མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) མ་ཧཱ་སཱུ་ཏྲ་ས་མུཙྪ་ཡ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๒ · หน้า 167b
སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོར་འགྱུར་ཏེ། གང་གི་ཕྱིར་འཇིག་རྟེན་པ་འཁོར་བ་འགྲུབ་པར་བྱེད་པ། དེ་དག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེད་པར་བྱེད་པར་འགྱུར་རོ། །རྣལ་འབྱོར་སྤྱོད་པ་བརྒྱ་སྟོང་ཕྲག་གང་དག་གིས་འཇིག་རྟེན་ལས་འདས་པའི་ལམ་
བསྒོམས་པས། གཟའ་དང་རྒྱུ་སྐར་དེ་དག་བསམས་ཏེ། ཡང་དག་པ་ཇི་ལྟ་བར་སོ་སོར་བརྟགས་ནས། རྒ་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་བྲལ་བའི་གོ་འཕང་འཐོབ་པར་འགྱུར་བ། རྟག་པ་རྒ་བ་མེད་པ། འཆི་བ་
མེད་པ། ཟག་པ་མེད་པའི་གོ་འཕང་མྱ་ངན་ལས་འདས་པ་འདི་ལ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བས་གདོན་མི་ཟ་བར་བསླབ་པར་བྱའོ། །སྡུག་བསྔལ་མི་འདོད་པས་འཁོར་བའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རྒྱུ་སྐར་སེམས་པ་དང་ལུས་སེམས་པ་བསྒོམ་པར་བྱའོ། །ཇི་སྐད་བཤད་པའི་ཐ་
མལ་པ་ཀུན་ནས་ཉོན་མོངས་པ་ཅན་ནི་མ་ཡིན་ནོ། །གང་ཞིག་ཤེས་ཀྱང་གཏན་དུ་བའི་བདེ་བ་བྱེད་པར་མི་འགྱུར། དགེ་བར་མི་འགྱུར། མྱ་ངན་ལས་འདས་པའི་མཐར་ཐུག་པར་བྱེད་པར་མི་འགྱུར་གྱི། དགེ་སློང་གི་བསམ་གཏན་དང་ཀློག་པའི་གེགས་བྱེད་པ་འབའ་ཞིག་ཏུ་འགྱུར་རོ། །དེ་ལྟར་ན་དགེ་
སློང་རྒྱུ་སྐར་སེམས་པ་དང་བརྩི་བ་ནི་སྨད་པར་འགྱུར་རོ་ཞེས་གསུངས་སོ། །ནམ་མཁའི་སྤྱན་གྱི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཅང་མ་སྨྲ་ཤིག །རིག་པའི་གནས་བཅུ་གཉིས་པོ་དེ་མ་ལུས་པར་འཇིག་རྟེན་ན་དར་བར་འགྱུར་བ་ནི་མེད་དོ། །དེའི་ཚེ་
གང་ཚངས་པ་དང་། གང་བརྒྱ་བྱིན་དང་། གང་ལྷ་དང་དྲང་སྲོང་རྣམས་ཀྱིས་བསྟན་པ་དེ་རབ་ཏུ་བྱུང་བ་རྣམས་ལ་རྗེས་སུ་མཐུན་པར་བསྟན་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། གང་དུ་འདུས་ནས་གསོད་པ་དང་། ཡན་ལག་དང་ཉིང་ལག་གཅོད་པ་དང་གྲོང་ཁྱེར་འཇིག་པ་དང་། ནོར་འཇིག་པ་དང་། གྲོགས་
པོ་འབྱེད་པ་དང་། གཡོག་འཁོར་འབྱེད་པ་དང་། གྲོང་འཇིག་པ་དང་། ཁྱིམ་འཇིག་པ་དང་། སྲོག་གཅོད་པ་ལ་བརྩོན་པ་ནས། ལོག་པར་ལྟ་བའི་བར་ལ་བརྩོན་པ་ཡོད་པའི་གཏམ་ནི་རབ་ཏུ་བྱུང་བ་ལ་རྗེས་སུ་མཐུན་པར་བརྗོད་པར་མི་བྱའོ་ཞེས་གསུངས་སོ། །རིན་པོ་ཆེའི་
เล่ม ๑๑๒ · หน้า 168a
ཏོག་གི་མདོ་ལས་ཀྱང་། ཀུན་དུ་རྟོག་པའི་སྤྱོད་ཡུལ་ཅན། །བྱིས་པ་གང་ལ་ཆགས་འདུག་པ། །དེ་ནི་བྱིས་པའི་རྨོངས་པ་སྟེ། །སེམས་ལ་གནས་ཤིང་རིམས་ནད་བཅས། །ཁྱི་དང་སྦྲུལ་དང་རུས་སྦལ་དང་། །སྲོག་ཆགས་གཞན་ཡང་རྣམ་མང་པོ། །སྐར་མ་རྒྱལ་ལ་
གང་སྐྱེས་པ། །དེ་དག་བདེ་ལ་བརྟེན་མ་ཡིན། །ཇི་ལྟར་བསམ་གཏན་རྫུ་འཕྲུལ་དང་། །ཐར་པ་ཁྱོད་ཀྱིས་རྙེད་པ་བཞིན། །ང་ཡང་ཐམས་ཅད་གཟིགས་པ་ན། །ཅི་ཕྱིར་ང་ལ་ཁྱོད་མི་འདྲི། །ཞེས་གསུངས་སོ། །སྟག་རྣའི་མདོ་ལས་ཀྱང་། བྲམ་ཟེ་བདེ་འགྲོར་འགྲོ་བ་ནི། །གལ་ཏེ་སྔགས་ཀྱིས་
འཐོབ་འགྱུར་ན། །གནག་དང་དཀར་བའི་ལས་རྣམས་ནི། །འདི་ནི་འབྲས་བུ་མེད་པར་འགྱུར། །གང་ཕྱིར་དཀར་དང་གནག་པ་དང་། །འབྲས་བུར་བཅས་པ་འགྲོ་བ་ལྔར། །སྨིན་པར་སྣང་བ་དེ་ཡི་ཕྱིར། །གྲགས་པ་ཆེན་པོ་ཚར་གཅོད་མིན། །ཞེས་གསུངས་སོ།། །།རྒྱལ་པོ་ལ་བརྟེན་པ་སྨད་
པ་ལ་དགོངས་པ་བསྟན་པ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང་། གཞན་ཡང་བསམ་གཏན་དང་ཀློག་པ་ལ་བར་ཆད་བྱེད་པའི་ཆོས་དགུ་པ་ཡོངས་སུ་སྤང་བར་བྱའོ། །དེ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་ལ་བརྟེན་པའོ། །དགེ་སྦྱོང་གིས་རྒྱལ་པོ་ལ་བརྟེན་པ་ནི་གནས་སྐབས་
ཐམས་ཅད་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ལ་བརྟེན་པ་ནི་ཡུལ་འཁོར་བ་ཐམས་ཅད་ཀྱིས་མཆོད་པར་མི་འགྱུར་རོ། །དགེ་སློང་རྒྱལ་པོ་ལ་བརྟེན་པ་དང་ལྡན་པ་དེ་ནི། ནོར་གྱི་ཚོགས་སམ་གྲོང་ཁྱེར་རམ་གྲོང་ངམ་རི་བྲགས་སམ། དེ་ལྟ་བུའི་རྣམ་པ་གཞན་ཅི་ཞིག་སློང་བར་བྱེད། གལ་ཏེ་དགེ་སློང་
དེ་སློང་བར་བྱེད་ན་འདོད་པ་མང་བར་འགྱུར་རོ། །ཡང་ན་མི་སློང་ན་དེ་དོན་མེད་པ་ལ་ཉོན་མོངས་པ་ལ་སྤྱོད་པར་འགྱུར་བ་དང་། བསམ་གཏན་དང་ཀློག་པ་ལས་ཉམས་པར་འགྱུར་རོ། །དེ་ཐར་པའི་ལམ་ལ་གནས་པ་ན་འཆིང་བའི་ལམ་དུ་འགྲོ་བར་འགྱུར་རོ། །དེ་ལྟར་ན་དགེ་སློང་གིས་རྒྱལ་པོ་
ལ་བརྟེན་པར་མི་བྱའོ། །དེ་ལ་བརྟེན་པ་ནི་འགྲོགས་པའོ། །མི་བསྟེན་པ་ནི་ཡོངས་སུ་སྤང་བ་སྟེ། སུ་ཞིག་ལ་བྱ། འདི་ལྟ་སྟེ། དཔེར་ན་སྡིག་པའི་གྲོགས་པོ་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་འདོད་པའི་ཡོན་ཏན་ལྔ་པོ་ཀུན་ནས་ཉོན་མོངས་པ་ཅན་དང་། ཚུལ་བཞིན་མ་ཡིན་པ་ཡིད་
เล่ม ๑๑๒ · หน้า 168b
ལ་བྱེད་པ་དང་། རྨུགས་པ་དང་གཉིད་དང་། བས་མཐའི་གྲོང་ན་གནས་པ་བསྟེན་པར་མི་བྱའོ། །ལེ་ལོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚུལ་འཆོས་ཅན་རྣམས་དང་འགྲོགས་པར་མི་བྱའོ། །ཞིམ་ལྟོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚོང་པ་དང་ལྷན་ཅིག་འདྲི་རྨེད་ཀྱང་མི་བྱའོ། །
ཟོལ་གྱིས་འཚོ་བ་རྣམས་དང་མ་ཡིན། རང་བཞིན་གྱིས་དྲི་མ་ཅན་དང་མ་ཡིན། ལྟ་བ་ལོག་པ་དང་མ་ཡིན། འགྱུར་བག་ཅན་དང་མ་ཡིན། ང་རྒྱལ་ཅན་དང་མ་ཡིན། ཁེངས་པ་དང་མ་ཡིན། ལྟུང་བར་གྱུར་ནས་ལངས་པ་དང་མ་ཡིན། རྒྱན་པོས་འཚོ་བ་དང་མ་ཡིན། ཆང་ཁང་བ་དང་མ་ཡིན། ཆང་ཚོང་
དང་མ་ཡིན། འཐབ་ཀྲོལ་ཅན་དང་མ་ཡིན། བུད་མེད་ལ་དད་ཆེ་བ་དང་མ་ཡིན། ཉོ་ཚོང་གིས་ཉེ་བར་འཚོ་བ་དང་མ་ཡིན། སྡང་མིག་ཅན་དང་མ་ཡིན། སྐྱེས་བུ་བྱ་མ་རྟ་དང་མ་ཡིན། བྱ་བ་དང་མ་ཡིན། སྤྲོས་པ་ཅན་རྣམས་དང་མ་ཡིན། མུ་སྟེགས་ཅན་ཞུགས་པ་དང་མ་ཡིན། སྐྱེ་བོ་ཐམས་
ཅད་དང་ཞེ་འགྲས་པ་རྣམས་དང་མ་ཡིན་ཏེ། ལྷན་ཅིག་ཏུ་འགྲོགས་པ་དང་ངག་བརྗོད་པའམ་ལམ་དུ་འགྲོགས་པ་ཡང་དགེ་སློང་གིས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞན་གྱི་སྐྱོན་རྣམ་པར་དག་པའི་སྐྱེས་བུའམ་རབ་ཏུ་བྱུང་བ་ལ་སྐྱེ་བོ་མང་པོ་དག་ཇི་ལྟར་གང་ཞིག་དེ་ལྟར་བསྟེན་པའམ་འགྲོགས་
པར་བྱེད་པ་ནི། ངེས་པར་དེ་ལྟ་བུའི་ངང་ཚུལ་ཅན་དུ་འགྱུར་རོ་ཞེས་སེམས་པར་བྱེད་དོ། །དེ་གཞན་གྱི་སྐྱོན་དེས་གོས་པར་བྱེད་དོ། །དེའི་ཕྱིར་དེ་དག་ལ་བརྟེན་པར་མི་བྱའོ། །ཁྱོད་ལ་རྒྱལ་པོ་ལ་བརྟེན་པས་ཅི་ཞིག་བྱ་སྟེ། དེ་ནི་རྣམ་པ་ཐམས་ཅད་དུ་སྨད་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་
དེས་ཚིགས་སུ་བཅད་པ་བཀའ་སྩལ་པ། འདི་ལྟ་སྟེ། དགེ་སློང་ནགས་ན་གནས་པ་ཡིས། །རྒྱལ་པོ་བསྟེན་པ་སྨད་པར་གྱུར། །ངུར་སྨྲིག་གང་ན་བསྟེན་པ་འདིའི། །གཡོག་བཞིན་ལག་གིས་འཚོ་གང་ན། །གང་ཞིག་ལྷས་ཀྱང་བསྟེན་བྱ་བའི། །དགེ་སློང་གིས་བསྟེན་འོས་མིན་ཏེ། །
གཙང་སྦྲ་སྟེན་བྱེད་ངང་པ་ནི། །རོ་དང་འགྲོགས་པར་འོས་མ་ཡིན། །ལུས་ངན་ང་ཡིར་འཛིན་མེད་ཅིང་། །རེ་བ་མེད་པར་སྤྲོས་མེད་པ། །འཁོར་བའི་འཇིགས་པས་འཇིགས་མེད་པས། །རྒྱལ་པོ་བསྟེན་པ་མཛེས་མ་ཡིན། །ནགས་དང་དགོན་པ་དུར་ཁྲོད་དང་། །ལྟེང་ཀ་རི་ཡི་ས་ཕྱོགས་
เล่ม ๑๑๒ · หน้า 169a
ན། །གནས་པའི་དགེ་སློང་རབ་མཛེས་ཀྱི། །རྒྱལ་པོའི་ཁབ་བསྟེན་མ་ཡིན་ནོ། །དེ་ལྟར་རྒྱལ་པོ་ལ་བརྟེན་པ་ཐབས་དུ་མས་སྨད་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་ཐམས་ཅད་ཀྱིས་སྨད་དོ། །གལ་ཏེ་དགེ་སློང་གིས་བྱ་བ་ནི་ཡེ་ཤེས་ཀྱི་རྒྱལ་པོ་བསྟེན་པར་བྱའོ། །དེ་ནི་གཏན་
དུ་བའི་ཞི་བ་བསྟེན་པར་འགྱུར་རོ། །གདོན་མི་ཟ་བར་ལེགས་པ་འཐོབ་པར་འགྱུར་རོ། །དེ་བསྟེན་པའི་ཐབས་སུ་གྱུར་པ་ནི་འདི་ལྟ་སྟེ། བརྩོན་འགྲུས་བརྟེན་པ་ཉིད་དང་། ལས་གཞན་མེད་པ་ཉིད་དང་། བླ་མ་བསྟེན་པ་དང་། ཆོག་ཤེས་པ་ཉིད་དང་། རབ་ཏུ་བསྟེན་པ་དང་ལྡན་པ་དང་། རྟག་
ཏུ་སེམས་པ་དང་། མི་བརྐམ་པ་དང་། གོམས་པ་དང་། བླ་མ་ལ་འདྲི་བ་དང་། རབ་ཏུ་བསྟེན་པ་འཛིན་པ་དང་། དགེ་འདུན་ལ་འདུད་པ་ཉིད་དང་། སྙོམ་ལས་མེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་བསྟེན་པའོ། །འདི་དག་ནི་དགེ་སློང་གིས་ཡེ་ཤེས་ཀྱི་རྒྱལ་པོ་བསྟེན་པའི་ཐབས་ཡིན་
ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུངས་དེས་ཚིགས་སུ་བཅད་པ་བཀའ་སྩལ་པ། འདི་ལྟ་སྟེ། གོམས་དང་བླ་མ་ལ་གུས་དང་། །དེ་བཞིན་འདྲི་བ་ཉིད་དང་ནི། །སྦྱིན་དང་དེ་བཞིན་ཁྲིམས་བསྟེན་པ། །ཡེ་ཤེས་རྒྱལ་པོ་བསྟེན་པའོ། །འདི་ནི་ལྷར་བཅས་འཇིག་རྟེན་གྱི། །རྒྱལ་པོ་བདེ་བ་
སྟེན་བྱེད་པ། །སྲིད་པའི་འཆིང་བས་སྡུག་བསྔལ་གང་། །ཁས་འཆེ་རྒྱལ་པོ་མ་ཡིན་ནོ། །གང་ལ་སྡུག་བསྔལ་ཡོད་མིན་པ། །དེ་ནི་རྒྱལ་པོར་འགྱུར་བ་ཡིན། །གང་དག་སྡུག་བསྔལ་གྱིས་དཀྲིས་ཏེ། །འདི་ནི་ཇི་ལྟར་རྒྱལ་ཞེས་འོས། །དེ་ལྟར་ན་དགེ་སློང་གིས་ཡེ་ཤེས་ཀྱི་རྒྱལ་པོ་ལ་བརྟེན་
པར་བྱའི། ཐ་མལ་པ་ནི་མ་ཡིན་ཏེ། དེ་བསྟེན་པ་ན་བསམ་གཏན་དང་ཀློག་པ་ལས་ཉམས་པར་འགྱུར་རོ། །དེ་ཉམས་ན་སླར་ཡང་རྒྱལ་པོ་དེ་གང་དུ་འགྲོ་བའི་ཡུལ། དམྱལ་བ་དང་ཡི་དགས་དང་དུད་འགྲོར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་དགེ་སློང་གིས་སྐྱོན་དེ་དག་རིག་ནས་རྒྱལ་པོ་བསྟེན་
པར་མི་བྱའོ། །འདི་ནི་ནགས་ན་གནས་པ་རྣམས་ཀྱིས་སྨད་པ་སྟེ། དེའི་ཕྱིར་ཆོས་དགུ་པ་བསམ་གཏན་དང་ཀློག་པ་ལ་བར་ཆད་བྱེད་པ་འདི་ནི་སྨད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །འདུལ་བ་ལས་ཀྱང་། བཅུ་པོ་འདི་དག་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་སོ། །
เล่ม ๑๑๒ · หน้า 169b
བཅུ་གང་ཞེ་ན། དགེ་སློང་དག་འདི་ནི་རྒྱལ་པོ་བཙུན་མོ་དམ་པ་དང་ལྷན་ཅིག་འདུག་པར་གྱུར་ལ་དེར་དགེ་སློང་འཇུག་པ་ན། བཙུན་མོས་དགེ་སློང་མཐོང་ནས་འཛུམ་པར་བྱེད་ཅིང་། དགེ་སློང་ཡང་བཙུན་མོ་མཐོང་ནས་འཛུམ་པར་བྱེད་པ་དེའི་ཚེ་རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ། མ་ལ་འདི་གཉིས་ནི་བྱས་
སམ་བྱེད་པར་འགྱུར་རོ་སྙམ་མོ། །འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་དང་པོའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་བྱ་བ་མང་ཞིང་བྱེད་པ་མང་བ། བཙུན་མོ་གང་ཡང་རུང་བ་ལ་བགྲོད་དེ་བརྗེད་པ་ནི། དེས་དེ་མངལ་ཆགས་པར་གྱུར་པ་དེའི་ཚེ་རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ།
འདིར་རབ་ཏུ་བྱུང་བ་མ་གཏོགས་པ་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་གཉིས་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོའི་ཕོ་བྲང་འཁོར་དུ་རིན་པོ་ཆེ་གང་ཡང་རུང་བ་མ་
མཐོང་བ་དེའི་ཚེ་རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས་པར་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་གསུམ་པའོ། །དགེ་སློང་དག་གཞན་ཡང་
རྒྱལ་པོའི་ཕོ་བྲང་འཁོར་དུ་གསང་བའི་གྲོས་གང་ཡང་རུང་བ་ཕྱི་རོལ་དུ་ཐོས་པ་དེའི་ཚེ། རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས་པ་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་
དུ་འཇུག་པའི་ཉེས་དམིགས་བཞི་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོའི་ཕོ་བྲང་འཁོར་ན་བུ་ཕ་ལ་གསོལ་བ་འདེབས་པ་དེའི་ཚེ། དེ་དག་འདི་སྙམ་དུ་འགྱུར་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས་པར་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་
མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་ལྔ་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་དམའ་བ་ན་འདུག་པ་གནས་མཐོན་པོར་འཇོག་པ་དེའི་ཚེ། གང་དག་དེའི་ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ་འགྱུར་ཏེ། རྒྱལ་པོ་རབ་ཏུ་བྱུང་བ་དང་འདྲིས་པ་ཞིག་
เล่ม ๑๑๒ · หน้า 170a
སྟེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་དྲུག་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་མཐོན་པོ་ན་གནས་པ་གནས་དམའ་བ་ལ་འཇོག་པ་དེའི་ཚེ་གང་དག་དེའི་ཡིད་དུ་མི་འོང་བ་དེ་དག་འདི་
སྙམ་དུ་འགྱུར་ཏེ། རྒྱལ་པོ་རབ་ཏུ་བྱུང་བ་དང་འདྲིས་པ་ཞིག་སྟེ་རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་བདུན་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་དུས་མ་ཡིན་པར་བསྟེན་པ་ལ་སྦྱོར་བ་དེའི་ཚེ་གང་དག་དེའི་
ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ་འགྱུར་ཏེ། རྒྱལ་པོ་ནི་རབ་ཏུ་བྱུང་བ་དང་འདྲིས་པ་ཞིག་སྟེ་རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་བརྒྱད་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོའི་དཔུང་གི་སྡེ་ཉེ་བར་སྦྱར་ཏེ་
ལམ་བར་ནས་ཟློག་པར་བྱེད་པ་དེའི་ཚེ། གང་དག་དེའི་ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ་འགྱུར་ཏེ། རྒྱལ་པོ་ནི་རབ་ཏུ་བྱུང་བ་དང་འདྲིས་པ་ཞིག་སྟེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་དགུ་པའོ། །དགེ་སློང་དག་
གཞན་ཡང་རྒྱལ་པོའི་ཕོ་བྲང་དུ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་འཚེར་ཞིང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དགའ་བར་བྱ་བ་དག་ཡོད་པ་ན་འདི་དག་ནི་རབ་ཏུ་བྱུང་བ་ལ་ལེགས་པའི་ངོ་བོ་མ་ཡིན་པའོ། །དགེ་སློང་དག་འདི་ནི་རྒྱལ་པོའི་
ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་བཅུ་པའོ་ཞེས་གསུངས་སོ།། །།ཁྱིམ་པའི་སྦྱིན་པ་ལ་དགོངས་པ་བསྟན་པ། ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པ་ནི་སྦྱིན་པ་གཉིས་ལ་
གནས་པར་བྱའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་ལ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པས་ནི་རྗེས་སུ་ཆགས་པ་མེད་པ་དང་། ཁོང་ཁྲོ་བ་མེད་པས་སྦྱིན་པ་དེ་གཉིས་ལ་གནས་པར་བྱའོ། །ཤཱ་རིའི་བུ་
เล่ม ๑๑๒ · หน้า 170b
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པས་ནི་སྦྱིན་པ་རྒྱ་ཆེན་པོ་བཞི་ལ་གནས་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྨྱུ་གུ་སྦྱིན་པ་དང་། སྣག་ཚ་སྦྱིན་པ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྦྱིན་པ་ལ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པས་ནི་སྦྱིན་པ་བཞི་པོ་དེ་དག་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི་གཏོང་བ་གསུམ་ལ་གནས་པར་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། གཏོང་བ་དང་། གཏོང་བ་ཆེན་
པོ་དང་། ཤིན་ཏུ་གཏོང་བ་ལའོ། །དེ་ལ་གཏོང་བ་ནི་རྒྱལ་སྲིད་ཡོངས་སུ་གཏོང་བའོ། །གཏོང་བ་ཆེན་པོ་ནི་ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའོ། །ཤིན་ཏུ་གཏོང་བ་ནི་མགོ་དང་ལག་པ་དང་རྐང་པ་དང་མིག་དང་། པགས་པ་དང་། རུས་པ་དང་། རྐང་ཡོངས་སུ་གཏོང་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི་ཡོངས་སུ་གཏོང་བ་གསུམ་པོ་དེ་དག་ལ་གནས་པར་བྱའོ་ཞེས་གསུངས་སོ།། །།བདེན་པའི་རྣམ་པའི་མདོ་ལས་ཀྱང་། དེ་ལ་སྦྱིན་པ་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ལ་གང་ཡོད་པ་དེ་ཡོངས་སུ་
གཏོང་བར་བྱེད་དེ། དེ་ལག་པ་ཡོངས་སུ་གཏོང་བ་ཡིན། རྐང་པ་ཡོངས་སུ་གཏོང་བ་ཡིན། ལག་པ་དང་རྐང་པ་ཡོངས་སུ་གཏོང་བ་ཡིན། སྣ་ཡོངས་སུ་གཏོང་བ་ཡིན། མགོ་ཡོངས་སུ་གཏོང་བ་ཡིན། ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་ཡིན། བུ་ཡོངས་སུ་གཏོང་བ་ཡིན། བུ་མོ་
ཡོངས་སུ་གཏོང་བ་ཡིན། ཆུང་མ་ཡོངས་སུ་གཏོང་བ་ཡིན། སྲོག་ཡོངས་སུ་གཏོང་བ་ཡིན། ནོར་ཡོངས་སུ་གཏོང་བ་ཡིན། བདེ་བ་ཡོངས་སུ་གཏོང་བ་ཡིན། ལུས་ཡོངས་སུ་གཏོང་བ་ཡིན། དངོས་པོ་ཡོངས་སུ་གཏོང་བ་ཡིན། ཡུལ་ཡོངས་སུ་གཏོང་བ་ཡིན། རིན་པོ་ཆེ་ཡོངས་སུ་གཏོང་
བ་ཡིན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟར་སྦྱིན་པ་སྦྱིན་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པ་ཡིན་ནོ། །དེ་ལ་སྦྱིན་པ་ཤེས་པ་གང་ཞེ་ན། ཇི་ལྟར་ལྷུང་བཟེད་དུ་ཆུད་པ་དུས་སུ་སྦྱིན་པ་དང་། རུང་བ་སྦྱིན་པ་དག་སྦྱིན་
เล่ม ๑๑๒ · หน้า 171a
པར་བྱེད་དེ། ཇི་ལྟར་དགེ་སློང་རྣམས་ལ་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོ་སྨན་དང་། ཡོ་བྱད་རྣམས་ཡོངས་སུ་བཏང་ཞིང་མགྲོན་དུ་གཉེར་བར་བྱེད་དོ་ཞེས་གསུངས་སོ། །བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ལས་ཀུན་ཚད་མེད་པ་སྟེ། འདི་ལྟར་ཟས་ཀྱིས་བྲེལ་བ་རྣམས་ལ་ཚེ་དང་། སྤོབས་པ་དང་། བདེ་བ་དང་། སྟོབས་དང་། ཁ་
དོག་བརྟན་པའི་ཕྱིར་ཟས་སྦྱིན་ནོ། །བཏུང་བས་བྲེལ་བ་རྣམས་ལ་ཉོན་མོངས་པའི་སྲེད་པ་བསལ་བའི་ཕྱིར་བཏུང་བ་སྦྱིན་ནོ། །བཞོན་པས་བྲེལ་བ་རྣམས་ལ་བདེ་བ་དང་། རྫུ་འཕྲུལ་གྱི་དངོས་པོ་བསྡུ་བའི་ཕྱིར་བཞོན་པ་སྦྱིན་ནོ། །གོས་ཀྱིས་ཕོངས་པ་རྣམས་ལ་ཁྲེལ་བ་དང་། ངོ་ཚ་བ་དང་། ཁ་དོག་
མཛེས་ཤིང་དྲི་མ་སྦྱང་བའི་ཕྱིར་གོས་སྦྱིན་ནོ། །མེ་མར་གྱིས་ཕོངས་པ་རྣམས་ལ་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པར་བྱ་བའི་ཕྱིར་མེ་མར་སྦྱིན་ནོ། །སིལ་ཀྲོལ་གྱིས་བྲེལ་བ་རྣམས་ལ་སངས་རྒྱས་ཀྱི་རྣ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་སིལ་ཀྲོལ་སྦྱིན་ནོ། །སྤོས་དང་བྱུག་པས་བྲེལ་
བ་རྣམས་ལ་ཚུལ་ཁྲིམས་དང་ཐོས་པ་དང་། ཏིང་ངེ་འཛིན་གྱི་སྤོས་དང་བྱུག་པའི་ཕྱིར་སྤོས་དང་བྱུག་པ་སྦྱིན་ནོ། །ཕྲེང་བས་ཕོངས་པ་རྣམས་ལ་གཟུངས་དང་སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་འཐོབ་པའི་ཕྱིར་ཕྲེང་བ་སྦྱིན་ནོ། །ཕྱེ་མས་བྲེལ་བ་རྣམས་ལ་མི་འཕྲོགས་
པའི་གསུང་རབ་ཏུ་ཐོབ་པའི་ཕྱིར་ཕྱེ་མ་སྦྱིན་ནོ། །རོས་བྲེལ་བ་རྣམས་ལ་མི་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཏུ་འགྱུར་བ་ཐོབ་པའི་ཕྱིར་རོ་ཐམས་ཅད་སྦྱིན་ནོ། །ཁྱིམ་གྱིས་བྲེལ་བ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་གནས་དང་། དཔུང་གཉེན་དང་རྟེན་དང་། སྐྱབས་དང་
མགོན་གྱི་ཕྱིར་ཁྱིམ་སྦྱིན་ནོ། །མལ་གྱིས་བྲེལ་བ་རྣམས་ལ་སྒྲིབ་པ་ཐམས་ཅད་རབ་ཏུ་སྤང་བ་དང་། རྫུ་འཕྲུལ་གྱི་ཚངས་པའི་གནས་དེ་བཞིན་གཤེགས་པའི་གཟིམས་ས་འཐོབ་པའི་ཕྱིར་མལ་སྦྱིན་ནོ། །སྟན་གྱིས་བྲེལ་བ་རྣམས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ས་ཐམས་ཅད་
เล่ม ๑๑๒ · หน้า 171b
སྙིང་པོ་བྱང་ཆུབ་དང་རྡོ་རྗེའི་གདན་དུ་འགྱུར་བའི་ཕྱིར་སྟན་སྦྱིན་ནོ། །ཡོ་བྱད་ཀྱིས་བྲེལ་བ་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་གི་ཡོ་བྱད་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་ཡོ་བྱད་སྦྱིན་ནོ། །ནད་ཀྱི་རྐྱེན་སྨན་གྱིས་བྲེལ་བ་རྣམས་ལ་རྒ་ཤི་མེད་ཅིང་འཆི་བ་མེད་པའི་བདེ་བ་འཐོབ་པའི་ཕྱིར་སྨན་སྦྱིན་
ནོ། །བྱང་ཆུབ་སེམས་དཔའ་རྣམས་བདག་དབང་དང་རང་དབང་དང་། རང་བྱུང་གི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་བྲན་ཕོ་དང་བྲན་མོ་དང་ལས་བྱེད་པའི་མི་དང་། གཡོག་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཆོག་རྣམས་
ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། བྱི་རུ་དང་། རིན་པོ་ཆེ་ཐམས་ཅད་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷབ་ལྷུབ་དང་།
ཕྱང་ཕྲུལ་སྣ་ཚོགས་ཐམས་ཅད་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། རྟ་དང་། བ་ལང་དང་། ཤིང་རྟ་དང་། རྐང་ཐང་དང་། དགལ་བ་རྣམས་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་གྱི་
ཡན་ལག་དང་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཟའ་ཤིང་གི་ར་བ་དང་། གཞལ་མེད་ཁང་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། ཁང་པ་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དགའ་བར་འཚང་
རྒྱ་བའི་ཕྱིར་བུ་ཕོ་དང་། བུ་མོ་དང་། ཆུང་མ་སྡུག་པ་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དམ་པའི་ཆོས་ཀྱི་མཛོད་དང་། བང་བ་ཀུན་དགང་བའི་ཕྱིར་ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་རྣམ་
པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་བྱ་ཞིང་། སྙིང་པོ་བྱང་ཆུབ་ཏུ་འགྲོ་བའི་ཕྱིར། གྲོང་དང་། གྲོང་ཁྱེར་དང་། གྲོང་འདབ་དང་། ཡུལ་དང་། ཕོ་བྲང་དང་། རྒྱལ་པོའི་གནས་དང་། འཛམ་བུའི་གླིང་དང་། གླིང་བཞིའི་རྒྱལ་པོའི་
เล่ม ๑๑๒ · หน้า 172a
དབང་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་དགའ་བ་དང་མོས་པ་འཐོབ་པའི་ཕྱིར་དང་། བདེ་བ་དང་། དགའ་བ་དང་། བརྩེ་བ་ཀུན་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་གཙུག་ཏོར་བལྟར་མི་མངོན་པ་འཐོབ་པར་བྱ་བའི་ཕྱིར།
གཙུག་གི་ནོར་བུ་དང་ཅོད་པན་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དམ་པའི་ཆོས་ཀྱི་རྐང་པས་སྙིང་པོ་བྱང་ཆུབ་ཏུ་འགྲོ་བའི་ཕྱིར་རྐང་པ་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་ཀྱི་ལག་པ་སྦྱིན་པའི་ཕྱིར་ལག་མཐིལ་སྦྱིན་ནོ། །དབང་པོ་མ་
ཉམས་པར་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་རྣ་བ་དང་སྣ་སྦྱིན་ནོ། །སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པའི་སངས་རྒྱས་ཀྱི་མིག་དང་། ཆོས་ཀྱི་མིག་འཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མིག་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་
འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་འཐོབ་པར་བྱ་བའི་ཕྱིར་ཡན་ལག་གི་མཆོག་མགོ་བོ་བཏང་ཞིང་སྦྱིན་ནོ། །སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ཞིང་བཙལ་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཤ་
དང་ཁྲག་ཡོངས་སུ་བཏང་ཞིང་སྦྱིན་ནོ། །འཇམ་པ་དང་། སྣུམ་པ་དང་། ཕྲ་བ་དང་། མདོག་གསེར་གྱི་ཁ་དོག་ལྟ་བུར་ཀུན་སྦྱང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་པགས་པ་སྦྱིན་ཞིང་གཏོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟར་མི་ཆོགས་ཤིང་སྲ་
བ་དང་། སྐྱེས་བུ་མཐུ་བོ་ཆེ་ལྟར་བརྟན་པ་འཐོབ་པའི་ཕྱིར་རུས་པ་དང་རྐང་སྦྱིན་ནོ་ཞེས་བྱ་བ་ནས། སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པས་བསྒྲུབས་པ་སྐྱེ་དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མཚན་མ་མེད་པས་བསྒོམས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སྨོན་པ་མེད་
པས་རྟོགས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་འདུས་མ་བྱས་ལ་བསྔོས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་གཟུང་བ་ཤིན་ཏུ་ཟིན་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁམས་གསུམ་པ་དང་མ་འདྲེས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །
เล่ม ๑๑๒ · หน้า 172b
སྦྱིན་པ་དེ་ནི་རྣམ་པར་གྲོལ་བའི་འབྲས་བུའི་རྒྱུ་མཐུན་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བདུད་ཐམས་ཅད་ཤིན་ཏུ་ཆར་གཅོད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བྱེ་
བྲག་འཐོབ་པར་འགྱུར་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ལེགས་པར་བྱས་པ་གདོན་མི་ཟ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་སུ་སྤེལ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡང་དག་པར་བསྔོས་པ་སྟེ། དེའི་ཕྱིར་
ན་དེ་ནི་མི་ཟད་པའོ། །སྦྱིན་པ་དེ་ནི་སྙིང་པོ་བྱང་ཆུབ་ཀྱི་རྒྱན་གྱི་ཚོགས་སུ་དམིགས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སེམས་ཅན་ཐམས་ཅད་འཚོ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་སྟེ། དེའི་ཕྱིར་ན་དེ་ནི་མི་ཟད་པའོ། །
སྦྱིན་པ་དེ་ནི་མཐའ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡོངས་སུ་མ་གོད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཀུན་དུ་མ་ཞུགས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཚད་གཟུང་དུ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་
ཡངས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་གནས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐུག་པ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་དཔྱ་བ་སྟེ། དེའི་ཕྱིར་ན་དེ་མི་
ཟད་པའོ། །སྦྱིན་པ་དེ་ནི་མི་ཐུལ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཟིལ་གྱིས་མ་ནོན་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཏང་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་
ཕྱིར་བསྒྲུབས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །བཙུན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མི་ཟད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྦྱིན་
เล่ม ๑๑๒ · หน้า 173a
པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མི་འཇིགས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ལན་དུ་
ཕན་འདོགས་པ་ལ་མི་རེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། སྙིང་རྗེའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མི་བརྙས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། བསྟི་སྟང་གི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མཆོད་པ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་
ཚོགས་པ་རྣམས་ཡིན། མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་
དཔའ་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་རྣམས་འཛིན་ཅིང་ཀུན་ཆུབ་པར་བྱེད་དེ། རྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིན། ཤེས་ཀྱི་ཁེ་འདོད་པའི་ཕྱིར་མ་ཡིན། གྲགས་པ་འདོད་པའི་ཕྱིར་མ་ཡིན་ཏེ། གཞན་དུ་ན་དེ་འདི་ལྟར་སེམས་ཅན་དག་གི་སྡུག་བསྔལ་ཐམས་ཅད་ཇི་ལྟར་ཟད་པར་བྱ་
སྙམ་སྟེ། ཆོས་དེ་དག་ཀྱང་ཟང་ཟིང་མེད་པའི་སེམས་ཀྱིས་གཉིས་སུ་མེད་པར་གཞན་དག་ལ་ཡང་དག་པར་སྟོན་ཏེ། ཇི་ལྟར་ན་རྒྱལ་པོའམ། བློན་པོ་ཆེན་པོ་ལ་ཡང་དག་པར་སྟོན་པ་དེ་ལྟར་གདོལ་པའམ། གདོལ་བུ་ལ་ཡང་དག་པར་སྟོན་ན། དེ་མ་ཡིན་པ་གྲོང་བ་དང་། ཡུལ་
གྱི་མི་གཞན་དག་ལ་ལྟ་ཅི་སྨོས། ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་དེས་ཁེངས་པར་ཡང་མི་འགྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་འཇིགས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་
ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བདག་གིས་དབྱིག་པ་བོར་བ་དང་། མཚོན་ཆ་བོར་བ་ཡིན་ཏེ། གཞན་དག་ཀྱང་བསླབ་པ་དེ་ཉིད་ལ་འཇོག་གོ། །དེ་སེམས་ཅན་ཐམས་ཅད་ལ་ཕར་འདུ་ཤེས་པ་ཡིན། མར་འདུ་ཤེས་པ་ཡིན། བུར་འདུ་ཤེས་པ་ཡིན།
เล่ม ๑๑๒ · หน้า 173b
གཉེན་བཤེས་སུ་འདུ་ཤེས་པ་ཡིན། ཉེ་དུ་འམ་སྣག་གི་གཉེན་མཚམས་དག་ཀྱང་རུང་བར་འདུ་ཤེས་པའང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་ཀྱང་སྐྱེ་བ་འཕོ་བ་དེ་དང་དེ་དག་ཏུ་སེམས་ཅན་གྱི་རིས་སུ་གང་ཁྱེད་ཀྱི་ཕའམ། མའམ།
བུའམ། གཉེན་བཤེས་སམ། ཉེ་དུའམ། སྣག་གི་གཉེན་མཚམས་གང་ཡང་རུང་བའི་གནས་སུ་མ་གྱུར་པའི་སེམས་ཅན་དེ་ལྟ་བུ་མེད་དོ་ཞེས་གསུངས་སོ་སྙམ་ནས། དེ་སྲོག་ཆགས་སུ་གྱུར་པ་ཕྲ་མོའི་ཕྱིར་ཡང་བདག་གི་ཤ་དག་གིས་ཀྱང་ཕན་འདོགས་ན། སྲོག་ཆགས་ཆེན་པོ་
ཆེ་བ་གཞན་དག་ལ་ལྟ་ཅི་སྨོས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་འཇིགས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གང་དག་མི་དགེ་བའི་
ལས་རབ་ཏུ་བྱེད་པ་མཐོང་ན་དེ་དག་ཟང་ཟིང་གིས་སྡུད་ཅིང་། ཟང་ཟིང་གིས་བསྡུས་ནས་མི་དགེ་བའི་གནས་དེ་ནས་བསླང་སྟེ། དགེ་བའི་གནས་སུ་འགོད་དོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་སྦྱིན་པ་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་བོ། །བྱང་ཆུབ་
སེམས་དཔས་སྦྱིན་པ་སྦྱིན་ན་མི་དགེ་བའི་ཆོས་ཕྲག་དོག་དང་། སེར་སྣ་དང་ངན་སོང་གསུམ་སྤངས་པ་ཡིན་ནོ་ཞེས་གསུངས་ཏེ། དེ་བས་ན་བདག་གིས་དེ་བཞིན་གཤེགས་པའི་རྗེས་སུ་བསླབ་ཅིང་སྦྱིན་པ་སྦྱིན་པར་བྱའོ་སྙམ་སྟེ། དེ་སྦྱིན་པ་ཡང་སྦྱིན་ཞིང་སྦྱིན་པ་དེས་ཁེངས་པར་ཡང་མི་འགྱུར་ཏེ།
དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལན་དུ་ཕན་འདོགས་པ་ལ་མི་རེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ཡང་འདོད་པའི་ཕྱིར་སྦྱིན་པ་མི་སྦྱིན། ཕན་འདོགས་
སུ་རེ་བའི་ཕྱིར་མ་ཡིན། དོན་གྱི་ཕྱིར་མ་ཡིན། གཡོག་གི་ཕྱིར་མ་ཡིན། འཇིག་རྟེན་གྱི་ཚུལ་གྱི་ཕྱིར་མ་ཡིན་གྱི་གཞན་དུ་ན་འདི་སྙམ་དུ་སེམས་ཏེ། གང་བྱང་ཆུབ་སེམས་དཔའ་སྦྱིན་པའི་ངང་ཚུལ་ཅན་དུ་འགྱུར་བ་འདི་ནི་ཆོས་ཉིད་ཡིན་ནོ་སྙམ་སྟེ། དེ་དེའི་རྒྱུ་དེ་དེའི་རྐྱེན་དེའི་ཕྱིར་
เล่ม ๑๑๒ · หน้า 174a
ཕན་བཏགས་པའི་ལན་དུ་ཕན་འདོགས་པ་ཐམས་ཅད་ལ་མི་རེ་བར་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལན་དུ་ཕན་འདོགས་པ་ལ་མི་རེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་
ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་སུ་སྡུག་བསྔལ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། གཅེར་བུ་དང་། གོས་ངན་པ་དང་། བགོ་བ་ངན་པ་དང་། མགོན་མེད་པ་དང་། དཔུང་གཉེན་མེད་པ་དང་། སྐྱབས་མེད་པ་དང་། གནས་མེད་པ་དང་། རྟེན་མེད་པ་ལྟ་བུ་བསོད་
ནམས་མེད་པ་དག་མཐོང་ན། དེ་དག་ལ་སྙིང་རྗེ་བའི་སེམས་རབ་ཏུ་བསྐྱེད་ཅིང་། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་གང་དག་གི་ཕྱིར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་ནི་སྡུག་བསྔལ་བ། མགོན་མེད་པ། དཔུང་
གཉེན་མེད་པ། སྐྱབས་མེད་པ། གནས་མེད་པ། རྟེན་མེད་པ་འདི་དག་ཡིན་ཏེ། ཀུན་དུ་འཁྱམ་ན་ནམ་ཞིག་བདག་སེམས་ཅན་དེ་དག་གི་མགོན་དང་། དཔུང་གཉེན་དང་། སྐྱབས་དང་། གནས་དང་། རྟེན་དུ་འགྱུར་སྙམ་ནས་དེ་སྙིང་རྗེས་རབ་ཏུ་མི་བཟོད་དོ། །བདོག་ཅིང་ཡོད་པའི་
དངོས་པོས་སེམས་ཅན་དེ་དག་ལ་ཕན་འདོགས་སོ། །ཕན་བཏགས་པའི་མོད་ལས་སྐྱེས་པའི་དགེ་བའི་རྩ་བ་དེས་ཀྱང་ཁེངས་པར་མི་འགྱུར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་བརྙས་པའི་སྦྱིན་པ་ཕུན་
སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་བོར་བའི་སྦྱིན་པ་མི་སྦྱིན། བརྙས་ཤིང་སྦྱིན་པ་མི་སྦྱིན། གཤེ་ཞིང་སྦྱིན་པ་མི་སྦྱིན། ཉོན་མོངས་ཤིང་སྦྱིན་པ་མི་སྦྱིན། ཕྱུག་པས་རྒྱགས་ཤིང་དྲེགས་ཏེ་སྦྱིན་པ་མི་སྦྱིན། གྲགས་པ་འདོད་ཅིང་སྦྱིན་པ་མི་སྦྱིན། མང་དུ་
ཐོས་པས་རྒྱགས་ཤིང་དྲེགས་པས་སྦྱིན་པ་མི་སྦྱིན་གྱི་ཅི་སྦྱིན་པ་དེ་ཡང་བསྟི་སྟང་དུ་བྱས་ཤིང་སྦྱིན་པས་སྦྱིན་པར་བྱེད་དོ། །བཙུན་པར་བྱས་ཤིང་སྦྱིན་པ་སྦྱིན་པར་བྱེད་དོ། །རི་མོར་བྱས་ཏེ་མཆོད་ཅིང་རང་གི་ལག་ནས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་བརྙས་པའི་
เล่ม ๑๑๒ · หน้า 174b
སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསྟི་སྟང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སློབ་དཔོན་དང་། མཁན་པོ་དང་། བླ་མ་ལྟ་བུ་དང་། ཚངས་པ་མཚུངས་པར་སྤྱོད་པ་དག་མཐོང་ན། ལུས་ཀྱིས་གུས་པ་དང་
བཅས་པ་ཡིན། སེམས་ཀྱིས་རི་མོ་དང་བཅས་པ་ཡིན་ཏེ། དེས་གུས་པ་བསྐྱེད། རི་མོ་བསྐྱེད་ནས་གུས་པར་སྨྲ་བ་དང་། ཕྱག་འཚལ་བ་དང་། བསུ་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པའི་ལས་དག་བྱེད་དོ། །དེ་དག་གི་དགེ་བ་དང་ལྡན་པའི་བྱ་བ་དེ་དང་དེ་དག་ལ་ཡང་
གྲོགས་སུ་འགྱུར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་བསྟི་སྟང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཆོད་པ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་
བྱ་བ་དག་བྱེད་དེ། ཇི་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་ཅེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སྤོས་སམ། མེ་ཏོག་གམ། བདུག་པའམ། བྱུག་པའམ། ཕྱག་པའམ། སྐྱང་ནུལ་ལམ།
དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་འཆོས་པ་དག་གིས་ཏེ། དེ་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་ཆོས་ལ་བྱ་བ་དག་བྱེད་ཅེ་ན། དེ་ཆོས་ཉན་ཏོ། །ཀློག་གོ། །འཆང་ངོ་། །ཡི་གེར་འདྲིའོ། །ཁ་ཏོན་དུ་བྱེད་དོ། །ཀུན་ཆུབ་པར་བྱེད་དོ། །
སེམས་སོ། །མ་ལོག་པར་བསྒོམ་པའི་སྦྱོར་བས་གོམས་པར་བྱེད་དེ། དེ་ལྟར་ན་ཆོས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་ཅེ་ན། དེ་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་རྐྱེན་སྨན་དང་། ཡོ་བྱད་རྣམས་དང་། ཆུང་ངུ་ན་ཆུ་གྲང་མོ་ཕོར་གང་ཙམ་ཡང་དགེ་
འདུན་ལ་དབུལ་ཏེ། དེ་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མཆོད་པ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན།
เล่ม ๑๑๒ · หน้า 175a
སྦྱིན་པ་འདིས་བདག་ལྷའམ། ལྷ་ལ་ལ་ཞིག་ཏུ་ཤོག་ཅེའམ། རྒྱལ་པོའམ། རྒྱལ་པོ་ལ་ལ་ཞིག་ཏུ་ཤོག་ཅེའམ། དེ་ལྟར་སེམས་མི་བསྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་
དཔའ་ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་འདི་དག་ཇི་སྐད་དུ་བཤད་པ་ལ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ཏེ། དེ་སྦྱིན་པ་ཅི་དང་ཅི་སྦྱིན་ཡང་སྦྱིན་པ་དེ་དང་དེ་དག་ལ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་སོ་སོར་རྟོག་
པ་ལ་གང་འདི་སྦྱིན་པའི་ཉེས་པ་དང་། སྦྱིན་པའི་དྲི་མ་དང་། སྦྱིན་པའི་བར་དུ་གཅོད་པ་དེ་དག་མི་འབྱུང་སྟེ། དེ་ལྟར་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་ཕུན་སུམ་ཚོགས་
པ་རྣམས་ཡིན་ནོ་ཞེས་གསུངས་སོ།། །།བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། སྡོམ་ནི། ངོ་བོ་ཉིད་དང་ཐམས་ཅད་དང་། །དཀའ་བ་དང་ནི་སྒོ་ཀུན་དང་། །སྐྱེས་བུ་དམ་པ་ལྡན་པ་དང་། །དེ་བཞིན་རྣམ་པ་ཐམས་ཅད་དང་། །ཕོངས་ཤིང་འདོད་དང་ལྡན་པ་དང་། །འདི་དང་གཞན་
དུ་བདེ་འགྱུར་དང་། །རྣམ་པར་དག་དང་རྣམ་དགུ་སྟེ། །མདོར་ན་སྦྱིན་པ་དེ་ཡིན་ནོ། །འདི་ལ་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། སྦྱིན་པ་རྣམ་པ་དགུ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སྦྱིན་
པའི་ངོ་བོ་ཉིད་དང་། ཐམས་ཅད་སྦྱིན་པ་དང་། དཀའ་བའི་སྦྱིན་པ་དང་། ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་དང་། སྐྱེས་བུ་དམ་པའི་སྦྱིན་པ་དང་། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང་། ཕོངས་ཤིང་འདོད་པ་ལ་སྦྱིན་པ་དང་། འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་དང་། རྣམ་པར་དག་པའི་
เล่ม ๑๑๒ · หน้า 175b
སྦྱིན་པའོ། །དེ་ལ་སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང་། རང་གི་ལུས་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་། དེས་ཀུན་ནས་བསླང་བ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གི་ལས་
དང་། སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། སྡོམ་པ་དག་ལ་གནས་པ་དང་། འོངས་པ་མཐོང་ཞིང་འབྲས་བུ་ལ་ལྟ་བ་དང་། སུ་གང་འདོད་པ་དེ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་པ་ནི། བྱང་ཆུབ་སེམས་དཔའི་སྦྱིན་པའི་ངོ་བོ་ཉིད་ཡིན་པར་རིག་
པར་བྱའོ། །དེ་ལ་ཐམས་ཅད་སྦྱིན་པ་གང་ཞེ་ན། ཐམས་ཅད་ཅེས་བྱ་བ་ནི་མདོར་བསྡུ་ན། སྦྱིན་པར་བྱ་བའི་དངོས་པོ་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ། །དེ་ལ་རྐང་པ་ཡན་ཆད་རང་གི་ལུས་ཡོངས་སུ་གཏོང་བ་ནི། བྱང་ཆུབ་སེམས་དཔའི་ནང་གི་དངོས་པོ་ཡོངས་སུ་
གཏོང་བ་འབའ་ཞིག་པ་ཞེས་བྱའོ། །སེམས་ཅན་སྐྱུགས་པ་ཟ་བས་འཚོ་བ་རྣམས་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཟས་སྐོམ་ཟོས་འཐུངས་ཤིང་སྐྱུགས་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ནང་དང་ཕྱི་རོལ་གྱི་དངོས་པོ་འདྲེས་པའི་སྦྱིན་པ་ཞེས་བྱའོ། །ཇི་སྐད་
སྨོས་པ་འདི་ལས་མ་གཏོགས་པའི་ལྷག་མ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བ་ནི། ཕྱི་རོལ་གྱི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བ་ཁོ་ན་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ལུས་འདོད་པ་དག་ལ་མདོར་ན་རྣམ་པ་གཉིས་ཀྱིས་རང་གི་
ལུས་སྦྱིན་པར་བྱེད་དེ། ཅི་དགའ་མགུར་བྱེད་དུ་འཇུག་པས་གཞན་ལ་དབང་ཡོད་པ་དང་། གཞན་ལ་རག་ལས་པར་བྱེད་ཅིང་བདག་ཉིད་གཞན་དག་ལ་སྦྱིན་པར་བྱེད་དེ། དཔེར་ན་ལ་ལ་ཞིག་ཟས་དང་གོས་ཀྱི་ཕྱིར་གཞན་དག་ལ་བྲན་གྱི་དངོས་པོར་ཁས་ལེན་པ་དེ་བཞིན་དུ།
བྱང་ཆུབ་སེམས་དཔའ་ཟང་ཟིང་མེད་པའི་སེམས་དང་ལྡན་པ་ནི་བྱང་ཆུབ་དམ་པ་འདོད། ཕ་རོལ་དག་ལ་ཕན་པ་དང་བདེ་བར་འདོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འདོད་དེ། ཅི་དགའ་མགུར་བྱེད་དུ་འཇུག་ཅིང་གཞན་དག་ལ་དབང་ཡོད་པ་དང་
เล่ม ๑๑๒ · หน้า 176a
རག་ལུས་པར་བྱེད་པས་བདག་ཉིད་སྦྱིན་པར་བྱེད་པ་དང་། ལག་པ་དང་རྐང་པ་དང་མིག་དང་མགོ་བོ་དང་། ཡན་ལག་དང་ཉིང་ལག་རྣམས་འདོད་པ་དག་དང་། ཤ་དང་ཁྲག་དང་། རྒྱུས་པ་འདོད་པ་དང་། རྐང་གི་བར་དུ་འདོད་པ་དག་ལ་རྐང་གི་བར་དུ་སྦྱིན་པར་བྱེད་དོ། །བྱང་
ཆུབ་སེམས་དཔའ་རྣམས་ནི་རྣམ་པ་གཉིས་ཀྱིས་ཕྱི་རོལ་གྱི་དངོས་པོ་སེམས་ཅན་རྣམས་ལ་ཡོངས་སུ་གཏོང་སྟེ་ཅི་བདེར་ལོངས་སྤྱོད་དུ་གཞུག་པའི་ཕྱིར་བརྙན་པོར་སྦྱིན་པ་དང་། དེ་དབང་བར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་བཏང་བའི་སེམས་ཀྱིས་སྦྱིན་པར་བྱེད་དེ། འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་ནང་དང་
ཕྱི་རོལ་གྱི་དངོས་པོ་ཐམས་ཅད་བྱེ་བྲག་མེད་པར་རྣམ་པ་ཐམས་ཅད་དུ་སེམས་ཅན་རྣམས་ལ་སྦྱིན་པར་མི་བྱེད་དོ། །འོ་ན་བྱང་ཆུབ་སེམས་དཔའ་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམ་པ་གཉིས་ལས་ཅི་ཞིག་ནི་སེམས་ཅན་རྣམས་ལ་སྦྱིན་པར་བྱེད། ཅི་ཞིག་ནི་སྦྱིན་པར་མི་བྱེད། ཇི་ལྟར་ནི་སྦྱིན་པར་བྱེད་
ཇི་ལྟར་ནི་སྦྱིན་པར་མི་བྱེད་ཅེ་ན། ནང་དང་ཕྱི་རོལ་གྱི་དངོས་པོ་དེ་ལས་སྦྱིན་པ་གང་སེམས་ཅན་རྣམས་ལ་བདེ་བ་ཁོ་ནར་འགྱུར་གྱི། ཕན་པར་མི་འགྱུར་བའམ། ཡང་ན་བདེ་བར་ཡང་མི་འགྱུར་ལ། ཕན་པར་ཡང་མི་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའ་གཞན་དག་ལ་སྦྱིན་པར་མི་བྱེད་དོ། །
སྦྱིན་པ་གང་ཕན་པར་ནི་འགྱུར་ལ། བདེ་བར་འགྱུར་བ་ནི་མ་ངེས་པའམ། ཡང་ན་བདེ་བར་ཡང་འགྱུར་ལ། ཕན་པར་ཡང་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའ་གཞན་དག་ལ་སྦྱིན་པར་བྱེད་དེ། དེ་ལྟར་ན་འདི་ནི་སྦྱིན་པ་དང་མི་སྦྱིན་པའི་མདོར་བསྟན་པ་ཡིན་ནོ། །འདི་མན་
ཆད་ནི་རྒྱས་པ་རྣམ་པར་དབྱེ་བ་ཡིན་པར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ལ་གནོད་པར་བྱ་བ་དང་། ཕ་རོལ་ལ་བྲིད་པ་དང་། མི་རིགས་པས་བསྐྱེད་པས་བྱེད་དུ་བཅུག་ན་ཕ་རོལ་གྱི་དབང་དུ་བྱེད་པ་དང་། ཕ་རོལ་ལ་རག་ལས་པར་བྱེད་པར་བདག་ཉིད་སྦྱིན་
པར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་གཞན་དག་ལ་བདག་ཉིད་ཀྱི་སྲོག་ལན་བརྒྱའམ། ལན་སྟོང་ངམ། ལན་འབུམ་དུ་ཡོངས་སུ་གཏོང་བར་ཡང་ཁས་ལེན་མེད་ཀྱི། འོན་ཀྱང་ཕ་རོལ་གྱི་བསྒོ་བ་དང་། ཕ་རོལ་དགའ་བར་བྱ་བའི་ཕྱིར་ཕ་རོལ་ལ་གནོད་པའམ། ཕ་རོལ་བསད་
เล่ม ๑๑๒ · หน้า 176b
པའམ། ཕ་རོལ་བྲིད་པར་མི་བྱེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའི་སྦྱིན་པ་ལས་བརྩམས་ཏེ་བསམ་པ་དག་པ་ཡིན་དུ་ཟིན་ཀྱང་། དེ་ཡང་སེམས་ཅན་གྱི་དོན་བྱ་བ་མང་པོ་ཉེ་བར་གནས་པར་གྱུར་ན། རང་གི་ལུས་དང་། ཡན་ལག་དང་ཉིད་ལག་སློང་བ་བྱུང་ཡང་རང་གི་ལུས་དང་ཡན་
ལག་དང་ཉིང་ལག་རྣམས་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་ལས་བརྩམས་ཏེ་བསམ་པ་དག་པ་དེ་ནི་རྣམ་གྲངས་གང་གིས་ཀྱང་འདི་ནི་སྦྱིན་ནོ། །འདི་ལ་ནི་སྦྱིན་ནོ་སྙམ་དུ་སེམས་ཞུམ་པ་མེད་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་གང་
གི་ཚེ་བསམ་པ་དག་པར་བྱ་བའི་ཕྱིར་སེམས་ཅན་གྱི་དགོས་པ་བྱུང་བ་བཏང་སྙོམས་སུ་བྱས་ཏེ་སྦྱིན་པར་མི་བྱེད་ན། དེ་ནི་དེའི་བསམ་པ་དག་པ་ཡིན་པའི་ཕྱིར། སེམས་ཅན་གྱི་དགོས་པ་བྱུང་བ་བཏང་སྙོམས་སུ་བྱས་ཏེ་སྦྱིན་པར་མི་བྱེད་དོ། །བདུད་ཀྱི་རིས་ཀྱི་ལྷ་རྣམ་པར་ཐོ་འཚམས་པའི་
བསམ་པས་སློང་དུ་འོངས་པ་རྣམས་ལ་ཡང་དེ་དག་ཉིད་ལ་གནོད་པ་དང་། ཕུང་པོ་ཆེན་པོར་མི་འགྱུར་བར་བྱ་བའི་ཕྱིར་རང་གི་ལུས་དང་ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་དོ། །བདུད་ཀྱི་རིས་ཀྱི་ལྷ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ། དེས་བསླབས་པའི་སེམས་ཅན་རྣམས་ལ་ཡང་
དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྨྱོན་པ་དང་། སེམས་འཁྲུགས་པ་ལ་ཡང་རང་གི་ལུས་དང་། ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་དོ། །དེ་དག་ནི་རང་གི་སེམས་ལ་གནས་པར་ཡང་མ་ཡིན་ལ། འདོད་པའི་ཕྱིར་སློང་བ་ཡང་མ་ཡིན་ཏེ། དེ་ནི་དེ་དག་
གི་སེམས་ལ་རང་དབང་མེད་པའི་ཕྱིར་བླ་བརྡོལ་ཙམ་དུ་ཟད་པ་དེའི་ཕྱིར་སྦྱིན་པར་མི་བྱེད་དོ། །རྣམ་པ་དེ་དག་ལས་མ་གཏོགས་པར་དེ་དག་ལས་བཟློག་པའི་འདོད་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔས་རང་གི་ལུས་ཕ་རོལ་དབང་བར་བྱ་བ་ཙམ་གྱི་ཕྱིར། ཡན་ལག་དང་ཉིང་
ལག་དག་གསེ་ཞིང་ཡོངས་སུ་གཏོང་བར་ཡང་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་ནང་གི་དངོས་པོ་སྦྱིན་པ་དང་མི་སྦྱིན་པ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །ཕྱི་རོལ་གྱི་དངོས་པོ་ལས་ནི་བྱང་ཆུབ་སེམས་དཔས་དུག་དང་། མེ་དང་། མཚོན་ཆ་དང་། ཆང་སེམས་ཅན་རྣམས་
เล่ม ๑๑๒ · หน้า 177a
ལ་གནོད་པར་འགྱུར་བ་གང་ཡིན་པ་དེ་དག་ནི་བདག་ལ་གནོད་པར་བྱ་བ་འམ། ཕ་རོལ་ལ་གནོད་པར་བྱ་བའི་ཕྱིར་འདོད་དེ་སློང་ན། སློང་བ་རྣམས་ལ་ནི་སྦྱིན་པར་མི་བྱེད་དོ། །དུག་དང་མེ་དང་མཚོན་ཆ་དང་། ཆང་སེམས་ཅན་རྣམས་ལ་ཕན་པར་འགྱུར་བ་གང་ཡིན་
པ་དེ་དག་ནི་བྱང་ཆུབ་སེམས་དཔས་བདག་ལ་ཕན་པར་བྱ་བའམ། ཕ་རོལ་ལ་ཕན་པར་བྱ་བའི་ཕྱིར་འདོད་དེ་སློང་ན། སློང་བ་རྣམས་ལ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཡིད་བརྟན་པ་མ་ཡིན་པའི་རྫས་ཀྱང་གཞན་དག་ལ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྨྱན་བྱེད་
ཅིང་ཕ་རོལ་གྱི་ཆུང་མ་བཀུག་སྟེ་གཞན་དག་ལ་སྦྱིན་པར་ཡང་མི་བྱེད་དོ། །བཟའ་བ་དང་བཏུང་བ་སྲོག་ཆགས་དང་བཅས་པ་ཡང་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་དངོས་པོ་གང་དགའ་བ་དང་། རྩེ་བ་དང་ལྡན་པ་སེམས་ཅན་རྣམས་ལ་གནོད་པ་དང་ལྡན་
པ་དེ་ཡང་བྱང་ཆུབ་སེམས་དཔས་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བྱིན་ན་དེ་དག་བྱང་ཆུབ་སེམས་དཔའ་ལ་སེམས་དགའ་བ་ཙམ་སྐྱེ་བར་འགྱུར་མོད་ཀྱི། འོན་ཀྱང་སྦྱིན་པ་དེ་ནི་དེ་ལ་གནོད་པ་ཆེས་ཆེ་བར་བྱེད་པ་ཡིན་ཏེ། དེའི་རྒྱུས་དེ་རྒྱགས་པ་དང་། བག་མེད་
པ་དང་། ཉེས་པར་སྤྱོད་པ་ལ་ཞུགས་པས་ལུས་ཞིག་ནས་ངན་སོང་དག་ཏུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དགའ་བ་དང་། རྩེད་མོ་ལ་སོགས་པའི་དངོས་པོ་ཡིན་ལ། ངན་སོང་དུ་འགྲོ་བར་བྱེད་པ་ཡང་མ་ཡིན། མི་དགེ་བའི་རྩ་བ་སོགས་པར་འགྱུར་བ་ཡང་མ་ཡིན་ན་ནི་དེ་ལྟ་བུའི་
དགའ་བ་དང་། རྩེད་མོ་ལ་སོགས་པའི་དངོས་པོ་དེ་སེམས་དགའ་བར་བྱ་བའི་ཕྱིར་སློང་བ་རྣམས་ལ་སྦྱིན་པར་བྱེད་དེ། དངོས་པོ་དེས་ཀྱང་སྡུད་པ་དང་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སློང་བ་རྣམས་ལ་དགའ་བ་དང་། རྩེད་མོའི་དངོས་པོ་ཇི་ལྟ་བུ་ནི་
སྦྱིན་པར་མི་བྱེད། ཇི་ལྟ་བུ་ནི་སྦྱིན་པར་བྱེད་ཅེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་རི་དགས་གསད་པའི་ཐབས་བསླབ་པ་སྦྱིན་པར་མི་བྱེད་དོ། །མཆོད་སྦྱིན་ངན་པ་ཡོ་ལང་ཆེན་པོ་གང་དུ་སྲོག་ཆགས་མང་པོ་བསོགས་ནས་གསོད་པར་འགྱུར་བ་དེ་ལྟ་བུའི་མཆོད་
เล่ม ๑๑๒ · หน้า 177b
སྦྱིན་དག་བདག་ཉིད་ཀྱང་མི་བྱེད་ལ། གཞན་དག་ཀྱང་མཆོད་སྦྱིན་བྱེད་དུ་མི་འཇུག་གོ། །ལྷ་རྟེན་རྣམས་སུ་ཕྱུགས་གསོད་པ་སྦྱིན་པར་མི་བྱེད་དོ། །སྲོག་ཆགས་མང་པོ་གནས་པའི་ས་ཕྱོགས་སྲོག་ཆགས་ཆུ་ནས་སྐྱེས་པའམ། ཐང་ལས་སྐྱེས་པ་རྣམས་གནས་པ་ལྟ་བུ། སྲོག་ཆགས་
དེ་དག་ལ་གནོད་པར་བྱ་བའི་ཕྱིར། སློང་ན་སྦྱིན་པར་མི་བྱེད་དོ། །རྒྱ་དང་རྔོན་གྱི་འཁྲུལ་འཁོར་དང་། རྒྱ་དང་རྔོན་གྱི་འཁྲུལ་འཁོར་བསླབ་པ་ཡང་སྲོག་ཆགས་རྣམས་ལ་གནོད་པར་བྱ་བའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་དོ། །སྤྱོ་བ་དང་། གསད་པ་དང་། བཅིང་བ་དང་། ཆད་པས་གཅད་པ་དང་།
གནོད་པ་བྱེད་དུ་གཞུག་པའི་ཕྱིར་ཡང་དགྲ་རྣམས་ཀྱི་དགྲ་སྦྱིན་པར་མི་བྱེད་དོ། །མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དགའ་བ་དང་རྩེད་མོའི་དངོས་པོ་སེམས་ཅན་ཕ་རོལ་ལ་གནོད་པར་འགྱུར་བ་དང་། སེམས་ཅན་ཕ་རོལ་ལ་སྡུག་བསྔལ་བར་འགྱུར་བ་གང་ཅི་ཡང་
རུང་བ་དེ་ཐམས་ཅད་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་འདེགས་པ་དང་། བཞོན་པ་རྣམས་དང་། གོས་དང་། རྒྱན་རྣམས་དང་། བཟའ་བ་དང་། བཏུང་བ་དང་། བསོད་པ་རྣམས་དང་། གར་དང་། གླུ་དང་། རོལ་མོའི་སྒྲ་བསླབ་པ་རྣམས་དང་། གར་དང་།
གླུ་དང་རོལ་མོའི་སྒྲའི་ཆ་བྱད་རྣམས་དང་། སྤོས་དང་མེ་ཏོག་ཕྲེང་བ་དང་། བྱུག་པ་སྣ་ཚོགས་དང་། སྣོད་སྤྱད་སྣ་ཚོགས་དང་། སྐྱེད་མོས་ཚལ་དང་། ཁང་ཁྱིམ་དང་དགའ་མགུར་སྤྱད་པའི་བུད་མེད་རྣམས་དང་། བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་བསླབ་པ་གང་ཡིན་པ་དེ་དག་དང་།
དེ་ལྟ་བུའི་དགའ་བ་དང་། རྩེད་མོའི་དངོས་པོ་གང་ཡིན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དགའ་བར་བྱ་བའི་ཕྱིར་སློང་བ་རྣམས་ལ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ནད་པ་སློང་དུ་ཟིན་ཀྱང་། ཁ་ཟས་དང་བཏུང་བ་ཚོད་མ་ཟིན་པའམ། གནོད་པར་འགྱུར་བ་སྦྱིན་པར་
ཡང་མི་བྱེད་དོ། །སེམས་ཅན་བརྐམ་པའི་རང་བཞིན་ཅན་འགྲངས་པ་རྣམས་ལ་བཟའ་བ་དང་། བཏུང་བ་བསོད་པ་སྦྱིན་པར་ཡང་མི་བྱེད་དོ། །སེམས་ཅན་མྱ་ངན་གྱིས་གདུངས་པ་རྣམས་རང་འགེག་པར་བྱེད་པའམ། རྡེག་པར་བྱེད་པའམ། དུག་འཐུང་བའམ། གཡང་
เล่ม ๑๑๒ · หน้า 178a
དུ་མཆོང་བ་ལ་ཡང་དགའ་མགུར་བྱེད་དུ་མི་འཇུག་གོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་ལ་ཕ་མ་ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པར་ཡང་མི་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའི་ཕ་མ་ནི་བླ་མ་ལྟ་བུའི་མཆོག་ཡིན་ཏེ། ནུ་མ་སྣུན་པ་དང་།
གསོ་བ་དང་སྐྱེད་པ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔས་ཡུན་རིང་པོར་སྤྱི་བོ་ལ་ཁྱེར་ན་ཡང་སྐྱོ་བར་མི་བྱ་སྟེ། སྤུ་གཏའ་དང་གཏར་གཞུག་པ་དང་། གཙོ་བོའི་ཚུལ་གྱིས་བདག་ཉིད་ཀྱང་དེ་གཉིས་ལ་སྦྱིན་ཞིང་དབང་བ་དང་། རག་ལུས་པར་བྱ་བ་ཡིན་ན། བྱང་ཆུབ་སེམས་དཔས་གཞན་
དག་ལ་ཇི་ལྟར་སྦྱིན་པར་སེམས་ཏེ། སྦྱིན་པ་ལྟ་ག་ལ་བྱེད། བྱང་ཆུབ་སེམས་དཔའ་ནི་རྒྱལ་པོ་སྤྱི་བོ་ནས་དབང་བསྐུར་བ་པོའི་བདག་པོར་གྱུར་ན་ཡང་། བདག་གི་རིས་སུ་གཏོགས་པའི་སེམས་ཅན་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ཀྱི་གཞན་གྱི་བུ་དང་ཆུང་མ་གཞན་དག་ལས་ཕྲོགས་ཏེ་གཞན་དག་
ལ་སྦྱིན་པར་མི་བྱེད་ཀྱི་ང་ལ་ཇི་ལྟར་གྱུར་པ་ལྟར་དེ་དག་ལ་ཡང་དེ་བཞིན་དུ་གྱུར་ཅིག་སྙམ་ནས་གྲོང་རིལ་པོའམ། གྲོང་གི་ཕྱོགས་འགའ་འམ། ཕྱོགས་རིལ་པོའམ། ལྗོངས་ཀྱི་ཕྱོགས་འགའ་ལོངས་སྤྱོད་དུ་བྱ་བར་སྦྱིན་པ་སྦྱིན་པར་ཟད་དོ། །བྱང་ཆུབ་སེམས་དཔའ་ནི་བདག་གི་བུ་
དང་ཆུང་མ་དང་། བྲན་དང་བྲན་མོ་དང་ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། ཡོངས་སུ་ཟིན་པ་རྣམས་ལེགས་པར་བརྡ་མ་སྤྲད་པ་དང་། མི་འདོད་བཞིན་པ་དང་། ཡིད་མི་དགའ་བཞིན་དུ་གཞན་འདོད་པ་རྣམས་ལ་སྦྱིན་པར་ཡང་མི་བྱེད་དོ། །ལེགས་པར་བརྡ་སྤྲད་དེ་ཡིད་
དགའ་ཞིང་འདུན་པར་གྱུར་དུ་ཟིན་ཀྱང་། མི་མཛའ་བ་རྣམས་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་དང་། བརྗེད་ངས་པ་རྣམས་ལ་སྦྱིན་པར་མི་བྱེད་དོ། །བུ་དང་ཆུང་མ་དང་སྐྱིད་དེ་བར་འདུག་པའི་རིགས་ཀྱི་བུ་མིའི་བྲན་དུ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་
ནི་སློང་བ་པོ་ཤས་ཆེར་གཞན་ལ་གནོད་པ་བྱེད་པར་ཞུགས་ཤིང་བརྗེད་ངས་པ་རྣམས་ལ་རྒྱལ་སྲིད་སྦྱིན་པར་ཡང་མི་བྱེད་དོ། །གལ་ཏེ་དབྱུང་བའི་མཐུ་ཡོད་ན་དེ་འདྲ་བའི་གང་ཟག་ནི་རྒྱལ་སྲིད་ལས་ཀྱང་འབྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕ་མའི་ལོངས་སྤྱོད་སོགས་
เล่ม ๑๑๒ · หน้า 178b
ཏེ་སློང་བ་རྣམས་ལ་སྦྱིན་པར་ཡང་མི་བྱེད་དོ། །ཕ་མ་ཇི་ལྟ་བ་བཞིན་དུ་བུ་དང་། ཆུང་མ་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་རྣམས་ཀྱི་ཡང་དེ་དང་འདྲའོ། །ཕ་མ་ལ་གནོད་པ་བྱས་ནས་རྒྱས་པར་ལས་བྱེད་པ་དང་། ཞོ་ཤས་འཚོ་བའི་བར་དག་ལ་གནོད་པ་བྱས་ནས་ཕ་རོལ་སློང་བ་རྣམས་
ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱིས་བབ་ཆོལ་མ་ཡིན་པར་ལོངས་སྤྱོད་རྣམས་བསྒྲུབས་ནས་སྦྱིན་པ་སྦྱིན་པར་བྱེད་ཀྱི། ཆོས་མ་ཡིན་བས་མ་ཡིན། བབ་ཆོལ་དུ་མ་ཡིན། ཕ་རོལ་ལ་གནོད་པར་བྱས་ཤིང་ཉམ་ང་བར་བྱས་
པས་ཀྱང་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་བུར་ཡང་བསླབ་པ་ལས་འགལ་བར་བྱས་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་སྦྱིན་པ་ན་ཡང་མཛའ་བཤེས་དང་། དགྲ་བོ་དང་། ཐ་
མལ་པ་རྣམས་དང་། ཡོན་ཏན་ཅན་རྣམས་དང་། སྐྱོན་ཅན་རྣམས་དང་། དམན་པ་རྣམས་དང་། མཚུངས་པ་རྣམས་དང་། ཁྱད་དུ་འཕགས་པ་རྣམས་དང་། སྐྱིད་པ་རྣམས་དང་། སྡུག་པ་རྣམས་ལ་ཡོན་གནས་ཡིན་པའི་སེམས་ཉེ་བར་གཞག་སྟེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་
ཀྱིས་སྦྱིན་པ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཇི་སྐད་སྨྲས་པ་དང་། ཇི་ལྟར་དམ་བཅས་པ་ལས་བསྐྱུངས་ཏེ་སློང་བ་ལ་སྦྱིན་པར་མི་བྱེད་ཀྱི། མཚུངས་པའམ་ལྷག་པ་ཁོ་ནར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དངོས་པོ་བཟང་པོ་སྦྱིན་པར་དམ་བཅས་ན་ངན་པ་དང་། ཐ་ཆད་
སྦྱིན་པར་མི་བྱེད་ཀྱི། ངན་པ་དང་ཐ་ཆད་སྦྱིན་པར་དམ་བཅས་སུ་ཟིན་ཀྱང་། བཟང་པོ་ཡོད་ན་བཟང་པོ་འབའ་ཞིག་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཡིད་མི་དགའ་བ་དང་། ཁྲོས་པ་དང་། ཡིད་འཁྲུགས་པས་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །སྦྱིན་པ་བྱིན་ནས་
ཀྱང་ཡང་དང་ཡང་དུ་བརྗོད་ཅིང་། ཁྱོད་ནི་འདི་དང་འདི་ལྟ་བུར་ངས་སྦྱིན་པས་ཕན་གདགས་སོ་ཞེ་འམ། བསྐྱེད་དོ་ཞེ་འམ། དྲངས་སོ་ཞེས་སྨོས་པར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མི་ངན་པ་ལ་སྦྱིན་པ་སྦྱིན་ན་ཡང་བརྙས་ཤིང་མ་གུས་པར་སྦྱིན་པར་ཡང་མི་བྱེད་
เล่ม ๑๑๒ · หน้า 179a
ན། ཡོན་ཏན་ཅན་ལ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལོག་པར་བསྒྲུབ་པ་རྣམ་པ་སྣ་ཚོགས་ལ་གནས་པ། རྒོད་པ་བདག་ཉིད་མ་བསྡམས་པ། གཤེ་བ་ཁྲོ་བ། སྤྱོ་འདེབས་པ་རྣམས་ཀྱི་ལོག་པར་བསྒྲུབས་པས་སྐྱོ་བའི་ཡིད་ཀྱིས་སྦྱིན་པ་མི་སྦྱིན་
པར་ཡང་མི་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་དེ་དག་ཉིད་ལས་ཤས་ཆེར་ཉོན་མོངས་པས་བརླབས་པའི་རང་བཞིན་ཅན་ཡིན་པར་རྟོགས་ནས། སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་གཞག་སྟེ་སྦྱིན་པ་སྦྱིན་པར་བྱེད་དོ། །ལྟ་བ་ངན་པ་མཆོག་ཏུ་འཛིན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། འདི་ལྟ་སྟེ།
གནོད་པ་ཆེན་པོའི་མཆོད་སྦྱིན་རྣམས་དང་། འཚེ་བའི་སྦྱིན་པས་ཆོས་སུ་འགྱུར་བར་མི་འཛིན་པ་དང་། དགེ་མཚན་དང་བཀྲ་ཤིས་དང་སྦྱར་ཏེ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཙམ་ཤིན་ཏུ་རྣམ་པར་དག་པས་ཀྱང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་འདོད་
ཆགས་དང་བྲལ་བ་རྣམ་པར་དག་པར་འགྱུར་བར་ཡང་མི་འཛིན་ཏེ། སྦྱིན་པ་ནི་རྣམ་པར་དག་པར་འགྱུར་བའི་ཚོགས་ཙམ་འབའ་ཞིག་ཡིན་པར་འཛིན་ཏོ། །འབྲས་བུ་ལ་ལྟ་ཞིང་སྦྱིན་པར་མི་བྱེད་དེ། སྦྱིན་པ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །
སྦྱིན་པ་རྣམ་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་མངོན་པར་ཡིད་ཆེས་པ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དྲིང་མི་འཇོག་ཅིང་། གཞན་གྱིས་བཀྲི་བ་མེད་པར་སྦྱིན་པ་སྦྱིན་པར་བྱེད་དེ། དཔེར་ན། ཟས་བྱིན་པས་
ནི་སྟོབས་ཅན་འགྱུར། །གོས་བྱིན་པས་ནི་ཁ་དོག་ལྡན། །བཞོན་པ་བྱིན་པས་བདེ་འགྱུར་བརྟན། །མར་མེ་བྱིན་པས་མིག་དང་ལྡན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པ་སྦྱིན་པར་ཡང་མི་
བྱེད་དོ། །སྙིང་རྗེའི་བསམ་པ་ཁོ་ན་འབའ་ཞིག་གིས་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་དང་མི་མཐུན་པའི་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། འདི་ལྟ་སྟེ། སྡོམ་པ་ལ་བརྩོན་པ་རྣམས་ལ་ཟས་དང་སྐོམ་ལྷག་མར་གྱུར་པའམ་ཕྱི་ས་དང་། གཅིན་དང་མཆིལ་མ་
เล่ม ๑๑๒ · หน้า 179b
དང་སྣབས་དང་སྐྱུགས་པ་དང་རྙང་བུ་དང་རྣག་དང་། ཁྲག་གིས་འབགས་པའམ། ཞག་ལོན་པའི་ཁོངས་སུ་མ་བསྙད་མ་སྦྲན་འབྲས་ཆན་དང་ནས་ཆན་དོར་བར་འོས་པའམ། དེ་བཞིན་དུ་སྒོག་བཙོང་མི་ཟ་བ་དག་ལ་སྒོག་བཙོང་གིས་འབགས་པའམ། དེ་བཞིན་དུ་ཤ་མི་ཟ་བའམ། ཆང་མི་འཐུང་
བ་དག་ལ་ཆང་དང་འདྲེས་ཤིང་ཆང་དང་འབགས་པ་དང་། དེ་བཞིན་དུ་མི་མཐུན་པའི་ལས་བྱེད་དུ་འཇུག་ཅིང་། བྱང་ཆུབ་སེམས་དཔའ་གཞན་དག་ལ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། དེ་ལྟ་བུ་དང་མཐུན་པ་རྐྱེན་དུ་མི་འབབ་པའི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སློང་
བ་པོ་ཡང་དང་ཡང་བསླང་དགོས་པ་དང་། སློང་ཞིང་ཕྱིར་འོང་དུ་གཞུག་པ་དང་། རྙེད་པ་འཚོལ་བའི་ཚུལ་གྱིས་ཉོན་མོངས་ཤིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། བསླངས་མ་ཐག་ཁོ་ནར་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་སྒྲ་དང་། ཚིགས་སུ་བཅད་པ་ལ་བརྟེན་
ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། ཕ་རོལ་ལས་ལན་འོང་པ་ལ་བརྟེན་པ་དང་། བརྒྱ་བྱིན་ཉིད་དང་བདུད་ཉིད་དང་། འཁོར་ལོས་སྒྱུར་བ་ཉིད་དང་། དབང་ཕྱུག་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །ཕ་རོལ་རྒྱལ་པོའམ། ཞང་བློན་ཆེན་པོའམ། གྲོང་རྡལ་གྱི་མི་འམ།
ལྗོངས་ཀྱི་མི་རྣམས་དང་། བྲམ་ཟེ་རྣམས་དང་། ཁྱིམ་བདག་རྣམས་དང་། ཕྱུག་པོ་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་ཀྱིས་གཏོང་ཕོད་པ་དང་། སྦྱིན་བདག་ཡིན་པར་ཤེས་ནས་བཀུར་སྟིར་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་པར་གྱུར་ཀྱང་ཅི་མ་
རུང་སྙམ་སྟེ། གཞན་དག་ལ་ཚུལ་འཆོས་པའི་ཕྱིར་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །བཀྲེན་པའི་ཚུལ་དུ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། ཉུང་ངུ་ལས་ཀྱང་ཕལ་ཆེར་སྦྱིན་པར་བྱེད་ན་མང་པོ་ལས་ལྟ་ཅི་སྨོས། འདི་སྦྱིན་པ་འདིས་བྲིད་དེ་ཡིད་ཆེས་པར་བྱས་ལ་དེའི་འོག་ཏུ་བསླུ་བར་བྱའོ་སྙམ་
སྟེ། གཞན་དག་ལ་གླགས་བཙལ་བའི་ཕྱིར་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །འདི་ལྟ་སྟེ། སྦྱིན་པས་གྲོང་ངམ། གྲོང་གི་ཕྱོགས་གཅིག་གམ། ལྗོངས་སམ་ལྗོངས་ཀྱི་ཕྱོགས་གཅིག་གི་དབྱེན་བྱས་ཏེ། བདག་པོ་དག་ལས་ཕྲོགས་ནས་བསྐུར་བར་བྱའོ་སྙམ་དུ་གཞན་དག་དང་དབྱེ་བའི་
เล่ม ๑๑๒ · หน้า 180a
ཕྱིར་གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་ཕོད་པ་དང་ལྡན་ཞིང་བདག་ཉིད་ཀྱིས་སྟ་གོན་དུ་མངགས་པ་ཡིན་ཏེ། སྦྱིན་པར་བྱ་བའི་ཕྱིར་དངོས་པོ་ཡོངས་སུ་གཏོང་བའི་སྔོན་དུ་འགྲོ་བ་རང་གིས་ཀྱང་
སྦྱིན་པར་བྱེད་ལ། གཞན་དག་ཀྱང་སྦྱིན་དུ་འཇུག་ཅིང་བདག་ཉིད་སྙོམ་ལས་བྱེད་པར་བསྟན་ཏེ་གཞན་དག་སྦྱིན་དུ་འཇུག་ཅིང་མངག་པར་ཡང་མི་བྱེད་དོ། །སློང་བའི་ཚོགས་ཆེན་པོ་འདུས་པ་དང་། ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་འཆལ་པ་རྣམས་འདུས་ཤིང་འཁོད་པར་ཤེས་
ནས། རྒན་རིམས་ནས་གཞོན་རིམས་ཀྱི་བར་དུ་གྲལ་རིམ་བཞིན་དུ་ཡང་དང་ཡང་དུ་འགྲོ་ཞིང་འོང་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཐམས་ཅད་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ལོངས་སྤྱོད་མང་པོ་རྒྱ་ཆེ་ཞིང་རྒྱས་པ་ཡོད་བཞིན་དུ་སྦྱིན་པ་ཉུང་ངུ་སྦྱིན་པར་མི་བྱེད་དོ། །གཞན་དག་ལ་འཚེ་བའི་
ཕྱིར་གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད། གཤེ་བའམ། ཁྲོ་བའམ། བརྡེག་པའམ། བསྡིགས་པའམ། སྨད་པའམ། གསད་པའམ། བཅིངས་པའམ། ཆད་པས་བཅད་པའམ། གོ་རར་གཞུག་པའམ། བསྐྲད་པའི་ཕྱིར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་
དཔའ་ནི་སྦྱིན་པའི་སྔ་རོལ་ཉིད་ནས་ཀྱང་ཡིད་དགའ་ལ། སྦྱིན་པའི་ཚེ་ཡང་སེམས་དགའ་བར་བྱེད་ཅིང་། བྱིན་ནས་ཀྱང་འགྱོད་པ་མེད་དོ། །ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་ལ་སོགས་པ་འདྲ་བར་བཅོས་པ་རྣམས་ཀྱང་། དེ་འདོད་པའི་སེམས་ཅན་རྣམས་ལ་གཡོ་
སྒྱུའི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་སྦྱིན་པར་བྱ་བའི་དངོས་པོ་ཉུང་ངུའམ་མང་པོ་ཅི་ཡང་རུང་སྟེ། སྔ་ནས་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་མ་བཏང་བ་མེད་དེ། ཕྱིས་སློང་བ་པོས་བདག་གི་ནོར་བརྙན་པོར་བཏང་བ་བྱང་ཆུབ་སེམས་དཔའ་ལས་ཕྱིར་འགུགས་པ་བཞིན་ནོ། །
བྱང་ཆུབ་སེམས་དཔའ་ནི་དུས་སུ་སྦྱིན་པ་སྦྱིན་པར་བྱེད་ཀྱི། དུས་མ་ཡིན་པར་ནི་མ་ཡིན་ནོ། །བདག་དང་ཕ་རོལ་ལ་རུང་བ་སྦྱིན་པར་བྱེད་ཀྱི་མི་རུང་བ་ནི་མ་ཡིན་ནོ། །ཚུལ་བཞིན་དུ་བྱེད་ཀྱི་ཚུལ་བཞིན་མ་ཡིན་པར་ནི་མི་བྱེད་དོ། །སེམས་མ་གཡེངས་པས་སྦྱིན་པར་བྱེད་ཀྱི་སེམས་གཡེངས་
เล่ม ๑๑๒ · หน้า 180b
པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་ལ་འཕྱ་བར་མི་བྱེད་སྟིང་བར་མི་བྱེད་ཅིང་། དེ་སྤ་འགོང་བར་ཡང་མི་བྱེད་དོ། །ཁྲོ་གཉེར་ཅན་དུ་མི་བྱེད་དེ། བཞིན་གྱི་མདངས་གསལ་ཞིང་། སྔར་འཛུམ་ལ་གསོང་པོར་སྨྲ་བར་བྱེད་དོ། །སྦྱིན་པ་བརྒྱངས་ཏེ་སྦྱིན་པར་མི་བྱེད་ཀྱི་ལ་གོར་དུ་མྱུར་
དུ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མ་བསླངས་པར་བདག་ཉིད་ཀྱིས་སྐབས་ཕྱེ་ཞིང་། གཞན་དག་ལ་སུ་ཅི་འདོད་པ་དེ་ལ་དེ་སྦྱིན་པར་བྱེད་དོ། །རང་རང་གིས་བསླངས་པ་དེ་དག་ལ་ཡང་རྗེས་སུ་གནང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་འཆལ་པའི་ཤེས་རབ་ཀྱིས་སྦྱིན་པ་སྦྱིན་པར་མི་
བྱེད་དེ། སྦྱིན་པ་ན་ཤེས་རབ་ཅན་གྱི་སྦྱིན་པ་ཁོ་ན་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཤེས་རབ་ཅན་གྱི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད་དེ་བདོག་ན་སློང་བ་མ་འོངས་པའི་སྔོན་རོལ་ཉིད་ནས་སེམས་འདི་སྙམ་དུ་མངོན་པར་འདུ་བྱེད་དེ། གལ་ཏེ་
སྐྱིད་ཅིང་བཀྲེན་པ་མ་ཡིན་ལ་ཕོངས་པ་མ་ཡིན་པ་མགོན་དང་བཅས་རྟེན་དང་བཅས་པ་དང་སྡུག་ཅིང་བཀྲེན་ཕོངས་པ་མགོན་མེད་པ་རྟེན་མེད་པ་རྣམ་པ་གཉིས་ཤིག་བདག་ལ་སློང་དུ་འོངས་ན། དེ་ལ་བདག་གིས་གལ་ཏེ་གཉི་ག་ཡང་ཚིམ་པར་བྱ་བ་དང་། འདོད་པ་བཞིན་དུ་ཡོངས་སུ་བསྐང་
བའི་ལོངས་སྤྱོད་འབྱོར་ན་ནི། དེའི་ཚེ་བདག་གིས་གཉི་ག་ཡང་ཚིམ་པར་བྱ་ཞིང་། གཉི་གའི་འདོད་པ་ཡོངས་སུ་བསྐང་བར་བྱའོ། །གལ་ཏེ་བདག་གིས་གཉི་ག་ཚིམ་པར་བྱའམ། འདོད་པ་བཞིན་དུ་ཡོངས་སུ་བསྐང་བར་བྱ་བའི་ལོངས་སྤྱོད་མ་འབྱོར་ན་ནི། སྐྱིད་པ་ཤོས་བཏང་སྟེ།
སྡུག་པ་ཤོས་ལ་སྦྱིན་པ་སྦྱིན་པར་བྱེད་དོ། །བཀྲེན་པ་མ་ཡིན་ཞིང་ཕོངས་པ་མ་ཡིན་ལ། མགོན་དང་བཅས་རྟེན་དང་བཅས་པ་བཏང་སྟེ། བཀྲེན་ཞིང་ཕོངས་པ་མགོན་མེད་པ་དང་རྟེན་མེད་པ་ལ་སྦྱིན་པ་སྦྱིན་པར་བྱའོ་སྙམ་མོ། །དེས་དེ་ལྟར་སེམས་མངོན་པར་འདུ་བྱས་ནས། ཇི་ལྟར་མངོན་
པར་འདུ་བྱས་པ་དེ་ཁོ་ན་བཞིན་དུ་ལས་སུ་སྒྲུབ་པར་བྱེད་དོ། །གལ་ཏེ་སློང་བ་སྐྱིད་པ་ཤོས་ཀྱི་འདོད་པ་བཞིན་དུ་ཡོངས་སུ་བསྐང་མ་ནུས་ན་ཡང་དེས་བདག་གི་སེམས་མངོན་པར་འདུ་བྱེད་པའི་རྟོག་པ་སྔ་མ་དེ་ཉིད་ལ་བརྟེན་ཏེ། སློང་བ་དེ་ལ་འདི་སྐད་དུ་སྡུག་པ་འདི་ལ་སྦྱིན་པར་བྱེད་པའི་དངོས་པོ་
เล่ม ๑๑๒ · หน้า 181a
འདི་ངས་སྔ་ནས་བཏང་ཟིན་ཏེ། སྔ་ནས་ཡི་དམ་དུ་བཅས་པའི་ཕྱིར་ངས་འདི་ལ་སྦྱིན་པ་ཡིན་གྱི། ཁྱོད་ལ་སྦྱིན་པར་མི་འདོད་པ་ནི་མ་ཡིན་ནོ། །དེ་བས་ན་བཞིན་བཟངས་ཁྱོད་ངོ་བཟློག་གོ་སྙམ་དུ་ང་ལ་མ་སེམས་ཤིག་ཅེས་ཤད་ཀྱིས་སྦྱོང་བར་བྱས་ཏེ་གཏོང་བར་བྱེད་དོ། །གཞན་
ཡང་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་དག་ཡོད་དེ་བདོག་ན་སེར་སྣ་ཅན་གྱི་ཁྱིམ་དང་། མཆོག་ཏུ་སེར་སྣ་ཅན་གྱི་ཁྱིམ་ཡོ་བྱད་རྣམས་ཀུན་དུ་འཛིན་ཅིང་འཇུངས་ལ་ལན་འགའ་ཡང་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱ་བའི་ཆོས་རྣམས་གཏོང་མ་མྱོང་བའི་ཁྱིམ་དེ་དག་ཏུ་
བྱང་ཆུབ་སེམས་དཔའ་སོང་ནས་ཡང་དག་པར་མགུ་བར་བྱ་ཞིང་བག་ཕེབས་པར་བྱ་སྟེ། འདི་སྐད་དུ། ཀྱེ་ཚུར་ཤོག །ཁྱེད་ནོར་འགོད་པ་མེད་པར་ང་ལ་ཕན་གདགས་པ་ཆེན་པོས་ཉེ་བར་གནས་པར་གྱིས་ཤིག །ངའི་ཁྱིམ་ན་ལོངས་སྤྱོད་རྒྱ་ཆེན་པོ་དང་སྦྱིན་པར་བྱ་བའི་ཆོས་རྒྱ་ཆེན་པོ་དག་
ཡོད་དེ། ང་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སློང་བ་པོ་འདོད་ཀྱིས། གལ་ཏེ་ཁྱེད་ཀྱིས་སློང་བ་དང་ཕྲད་ན་བཟློག་ཏེ་མ་བཏང་བར་ཡང་ན་ནི་ངའི་ནོར་སྦྱིན་པར་བྱའི་ཆོས་ལས་ལོང་ལ། དེ་དག་ལ་ཅི་བདེར་བྱིན་ཅིག་ཡང་ན་ནི་སློང་བ་དེ་དག་ངའི་ཐད་དུ་ཁྲིད་དེ་ཤོག་ཤིག །
ངས་སྦྱིན་པ་སྦྱིན་པ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་བསྒོའོ། །དེ་དག་གིས་ཀྱང་དེ་ལས་ཐོས་ནས་ནོར་མི་འགོད་ཅིང་། དགའ་བར་བྱས་ནས་རིགས་ཀྱི་བུ་འདི་བདག་ཅག་ལ་སེམས་དགའ་བར་འགྱུར་རོ་སྙམ་སྟེ། དེ་བཞིན་དུ་བྱེད་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་
དེ་དག་ལ་ཕྱི་མ་ལ་སེར་སྣའི་དྲི་མ་བསལ་བའི་ས་བོན་བཏབ་པ་ཡིན་ཏེ། རིམ་གྱིས་གོམས་པར་བྱེད་པ་དེ་དང་། ཤེས་རབ་སྔོན་དུ་འགྲོ་བའི་ཐབས་ལ་མཁས་པ་དེས་ན། རང་རང་གིས་ཀྱང་ནོར་ཉུང་ངུ་སྦྱིན་པར་བྱེད་ཅིང་། མ་ཆགས་པ་ཆུང་ངུ་ལ་བརྟེན་ནས་འབྲིང་ཐོབ་པར་འགྱུར་ལ། འབྲིང་
ལ་བརྟེན་ནས་ཆེན་པོ་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་མཁན་པོ་དང་སློབ་དཔོན་དང་། ལྷན་ཅིག་གནས་པའི་སློབ་མ་དང་། ཚངས་པ་མཚུངས་པར་སྤྱོད་པ་གང་དག་ཆགས་པའི་རང་བཞིན་ཅན་དང་། བརྐམ་པའི་རང་བཞིན་ཅན་ཡིན་ནམ། གང་དག་བརྐམ་པའི་རང་
เล่ม ๑๑๒ · หน้า 181b
བཞིན་ཅན་མ་ཡིན་ཡང་སྦྱིན་པར་བྱ་བའི་ཆོས་མེད་དེ། འདོད་པས་ཕོངས་པར་འགྱུར་ན་དེ་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་བརྟེན་པའམ། ཆོས་དང་དགེ་འདུན་ལ་བརྟེན་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བྱེད་པར་འདོད་པས། སྦྱིན་པར་བྱ་བའི་ཆོས་དེ་རྣམས་དེ་དག་ཉིད་ལ་
སྦྱིན་ཞིང་། དེ་དག་བྱེད་དུ་འཇུག་སྟེ་བདག་ཉིད་མི་བྱེད་དོ། །དེ་ལྟར་བྱས་པས་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ཀྱིས་ཀྱང་བསོད་ནམས་ཤིན་ཏུ་མང་དུ་སྐྱེད་པ་ཡིན། ཚངས་པ་མཚུངས་པར་སྤྱོད་པ་དེ་ཁ་ཅིག་གི་ཉོན་མོངས་པ་ཡང་བཏུལ་བ་ཡིན་ཏེ། དེ་ཁ་ཅིག་ནི་ཆོས་འདོད་པ་ཡང་ཡོངས་སུ་རྫོགས་
པར་བྱས་པ་ཡིན་ཏེ། སེམས་ཅན་བསྡུས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་པར་ཡང་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད་དེ་བདོག་ན། སློང་བ་པོའི་བསམ་པ་མཚན་མ་ཙམ་གྱིས་རྟོགས་ན་ཡང་། ཅི་འདོད་པ་སྦྱིན་པར་བྱ་བའི་ཆོས་རྣམས་
སྦྱིན་པར་བྱེད་དོ། །གང་ཞིག་འདི་སྒྱུ་ཚོང་གིས་བྲིད་པར་བྱའོ་སྙམ་སྟེ། དེའི་ཐད་དུ་འོངས་ན་ཡང་དེའི་བསམ་པ་རྟོགས་ནས། དེའི་ཉེས་པར་སྤྱོད་པ་གཞན་དག་ལ་ཡང་འཆབ་པར་བྱེད་ན། དེ་ཉིད་ལ་ལྟ་ཅི་སྨོས་ཏེ། དེའི་འདོད་པ་ཡོངས་སུ་རྫོགས་པར་བྱེད་ལ། ཅི་ནས་ཀྱང་དེ་སྐྱེངས་པར་མི་འགྱུར་བ་དང་།
མགུ་ཞིང་འཇིགས་པ་མེད་པ་དང་། ཡིད་དགའ་བར་གྱུར་པས་ཕྱིར་འགྲོ་བར་བྱེད་དོ། །གང་གིས་བྱང་ཆུབ་སེམས་དཔའ་གཡོ་སྒྱུས་བྲིད་པར་གྱུར་ལ། བྲིད་པ་དེ་ཡང་དེས་སྔར་མ་རྟོགས་ཏེ་ཕྱིས་རྟོགས་པར་གྱུར་ན་ཡང་། འབྲིད་པའི་གང་ཟག་དེ་ལ་གཞི་དེས་གླེང་བའམ་དྲན་པར་མི་བྱེད་ལ་དེའི་སྒྱུ་ཐབས་
ཀྱིས་མ་བྱིན་པར་ལེན་པ་དེ་དག་ཐམས་ཅད་ལ་ཡང་བསམ་པས་རྗེས་སུ་དགའ་བར་བྱེད་དེ། དེ་ལྟ་བུ་དང་མཐུན་པ་ཡང་བྱང་ཆུབ་སེམས་དཔའི་སྦྱིན་པར་བྱ་བའི་ཆོས་ཡོད་དེ་བདོག་པ་རྣམས་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་
ཆོས་དག་མེད་དེ་མི་བདོག་ནའང་། བྱང་ཆུབ་སེམས་དཔའ་བཟོ་དང་ལས་ཀྱི་གནས་དེ་དང་དེ་དག་ལ་སྦྱངས་པ་དེ་བཟོ་དང་ལས་ཀྱི་གནས་དེ་ལྟ་བུ་མངོན་དུ་བྱེད་ཅིང་། དེས་ཚེགས་ཆུང་ངུས་ནོར་གྱི་ཕུང་པོ་ཆེན་པོ་བསྒྲུབས་ཏེ་གནས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་གཏམ་སྣ་ཚོགས་དང་།
เล่ม ๑๑๒ · หน้า 182a
སྙན་པའི་གཏམ་དང་། སྤོབས་པ་དགེ་བ་དང་ལྡན་པ་ཅི་ནས་སེམས་ཅན་དབུལ་པོ་རྣམས་ཀྱང་སྦྱིན་པར་བྱེད་འདོད་པར་གྱུར་ན། ཕྱུག་པོ་རྣམས་ལྟ་སྨོས་ཀྱང་ཅི་དགོས་པ་དང་། སེར་སྣ་ཅན་རྣམས་ཀྱང་སྦྱིན་པར་བྱེད་འདོད་པར་གྱུར་ན། གཏོང་བའི་རང་བཞིན་ཅན་རྣམས་
ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་གཞན་དག་ལ་ཆོས་སྟོན་པར་བྱེད་དོ། །ཡང་ན་སློང་བ་པོ་ལྷགས་ཤིང་ལྷགས་པ་རྣམས་དད་པ་དང་ལྡན་པའི་ཁྱིམ་གང་དག་ན་ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་པས། ཉིན་གཅིག་བཞིན་དུ་སྦྱིན་པར་བྱ་བའི་ཆོས་ཁོ་ན་ལ་འཇུག་པའི་ཁྱིམ་དེ་དག་ཏུ་གཏོང་བར་བྱེད་དོ། །
བདག་ཉིད་ཀྱང་སྦྱིན་པ་སྦྱིན་ཞིང་བསོད་ནམས་བྱེད་པ་དག་ཏུ་སོང་ནས། མཁས་པ་དང་ལེ་ལོ་མེད་པ་དང་སྒྲུབ་ཕོད་པས་སེམས་མངོན་པར་དགའ་བར་བྱས་ནས་ལུས་དང་ངག་གིས་ཅི་ནུས་ཅི་ལྕོགས་ཀྱིས་ཉམས་སུ་ལེན་པར་བྱེད་ལ། སྦྱིན་པ་དེ་ཡང་སློང་བ་རྣམས་ལ་ལེགས་པར་སྦྱིན་པར་བྱེད་དོ། །
དེ་ལྟར་ན་ངོ་མ་སྙོམས་པའམ། ཚུལ་མ་ཡིན་པའམ། བརྗེད་ངས་པས་ཞལ་ཏ་བྱེད་པ་དང་མི་མཐུན་པའི་ཕྱིར་སྦྱིན་པ་དེ་ཉེས་པར་བྱིན་པ་གང་ཡིན་པ་དེ་མེད་པར་འགྱུར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་བསམ་པ་རྣམ་པར་དག་པ་མ་ཐོབ་ཀྱི་བར་དུ་ལོངས་སྤྱོད་དག་མེད་དེ། མི་བདོག་
བཞིན་དུ་ཤེས་རབ་ཅན་གྱིས་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རྣམ་པར་དག་པ་ནི་ཇི་ལྟ་བུས་ངན་སོང་ལས་ཡང་དག་པར་འདས་པ་ཐོབ་པར་འགྱུར་བ་དེ་ལྟ་བུར་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་
སེམས་དཔའ་ནི་མུ་སྟེགས་ཅན་གླགས་ཚོལ་བ་ལ་ཆོས་ཁས་འཆད་པའམ། གླེགས་བམ་དུ་བྱས་པའང་སྦྱིན་པར་མི་བྱེད་དོ། །ཆགས་པའི་རང་བཞིན་ཅན་གླེགས་བམ་འཚོང་བར་འདོད་པའམ་སྦེད་པར་འདོད་པའམ། དེ་ཤེས་པས་དོན་དུ་གཉེར་བ་མ་ཡིན་པ་ལ་ཡང་སྦྱིན་པར་མི་བྱེད་དོ། །ཤེས་པར་
འདོད་པ་ལ་ནི་གལ་ཏེ་གླེགས་བམ་བདག་ལ་དགོས་པའི་དོན་བྱས་ཟིན་ན་དེ་ལ་ཅི་བདེར་སྦྱིན་པར་བྱེད་དོ། །གལ་ཏེ་དེས་གང་གི་དོན་དུ་གླེགས་བམ་དེ་བསྒྲུབས་པའི་དོན་མ་གྲུབ་ན་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེས་དཔེ་གཞན་མ་མཐོང་ན་སྦྱིན་པར་བྱེད་དོ། །ཡང་ན་གཞན་བྲིས་ཏེ་སྦྱིན་པར་བྱེད་
เล่ม ๑๑๒ · หน้า 182b
དོ། །གལ་ཏེ་དཔེ་གཞན་ཡང་མ་མཐོང་ངམ། འདྲི་ཡང་མི་ནུས་ན་ནི་དེས་ཐོག་མ་ཁོ་ནར་བདག་གི་སེམས་ལ་བརྟག་པར་བྱ་སྟེ། བདག་གི་སེམས་ཆོས་ལ་སེར་སྣ་བྱེད་པའི་དྲི་མས་ཀུན་ནས་དཀྲིས་པར་མ་གྱུར་གྲང་། བདག་ཆོས་བྲིས་པ་སྙིང་ནས་སྦྱིན་པར་མི་འདོད་པ་ཁོ་ན་མ་ཡིན་གྲང་སྙམ་དུ་
བརྟག་པར་བྱའོ། །གལ་ཏེ་དེས་དེ་ལྟར་བརྟགས་པ་ན་བདག་ལ་ཆོས་ལ་སེར་སྣ་བྱེད་པའི་དྲི་མ་ཅུང་ཟད་ཀུན་དུ་སྤྱོད་པ་ཡང་ཡོད་དོ་སྙམ་དུ་ཤེས་ན་ནི། བྱང་ཆུབ་སེམས་དཔའ་དེས་འདི་སྙམ་དུ་གལ་ཏེ་བདག་ཆོས་ཀྱི་སྦྱིན་པ་འདིས་ཚེ་འདི་ལ་ལྐུགས་པ་ཁོ་ནར་གྱུར་ན་ཡང་བདག་གིས་ཉོན་མོངས་པ་དང་དུ་
བླང་བར་མི་བྱ་སྟེ། ཆོས་ཀྱི་སྦྱིན་པ་ངེས་པར་སྦྱིན་དགོས་པར་འགྱུར་ན་ཡེ་ཤེས་ཀྱི་ཚོགས་མེད་པར་འགྱུར་བ་ལྟ་ཅི་སྨོས་སྙམ་དུ་སེམས་མངོན་པར་འདུ་བྱས་ཏེ། ཆོས་ཀྱི་སྦྱིན་པ་དེ་ངེས་པ་ཁོ་ནར་སྦྱིན་པར་བྱའོ། །གལ་ཏེ་དེ་ལྟར་རྟོག་པ་ན་བདག་ལ་ནི་ཆོས་ལ་སེར་སྣ་བྱེད་པའི་དྲི་མ་ཅུང་ཟད་
ཀུན་དུ་སྤྱོད་པ་ཡང་མེད་དོ་སྙམ་དུ་ཤེས་ན་ནི། བྱང་ཆུབ་སེམས་དཔའ་དེས་འདི་ལྟར་བརྟག་པར་བྱ་སྟེ། བདག་གིས་ནི་ཉོན་མོངས་པ་གཞོམ་པའི་ཕྱིར་རམ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རམ། སེམས་ཅན་དགའ་བར་བྱ་བའི་ཕྱིར་ཆོས་ཀྱི་སྦྱིན་པ་འདི་སྦྱིན་པར་
བྱེད་པ་ཡིན་ན་ངས་ཉོན་མོངས་པ་ཡང་མ་མཐོང་ལ། མ་བྱིན་ན་ཚེ་འདི་དང་ཕྱི་མ་ལ་ཡེ་ཤེས་ཀྱི་ཚོགས་ཆེ་བས་མང་དུ་མཐོང་ལ། བྱིན་ན་ནི་རྟོགས་པ་ཆེན་པོར་མི་འགྱུར་ཞིང་། ཚེ་ཕྱི་མ་ལ་ཆོས་ཀྱི་རྙེད་པ་ཆེན་པོར་འགྱུར་གྱི་ཆུང་བ་མ་ཡིན་ལ། མ་བྱིན་ན་ནི་ངས་སེམས་ཅན་ཐམས་ཅད་ལ་
ཕན་པ་དང་བདེ་བར་བྱ་བའི་ཕྱིར་ཡེ་ཤེས་བསྒྲུབས་པས། སེམས་ཅན་འདི་དང་སེམས་ཅན་གཞན་ཐམས་ཅད་དགའ་བར་བྱེད་པར་འགྱུར་གྱི། བྱིན་དུ་ཟིན་ན་ནི་སེམས་ཅན་འདི་གཅིག་པུ་དགའ་བར་འགྱུར་རོ་སྙམ་སྟེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་གལ་ཏེ་
བྱང་ཆུབ་སེམས་དཔའ་མ་བྱིན་ན་ནི་ཁ་ན་མ་ཐོ་བར་ཡང་མི་འགྱུར། འགྱོད་པར་ཡང་མི་འགྱུར། བྱང་ཆུབ་སེམས་དཔའི་ཚུལ་ལས་ཀྱང་འགལ་བར་མི་འགྱུར་རོ། །ཇི་ལྟར་མི་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སློང་བ་ལ་ཁྱོད་ལ་མི་སྦྱིན་ནོ་ཞེས་ཚིག་བརླང་པོས་ཕྱིར་ཟློག་པར་མི་བྱེད་མོད་ཀྱི། འོན་
เล่ม ๑๑๒ · หน้า 183a
ཀྱང་ཐབས་མཁས་པས་དེ་བརྡ་སྤྲད་དེ་གཏོང་བར་བྱེད་དོ། །དེ་ལ་ཐབས་མཁས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཡོ་བྱད་ཐམས་ཅད་དང་། སྦྱིན་པར་བྱ་བའི་ཆོས་ཐམས་ཅད་ཐོག་མ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་
བསམ་པ་རྣམ་པར་དག་པས་ཕུལ་ཞིང་བསྔོས་ཟིན་ཏེ། དཔེར་ན་དགེ་སློང་གིས་སློབ་དཔོན་ནམ་མཁན་པོ་ལ་ཆོས་གོས་བསྔོ་བ་བཞིན་ནོ། །དེས་དེ་ལྟར་བསྔོས་པའི་ཕྱིར་ཡོ་བྱད་དང་། སྦྱིན་པར་བྱ་བའི་ཆོས་སྣ་ཚོགས་རྒྱ་ཆེན་པོ་ཐམས་ཅད་བསགས་སུ་ཟིན་ཀྱང་། འཕགས་པའི་རིགས་ལ་
གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བསོད་ནམས་དཔག་ཏུ་མེད་པ་ཡང་འཕེལ་བར་འགྱུར་རོ། །དེའི་བསོད་ནམས་དེ་ཡང་རྟག་ཏུ་དེ་ལ་ལན་མང་དུ་ཡིད་ལ་བྱེད་པས་དུས་ཐམས་ཅད་དུ་ལྡན་པར་མངོན་པར་འཕེལ་བར་འགྱུར་རོ། །དེས་སྦྱིན་པར་བྱ་བའི་ཆོས་དེ་དག་ཀྱང་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཏམས་ཏེ་གཞག་པ་དང་འདྲ་བར་འཆང་བར་བྱེད་དེ། གལ་ཏེ་སློང་བ་པོ་མཐོང་བ་དེ་ལ་སྦྱིན་པར་བྱ་བའི་ཆོས་ཅི་འདོད་པ་སྦྱིན་པར་འོས་པ་ཞིག་མཐོང་ན་ནི་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་
བ་གང་ཡང་མེད་དོ་སྙམ་དུ་ཤེས་པར་བྱས་ནས་སློང་བ་པོའི་འདོད་པ་ཡོངས་སུ་རྫོགས་པར་བྱེད་དོ། །གལ་ཏེ་འོས་པ་མ་ཡིན་པར་མཐོང་ན་ནི་དེས་རྟོག་པ་དེ་ཉིད་ལ་བརྟེན་ནས་བཞིན་བཟངས་དག་འདི་ནི་གཞན་གྱི་ཡིན་ཏེ། ཁྱེད་ལ་སྦྱིན་པར་གནང་བ་མེད་དོ་ཞེས་དེ་ལ་ཚིག་འཇམ་པོས་གོ་བར་
བྱེད་དོ། །ཡང་ན་གཞན་དེའི་ཉིས་འགྱུར་རམ་སུམ་འགྱུར་སྦྱིན་ཞིང་རིམ་གྲོ་དང་བཀུར་སྟིར་བྱས་ནས་གཏོང་བར་བྱེད་དེ། ཅི་ནས་དེ་བྱང་ཆུབ་སེམས་དཔའ་འདི་ནི་ཆགས་པའི་རང་བཞིན་ཅན་དུ་གྱུར་ཏེ། བདག་ཅག་ལ་སྦྱིན་པར་མི་འདོད་པ་མ་ཡིན་གྱི། འདི་ནི་གླེགས་བམ་གྱི་ཆོས་འདི་སྦྱིན་པའི་
དབང་མེད་པ་ཞིག་ཡིན་གོར་མ་ཆག་སྟེ། དེའི་ཕྱིར་སྦྱིན་པར་མི་བྱེད་དོ་སྙམ་དུ་ཤེས་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྦྱིན་པ་ལས་བརྩམས་ཏེ། ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་དང་ཟང་ཟིང་གི་རང་བཞིན་གྱི་
เล่ม ๑๑๒ · หน้า 183b
སྦྱིན་པ་ཐམས་ཅད་ནི་རྣམ་གྲངས་དང་། མཚན་ཉིད་དང་། ངེས་པའི་ཚིག་དང་རྒྱུ་དང་འབྲས་བུ་དང་རབ་ཏུ་དབྱེ་བ་ལས་ཀྱང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་སྦྱིན་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་
ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་ནི་བྱམས་པའི་བསམ་པས་སྦྱིན་པ་སྦྱིན་པར་བྱེད་དོ། །སྡུག་བསྔལ་བ་རྣམས་ལ་ནི་སྙིང་རྗེའི་བསམ་པ་དང་ཡོན་ཏན་ཅན་རྣམས་ལ་ནི་དགའ་བའི་བསམ་པ་དང་། ཕན་འདོགས་པ་རྣམས་ལ་ནི་མཛའ་བཤེས་དང་།
སྙིང་དུ་སྡུག་པ་རྣམས་ལ་ནི་བཏང་སྙོམས་ཀྱི་བསམ་པས་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་གེགས་བྱེད་པ་དང་སྦྱིན་པའི་གེགས་བྱེད་པའི་གཉེན་
པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་སྦྱིན་པའི་གེགས་བྱེད་པ་ནི་བཞི་སྟེ། སྔོན་མ་གོམས་པ་དང་། སྦྱིན་པར་བྱ་བའི་ཆོས་ཉུང་སྟེ་མི་ལྡན་པ་དང་། དངོས་པོ་མཆོག་དང་ཡིད་དུ་འོང་བ་ལ་ཞེན་པ་དང་། ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འབྲས་བུ་ལ་ལྟ་
ཞིང་མངོན་པར་དགའ་བའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་དག་ཡོད་བཞིན་དུ་སློང་བ་པོ་ལེགས་པར་འོངས་པ་ན་སྦྱིན་པ་ལ་སེམས་མི་འཇུག་ན། དེ་ཉེས་པ་འདི་ནི་བདག་མ་གོམས་པས་ལན་ནོ་སྙམ་དུ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་པར་འགྱུར་ཞིང་།
འདི་ལྟར་ཡང་བདག་གིས་སྔོན་སྦྱིན་པ་མ་བྱིན་པ་གོར་མ་ཆག་སྟེ། དེས་ན་བདག་དེ་ལྟར་ལོངས་སྤྱོད་རྣམས་ཀྱང་ཡོད་ལ་སློང་བ་པོ་ཡང་ལེགས་པར་འོངས་བཞིན་དུ་སྦྱིན་པ་ལ་སེམས་མི་འཇུག་གོ། །གལ་ཏེ་དེ་ལྟར་སོ་སོར་བརྟགས་ནས་སྦྱིན་པ་མ་བྱས་ན་ཕྱི་མ་ལ་ཡང་བདག་སྦྱིན་པ་ལ་ཞེ་སྡང་
བར་འགྱུར་རོ་སྙམ་དུ་རྟོགས་པར་འགྱུར་ཏེ། དེས་དེ་ལྟར་རྟོགས་ནས་ཀྱང་སྦྱིན་པའི་གེགས་བྱེད་པའི་གཉེན་པོ་ལ་བརྟེན་ནས་སོ་སོར་རྟོག་སྟེ། སྦྱིན་པར་བྱེད་ཀྱི་མ་གོམས་པ་ལས་གྱུར་པའི་ཉེས་པའི་རྗེས་སུ་འབྲང་ཞིང་དེའི་དབང་དུ་འགྲོ་བ་མ་ཡིན་ནོ། །གཞན་ཡང་གལ་ཏེ་སློང་བ་པོ་ལེགས་པར་འོངས་
เล่ม ๑๑๒ · หน้า 184a
ལ་ལོངས་སྤྱོད་ཆུང་བས་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་སེམས་མི་འཇུག་ན། དེས་སྦྱིན་པའི་གེགས་བྱེད་པའི་རྒྱུ་ཕོངས་པ་ལས་གྱུར་པ་དེས་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས། ཕོངས་པ་ལས་གྱུར་པའི་སྡུག་བསྔལ་དེ་དང་དུ་བླངས་ཏེ། སོ་སོར་བརྟགས་ནས་
སྙིང་རྗེས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་འདི་སྙམ་དུ་འཁོར་བ་ན་ཕ་རོལ་ལ་ཕན་མ་བཏགས་པར་སྔོན་གྱི་ལས་ཀྱི་ཉེས་པའམ། གཞན་གྱིས་དབང་བྱས་པས་བདག་གིས་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་མི་བཟད་བརླག་པ་མང་དུ་མྱོང་བར་འགྱུར་གྱིས། གལ་ཏེ་ཚེ་འདིའི་སྡུག་བསྔལ་
གཞན་ལ་ཕན་འདོགས་པའི་རྒྱུ་སྦྱིན་པ་ལས་བྱུང་བ་དེས་བདག་འཆི་ཞིང་དུས་བྱེད་པར་གྱུར་དུ་ཟིན་ཀྱང་། བདག་ལ་སྦྱིན་པ་ཁོ་ན་ལེགས་པར་འགྱུར་གྱི། སློང་བ་པོ་ཕྱིར་བཟློག་པ་ནི་དེ་ལྟ་མ་ཡིན་ཏེ། དེ་མེད་དུ་ཟིན་ཀྱང་ཁ་ཅིག་སྔོ་རྔད་ཅི་ཡང་རུང་བ་ཙམ་གྱིས་འཚོའོ་སྙམ་དུ་སེམས་ཏེ། དེ་
ལྟར་བྱང་ཆུབ་སེམས་དཔའ་ཕོངས་པ་ལས་གྱུར་པའི་སྡུག་བསྔལ་དེ་དང་དུ་བླངས་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །གཞན་ཡང་སློང་བ་པོ་ལེགས་པར་འོངས་པ་ན། གལ་ཏེ་སྦྱིན་པར་བྱ་བའི་དངོས་པོ་ཤས་ཆེར་ཡིད་དུ་འོང་ཞིང་མཆོག་ཏུ་གྱུར་པའི་ཕྱིར་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་
སེམས་མི་འཇུག་ན། བྱང་ཆུབ་སེམས་དཔའ་ཞེན་པ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས། བདག་སྡུག་བསྔལ་ལ་བདེ་བའོ་སྙམ་དུ་བདག་གི་འདུ་ཤེས་ཕྱིན་ཅི་ལོག་པ་འདི་ནི་ཕྱི་མ་ལ་སྡུག་བསྔལ་བ་བསྐྱེད་པ་ཡིན་ནོ་སྙམ་དུ་ཕྱིན་ཅི་ལོག་ཏུ་ཡོངས་སུ་ཤེས་
ནས། དེ་སྤངས་ཏེ་སོ་སོར་བརྟགས་ནས་དངོས་པོ་དེ་སྦྱིན་པར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དེ་སྦྱིན་པ་བྱིན་ནས། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོའི་ཕན་ཡོན་ལ་ལྟ་བར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕན་ཡོན་ལ་མི་ལྟ་བར་གྱུར་ན།
བྱང་ཆུབ་སེམས་དཔས་ལོག་པའི་འབྲས་བུ་ལ་ལྟ་བ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས། འདུ་བྱེད་ཐམས་ཅད་སྙིང་པོ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་ཏེ། འདུ་བྱེད་ཐམས་ཅད་ནི་སྐད་ཅིག་ལ་འཇིག་པའི་ངང་ཅན་ནོ། །འབྲས་
เล่ม ๑๑๒ · หน้า 184b
བུ་ལོངས་སྤྱད་པ་རྣམས་ནི་ཡོངས་སུ་ཟད་ནས་འཇིག་པའི་ངང་ཅན་དང་འབྲལ་བས་འཇིག་པའི་ངང་ཅན་ནོ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པ་ན་འབྲས་བུ་ལ་ལྟ་བ་སྤངས་ནས་སྦྱིན་པ་གང་ཅི་སྦྱིན་པ་ཡང་རུང་ཏེ། དེ་ཐམས་ཅད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་ཁོ་ནས་སྦྱིན་པར་བྱེད་དེ། འདི་ནི་བྱང་
ཆུབ་སེམས་དཔའི་སྦྱིན་པ་ལ་གེགས་བྱེད་པ་རྣམ་པ་བཞི་དང་། སྦྱིན་པ་ལ་གེགས་བྱེད་པའི་གཉེན་པོ་རྣམ་པ་བཞི་ཤེས་པ་ཡིན་པར་རིག་པར་བྱ་སྟེ། རྟོགས་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། ཕྱིན་ཅི་ལོག་ཡོངས་སུ་ཤེས་པ་དང་། འདུ་བྱེད་ལ་སྙིང་པོ་མེད་པ་ཉིད་དུ་ལྟ་བའོ། །དེ་ལ་
གཉེན་པོ་ཤེས་པ་སྔ་མ་རྣམ་པ་གསུམ་གྱིས་ནི་བྱང་ཆུབ་སེམས་དཔའ་ངེས་པར་ལེགས་པར་སྦྱིན་པ་སྦྱིན་པར་བྱེད་དོ། །གཉེན་པོ་ཤེས་པ་ཐ་མ་གཅིག་གིས་ནི་ཡང་དག་པའི་བསོད་ནམས་ཀྱི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་དོ། །འདི་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་ཅན་གྱི་སྦྱིན་པ་
ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དབེན་པར་སོང་སྟེ། ནང་དུ་བསྡུས་ནས་བསམ་པ་དག་ཅིང་སྙིང་ཐག་པ་ནས་དང་བས་ཀུན་དུ་རྟོག་པ་དག་གིས་སྦྱིན་པར་བྱ་བའི་ཆོས་རྣམ་པ་སྣ་ཚོགས་རྒྱ་ཆེན་པོ་དཔག་ཏུ་མེད་པ་དག་མོས་ཤིང་སེམས་ཅན་རྣམས་ལ་སྦྱིན་པ་
བསྟབས་པར་འདོད་དེ། དེས་བྱང་ཆུབ་སེམས་དཔའ་ཚེགས་ཆུང་ངུས་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ། །འདི་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་ཤེས་རབ་ཆེན་
པོ་དང་ལྡན་པའི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་ནོ། །དེ་ལྟར་མདོར་བསྡུ་ན་ཟང་ཟིང་གི་སྦྱིན་པར་གཏོགས་པའི་སྦྱིན་པར་བྱ་བའི་ཆོས་བདོག་པ་རྣམས་དང་། མི་བདོག་པ་རྣམས་དང་། དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་ལ་བརྟེན་པ་དང་། སོ་སོར་ཡང་དག་པར་རིག་པ་ལ་བརྟེན་པ་དང་།
ལྷག་པའི་བསམ་པ་རྣམ་པར་དག་པའི་སྦྱིན་པ་ལ་བརྟེན་པ་དང་། སྦྱིན་པ་ལ་གེགས་བྱེད་པའི་གཉེན་པོ་ཤེས་པ་ལ་བརྟེན་པ་དང་། ལྷག་པའི་བསམ་པས་མོས་པའི་སྦྱིན་པ་ལ་བརྟེན་པ་ནི། བྱང་ཆུབ་སེམས་དཔའ་ཁོ་ནའི་མ་འདྲེས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་ནང་དང་
เล่ม ๑๑๒ · หน้า 185a
ཕྱི་རོལ་གྱི་དངོས་པོ་ཐམས་ཅད་སྦྱིན་པའི་རབ་ཏུ་དབྱེ་བ་རྒྱས་པ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །འདི་མན་ཆད་དཀའ་བའི་སྦྱིན་པ་ལ་སོགས་པ་གཞན་ཐམས་ཅད་ནི་ཐམས་ཅད་ཀྱང་སྦྱིན་པ་འདི་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དཀའ་
བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་དངོས་པོ་ཆུང་ངུ་བདོག་ན་བདག་ཉིད་ལ་གནོད་པར་བྱས་ཏེ། སྡུག་བསྔལ་དང་དུ་བླངས་ནས་གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྦྱིན་པ་དང་པོའོ། །བྱང་ཆུབ་སེམས་དཔའ་སྡུག་པའི་དངོས་པོ་
རང་བཞིན་གྱིས་བྱམས་པའམ། ཡུན་རིང་པོ་ནས་འདྲིས་པའམ། ཤས་ཆེར་ཕན་པའམ། སྦྱིན་པར་བྱ་བའི་དངོས་པོ་མཆོག་དང་རབ་མཆོག་ཏུ་གྱུར་པ་ལ་ཞེན་པ་བསལ་ནས། གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྦྱིན་པ་གཉིས་པའོ། །
བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཚེགས་ཆེན་པོས་བསྒྲུབས་པ་རྣམས་གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྦྱིན་པ་གསུམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་བདག་
ཉིད་ཀྱིའམ་ཡང་ན་གཞན་དག་ལ་བསླངས་ནས། སྦྱིན་པར་བྱ་བའི་དངོས་པོའམ། བདག་གི་ཚལ་ཟ་བ་དང་། ཕ་མ་དང་བུ་དང་ཆུང་མ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་རྒན་རབས་རྣམས་སམ། ཡང་ན་
གཞན་འདོད་པ་རྣམས་ལ་སྦྱིན་པར་བྱེད་པ་གང་ཡིན་པ་རྣམ་པ་བཞི་པོ་འདི་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་དད་པ་དང་། བཀུར་སྟི་དང་།
རང་གི་ལག་དར་བ་དང་། དུས་ལ་བབ་པ་དང་གཞན་ལ་མི་གནད་པར་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་གང་ཞེ་ན། མི་བརྟེན་པར་སྦྱིན་
เล่ม ๑๑๒ · หน้า 185b
པ་དང་། མི་སྲི་བར་སྦྱིན་པ་དང་། དགའ་བས་སྦྱིན་པ་དང་། རྒྱུན་མི་འཆད་པར་སྦྱིན་པ་དང་། སྣོད་ལ་སྦྱིན་པ་དང་། སྣོད་མ་ཡིན་པ་ལ་སྦྱིན་པ་དང་། ཐམས་ཅད་སྦྱིན་པ་དང་། ཀུན་ལ་སྦྱིན་པ་དང་། དུས་ཐམས་ཅད་དུ་སྦྱིན་པ་དང་། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་དང་། སེམས་ཅན་གྱི་དངོས་པོ་
ཐམས་ཅད་སྦྱིན་པ་དང་། ཡུལ་གྱི་དངོས་པོ་སྦྱིན་པ་དང་། ནོར་དང་འབྲུའི་དངོས་པོ་སྦྱིན་པ་དང་། སྦྱིན་པ་རྣམ་པ་བཅུ་གསུམ་པོ་ནི་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕོངས་ཤིང་འདོད་པ་ལ་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་
ཟས་དང་སྐོམ་གྱིས་ཕོངས་ཤིང་འདོད་པ་རྣམས་ལ་ནི་ཟས་དང་སྐོམ་སྦྱིན་པར་བྱེད་པ་དང་། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ་དང་། གོས་འདོད་པ་རྣམས་ལ་ནི་གོས་དང་། རྒྱན་འདོད་པ་རྣམས་ལ་ནི་རྒྱན་དང་། སྣོད་སྤྱད་རྣམ་པ་སྣ་ཚོགས་འདོད་པ་རྣམས་ལ་ནི་སྣོད་སྤྱད་རྣམ་པ་སྣ་ཚོགས་སྦྱིན་པར་
བྱེད་པ་དང་། སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་འདོད་པ་རྣམས་ལ་སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། གནས་འདོད་པ་རྣམས་ལ་ནི་གནས་དང་། སྣང་བས་ཕོངས་ཤིང་འདོད་པ་རྣམས་ལ་ནི་སྣང་བ་སྦྱིན་པར་བྱེད་པ་དང་། རྣམ་པ་བརྒྱད་པོ་འདི་དག་ནི་བྱང་ཆུབ་
སེམས་དཔའི་ཕོངས་ཤིང་འདོད་པ་ལ་སྦྱིན་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚེ་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་གང་ཞེ་ན། ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པ་སྦྱིན་པའི་སྦྱིན་པ་ནི་མདོར་བསྡུ་ན་སེམས་ཅན་རྣམས་ཀྱི་འདི་དང་གཞན་
དུ་བདེ་བར་འགྱུར་བའི་སྦྱིན་པ་ཡིན་པར་རིག་པར་བྱའོ། །ཟང་ཟིང་གི་སྦྱིན་པ་དེ་ནི་སེར་སྣའི་དྲི་མ་དང་། གསོག་འཇོག་གི་དྲི་མ་བསལ་ནས། བཟང་པོ་དང་། གཙང་མ་དང་། རུང་བ་སྦྱིན་པར་བྱེད་པའོ། །དེ་ལ་སེར་སྣའི་དྲི་མ་བསལ་བ་ནི་སེམས་ཀྱིས་ཀུན་དུ་འཛིན་པ་ཡོངས་སུ་གཏང་བའི་ཕྱིར་རོ། །གསོག་
འཇོག་གི་དྲི་མ་བསལ་བ་ནི་ལོངས་སྤྱོད་ཀུན་དུ་འཛིན་པ་ཡོངས་སུ་བཏང་བས་ཡིན་པར་རིག་པར་བྱའོ། །མི་འཇིགས་པའི་སྦྱིན་པ་ནི་སེང་གེ་དང་། སྟག་དང་། ཆུ་སྲིན་འཛིན་ཁྲི་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ཡིན་པར་རིག་པར་བྱའོ། །
เล่ม ๑๑๒ · หน้า 186a
ཆོས་ཀྱི་སྦྱིན་པ་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང་། རིགས་པར་སྟོན་པ་དང་བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་རྣམ་པ་དགུ་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་སེམས་ཅན་རྣམས་ཀྱི་ཚེ་འདི་དང་གཞན་དུ་བདེ་བར་
འགྱུར་བའོ། །དེ་ལ་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་རབ་ཏུ་དབྱེ་བ་དང་བཅས་པ་ནི་ཚེ་འདིའི་བདེ་བའོ། །དེ་ལ་ཆོས་ཀྱི་སྦྱིན་པ་རབ་ཏུ་དབྱེ་བ་དང་བཅས་པ་ནི་གཞན་ན་བདེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྦྱིན་པ་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། ཐོགས་པ་མེད་པ་དང་། མཆོག་ཏུ་འཛིན་པ་མེད་
པ་དང་། བསགས་པ་མེད་པ་དང་། ཁེངས་པ་མེད་པ་དང་། མི་བརྟེན་པ་དང་། ཞུམ་པ་མེད་པ་དང་། ངན་པ་མ་ཡིན་པ་དང་། རྒྱབ་ཀྱིས་ཕྱོགས་པ་མེད་པ་དང་། ལན་ལ་མི་ལྟ་བ་དང་། རྣམ་པར་སྨིན་པ་ལ་མི་ལྟ་བའོ། །དེ་ལ་ཐོགས་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལེགས་
པར་འོངས་ན། མི་སྐྱོ་བར་ལ་གོར་དུ་སྐྱེན་པར་སྦྱིན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ཇི་ལྟར་སྦྱིན་པ་ལས་བརྩམས་ཏེ། སྐྱེན་དུ་བྱེད་པ་དེ་ལྟ་བུར་ནི་སློང་བ་པོ་རྙེད་པ་ལས་བརྩམས་ཏེ་དེ་ལྟར་སྐྱེན་པར་མི་བྱེད་དོ། །མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་འདི་
ལྟར་སྦྱིན་པ་འདིའི་འབྲས་བུ་མེད་དོ་ཞེའམ། འཚེ་བའི་སྦྱིན་པས་ཆོས་སུ་འགྱུར་རོ་ཞེའམ། སྦྱིན་པ་ཤིན་ཏུ་རྫོགས་པ་ཙམ་གྱིས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པར་འགྱུར་རོ་ཞེས་ལྟ་བས་མཆོག་ཏུ་འཛིན་པར་མི་བྱེད་དོ། །བསྩགས་པ་མེད་པའི་སྦྱིན་པ་གང་ཞེ་ན།
བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་ཡུན་རིང་པོར་བསགས་ཤིང་ཚོགས་པར་བྱས་ནས། ཕྱིས་ཅིག་ཅར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད་བཞིན་དུ་སློང་བ་པོ་ལེགས་པར་འོངས་པ་ཕྱིར་ཟློག་པར་མི་བྱེད་ལ། གང་གི་
ཕྱིར་བཟློག་བཟློག་པར་བྱ་བའི་འོས་ཀྱང་མི་མཐོང་ན་སྩོགས་པར་ལྟ་ག་ལ་བྱེད། བྱང་ཆུབ་སེམས་དཔའ་ནི་བསྩགས་པའི་སྦྱིན་པ་ལས་བསོད་ནམས་འདུ་བྱ་བའི་སྒོ་ལྷག་པར་འགྱུར་བར་མ་མཐོང་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཡང་མཚུངས་ལ་སློང་བ་པོ་སྔ་ཕྱི་དང་། མགོ་མཉམ་དུ་འོངས་པ་
เล่ม ๑๑๒ · หน้า 186b
ཡང་མཚུངས་པ་རྣམས་ལ་མཐར་གྱིས་སྦྱིན་པའམ། ཅིག་ཅར་སྦྱིན་པ་ན་ཅིའི་ཕྱིར་བསོད་ནམས་ཁྱད་པར་ཡོད་པར་ཡོངས་སུ་འཛིན་པར་འགྱུར་སྙམ་དུ་མཐང་བའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་སེམས་དཔས་ནི་བསྩགས་པའི་སྦྱིན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ལ། ལོངས་སྤྱོད་ཇི་ལྟར་
བྱུང་བ་བཞིན་དུ་སྦྱིན་པ་ནི་ཁ་ན་མ་ཐོ་བ་མེད་པར་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བསགས་པའི་སྦྱིན་པ་བྱེད་པས་ནི་སློང་བ་པོ་རྣམས་ཀྱིས་བསླངས་ན། སྔར་སློང་བ་པོ་བརྒྱ་ཕྱིར་བཟློག་ནས། དེ་དག་གི་ཀུན་ནས་མནར་སེམས་དང་། མི་བཟོད་པ་དང་ཡིད་མ་ཆེས་པ་བསྐྱེད་པའི་འོག་ཏུ་མ་བསླངས་བར་
ཡང་ཁ་ཅིག་ལ་བསྩགས་པའི་སྦྱིན་པ་སྦྱིན་པར་བྱེད་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་བསགས་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཁེངས་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལ་དམའ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །གཞན་ལ་འགྲན་
པའི་ཕྱིར་ཡང་སྦྱིན་པར་མི་བྱེད་དོ། །སྦྱིན་པ་བྱིན་ནས་ཀྱང་བདག་ནི་གཏོང་ཕོད་ཅིང་སྦྱིན་པའི་བདག་པོ་ཡིན་གྱི། གཞན་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་སྦྱིན་པ་དེས་རློམ་སེམས་སུ་མི་བྱེད་དོ། །མི་བརྟེན་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ལ་བརྟེན་ཅིང་
སྦྱིན་པ་སྦྱིན་པར་མི་བྱེད་དེ། གྲགས་པ་ནི་རྣམ་པར་རྟོག་པའི་ཡི་གེ་ལས་བྱུང་བ་དང་། སྒྲ་ཙམ་དུ་འབྲེལ་བ་དང་། ལོ་མ་སྐམ་པོ་ལྟ་བུ་ཡིན་པར་འཛིན་པ་ཡིན་པའི་ཕྱིར་རོ། །ཞུམ་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ཞིང་། སྦྱིན་པའི་ཚེ་ཡང་
སེམས་དང་བར་བྱེད་ལ། བྱིན་ནས་ཀྱང་འགྱོད་པ་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡངས་ཤིང་མཆོག་ཏུ་རྒྱ་ཆེ་བ་དག་ཐོས་ནས་ཡང་བདག་ཉིད་ལ་ཁྱད་དུ་གསོད་ཅིང་ཞུམ་པར་མི་བྱེད་དོ། །ངན་པ་མ་ཡིན་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་
ལས་ནན་ཏན་དུ་གདམས་ཤིང་། ཟས་དང་སྐོམ་དང་། བཞོན་པ་དང་གོས་ལ་སོགས་པའི་མཆོག་དང་། རབ་མཆོག་གང་ཡིན་པ་དེ་དག་སྦྱིན་པར་བྱེད་དོ། །རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྙོམས་པའི་སེམས་ཀྱིས་མཛའ་བོ་དང་དགྲ་དང་ཐ་མལ་པ་རྣམས་
เล่ม ๑๑๒ · หน้า 187a
ལ་ཕྱོགས་སུ་འབྱེད་པ་མེད་པས་སྙོམས་པའི་སྙིང་རྗེས་སྦྱིན་པ་སྦྱིན་པར་བྱེད་དོ། །ལན་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་སེམས་དང་། སྙིང་བརྩེ་བའི་སེམས་དང་ལྡན་པའི་སྦྱིན་པ་སྦྱིན་པ་ན། ཕ་རོལ་ལན་དུ་ཕན་འདོགས་སུ་རེ་བ་མེད་དེ། སྐྱེ་བོ་བདེ་བ་འདོད་
པ་དང་སྲེད་པའི་མེས་ཚིག་པ་དང་མཐུ་མེད་པ་དང་། རང་བཞིན་གྱིས་སྡུག་བསྔལ་བ་དག་མཐོང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱིན་ནས་ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པའམ། ལུས་ཕུན་སུམ་ཚོགས་པར་འགྱུར་བར་སྦྱིན་པའི་
འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེད་དེ། འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པར་ལྟ་ལ། བྱང་ཆུབ་མཆོག་ལ་ཕན་ཡོན་དུ་ལྟ་བའི་ཕྱིར་རོ། །རྣམ་པ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་རྣམ་པར་དག་ཅིང་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་
སྦྱིན་པ་རྣམ་པ་དགུ་པོ་འདི་དག་ལ་བརྟེན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་སོ།། །།དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས་ཀྱང་། དེ་ནས་དྲང་སྲོང་ཆེན་པོ་རྒྱས་པས་
ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པ་དང་མཐུན་པའི་རྣམ་པར་སྨིན་པ་སྐྱེ་དགུ་རྣམ་ལ་ཕན་པ་དང་བདེ་བ་བགྱིད་པ་བསྟན་ལགས་སོ། །བཅོམ་ལྡན་འདས་ཇི་ལྟར་ཚུལ་ཁྲིམས་འཆལ་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་སྩལ་ན།
སྦྱིན་པའི་རྣམ་པར་སྨིན་པ་འཆབ་མི་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཁྱོད་སྦྱིན་པའི་རྣམ་པར་སྨིན་པ་ལ་འཇུག་པ་ཉོན་ཅིག །དྲང་སྲོང་ཆེན་པོ་དང་བས་གང་ཅུང་ཟད་ཅི་སྦྱིན་པ་དེ་དག་ཐམས་ཅད་སྦྱིན་པ་ཞེས་བྱའོ། །དྲང་སྲོང་ཆེན་པོ་གང་ཡང་འཇིག་རྟེན་ཕ་
རོལ་གྱིས་འཇིགས་པས་སྣོད་ལ་མི་རྟོག་པར་མ་བསླངས་པར་ཡང་ཚུལ་ཁྲིམས་དང་ལྡན་པའམ། ངན་པའི་ཚུལ་ཁྲིམས་འཆལ་བ་ལ་དད་པ་བསྐྱེད་ནས་མིག་ཕྱེ་སྟེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་སྦྱིན་པ་བྱིན་ན། དྲང་སྲོང་ཆེན་པོ་དེ་ནི་སྦྱིན་བདག་ཡིན་ནོ། །དྲང་སྲོང་ཆེན་པོ་
เล่ม ๑๑๒ · หน้า 187b
གཞན་ཡང་སྦྱིན་པ་ལྔ་ཡོངས་སུ་རྫོགས་པར་བྱའོ། །ལྔ་གང་ཞེ་ན། འགྲོན་པོ་དང་། ནད་པ་དང་། ནད་གཡོག་དང་། ཆོས་སྨྲ་བ་དང་། ཡུལ་གཞན་དུ་འགྲོ་བ་ལ་དུས་སུ་སྦྱིན་པ་སྟེ། ལྔ་པོ་དེ་དག་གོ། །གཞན་ཡང་ལྔ་སྟེ། ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་དང་། གནས་སྦྱིན་པ་དང་།
མར་མེ་སྦྱིན་པ་དང་། སྤོས་དང་ཕྲེང་བ་སྦྱིན་པའོ། །དྲང་སྲོང་ཆེན་པོ་རྒྱས་པས་གསོལ་པ། བཅོམ་ལྡན་འདས་སྦྱིན་པ་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དད་པ་བསྐྱེད་དེ་སེམས་ཅན་ཐམས་ཅད་ལ་དམིགས་ཤིང་བྱམས་པ་དང་ལྡན་པའི་
སེམས་ཀྱིས་གུས་པར་བྱས་ཏེ། དུལ་བས་སྦྱིན་པ་སྦྱིན་ན་དེ་ཐམས་ཅད་ཡོངས་སུ་དག་པ་ཡིན་ནོ། །ཐར་པར་བསྔོས་ཏེ་སྦྱིན་པ་བྱིན་པ་ནི་ཡོངས་སུ་དག་པ་ཞེས་བྱའོ། །གཞན་ཡང་སྦྱིན་པ་བླ་ན་མེད་པར་ལྟ་བ་ལྔ་སྟེ། ལྔ་གང་ཞེ་ན། དེ་བཞིན་གཤེགས་པ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །
དགེ་འདུན་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །ཆོས་སྨྲ་བ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །ནད་པ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །ཕ་མ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །གཞན་ཡང་སྦྱིན་པ་ཆེན་པོར་འགྱུར་བ་ནི། རྒྱལ་པོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལས་ཉམས་པ་ལ་སྦྱིན་
པ་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །རྒྱལ་པོས་མནར་བ་དང་། མགོན་མེད་པ་དང་། ནད་པ་ལ་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །རྒྱལ་པོས་སྤངས་ནས་གཞན་ན་ཡང་ཉམ་ང་ཞིང་། སྲོག་ཆད་ལ་ཁད་པ་འཆི་ལ་ཐུག་པ་ལས་གསོས་ན་སྦྱིན་པ་ཆེན་པོ་ཡིན་ནོ། །ན་བ་ལ་སྨན་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །ཚུལ་
ཁྲིམས་ཕུན་སུམ་ཚོགས་པའི་འཕགས་པའི་དགེ་འདུན་ལ་དུས་སུ་སྦྱིན་པ་བྱིན་ན་འབྲས་བུ་ཆེན་པོ་ཡིན་ནོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ལ་སྦྱིན་པ་
བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་བྱ་རོག་དང་འུག་པ་དང་རི་དགས་ལ་སོགས་པ་ལ་མི་འཇིགས་པ་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །གང་ལ་གང་དགོས་པ་དང་། མི་བདོག་པ་དེའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་སྦྱིན་པ་ཆེན་པོ་ཡིན་ཏེ། དྲང་སྲོང་ཆེན་པོ་དེ་ལྟར་སྦྱིན་པ་
เล่ม ๑๑๒ · หน้า 188a
བྱིན་ན་ཡོངས་སུ་དག་པ་དང་སྦྱིན་པ་ཆེན་པོ་ཡིན་ནོ། །སྦྱིན་པ་ཡོངས་སུ་དག་པ་འདི་དག་འདོད་པས་དེ་ལྟར་སྦྱིན་པ་ཡོངས་སུ་དག་པར་བསྒོམ་པར་བྱའོ། །སེམས་ཅན་གང་དག་གཞན་དག་གིས་དེ་ལྟར་བསྐུལ་ནས་དད་པ་དང་དང་བ་བསྐྱེད་དེ། སྦྱིན་པ་ཡོངས་སུ་དག་པ་འདི་ལ་རྗེས་སུ་ཡི་རང་
བར་འགྱུར་བ་དེ་དག་མཚུངས་པར་བསོད་ནམས་སྐྱེད་པ་པོ་དང་། སྦྱིན་བདག་ཏུ་འགྱུར་ཏེ། དེ་ལྟར་ན་གང་རྗེས་སུ་ཡི་རང་བ་དང་། གང་བསྐུལ་བ་དེ་དག་ཐམས་ཅད་བསོད་ནམས་སྐྱེད་པ་པོར་མཚུངས་པར་འགྱུར་རོ་ཞེས་གསུངས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་མདོ་ལས་
ཀྱང་། ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ལ་ཞུམ་པའི་སེམས་མེད་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །གལ་ཏེ་སར་སྣ་བྱེད་པ་དེ་ནི་གནས་མེད་དོ། །བདག་ཏུ་འདུ་ཤེས་དངོས་ལ་བདག་གིར་འཛིན་པས་ཆགས། །བླུན་པོ་རྣམས་
ལ་གཏོང་བའི་བློ་ལྟ་ག་ལ་ཡོད། །སེར་སྣ་ཅན་ནི་ཡི་དགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །དེ་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་དབུལ་ཤེས་ནས། །གཏོང་ལ་མོས་པར་འགྱུར་ཞིང་རྟག་ཏུ་ལྷུག་པར་གཏོང་། །གླིང་བཞི་ལེགས་པར་བརྒྱན་པ་མཆིལ་
མའི་ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟ་མིན། །བྱང་ཆུབ་སེམས་དཔའ་མཁས་པ་གསལ་བས་སྲིད་གསུམ་གྱི། །སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་ནི། །བྱིན་པར་གྱུར་ཅིག་སྙམ་དུ་བསམས་ནས་སྦྱིན་བྱིན་ལ། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་མཆོག་ཏུ་བསྔོ། །སྦྱིན་
པ་བྱིན་ནས་དངོས་ལ་གནས་པར་བྱེད་པ་མེད། །དེ་ནི་ནམ་དུའང་རྣམ་པར་སྨིན་ལ་རེ་བ་མེད། །དེ་ལྟར་གཏོང་ལ་མཁས་པ་ཐམས་ཅད་གཏོང་བ་སྟེ། །ཆུང་ངུ་བཏང་ལ་མང་པོ་དཔག་ཏུ་མེད་པར་འགྱུར། །སྲིད་པ་གསུམ་ན་སེམས་ཅན་མ་ལུས་ཇི་སྙེད་པ། །ཡོངས་སུ་བརྟག་པ་བཟུང་སྟེ་དེ་དག་ཐམས་ཅད་
ཀྱིས། །འཇིག་རྟེན་མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ། །བསྐལ་པ་མཐའ་ཡས་སྦྱིན་བྱིན་ཉན་ཐོས་ལེགས་ཚོལ་ན། །བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་གིས། །དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རངས་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་
เล่ม ๑๑๒ · หน้า 188b
ཡོངས་བསྔོ་ན། །ཡོངས་སུ་བསྔོ་བས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། །རིན་ཆེན་བཻཌཱུརྱ་གཅིག་དེ་ཀུན་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔས་ཟིལ་གྱིས་
གནོན། །གལ་ཏེ་བྱང་ཆུབ་སེམས་དཔས་འགྲོ་ལ་སྦྱིན་བྱིན་ནས། །དེ་ལ་བདག་གིར་མི་བྱེད་དངོས་པོ་ཕངས་མེད་ན། །དེ་ལས་དགེ་བའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ། །སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་
བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་གསུངས་སོ། །སྦྱིན་པ་ངེས་པར་བསྟན་པའི་མདོ་ལས་ཀྱང་། མཁས་པ་དག་རྣམ་པ་སུམ་ཅུ་རྩ་བདུན་
གྱིས་སྦྱིན་པ་སྦྱིན་པར་བྱེད་དོ། །སུམ་ཅུ་རྩ་བདུན་པོ་གང་ཞེ་ན། འདི་ལྟ་སྟེ། སེར་སྣ་སྤང་བའི་ཕྱིར་དད་པས་སྦྱིན་པ་སྦྱིན་པ་དང་། དེ་བཞིན་གཤེགས་པས་རྗེས་སུ་གནང་བའི་སྦྱིན་པ་སྦྱིན་པ་དང་། དངོས་པོ་གསུམ་ཡོངས་སུ་དག་པར་རུང་བའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་གཡེང་བ་ཐམས་ཅད་དང་
བྲལ་བས་གུས་པས་སྦྱིན་པ་སྦྱིན་པ་དང་། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་རང་གི་ལག་གིས་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་གཏོང་བ་ལ་ལོངས་སྤྱོད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པར་འགྱུར་བ་རྟག་ཏུ་སྦྱིན་པ་སྦྱིན་པ་དང་། གཟུགས་བཟང་བ་ཡང་དག་པར་འགྲུབ་པ་ཁ་དོག་
ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ་དང་། གྲགས་པ་ཕུན་སུམ་ཚོགས་པ་ཡང་དག་པར་འགྲུབ་པ་དྲི་ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་རོ་བྲོ་བའི་མཆོག་མཁྱེན་པའི་དཔེ་བྱད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་རོ་ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་
སྨིན་པ་ལ་ལོངས་སྤྱོད་རྒྱ་ཆེ་བའི་རྙེད་པ་ཡང་དག་པར་འགྲུབ་པ་རྒྱ་ཆེ་བའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་གྱ་ནོམ་པའི་ལོངས་སྤྱོད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་གྱ་ནོམ་པའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་བཀྲེས་པ་དང་སྐོམ་པ་སེལ་བའི་རྙེད་པ་ཡང་དག་པར་འགྲུབ་པ་བཟའ་
เล่ม ๑๑๒ · หน้า 189a
བའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་སྲིད་པ་ཐམས་ཅད་དུ་སྐོམ་པ་སེལ་བའི་རྙེད་པ་ཡང་དག་པར་འགྲུབ་པ་སྐོམ་གྱི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་གྱ་ནོམ་པའི་གོས་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་གོས་ཀྱི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་བསིལ་
ཁང་དང་། ཁང་པ་བརྩེགས་པ་དང་། ཁང་བཟང་དང་། ཁང་པ་དང་། གཞལ་མེད་ཁང་གི་རྙེད་པ་ཡང་དག་པར་འགྲུབ་པ་ཁྱིམ་གྱི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་རིགས་མཐོན་པོའི་རིགས་དང་ལྡན་པའི་རྙེད་པ་ཡང་དག་པར་འགྲུབ་པ་མལ་དང་སྟན་གྱི་སྦྱིན་པ་སྦྱིན་པ་དང་། མྱ་ངན་ལས་
འདས་པ་རྒ་བ་མེད་པ་འཆི་བ་མེད་པ་མྱ་ངན་མེད་པ་མ་འདྲེས་པའི་རྙེད་པ་ཡང་དག་པར་འགྲུབ་པ་སྨན་གྱི་སྦྱིན་པ་སྦྱིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིའི་རྙེད་པ་ཡང་དག་པར་འགྲུབ་པ་བཞོན་པའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་
བརྒྱད་ཅུའི་རྙེད་པ་ཡང་དག་པར་འགྲུབ་པ་ཁྲུས་ཀྱི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་སྐྱེ་བ་རྗེས་སུ་དྲན་པའི་རྙེད་པ་ཡང་དག་པར་འགྲུབ་པ་ཆོས་ཀྱི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་ལྷའི་བདེ་བའི་རྙེད་པ་ཡང་དག་པར་འགྲུབ་པ་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ་
དང་། གནོད་སེམས་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པ་བྱམས་པ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་འཚེ་བ་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པ་སྙིང་རྗེ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ་དང་། མི་དགའ་བ་སྤངས་བའི་རྙེད་པ་ཡང་དག་པར་འགྲུབ་པ་དགའ་བ་ལ་བརྟེན་པའི་སྦྱིན་
པ་སྦྱིན་པ་དང་། རྣམ་པར་སྨིན་པ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པ་བཏང་སྙོམས་ལ་བརྟེན་པའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གི་རྙེད་པ་ཡང་དག་པར་འགྲུབ་པ་མེ་ཏོག་གི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་
འགྲོ་བ་ཀུན་དུ་ལུས་དྲི་ཞིམ་པའི་རྙེད་པ་ཡང་དག་པར་འགྲུབ་པ་བདུག་སྤོས་སྣ་ཚོགས་པའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དྲི་མ་རྣམ་པར་དག་པའི་རྙེད་པ་ཡང་དག་པར་འགྲུབ་པ་ཕྲེང་བའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་གྱ་ནོམ་
เล่ม ๑๑๒ · หน้า 189b
པའི་དྲིའི་ལུས་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་དྲིའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་འགྲོ་བ་ཐམས་ཅད་དུ་དབང་བསྐུར་བའི་རྒྱལ་སྲིད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་དར་དང་། བ་དན་གྱི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་ལྷའི་མིག་དང་རྫུ་འཕྲུལ་གྱི་རྙེད་པ་ཡང་དག་པར་
འགྲུབ་པ་མར་མེའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་དབྱངས་སྙན་པའི་རྙེད་པ་ཡང་དག་པར་འགྲུབ་པ་དྲིལ་བུའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་ཚངས་པའི་དབྱངས་ཀྱི་སྒྲའི་རྙེད་པ་ཡང་དག་པར་འགྲུབ་པ་རོལ་མོའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་འགྲོ་བ་ཐམས་ཅད་དུ་དབང་ཕྱུག་
གི་དངོས་པོའི་རྙེད་པ་ཡང་དག་པར་འགྲུབ་པ་གདུགས་ཀྱི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་བཟའ་བ་སྣ་ཚོགས་པའི་རྙེད་པ་ཡང་དག་པར་འགྲུབ་པ་སྣ་ཚོགས་པའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྙེད་པ་ཡང་དག་པར་འགྲུབ་པ་རེ་
བ་མེད་པ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ་དང་། རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་པ་སྟེ། དགེ་སློང་དག་མཁས་པ་རྣམས་རྣམ་པ་སུམ་ཅུ་རྩ་བདུན་པོ་འདི་དག་གིས་སྦྱིན་པ་སྦྱིན་པར་བྱེད་དོ་ཞེས་གསུངས་
སོ།། །།སྦྱིན་པའི་མི་མཐུན་པའི་ཕྱོགས་ལ་དགོངས་པ་བསྟན་པ། བདེན་པའི་རྣམ་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་མཁས་པས་སྨད་པའི་སྦྱིན་པ་འདི་རྣམས་ལས་རབ་ཏུ་ལྡོག་པ་ཡིན་ཏེ། འདི་ལྟ་སྟེ། དུས་སུ་མ་ཡིན་པའི་སྦྱིན་པ་དང་། རུང་བ་མ་ཡིན་པའི་སྦྱིན་པ་དང་།
ཆང་གི་སྦྱིན་པ་དང་། དུག་གི་སྦྱིན་པ་དང་། གནོད་པའི་སྦྱིན་པ་དང་། འགྱོད་པའི་སྦྱིན་པ་དང་། མཚོན་ཆའི་སྦྱིན་པ་དང་། ཕྲོགས་པའི་སྦྱིན་པ་དང་། བརྙས་པའི་སྦྱིན་པ་དང་། རང་གི་ལག་གིས་མ་བྱིན་པའི་སྦྱིན་པ་དང་། རྒྱབ་ཀྱིས་ཕྱོགས་པའི་སྦྱིན་པ་དང་། འདོད་པ་ལ་བརྟེན་པའི་སྦྱིན་པ་དང་། མི་མཐུན་པའི་སྦྱིན་པ་
དང་། དམ་པ་མ་ཡིན་པའི་སྦྱིན་པ་དང་། སྨད་པའི་སྦྱིན་པ་དང་། དུག་དང་སྦྱར་བའི་སྦྱིན་པ་དང་། སོ་སོར་གནོད་པའི་སྦྱིན་པ་དང་། རྙེད་པའི་སྦྱིན་པ་དང་། རྟག་ཏུ་འཇིགས་པ་སྐྱེད་པའི་ཕྱིར་སྦྱིན་པ་དང་། བྱང་ཆུབ་ཡོངས་སུ་ཉམས་པར་བྱེད་པའི་སྦྱིན་པ་དང་། འཆི་བའི་ཞགས་པའི་སྦྱིན་པ་དང་། རྨོངས་པའི་སྦྱིན་པ་དང་།
เล่ม ๑๑๒ · หน้า 190a
བསྟེན་པའི་ཕྱིར་སྦྱིན་པ་དང་། འཇིགས་པའི་སྦྱིན་པ་དག་ལས་བཟློག་པར་འགྱུར་རོ། །ཤཱ་རིའི་བུ་འདི་ལ་མཁས་པས་སྨད་པའི་སྦྱིན་པ་གང་ཡིན་པ་དེ་དག་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྤྱོད་ཅིང་ལྷག་པར་མི་སྤྱོད་དེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤྱོད་ཅིང་།
ལྷག་པར་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་གང་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་དང་ལྡན་པར་གྱུར་ཀྱང་། སྦྱིན་པ་ལས་ཉམས་པ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་མེད་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་
གནས་ནས་མངོན་པར་བྱུང་བ་གང་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་དེས། ཇི་ལྟར་སྦྱིན་པ་སྦྱིན་པར་བྱ་ཞེ་ན། ཇི་ལྟར་སྔར་བསྟན་པ་བཞིན་དུའོ་ཞེས་གསུངས་སོ།། །།བློ་གྲོས་མི་བཟད་པའི་མདོ་ལས་ཀྱང་། གཞན་ཡང་བཙུན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཉམ་ང་བ་སྐྱེད་པའི་ལོངས་
སྤྱོད་བཙལ་བའི་སྦྱིན་པ་མེད་དོ། །སེམས་ཅན་ལ་གནོད་པའི་སྦྱིན་པ་མེད་དོ། །ང་རྒྱལ་བསྐྱེད་ཅིང་སྦྱིན་པ་མེད་དོ། །འཇིགས་པ་དང་སྐྲག་པ་དང་ངོ་ཚ་བས་སྦྱིན་པ་མེད་དོ། །རྐུན་མ་བཏང་བ་ལས་མགྲོན་དུ་བོས་ནས་སྦྱིན་པ་མེད་དོ། །ཇི་སྐད་དུ་སྨྲས་པ་ལས་ཆུང་བའི་སྦྱིན་པ་མེད་དོ། །མཆོག་
ལ་མཆོག་མ་ཡིན་པའི་སྦྱིན་པ་མེད་དོ། །སྙིང་ཐག་པ་ནས་མ་ཡིན་པའི་སྦྱིན་པ་མེད་དོ། །གཡོ་དང་སྒྱུས་སྦྱིན་པ་མེད་དོ། །བཅོས་པའི་སྦྱིན་པ་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་ལ་ཆགས་པའི་སྦྱིན་པ་མེད་དོ། །ལོག་པའི་བསམ་པས་སྦྱིན་པ་མེད་དོ། །གཏི་མུག་གི་བསམ་པས་སྦྱིན་པ་མེད་དོ། །ཕྱིན་
ཅི་ལོག་གི་བསམ་པས་སྦྱིན་པ་མེད་དོ། །མ་དད་པར་སྦྱིན་པ་མེད་དོ། །མི་དགའ་བར་སྦྱིན་པ་མེད་དོ། །འཁྲུགས་ཏེ་སྦྱིན་པ་མེད་དོ། །འཁོར་གྱི་ཉི་ཚེ་ལ་སྦྱིན་པ་མེད་དོ། །ངོར་བལྟས་ཤིང་སྦྱིན་པ་མེད་དོ། །སེམས་ཅན་སྣ་ཚོགས་སུ་སྦྱིན་པ་མེད་དོ། །སྦྱིན་པའི་གནས་འདམ་ཞིང་སྦྱིན་པ་མེད་
དོ། །སེམས་ཅན་ཐམས་ཅད་ལའང་སྦྱིན་པའི་གནས་མ་ཡིན་ནོ་ཞེས་ཏེ་བརྙས་ཤིང་སྦྱིན་པ་མེད་དོ། །ཚུལ་ཁྲིམས་དང་ལྡན་པ་དང་། ལོག་པའི་ཚུལ་ཁྲིམས་ཅན་ལ་བསྟོད་པ་དང་སྨད་པར་སྦྱིན་པ་མེད་དོ། །ཡང་ལན་གྱི་ཕྱིར་སྦྱིན་པ་མེད་དོ། །གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པའི་
เล่ม ๑๑๒ · หน้า 190b
ཕྱིར་སྦྱིན་པ་མེད་དོ། །བདག་བསྟོད་པ་དང་གཞན་སྨད་དེ་སྦྱིན་པ་མེད་དོ། །གཞན་སྡུག་བསྔལ་བར་བྱ་བའི་སྦྱིན་པ་མེད་དོ། །ཕྱིས་མི་དགའ་བར་སྦྱིན་པ་མེད་དོ། །འགྱོད་པའི་སྦྱིན་པ་མེད་དོ། །གཞན་ལ་གནོད་པའི་སྦྱིན་པ་མེད་དོ། །གཞན་གྱི་རེ་བ་ལ་བབ་པའི་སྦྱིན་པ་མེད་དོ། །སྨད་པའི་སྦྱིན་པ་མེད་
རྣམ་པར་སྨིན་པ་ལ་རེ་བའི་སྦྱིན་པ་མེད་དོ། །དཔགས་ཏེ་སྦྱིན་པ་མེད་དོ། །ཁྲོ་བ་དང་གཤེ་བ་དང་གནོད་སེམས་བསྟན་ཅིང་སྦྱིན་པ་མེད་དོ། །སློང་བ་ལ་གནོད་པའི་སྦྱིན་པ་མེད་དོ། །རྟ་གད་དང་བྲིད་ཅིང་སྦྱིན་པ་མེད་དོ། །ཕྱིན་ཕྱོགས་སུ་སྦྱིན་པ་མེད་དོ། །བསྐྱུར་ཏེ་སྦྱིན་པ་མེད་དོ། །རྐོ་ལོང་ཅིང་སྦྱིན་པ་མེད་
དོ། །བདག་གི་ལག་མ་དར་བའི་སྦྱིན་པ་མེད་དོ། །མི་རྟག་པའི་སྦྱིན་པ་མེད་དོ། །མཐར་ཐུག་པའི་སྦྱིན་པ་མེད་དོ། །བསྔགས་པའི་ཕྱིར་སྦྱིན་པ་མེད་དོ། །ཉམ་ང་བར་སྦྱིན་པ་མེད་དོ། །གཞན་སྡོམ་པའི་སྦྱིན་པ་མེད་དོ། །གཅིག་ཏུ་ཆད་པའི་སྦྱིན་པ་མེད་དོ། །ཆུང་བའི་སྦྱིན་པ་མེད་དོ། །མཐོན་དམན་
དུ་སྦྱིན་པ་མེད་དོ། །ཇི་སྐད་དུ་དམ་བཅས་པ་ལས་ཆུང་བའི་སྦྱིན་པ་མེད་དོ། །མོས་པ་དང་མ་མོས་པར་སྦྱིན་པ་མེད་དོ། །སེམས་ཅན་རྣམས་ལ་ཞིང་མ་ཡིན་སྙམ་སྟེ་སྦྱིན་པ་མེད་དོ། །ཆུང་བ་ལ་བལྟས་ཤིང་སྦྱིན་པ་མེད་དོ། །སྦྱིན་པ་རྒྱ་ཆེན་པོ་ལ་ང་རྒྱལ་གྱིས་སྦྱིན་པ་མེད་དོ། །ལོག་པའི་ནན་ཏན་གྱིས་སྦྱིན་པ་
མེད་དོ། །སྐྱེ་བར་མོས་ཤིང་སྦྱིན་པ་མེད་དོ། །གཟུགས་དང་སྐྱེད་པ་དང་དབང་དུ་དགའ་བའི་སྦྱིན་པ་མེད་དོ། །བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དང་ལྷ་ཐམས་ཅད་དུ་སྐྱེ་བར་སྨོན་ཅིང་སྦྱིན་པ་མེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་བསྔོ་ཞིང་སྦྱིན་པ་མེད་དོ། །གཞོན་ནུ་དང་རྒྱལ་སྲིད་
དང་དབང་ཕྱུག་ཐོབ་པར་བསྔོའོ་ཞེས་སྦྱིན་པ་མེད་དོ། །ཚེ་གཅིག་ཏུ་ཟད་པའི་སྦྱིན་པ་མེད་དོ། །ཕྱིན་ཆད་ཆོག་ཅིང་ངོམས་པའི་སྦྱིན་པ་མེད་དོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སུ་མ་བསྔོས་པའི་སྦྱིན་པ་མེད་དོ། །མི་རིགས་པའི་སྦྱིན་པ་མེད་དོ། །དུས་ལ་མ་བབ་པར་སྦྱིན་པ་མེད་དོ། །དུག་དང་
མཚོན་གྱི་སྦྱིན་པ་མེད་དོ། །སེམས་ཅན་ལ་གཙེ་ཞིང་སྦྱིན་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མཁས་པའི་འགྲོ་བས་སྨད་པ་མེད་དོ་ཞེས་གསུངས་སོ།། །།དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་རྒྱས་པ་ལ་འདི་སྐད་ཅེས་བཀའ་
เล่ม ๑๑๒ · หน้า 191a
སྩལ་ཏོ། །དྲང་སྲོང་ཆེན་པོ་སྦྱིན་པའི་རྣམ་པར་སྨིན་པ་དང་། སྦྱིན་པའི་བྱ་བ་དང་། སྦྱིན་པའི་རྣམ་པར་དབྱེ་བ་དང་། སྦྱིན་པ་ཞེས་བྱ་བའི་དོན་གང་ཡིན་པ་དང་། སྦྱིན་བདག་གིས་ཡོངས་སུ་སྤྱོད་ན་ཇི་ལྟར་སྦྱིན་པ་སྦྱོང་བ་དང་། དེ་དག་ལ་བྱིན་ན་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཇི་ལྟར་
རབ་ཏུ་འཕེལ་བ་དེ་ཉོན་ཅིག །གང་གི་ཕྱིར་སྦྱིན་པ་ཞེས་བྱ་བ་དང་། སྦྱིན་པ་ཞེས་བྱ་བའི་དོན་གང་ཡིན་པ་ཞེས་བྱ་བ་ནི། དྲང་སྲོང་ཆེན་པོ་འདི་ལ་གཏོང་བ་པོས་སྦྱིན་པའི་དངོས་པོ་ཡོངས་སུ་གཏོང་སྟེ། དད་པ་བསྐྱེད་ནས་གཞན་བྱེད་དུ་བཅུག་སྟེ། ཡུལ་གཞན་དུ་སོང་ནས་བྱེད་དུ་བཅུག་པ་དེས་
ཀྱང་། ནོར་རྣམས་རྣམ་པར་གཏོང་བར་བྱེད་ན། ནོར་གང་གི་ཡིན་པ་དེ་ནི་སྦྱིན་བདག་ཡིན་ནོ། །བྱེད་དུ་བཅུག་པས་སྦྱིན་པ་ནི་གཏོང་བ་པོ་ཡིན་གྱི་སྦྱིན་བདག་མ་ཡིན་ནོ། །གང་རང་གི་དངོས་པོ་བདག་ཉིད་ཀྱིས་སྦྱིན་པ་དེ་ནི་གཏོང་བ་པོ་ཡང་ཡིན་ལ་སྦྱིན་བདག་ཀྱང་ཡིན་ནོ། །དྲང་སྲོང་ཆེན་པོ་རྣམ་པ་སུམ་ཅུ་རྩ་
གཉིས་ཀྱིས་སྦྱིན་པ་ཡོངས་སུ་མ་དག་པར་བལྟའོ། །རྣམ་པ་སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་ཆེན་པོ་འདི་ལ་གཏོང་བ་པོ་ཕྱིན་ཅི་ལོག་ཏུ་ལྟ་བར་འགྱུར་ཞིང་། མ་དད་པ་དང་། མ་དད་པ་མང་ལ་དེས་སྦྱིན་པ་བྱིན་ན། དེའི་སྦྱིན་པ་དེ་ཡོངས་སུ་མ་དག་པ་ཡིན་ནོ། །དྲང་སྲོང་ཆེན་པོ་
གཞན་ཡང་ཕན་གདགས་པའི་ལན་དུ་ཕན་འདོགས་པར་བྱ་བའི་ཕྱིར་སྦྱིན་པ་བྱིན་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །དེ་དམན་པ་དང་འདོད་པའི་རྒྱུའི་ཕྱིར་གང་འདི་ལྟ་བུའི་སེམས་ཀྱིས་མེ་ལ་སྦྱིན་པ་སྦྱིན་ནོ་ཞེའམ། མེ་ལྕེ་ལ་སྦྱིན་པ་བྱིན་ནོ་ཞེའམ། ཆུ་ལ་སྦྱིན་པ་སྦྱིན་ནོ་ཞེའམ། དེས་བདག་
ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྒྱལ་པོ་ལ་སྦྱིན་པ་སྦྱིན་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་འཇིགས་པའི་ཕྱིར་ཆོམ་པོ་ལ་སོགས་པ་ལ་སྦྱིན་པ་བྱིན་ཏེ་ཐུན་མོང་མ་ཡིན་པ་ལྔ་བྱིན་ན་ཡོངས་སུ་མ་དག་པ་ཡིན་ནོ། །དུག་སྦྱིན་པ་དང་། མཚོན་ཆ་སྦྱིན་པ་དང་། སྲོག་ཆགས་བསད་དེ་ཤ་སྦྱིན་པ་
དང་། བག་མེད་པ་རྣམས་ལ་ཆང་སྦྱིན་པ་དང་། འདི་དག་ནི་བདག་གིར་འགྱུར་ཏེ་བདག་གི་རིམ་གྲོ་དང་མཆོད་པར་འགྱུར་རོ་སྙམ་ནས། སེམས་ཅན་བསྡུ་བ་དང་། འཐོབ་པའི་ཕྱིར་བསྡུ་བ་སྦྱིན་པ་དང་། གང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་སྦྱིན་པ་དང་། གང་གར་དང་། གླུ་དང་བཞད་
เล่ม ๑๑๒ · หน้า 191b
གད་དང་། རྩད་མོ་དང་གཏམ་དང་། དགའ་བར་བྱ་བའི་ཕྱིར་རོལ་མོ་མཁན་རྣམས་ལ་སྦྱིན་པ་བྱིན་ན། སྦྱིན་པ་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་གཟའི་མཚན་མའི་ཕྱིར་སྐར་མཁན་ལ་སྦྱིན་པ་གཏོང་བར་བྱེད་པ་དང་། གང་གཞན་གྱི་ནོར་མཛའ་བོ་ལ་སྦྱིན་པ་དང་། གང་གི་ཁྱིམ་མམ་ཞིང་ལ་
གཞན་གྱི་འབྲུའི་ཕུང་པོའམ། ནས་དང་གྲོའི་ཕུང་པོ་ལ་རི་དགས་དང་བྱ་བྲལ། དེ་དེ་ལ་དགའ་བ་དང་མགུ་བ་བསྐྱེད་ན། དེ་ཡང་སྦྱིན་པ་ཡོངས་སུ་མ་དག་པ་ཡིན་ནོ། །གང་བཟོའི་ཕྱིར་སྦྱིན་པ་སྦྱིན་པ་དང་། གང་ཡང་ལུས་མི་བདེ་བས་འཇིགས་པའི་ཕྱིར་སྨན་པ་ལ་སྦྱིན་པ་སྦྱིན་པ་དང་། གང་ཡང་སློང་བ་རྣམས་ལ་སྤྱོས་
བརྒྱད་དེ། ཚིག་པ་ཟ་བར་བྱས་ནས་སྦྱིན་པ་སྦྱིན་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་སྦྱིན་པ་བྱིན་ན་འདིའི་རྣམ་པར་སྨིན་པ་ཡོད་དམ་མེད་ཅེས་ཐེ་ཚོམ་ཟ་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་སྦྱིན་པ་བྱིན་ནས་གདུང་བ་དང་འགྱོད་པས་གདུངས་ན། དེ་ཡང་ཡོངས་
སུ་མ་དག་པ་ཡིན་ནོ། །གང་ཡང་སྦྱིན་པ་བྱིན་ནས་གང་བདག་ལས་ཁྱེར་བ་ཐམས་ཅད་ཀྱིས་ཚེ་ཕྱི་མ་ལ་སླར་སྦྱིན་པར་འགྱུར་རོ་སྙམ་དུ་འདི་ལྟ་བུའི་སེམས་བསྐྱེད་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་བསོད་ནམས་ཀྱི་རྣམ་པར་སྨིན་པ་འདི་ནི་བདག་ཉིད་ཀྱིས་སྤྱད་ཀྱི། སེམས་ཅན་
གཞན་གང་ལ་ཡང་མ་གྱུར་ཅིག་སྙམ་དུ་དེ་ལྟར་སེམས་བསྐྱེད་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ལང་ཚོ་ལ་བབ་པ་ན་སྦྱིན་པ་མི་སྦྱིན་ཞིང་། བར་མའི་དུས་ན་ཡང་མ་ཡིན་ལ། ན་བས་གཟིར་བ་དང་། འཆི་བའི་དུས་ཀྱི་ཚེ་དང་། གནད་དུ་ཕོག་པའི་སྡུག་བསྔལ་བ་
དང་། སྣད་པ་དང་འཆི་བའི་མྱ་ངན་དུ་གྱུར་པ་ན། སངས་རྒྱས་པ་ལ་དགའ་བ་དང་། དད་པ་མེད་པའི་རྩ་ལག་རྣམས་ཀྱིས་བྱེད་དུ་བཅུག་པའི་ཚེ། སྦྱིན་གནས་རྣམས་ལ་སྦྱིན་པ་བྱིན་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡུལ་གཞན་ན་གནས་ན་ཡང་། ཡུལ་དང་གནས་ག་གེ་མོ་ཞེས་བྱ་
བ་ན། བདག་སྦྱིན་བདག་ཏུ་གྲགས་པར་འགྱུར་རོ་སྙམ་སྟེ། གྲགས་པའི་རྒྱུར་སྦྱིན་པ་བྱིན་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་ཁ་ཟས་གཏོང་མི་ཕོད་པ་ལ་འཇིག་རྟེན་པ་མི་དགའ་བར་མཐོང་ནས། སྦྱིན་ཕོད་པའི་ཉེས་པ་ནི་འཇིག་རྟེན་གྱིས་བཟོད་དོ་སྙམ་སྟེ། སྦྱིན་པ་བྱིན་ན་དེ་
เล่ม ๑๑๒ · หน้า 192a
ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་གང་བུད་མེད་སྙིང་དུ་སྡུག་སྟེ་ཆུང་མར་བླང་བའི་འབྲེལ་བ་དང་། ཕྱིར་བྱེད་པར་བྱ་བའི་དོན་དུ་བུད་མེད་ཀྱི་གཞི་ལས་མཛའ་བཤེས་དང་། གཉེན་འདབ་དང་འབྲེལ་བའི་ཕྱོགས་ལ་ནོར་བུ་དང་། གསེར་དང་དངུལ་དང་། རྡོ་རྗེ་དང་བཻ་ཌཱུརྱ་དང་དར་
དང་། བྱི་རུ་དང་། དུ་གུ་ལའི་རས་ལ་སོགས་པས་མགུ་བར་བྱེད་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་འདི་ལྟར་བདག་ལ་ནོར་ནི་མང་དུ་ཡོད་ན་བདག་ལ་བུ་མེད་དོ། །བདག་གིས་གང་རིགས་པ་ལ་གཏོང་བར་བྱའོ་སྙམ་སྟེ་སྦྱིན་པ་བྱིན་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་ཚེ་
འདི་ལ་སྦྱིན་པས་འཇིག་རྟེན་ཕ་རོལ་དུ་རྙེད་པར་འགྱུར་རོ་སྙམ་པའི་སེམས་ཀྱིས་སྦྱིན་པ་བྱིན་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་མེ་ཏོག་དང་། འབྲས་བུ་དང་། ཟང་ཟིང་འདོད་པས་དབུལ་བ་དང་། བཀྲེན་པ་དང་། སྡུག་ཕོངས་པ་གོས་དེངས་ཤིང་དྲི་མ་ཅན་རྣམས་བཀོལ་ཏེ་བོར་ལ།
ཕྱུག་པ་རྒྱ་ཆེན་པོ་ཐོབ་པ་དག་ལ་སྦྱིན་པ་བྱིན་ན། དེ་ཡང་སྦྱིན་པ་ཡོངས་སུ་མ་དག་པ་ཡིན་ནོ། །དྲང་སྲོང་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་སྦྱིན་པ་བྱིན་པ་ཡོངས་སུ་དག་པ་མ་ཡིན་པར་བལྟའོ། །དྲང་སྲོང་ཆེན་པོ་དེ་དག་གི་རྣམ་པར་སྨིན་པ་ནི། ཚ་སྒོ་ཅན་གྱི་ཞིང་ལ་ས་བོན་
ངན་པ་བཏབ་པའི་མྱུ་གུ་སྐྱེ་བ་བཞིན་དུ་བལྟ་སྟེ། སྦྱིན་པ་དེའི་རྣམ་པར་སྨིན་པ་ནི་མེད་པ་མ་ཡིན་མོད་ཀྱི་འོན་ཀྱང་ཞིང་དང་ས་བོན་གྱི་ཉེས་པས་མེ་ཏོག་དང་འབྲས་བུར་མི་འགྱུར་རོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་གང་འདོད་པའི་ས་བོན་ཁྱེར་ཏེ། མ་རྨོས་མ་བསྩལ་
བའི་ཞིང་ལ་བཏབ་ན། དེའི་ས་བོན་ས་ལ་གནས་པ་དེ་ལ་ཆར་པ་བབ་ནས་བངས་ནས། གདོན་མི་ཟ་བར་མྱུ་གུ་སྐྱེ་ནུས་པར་འགྱུར་ཏེ། འོན་ཀྱང་མེ་ཏོག་དང་འབྲས་བུར་ནི་མི་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་སྦྱིན་པ་དེའི་རྣམ་པར་དབྱེ་བ་དེ་ཡང་བསམ་པ་དང་སྦྱོར་བ་ཀུན་ནས་ཉོན་མོངས་པ་ཅན་
དུ་གྱུར་པས་འབྲས་བུ་རྣམ་པར་སྨིན་པ་གྲུང་པོར་མི་འགྱུར་རོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཡིན་ཞེ་ན། འདི་ལྟ་སྟེ།
เล่ม ๑๑๒ · หน้า 192b
སེར་སྣའི་དྲི་མ་ལ་ཡོངས་སུ་གནས་པའི་སེམས་སྤངས་པ་དང་། གཏོང་བའི་རྗེས་སུ་འཇུག་པའི་སེམས་སྤེལ་བ་སྟེ། སེར་སྣའི་དྲི་མ་བསལ་ཞིང་གཏོང་བའི་སེམས་ཀྱིས་ལེགས་པར་བྱིན་གྱིས་བརླབས་པ་དེའི་སེམས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་གནས་པར་འགྱུར་རོ། །དེ་སྦྱིན་པ་སྦྱིན་པ་ན་ཐ་དད་
པ་བཞི་བྱེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐ་དད་པར་མི་བྱེད་པ་དང་། ཆོས་ཐ་དད་པར་མི་བྱེད་པ་དང་། ཡོངས་སུ་བསྔོ་བ་ཐ་དད་པར་མི་བྱེད་པ་དང་། བསམ་པ་ཐ་དད་པར་མི་བྱེད་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་སེམས་ཅན་ཐ་དད་པར་མི་བྱེད་པ་ཡིན་ཞེ་ན།
རིགས་ཀྱི་བུ་འདི་ལྟ་སྟེ། འདི་ལ་སྦྱིན་པར་བྱའོ། །འདི་ལ་སྦྱིན་པར་མི་བྱའོ། །འདི་ལ་མང་དུ་སྦྱིན་པར་བྱའོ། །འདི་ལ་ཉུང་ངུ་སྦྱིན་པར་བྱའོ། །འདི་ལ་གྱ་ནོམ་པ་སྦྱིན་པར་བྱའོ། །འདི་ལ་གྱ་ནོམ་པ་མ་ཡིན་པ་སྦྱིན་པར་བྱའོ། །འདི་ལ་རྟག་ཏུ་སྦྱིན་པར་བྱའོ། །འདི་ལ་རྟག་ཏུ་སྦྱིན་པར་མི་བྱའོ། །འདི་
ལ་གུས་པར་བྱས་ཏེ་སྦྱིན་པར་བྱའོ། །འདི་ལ་གུས་པར་བྱས་ཏེ་སྦྱིན་པར་མི་བྱའོ། །འདི་ལ་ཐམས་ཅད་སྦྱིན་པར་བྱའོ། །འདི་ལ་ཐམས་ཅད་སྦྱིན་པར་མི་བྱའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་འཆལ་བའོ། །འདི་ལ་ཡོན་ཏན་གྱི་གནས་སོ། །འདི་ལ་ཡོན་ཏན་གྱི་གནས་མ་ཡིན་པའོ། །
འདི་ལ་བྱིན་ན་ཡོན་རྣམ་པར་དག་པར་འགྱུར་རོ། །འདི་ནི་རྣམ་པར་དག་པར་མི་འགྱུར་རོ། །འདི་ནི་ཡང་དག་པར་རབ་ཏུ་ཞུགས་པའོ། །འདི་ནི་ལོག་པར་ཞུགས་པའོ་ཞེས་དེ་ལྟར་དེ་ལྟ་བུའི་ངོ་བོའི་སེམས་ཀྱི་འཇུག་པ་སྤངས་པ། མཉམ་པ་ཉིད་སྣ་ཚོགས་པ་མ་ཡིན་ལ། མཐོ་བ་མ་ཡིན་པ། དམའ་བ་མ་
ཡིན་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡང་དག་པར་རབ་ཏུ་སྦྱོར་བ་ཉིད། མཚུངས་པའི་སྦྱིན་པ་ཉིད། བྱམས་པ་མཉམ་པ་ཉིད། སྙིང་བརྩེ་བ་མཉམ་པ་ཉིད། བྱེ་བྲག་མེད་པ་ཉིད། ནམ་མཁའི་མཉམ་པ་ཉིད་དུ་རྟོགས་པ་ཉིད་དེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་
པ་སྦྱིན་པ་ན་སེམས་ཅན་ཐ་དད་པར་མི་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཆོས་ཐ་དད་པར་མི་བྱེད་པ་ཡིན་ཞེ་ན། གང་དག་ཆོས་སྨྲ་བར་གྱུར་པ་དེ་དག་ལ་སྦྱིན་པར་བྱའོ། །གང་དག་ཆོས་མ་ཡིན་པ་སྨྲ་བར་འགྱུར་བ་དེ་ལ་སྦྱིན་པར་མི་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་པར་མི་འགྱུར་རོ། །དེ་ཆོས་
เล่ม ๑๑๒ · หน้า 193a
ཐམས་ཅད་ལ་མཉམ་པ་ཉིད་ཐོབ་པས་སྦྱིན་པ་སྦྱིན་པར་བྱེད། སོ་སོའི་སྐྱེ་བོ་དམན་པར་བྱས་ནས་སྦྱིན་པ་སྦྱིན་པར་མི་བྱེད། འཕགས་པ་ཆེན་པོར་གྱུར་པ་ཉིད་ཀྱིས་སྦྱིན་པ་སྦྱིན་པར་མི་འགྱུར་རོ། །གཞན་ཡང་ཆོས་ཀྱི་དབྱིངས་རང་བཞིན་མཉམ་པས་བྱེ་བྲག་མེད་པ་ཉིད་ཀྱིས་སྦྱིན་པ་སྦྱིན་
པར་འགྱུར་ཏེ། འདི་ནི་ཆོས་ཐ་དད་པ་ཉིད་དུ་མི་བྱེད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཡོངས་སུ་བསྔོ་བ་ཐ་དད་པ་ཉིད་དུ་མི་བྱེད་པ་ཡིན་ཞེ་ན། གང་གི་ཚེ་སྦྱིན་པ་སྦྱིན་པ་ན་དགེ་བའི་རྩ་བ་དེ་བརྒྱ་བྱིན་ཉིད་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་པར་མི་འགྱུར། ཚངས་པ་ཉིད་ཐོབ་པར་བྱ་བའི་ཕྱིར་མ་ཡིན། རྒྱལ་སྲིད་དམ།
ཚོང་དཔོན་ཉིད་དམ། ཁྱིམ་བདག་ཉིད་དམ། གཟུགས་སམ་ཁ་དོག་ཉིད་དམ། ལོངས་སྤྱོད་དམ། དབང་ཕྱུག་གམ། གཡོག་འཁོར་དོན་དུ་གཉེར་བས་མ་ཡིན། དགེ་བའི་རྩ་བ་དེ་སྲིད་པའི་འགྲོ་བ་ཐམས་ཅད་ནས། འཆི་འཕོ་བ་དང་སྐྱེ་བའི་གནས་སུ་ཡོངས་སུ་སྔོ་བར་བྱེད་པ་མ་ཡིན་པ་དང་། དགེ་བའི་རྩ་བ་དེ་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པ་མ་གཏོགས་པ། ཉན་ཐོས་ཀྱི་ཐེག་པར་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པར་མ་ཡིན་ཏེ། འདི་ནི་ཡོངས་སུ་བསྔོ་བ་ཐ་དད་པ་ཉིད་དུ་མི་བྱེད་པ་ཞེས་བྱའོ། །གཞན་ལ་བསམ་པ་མཉམ་པ། སྦྱོར་བ་མཉམ་པ། རྣམ་པར་སྨིན་པ་ལ་རེ་བ་མེད་པ།
གཞན་གྱིས་བྱས་པ་ལ་ལྟོས་པ་མེད་པ། ལྷག་པའི་བསམ་པ་ཡོངས་སུ་སྨིན་པའི་བློ་ཅན། འགྱོད་པ་མེད་པའི་བློ་ཅན། དུས་གསུམ་དུ་དད་པ་ཐོབ་པས། གཡོ་དང་སྒྱུ་དང་མི་ལྡན་པར་སྦྱིན་པ་སྦྱིན་པར་བྱེད་ཅིང་བྱིན་ནས་ཀྱང་དད་པ་འཐོབ་པར་འགྱུར་ཏེ། འདི་ནི་བསམ་པ་ཐ་དད་པ་ཉིད་དུ་མི་བྱེད་པ་ཞེས་བྱའོ། །
རིགས་ཀྱི་བུ་དེ་ལྟར་སྦྱིན་པ་སྦྱིན་པ་ན་བྱང་ཆུབ་སེམས་དཔའ་ཐ་དད་པ་བཞི་པོ་འདི་དག་མི་བྱེད་པ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་གནས་དང་པོ་ཡིན་ནོ། །དེ་ལྟ་བ་བརྒྱད་ཀྱིས་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། ལྟ་བ་བརྒྱད་གང་ཞེ་ན། དེ་བདག་ཏུ་ལྟ་བ་
ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་འགྱུར་བ་དང་། དེ་བཞིན་དུ་སེམས་ཅན་དང་། སྲོག་དང་། གང་ཟག་དང་། ཆད་པ་དང་། རྟག་པ་དང་། སྐྱེ་བ་དང་འཇིག་པར་ལྟ་བ་ཡོངས་སུ་དག་པ་སྟེ། ལྟ་བ་བརྒྱད་པོ་དེ་དག་གིས་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་འགྱུར་རོ། །འདི་ཡང་བྱང་ཆུབ་སེམས་དཔའི་སྦྱིན་པའི་
เล่ม ๑๑๒ · หน้า 193b
ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་གནས་གཉིས་པའོ། །དེ་ལ་བག་ལ་ཉལ་བཞི་སྤངས་ནས་སྦྱིན་པ་སྦྱིན་པར་འགྱུར་རོ། །བཞི་གང་ཞེ་ན། སོ་སོའི་སྐྱེ་བོའི་ཆོས་བག་ལ་ཉལ་བ་དང་། ཉན་ཐོས་ཀྱི་ཆོས་བག་ལ་ཉལ་བ་དང་། རང་སངས་རྒྱས་ཀྱི་ཆོས་བག་ལ་ཉལ་བ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་བག་ལ་
ཉལ་ཏེ། བག་ལ་ཉལ་བཞི་པོ་འདི་དག་སྤངས་ནས་སྦྱིན་པ་སྦྱིན་པར་འགྱུར་རོ། །དེ་འདུ་ཤེས་བཞི་ཡོངས་སུ་སྤངས་ནས་སྦྱིན་པ་སྦྱིན་པར་འགྱུར་རོ། །བཞི་གང་ཞེ་ན། རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། གཙང་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་སྟེ་བཞི་པོ་འདི་དག་གོ། །དེ་
རྣམ་པ་བཞི་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞེ་ན། ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། བསམ་པ་ཡོངས་སུ་དག་པ་སྟེ་བཞི་པོ་འདི་དག་གོ། །དེ་ཞེན་པ་གསུམ་སྤངས་ནས་སྦྱིན་པ་སྦྱིན་པར་འགྱུར་ཏེ། གསུམ་གང་ཞེ་ན།
རྣམ་པར་སྨིན་པ་ལ་རེ་བ་ལ་ཞེན་པ་དང་། འགྱོད་པ་ལ་ཞེན་པ་དང་། ཐེག་པ་དམན་པར་ཡོངས་སུ་བསྔོ་བ་ལ་ཞེན་པ་སྟེ་གསུམ་པོ་འདི་དག་གོ། །འཇིག་པ་གསུམ་ལས་འདས་ནས་སྦྱིན་པ་སྦྱིན་པར་འགྱུར་ཏེ། གསུམ་གང་ཞེ་ན། ལྷག་པའི་ང་རྒྱལ་གྱི་འཇིགས་པ་དང་། རློམ་པའི་འཇིགས་པ་དང་། བདུད་ཀྱི་
ལས་ཀྱི་འཇིགས་པ་སྟེ་གསུམ་པོ་འདི་དག་གོ། །དེ་ཕྱག་རྒྱ་བཞིས་རྒྱས་བཏབ་པའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞེ་ན། ནང་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། ཕྱི་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། སེམས་ཅན་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། བྱང་ཆུབ་སྟོང་པ་ཉིད་ཀྱི་
ཕྱག་རྒྱས་རྒྱས་བཏབ་པ་སྟེ་བཞི་པོ་འདི་དག་གོ། །དེ་བརྩོན་འགྲུས་བཞི་བརྩམས་པ་དང་མ་བྲལ་བའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པའི་བརྩོན་འགྲུས་བརྩམས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པའི་བརྩོན་འགྲུས་བརྩམས་པ་དང་། མཚན་
དང་དཔེ་བྱད་ཡོངས་སུ་རྫོགས་པའི་བརྩོན་འགྲུས་བརྩམས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་བརྩོན་འགྲུས་བརྩམས་པ་སྟེ་བཞི་པོ་འདི་དག་གོ། །དེ་དྲན་པ་བཞི་དང་མ་བྲལ་བའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། སངས་རྒྱས་ལྟ་བ་རྗེས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด