས་པའི་སྒྲས་ནི་ལས་ཀྱི་བག་ཆགས་བསྒོས་པའི་ཡིད་ཀྱི་རྣམ་པར་ཤེས་པ་བསྡུ་བར་བྱ་སྟེ། དེས་ཀྱང་དུས་གཞན་དུ་འབྲས་བུ་འབྱིན་པ་མ་ཡིན་ནོ་ཞེས་པའོ། །ཇི་ལྟར་ཞེ་ན་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་
པ་མེད་ན་ལས་དང་འབྲས་བུ་འབྲེལ་པར་ཅི་ལྟར་འགྱུར་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ལས་དེ་རང་བཞིན་གྱིས་མི་འགག་སྟེ། ལས་དེ་ནི་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་རང་བཞིན་མེད་པ་ལ་ལས་དེ་འཇིག་པ་མེད་པས་
ལས་དེ་ལས་འབྲས་བུ་འབྱུང་བ་འོངས་པ་ཡིན་ནོ། །འདིའི་དོན་ནི་དཔེར་ན་ད་ལྟར་བའི་གནས་སྐབས་ན་དེ་ལ་རང་བཞིན་མེད་དུ་ཟིན་ཀྱང་དེ་ལས་འབྲས་བུ་འབྱུང་བ་དེ་བཞིན་དུ་ལས་ལ་རང་བཞིན་མེད་པའི་ཕྱིར་འཇིག་པ་མེད་པ་ལས་མ་ཞིག་པ་ལས་འབྲས་བུ་སྐྱེ་བ་སུ་ཞིག་གིས་འགོག །དེའི་ཕྱིར་འཇིག་
རྟེན་གྱི་ཐ་སྙད་ཀྱིས་འགགས་ནས་ཡུན་རིང་པོར་ལོན་པ་ལས་ཀྱང་མིའི་འགྲོ་བ་ལ་སོགས་པ་ལ་ལར་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་མེད་དུ་ཟིན་ཀྱང་འདི་ནུས་པ་སྟེ། མཐུས་བདེ་བ་དང་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་འབྲས་བུ་འབྱུང་བར་རིག་པར་བྱའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་
བའི་ཕྱིར་གང་གི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཞེས་བྱ་བ་ནི་ལས་ཀྱི་རང་བཞིན་འགག་པར་སྨྲ་བ་རྣམས་སོ། །དེ་ལ་ཞེས་བྱ་བ་ནི་ལས་འགག་པར་སྨྲ་བ་ལའོ། །འགགས་ཟིན་པའི་ལས་ཀྱི་ནུས་པ་གཞག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འགགས་ཟིན་པའི་ལས་ཀྱི་ནུས་པ་སྟེ། མཐུ་
เล่ม ๑๐๔ · หน้า 164a
གནས་པར་བྱ་བའི་དོན་དུ་སྟེ་དེ་ལྟ་མ་ཡིན་ན་དུས་གཞན་དུ་འབྲས་བུ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །ལྷག་མ་གོ་སླའོ། །ཇི་སྐད་དུ་བསྟན་བཅོས་ལས་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །གང་ཕྱིར་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཅིའི་ཕྱིར་ལས་སྐྱེ་བ་མེད་ཅེ་ན།
སློབ་དཔོན་གྱིས་སྨྲས་པ། གང་གི་ཕྱིར་རང་བཞིན་མེད་པའི་ཕྱིར་སྐྱེ་བ་མེད་པའོ། །གལ་ཏེ་རང་བཞིན་མེད་པའི་ཕྱིར་སྐྱེ་བ་མེད་པ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །འཇིག་པར་འགྱུར་བ་མ་ཡིན་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་
རྣམས་ལ་འབྲས་བུར་སྨིན། །ཞེས་ཇི་ལྟར་གསུངས་ཤེ་ན་བརྗོད་པར་བྱ་སྟེ། གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཡིན་པའི་ཕྱིར་ཁྱོད་དེ་སྐད་ཟེར་བས་ཁོ་བོ་ཅག་ལ་གནོད་པ་ནི་མ་ཡིན་ལ། ལས་ལ་རང་བཞིན་ཡོད་ན་ལས་ཀྱི་རང་བཞིན་དེ་
ངེས་པར་གཞན་དུ་འགྱུར་བ་མེད་པའི་ཕྱིར་རྟག་པར་ཐལ་བར་འགྱུར་ཏེ། ནམ་མཁའི་རང་བཞིན་ཅན་བཞིན་དུ་མི་འགྱུར་བ་བཞིན་ནོ། །དེས་ན་ལས་དེ་མ་བྱས་ཀྱང་ཡོད་པ་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་རྟག་པ་ཞེས་བྱ་བ་ནི་ཡོད་པར་འགྱུར་བ་ཡིན་ལ། གང་ཡོད་པ་དེ་ནི་བྱ་བར་མི་རིགས་པས་རྒྱུ་ལ་
ལྟོས་པ་མ་ཡིན་པའི་ཕྱིར་དགེ་མི་དགེའི་ལས་མ་བྱས་སུ་ཟིན་ཀྱང་འཇིག་རྟེན་པ་ལ་རྣམ་པར་སྨིན་པ་འབྱུང་བར་འགྱུར་བ་ཡིན་པས་མ་བྱས་ཀྱང་མྱོང་བར་འགྱུར་རོ། །ཁྱོད་ཀྱི་ཕྱོགས་ལ་ཡང་མ་སྐྱེས་པ་ཉིད་ཀྱིས་འབྲས་བུ་འབྱིན་ན་མ་བྱས་པས་མྱོང་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། གང་གི་ཕྱིར་ཁོ་བོས་འཇིག་རྟེན་
གྱི་ཐ་སྙད་དུ་ལས་གང་བྱས་ནས་འཇིག་པར་འགྱུར་བ་དེ་ལ་རྣམ་པར་དཔྱད་ན་སྐྱེ་བ་དང་འཇིག་པ་མེད་པས་དེ་ལ་འབྲས་བུ་སྐྱེ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་གྱི། འཇིག་རྟེན་པའི་ཐ་སྙད་དུ་མ་བྱས་ཀྱང་འབྲས་བུ་མྱོང་བ་མ་ཡིན་ནོ། །དེས་ན་སྐྱོན་ཡོད་པ་མ་ཡིན་ནོ། །དོན་དམ་པར་ལས་ཆུད་མི་ཟ་བ་ལ་མདོའི་
ཁུངས་བསྟན་པར་བྱ་བའི་ཕྱིར། མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིའི་ཚེའི་ཚད་ལོ་བརྒྱ་སྟེ་ཞེས་བྱ་བ་ནི་མི་རྣམས་ཀྱི་ཚེ་ལོའི་ཚད་ནི་ལོ་བརྒྱ་ཡིན་ལ་རྒྱུ་དང་འབྲས་བུ་དག་མི་རིགས་པའི་ཕྱིར་དུས་ཀྱང་མ་གྲུབ་པས་ལོ་བརྒྱ་པའི་རང་བཞིན་ཅན་གྱི་ལོ་ལ་ཕུང་པོར་སྤུངས་པ་ཡོད་པ་མ་ཡིན་ནོ། །
เล่ม ๑๐๔ · หน้า 164b
སྒྲུབ་པ་འདི་ཡང་ཞེས་བྱ་བ་ནི་ཕུང་པོ་རྣམ་པ་ལྔའི་མཚན་ཉིད་ཅན་མི་ཉིད་ཀྱི་ཕུང་པོ་ཡང་དེ་དང་མཚུངས་ཏེ། སྟོང་པ་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །འདིས་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་སྐྱེ་བ་མེད་པར་བསྟན་པ་ཡིན་ནོ། །ཟད་པ་མེད་པར་བསྟན་པར་བྱ་བའི་ཕྱིར། ཟད་པ་མེད་ཅེས་བྱ་བ་ལ་སོགས་
པ་གསུངས་ཏེ། ངས་ལས་ཟད་པ་མེད་པ་དང་ཟད་པ་གང་སྨྲས་པ་དེ་ནི་སྟོང་པའི་རྣམ་པ་ལས་དེ་ཟད་པ་མེད་པ་ཡིན་ལ། ཐ་སྙད་ཀྱི་རྣམ་པས་ཟད་པར་སྨྲས་པ་ཡིན་ནོ་ཞེས་པའི་དོན་ཏོ། །ཅི་སྐད་བསྟན་པའི་དོན་ཉིད་ཅེས་བྱ་བ་ནི་ལས་དང་། འབྲས་བུའི་འགྲེལ་པའི་མཚན་ཉིད་ཅན་ནོ། །སད་ཀྱང་
ཞེས་བྱ་བ་ནི་སད་པའི་གནས་སྐབས་ན་ཡང་ངོ་། །རང་བཞིན་ཡོད་མིན་པའི་ཞེས་བྱ་བ་ནི་དོན་དམ་པར་རོ། །འགགས་ཤིང་ཞེས་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་སོ། །དོན་འདི་ཉིད་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཅི་སྐད་དུ་སྲིད་པ་འཕོ་བའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་
གྱི་བུད་མེད་བཟང་མོ་ཞེས་བྱ་བ་ནི་ཡུལ་ན་ཡོད་པ་རྣམས་ཀྱི་ནང་ན་མཛེས་པའོ། །མ་མཆིས་ཤིང་ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། མི་དམིགས་པ་ལགས་ན་ཞེས་བྱ་བ་སྨོས་ཏེ། རྣམ་པར་དཔྱད་ན་མི་དམིགས་པའི་ཕྱིར་རོ། །ཕོངས་ཤིང་ཞེས་བྱ་བ་ནི་ཡིད་མི་བདེ་བའི་རང་བཞིན་ཅན་ནོ། །དུབ་པ་ཞེས་བྱ་བ་ནི་ལུས་
ཀྱི་སྡུག་བསྔལ་དང་ལྡན་པའོ། །འཆི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་ཞེས་བྱ་བ་ནི་འཆི་ཁ་ནའོ། །དེ་དང་སྐལ་བ་འདྲ་བའི་ལས་སད་ནས། །ཞེས་བྱ་བ་ནི་མི་ལ་སོགས་པའི་འགྲོ་བ་གང་དུ་སྐྱེས་པ་དེ་དང་སྐལ་བ་མཉམ་པའི་ལས་སད་ནས་སོ། །དཔེར་ན་ཉལ་ཉལ་བ་ལས་ཞེས་བྱ་བ་ལ་སོགས་པ་ནི་
དཔེར་ན་རྨི་ལམ་ན་མཐོང་བའི་བུད་མེད་སད་པའི་གནས་སྐབས་ན་མེད་དུ་ཟིན་ཀྱང་དྲན་པ་སྐྱེ་བའི་རྒྱུར་འགྱུར་བ་དེ་བཞིན་དུ་ལས་ཀྱང་དོན་དམ་པའི་དབང་དུ་བྱས་ནས་འཇིག་པ་མེད་པ་ཡིན་ལ། ཀུན་རྫོབ་ཀྱི་དབང་དུ་བྱས་ནས་ཞིག་ཏུ་ཟིན་ཀྱང་ཡིད་ལ་འབྲས་བུ་སྐྱེད་པའི་དོན་དུ་མངོན་དུ་ཕྱོགས་པར་འགྱུར་
བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་སྐལ་བ་འདྲ་བའི་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་དང་རྗེས་སུ་མཐུན་པའོ། །དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ་ཞེས་བྱ་བ་ནི་བདག་ལ་སོགས་པའི་མཚན་ཉིད་ཅན་ནོ། །ལྷག་མ་གོ་
เล่ม ๑๐๔ · หน้า 165a
སླའོ། །འདིས་ནི་ལས་འགག་ཏུ་ཟིན་ཀྱང་ཆུད་མི་ཟ་བར་བསྟན་པ་ཡིན་ནོ། །དེ་ལ་གཞན་གྱི་དོགས་པ་བསུ་བར་བྱ་བའི་ཕྱིར་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་མ་སྐྱེས་པ་ཞེས་བྱ་བ་ནི་ལས་ལའོ། །རྣམ་པར་སྨིན་པ་བྱས་ཟིན་པ་ལས་ཀྱང་ཞེས་བྱ་
བ་ལ་སོགས་པ་ནི་རྣམ་པར་སྨིན་པའི་འབྲས་བུ་བསྐྱེད་ཟིན་པ་ལས་རྣམ་པར་སྨིན་པ་འབྱུང་བའི་ཕྱིར་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཟད་པ་མེད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རྣམ་པར་སྨིན་པའི་འབྲས་བུ་ཉམས་སུ་མྱོང་ཡང་ལས་དེ་ལ་ཟད་པ་མེད་པའི་ཕྱིར་རོ། །
དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ནི་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་ཐུག་པ་མེད་པའི་སྐྱོན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རབ་རིབ་ཅན་ལ་ཡུལ་མེད་པ་ཉིད་དུ་མཚུངས་ཀྱང་སྐྲ་ཤད་ལ་སོགས་
པ་སྣང་བ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་ནི་མི་སྣང་ངོ་། །དེ་ཉིད་ཀྱི་ཕྱིར། དངོས་གཞན་རྣམ་པར་མ་ཡིན་ལྟར། །ཞེས་གསུངས་སོ། །དེ་ལྟར་དཔེ་བསྟན་ནས་དོན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་སྨིན་ནས་སླར་སྨིན་མིན་ཤེས་ཀྱི། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་མེད་པ་ཉིད་དུ་མཚུངས་
ཀྱང་ཐམས་ཅད་མི་སྣང་བ་བཞིན་དུ་རྣམ་པར་སྨིན་པ་དང་མ་སྨིན་པ་དག་གི་དུས་སུ་ལས་ཀྱི་རང་བཞིན་འཇིག་པ་མེད་པར་མཚུངས་སུ་ཟིན་ཀྱང་རྣམ་པར་སྨིན་པའི་ལས་ལས་རྣམ་པར་སྨིན་པ་འབྱུང་བར་མི་འགྱུར་རོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། རྣམ་པར་སྨིན་པ་ངེས་པར་འགྱུར་རོ་ཞེས་བྱ་བ་ནི་ཡང་རྣམ་པར་སྨིན་པའི་ནུས་པ་མེད་པའི་ཕྱིར། རྣམ་པར་སྨིན་པ་ལན་གཅིག་འབྱིན་པ་ལ་ངེས་པར་འགྱུར་བའོ། །དཔེ་འདིས་ཞེས་བྱ་བ་ནི་རབ་རིབ་ཅན་གྱི་དཔེའི་སྒོ་ནས་སོ། །ལས་རྣམས་མ་ངེས་པ་མ་ཡིན་པ་ཞེས་བྱ་བ་ནི་རྣམ་པར་སྨིན་
པ་ལ་ལན་གཅིག་འབྱིན་པ་ལ་ངེས་པའོ། །རྣམ་པར་སྨིན་པ་ཡང་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་དགེ་བ་ལས་རྣམ་པར་སྨིན་པ་ཡིད་དུ་འོང་བའི་མཚན་ཉིད་ཅན་ཉིད་དང་། མི་དགེ་བའི་ལས་ཡིད་དུ་མི་འོང་བའི་མཚན་ཉིད་ཅན་གྱི་རྣམ་པར་སྨིན་པ་ཉིད་དོ། །དེའི་ཕྱིར་ཞེས་བྱ་བ་ནི་རབ་རིབ་ཅན་གྱི་དཔེས་སོ། །
เล่ม ๑๐๔ · หน้า 165b
ནག་པོ་ལས་ཞེས་བྱ་བ་ནི་མི་དགེ་བའི་མཚན་ཉིད་ཅན་ལས་སོ། །རྣམ་སྨིན་མི་དགེ་བ་ཞེས་བྱ་བ་ནི་ངན་འགྲོར་ཡིད་དུ་མི་འོང་བའི་རྣམ་པར་སྨིན་པའི་མཚན་ཉིད་ཅན་ནོ། །རྣམ་སྨིན་དགེ་བ་ཉིད་ཅེས་བྱ་བ་ནི་བདེ་འགྲོར་ཡིད་དུ་འོང་བའི་མཚན་ཉིད་ཅན་གྱི་རྣམ་པར་སྨིན་པའོ། །དགེ་ལས་ཞེས་བྱ་བ་
དགེ་བའི་མཚན་ཉིད་ཅན་ལས་སོ། །མཐོང་ཞེས་བྱ་བ་ནི་ལུང་གི་སྒོ་ནས་ཁོང་དུ་ཆུད་པའོ། །དགེ་མི་དགེ་མེད་བློ་ཅན་ཐལ་འགྱུར་ཏེ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་ཡོངས་སུ་ཤེས་པའི་སྒོ་ནས་དགེ་བ་དང་མི་དགེ་བའི་ལས་མི་དམིགས་པའི་ཕྱིར་རོ། །ཉོན་མོངས་པ་དང་
ཤེས་བྱའི་སྒྲིབ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཐར་པ་ཐོབ་པར་འགྱུར་བའོ། །ལས་འབྲས་རྣམས་ལ་སེམས་པའང་དགག་པར་མཛད། །ཅེས་བྱ་བ་ནི་གང་གི་ཕྱིར་སྐྲ་ཤད་ལ་སོགས་པའི་དཔེའི་སྒོ་ནས་ལས་དང་འབྲས་བུ་མ་ངེས་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ལས་འདི་ལ་
འབྲས་བུ་འདི་སྐྱེ་བར་འགྱུར་བ་ཡིན་ཞེས་བྱ་བའི་སེམས་པ་དགག་པར་མཛད་པ་ཡིན་ཏེ། ནོར་བུ་དང་སྔགས་དང་སྨན་ལ་སོགས་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་བྱ་བའི་རིགས་པས་སོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཅིའི་ཕྱིར་ངེས་ཤེ་ན། དེ་ལྟ་ནའང་སྐྲ་ཤད་ལ་སོགས་པ་མཐོང་བ་ངེས་པ་དེ་ཉིད་ཀྱི་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་ཀྱི་འབྲས་བུ་རྣམས་ལ་སེམས་པ་དེ་བཅོམ་ལྡན་འདས་ཀྱི་གསུང་གང་གི་སྒོ་ནས་དགག་པ་མཛད་ཅེ་ན། ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་
བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་པས་སོ། །གལ་ཏེ་དཔྱད་པར་གྱུར་ན་ཀུན་རྫོབ་ཀྱི་བདེན་པ་ཉམས་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་འདི་ལས་འབྲས་བུ་འདི་སྐྱེའོ་ཞེས་བྱ་བ་ནི་མངོན་སུམ་དང་མི་དམིགས་པ་དག་གི་ཁོང་དུ་
ཆུད་པ་ཡིན་ལ། ལས་དང་འབྲས་བུ་དག་ནི་ཚུ་རོལ་མཐོང་ན་དུས་ནམ་ཡང་མཐོང་བ་མེད་པའི་ཕྱིར་ལས་དང་འབྲས་བུ་དག་ཅི་ལྟར་འགྲུབ་པར་འགྱུར་ཞིང་ཞེས་བརྟག་ཅིང་དཔྱད་ན་ཆད་པར་ལྟ་བར་འགྱུར་བས་ཆད་བ་མེད་པའི་འཁོར་བའི་རྒྱུན་གྱི་མཚན་ཉིད་ཅན་གྱི་ཀུན་རྫོབ་ཀྱི་བདེན་པ་འཇིག་པར་འགྱུར་
เล่ม ๑๐๔ · หน้า 166a
དུ་འོང་བས་བཅོམ་ལྡན་འདས་ཀྱིས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་དགག་པར་མཛད་དོ། །གལ་ཏེ་དེ་ནི་སེམས་ཙམ་པའི་རྒོལ་བ་བསྟན་པར་བྱ་བའི་ཕྱིར། གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་རྣམས་ཀྱི་འབྲས་བུ་དང་འབྲེལ་པ་རྣམ་
པར་གཞག་ན་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་མེད་པ་ཡིན་ཡང་ལས་རྣམས་རང་བཞིན་མེད་པས་ཀུན་རྫོབ་ཏུ་ལས་ཞིག་ཏུ་ཟིན་ཀྱང་ལས་འབྲས་བུ་འབྱིན་པའི་རྣམ་པར་གཞག་པ་བྱེད་ནའོ། །ཆོས་མཐའ་ཡས་པའི་ནུས་པའི་ཁྱད་པར་གྱི་གཞི་ཞེས་བྱ་བ་ལ། ཆོས་མཐའ་ཡས་ཏེ་སྔོན་པོ་དང་
སེར་པོ་ལ་སོགས་པར་སྣང་བའི་ཤེས་པ་རྣམས་སོ། །དེ་རྣམས་ཀྱི་ནུས་པ་ནི་བག་ཆགས་ཏེ། དཔེར་ན་ཏིལ་མེ་ཏོག་དང་ཉེ་བ་ལས་དྲི་འབྱུང་བ་དེ་བཞིན་དུ་སྔོན་པོ་ལ་སོགས་པའི་ཤེས་པ་རྣམས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་པའོ། །བག་ཆགས་དེ་རྣམས་ཀྱི་གཞི་སྟེ་རྟེན་ནོ། །
དེའི་ཕྱིར་ས་བོན་ཐམས་ཅད་པ་སྟེ། ཤེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། རླབས་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུ་ཞེས་བྱ་བ་ནི་སྔོན་པོར་སྣང་བའི་ཤེས་པ་སྐྱེ་བ་ལ་སོགས་པའི་རྒྱུར་གྱུར་པའི་ཕྱིར་
རོ། །འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ལ་ཞེས་བྱ་བ་ནི། ཀུན་གཞི་རྣམ་ཤེས་ཟབ་ཅིང་ཆ་ཕྲ་ལ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་ཡོངས་སུ་རྟོག་པར་འགྱུར་སྙམ་ནས། །བྱིས་པ་རྣམས་ལ་བདག་གིས་འདི་མ་བསྟན། །ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །རྣམ་པ་ཐམས་ཅད་དུ་མེད་པ་ཞིག་གམ་ཞེས་བྱ་བ་ནི་གཏན་མེད་པ་ཡིན་ནམ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་མེད་པ་མ་ཡིན་གྱི། འོན་ཀྱང་བཅོམ་ལྡན་འདས་ཀྱིས་
དགོངས་པའི་དབང་གིས་ཡོད་པ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཉེ་བར་བསྟན་པས་གདུལ་བྱ་རྣམས་ལ་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་བསྟན་པས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་
เล่ม ๑๐๔ · หน้า 166b
བསྟན་པས་སོ། །དོན་དམ་པར་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་སྟོང་པ་ཉིད་ཁོ་ན་ལ་བརྗོད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར། བདག་
ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པས་དངོས་པོ་སྟོང་པ་ཉིད་ཀྱི་རྗེས་སུ་འཇུག་པའི་ཕྱིར་སྟོང་པ་ཉིད་ཁོ་ན་ཀུན་གཞི་ཡིན་ལ་དེ་ཉིད་རྣམ་པར་ཤེས་པ་སྟེ། ཆོས་ཐམས་ཅད་མི་དམིགས་པའི་སྦྱོར་བས་ཡོངས་སུ་ཤེས་པའི་ཕྱིར་དེས་ན་སྟོང་པ་ཉིད་ལ་ཀུན་གཞི་རྣམ་པར་ཤེས་པའི་
སྒྲས་བསྟན་པར་རིག་པར་བྱའོ། །ཅི་ལྟར་བཅོམ་ལྡན་འདས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་དགོངས་པའི་དབང་གིས་གསུངས་པ་དེ་བཞིན་དུ་གང་ཟག་ཀྱང་དགོངས་པའི་དབང་དུ་མཛད་ནས་ཡོད་པར་གསུངས་པ་ཡིན་ནོ་ཞེས་བྱ་བའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེས་གདུལ་བྱའི་སྐྱེ་བོ་ལ་ཞེས་བྱ་བ་ནི་གང་ཟག་གི་སྒོ་ནས་གདུལ་བྱའི་སྐྱེ་བོ་རྣམས་ལའོ། །དེ་ཡོད་པ་ཉིད་དུ་བསྟན་པས་ཞེས་བྱ་བ་ནི། གང་ཟག་ཡོད་པ་ཉིད་དུ་བསྟན་པས་སོ། །རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱིས་འཆད་པར་འགྱུར་བའི་སྒོ་ནས་སོ། །གང་
ཟག་ཡོད་པ་ཉིད་དུ་གསུངས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགའ་ཞིག་ལ་གང་ཟག་བཀག་ནས་ཕུང་པོ་ཙམ་ཞིག་བསྟན་པར་མཛད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། ཁ་ཅིག་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ཁ་
ཅིག་ལ་ནི་སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ། དེ་ལྟར་ཡང་། སེམས་དང་ཡིད་དང་རྣམ་པར་ཤེས། །དེ་དག་དོན་ཉིད་གཅིག་པ་ཉིད། །ཅེས་གསུངས་པས་སོ། །སེམས་ཙམ་པ་རྣམས་ན་རེ་སེམས་ནི་ཀུན་གཞི་རྣམ་པར་
ཤེས་པ་ཡིན་ལ། ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ལ། རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་ཚོགས་དྲུག་སྟེ། ཐ་དད་པར་འདོད་ལ་དེ་དགག་པའི་ཆེད་དུ་དོན་གཅིག་ཅེས་བརྗོད་པ་ཡིན་ནོ། །དད་པ་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ཐོས་པ་ལ་
เล่ม ๑๐๔ · หน้า 167a
སོགས་པ་བསྡུ་བར་བྱའོ། །གོང་དུ་འགྲོ་བ་ན་ཞེས་བྱ་བ་ནི་བསྟན་པ་ནའོ། །ཕྱི་མ་ལ་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་བཤད་པ་སྟེ། འཆི་འཕོས་ནས་མ་འོངས་པའི་དུས་སུ་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཀུན་གཞི་རྣམ་པར་ཤེས་
པ་ལ་སོགས་པ་གསུངས་པ་དེ་དག་དགོངས་པ་ཅན་ཉིད་དུ་གསལ་བར་བྱ་བའི་ཕྱིར། འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། གང་ཟག་དང་། ཕུང་པོ་རྣམས་སོ། །དགོངས་
པ་དངོས་བསྟན་པར་བྱ་བའི་ཕྱིར། བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པའི་སྒོ་ནས་རྣམ་པར་ཤེས་པ་ཙམ་གྱིས་ཀྱང་སྟོང་པ་གདོད་མ་ནས་སྐྱེ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །
དེ་ལའོ་ཞེས་བྱ་བ་ནི་ཆོས་ཟབ་མོ་ཁོང་དུ་ཆུད་པར་མི་འགྱུར་བ་ལས་སོ། །འབའ་ཞིག་ཉིད་ཅེས་བྱ་བ་ནི་གང་ཟག་དང་བྲལ་བའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར་རོ། །གདུལ་བྱ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་བྱ་གང་དག་ཅེས་བྱ་བ་ནི་མུ་སྟེགས་ཀྱི་
ལྟ་བ་ལ་ལྷག་པར་གོམས་པར་བྱ་བའོ། །ཆོས་ཉིད་ཟབ་མོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་བཞི་དང་བྲལ་བའོ། །འཇུག་པར་མི་ནུས་ཤིང་ཞེས་བྱ་བ་ནི་དུས་ཡུན་རིང་པོར་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པར་བྱས་པས་སྟོང་པ་ཉིད་ལ་ལྷག་པར་མོས་པར་མི་ནུས་པའོ། །དེ་ཉིད་
ཀྱི་ཕྱིར་དུས་ཡུན་རིང་པོར་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པར་བྱས་པས་ཞེས་བྱ་བ་གསུངས་སོ། །བདག་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པའི་རྣམ་པས་ཆོས་ཉིད་སྟོང་པ་ཉིད་ཐོས་པས་ཆོས་ཉིད་སྟོང་པ་ཉིད་དེ་ལ་གདོད་མ་ནས་སྐྱེ་བ་མེད་པའི་དོན་ཁོང་དུ་མ་ཆུད་པས་ཐར་པ་
ཐོབ་པའི་དུས་ན་ཐམས་ཅད་མེད་པར་འགྱུར་རོ་སྙམ་ནས་སྟོང་པ་ཉིད་ཀྱི་དོན་ཁོང་དུ་ཆུད་ནས་བདག་མེད་པར་འགྱུར་རོ་ཞེས་སྐྲག་པ་རྣམས་ལའོ། །ཐོག་མ་ཁོ་ནར་སྟོན་པའི་ཉེ་བར་བསྟན་པ་ལ། གཡང་ས་དང་འདྲ་བར་སེམས་པ་ཞེས་བྱ་བ་ནི་གང་ཟག་ཡོད་པ་ལ་སོགས་པར་བསྟན་པའི་སྒོ་ནས་
เล่ม ๑๐๔ · หน้า 167b
རུང་བ་ཉིད་མ་མཛད་པར་དབུ་མའི་དོན་བསྟན་པར་འགྱུར་ན་ཆད་པའི་ལྟ་བར་ལྟུང་བས་གཡང་ས་དང་འདྲ་བར་སེམས་པའོ། །དེ་ལ་རྒྱབ་ཀྱིས་ཕྱོགས་པ་ཞེས་བྱ་བ་ནི་ཆོས་ཟབ་མོ་ལ་ཕྱིར་ཕྱོགས་པས་སོ། །དོན་ཆེན་པོ་སྒྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ཕྱིན་ཅི་ལོག་ཏུ་མངོན་པར་
ཞེན་པ་དེ་རྣམས་དམྱལ་བ་ལ་སོགས་པར་ལྟུང་བས་དོན་ཆེན་པོ་སངས་རྒྱས་ཉིད་སྒྲུབ་པར་མི་འགྱུར་གྱི། དོན་མེད་པ་ཁོ་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དུས་ཡུན་རིང་པོ་ནས་བདག་ལ་ལྷག་པར་མངོན་པར་ཞེན་པ་རྣམས་ལ་དེ་དང་རྗེས་སུ་མཐུན་པར་བསྟན་པའི་སྒོ་ནས་བསྟན་པ་ལ་
གཞུག་པར་ནུས་པའི་ཕྱིར་རོ། །དེ་ལྟར་ཐོག་མར་སྟོང་པ་ཉིད་བསྟན་པ་ལ་དོན་མེད་པར་འབྱུང་བར་འགྱུར་བ་ཡིན་ནོ་ཞེས་བསྟན་ནས། ད་ནི་ཆེས་ཐོག་མར་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་བསྟན་ན་དོན་ཆེན་པོ་འདྲེན་པར་འགྱུར་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཆེས་ཐོག་མར་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེས་ཐོག་མར་ཞེས་བྱ་བ་ནི་སྟོང་པ་ཉིད་སྟོན་པའི་ཐོག་མར་རོ། །ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་བསྟན་པས་ནི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གང་ཟག་ལ་སོགས་པ་བསྡུ་བར་བྱའོ། །མུ་སྟེགས་ཀྱི་ལུགས་བསལ་བས་ཞེས་བྱ་བ་ནི་བདག་
ལ་མངོན་པར་ཞེན་པ་བཟློག་ནས་སོ། །དེ་དག་གི་དོན་ཆེན་པོ་འདྲེན་པར་འགྱུར་ཞིང་ཞེས་བྱ་བ་ནི་གཟུང་བའི་དོན་ལ་མངོན་པར་ཞེན་པ་ལ་སོགས་པ་བཟློག་པས་ཆོས་བསྟན་པ་དེ་འབྲས་བུ་སངས་རྒྱས་ཀྱི་རྒྱུར་འགྱུར་བས་སོ། །འདི་ལྟར་མུ་སྟེགས་པས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་
འགྲོ་བ་དང་བཅིངས་པ་གྲོལ་བའི་རྟེན་དུ་གྱུར་པའི་བདག་རྟག་པ་ཁས་ལེན་པར་བྱེད་ལ། དེ་དང་རྗེས་སུ་མཐུན་པའི་ཀུན་གཞི་རྣམ་པར་ཤེས་པ་གསུངས་པ་ལ་གང་གི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་དེ་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་དང་བཅིངས་པ་གྲོལ་བའི་རྟེན་དུ་གྱུར་པ་
ཡིན་ཏེ། འདི་ལྟར་ཅི་སྲིད་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་ཉོན་མོངས་པའི་བག་ཆགས་འཇུག་པ་དེ་སྲིད་དུ་བཅིངས་པ་ཡིན་ལ། གང་གི་ཚེ་ལམ་བསྒོམས་པས་ཉོན་མོངས་པའི་བག་ཆགས་ལོག་པ་དེའི་ཚེ་རྟེན་ཡོངས་སུ་གྱུར་པས་གྲོལ་བ་ཉིད་དོ། །འོན་ཀྱང་ཁྱད་པར་ནི་བདག་ནི་རྟག་པ་ཡིན་ལ། ཀུན་
เล่ม ๑๐๔ · หน้า 168a
གཞི་རྣམ་པར་ཤེས་པ་ནི་མི་རྟག་པ་ཡིན་ནོ། །དེ་ལྟར་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་གསུངས་པས་བདག་ལ་མངོན་པར་ཞེན་པ་ལྡོག་པར་འགྱུར་བ་དང་། ཀུན་གཞི་རྣམ་པར་ཤེས་པ་གསུངས་པས་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ཕྱི་རོལ་གྱི་དོན་ལ་མངོན་
པར་ཞེན་པ་ཡང་ལྡོག་པ་ཡིན་ནོ། །དེས་ན་ཀུན་གཞི་རྣམ་པར་ཤེས་པ་བསྟན་པས་དོན་ཆེན་པོ་འདྲེན་པར་འགྱུར་བ་ཡིན་ནོ། །ཕྱི་ནས་ཞེས་བྱ་བ་འདིས་ནི་ཀུན་གཞི་རྣམ་པར་ཤེས་པ་གསུངས་པའི་ཕྱིར་རོ། །གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པ་རིག་པ་རྣམས་ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་
བྱ་བ་ལ་སོགས་པས་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་དོན་ཡང་སྟོང་པ་ཉིད་ཁོང་དུ་ཆུད་པས་སོ། །དེ་དག་སྤོང་བར་འགྱུར་བས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱང་འདོར་བར་འགྱུར་བས་སོ། །ཡོན་ཏན་ཁོ་ན་འབྱུང་གི་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་
ཤེས་པ་གསུངས་པས་བསྟན་པ་ལ་འཇུག་པའི་མཚན་ཉིད་ཅན་གྱི་ཡོན་ཏན་ཁོ་ན་འབྱུང་བས་སྐྱོན་མེད་དོ། །ཇི་སྐད་དུ་འཕགས་པའི་ལྷས་ཞེས་བྱ་བ་ནི་བཞི་བརྒྱ་པ་ལས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་ཕན་པ་སྟོན་པ་ན་ཡང་གཞན་གྱི་བསམ་པ་སུན་མ་ཕྱུང་བར་དང་བ་འཕེལ་བར་བྱེད་
པའི་གཞན་གྱི་བསམ་པའི་རྗེས་སུ་འཇུག་པ་དེ་ནི་བསྟན་པར་བྱ་བ་ཡིན་ཏེ། འདི་ལྟར་སེར་སྣ་ཅན་ལ་སྦྱིན་པ་གཏོང་བའི་གཏམ་དང་། ཚུལ་ཁྲིམས་འཆལ་པ་ལ་ཚུལ་ཁྲིམས་ཀྱི་གཏམ་དང་། ཁྲོ་བ་དང་ལྡན་པ་ལ་བཟོད་པའི་གཏམ་གྱིས་དགའ་བར་མི་འགྱུར་གྱི། འོན་ཀྱང་ལོངས་སྤྱོད་འདོད་པ་
ལ་སྦྱིན་པའི་གཏམ་དང་། མཐོ་རིས་འདོད་པ་ལ་ཚུལ་ཁྲིམས་ཀྱི་གཏམ་དང་། གཟུགས་བཟང་བར་འདོད་པ་ལ་བཟོད་པའི་གཏམ་གྱིས་དགའ་བར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པའི་གཏམ་དང་པོར་བསྟན་ནས། ཕྱིས་སྣོད་དུ་གྱུར་པར་ཁོང་དུ་ཆུད་པར་བྱ་སྟེ། ཟབ་མོའི་གཏམ་བརྗོད་པར་
བྱ་དགོས་སོ། །དང་པོ་ཉིད་དུ་མི་མཐུན་པའི་གཏམ་གྱིས་སུན་ཕྱུང་ནས་དེ་ལས་ཕྱིར་ལོག་ཅིང་ཕན་པ་བསྟན་པའི་དོན་དུ་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཞི་བརྒྱ་པ་ལས། དང་པོ་བསོད་ནམས་མིན་ལས་བཟློག །བར་དུ་བདག་ལས་བཟློག་པ་དང་། །ཕྱིས་ནི་ཐམས་ཅད་ལས་བཟློག་པ། །གང་གིས་
เล่ม ๑๐๔ · หน้า 168b
དེ་ཤེས་བློ་ལྡན་ཡིན། །དམན་པ་རྣམས་ལ་སྦྱིན་པ་བརྗོད། །བར་མ་ལ་ནི་ཚུལ་ཁྲིམས་བརྗོད། །མཆོག་ཏུ་གྱུར་ལ་ཞི་བ་བརྗོད། །དེ་གསུངས་རྟག་ཏུ་མཆོག་ཏུ་འགྱུར། །ཞེས་གསུངས་པ་དང་། གཞན་ཡང་། བསོད་ནམས་འདོད་པས་སྟོང་པ་ཉིད། །རྣམ་པ་ཀུན་དུ་བརྗོད་མི་བྱ། །གང་ཕྱིར་
གནས་མིན་པ་ལ་སྨན། །བྱིན་ན་དུག་ཏུ་འགྱུར་བ་ཡིན། །ཞེས་གསུངས་སོ། །གདུལ་བྱ་རྣམས་གཞུག་པའི་དོན་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཡོད་པ་ཉིད་དུ་གསུངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དངོས་པོ་ཐམས་ཅད་ཡོད་པ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་
བསྟན་པར་བྱ་བའི་ཕྱིར། གཞུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་བསྟན་པ་ལ་གཞུག་པའི་ཆེད་དུའོ། །འཇིག་ཚོགས་ལ་ལྟ་བ་དང་བྲལ་ཡང་ཞེས་བྱ་བ་ནི་བདག་དང་བདག་གིར་ལྟ་བ་དང་བྲལ་དུ་ཟིན་ཀྱང་། ང་དང་
ངའི་བསྟན་པ་ལྟར་ཞེས་བྱ་བ་ནི་དེའི་ཚེ་དེའི་དུས་ན་ཆེ་གེ་མོ་ཞིག་ཏུ་འགྱུར་རོ་ཞེས་བྱ་བ་དང་། ང་མྱ་ངན་ལས་འདས་པའི་འོག་ཏུ་ངའི་བསྟན་པ་དུས་འདི་སྲིད་གཅིག་ཏུ་གནས་སོ་ཞེས་བྱ་བ་ལ་སོགས་པ་བདག་དང་བདག་གིར་ལྟ་བའི་སྒོ་ནས་ཆོས་ཅི་ལྟར་བསྟན་པ་དེ་བཞིན་དུ་རང་བཞིན་མེད་པའི་དངོས་པོ་
རྣམས་ཡོད་ཅེས་བསྟན་པར་མཛད་པ་ནི་དྲང་བའི་དོན་དུ་སྟེ། དངོས་པོ་ལ་བདེན་པར་ཞེན་པའི་འཇིག་རྟེན་པ་རྣམས་དབུ་མ་ལ་འཇུག་པར་བྱ་བའི་དོན་དུའོ། །དེ་ཉིད་ཀྱི་ཕྱིར་བཞི་བརྒྱ་པ་ལས། དེ་ཉིད་ཚོལ་བ་རྣམས་ལ་ནི། །ཐོག་མར་ཐམས་ཅད་ཡོད་ཅེས་བསྟན། །ཕྱི་ནས་དོན་རྣམས་རྟོགས་
པ་ལ། །སོམ་ཉི་མེད་ལ་དབེན་པ་ཉིད། །ཅེས་གསུངས་སོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐའ་དག་ཅེས་བྱ་བ་ནི་བག་ཆགས་དང་བཅས་པའོ། །ང་དང་ངའི་སྒོ་ནས་གསུངས་པ་ཅིའི་ཕྱིར་ཞེ་ན། ང་དང་ངའི་ཞེས་
བསྙད་པ་འཇིག་རྟེན་གྱི་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྔོན་གྱི་སྐྱེས་རབས་ལ་སོགས་པའི་གཏམ་ཁོང་དུ་ཆུད་པའི་ཐབས་ཡིན་ནོ། །དེ་ཡོད་པ་ཉིད་ཉེ་བར་བསྟན་པ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཡོད་པ་ཉིད་ཉེ་བར་བསྟན་པའོ། །འཇིག་རྟེན་གྱིས་ཁོང་དུ་ཆུད་པའི་ཐབས་
เล่ม ๑๐๔ · หน้า 169a
ཡིན་པའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱིས་སྟོང་པ་ཉིད་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར་ཏེ། འདི་ལྟར་ཕུང་པོ་དང་ཁམས་ལ་སོགས་པ་བསྟན་ནས་བདག་ཏུ་འཛིན་པ་ལྡོག་པ་ཡིན་ཏེ། ཕུང་པོ་རྣམས་ཁོ་ན་ཡོད་པ་ཡིན་གྱི། འདིར་བདག་ནི་འགའ་ཞིག་ཀྱང་ཡོད་
པ་མ་ཡིན་ནོ་སྙམ་དུ་བདག་ཏུ་འཛིན་པ་ལྡོག་པ་ཡིན་ནོ། །གང་གི་ཚེ་བདག་ཏུ་འཛིན་པ་ལོག་པ་དེའི་ཚེ་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་བཟློག་པའི་དོན་དུ་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཙམ་དུ་བཀའ་
སྩལ་ཏོ། །གང་གི་ཚེ་ཕྱི་རོལ་གྱི་དོན་ལ་ཞེན་པ་ལོག་པ་དེའི་ཚེ་རྣམ་པར་ཤེས་པ་ཙམ་ཡོད་པའི་མངོན་པར་ཞེན་པ་སྤང་བའི་ཆེད་དུ། གང་ཞིག་རྐྱེན་གྱིས་སྐྱེ་འགྱུར་བ། །དེ་ནི་སྐྱེ་བ་མ་ཡིན་ཏེ། །དེ་ལ་རང་བཞིན་གྱིས་སྐྱེ་བ། །ཡོད་པ་ཉིད་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་དབུ་མའི་ལམ་
གསུངས་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་གྱིས་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར་ཐམས་ཅད་ཡོད་པ་ཉིད་དུ་བཀའ་སྩལ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ལས་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འཇིག་རྟེན་རྣམ་
པར་འདྲེན་པ་རྣམས་ཏེ། འཇིག་རྟེན་ལ་ལམ་སྟོན་པར་བྱེད་པ་པོ་རྣམས་གལ་ཏེ་འཇིག་རྟེན་དང་མཐུན་པར་མ་ཞུགས་ན་སུས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཤེས་པར་མི་འགྱུར་ཞིང་དེས་གསུངས་པའི་ཆོས་ཀྱང་ཤེས་པར་མི་འགྱུར་ལ། འཇིག་རྟེན་དང་མཐུན་པར་མ་ཞུགས་ན་གདུལ་བྱ་
རྣམས་ཀྱི་བསམ་པ་དང་མི་མཐུན་པའི་ཕྱིར་ཆོས་ཉན་པར་མི་འགྱུར་ཞིང་། སངས་རྒྱས་དང་ཆོས་དག་ཤེས་པར་མི་འགྱུར་བས་སོ། །ད་ནི་འཇིག་རྟེན་དང་མཐུན་པར་འཇུག་པ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཕུང་པོ་དག་དང་ཁམས་རྣམས་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་
པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་རང་བཞིན་གཅིག་པ་ཉིད་དེ། ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་ཁྱད་པར་གྱི་རང་བཞིན་ཅན་འདོད་པ་དང་། གཟུགས་དང་གཟུགས་མེད་པ་རྣམས་སྟོན་པར་མཛད་པ་གང་ཡིན་པ་ནི་
เล่ม ๑๐๔ · หน้า 169b
འཇིག་རྟེན་དང་རྗེས་སུ་མཐུན་པར་འཇུག་པ་ཡིན་ནོ། །མིང་མེད་པའི་ཆོས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་དང་བརྗོད་པའི་སྤྱོད་ཡུལ་མ་ཡིན་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ཆོས་རྣམས་ཐམས་ཅད་བརྗོད་དུ་མེད་པ་ཡིན་ལ།
བརྗོད་དུ་མེད་པའི་ཆོས་རྣམས་བསམ་དུ་མེད་པའི་མིང་གི་ཚོགས་ཀྱི་སྒོ་ནས་སེམས་ཅན་རྣམས་ལ་གང་ཡོངས་སུ་བརྗོད་པ་འདི་ནི་འཇིག་རྟེན་པ་དང་རྗེས་སུ་མཐུན་པར་འཇུག་པའོ། །དངོས་མེད་ཉེ་བར་སྟོན་མཛད་ཅིང་། །ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་སྟོང་པ་ཉིད་ལ་ཞུགས་པའི་
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དངོས་པོ་རྣམས་མེད་པ་སྟེ། དངོས་པོ་རྣམས་སྐད་ཅིག་མ་གཉིས་པར་མི་སྡོད་པའི་མཚན་ཉིད་ཅན་མི་རྟག་པ་ཉིད་ཉེ་བར་སྟོན་པར་མཛད་ཅིང་སྐད་ཅིག་མ་གཉིས་པར་མི་སྡོད་པའི་དངོས་པོ་རྣམས་མེད་པ་དེ་འགའ་ཡང་འདིར་ཡོད་པ་མ་ཡིན་ཏེ། དངོས་
པོ་ཉིད་མ་གྲུབ་པའི་ཕྱིར་རོ། །གང་མི་རྟག་པ་ཉིད་བསྟན་པ་དེ་ནི་འཇིག་རྟེན་དང་རྗེས་སུ་བསྟུན་པ་ཡིན་ནོ། །འགོག་པ་དེ་ནི་དམ་པའི་དོན། །ཞེས་བྱ་བ་ནི་འགོག་པ་དེ་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་ཡིན་ལ། དམ་པའི་དོན་དེ་མཆོག་ཏུ་གྱུར་པ་དང་། །དེ་ལ་དོན་ཞེས་ཀྱང་ནི་
གསུངས། ཞེས་བྱ་བ་ནི་འགོག་པ་དེ་ཡང་མྱ་ངན་ལས་འདས་པའི་དོན་དུ་གཉེར་བ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་པས་དོན་ཞེས་ཀྱང་བྱའོ། །དོན་དང་དོན་མིན་མི་གཟིགས་ལ། །ཞེས་བྱ་བ་ནི་འགོག་པ་དེ་ཡང་དོན་དམ་མ་ཡིན་པ་དག་ཏུ་མི་གཟིགས་པ་སྟེ། དེ་དག་བརྟགས་པ་ཡིན་
པའི་ཕྱིར་རོ། །དེ་ལྟར་ཡིན་ཡང་འགོག་པ་གསུངས་པ་ནི་འཇིག་རྟེན་དང་མཐུན་པར་འཇུག་པ་ཡིན་ནོ། །ཞིག་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་རྣམས་སྐྱེ་བ་ཡང་མ་ཡིན་ཞིང་འཇིག་པ་ཡང་མ་ཡིན་ཏེ། རབ་རིབ་ཅན་ལ་སྐྲ་ཤད་ལ་སོགས་པ་སྣང་བ་བཞིན་དུ་གདོད་མ་ནས་སྐྱེ་བ་མེད་པའི་
ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཆོས་ཀྱི་དབྱིངས་དང་མཉམ་གྱུར་ཀྱང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡིན་དུ་ཟིན་ཀྱང་མེས་བསྐལ་པའི་མཐར་བསྲེག་པར་སྟོན་པར་མཛད་པ་འདི་ནི་འཇིག་རྟེན་དང་མཐུན་པར་འཇུག་
เล่ม ๑๐๔ · หน้า 170a
པའོ། །དུས་གསུམ་དག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་འདས་པ་དང་། ད་ལྟ་དང་། མ་འོངས་པའི་དུས་སུ་སེམས་ཅན་རྣམས་ཀྱི་རང་བཞིན་མ་དམིགས་ཀྱང་སེམས་ཅན་གྱི་ཁམས་ཏེ་རིགས་སྟོན་པར་མཛད་པ་འདི་ནི་འཇིག་རྟེན་དང་མཐུན་པར་འཇུག་པའོ། །དེ་ལྟར་
ཀུན་གཞི་རྣམ་པར་ཤེས་པ་གསུངས་པ་དེ་དགོངས་པ་ཅན་ཡིན་ནོ་ཞེས་བསྟན་ནས། ད་ནི་སེམས་ཙམ་པའི་ལུགས་དགག་པར་བྱ་བའི་ཕྱིར་ཕྱོགས་སྔ་མ་སྟོན་པ་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུ་མ་པའི་ལུགས་ཇི་སྐད་བསྟན་པ་ཞེས་བྱ་བ་ནི་གདོད་མ་ནས་སྐྱེ་བ་མེད་པ་
གང་གི་བདག་ཉིད་ཀྱིས་ཀྱང་ཡོད་པ་མ་ཡིན་པའི་ལུགས་གང་ཡིན་པའོ། །མི་བཟོད་ཅིང་ཞེས་བྱ་བ་ནི་མི་ཚུགས་པའོ། །རང་གི་རྣམ་པར་རྟོག་པས་སྦྱོར་བའི་ལུགས་བརྗོད་པའི་སྒོ་ནས་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྣམ་པར་ཤེས་པའི་བདག་ཉིད་དུ་ཡོད་པ་ཡིན་ནོ་ཞེས་རང་གི་རྣམ་པར་
རྟོག་པས་བརྟགས་པའི་རྣམ་གཞག་གང་ཡིན་པ་དེས་བསལ་བར་བྱ་བའི་སྒོ་ནས་སོ། །དོན་དག་འཇོག་པར་བྱེད་པ་རྣམས་ཀྱིས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དོན་རྣམ་པར་ཤེས་པའི་བདག་ཉིད་དུ་འཇོག་པར་བྱེད་པས་སོ། །ཇི་སྐད་དུ་བཤད་པའི་ལུགས་གསལ་བར་བྱ་བའི་ཕྱིར་
སྨྲས་པ་ཞེས་བྱ་བ་ནི། མངོན་དུ་ཕྱོགས་པས་མཉམ་གཞག་སེམས་གནས་ཏེ། །རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང་། །འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་བྱ་བའི་སྔར་རྣམ་པར་གཞག་པ་གང་ཡིན་པ་དེ་བསལ་
བར་བྱ་བའི་ཕྱིར། གཟུང་བ་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྲིད་གསུམ་སྟེ། ཁམས་གསུམ་པ་རྣམ་ཤེས་ཙམ་དུ་སྟེ་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ་ཞེས་སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའ་
ཅི་ལྟ་བུས་ཤེ་ན། ཤེས་རབ་ལ་གནས་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་གནས་པས་སོ། །ཡང་ཇི་ལྟ་བུ་ཞེ་ན། རྣམ་ཤེས་ཙམ་དུ་དེ་ཉིད་རྟོགས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། གཞན་གྱི་དབང་གིས་སེམས་ལ་གཟུང་བ་དང་འཛིན་པར་བརྟགས་
เล่ม ๑๐๔ · หน้า 170b
པས་སྟོང་པའི་རང་བཞིན་ཅན་དུ་རྟོགས་པ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་ཙམ་དུ་རྟོགས་པ་གང་ཡིན་པའོ་ཞེས་པའི་ཐ་ཚིག་གོ། །དེ་ཡང་ཅི་ལྟར་རྟོགས་ཤེ་ན། །གཟུང་བ་མེད་པར་འཛིན་པ་མ་མཐོང་ཞིང་། །ཞེས་བྱ་བ་གསུངས་ཏེ། གཟུང་
བར་བྱ་བའི་དོན་མེད་པས་ཤེས་པ་གང་འཛིན་པར་བྱེད་པ་ཉིད་དོན་ཐ་དད་པར་རྟོགས་པའི་མཚན་ཉིད་ཅན་མ་མཐོང་ཞིང་རང་གསལ་བ་ཙམ་དུ་ཁོང་དུ་ཆུད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་དོན་ནི་སེམས་ཙམ་པ་རྣམས་ན་རེ་ཤེས་པ་ལ་སྐུར་པ་གདབ་པར་མི་ནུས་ཏེ། ཤེས་པ་མེད་ན་སྣང་
བ་ཡང་མི་འགྲུབ་པས་སོ། །དེས་ན་ཤེས་པའི་བདག་ཉིད་ཅན་དུ་གྱུར་པའི་སྣང་བ་ཉིད་ཀྱི་སྒོ་ནས་ཤེས་པ་ཉིད་གྲུབ་པ་ཡིན་ནོ་ཞེས་པའོ། །གནོད་བྱེད་ཀྱང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གནོད་པར་བྱ་བའི་ཤེས་པ་དེ་ལ་ཤེས་པ་དེ་ཉིད་ཀྱིས་གནོད་དམ། གཞན་གྱིས་གནོད། དེ་ལ་ཕྱོགས་
དང་པོ་ལྟར་ནི་མི་རིགས་ཏེ། ཟླ་བ་གཉིས་སྣང་གི་ཤེས་པ་དེ་ཉིད་ཀྱིས་བདག་ཉིད་ལ་གནོད་པར་མི་ནུས་ཏེ་ཉམས་སུ་མྱོང་བའི་ཕྱིར་རོ། །ཤེས་པ་གཞན་གྱིས་ཀྱང་མི་གནོད་དེ་ཉམས་སུ་མྱོང་བས་འགགས་པ་ལ་གནོད་པར་མི་རུང་སྟེ་བུམ་པའི་ཤེས་པ་འགགས་པ་ལ་སྣམ་བུའི་ཤེས་པས་གནོད་པར་
མི་འགྱུར་ཏེ། རང་གི་དུས་སུ་ཉམས་སུ་མྱོང་བའི་ཕྱིར་དང་། སྣམ་བུའི་ཤེས་པའི་དུས་ན་དེ་མ་གྲུབ་པའི་ཕྱིར་རོ། །དེས་ན་སྒྲུབ་བྱེད་ཡོད་པའི་ཕྱིར་དང་གནོད་བྱེད་མེད་པའི་ཕྱིར་ཤེས་པ་ཉིད་ཡོད་པ་ཉིད་ཡིན་གྱི། འོན་ཀྱང་དེ་ལ་བྱིས་པ་རྣམས་ཀྱིས་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱི་སྟོབས་
ཀྱིས་གཟུང་བ་དང་འཛིན་པར་བརྟགས་པ་དེ་མེད་པར་ཡོངས་སུ་ཤེས་པས་བྱང་ཆུབ་སེམས་དཔའི་ས་དྲུག་པར་བྱང་ཆུབ་སེམས་དཔའ་དངོས་པོའི་ངོ་བོ་ཉིད་སེམས་ཙམ་དུ་མངོན་དུ་བྱེད་པ་ཡིན་ནོ་ཞེས་པའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གནས་ཞེས་བྱ་བའི་སྒྲ་འདི་ནི་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ་གོ་སླའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་དེ། གཟུང་བ་དང་འཛིན་པ་དང་བྲལ་བའོ། །རྣམ་པར་ཤེས་པ་ཙམ་དུ་ཞེས་བྱ་བ་ནི་སྟོང་པ་དེ་ཡང་རྣམ་པར་ཤེས་པ་ཙམ་ལ་རྟོགས་པའོ། །རྣམ་པར་ཤེས་པ་ཙམ་དུ་རྟོགས་པའི་རྒྱུ་མཚན་བསྟན་པའི་སྒོ་ནས་གང་གི་དོན་དུ་སྟོན་པ་
เล่ม ๑๐๔ · หน้า 171a
ནི། གཟུགས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཙམ་ཞེས་བྱ་བ་ནི་གཞན་གྱི་དབང་ངོ་། །རྒྱུ་མཚན་ཉིད་རྩ་བའི་ཚིག་བཤད་པའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། ཡང་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །འཆད་པར་འགྱུར་བའི་རིགས་པས་ཞེས་བྱ་བ་ནི་ཅི་ལྟར་རླུང་གིས་ཞེས་བྱ་བ་ལ་སོགས་པའོ། །རིམ་པ་འདིས་ཞེས་བྱ་བ་ནི་གཟུང་བ་མེད་པར་འཛིན་པ་མ་མཐོང་ཞིང་ཞེས་སྔར་བསྟན་པའི་ཚུལ་གྱིས་སོ། །ད་ནི་གཟུང་བ་མེད་པའི་ཚུལ་གྱིས་ཤེས་པ་ཙམ་སྐྱེ་བ་བསྒྲུབ་པའི་ཕྱིར་ཕྱོགས་
སྔ་མ་འགོད་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་རླུང་གིས་བསྐུལ་བས་ཞེས་བྱ་བ་ནི་ཆུའི་ཡན་ལག་རླུང་གིས་བསྐྱོད་པ་ལས་སོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་
ལས་རྣམ་པར་ཤེས་པ་ཙམ་སྟེ་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་འབྱུང་བར་འགྱུར་བའོ། །ཀུན་གཞི་རྣམ་པར་ཤེས་པ་ཅི་ལྟ་བུ་ལས་ཤེ་ན། ཀུན་གྱི་ས་བོན་ཞེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའོ། །རང་གི་ནུས་པ་ཞེས་བྱ་བ་ནི་ཀུན་གཞི་
རྣམ་པར་ཤེས་པའི་རང་གི་ནུས་པས་སོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་རྙེད་ནས་ས་བོན་ཡོངས་སུ་གཟུང་བའི་སྒོ་ནས་སྐྱེ་བའི་རྒྱུར་གྱུར་པ་ཡིན་པའོ། །འདིའི་དོན་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་འདོད་
ཆགས་ལ་སོགས་པ་དང་ལྷན་ཅིག་ཏུ་སྐྱེ་བ་དང་འགག་པ་ཡང་དང་ཡང་དུ་ཉམས་སུ་མྱོང་བར་བྱས་ནས་ས་བོན་ཡོངས་སུ་གཟུང་བའི་སྒོ་ནས་སྐྱེ་བར་འགྱུར་བ་དེ་རྣམས་ཀྱི་སྐྱེ་བའི་རྒྱུར་གྱུར་པའོ། །དེ་ཡང་ས་བོན་ཡོངས་སུ་གཟུང་བའི་སྒོ་ནས་ཡིན་ཏེ། དེ་ལ་ས་བོན་ཡོངས་སུ་གཟུང་བ་ནི་
གང་སྐྱེ་བ་དང་ལྷན་ཅིག་ཏུ་སྐྱེ་བ་དང་འགག་པ་ཉམས་སུ་མྱོང་བའོ། །དེ་ལྟ་བུར་གྱུར་པ་ལ་བག་ཆགས་ཞེས་བྱ་བའི་ས་བོན་ཡོངས་སུ་གཟུང་བ་ཉིད་འཐད་པ་ཡིན་ནོ། །དེ་དང་ལྡན་པའི་སྒོ་ནས་དེ་དེ་རྣམས་ཀྱི་རྒྱུར་གྱུར་པ་ཡིན་གྱི་གཙོ་བོ་ལ་སོགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ་བཤད་པའི་ས་
เล่ม ๑๐๔ · หน้า 171b
བོན་ཡོངས་སུ་འཛིན་པ་མི་རིགས་པས་སོ། །དེ་རྣམས་རྟག་པའི་ཕྱིར་ལྷན་ཅིག་ཏུ་འབྱུང་བ་རྣམས་དང་སྐྱེ་བ་འགག་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་ཀུན་གཞི་རྣམ་པར་ཤེས་པ་དེ་ལྟར་ཡོད་པར་ཅིས་གྲུབ་ཅེ་ན། དེ་ལ་ལན་བརྗོད་པར་བྱ་སྟེ། གལ་ཏེ་ཀུན་གཞི་རྣམ་པར་
ཤེས་པ་ཡོད་པར་མ་གྱུར་ན་གཉིད་སྟུག་པོ་ལོག་པའི་སད་པའི་རྣམ་པར་ཤེས་པ་གང་ལས་སྐྱེ་བར་འགྱུར། གཉིད་སྟུག་པོ་ལོག་པའི་གནས་སྐབས་ན་འཇུག་པའི་རྣམ་པར་ཤེས་པ་ཚོགས་དྲུག་དང་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ། །དེས་ན་ཀུན་
གཞིའི་རྣམ་པར་ཤེས་པ་ཡོད་པ་ཡིན་ཏེ། གང་ལས་སད་པའི་དུས་རྣམ་པར་ཤེས་པ་སྐྱེ་བའོ། །དེ་བཞིན་དུ་གནད་དུ་དྲག་པོ་བསྣུན་པ་དང་། བརྒྱལ་བ་ལས་ལངས་པའི་དུས་དང་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པའི་ཚེ་གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མི་འདོད་ན་རྣམ་པར་
ཤེས་པ་གང་ལས་སྐྱེ་བར་འགྱུར། དེས་ན་གང་ལས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའི་ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་དོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་རྒྱ་མཚོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྒྱ་མཚོ་ལས་རྦ་རླབས་ཏེ་ཆུ་རླབས་
ཡོངས་སུ་རྒྱུག་པ་སྟེ། ཕན་ཚུན་འགྲོ་བར་རྟོགས་པ་སྟེ་ངེས་པའོ། །རྦ་རླབས་ཅི་ལྟ་བུ་ཞེ་ན། གཉིད་ལོག་པ་ལྟ་བུའི་ཞེས་བྱ་བ་གསུངས་ཏེ། རླུང་མེད་པའི་དུས་ན་གཡོ་བ་མེད་པའི་ཕྱིར་གཉིད་ལོག་པ་ལྟ་བུའོ། །ཁྱད་པར་གཞན་ཅི་ལྟ་བུ་ཞེ་ན། འགྲན་པའི་སྒོ་ནས་བདག་གི་
ལུས་རྙེད་པ་ལྟར་ཞེས་གསུངས་ཏེ། འདིས་ལང་བཞིན་དུ་ཁོ་བོ་ཅིའི་ཕྱིར་མི་ལང་སྙམ་དུ་འགྲན་པ་ལྟ་བུའི་སྒོ་ནས་བདག་གི་ལུས་རྙེད་པ་ལྟར་རོ། །ཅིའི་ཕྱིར་རྙེད་ཅེ་ན། རླུང་ཙམ་གྱི་རྐྱེན་ཉེ་བར་ལྷགས་པས་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ལྷན་ཅིག་བྱེད་པའི་རྐྱེན་རླུང་དང་ཕྲད་པས་སོ། །
དེ་ཉིད་ཀྱི་ཕྱིར་ཆུའི་ཡན་ལག་རླུང་གིས་བསྐྱོད་པ་ལས་ཞེས་བྱ་བས་རྒྱ་མཚོ་ལས་ཁྱད་པར་དུ་བྱས་སོ། །འདིར་ཀུན་གཞི་རྣམ་པར་ཤེས་པ་ནི་རྒྱ་མཚོ་ལྟ་བུ་ཡིན་ལ། གཉིད་ལོག་པ་ལྟ་བུ་ནི་བག་ཆགས་ཡིན་ཞིང་། ཡོངས་སུ་སྨིན་པའི་རྐྱེན་ནི་རླུང་གིས་བསྐྱོད་པ་ལྟ་བུ་ཡིན་ལ། འབྲས་བུར་
เล่ม ๑๐๔ · หน้า 172a
གྱུར་པའི་ཤེས་པ་ནི་ཆུ་རླབས་ལྟ་བུ་ཡིན་ནོ། །དེ་ལྟར་དཔེ་བསྟན་ནས་དོན་དང་སྦྱར་བའི་ཕྱིར། འདིར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེ་བའི་དུས་ན་ཡང་ངོ་། །རྣམ་པར་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཞེས་
བྱ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་ཤེས་པ་བརྒྱུད་པའོ། །ཐོག་མ་མེད་པའི་དུས་ནས་ཞུགས་པ་ཞེས་བྱ་བ་ནི་འཁོར་བ་ཐོག་མ་མེད་པའི་ཕྱིར་རོ། །དེ་ཡང་ཅི་ལྟ་བུ་ཞེ་ན། གཟུང་བ་དང་འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཤེས་པར་བྱ་བ་འདི་ནི་ཤེས་པ་ཡིན་ནོ་ཞེས་བྱ་
བའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ལ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་ཞེས་བྱ་ལ། དེའི་བག་ཆགས་ནི་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་དང་རྗེས་སུ་མཐུན་པའི་ཤེས་པ་སྐྱེ་བའི་ནུས་པའི་ཁྱར་པར་རོ། །དེ་ཡོངས་སུ་སྨིན་པ་ནི་དེ་མ་ཐག་ཏུ་འབྲས་བུ་བསྐྱེད་པ་གང་ཡིན་
པའོ། །དེ་ལས་བདག་ཉིད་ཀྱི་དངོས་པོ་ཡོད་པ་ཐོབ་པ་གང་ཡིན་པའོ། །འགག་བཞིན་པས་ཞེས་བྱ་བ་ནི་ད་ལྟར་བའོ། །རྣམ་པ་དེ་ལྟ་བུའི་རྣམ་པར་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་གང་ཀུན་གཞི་རྣམ་པར་ཤེས་པ་ལ་སྔོན་པོ་ལ་སོགས་པའི་ཤེས་པ་བསྐྱེད་པའི་ནུས་པ་གང་གཞག་
པ་དེ་ལས་སོ། །དེ་ཡང་ཅི་ལྟ་བུ་ཞེ་ན། རང་གི་རྣམ་པར་ཤེས་པ་དང་རྗེས་སུ་འབྲེལ་པའི་ཞེས་བྱ་བ་གསུངས་ཏེ། སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རང་གི་རྣམ་པ་སྟེ། སྔོན་པོ་ལ་སོགས་པ་དང་གཟུང་བ་དང་འཛིན་པའི་རྣམ་པའོ། །དེ་དང་རྗེས་སུ་འབྲེལ་པ་
ནི་སྔོན་པོ་ལ་སོགས་པ་དང་གཟུང་བ་དང་འཛིན་པ་དང་ལྡན་པའི་ཤེས་པ་གཞན་སྐྱེ་བ་གང་ཡིན་པའོ། །དེའི་རྒྱུར་གྱུར་པའི་ཁྱད་པར་རོ། །དེ་ལས་ཞེས་བྱ་བ་ནི་བག་ཆགས་ཀྱིས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་སོ། །རིམ་གྱིས་ཞེས་བྱ་བ་ནི་ཡོངས་སུ་སྨིན་པའི་རྐྱེན་ལ་རག་ལུས་པའི་
ཕྱིར་རོ། །ཡོངས་སུ་སྨིན་པའི་རྐྱེན་ལྷགས་པའི་ཞེས་བྱ་བ་ནི་ཡོངས་སུ་སྨིན་པའི་རྐྱེན་ལྷན་ཅིག་བྱེད་པ་ཡོད་ནའོ། །དཔེར་ན་སྒོའི་རྣམ་པར་ཤེས་པ་ཡོད་ན་ནང་རོལ་གྱི་ཤེས་པ་ཡོངས་སུ་སྨིན་པའི་རྐྱེན་ཡིན་པ་དང་། དུ་བའི་ཤེས་པ་མེར་ཤེས་པའི་ཡོངས་སུ་སྨིན་པའི་རྐྱེན་ཡིན་པ་ལ་སོགས་པའོ། །
เล่ม ๑๐๔ · หน้า 172b
གང་ཡོངས་སུ་མ་དག་པ་གཞན་གྱི་དབང་ཙམ་ཞིག་ཉེ་བར་སྐྱེ་བ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་རྒྱུ་ཉིད་ཀྱིས་ཡོངས་སུ་མ་དག་པ་ཡིན་ལ། ཕྱི་རོལ་གྱི་དོན་གྱིས་སྟོང་པའི་ཕྱིར་གཞན་དབང་ཙམ་ཅིག་ཉེ་བར་སྐྱེ་བ་དེ་ཉིད་ལ་བྱིས་པ་རྣམས་གཟུང་བ་དང་འཛིན་པར་ཀུན་དུ་
རྟོག་པར་བྱེད་ཀྱི། རྣམ་པར་ཤེས་པ་ལས་ཐ་དད་དུ་གྱུར་པའི་གཟུང་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དཔེར་ན་དབང་ཕྱུག་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རང་བཞིན་ལ་སོགས་པར་བསྡུ་བར་བྱའོ། །འདི་ལྟ་སྟེ་དབང་ཕྱུག་ལ་སོགས་པ་
རྒྱུར་སྨྲ་བ་རྣམས་ན་རེ་འབྲས་བུ་གང་ཡིན་པ་དེ་ནི་བློ་དང་ལྡན་པའི་བྱེད་པ་པོ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན། ཤིང་དང་རི་ལ་སོགས་པ་འདི་དག་ཀྱང་འབྲས་བུ་ཡིན་པས་ཞེས་དབང་ཕྱུག་རྒྱུ་ཉིད་དུ་འདོད་པ་ཡིན་ནོ། །དེ་བཞིན་དུ་སེམས་ཙམ་པ་རྣམས་
ཀྱིས་(ན་‚ནི་)ཀུན་གཞི་རྣམ་པར་ཤེས་པ་རྒྱུ་ཉིད་དུ་བརྗོད་པ་ཡིན་ནོ། །དབང་ཕྱུག་ཏུ་སྨྲ་བའི་འདོད་པ་དེ་ཉིད་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བ་ནི་བརྒྱ་རྣམས་ཀྱི་རྒྱུ་ཡིན་པ་དང་། ཆུ་ཤེལ་ཆུ་རྣམས་ཀྱི་རྒྱུ་ཡིན་པ་དང་། བླག་ཤ་ཡལ་ག་
རྣམས་ཀྱི་རྒྱུ་ཡིན་པ་དེ་བཞིན་དུ་དབང་ཕྱུག་ནི་ལུས་ཅན་རྣམས་ཀྱི་རྒྱུ་ཡིན་ནོ་ཞེས་པའོ། །དབང་ཕྱུག་སྨྲ་བ་དང་ཀུན་གཞི་རྣམ་པར་ཤེས་པ་སྨྲ་བ་དག་མཚུངས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་དབང་ཕྱུག་སྨྲ་བ་བཞིན་
དུའོ། །དངོས་པོ་མཐའ་དག་གི་དམིགས་པའི་ས་བོན་གྱི་རྟེན་ཉིད་ཀྱི་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པར་དམིགས་པའི་བག་ཆགས་ཀྱི་རྟེན་ཉིད་ཀྱིས་སོ། །ས་བོན་ཐམས་ཅད་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རྒྱུར་གྱུར་པའོ། །དེ་ནི་སྨྲ་བ་པོ་གཉིས་མཚུངས་སུ་ཟིན་ཀྱང་མི་འདྲ་བའི་ཆ་བསྟན་
པར་བྱ་བའི་ཕྱིར། གང་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་སེམས་ཙམ་པའི་ལུགས་ཀྱི་རྣམ་གཞག་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སེམས་ཙམ་དུ་སྨྲ་བ་རྣམས་ཀྱི་རྣམ་གཞག་འཆད་པར་འགྱུར་བའི་ཚུལ་འདི་ཡིན་
เล่ม ๑๐๔ · หน้า 173a
པས་དེས་ན་གཞན་གྱི་དབང་ཡོད་པ་ཡིན་ནོ་ཞེས་ཁས་ལེན་དགོས་སོ་ཞེས་པའོ། །གྲག་པ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིགས་པས་གཞན་དབང་ཡོད་པར་མ་གྲུབ་པས་མི་འདོད་པ་ཉིད་དུ་སྟོན་པའོ། །གང་གི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཁས་བླང་བར་བྱ་དགོས་སོ་
ཞེ་ན། དེ་ལ་ལན་ནི་དངོས་པོ་བརྟགས་པར་ཡོད་པའི་རྒྱུར་གྱུར་ཅིང་ཞེས་བྱ་བ་གསུངས་ཏེ། ཐ་སྙད་ཙམ་དུ་ཡོད་པ་དོན་དམ་པར་ཡོད་པ་མ་ཡིན་པ་དེ་ལ་དངོས་པོ་བརྟགས་པར་ཡོད་པ་ཞེས་བྱ་ལ། སེམས་ཙམ་པ་རྣམས་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་ཚོགས་ལ་དངོས་པོ་བརྟགས་
པར་ཡོད་པ་ཞེས་བརྗོད་ལ། དེ་རྒྱུ་ནི་རྟེན་ཏེ་གཞན་གྱི་དབང་ངོ་། །སྔོན་པོར་སྣང་བའི་མཚན་ཉིད་ཅན་མེད་ན་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པའི་ཚོགས་གང་ལ་བརྟེན་པར་འགྱུར། དེས་ན་གཞན་གྱི་དབང་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་གཞན་གྱི་དབང་ཡོད་པ་ཉིད་དུ་
བསྟན་པ་ཡིན་ནོ། །ཕྱི་རོལ་གཟུང་བ་མེད་པ་འབྱུང་འགྱུར་ལ། །ཞེས་བྱ་བ་ནི་གཞན་དབང་གི་ངོ་བོ་དེ་སྔར་བསྟན་པའི་རྣམ་པས་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་མེད་པར་འབྱུང་བར་འགྱུར་བ་ཡིན་ནོ། །འདིས་ནི་གཞན་དབང་གི་ངོ་བོ་དེ་ཤེས་བྱ་མེད་ཀྱང་རང་གི་བག་ཆགས་ལས་སྐྱེ་བ་ཉིད་དུ་བསྟན་
པ་ཡིན་ནོ། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་བྱ་བ་ནི་གཞན་གྱི་དབང་དེ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་ཡུལ་གྱི་རང་བཞིན་མ་ཡིན་ཏེ། གང་གི་ཕྱིར་ཇི་སྲིད་དུ་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་གང་བརྟགས་པ་དེ་སྲིད་དུ་ནི་གཟུང་བ་དང་འཛིན་པ་དག་ཡིན་ལ། གཉིས་སུ་མེད་
པའི་རང་བཞིན་གྱི་གཞན་དབང་ལ་གཟུང་བ་དང་འཛིན་པའི་རང་བཞིན་དག་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྤྲོས་ཀུན་ཡུལ་མིན་ནོ། །འདིས་ནི་གཞན་དབང་སྤྲོས་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གཞན་གྱི་དབང་གི་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། དེ་ལ་མ་ལྟོས་པར་ཞེས་བྱ་བ་ནི་ཐག་པ་ལ་མི་ལྟོས་པར་རོ། །ཕྱི་རོལ་གྱི་དོན་མེད་ན་ཞེས་བྱ་བ་ནི་ཤེས་པ་ལས་ཐ་དད་དུ་གྱུར་པའི་སྔོན་པོ་ལ་སོགས་པའི་དོན་མེད་ནའོ། །ཅིའི་རྒྱུ་མཚན་ཅན་ཞིག་ཏུ་འགྱུར་ཞེས་བྱ་བ་ནི་གཞན་དབང་དེ་མེད་པར་གྱུར་ན་སྔོན་པོ་ལ་སོགས་པའི་རྟོག་པ་
เล่ม ๑๐๔ · หน้า 173b
དེ་ཅིའི་ཕྱིར་རྒྱུ་མཚན་དུ་འགྱུར་ཞེས་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ལ་རྣམ་པར་རྟོག་པའི་རྟེན་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ལ། རྣམ་པར་རྟོག་པ་ལོག་པའི་རྟེན་ཡིན་པའི་ཕྱིར་རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །
སྟོང་པ་ཉིད་ཀྱང་ལེགས་པར་གཟུང་བར་འགྱུར་རོ་ཞེས་བྱ་བ་ནི་སྟོང་པ་ཉིད་ནི་མི་རྟག་པ་ཉིད་བཞིན་དུ་ཆོས་ཡིན་པས་ཆོས་ལ་ཡང་ཆོས་ཅན་ཁས་ལེན་དགོས་པ་ཡིན་ལ། དེའི་ཕྱིར་སྟོང་པ་ཉིད་ཀྱི་རྟེན་གཞན་དབང་ཁས་ལེན་པར་བྱ་དགོས་ལ། དེས་ན་གཞན་དབང་ལ་ཡོད་པའི་སྟོང་པ་ཉིད་
གང་གི་ཚེ་རྟོག་པ་དེའི་ཚེ་སྟོང་པ་ཉིད་ཆོས་སུ་ལེགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་འདི་ལ་ལུང་གི་ཁུངས་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ན་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་ལ་
ཕྱིན་ཅི་མ་ལོག་པར་འཇུག་པར་གསུངས་པ་དེའི་ཕྱིར་སྟོང་པ་ཉིད་ཀྱང་ལེགས་པར་གཟུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་མེད་པ་ཞེས་བྱ་བ་ནི་གཞན་དབང་ལའོ། །གང་མེད་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རང་བཞིན་ནོ། །དེ་ནི་ཞེས་བྱ་བ་ནི་གཞན་དབང་ངོ་། །དེས་ཞེས་
བྱ་བ་ནི་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་སོ། །ཡང་དག་པར་རྗེས་སུ་མཐོང་ལ་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། །གང་ཞིག་འདི་ལྟར་ལྷག་མ་ལུས་པ་དེ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པས་སྟོང་པའི་ཤེས་པའོ། །འདིར་ཞེས་བྱ་བ་ནི་དོན་དམ་པའི་གནས་སྐབས་ནའོ། །འདི་
ནི་སྟོང་པ་ཉིད་ལ་ཕྱིན་ཅི་མ་ལོག་པར་འཇུག་པའོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཆོས་ཀྱི་ངོ་བོ་ཉིད་དུ་ཇི་ལྟར་གནས་པ་བཞིན་དུ་ཁོང་དུ་ཆུད་པས་སོ། །སྤྲོས་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་
གཞན་གྱི་དབང་གི་ངོ་བོའོ། །གང་གི་ཕྱིར་མངོན་པར་བརྗོད་པ་ནི་གཟུང་བ་དང་འཛིན་པར་བརྟགས་པའི་རྣམ་པ་བརྗོད་པ་ཡིན་ལ་གཞན་གྱི་དབང་ནི་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ཏེ་མངོན་པར་བརྗོད་པའི་ཡུལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཇི་སྲིད་མངོན་པར་བརྗོད་པ་ལ་
เล่ม ๑๐๔ · หน้า 174a
སོགས་པ་གསུངས་སོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་མདོར་བསྡུ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞེས་བྱ་བ་ནི་ཚིགས་སུ་བཅད་པར་རོ། །གལ་ཏེ་དངོས་པོར་བརྟགས་པར་ཡོད་པའི་རྒྱུར་གྱུར་པ་ཉིད་ཀྱང་དོན་བཞི་པར་
གསུངས་པས་གསུམ་ཞེས་ཇི་ལྟར་བརྗོད་ཅེ་ན། དེ་ལ་ལན་ནི་བཏགས་སུ་ཡོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོད་པ་ཉིད་ལས་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་གཞན་གྱི་དབང་ཡོད་པ་དེའི་ཕྱིར་གདགས་སུ་ཡོད་པའི་གཟུང་བ་དང་འཛིན་པ་དག་གི་རྒྱུར་གྱུར་པ་ཡིན་
ནོ་ཞེས་རྟོགས་པའི་ཕྱིར་ལོགས་སུ་མ་གསུངས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ལ་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཁྱོད་ཀྱི་ཤེས་པ་མེད་ན་སྣང་བ་མི་འགྲུབ་པའི་ཕྱིར་རང་རིག་གི་སྒོ་ནས་ཤེས་པ་གྲུབ་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་རིགས་ཏེ།
གང་གི་ཕྱིར་དོན་མེད་ན་དོན་དུ་སྣང་བ་མི་རིགས་པས་ཕྱི་རོལ་གྱི་དོན་ཡང་གྲུབ་པའི་ཕྱིར་སེམས་ཙམ་དུ་ཇི་ལྟར་གྲུབ། གལ་ཏེ་རྨི་ལམ་ན་དོན་མེད་ཀྱང་དོན་དུ་སྣང་བའི་སྒོ་ནས་དོན་འགྲུབ་པར་མི་འགྱུར་རོ་ཞེ་ན། དེ་ལ་སློབ་དཔོན་ཉིད་ཀྱིས། ཕྱི་རོལ་མེད་སེམས་དཔེར་ན་གང་དུ་ཡོད། །ཅེས་
བྱ་བ་ལ་སོགས་པས་ལན་འདེབས་པར་འགྱུར་བས་ལན་མི་བརྗོད་དོ། །དེས་ན་ཉམས་སུ་མྱོང་བས་འགྲུབ་པར་འདོད་ན་གཉིས་ཀ་ཡང་ཉམས་སུ་མྱོང་བས་ཁས་ལེན་དགོས་སོ། །གལ་ཏེ་དེ་ལྟར་མི་འདོད་ན་གཉིས་ཀ་ཡང་ཉམས་སུ་མྱོང་བས་མི་འགྲུབ་པོ། །ཁྱོད་ཀྱི་གནོད་བྱེད་མེད་པའི་
ཕྱིར། །ཞེས་གང་བརྗོད་པ་དེ་ཡང་མི་རིགས་ཏེ། གང་གི་ཕྱིར་སྔོན་པོ་ཕྱི་རོལ་གྱི་དོན་དུ་སྣང་བ་དེ་ལ་གང་གིས་གནོད། ཤེས་པ་དེ་ཉིད་ཀྱིས་སམ། འོན་ཏེ་གཞན་གྱིས་གནོད་རེ་ཞིག་སྔོན་པོ་ཤེས་པ་དེ་ཉིད་ཀྱིས་ནི་མ་ཡིན་ཏེ། ཉམས་སུ་མྱོང་བ་མ་ཡིན་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །
ཤེས་པ་གཞན་གྱིས་ཀྱང་མ་ཡིན་ཏེ། དེའི་དུས་ན་དེ་མེད་པའི་ཕྱིར་རོ། །དེས་ན་ཕྱི་རོལ་གྱི་དོན་ལ་སྒྲུབ་བྱེད་ཡོད་པ་དང་། གནོད་བྱེད་མེད་པའི་ཕྱིར་སེམས་བཞིན་དུ་ཕྱི་རོལ་གྱི་དོན་ཡང་འདོད་དགོས་སོ། །ཡང་ན་གཉིས་ཀ་ཡང་མ་ཡིན་ཏེ། འདི་ཉིད་ཅེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་
เล่ม ๑๐๔ · หน้า 174b
པས་ཀུན་གཞི་རྣམ་པར་ཤེས་པ་ལ་བསྒོས་པའི་བག་ཆགས་ཀྱི་ཁྱད་པར་ལས་དོན་དུ་སྣང་བའི་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་པའོ། །སྨྲས་པ་ཞེས་བྱ་བ་ནི་སེམས་ཙམ་པས་སོ། །རྨི་ལམ་ཇི་བཞིན་ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་ན་ཕྱི་རོལ་གྱི་དོན་མེད་ཀྱང་དོན་དུ་སྣང་བའི་ཤེས་པ་སྐྱེ་བ་དེ་བཞིན་དུ་སད་
པའི་གནས་སྐབས་ན་ཡང་ཞེས་པའི་དོན་ཏོ། །དེའི་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཁང་མིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁང་མིག་ཤིན་ཏུ་ཆུང་བའི་ནང་དུ་ཉལ་ཞིང་ཞེས་བྱ་བ་ནི་ཁང་པ་ཤིན་ཏུ་མིག་ཆུང་བའི་ནང་དུ་ཉལ་ནས་སོ། །ཅུང་ཟད་གཉིད་ཀྱིས་ལོག་པས་
ཞེས་བྱ་བ་ནི་གཉིད་སྟུག་པོ་ལོག་པའི་གནས་སྐབས་ན་རྨི་ལམ་མཐོང་བ་མི་སྲིད་པས་ཅུང་ཟད་གཉིད་ཀྱིས་ལོག་པས་ཞེས་གསུངས་སོ། །གླང་པོ་ཆེ་མྱོས་པའི་ཁྱུ་རྨིས་པ་ནི་ཅི་ཞིག་ལྟར་ཡང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཤིན་ཏུ་མི་སྲིད་པ་བསྟན་པར་བྱ་བའི་ཕྱིར། གླང་པོ་ཆེ་མྱོས་པའི་
ཁྱུ་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེས་ན་རྨི་ལམ་ན་ཕྱི་རོལ་གྱི་ཡུལ་མེད་ཀྱང་ཤེས་པ་ཡོད་པ་ཉིད་དུ་གྲུབ་པ་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་དོན་མེད་ཀྱང་ཤེས་པ་སྐྱེ་བའི་མཚན་ཉིད་ཅན་དུ་འདོད་པ་འདི་ལའོ། །སྙིང་པོ་མེད་པ་ཉིད་དུ་ཞེས་བྱ་བ་ནི་མི་རིགས་པ་ཉིད་དུའོ། །དེ་བསམ་བྱ་ཞེས་བྱ་བ་
ནི་རྨི་ལམ་ན་དོན་མེད་པའི་ཤེས་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་བསམ་པར་བྱའོ། །ཡང་དེ་ཅི་ཞིག་ཅེ་ན་ཞེས་བྱ་བ་ནི། བསམ་པར་བྱ་བ་གང་ཞིག་ཡིན། །ཞེས་བྱ་བའོ། །གང་ཚེ་ཞེས་བྱ་བ་ལ་སོགས་པ་ནི་དབུ་མ་གང་གི་ཚེ་རྨི་ལམ་ན་ཡང་སེམས་མེད་པ་དེའི་ཚེ་རྨི་ལམ་གྱི་དཔེ་དེ་མ་གྲུབ་
པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ཚེ་ཁྱོད་ཀྱི་དཔེ་ཡོད་མིན། །ཞེས་བྱ་བ་གསུངས་ཏེ། སེམས་ཙམ་པ་ཁྱོད་ཀྱི་དཔེ་དེ་མ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བ་གླང་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཡུལ་ལྟར་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་བཞིན་དུའོ། །མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་བཀག་པའི་ཕྱིར་རོ། །གཉིས་ཀ་ལས་གྲུབ་པའི་དཔེ་ཞེས་བྱ་བ་ནི་སེམས་ཙམ་པ་དང་དབུ་མ་པ་དག་ལ་གྲུབ་པའོ། །སེམས་ཙམ་
เล่ม ๑๐๔ · หน้า 175a
པའི་དོགས་པ་བསུ་བར་བྱ་བའི་ཕྱིར། ཅི་སྟེ་རྨི་ལམ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་བསམ་པ་ནི་གཉིད་སད་པའི་གནས་སྐབས་ན་རྨི་ལམ་དྲན་པ་ཡོད་ལ། དྲན་པ་དེ་ཡང་ཉམས་སུ་མྱོང་བ་མེད་ན་ཡོད་པར་མི་འགྱུར་བས་ཉམས་སུ་མྱོང་བ་དང་། ཤེས་
པ་དག་རྣམ་གྲངས་ཡིན་པའི་ཕྱིར་རྨི་ལམ་ན་རྣམ་པར་ཤེས་པ་ཡོད་པ་ཉིད་ཡིན་ནོ་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ཡང་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིད་སད་པའི་གནས་སྐབས་ན་དྲན་པའི་སྒོ་ནས་གལ་ཏེ་རྨི་ལམ་གྱི་གནས་སྐབས་ན་རྣམ་པར་ཤེས་པ་
ཡོད་པར་ཁས་ལེན་ན། ཕྱི་རོལ་ཡུལ་ཡང་དེ་བཞིན་འགྱུར། །ཞེས་བྱ་བ་གསུངས་ཏེ། ཉམས་སུ་མྱོང་བ་དྲན་པ་བཞིན་དུ་དོན་ཡང་དྲན་པའི་ཕྱིར་རྨི་ལམ་ན་ཡང་དོན་ཡོད་པ་ཉིད་ཡིན་ནོ་ཞེས་ཅིའི་ཕྱིར་ཁས་མི་ལེན། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་ཡོད་པ་མ་
ཡིན་ནོ་ཞེས་བྱ་བ་དེ་ཅིའི་ཕྱིར་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་ཉམས་སུ་མྱོང་བ་ལ་ནི་ངས་མཐོང་ངོ་སྙམ་པའི་དྲན་པ་ཡོད་པ་དེ་བཞིན་དུ་ཡུལ་ཡང་ཁས་བླང་བར་བྱ་དགོས་སོ། །ཡང་ན་རྣམ་པར་ཤེས་པ་ཡང་ཡོད་པ་མ་ཡིན་ནོ་
ཞེས་བྱ་བ་ནི་གལ་ཏེ་ཡུལ་དྲན་དུ་ཟིན་ཀྱང་ཡུལ་ཁས་མི་ལེན་ན་རྣམ་པར་ཤེས་པ་དྲན་ཡང་རྣམ་པར་ཤེས་པ་མེད་པར་ཁས་བླང་བའི་ཕྱིར་ཁོ་བོའི་ཕྱོགས་གྲུབ་པ་ཡིན་ནོ། །རྨི་ལམ་ན་དོན་མེད་པའི་སྒྲུབ་པའི་གཞན་གྱི་དོགས་པ་བསུ་བར་བྱ་བའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་གཟུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པ་རྣམས་གཟུང་བར་བྱ་བའི་དོན་དུའོ། །དེ་ནི་ཡོད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་པའོ། །དེ་མེད་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། གཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། གཉིད་ལོག་པས་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཚོགས་ལྔ་ཕྱིར་འཇུག་པ་བཀག་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་རྨི་ལམ་ན་མིག་གི་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར།
เล่ม ๑๐๔ · หน้า 175b
ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྐྱེ་བ་ཡིན་ལ། གླང་པོ་ཆེ་ལ་སོགས་པའི་རྣམ་པ་དེ་ལ་འཇིག་རྟེན་པས་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པར་བྱེད་ལ། དེ་བཞིན་དུ་སད་པའི་གནས་སྐབས་ན་ཡང་ཤེས་པའི་རང་བཞིན་གྱི་སྔོན་པོའི་རྣམ་པ་ཉིད་ལ་ཕྱི་རོལ་གྱི་དོན་མེད་ཀྱང་
ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པར་འདོད་ནའོ། །འདིའི་དོན་ནི་ཡུལ་དུ་གྱུར་པའི་གཟུགས་ལ་སོགས་པ་རྣམས་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་མེད་ན་དེ་ལ་དོན་ཡོད་པ་མ་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པ་ཁོ་ན་ལ་དོན་དུ་ཞེན་པ་དེ་བཞིན་དུ་
སད་པའི་གནས་སྐབས་ན་ཡང་ཡིན་པས་དཔེ་གྲུབ་པ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རྨི་ལམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ལྟར་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་མ་ཡིན་ཏེ་ཞེས་བྱ་
བ་ནི་རྨི་ལམ་ན་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པ་ཁོ་ན་ལ་དོན་དུ་ཞེན་པ་ནི་མ་ཡིན་ནོ་ཞེས་པའོ། །དེ་ཅིའི་ཕྱིར་ཞེ་ན། ལན་ནི་རྨི་ལམ་ན་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། དེ་ཡང་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་མ་གྲུབ་པའི་ཕྱིར་རོ། །
དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སེམས་ཙམ་དུ་སྨྲ་བར་བྱེད་པ་ཁྱོད་ཀྱི་རྨི་ལམ་དུ་ཕྱི་རོལ་གྱི་དོན་མ་སྐྱེས་པ་དེ་བཞིན་དུ་ཁོ་བོའི་ཡང་རྨི་ལམ་ན་རྣམ་པར་ཤེས་པ་མ་སྐྱེས་པ་ཡིན་ནོ། །དེས་ན་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པ་ཁོ་ན་ལ་ཕྱི་རོལ་གྱི་
དོན་དུ་ཇི་ལྟར་ཞེན་པ་ཡིན་ཞེས་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་མ་སྐྱེས་པ་དེའི་ཕྱིར་རོ། །མིག་དང་ཞེས་བྱ་བ་ནི་མིག་གི་དབང་པོའོ། །ཡུལ་དང་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །དེས་བསྐྱེད་སེམས་ཞེས་བྱ་བ་ནི་མིག་གི་དབང་པོས་བསྐྱེད་པའི་མིག་གི་རྣམ་པར་
ཤེས་པའོ། །གསུམ་པོ་ཐམས་ཅད་ཅེས་བྱ་བ་ནི་མིག་གི་དབང་པོ་དང་ཡུལ་སྔོན་པོ་ལ་སོགས་པ་རྣམས་དང་མིག་གི་རྣམ་པར་ཤེས་པ་རྣམས་སོ། །བརྫུན་པ་ཡིན་ཞེས་བྱ་བ་ནི་བདེན་པ་མ་ཡིན་པའོ། །གསུམ་པོ་འདི་དག་ཅི་ལྟ་བར་ཞེས་བྱ་བ་ནི་བསྟན་མ་ཐག་པ་རྣམས་སོ། །རྣ་སོགས་གསུམ་
เล่ม ๑๐๔ · หน้า 176a
པོ་ལྷག་མ་ལ་སྐྱེ་བ་མེད་ཅེས་བྱ་བ་ནི་རྨི་ལམ་གྱི་རྣ་བ་དང་སྒྲ་དང་རྣ་བའི་རྣམ་པར་ཤེས་པ་རྣམས་ཀྱང་སྟོང་པ་ཉིད་ཡིན་ནོ་ཞེས་པའོ། །འདི་དབུ་མ་པ་གཞན་དག་རྨི་ལམ་ན་ཡུལ་ཡོད་པ་ཉིད་དུ་བསྟེན་པའི་སྒོ་ནས་སེམས་ཙམ་པའི་འདོད་པ་སུན་འབྱིན་པ་ནི། གང་ཞིག་ཆོས་
ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་ཞེས་བྱ་བ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་སྟེ། དེས་ནི་སད་པའི་མིག་གི་རྣམ་པར་ཤེས་པས་ཡུལ་དུ་མི་བྱེད་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཡིད་ཀྱི་རྣམ་པར་ཤེས་
པས་གཟུང་བར་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྨི་ལམ་ན་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཡོད་པའི་ཕྱིར་རོ། །ཕྱོགས་འདི་ནི་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ཡང་རིགས་པ་མ་ཡིན་པ་ཉིད་དེ་ཞེས་བྱ་བ་སྨོས་ཏེ། རྨི་ལམ་ན་ཡུལ་ཡོད་པ་ཉིད་དུ་བརྗོད་པ་
དེ་མི་རིགས་པའོ། །དེ་ལ་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། རྨི་ལམ་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུམ་པོ་ཞེས་བྱ་བ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའོ། །ཅི་སྟེ་གཞན་གྱི་གཞུང་ལུགས་གསལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་གཞན་དག་ན་རེ་
ཁོ་བོས་རང་གི་ཕྱོགས་རྣམ་པར་གཞག་པའི་དོན་དུ་དེ་སྐད་དུ་བརྗོད་པ་མ་ཡིན་གྱི། འོན་ཀྱང་སེམས་ཙམ་པའི་གཞུང་ལུགས་ཀྱིས་རྨི་ལམ་ན་དོན་མེད་པའི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་གྲུབ་མཐའ་དེ་དགག་པར་བྱ་བའི་ཕྱིར་རྨི་ལམ་ན་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཡོད་པ་
ཡིན་ནོ་ཞེས་དེ་ལྟར་ཁས་ལེན་པ་ཡིན་ནོ་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཚེ་ཞེས་བྱ་བ་ནི་གཞན་གྱི་གཞུང་ལུགས་དགག་པར་བྱ་བའི་ཕྱིར་རྨི་ལམ་ན་ཡུལ་ཡོད་པ་ཉིད་དུ་ཁས་ལེན་ནའོ། །རྨི་ལམ་གྱི་དཔེ་དོན་མེད་པ་ཉིད་དུ་འགྱུར་ཏེ་ཞེས་
བྱ་བ་ནི་དབུ་མ་པས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒྲུབས་པ་ལ་རྨི་ལམ་གྱི་དཔེ་དོན་མེད་པར་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། ལན་ནི་དེ་བརྫུན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་རྨི་ལམ་མོ། །བརྫུན་པ་མ་ཡིན་པའི་དོན་ཅན་ཉིད་ཀྱིས་ཞེས་བྱ་བ་ནི་རྨི་ལམ་ན་ཡང་ཆོས་ཀྱི་སྐྱེ་
เล่ม ๑๐๔ · หน้า 176b
མཆེད་ཀྱིས་བསྡུས་པའི་གཟུགས་ཡོད་པའི་ཕྱིར་རོ། །དཔེ་ལས་བྱུང་བ་ཞེས་བྱ་བ་ནི་སད་པའི་དུས་ཀྱི་དབང་པོ་ལ་སོགས་པ་གསུམ་མོ། །དངོས་ཀྱི་དོན་བརྫུན་པའི་དོན་ཅན་དུ་བསྟན་པ་མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི་དེ་ན་ཡང་གཟུགས་ཡོད་པའི་ཕྱིར་རོ། །དེས་ནི་འདིར་ལན་འདི་མི་རིགས་པའོ། །གང་
གི་ཕྱིར་རྨི་ལམ་ན་གསུམ་ཆར་ཡང་མ་སྐྱེས་པ་དེའི་ཚེ་ཁོ་བོའི་ཕྱོགས་ལ་དཔེ་འདི་རིགས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་གྲུབ་པའི་སྒོ་ནས་ཞེས་བྱ་བ་ནི་རྨི་ལམ་གྱི་དཔེ་རང་བཞིན་མེད་པར་གྲུབ་པའི་སྒོ་ནས་སོ། །མ་གྲུབ་པ་ཞེས་བྱ་
བ་ནི་སད་པའི་དུས་ན་གསུམ་པོ་འདི་རང་བཞིན་མེད་པར་མ་གྲུབ་པའོ། །བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་མེད་པར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྨི་ལམ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྨི་ལམ་ན་གསུམ་ཆར་ཡང་བརྫུན་པ་དེ་བཞིན་དུ་སད་པའི་དུས་ན་ཡང་
དབང་པོ་ལ་སོགས་པ་གསུམ་བརྫུན་པའོ། །མཇུག་བསྡུ་བར་བྱ་བའི་ཕྱིར། སེམས་དེ་ཡོད་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་རྨི་ལམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་རྨི་ལམ་ལ་སོགས་པ་ཐམས་ཅད་བརྫུན་པ་དེའི་ཕྱིར་རོ། །སྒྱུ་མའི་སེམས་ཅན་རྣམས་དམིགས་པ་སྟེ་སྣང་བ་ཡིན་གྱི། དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ཏེ། ཤིང་དང་བོང་བ་ལ་སོགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་བདེ་བར་གཤེགས་པས་ཆོས་
ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་འདྲ་བར་གསུངས་པའོ། །དེ་བཞིན་དུ་སྲིད་པའི་འགྲོ་བ་རྣམས་ཀྱང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པ་ནི་མདོར་བསྡུ་ན། འགྲོ་བ་རྣམ་པ་ལྔ་པོ་རྣམས་ཡིན་ལ། །དེ་ཡང་རྨི་ལམ་ལྟ་བུ་ཡིན་ཏེ་དེའི་ཕྱིར། འདི་
ལ་སུ་ཡང་མི་སྐྱེ་འཆི་བ་མེད། །ཅེས་བྱ་བ་ལ་སོགས་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །ཞེས་བྱ་བ་གསུངས་ཏེ། བརྟགས་ཤིང་དཔྱད་ན་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པའི་ཕྱིར་རོ། །ལེགས་པར་བཤད་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་རྨི་ལམ་ན་ཆོས་
เล่ม ๑๐๔ · หน้า 177a
ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་གཟུགས་ཡོད་པར་ཁས་ལེན་ན་མདོ་ལས་བསྟན་པའི་རྨི་ལམ་གྱི་དཔེ་དང་འགལ་ཞིང་ཁོ་བོའི་ཕྱོགས་ལྟར་ན་ནི་འགལ་བ་ཡོད་པ་མ་ཡིན་ནོ་ཞེས་པའོ། །གང་རྨི་ལམ་གྱི་དཔེ་ལས་གསུམ་མ་སྐྱེས་པར་བརྗོད་པ་དེ་སད་པ་ལ་ལྟོས་ནས་ཡིན་གྱི། རྨི་ལམ་
གྱི་དུས་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་སད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྨི་ལམ་ན་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྲིད་དུ་རྨི་ལམ་གྱི་གནས་སྐབས་ལས་མ་སད་པ་དེ་བཞིན་དུ་ནི་དེ་ལ་གསུམ་པོ་ཡོད་པ་ཡིན་ནོ་ཞེས་པའོ། །འདི་ཅི་ལྟར་ན་སད་བཞིན་ཞེས་
བྱ་བ་ནི་ཇི་ལྟར་སད་པའི་གནས་སྐབས་མ་རིག་པའི་གཉིད་ལོག་པ་ན་གསུམ་པོ་ཡོད་པ་དེ་ཉིད་དུ་རྨི་ལམ་གྱི་གནས་སྐབས་ན་ཡང་ཡིན་ནོ་ཞེས་པའོ། །དེ་འགྲེལ་བས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་མི་ཤེས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོ་སོའི་སྐྱེ་བོ་ཐམས་ཅད་ལ་དུས་རྟག་ཏུ་མ་རིག་
པའི་གཉིད་སྟུག་པོ་ཡོད་པས་སོ། །དེ་ལས་ཐ་དད་པའི་གཉིད་སད་པ་ཞེས་བྱ་བ་ནི་མ་རིག་པའི་གཉིད་དང་ལྡན་དུ་ཟིན་ཀྱང་དེ་ལས་ཐ་དད་པའི་ཐ་མལ་པའི་གཉིད་ཀྱི་མཚན་ཉིད་ཅན་གཉིད་གཞན་གང་ཡིན་པ་དེ་སད་པའོ། །མ་རིག་པའི་གཉིད་ཀྱིས་ཞེས་བྱ་བ་ནི་ཐ་མལ་པའི་གཉིད་ཀྱི་གནས་སྐབས་
ལས་སད་དུ་ཟིན་ཀྱང་མ་རིག་པའི་གཉིད་དང་མ་བྲལ་བས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཐ་མལ་པའི་གཉིད་སད་པའི་གནས་སྐབས་བཞིན་དུའོ། །དེ་ལྟ་བུའི་རང་བཞིན་ཅན་ཞེས་བྱ་བ་ནི་སད་པའི་གནས་སྐབས་ཀྱི་རང་བཞིན་ཅན་དང་མཚུངས་པའོ། །ད་ནི་ཐ་མལ་པའི་མཚན་ཉིད་ཅན་གྱི་གཉིད་སད་པ་
ན་ཅི་ལྟར་གཉིད་ཀྱི་གནས་སྐབས་ན་སྣང་བ་གསུམ་པོ་དེ་མེད་པ་དེ་བཞིན་དུ་མ་རིག་པའི་གཉིད་སད་པ་ན་ཡང་གསུམ་པོ་དེ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། སད་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སད་པར་གྱུར་ན་ཞེས་བྱ་བ་ལ་སོགས་པས་དཔེ་བསྟན་པ་ཡིན་ལ། གཏི་མུག་
གཉིད་ཅེས་བྱ་བས་དོན་བསྟན་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དབྱིངས་མངོན་སུམ་དུ་མཛད་པ་རྣམས་ལ་ཡང་ཞེས་བྱ་བ་ནི་སྟོང་པ་ཉིད་མངོན་སུམ་དུ་མཛད་པ་རྣམས་ལ་ཡང་ངོ་། །ཡང་སེམས་ཙམ་དུ་སྨྲ་བ་རྣམས་ཀྱིས་ཕྱི་རོལ་
เล่ม ๑๐๔ · หน้า 177b
གྱི་དོན་མེད་ཀྱང་ཤེས་པ་ཡོད་པ་ཉིད་དུ་བསྒྲུབ་པ་ནི་འོ་ན་རབ་རིབ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་མི་འཐད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཞེས་བྱ་བ་ནི་རབ་རིབ་ཅན་གྱིས་ཡོད་པ་མ་ཡིན་པའི་སྐྲ་ཤད་ལ་སོགས་པ་དམིགས་པའི་
ཕྱིར་ཡུལ་མེད་པའི་ཤེས་པ་ཡོད་པ་ཡིན་ནོ་ཞེས་པ་དེ་ཡང་ངོ་། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྐྲ་ཤད་ལ་སོགས་པ་མེད་ཀྱང་ཤེས་པ་ཡོད་ན་ཉེས་པ་ཅི་ཡོད་སྙམ་པའོ། །དེ་ལ་ལན་ནི་དབང་པོ་རབ་རིབ་བཅས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་རིབ་དང་བཅས་པའི་མིག་གིས་རབ་རིབ་ཀྱི་
སྟོབས་ཀྱིས་ཤེས་པ་གང་གིས་སྐྲ་ཤད་ཀྱི་རྣམ་པ་གང་མཐོང་བ་དེ་ནི་རབ་རིབ་ཅན་གྱི་ཤེས་པ་ལ་ལྟོས་ནས་སྐྲ་ཤད་དང་ཤེས་པ་གཉིས་ཀ་བདེན་པ་ཡིན་ཏེ། དེས་བདེན་པ་ཉིད་དུ་རྟོགས་པ་ཡིན་པའི་ཕྱིར་རོ། །རབ་རིབ་མེད་པར་གསལ་བར་མཐོང་བ་ལ་ལྟོས་ནས་ཤེས་པ་དང་། སྐྲ་ཤད་ལ་སོགས་
པ་གཉིས་ཀ་ཡང་བདེན་པ་མ་ཡིན་ཏེ། དེ་ལ་སྐྲ་ཤད་ལ་སོགས་པའི་ཤེས་པ་མེད་པའི་ཕྱིར་རོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར་རྨི་ལམ་ཁོ་ན་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་རྨི་ལམ་ན་གཉིས་ཀ་བདེན་ཞིང་གཉིད་སད་པའི་གནས་སྐབས་ན་གཉིས་ཀ་ཡང་མ་སྐྱེས་
པ་དེ་བཞིན་དུ་འདིར་ཡང་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། རབ་རིབ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་རིབ་ཅན་ལ་ལྟོས་ནས་གཉིས་ཀ་བདེན་པ་ཉིད་ཀྱི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར་ཡུལ་མེད་པར་ཤེས་པ་ངེས་པར་དཀའ་བའི་ཕྱིར་རོ་ཞེས་
བྱ་བ་གསུངས་པ་ཡིན་ནོ། །ཡུལ་མེད་པའི་ཤེས་པ་མ་མཐོང་བས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་དོན་ནི་གདོན་མི་ཟ་བར་བྱ་དགོས་ཏེ་ཞེས་བྱ་བ་ནི་ཡུལ་མེད་པའི་ཤེས་པ་མེད་པར་ངེས་པར་འདོད་དགོས་ཞེས་པའོ། །དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་ལྟར་མ་ཡིན་ཏེ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། ཤེས་བྱ་སྐྲ་ཤད་ལ་སོགས་པ་མེད་པར་གལ་ཏེ་སྐྲ་ཤད་ལ་སོགས་པའི་བློ་ཡོད་པར་འགྱུར་ན། སྐྲ་ཤད་དེའི་ཡུལ་དང་མིག་གི་རྗེས་སུ་འབྲེལ་པའི་རབ་རིབ་མེད་པ་ལའང་ཞེས་བྱ་བ་ནི་རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་ཀྱི་ཡུལ་ལ་ཞུགས་པའི་རབ་རིབ་དང་བྲལ་
เล่ม ๑๐๔ · หน้า 178a
བ་ལ་ཡང་ངོ་། །སྐྲ་ཤད་བློར་གྱུར་ན་ཞེས་བྱ་བ་ནི་སྐྲ་ཤད་མེད་ན་སྐྲ་ཤད་ཀྱི་བློ་སྐྱེ་བར་འགྱུར་བའོ། །དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་ནི་རབ་རིབ་ཅན་མ་ཡིན་པ་ལ་རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་ཀྱི་ཡུལ་ལ་སྐྲ་ཤད་ཀྱི་བློ་སྐྱེ་བར་འགྱུར་བ་མ་ཡིན་པའོ། །དེའི་ཕྱིར་
ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྒྱུ་མཚན་གྱིས་སོ། །དེ་ཡོད་མིན་ཞེས་བྱ་བ་ནི་ཡུལ་མེད་ཀྱང་བློ་ཡོད་པ་ཡིན་ནོ་ཞེས་པ་དེ་མ་ཡིན་པའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་རབ་རིབ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དང་འདྲ་བ་ཞེས་བྱ་བ་ནི་རབ་རིབ་ཅན་བཞིན་
དུའོ། །ཡུལ་མེད་པར་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་རབ་རིབ་ཅན་དང་རབ་རིབ་ཅན་མེད་པ་དག་ལས་སྐྲ་ཤད་མེད་པར་འདྲ་བའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་འཇུག་པའོ། །དེ་ལ་གཞན་དག་ན་རེ་གང་གི་ཕྱིར་རབ་རིབ་ཅན་ལ་སྣང་ལ་རབ་རིབ་མེད་པ་ལ་མི་སྣང་བ་དེ་ཉིད་ཀྱི་ཕྱིར་
ཡུལ་མེད་པ་ཡིན་ཏེ། མཐུན་པར་མི་སྣང་བའི་ཕྱིར་རོ་ཞེ་ན། དེ་ཡང་མི་རིགས་ཏེ། ཡུལ་ཐུན་མོང་བ་ཡིན་དུ་ཟིན་ཀྱང་དངོས་པོ་གང་ལ་མཐོང་བའི་མཐུན་རྐྱེན་གང་ཡོད་པ་དེ་མཐོང་བ་ཡིན་ལ། དེ་མེད་ན་མི་མཐོང་བ་ཡིན་པས་རབ་རིབ་མེད་པ་ལ་ཡུལ་མཐོང་བའི་ལྷན་ཅིག་བྱེད་པའི་རྐྱེན་རབ་རིབ་
མེད་པའི་ཕྱིར་དེ་མི་མཐོང་བ་ལ་འགལ་བ་ནི་ཅི་ཞིག་ཡོད་ཅེས་འགའ་ཞིག་སྨྲ་བར་གྱུར་ན་དེ་ལ་ལན་ཇི་ལྟར་འདེབས། དེས་ན་ལན་དེ་ཡང་མི་རིགས་པའོ། །ཡང་སེམས་ཙམ་པས་ཡུལ་མེད་པའི་རྣམ་པར་ཤེས་པ་ལ་ཡོད་པ་ཉིད་དུ་སྟོན་པ་ནི་འདིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་ལྟར་འགྱུར་བ་ཞིག་གོ་ཞེས་བྱ་བ་ནི་ཡུལ་མེད་ན་བློ་མེད་པ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་པའོ། །རྣམ་པར་ཤེས་པའི་བག་ཆགས་སྔར་བཞག་པ་སྨིན་པ་དང་མ་སྨིན་པ་དག་ཅེས་བྱ་བ་ནི་སྔར་སྐྲ་ཤད་ལ་སོགས་པའི་ཤེས་པས་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་གཞག་པ་དེ་སྨིན་པ་ལས་སྐྲ་ཤད་ཀྱི་
རྣམ་པར་ཤེས་པ་སྐྱེ་བ་དང་། མ་སྨིན་པ་ལས་མི་སྐྱེ་བ་ཡིན་ནོ། །གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གང་ལ་བག་ཆགས་སྨིན་བ་ཡོད་པ་མ་ཡིན་པ་ལའོ་ཞེས་པའི་ཐ་ཚིག་གོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ཡང་མི་རུང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་ཞེས་བྱ་བ་ནི་བག་
เล่ม ๑๐๔ · หน้า 178b
ཆགས་སྨིན་པ་དང་མ་སྨིན་པ་དག་རྣམ་པར་ཤེས་པ་སྐྱེ་བ་དང་མི་སྐྱེ་བའི་རྒྱུར་འདོད་པའོ། །མི་རིགས་པ་ཉིད་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་མཐོང་བ་དག་པ་རབ་རིབ་མེད་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་བློ་མི་སྐྱེད་པའི་ནུས་པ་སྟེ། བག་
ཆགས་ཡོངས་སུ་སྨིན་པ་མེད་པ་དེའི་ཕྱིར་རབ་རིབ་མེད་པ་དེ་ལ་སྐྲ་ཤད་ཀྱི་བློ་མི་སྐྱེ་བ་ཡིན་གྱི། ཤེས་བྱ་མེད་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་རྗེས་སུ་བརྗོད་པའོ། །དེ་ལ་ལན་ནི་ནུས་པ་མེད་པས་འདིའི་ནི་གྲུབ་པ་མ་ཡིན་ཞེས་བྱ་བ་གསུངས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་
པ་མ་གྲུབ་པའི་ཕྱིར་བློའི་ནུས་པ་སྨིན་པ་དང་མ་སྨིན་པས། རྣམ་པར་ཤེས་པ་སྐྱེ་བ་དང་མི་སྐྱེ་བ་དག་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཤེས་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྨིན་པ་དང་མ་སྨིན་པ་དག་ལ་ཞེས་བྱ་བ་ནི་ནུས་པ་སྨིན་པ་
དང་མ་སྨིན་པ་དག་ལའོ། །དེའི་ཕྱིར་འདི་མི་འགྲུབ་པོ་ཞེས་བྱ་བ་ནི་ནུས་པ་མེད་པའི་ཕྱིར་སྨིན་པ་དང་མ་སྨིན་པ་རྣམ་པར་ཤེས་པ་འབྱུང་བ་དང་མི་འབྱུང་བ་དག་ཏུ་མི་འགྲུབ་བོ། །ནུས་པ་མེད་པ་ཉིད་བསྟན་པར་བྱ་བའི་ཕྱིར། སྐྱེས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་པ་སྟེ་ད་ལྟར་བའི་རྣམ་
པར་ཤེས་པ་འབྲས་བུར་གྱུར་པ་ལ་ནུས་པ་སྲིད་པ་མ་ཡིན་པའོ། །མ་སྐྱེས་ངོ་བོ་ལ་ཡང་ནུས་ཡོད་མིན། །ཞེས་བྱ་བ་ནི་མ་སྐྱེས་པའི་ངོ་བོ་འདས་པ་དང་། མ་འོངས་པའི་ཤེས་པ་དག་ཀྱང་ནུས་པ་ཡོད་པ་མ་ཡིན་ཏེ། ཅི་ལྟར་ནུས་པ་མེད་པ་དེ་ལྟར་ནི་སློབ་དཔོན་ཉིད་ཀྱིས་འགྲེལ་པ་ལས་བཤད་པར་འགྱུར་
རོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདིར་ནུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་ད་ལྟར་བའི་འགྲེལ་པ་ཅན་ཞིག་གམ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་གང་རྣམ་པར་ཤེས་པ་སྐྱེས་པ་དང་ད་ལྟར་བ་དེ་དང་
འབྲེལ་པ་ཅན་ཞིག་ཡིན་ནམ་ཞེས་པའོ། །མ་སྐྱེས་ངོ་བོ་ལའང་ཞེས་བྱ་བའི་བཤད་པ་ནི་རྣམ་པར་ཤེས་པ་འདས་པ་དང་མ་འོངས་པའི་འབྲེལ་པ་ཅན་ཞིག་ཏུ་འགྱུར་གྲང་ཞེས་བྱ་བ་སྟེ། འདས་པ་དང་མ་འོངས་པ་དག་མ་སྐྱེས་པའི་ཕྱིར་རོ། །དེ་ལ་སྐྱེས་པ་ལ་ནུས་པ་མི་སྲིད་པ་བསྟན་པ་ལ་ཕྱོགས་གཉིས་ཏེ།
เล่ม ๑๐๔ · หน้า 179a
སྐྱེས་པ་ལ་འབྲེལ་པ་ཅན་གྱི་ནུས་པ་སྲིད་པ་མ་ཡིན་པ་དང་། ད་ལྟར་བར་སྐྱེས་པ་དེ་ནུས་པ་ལ་ལྟོས་པ་སྲིད་པ་མ་ཡིན་པའོ། །དེ་ལ་ཕྱོགས་དང་པོ་འགོག་པ་ནི། དེ་ལ་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ནུས་པའི་ཞེས་བྱ་བ་དྲུག་པ་ཡིན་ལ་དེའི་ཚེ་ནི་རྣམ་པར་
ཤེས་པ་དང་འབྲེལ་པ་ཅན་གྱི་ནུས་པ་ཅན་སྲིད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །རྣམ་པར་ཤེས་པའི་འབྲས་བུའི་ངོ་བོར་གྱུར་པ་ནི་ཞེས་བྱ་བ་ནི་ད་ལྟར་བའི་ཤེས་པའོ། །རྒྱུ་ཉིད་དུ་ཡང་ཡོད་དོ་ཞེས་བྱ་བ་ནི་ནུས་པའི་རྒྱུ་ཉིད་དུ་ཡོད་པའོ། །གཞན་ཡང་གལ་ཏེ་རྣམ་པར་ཤེས་པ་དེ་རྒྱུ་
ཉིད་དུ་འདོད་ན་དེའི་ཚེ་འབྲས་བུ་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་དང་འབྲེལ་བ་ཅན་ཡིན་པའི་ཕྱིར་ནུས་པ་ཕྱིས་འབྱུང་བ་ཡིན་ལ། རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་འབྲས་བུ་ནི་ནུས་པ་མེད་པར་སྐྱེ་བའི་ཕྱིར་འབྲས་བུ་རྒྱུ་མེད་པ་ཉིད་དུ་ཡང་འགྱུར་རོ། །མྱུ་གུ་སྐྱེ་བ་
ན་ཡང་ས་བོན་མི་འཇིག་པར་འགྱུར་རོ་ཞེས་བྱ་བ་ནི། ཅི་ལྟར་རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་འབྲས་བུ་མེད་པ་ནུས་སུ་ཟིན་ཀྱང་སྐྱེ་བ་དེ་བཞིན་དུ་མྱུ་གུ་ཡང་ས་བོན་མེད་པར་སྐྱེ་བས་ས་བོན་མི་འཇིག་པར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། དྲུག་པའི་ཕྱོགས་མི་འཐད་པ་
ཡིན་ནོ་ཞེས་བྱ་བའི་མཇུག་བསྡུ་བ་ཡིན་ནོ། །ད་ནི་ད་ལྟར་བར་སྐྱེས་པ་དེ་ནུས་པ་ལ་ལྟོས་པ་འདོད་པ་འགོག་པ་ནི། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུས་པ་ལས་ཞེས་བྱ་བ་ལྔ་པ་ཡིན་པ་ཞེས་བྱ་བ་ནི་གལ་ཏེ་ལྔ་པའི་ཚིག་ཡིན་ན་དེའི་ཚེ་ནི་དོན་འདིར་འགྱུར་ཏེ། ནུས་པ་ལས་སྐྱེ་བ་ཡིན་
ནོ་ཞེས་བྱ་བར་འགྱུར་ལ། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་མི་རིགས་ཤེ་ན། ཡོད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཡོད་པ་ལ་ནི་ནུས་པས་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི། སྐྱེས་
པར་གྱུར་པ་སླར་ཡང་སྐྱེ་བར་འགྱུར་མ་ཡིན། །ཞེས་བྱ་བ་ལ་སོགས་པས་སོ། །ཕྱོགས་གཉིས་པ་ཡང་མི་རིགས་པའི་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མ་སྐྱེས་པ་ལ་ཡང་རྣམ་པ་གཉིས་ཏེ། འདས་པ་དང་། མ་འོངས་པའོ། །དེ་ལ་
เล่ม ๑๐๔ · หน้า 179b
མ་འོངས་པ་ལ་ལྟོས་ནས་ནུས་པ་དགག་པར་བྱ་བའི་ཕྱིར། མ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་སྐྱེས་པའི་རང་བཞིན་ཅན་ཏེ། མ་འོངས་པ་ལ་ནུས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱད་པར་ཞེས་བྱ་བ་ནི་མ་འོངས་
པའི་རྣམ་པར་ཤེས་པ་ཡིན་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་དེས་ནུས་པ་རྣམ་པར་ཤེས་པ་དང་འབྲེལ་བར་བྱེད་པའི་ཕྱིར་མ་འོངས་པའི་རྣམ་པར་ཤེས་པ་དེ་མེད་ན་ཁྱད་པར་དེ་མེད་པས་ཁྱད་པར་ཅན་ཡོད་པ་མ་ཡིན་ཏེ། མ་འོངས་པའི་རྣམ་པར་ཤེས་པ་མེད་ན་མ་འོངས་པའི་རྣམ་པར་ཤེས་
པ་དང་འབྲེལ་པའི་ནུས་པ་ཇི་ལྟར་ཡོད་པར་འགྱུར། གལ་ཏེ་རྣམ་པར་ཤེས་པ་མེད་ཀྱང་རྣམ་པར་ཤེས་པའི་ནུས་པ་ཁས་ལེན་ན་མེད་པ་ཙམ་དུ་མཚུངས་པའི་ཕྱིར་མོ་གཤམ་གྱི་བུ་ལ་ཡང་ནུས་པ་ཡོད་པ་ཡིན་ནོ་ཞེས་ཅིའི་ཕྱིར་ཁས་མི་ལེན། དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། མོ་གཤམ་བུ་
ཡང་དེ་ནི་ཡོད་པར་ཐལ། །ཞེས་བྱ་བ་གསུངས་ཏེ། དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཁྱད་པར་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱད་པར་མེད་པར་ཞེས་བྱ་བ་ནི། རྣམ་པར་ཤེས་པ་མེད་པར་རོ། །ཁྱད་པར་དུ་བྱ་བ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་ནུས་པ་ཡོད་པ་མ་ཡིན་
པ་ཉིད་དོ། །ཁྱད་པར་ཅི་ལྟར་མེད་ཅེ་ན། གང་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགག་པ་དང་། སྒྲུབ་པའི་ངོ་བོས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཞེས་བྱ་བ་སྒྲུབ་པ་དང་། རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་དགག་པའི་ངོ་བོས་སོ། །གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཚེ་ཞེས་བྱ་བ་ནི་གང་གི་
ཚེ་རྣམ་པར་ཤེས་པ་བསྟན་པར་མི་ནུས་པས་ནའོ། །གང་གི་ནུས་པ་ཁྱད་པར་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་མེད་པའི་ཕྱིར་ནུས་པ་ལ་ཁྱད་པར་དུ་བྱེད་པ་ཡོད་པ་མ་ཡིན་ནོ་ཞེས་པའོ། །འདི་ནི་འདིའི་ནུས་པའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ནུས་པ་ནི་འདི་ཡིན་ནོ་ཞེས་བྱ་བའོ། །གང་
གི་ཚེ་དེ་ལྟར་ཁྱད་པར་ཡོད་པ་མ་ཡིན་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་ཁྱད་པར་ཡོད་པ་མ་ཡིན་པའོ། །ཁྱད་པར་དུ་མ་སྨྲས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་ཁྱད་པར་མ་གྲུབ་པས་སོ། །འདིས་ཅུང་ཟད་ཀྱང་བསྟན་པར་མི་འགྱུར་རོ་ཞེས་བྱ་བ་ནི་གང་ལས་གང་སྐྱེ་
เล่ม ๑๐๔ · หน้า 180a
བ་ཡིན་ཞེས་བྱ་བའི་ཁྱད་པར་ཅུང་ཟད་ཀྱང་མི་རྟོགས་པས་སོ། །ཡང་གལ་ཏེ་མ་སྐྱེས་པ་ལ་ནུས་པ་འདོད་ན་ཞེས་བྱ་བ་ནི་ཁྱད་པར་མེད་དུ་ཟིན་ཀྱང་ནུས་པ་འདོད་ན་ཞེས་པའོ། །མོ་གཤམ་གྱི་བུ་ལ་ཡང་འདོད་པར་བྱ་དགོས་ཏེ་ཞེས་བྱ་བ་ནི་མེད་པར་ཁྱད་པར་མེད་པའི་ཕྱིར་མོ་
གཤམ་གྱི་བུ་ལ་ཡང་ནུས་པ་ཡོད་པར་ཅིའི་ཕྱིར་མི་འགྱུར་ཞེས་བྱའོ། །དེའི་ཕྱིར་མ་སྐྱེས་པ་ལ་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །གཞན་དག་གིས་ཁྱད་པར་བསྒྲུབ་པ་ནི་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བར་འགྱུར་བའི་རྣམ་པར་ཤེས་པ་དེ་སྙིང་ལ་
བསམས་ནས་གཞན་ཕྱོགས་སྔ་མ་འགོད་པའོ། །འདི་ལས་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའི་རྣམ་པར་ཤེས་པ་ལ་ལྟོས་ནས་རྣམ་པར་ཤེས་པའི་ནུས་པ་འདི་ལ་མ་འོངས་པའི་རྣམ་པར་ཤེས་པ་འདི་འབྱུང་བ་ཡིན་ནོ་ཞེས་བྱའོ། །དེ་ལྟར་ཁྱད་པར་དང་ཁྱད་པར་ཅན་གྱི་
གཞིའི་དངོས་པོ་འགྲུབ་པར་འགྱུར་ཏེ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བ་དེ་སྙིང་ལ་བཞག་པ་ལ་ལྟོས་ནས་སོ། །སྐྱེ་བར་འགྱུར་བ་ལ་ལྟོས་པའི་དཔེ་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་བརྟེན་ནས་འབྲས་ཆན་ཚོས་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འབྲས་ཆན་འཚོད་པ་ནི་མ་ཡིན་གྱི།
འོན་ཀྱང་འབྲས་འཚོད་པ་ཡིན་ལ། ཅི་ལྟར་འདིར་འབྱུང་བར་འགྱུར་བའི་འབྲས་ཆན་གྱི་མིང་འབྲས་ལ་བཏགས་པ་དེ་བཞིན་དུ་འདིར་ཡང་ངོ་། །སྣལ་མ་འདི་ལ་རས་ཡུག་ཐོགས་ཤིག་ཅེས་བྱ་བ་ནི་འདིར་བཏགས་ཟིན་པའི་རས་ཡུག་ཇི་ལྟར་འཐག །འོན་ཀྱང་འབྱུང་བར་འགྱུར་བ་ལ་ལྟོས་ནས་
རས་ཡུག་ཐོགས་ཤིག་ཅེས་བརྗོད་པ་ཡིན་ལ། དེ་བཞིན་དུ་འདིར་ཡང་འབྱུང་བར་འགྱུར་བའི་རྣམ་པར་ཤེས་པ་ལ་ལྟོས་ནས་ཁྱད་པར་དང་ཁྱད་པར་ཅན་གྱི་གཞིའི་དངོས་པོ་ལ་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་དཔེ་བསྟན་ནས་བསྟན་བཅོས་ཀྱི་དཔེ་བསྟན་པར་བྱ་བའི་ཕྱིར། བསྟན་བཅོས་ལས་ཀྱང་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་བཅོས་ལས་ཀྱང་ཞེས་བྱ་བ་ནི་མཛོད་ཀྱི་རྩ་བ་ལས་སོ། །མངལ་དུ་འཇུག་པ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོས་སྒྱུར་བ་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མངལ་དུ་འཇུག་པ་མེད་ཀྱི། འོན་ཀྱང་འབྱུང་བར་
เล่ม ๑๐๔ · หน้า 180b
འགྱུར་བའི་མིང་ལ་ལྟོས་ནས་འཁོར་ལོས་སྒྱུར་བ་དང་རང་འབྱུང་གཉིས་ཞེས་གསུངས་པ་ཡིན་ལ། དེ་བཞིན་དུ་འདིར་ཡང་ཡིན་པས་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཞེས་བྱ་བ་ནི་འབྱུང་
བར་འགྱུར་བའི་མིང་ལ་ལྟོས་ནས་བརྗོད་པར་འདོད་པ་ལ་ཡང་ངོ་། །སྙིང་པོ་མེད་ཅེས་བྱ་བ་ནི་དོན་གྱིས་སྟོང་པའི་ཕྱིར་རོ། །གལ་ཏེ་འབྱུང་བར་འགྱུར་བས་བསྙད་འདོད་ན་ཞེས་བྱ་བ་ནི་གལ་ཏེ་དུས་གཞན་དུ་འབྱུང་བར་འགྱུར་བའི་རྣམ་པར་ཤེས་པ་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོའི་
མཚན་ཉིད་ཅན་བརྗོད་པར་འདོད་ན་སྟེ། འདིས་ནི་ཕྱོགས་སྔ་མ་རྗེས་སུ་བརྗོད་པའོ། །དེ་ལ་ལན་ནི། ནུས་པ་མེད་པར་འདི་ཡི་འབྱུང་འགྱུར་མེད། །ཅེས་བྱ་བ་གསུངས་ཏེ། སྐྱེ་བའི་ནུས་པ་མེད་པར་མ་འོངས་པའི་ཤེས་པ་སྐྱེ་བར་འགྱུར་བ་ཉིད་མེད་པའོ། །འདིའི་དོན་ནི་གལ་ཏེ་མ་འོངས་པའི་
དུས་ན་རྣམ་པར་ཤེས་པ་འབྱུང་བར་འགྱུར་བ་ཡོད་ན་དེའི་ཚེ་འབྱུང་བར་འགྱུར་བའི་རྣམ་པར་ཤེས་པ་ལ་ལྟོས་ནས་ཁྱད་པར་དང་ཁྱད་པར་ཅན་གྱི་གཞིའི་དངོས་པོ་འགྲུབ་པར་འགྱུར་བ་ལས། ད་ལྟར་བའི་ནུས་པ་མེད་པའི་ཕྱིར་དེ་འབྱུང་བར་འགྱུར་བ་མེད་པས་འབྱུང་བར་འགྱུར་བའི་མིང་ལ་ལྟོས་ན་བརྗོད་
པ་ནི་འཐད་པ་མ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རེས་འགའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྱུར་ན་ནི་ཞེས་བྱ་བ་ནི་མ་འོངས་པའི་ཤེས་པ་འབྱུང་ནའོ། །དེ་འབྱུང་བར་འགྱུར་གྱི་ཞེས་བྱ་བ་ནི་ཤེས་པ་དེ་ལས་འབྱུང་བར་འགྱུར་བ་ཞེས་བརྗོད་པའོ། །དེ་ལྟར་
སྤྱིར་བསྟན་ནས། ཁྱད་པར་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔེ་བསྒྲུབ་པར་བྱ་བ་དང་མཚུངས་པ་ཉིད་དུ་བསྟན་པའི་ཕྱིར། འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་ཞེས་བྱ་བ་ནི་མ་འོངས་པའི་རྣམ་པར་ཤེས་པ་མ་གྲུབ་པས་ནུས་པ་མ་
གྲུབ་པར་བརྗོད་པའོ། །འབྲས་ཆན་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡང་ནུས་པ་གྲུབ་ན་འབྲས་ཆན་ལ་སོགས་པ་འབྱུང་བར་འགྱུར་བ་གྲུབ་པ་ཡིན་པ་ལས་སོ། །འོན་ཀྱང་མ་འོངས་པའི་འབྲས་ཆན་ལ་སོགས་པ་མ་གྲུབ་པའི་ཕྱིར་དེ་ལ་ལྟོས་པའི་ནུས་པ་ཡང་མ་གྲུབ་པས་འབྲས་ཆན་ལ་སོགས་པ་འབྱུང་
เล่ม ๑๐๔ · หน้า 181a
བར་འགྱུར་བ་མེད་པས་བསྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པ་མི་སྲིད་པས་ནུས་པ་མེད་པ་ཉིད་དུ་བསྟན་ནས། ད་ནི་ནུས་པ་ཡོད་དུ་ཟིན་ཀྱང་གཞན་གྱི་དབང་གི་མཚན་ཉིད་ཅན་གྱི་རྣམ་པར་ཤེས་པ་དོན་དམ་པར་གྲུབ་པ་མ་ཡིན་ནོ་ཞེས་བསྟན་
པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་ལྟོས་ནས་ནུས་པ་གྲུབ་པ་དང་ནུས་པ་ལ་ལྟོས་ནས་རྣམ་པར་ཤེས་པ་གྲུབ་བོ། །གྲུབ་མིན་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས། །ཞེས་བྱ་
བ་ནི་མཁས་པ་རྣམས་ཀྱིས་ཕན་ཚུན་བརྟེན་ནས་གྲུབ་པ་གང་ཡིན་པ་དེ་ནི་གྲུབ་པ་མ་ཡིན་ནོ་ཞེས་གསུངས་པས་སོ། །གང་གི་ཕྱིར་རང་བཞིན་གང་ཡིན་པ་དེ་ནི་གཞན་ལ་ལྟོས་པ་མ་ཡིན་ཏེ། བཅོས་མ་མ་ཡིན་པའི་ཕྱིར་རོ། །གང་ལྟོས་པ་ཅན་དེ་ནི་རང་བཞིན་མ་ཡིན་ཏེ། བཅོས་མ་ཡིན་
པའི་ཕྱིར་རོ། །དེས་ན་ཕན་ཚུན་བརྟེན་ནས་གྲུབ་པ་གང་ཡིན་པ་དེ་ནི་མ་གྲུབ་པ་མ་ཡིན་ནོ་སྙམ་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་ཚུན་གྱི་དོན་ལ་བརྟེན་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཡོད་ན། རྣམ་
པར་ཤེས་པའི་ནུས་པ་ཡོད་པ་ཡིན་ལ། རྣམ་པར་ཤེས་པའི་ནུས་པ་ཡོད་ན་རྣམ་པར་ཤེས་པ་འབྱུང་བ་གང་ཡིན་པས་ཕན་ཚུན་གྱི་དོན་ལ་བརྟེན་པར་འགྱུར་བའོ། །དེ་ལྟར་གྱུར་མོད་ཅེ་ན་ཞེས་བྱ་བ་ནི་ཕན་ཚུན་གྱི་དོན་ལ་བརྟེན་པར་འགྱུར་དུ་ཆུག་ཅེས་པའོ། །ཕན་ཚུན་གྱི་དོན་ལ་བརྟེན་པ་ལ་རང་
བཞིན་ཡོད་པ་མ་ཡིན་པ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རིང་པོ་དང་ཐུང་ངུ་ལ་སོགས་པ་རྣམས་ལ་ངོ་བོ་ཉིད་ཀྱིས་རིང་པོ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། འོན་ཀྱང་ཕན་ཚུན་ལྟོས་ནས་ཡིན་ལ། དེ་བཞིན་དུ་འདིར་ཡང་ཡིན་པར་འགྱུར་རོ། །
དེས་ན་རང་བཞིན་གྱིས་རང་བཞིན་མེད་པས་ལྟོས་པ་ཅན་ལ་རང་བཞིན་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་རང་བཞིན་མེད་པ་ཁོ་ནར་ཁས་བླངས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྐད་དུ་བཞི་བརྒྱ་པ་ལས་ཞེས་བྱ་བ་ལ་སོགས་པ་ནི་ཅུང་
เล่ม ๑๐๔ · หน้า 181b
ཟད་ཀྱང་མི་བྱེད་པ་ནི་རྒྱུ་ཉིད་དུ་མི་སྲིད་པའི་ཕྱིར། རང་བཞིན་གྱིས་གྲུབ་པའི་རྒྱུ་ནི་འགའ་ཞིག་ཀྱང་ཡོད་པ་མ་ཡིན་པ་དེའི་ཕྱིར་འབྲས་བུ་སྐྱེ་བ་དང་འབྲེལ་པའི་རྒྱུ་མཚན་གྱིས་རྒྱུ་ཉིད་ཐོབ་པའི་ཕྱིར་དངོས་པོ་རྣམས་ཇི་ལྟར་ན་རང་གི་འབྲས་བུའི་འབྲས་བུ་ཉིད་དུ་མི་འགྱུར། འབྲས་བུ་ཉིད་དུ་འགྱུར་ན་ནི་མྱུ་གུ་
ལ་སོགས་པ་བཞིན་དུ་འདི་ལ་རྟག་པ་ཉིད་ག་ལ་ཡོད། དེ་ལྟར་ན་རྒྱུ་དང་འབྲས་བུའི་དངོས་པོའི་རྣམ་གཞག་མ་ངེས་པས་གཉིས་ཀ་ཡང་ངོ་བོ་ཉིད་ཀྱིས་མ་གྲུབ་པའོ། །གལ་ཏེ་འབྲས་བུའི་རྒྱུ་ཡོད་ན་ཡོད་པ་ཡིན་ཏེ། འདི་ལྟར་ས་བོན་ཡོད་ན་མྱུ་གུ་སྐྱེའི་མྱུ་གུ་ཡོད་པ་ལ་ནི་མ་ཡིན་ནོ། །དེས་ན་འབྲས་
བུ་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར་ས་བོན་ཞེས་བྱ་བའི་དངོས་པོ་མྱུ་གུ་སྐྱེ་བའི་སྔོན་རོལ་དུ་ཡོངས་སུ་རྟོག་པར་བྱེད་ན་རྒྱུར་གྱུར་པ་ཞིག་གམ། དེ་རྒྱུར་མ་གྱུར་པ་ཞིག་ཅེས་ཡོངས་སུ་བརྟག་པ་གཉིས་ལས་མི་འདའ་སྟེ། ཕུང་པོ་གསུམ་པ་མི་སྲིད་པའི་ཕྱིར། དེ་ལ་
རེ་ཞིག་རྒྱུ་མ་ཡིན་པར་གྱུར་པ་མེ་ལ་སོགས་པ་ལས་བཞིན་དུ་འདི་སྐྱེ་བ་ནི་མི་རིགས་སོ། །རྒྱུ་ཉིད་དུ་ནི་འབྲས་བུ་སྐྱེ་བའི་སྒོ་ནས་འགྱུར་བ་ཡིན་ལ་དེས་ན་འབྲས་བུ་སྐྱེ་བའི་སྔོན་རོལ་དུ་མི་སྲིད་པས་སོ། །འབྲས་བུ་སྐྱེ་བ་མེད་པར་བྱ་བ་ཁས་བླངས་ནས་འགའ་ཞིག་རྒྱུ་ཉིད་ཀྱིས་མི་ཐོབ་ན་དེའི་ཚེ་ཐམས་ཅད་
ཐམས་ཅད་ཀྱི་རྒྱུ་ཉིད་དུ་ཐལ་བར་འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ནོ། །དེས་ན་རྒྱུ་རྒྱུ་མེད་པ་ཉིད་དུ་ཐལ་བ་ལས་འབྲས་བུ་སྐྱེ་བ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་མེད་དོ། །དེས་ན་རྒྱུ་ཐམས་ཅད་ནི་འབྲས་བུ་ཉིད་དུ་ཐལ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་སྐྱོན་གནས་པ་ཡིན་ནོ་ཞེས་པའོ། །
བསྟན་བཅོས་ལས་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །དེར་ཡང་ལྟོས་ནས་གྲུབ་པ་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དངོས་པོ་གང་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ལ་ཡང་ལྟོས་ནས་ནི། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་དེ་ཉིད་ལ་ལྟོས་ནས་ནི་ཞེས་པའོ། །
ལྟོས་བྱ་གང་ཡིན་ཞེས་བྱ་བ་ནི་ནུས་པའོ། །དེ་ཉིད་ལ་ཡང་ལྟོས་ནས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་ལྟོས་ནས་སོ། །ད་ནི་གཉིས་ཀ་མ་གྲུབ་པས་ཞེས་བྱ་བ་ནི་ནུས་པ་དང་རྣམ་པར་ཤེས་པ་དག་གོ། །གང་ལ་ལྟོས་ནས་གང་ཞིག་འགྲུབ་པར་འགྱུར་བ་ཞེས་བྱ་བ་ནི་ནུས་པ་ལ་ལྟོས་ནས་རྣམ་པར་ཤེས་པ་
เล่ม ๑๐๔ · หน้า 182a
འགྲུབ་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པ་ལ་ལྟོས་ནས་ནུས་པ་འགྲུབ་པར་འགྱུར་བའོ། །དངོས་པོ་ལྟོས་གྲུབ་གང་ཡིན་པ། །ཞེས་བྱ་བ་ནི་རྣམ་པར་ཤེས་པའི་དངོས་པོའི་མཚན་ཉིད་ཅན་གང་ཡིན་པ་ནུས་པ་ལྟོས་ནས་འགྲུབ་པ་དེའོ། །དེའི་ཕྱིར་དེ་ལྟར་ན་ཞེས་
བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །དེ་ལྟར་མ་འོངས་པ་ལ་ནུས་པ་མེད་པར་བསྟན་ནས། ད་ནི་འདས་པ་ལ་ཡང་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འགགས་པའི་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་འགགས་པའི་
ནུས་པ་སྟེ་བག་ཆགས་ཡིན་ལ། དེ་སྨིན་པ་ལས་ཏེ། འབྲས་བུ་སྐྱེ་བ་ཡོངས་སུ་གྱུར་པའི་ཁྱད་པར་ལས་གལ་ཏེ་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེ་བར་འགྱུར་ན་ནི་དེའི་གཞན་གྱི་ནུས་པ་ལས་ཏེ། སྔོན་པོའི་ཤེས་པ་གཞན་གྱི་ནུས་པ་ལས་སྔོན་པོའི་རྣམ་པར་ཤེས་པ་གཞན་འབྱུང་བར་འགྱུར་
བ་ལས། དེ་ལྟར་ཡང་མི་རིགས་ཏེ། ཐམས་ཅད་ལས་ཐམས་ཅད་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་ནས་འགག་བཞིན་པའི་རྣམ་པར་ཤེས་པས་ཞེས་བྱ་བ་ནི་ད་ལྟར་བས་སོ། །འབྲས་
བུའི་དོན་དུ་ཞེས་བྱ་བ་ནི་སྔོན་པོའི་རྣམ་པར་ཤེས་པ་གཞན་སྐྱེ་བའི་དོན་དུའོ། །ནུས་པའི་ཁྱད་པར་གང་གཞག་པ་རྣམ་པར་ཤེས་པ་འགགས་པའི་ནུས་པ་སྨིན་པ་གང་ཡིན་པ་དེ་ལ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་ཤེས་པ་སྐྱེ་བའི་དོན་དུ་ནུས་པའི་ཁྱད་པར་གང་གཞག་པ་ཡོངས་སུ་སྨིན་པ་དེ་ལས་
སོ། །གཞན་གྱི་ནུས་པ་དེ་ལས་ཞེས་བྱ་བ་ནི་སྔར་གྱི་སྔོན་པོའི་རྣམ་པར་ཤེས་པའི་ནུས་པ་ལས་སོ། །གཞན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་སྔོན་པོའི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་པའོ། །གལ་ཏེ་སྔོན་པོ་ཤེས་པ་གཉིས་ཀ་ཡང་འདྲ་བའི་ཕྱིར་རྒྱུ་གཅིག་པ་ཡིན་
པས་གཞན་གྱི་ནུས་པ་ལས་གཞན་འབྱུང་བ་ཅི་ལྟར་འགྱུར་སྙམ་དུ་སེམས་ལ་བཞག་ནས་ཅིའི་ཕྱིར་ཞེ་ན་ཞེས་གསུངས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་རྒྱུན་དེར་རྒྱུན་ཅན་རྣམས་ཐ་དད་པར་ཡོད་དོ། །དེའི་ཕྱིར་ནུས་པ་གཞན་
เล่ม ๑๐๔ · หน้า 182b
ལས་གཞན་འབྱུང་བར་འགྱུར་རོ། །འདིའི་དོན་ནི་འདི་ཡིན་ཏེ། གལ་ཏེ་འདིར་རྒྱུན་རྟོགས་པར་བྱེད་ན་རྒྱུན་དེ་རྒྱུན་ཅན་ལས་ཐ་དད་པར་རྟོག་གམ། ཐ་མི་དད་པར་རྟོག །རེ་ཞིག་ཐ་དད་པ་ནི་མ་ཡིན་ཏེ། ཐ་དད་དུ་མི་སྣང་བའི་ཕྱིར་རོ། །ཐ་མི་དད་པ་ཡིན་ན་ནི་རྒྱུན་ཅན་ཁོ་ན་ཡིན་པས་དེ་
རྣམས་ཕན་ཚུན་ཐ་དད་པ་ཡིན་ན་གཞན་གྱི་ནུས་པ་ལས་གཞན་འབྱུང་བར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་སྐྱོན་དེ་ཉིད་སོ་ན་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཏ་ནུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏ་ནུ་ནི་རྒྱལ་པོ་ལའོ་ཞེས་བྱ་བའི་དབྱིངས་
འདི་ལ་རྐྱེན་བྱིན་པའི་སྒོ་ནས་བརྒྱུད་པས་ན་རྒྱུན་ཞེས་བྱ་བའི་རང་བཞིན་གང་ཡིན་པ་དེ་བརྗོད་པ་ཡིན་ནོ། །རྒྱུན་དེ་ཡང་ཅི་ལྟ་བུ་ཞེ་ན། རྒྱུ་དང་འབྲས་བུ་འབྲེལ་པར་འཇུག་པ་ན་ཞེས་བྱ་བ་གསུངས་ཏེ། རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དུ་གང་གནས་པའོ། །འདི་ནི་གཟུགས་དང་སྒྲ་ལ་སོགས་པ་
བཞིན་དུ་རྒྱུ་དང་འབྲས་བུ་མ་གྲུབ་པ་རྣམས་ལ་རྒྱུན་གཅིག་པ་ཉིད་བཀག་པ་ཡིན་ནོ། །བར་མེད་པར་རིམ་པར་རྣམ་པར་མ་ཆད་པར་གནས་པ་ཞེས་བྱ་བ་ལ། བར་མེད་པ་ནི་སྐད་ཅིག་གཞན་གྱིས་བར་མ་ཆད་པས་སོ། །རིམ་པར་ནི་ཅིག་ཅར་དུ་མ་ཡིན་པས་སོ། །རྣམ་པར་མ་ཆད་པར་གནས་
པ་ནི་རྒྱུན་ཆད་པ་མེད་པས་སོ། །འོ་ན་ནི་རིམ་པར་རྣམ་པར་མ་ཆད་པར་གནས་པ་དེ་ཡང་ཇི་ལྟར་ཞེ་ན་སྐྱེ་བ་དང་འཆི་བ་བརྒྱུད་པས་ཞེས་བྱ་བ་གསུངས་ཏེ། ལུས་གཅིག་དོར་ནས་ལུས་གཞན་(ལན་‚ལེན་)པའི་བརྒྱུད་པའི་སྒོ་ནས་སོ། །འདུ་བྱེད་ཀྱི་སྐད་ཅིག་དུས་གསུམ་པའི་ཉེ་བར་ལེན་པ་ཅན་ལ་བྱ་
བ་ཞེས་བྱ་བ་ནི་འདུ་བྱེད་རྣམས་ཀྱི་འདས་པ་དང་མ་འོངས་པ་དང་ད་ལྟར་བའི་སྐད་ཅིག་མ་གང་ཡིན་པ་དེ་ནི་ཉེ་བར་ལེན་པ་ཅན་ཡིན་ཏེ། དེ་ལ་བརྟེན་ནས་ཐ་སྙད་བྱེད་པའི་ཕྱིར་རོ། །འདིས་ནི་རྒྱུན་ཐ་དད་པ་ཉིད་ཡིན་པ་བཀག་པ་ཡིན་ནོ། །རླུང་གི་རྒྱུན་ལྟར་རྒྱུན་ཆགས་པ་ཞེས་བྱ་བ་ནི་ཇི་ལྟར་ཆུ་བོའི་
སྔ་མ་དང་ཕྱི་མའི་ཆུའི་སྐད་ཅིག་མ་སྔ་མ་དང་ཕྱི་མ་རྣམས་ལ་ཆུ་ཀླུང་གི་རྒྱུན་ཞེས་བརྗོད་པ་དེ་བཞིན་དུའོ། །དེ་ཞེས་བྱ་བ་ནི་རྒྱུན་ནོ། །རྒྱུན་གྱི་ཆ་ཤས་ཞེས་བྱ་བ་ནི་རྒྱུན་ལ་ཡོད་པའི་སྔོན་པོའི་ཤེས་པའི་སྐད་ཅིག་མ་རྣམས་སོ། །དེས་ན་རྒྱུན་གྱི་ཆ་ཤས་ཏེ། སྔོན་པོའི་ཤེས་པའི་ཡན་ལག་གོ། །རྫས་
เล่ม ๑๐๔ · หน้า 183a
ཀྱི་སྐད་ཅིག་ཅེས་བྱ་བ་ནི་སྔོན་པོའི་ཤེས་པའི་སྐད་ཅིག་གོ། །རྒྱུན་ཅན་ཞེས་བརྗོད་དོ་ཞེས་བྱ་བ་ནི་དེ་རྣམས་ལ་རྒྱུན་ཡོད་པ་ཡིན་པས་སོ། །དེ་དག་ཅེས་བྱ་བ་ནི་རྫས་ཀྱི་སྐད་ཅིག་མ་རྣམས་ལའོ། །གཞན་གྱིས་ཞེས་བྱ་བ་ནི་སེམས་ཙམ་པས་སོ། །དེས་ན་གཞན་ཉིད་གྲུབ་པ་
ཡིན་ནོ་ཞེས་བྱའོ། །གལ་ཏེ་རྒྱུན་ཅན་ཐ་དད་པར་ཡོད་དུ་ཟིན་ཀྱང་རྒྱུན་ནི་གཅིག་པ་ཉིད་ཡིན་ནོ་ཞེ་ན། བརྗོད་པར་རིགས་པ་ནི་མ་ཡིན་ཏེ། དེ་ལས་ཐ་དད་དུ་གྱུར་པའི་རྒྱུན་ཡོད་པ་ནི་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་པས་སོ། །ཅི་འདོད་པའི་ཕྱིར། འདིར་སྐྱོན་མ་ཡིན་ནོ་སྙམ་ན་ཞེས་བྱ་བ་ནི་གཞན་གྱི་ནུས་པ་
ལས་གཞན་འབྱུང་བར་འདོད་པ་ཁོ་ན་ཡིན་ནོ་སྙམ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་འདོད་ན་ཞེས་བྱ་བ་ནི་གཞན་གྱི་ནུས་པ་ལས་གཞན་སྐྱེ་བར་འདོད་ནའོ། །ཐམས་ཅད་ཐམས་ཅད་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་
གཞན་གྱི་ནུས་པ་ལས་གཞན་སྐྱེ་བར་འགྱུར་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ། །བཤད་ཟིན་པས་ཞེས་བྱ་བ་ནི་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གིས་སོ། །དེ་ལས་གཞན་གྱི་དོགས་པ་བསུ་བ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་
ཏེ་རྒྱུན་ཅན་ཐ་དད་པ་ཡིན་ཡང་དེ་ལྟར་ཡིན་ན་ཡང་དེ་དག་གི་རྒྱུན་གཅིག་པ་ཡིན་ནོ་ཞེས་པའོ། །དེ་དག་ལ་ཞེས་བྱ་བ་ནི་རྒྱུན་ཅན་རྣམས་ལའོ། །དེའི་ཕྱིར་ཉེས་པ་མེད་ཅེ་ན་ཞེས་བྱ་བ་ནི་གཞན་གྱི་ནུས་པ་ལས་གཞན་འབྱུང་བ་མེད་པས་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་སྐྱོན་མེད་དོ་ཞེས་
བྱའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུན་འདི་ནི་གཅིག་པ་ཁོ་ན་ཡིན་པས་ཞེས་བྱ་བ་ནི་སྔོན་པོའི་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ཅན་རྣམས་སོ། །གལ་ཏེ་དེ་ལྟར་ཡིན་ན་ཞེས་བྱ་བ་ལ་སོགས་པ་ནི་ལན་སྟོན་པ་ཡིན་ཏེ། གལ་ཏེ་
དེ་ལྟར་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རྒྱུན་གཅིག་པ་ཡིན་པར་གྲུབ་ནའོ། །འདི་ཉིད་མ་གྲུབ་པས་ན་ཞེས་བྱ་བ་ནི་རྒྱུན་གཅིག་པ་ཉིད་དོ། །འདི་ནི་བསྒྲུབ་བྱ་ཞིག་གོ་ཞེས་བྱ་བ་ནི་རྒྱུན་གཅིག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུན་གཅིག་པ་ཉིད་བསྒྲུབ་པར་བྱ་བ་ཉིད་
เล่ม ๑๐๔ · หน้า 183b
ཡིན་པ་ཅིའི་ཕྱིར་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། ཐ་མི་དད་རྒྱུན་སྐབས་མི་རིགས་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། རྒྱུན་ཐ་མི་དད་པའི་གོ་སྐབས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སྐབས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། བདག་གི་དངོས་པོ་ཕན་ཚུན་ཐ་དད་པ་རྣམས་ཞེས་བྱ་བ་ནི་སྔོན་པོའི་ཤེས་པའི་སྐད་ཅིག་མ་རྣམས་སོ། །རྒྱུན་ཐ་མི་དད་པའི་རྟེན་ཅན་ཉིད་དུ་ཡོད་པར་མི་འོས་ཏེ་ཞེས་བྱ་བ་ནི་ཐ་མི་དད་པའི་རྒྱུན་གྱི་རྟེན་ཉིད་དུ་གང་བརྟགས་པ་དེ་མི་རིགས་པའོ། །ཅིའི་ཕྱིར་མི་རིགས་ཤེ་ན། ལན་ནི་གཞན་ཡིན་
པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རྟེན་གྱི་སྐད་ཅིག་མ་རྣམས་ཐ་དད་པའི་ཕྱིར་རོ། །རྒྱུན་བཞིན་ནོ་ཞེས་བྱ་བ་ནི་ཅི་ལྟར་བྱམས་པ་དང་ཉེར་སྦས་ཀྱི་ཆོས་དག་རྒྱུད་གཅིག་ལ་བརྟེན་པ་མ་ཡིན་པ་དེ་བཞིན་དུ་སྐད་ཅིག་ཐ་དད་པ་ལ་བརྟེན་པའི་རྒྱུན་གཅིག་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་
ཕྱིར། བྱམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པའི་ཆོས་ནག་པོ་ཉིད་ལ་སོགས་པ་དང་། ཉེར་སྦས་ཀྱི་ཆོས་རྣམས་རྒྱུད་གཅིག་ཏུ་གཏོགས་པ་མ་ཡིན་ཏེ། བྱམས་པ་དང་ཉེར་སྦས་ཀྱི་རྒྱུད་དག་གཞན་དག་གིས་ཕན་ཚུན་ཐ་དད་པར་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཞན་ཉིད་ཀྱི་ཕྱིར་
ན་ཞེས་བྱ་བ་གསུངས་པ་ཡིན་ནོ། །གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ་ཞེས་བྱ་བ་ནི་གང་སྔོན་པོའི་ཤེས་པའི་སྐད་ཅིག་མ་རྣམས་རང་རང་གི་མཚན་ཉིད་ཀྱིས་སོ་སོར་ཡོད་པ་ཡིན་གྱི། གཞན་དུ་ན་སྐད་ཅིག་མ་རྣམས་ངོ་བོ་གཅིག་ཏུ་ཐལ་བར་འགྱུར་བས་སྐད་ཅིག་མ་གཅིག་ཏུ་འགྱུར་བས་སོ། །དེས་ན་ཐ་དད་
པ་ཡིན་ལ། དེ་ཡང་རྒྱུན་གཅིག་གི་རྟེན་དུ་རིགས་པ་མ་ཡིན་ནོ་ཞེས་པའོ། །དེ་བཞིན་དུ་འདིར་ཡང་ཞེས་བྱ་བ་ནི་སྔོན་པོའི་ཤེས་པའི་སྐད་ཅིག་མ་རྣམས་ལ་ཡང་ངོ་། །དེས་ན་ནུས་པ་སྨིན་པ་དང་མ་སྨིན་པ་དག་གིས་ཤེས་པ་སྐྱེ་བ་དང་མི་སྐྱེ་བ་དག་ཡིན་པར་མི་རིགས་པའོ། །ཡང་སེམས་ཙམ་པའི་འདོད་པ་
སྟོན་པ་ནི། དེ་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལུགས་བརྗོད་པ་ལྷུར་བྱས་པ་ཉིད་ཀྱིས་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་ལ་མིག་གི་དབང་པོའི་ཐ་སྙད་བྱེད་པ་དང་། ཤེས་པའི་རྣམ་པ་ཉིད་ལ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་ཡིན་ནོ་ཞེས་རང་གི་ལུགས་བརྗོད་པ་
เล่ม ๑๐๔ · หน้า 184a
གང་ཡིན་པ་དེ་ཉིད་ལྷུར་བྱས་པ་གང་ལ་ཡོད་པ་དེས་སོ། །མངོན་པར་འདོད་པའི་དོན་གྲུབ་པར་ཞེས་བྱ་བ་ནི་མིག་གི་དབང་པོ་དང་ཕྱི་རོལ་གྱི་དོན་མེད་ཀྱང་རྣམ་པར་ཤེས་པ་གྲུབ་པར་རོ། །མིག་བློའི་ཞེས་བྱ་བ་ལ་སོགས་པ་ནི་དོན་འདི་ནི་སྔར་བསྟན་དུ་ཟིན་ཀྱང་མིག་གི་དབང་
པོ་ལ་སོགས་པའི་རྣམ་གཞག་སྔར་མ་བསྟན་པ་དང་། རྣམ་པ་ལ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་ཡིན་ནོ་ཞེས་བྱ་བ་དེ་དག་སྔར་བསྟན་དུ་ཟིན་ཀྱང་ཞིབ་ཏུ་མ་བསྟན་པས་ཟློས་པའི་སྐྱོན་ཡོད་པ་མ་ཡིན་ནོ། །རང་གི་ནུས་པ་གང་ཞིག་ལས་དེ་མ་ཐག་ཏུ་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་
བའི་ནུས་པ་དེ་ལ་མིག་གི་བློ་སྐྱེ་བ་ཡིན་ནོ། །དེས་ན་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ནུས་པའི་སྐད་ཅིག་མ་ལ་མིག་གི་དབང་པོ་ཞེས་བྱ་བར་རྟོགས་པ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་
ནུས་པ་སྨིན་པ་ལ་མིག་གི་དབང་པོ་ཞེས་བརྗོད་པ་ཡིན་གྱི། བག་ཆགས་ལས་ཐ་དད་དུ་གྱུར་པའི་མིག་གི་དབང་པོ་ནི་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། མིག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཤེས་པ་གཞན་གྱིས་ཞེས་བྱ་བ་ནི་མིག་གི་
རྣམ་པར་ཤེས་པ་གཞན་གྱིས་སོ། །འཇིག་བཞིན་པས་ན་ཞེས་བྱ་བ་ནི་ད་ལྟར་བའོ། །དེའི་རྣམ་པའི་རྗེས་སུ་བྱེད་པའི་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་རྗེས་སུ་བྱེད་པའི་འོ། །ནུས་པའི་སྐད་ཅིག་མར་མེད་པ་གང་ཞིག་ལས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་ཡོངས་
སུ་སྨིན་པའི་མཚན་ཉིད་ཅན་ནུས་པའི་སྐད་ཅིག་མ་ལས་སོ། །རྒྱུར་གྱུར་པའི་ནུས་པའི་སྐད་ཅིག་མ་དེ་ལ་གཏི་མུག་གི་མིག་གི་དབང་པོ་ཡིན་ནོ་སྙམ་དུ་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་རྟེན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དབང་པོ་གཞན་ལ་ཡང་ངེས་པར་བྱའོ་ཞེས་བྱ་བ་ནི་རྣ་བ་ལ་
སོགས་པའི་དབང་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འདི་ན་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ཐ་སྙད་དུ་བྱེད་པ་ནའོ། །ཕྱི་གཟུང་བ་མེད་པར་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་ཀྱང་ངོ་། །རང་གི་ས་བོན་ལས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་སྨིན་པའི་མཚན་ཉིད་ཅན་གྱི་ས་
เล่ม ๑๐๔ · หน้า 184b
བོན་ལས་སོ། །སྔོ་སོགས་ཞེས་བྱ་བ་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་སྔོན་པོ་ལ་སོགས་པའི་རྣམ་པ་ཉིད་དུ་སྐྱེས་པ་ཡིན་ནོ་སྙམ་དུ་ཁོང་དུ་མ་ཆུད་པས་ཤེས་པའི་རྣམ་པ་ཁོ་ན་ལ་ཕྱི་རོལ་དུ་མངོན་པར་ཞེན་ནས་སེམས་ལས་ཐ་དད་དུ་གྱུར་པའི་ཕྱི་རོལ་གྱི་དོན་ཡོད་པ་ཡིན་ནོ་ཞེས་མངོན་པར་རྟོགས་
པ་ཡིན་གྱི། ཕྱི་རོལ་གྱི་དོན་ཡོད་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམར་པོའི་རྣམ་པ་ཅན་དུ་སྐྱེ་བ་ན་ཞེས་བྱ་བ་ནི་རང་བཞིན་གྱིས་དམར་པོ་ཡིན་པས་སོ། །ནོར་བུ་དག་ཅེས་བྱ་བ་ལ་སོགས་
པ་ནི་ཇི་ལྟར་ནོར་བུ་ཆུ་ཤེལ་ལ་སོགས་པའི་ཕྱི་རོལ་གྱི་ཉེ་བར་སྒྱུར་བ་ཚོན་རས་དམར་པོ་ལ་སོགས་པ་ལ་ལྟོས་པ་ཡིན་གྱི། དེ་བཞིན་དུ་བན་དུ་ཀ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་པའོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་བན་དུ་ཀ་ལ་སོགས་པ་རྣམས་ཀྱི་གང་གི་ས་བོན་དེས་བན་དུ་ཀ་དམར་པོ་བསྐྱེད་
པའི་ནུས་པ་འཕངས་པ་གང་ཡིན་པ་དེ་དང་ལྡན་པའི་མྱུ་གུ་ལ་སོགས་པའི་རྒྱུན་ལས་སོ། །རྣམ་པ་ཁྱད་པར་ཅན་ཉིད་དུ་སྐྱེ་བར་ཞེས་བྱ་བ་ནི་རང་གི་རྒྱུ་མ་ཡིན་པའི་དམར་པོའི་རྣམ་པ་གཞན་ལ་མ་ལྟོས་པར་རོ། །སྔོན་པོ་ལ་སོགས་པར་སྣང་བ་འབྱུང་བ་ཡིན་ལ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་
ཅན་ནོ། །དེའི་སྔོན་པོ་ལ་སོགས་པར་སྣང་བ་ཉིད་ཅེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བ་ཉིད་དོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོགས་མཐར་སྐྱེས་པའི་ཞེས་བྱ་བ་ནི་མཚོའི་འགྲམ་དུ་སྐྱེས་པའོ། །ཡོད་པ་ལྟ་བུར་དམིགས་མོད་ཀྱི། །
ཞེས་བྱ་བ་ནི་ཆུའི་ནང་ན་ཡོད་པ་བཞིན་དུ་སྣང་བའོ། །དེའི་ནང་ན་ཡོད་པ་ནི་མ་ཡིན་ན་ཞེས་བྱ་བ་ནི་པདྨ་རཱ་ག་ལ་སོགས་པ་དེ་ཆུའི་ནང་ན་ཡོད་པ་ནི་མ་ཡིན་པའོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཆུའི་ནང་ན་ཡོད་པའི་རིན་པོ་ཆེའི་རྣམ་པ་རིན་པོ་ཆེར་སྣང་བ་བཞིན་དུ་ཤེས་པའི་རྣམ་པ་ཁོ་ན་
ལ་ཕྱི་རོལ་དུ་མངོན་པར་ཞེན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །རྣམ་པ་གཅིག་ཏུ་ན་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་གཞན་གྱི་སྒོ་ནས་ཤེས་པའི་རྣམ་པ་ཁོ་ན་ལ་ཕྱི་རོལ་དུ་མངོན་པར་ཞེན་པ་སྟོན་པ་ཡིན་ཏེ། གཟུགས་
เล่ม ๑๐๔ · หน้า 185a
དོན་གཞན་མེད་པར་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་པར་རོ། །དེའི་རྣམ་པ་ཅན་སེམས་ཞེས་བྱ་བ་ནི་སྔོན་པོའི་རྣམ་པ་ཅན་གྱི་སེམས་འབྱུང་བ་ཡིན་པས་སོ། །རང་ནུས་སྨིན་ལས་ཞེས་བྱ་བ་ནི་ནུས་པའི་མཚན་ཉིད་ཅན་གྱི་རང་གི་རྒྱུ་སྨིན་པ་ལས་སོ། །དེ་ལ་ལན་བསྟན་པར་བྱ་
བའི་ཕྱིར། དེ་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། རྨི་ལམ་གྱི་དཔེའི་སྒོ་ནས་ཤེས་པའི་རྣམ་པ་ལ་ཕྱི་རོལ་དུ་མངོན་པར་ཞེན་པར་འདོད་པ་དེ་མི་འཐད་པའོ། །དེའི་རྒྱུ་མཚན་འདྲི་བ་ནི་ཅིའི་ཕྱིར་ཞེ་ན་ཞེས་བྱའོ། །དེ་ལ་ལན་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་མེད་པས་ནི་ཞེས་བྱ་
བ་ནི་རྨི་ལམ་ན་མིག་གི་བྱ་བ་མེད་པས་སོ། །རྨི་ལམ་དུ་ཞེས་བྱ་བ་ལ་སོགས་པས་ནི་སྔོན་པོ་ལ་སོགས་པར་སྣང་བ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའོ། །འདིར་ཞེས་བྱ་བ་ནི་སད་པའི་གནས་སྐབས་ན་ལོང་བ་ལ་སྔོན་པོ་ལ་སོགས་པར་སྣང་
བ་ཡིད་ཀྱི་རྣམ་པར་ཤེས་པ་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཏེ། ཅིའི་ཕྱིར་མི་སྐྱེ་བའོ། །གང་ལས་སྐྱེ་ཞེ་ན། རང་གི་ས་བོན་ནོ། །སྨིན་ལས་ཞེས་བྱ་བ་གསུངས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་ལས་ཞེས་བྱ་བའི་དོན་ཏོ། །དེ་ལ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་
ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་གི་རྣམ་པར་ཤེས་པའི་རྣམ་པ་དང་རྗེས་སུ་མཐུན་པར་སྐྱེ་ན་ཞེས་བྱ་བ་ནི་ཅི་ལྟར་མིག་གི་རྣམ་པར་ཤེས་པ་ཆེས་གསལ་བར་སྔོན་པོ་ལ་སོགས་པ་སྣང་བར་སྐྱེ་བ་དེ་བཞིན་དུ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཆེས་གསལ་བར་སྔོན་པོའི་རྣམ་པར་སྐྱེ་ནའོ། །དེ་ལྟ་བུ་
ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་རོ། །འདིའི་དོན་གལ་ཏེ་ཅི་ལྟར་རྨི་ལམ་གྱི་དཔེ་དོན་མེད་ཀྱང་དོན་གྱི་རྣམ་པ་ཅན་གྱི་སེམས་སྐྱེ་བ་ཅན་དུ་སྒྲུབ་ན་དེ་བཞིན་དུ་རྨི་ལམ་གྱི་དཔེས་ལོང་བ་ལ་ཡང་མིག་གི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པར་ཡིད་ཀྱི་རྣམ་པར་ཤེས་པ་ཅིའི་ཕྱིར་སྐྱེ་བར་མི་
འགྱུར་ཞེས་པའོ། །གང་གིས་ན་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམས་སོ། །གཉིས་ཀར་ཡང་ཞེས་བྱ་བ་ནི་རྨི་ལམ་དང་སད་པའི་གནས་སྐབས་དག་གོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དོགས་པ་བསུ་བ་ཡིན་ཏེ། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་མིག་གི་
เล่ม ๑๐๔ · หน้า 185b
རྣམ་པར་ཤེས་པའི་རྣམ་པ་དང་རྗེས་སུ་མཐུན་པའོ། །དེ་ཡང་ཞེས་བྱ་བ་ནི་ནུས་པ་སྨིན་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་མི་རིགས་སོ་ཞེས་བྱ་བ་གསུངས་ཏེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་ལ་ལྟོས་ནས་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ལ་གཉིད་ཀྱི་རྐྱེན་གྱི་སྟོབས་
ཀྱིས་རྨི་ལམ་ན་ནུས་པ་སྨིན་པ་ཡོད་ལ། སད་པ་ན་གཉིད་ཀྱི་རྐྱེན་མེད་པས་ནུས་པ་སྨིན་པ་མེད་པར་གལ་ཏེ་ཁྱོད་ཀྱིས་འདོད་པར་གྱུར་ན་ཞེས་བྱ་བ་ནི་ཕྱོགས་སྔ་མ་རྗེས་སུ་བརྗོད་པའོ། །ཅི་ལྟར་སད་པའི་གནས་སྐབས་ན་ལོང་བ་ལ་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ནུས་པ་སྨིན་པ་མེད་པ་དེ་
བཞིན་དུ་རྨི་ལམ་གྱི་ཚེ་ཡང་དྲུག་པ་ནུས་པ་མེད་ཅེས་ཅིའི་ཕྱིར་མི་རྟོགས་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དྲུག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་ཚུལ་ཙམ་ཁོ་ནས་ཞེས་བྱ་བ་ནི་ཚིག་ཙམ་ལས་མ་གཏོགས་པའི་རིགས་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་
བའི་ཐ་ཚིག་གོ། །ངེད་ཅག་གིས་ཚིག་གིས་ཀྱང་འདོད་པར་བྱ་དགོས་ཞེས་སྦྱར་བར་བྱའོ། །ཅི་འདོད་ཅེ་ན། འདི་ན་ཅི་ལྟར་སད་པ་ལ་རྣམ་པ་དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་སད་པ་བཞིན་དུའོ། །དེ་ལ་གཞན་དག་ན་རེ་ནུས་པ་སྨིན་པའི་ལྷན་ཅིག་བྱེད་
པའི་རྐྱེན་ནི་གཉིད་ཡིན་ལ། དེས་ན་སད་པའི་གནས་སྐབས་ན་དེ་མེད་པས་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་མེད་པ་ཡིན་ལ། རྨི་ལམ་ན་ནི་རྐྱེན་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་ལོང་བ་འདི་ལ་གཉིད་ལོག་པའི་སྐྱེས་བུ་བཞིན་དུ་མིག་གི་བྱ་བ་མེད་དུ་ཟིན་ཀྱང་མིག་མེད་པ་དེ་ནི་དེའི་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་བག་ཆགས་སྨིན་པའི་རྐྱེན་མ་ཡིན་ལ། དེ་བཞིན་དུ་རྨི་ལམ་ན་གཉིད་ཡོད་དུ་ཟིན་ཀྱང་མིག་གི་རྣམ་པར་ཤེས་
པའི་རྣམ་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བའི་བག་ཆགས་ཡོངས་སུ་སྨིན་པའི་རྐྱེན་ཡིན་པར་མི་འགྱུར་རོ་ཞེས་ངེས་པར་བགྱིས། འདིའི་དོན་ནི་གཉིས་ཀ་ལ་ཡང་མིག་མེད་པར་མཚུངས་སུ་ཟིན་ཀྱང་གཅིག་ལ་ནི་མིག་གི་རྣམ་པར་ཤེས་པའི་རྣམ་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་
เล่ม ๑๐๔ · หน้า 186a
པར་ཤེས་པ་སྐྱེ་བར་འགྱུར་ལ། གཅིག་ལ་ནི་མི་འགྱུར་བས་མིག་མེད་པ་ནི་རྒྱུ་མ་ཡིན་ལ། དེ་བཞིན་དུ་གཉིད་ཡོད་སད་དུ་ཟིན་ཀྱང་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ན་གཉིད་ཀྱི་རྒྱུ་ཅན་མ་ཡིན་ནོ་ཞེས་ངེས་པར་གྱིས་ཞེས་པའོ། །དེ་འགྲེལ་པས་བསྟན་
པར་བྱ་བའི་ཕྱིར། རྨི་ལམ་མཐོང་བས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨི་ལམ་མཐོང་བས་ནི་ཞེས་བྱ་བ་ནི་ཆོས་ཅན་ནོ། །སད་པའི་གནས་སྐབས་ཀྱི་ལོང་བ་ལྟར་ཞེས་བྱ་བ་ནི་ཅི་ལྟར་གཉིད་སད་པའི་ལོང་བ་ལ་མིག་གི་བྱ་བ་མེད་པས་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་
བ་སྟེ་དཔེ་དེ་བཞིན་དུའོ། །རྣམ་པར་ཤེས་པ་དེའི་རྟེན་དབང་པོའི་བྱེད་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དེའི་རྟེན་མིག་གི་དབང་པོ་ཡིན་ལ་དེའི་བྱ་བ་མེད་པ་སྟེ། མིག་གི་དབང་པོའི་བྱ་བ་མེད་པའི་ཕྱིར་ཞེས་པ་གཏན་ཚིགས་སོ། །རྣམ་པར་ཤེས་པ་མིག་གི་དབང་པོ་ཞེས་བྱ་བ་
ལ་སོགས་པ་ནི་ཕྱི་རོལ་གྱི་དབང་པོ་མེད་པས་ནུས་པའི་མིང་ཅན་གྱི་མིག་གི་དབང་པོ་གང་ཡིན་པ་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་སྟེ་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པའི་རྗེས་སུ་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་དང་མཚུངས་པའི་ཡིད་ཀྱི་རྣམ་
པར་ཤེས་པའོ། །དེའི་ནུས་པ་ནི་རྒྱུར་གྱུར་པའི་བག་ཆགས་སོ། །དེ་སྨིན་པ་ནི་འབྲས་བུ་སྐྱེད་པ་ལ་མངོན་དུ་ཕྱོགས་པའོ། །དེ་ཡོངས་སུ་འགྱུར་བ་ནི་དེ་ལས་སྐྱེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ། དེ་གང་ལ་ཡོད་པ་དེ་ལ་ཅན་ཞེས་བྱ་སྟེ། མིག་གི་རྣམ་པར་ཤེས་པ་དང་མཚུངས་པའི་ཡིད་ཀྱི་
རྣམ་པར་ཤེས་པ་དང་ལྡན་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་སྟེ་བསྒྲུབ་པར་བྱའོ། །དེས་ན་ཅི་ལྟར་ལོང་བ་ལ་མིག་མེད་པ་ཡིན་དུ་ཟིན་ཀྱང་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུར་མིག་མེད་པ་དེ་མི་འགྱུར་བ་དེ་བཞིན་དུ་རྨི་ལམ་ན་ཡང་གཉིད་ཡོད་དུ་ཟིན་ཀྱང་རྣམ་པར་ཤེས་པ་དེ་ལྟ་བུའི་རྒྱུ་ཉིད་དུ་འགྱུར་
བ་མ་ཡིན་ནོ་ཞེས་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་གཉིད་རྣམ་པར་ཤེས་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་པ་དེའི་ཕྱིར་རོ། །རྨི་ལམ་དུ་ཡང་ཞེས་བྱ་བ་ནི་རྨི་ལམ་གྱི་གནས་སྐབས་ན་ཡང་ངོ་། །དེ་དངོས་ཞེས་བྱ་བ་ནི་གང་རྨི་ལམ་གྱི་གནས་སྐབས་ན་
เล่ม ๑๐๔ · หน้า 186b
གཟུགས་མཐོང་བའི་རྒྱུ་གང་ཡིན་པའོ། །མིག་ཇི་ལྟ་བུ་ཞེ་ན། བརྫུན་པའི་སྤྱོད་ཡུལ་རྟོགས་པའི་རྒྱུ་ཞེས་བྱ་བ་སྨོས་ཏེ། སད་པ་ལ་ལྟོས་ནས་བརྫུན་པའི་སྤྱོད་ཡུལ་གཟུགས་གང་ཡིན་པ་དེ་རྟོགས་པའི་རྒྱུ་གང་ཡིན་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། རྣམ་པ་དེ་ལྟ་བུའི་ཡུལ་དང་ཞེས་བྱ་བ་ནི་རྨི་ལམ་དུ་ཉམས་སུ་མྱོང་བའི་ཡུལ་ལོ། །ཤེས་པ་རྣམ་པ་དེ་ལྟ་བུ་དང་ཞེས་བྱ་བ་ནི་རྨི་ལམ་ན་ཉམས་སུ་མྱོང་བའི་ཤེས་པ་གང་ཡིན་པའོ། །རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་རྨི་ལམ་གྱི་མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གང་ཡིན་པ་དེ་
ཁས་བླང་བར་བྱ་དགོས་ཀྱི། གཞན་དུ་ན་ལོང་བ་ལ་མིག་གི་རྣམ་པར་ཤེས་པ་ཅིའི་ཕྱིར་སྐྱེ་བར་མི་འགྱུར་ཞེས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྨི་ལམ་ན་གསུམ་ཆར་ཁས་བླང་བར་བྱ་དགོས་པ་དེའི་ཕྱིར་རོ་ཞེས་པའོ། །འདི་ཡིས་ཞེས་བྱ་བ་ལ་སོགས་པ་ནི་དབུ་མ་ལ་སེམས་ཙམ་དུ་སྨྲ་
བས་ལན་གང་དང་གང་བཏབ་པ་དེའི་ལན་དེ་དང་དེ་སེམས་ཙམ་དུ་སྨྲ་བ་འདིའི་དམ་བཅའ་དང་མཚུངས་པར་མཐོང་བས་སེམས་ཙམ་དུ་སྨྲ་བ་འདི་སེལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དབུ་མ་པའི་
ཐལ་འགྱུར་ཡིན་ཏེ། སད་པའི་གནས་སྐབས་ན་གསུམ་ཆར་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཏེ། དམིགས་པ་ཡིན་པའི་ཕྱིར་རོ། །རྨི་ལམ་བཞིན་ནོ་ཞེས་དབུ་མ་པའི་བརྗོད་པ་ལ། སེམས་ཙམ་པ་ན་རེ་སད་པའི་དུས་ཀྱི་རྣམ་པར་ཤེས་པ་དོན་གྱིས་སྟོང་པ་ཡིན་ཏེ། རྨི་ལམ་གྱི་ཤེས་པ་བཞིན་དུ་ཤེས་པ་ཡིན་
པའི་ཕྱིར་དང་། དེ་བཞིན་དུ་སད་པའི་གནས་སྐབས་སུ་དམིགས་པའི་ཡུལ་ནི་བརྫུན་པའི་རང་བཞིན་ཅན་ཡིན་ཏེ། ཡུལ་ཡིན་པའི་ཕྱིར་རྨི་ལམ་གྱི་ཡུལ་བཞིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ཆོས་ཅན་གཞན་གྱི་དབང་མེད་ན་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་
ནི་བསྒྲུབ་པར་བྱ་བ་ཡིན་ལ། རྟེན་མེད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཡིན་ལ། རུས་སྦལ་གྱི་སྤུའི་གོས་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །དེ་བཞིན་དུ་རབ་རིབ་ཅན་གྱི་དཔེ་དག་གིས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་སད་པའི་རྣམ་པའི་རྣམ་པར་ཤེས་པ་ནི་དོན་གྱིས་སྟོང་པ་ཡིན་ཏེ། རྣམ་པར་ཤེས་
เล่ม ๑๐๔ · หน้า 187a
པ་ཡིན་པའི་ཕྱིར། །རབ་རིབ་ཅན་གྱི་ཤེས་པ་བཞིན། །ཞེས་བྱ་བ་ལ་སོགས་པས་རྣམ་པར་ཤེས་པ་དོན་གྱིས་སྟོང་པར་བསྒྲུབ་པའི་ཆེད་དུ་སེམས་ཙམ་དུ་སྨྲ་བས་ལན་གང་དང་གང་བརྗོད་པའི་ལན་དེ་དང་དེ་དབུ་མ་པས་དམ་བཅའ་བ་དང་མཚུངས་པར་མཐོང་ནས་རྩོད་པ་འདི་
ཟློག་པར་བྱེད་པ་ཡིན་ཏེ། འདི་ལྟར་སྔར་བསྟན་པའི་རྣམ་པས་རྨི་ལམ་གྱི་རྣམ་པར་ཤེས་པ་ལ་དོན་གྱིས་སྟོང་པ་ཉིད་དང་། བརྫུན་པའི་ཡུལ་ཅན་དུ་མ་གྲུབ་པ་དང་། གཞན་གྱི་དབང་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་། རུས་སྦལ་གྱི་སྤུའི་གོས་ཀྱང་བཏགས་པའི་དངོས་པོར་ཡོད་པས་
མེད་པར་མ་གྲུབ་པའི་ཕྱིར་དང་། རབ་རིབ་ཅན་ལ་སོགས་པའི་ཤེས་པ་ཡང་སྔར། དེ་བློ་ལ་ལྟོས་གཉིས་ཀར་བདེན་པ་སྟེ། །ཞེས་གསུངས་པས་ཐམས་ཅད་ལ་ཡུལ་མེད་པར་མ་གྲུབ་པས་ལན་ཐམས་ཅད་དམ་བཅའ་བ་དང་མཚུངས་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ལུང་གིས་གནོད་པ་ལ་སོགས་
པའི་ཉེས་པ་ཡང་སྲིད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རྗེས་སུ་དཔག་པའི་གནོད་པ་བསྡུ་བར་བྱའོ། །ལུང་གི་གནོད་པ་མེད་པ་ཉིད་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲིད་པ་གསུམ་ནི་བཏགས་པ་ཙམ། །ཞེས་བྱ་བ་ནི་ཁམས་གསུམ་པ་ཐམས་
ཅད་ཐ་སྙད་ཙམ་མོ། །ངོ་བོ་ཉིད་ཀྱི་དངོས་པོ་མེད། །ཅེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྒོ་ནས་དངོས་པོ་ཡོད་པ་མ་ཡིན་ཏེ། ངོ་བོ་ཉིད་ལ་འཇིག་པ་མེད། །ཅེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྒོ་ནས་དངོས་པོ་ཡོད་པ་མ་ཡིན་ཏེ། ངོ་བོ་ཉིད་ལ་འཇིག་པ་མེད་པའི་ཕྱིར་རོ། །བཏགས་པ་ཞེས་བྱ་བ་ལ་སོགས་པ་ནི་རེ་ཞིག་དངོས་པོ་
ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་བཏགས་པ་དེ་ཉིད་ལ་རྟོག་གེ་པ་ངན་པ་དངོས་པོའི་རང་བཞིན་དུ་ཕྱིན་ཅི་ལོག་ཏུ་རྟོགས་ནས་དངོས་པོའི་རང་བཞིན་དུ་རྟོག་པར་བྱེད་དོ། །རང་བཞིན་མེད་ཅིང་ཞེས་བྱ་བ་ནི་དངོས་པོ་ལ་ཅི་འགོག་པའོ། །རྣམ་རིག་མེད་ཅེས་བྱ་བ་ནི་གཞན་དབང་གི་མཚན་ཉིད་ཅན་གྱི་རྣམ་པར་ཤེས་
པ་ལ་འགོག་པའོ། །ཀུན་གཞི་མེད་ཅིང་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་འགོག་པའོ། །དངོས་མེད་ན་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པའི་རང་བཞིན་ཅན་ཉིད་དུ་བཏགས་པ་འགོག་པའོ། །བྱིས་པ་ངན་པ་རྟོག་གེ་བ། །ཞེས་བྱ་བ་ནི་རང་བཞིན་ཕྱིན་ཅི་ལོག་ཏུ་རྟོག་པར་བྱེད་པའི་བྱིས་པ་རྣམས་ཀྱི་དངོས་
เล่ม ๑๐๔ · หน้า 187b
པོ་ལ་སོགས་པ་འདི་དག་བཏགས་པའོ། །དེ་ཉིད་ཀྱི་ཕྱིར་རོ་དང་འདྲ་བ་ཞེས་བྱ་བ་གསུངས་ཏེ། སྙིང་པོ་མེད་པར་སྤྱོད་པས་སྟོང་པའི་ཕྱིར་རོ། །གལ་ཏེ་སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱི་དངོས་པོ་མེད། །ཅེས་བྱ་བ་ལ་སོགས་པ་དངོས་པོ་བཀག་པ་དེ་ནི་གཞན་དབང་ལ་གཟུང་བ་དང་འཛིན་པའི་
དངོས་པོ་བཀག་པ་ལ་དགོངས་ནས་གསུངས་པའི་ཕྱིར་ལུང་དང་འགལ་བ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གཅིག་ལ་གཅིག་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་ལ་སྟེ་གཞན་དབང་ལ་གཅིག་མེད་པ་སྟེ་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་གྱི་དངོས་པོ་
མེད་པ་གང་ཡིན་པའོ། །དེ་དག་གིས་སྟོང་པ་ཉིད་ཀྱི་དངོས་པོ་མེད་པ་ཉིད་དུ་གལ་ཏེ་བརྗོད་ན་དེ་ཡང་མི་རིགས་པའོ། །དེ་ལ་ལུང་གི་སྒོ་ནས་མི་རིགས་པ་ཉིད་དུ་སྟོན་པ་ནི་བློ་གྲོས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་ཐ་ཤལ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ནང་ན་དམན་པ་སྟེ། དེས་
འཁོར་བའི་ས་བོན་དུ་གྱུར་པའི་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་རྟོག་པ་རྣམས་ལྡོག་པར་མི་འགྱུར་བས་སོ། །གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་རིགས་པ་དང་འགལ་བར་སྟོན་པ་ནི། བ་ལང་རྟ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་བ་ལང་རྟ་མ་ཡིན་ནོ་ཞེས་བརྗོད་
པ་ན་བ་ལང་རྟ་མ་ཡིན་པ་ཉིད་དུ་འགྲུབ་ཀྱི། བ་ལང་རྟ་མ་ཡིན་པ་ཉིད་དུ་མི་འགྱུར་ཏེ། བ་ལང་གི་ངོ་བོ་ཉིད་དུ་ནི་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དབང་ལ་གཟུང་བ་དང་འཛིན་པ་བཀག་པས་གཞན་དབང་གི་ངོ་བོ་ཉིད་དུ་ཡོད་པས་དངོས་པོ་མེད་པ་ཉིད་དུ་ནི་མི་འགྲུབ་པོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །
ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གལ་ཏེ་རྣམ་པར་ཤེས་པའི་རང་བཞིན་འགྲུབ་པར་འགྱུར་ན་དེའི་ཚེ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ཀྱིས་དངོས་པོ་རྣམས་ལ་རང་བཞིན་མེད་པ་ཉིད་རིགས་པ་ཡིན་གྱི། འོན་ཀྱང་བདག་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པས་དངོས་པོའི་རང་བཞིན་
བཀག་པའི་ཕྱིར་གཞན་གྱི་དབང་ཡོད་པ་མ་ཡིན་པས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ཀྱི་དངོས་པོ་མེད་པ་ཉིད་དུ་དེ་ཅི་ལྟར་བརྗོད་པར་བྱ་ཞེས་བརྗོད་པར་བྱའོ། །ཡང་ལུང་གི་སྒོ་ནས་མི་རིགས་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་སྟོང་
เล่ม ๑๐๔ · หน้า 188a
པ་ཉིད་སྟོན་པའི་གནས་སྐབས་ལའོ། །དབང་པོ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པ་ཞེས་བྱ་བ་ནི་དབང་པོ་རྣམས་སྟོང་པ་ཉིད་དུ་རྟོགས་པའི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལ་དབང་པོ་རྣམས་ལ་འཇུག་པ་ཉིད་བསྟན་པར་བྱ་བའི་ཕྱིར། དབང་
པོ་ཉི་ཤུ་རྩ་གཉིས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ཉི་ཤུ་རྩ་གཉིས་ཏེ། །ཞེས་བྱ་བ་ནི་མདོར་བསྟན་པའོ། །མིག་གི་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བསྟན་པའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔའི་རྟེན་དུ་གྱུར་པ་གཟུགས་ཀྱི་རྡུལ་ཕྲ་རབ་དང་
བ་ནི་མིག་གི་དབང་པོ་ལ་སོགས་པ་ལྔར་ཤེས་པར་བྱའོ། །རྣམ་པར་ཤེས་པ་དྲུག་འགགས་པའི་དེ་མ་ཐག་པ་འདས་པའི་སྐད་ཅིག་མ་ནི་ཡིད་ཀྱི་དབང་པོ་ཡིན་ནོ། །མདོམས་ཀྱི་ཕྱོགས་ཀྱི་དབང་པོའི་ཆ་གང་ཡིན་པ་དེ་ནི་མོའི་དབང་པོ་དང་པོའི་དབང་པོའོ། །གང་དྲོད་དང་རྣམ་པར་ཤེས་པ་གནས་པའི་
རྒྱུ་དེ་ནི་སྲོག་གི་དབང་པོའོ། །རྗེས་སུ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པ་དང་། བསམ་གཏན་གསུམ་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་ནི་བདེ་བའི་དབང་པོའོ། །གནོད་པར་བྱེད་པ་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པའི་ཚོར་བ་གང་
ཡིན་པ་དེ་ནི་སྡུག་བསྔལ་གྱི་དབང་པོའོ། །བསམ་གཏན་གསུམ་པ་ལས་གཞན་པའི་འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པའི་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་ཡིད་ཀྱི་བདེ་བའི་དབང་པོ་ཡིན་ཏེ་གཞན་ན་ཡིད་བདེ་བའི་དབང་པོ་མེད་པའི་
ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་རྗེས་སུ་མི་མཐུན་པའི་ཚོར་བ་ནི་ཡིད་མི་བདེ་བའི་དབང་པོའོ། །རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ནི་བཏང་སྙོམས་ཀྱི་
དབང་པོའོ། །བདེན་པ་དང་དཀོན་མཆོག་དང་ལས་དང་འབྲས་བུ་དག་ལ་ཡིད་ཆེས་པ་ནི་དད་པའི་དབང་པོའོ། །དགེ་བའི་ལས་ལ་སྤྲོ་བ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དམིགས་པ་མི་བརྗེད་པ་ནི་དྲན་པའི་དབང་པོའོ། །སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ཆོས་རྣམ་པར་འབྱེད་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด