འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๙ · หน้า 1b

༄༅༅། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ། བམ་པོ་ཉི་ཤུ་དྲུག་པ། གཞན་ཡང་དོན་དམ་ཡང་དག་འཕགས་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་

བ་མ་བསྐྱེད་པ། སྒྲིབ་པ་ཡོངས་སུ་མ་དག་པ་རྒྱུད་ཡོངས་སུ་མ་སྨིན་པ། མོས་པ་མང་དུ་མ་བསྒོམས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་མ་བསགས་པ་དག་ལ་ཞེས་བྱ་

བ་འདི་མན་ཆད་ནི་གསུམ་པ་གནས་སྐབས་ལས་བརྩམས་ནས། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྣམ་པར་གཞག་པའི་དགོངས་པ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་ཏེ།

གནས་སྐབས་ལྔ་ལས་བརྩམས་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་བསྟན་པ་དང་། དེ་དག་དེ་ལྟར་ཞེས་བྱ་བ་མན་ཆད་ཀྱིས་སྦྱོར་བ་ལ་སོགས་པའི་གནས་སྐབས་ལས་བརྩམས་ནས་ངོ་བོ་ཉིད་

མེད་པ་ཉིད་ཕྱི་མ་གཉིས་བསྟན་པའོ། །ཡང་རྣལ་འབྱོར་གྱི་སྒོ་བརྗོད་ན་གནས་སྐབས་རྣམ་པ་ལྔ་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། རྣམ་པར་རིག་པ་

เล่ม ๑๑๙ · หน้า 2a

ཙམ་གྱིས་གནས་སྐབས་རྣམ་པ་ལྔ་ཇི་ལྟར་ཁོང་དུ་ཆུད་ཅིང་འཇུག་པར་འགྱུར་ཞེ་ན། དང་པོ་ཚོགས་ཀྱི་གནས་སྐབས་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོ་བསྒོམ་པ་རྣམ་པར་གྲོལ་བའི་ཆ་དང་མཐུན་

པ་གང་ཡིན་པའོ་ཞེས་འབྱུང་སྟེ། དེ་ནི་དད་པ་བཅུ་ནས་ཡོངས་སུ་བསྔོ་བ་བཅུའི་བར་དག་གོ། །གཉིས་པ་སྦྱོར་བའི་གནས་སྐབས་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོ་བསྒོམ་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་

པའོ་ཞེས་འབྱུང་སྟེ། དེ་ནི་ཡོངས་སུ་བསྔོ་བ་རྣམ་པ་བཅུ་ལས་བཅུ་པ་སེམས་ཡོངས་སུ་སྦྱོང་བ་ཞེས་བྱའོ། །གསུམ་པ་རྟོག་པའི་གནས་སྐབས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་ལ་གནས་

པ་གང་ཡིན་པའོ། །བཞི་པ་བསྒོམ་པའི་གནས་སྐབས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པའི་ལམ་ལ་གནས་པ་གང་ཡིན་པའོ། །ལྔ་པ་མཐར་ཕྱིན་པའི་གནས་སྐབས་ནི་འདི་ལྟ་སྟེ། བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་གང་ཡིན་པའོ་ཞེས་བསྟན་པ་ལྟ་བུའོ། །འདིར་མདོ་འདི་དང་སྦྱར་ན་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་གནས་སྐབས་ལྔ་ལས་བརྩམས་ནས་སྐྱེ་བ་ངོ་བོ་ཉིད་རྣམ་པར་འབྱེད་པ་སྟེ།

เล่ม ๑๑๙ · หน้า 2b

འདི་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པའི་ཚོགས་ཀྱི་ལམ་དང་པོ་དང་། དད་པ་བཅུའི་མདུན་རོལ་དུ་རྣམ་པར་གྲོལ་བའི་ཕྱོགས་ཀྱི་དགེ་བའི་རྩ་བ་བསྐྱེད་པ་དག་ཡིན་ནོ། །གཉིས་པ་ནི་སྦྱོར་བའི་ལམ་ལ་སོགས་པ་ལས་བརྩམས་ནས། ངོ་བོ་ཉིད་མེད་པ་ཕྱི་མ་

གཉིས་རྣམ་པར་འབྱེད་པ་སྟེ། འདི་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པའི་གནས་སྐབས་བར་མ་གསུམ་པོ་དག་གོ། །མི་སློབ་པའི་གནས་སྐབས་ནི་མ་གཏོགས་ཏེ་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་རོ། །འདི་ནི་དང་པོ་སྟེ། འདི་ཡང་རྣམ་པ་གསུམ་

དུ་དབྱེའོ། །བསྟན་པ་གསུངས་པའི་དགོངས་པ་བསྟན་པ་དང་། ངས་དེ་དག་གི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་གསུངས་པ་ཡིན་པར་བསྟན་པ་དང་། དེ་དག་གིས་ཆོས་དེ་ཐོས་ནས་ཞེས་བྱ་བ་མན་ཆད་ཀྱིས་བསྟན་པ་གསུངས་པའི་ཕན་

ཡོན་བསྟན་པ་སྟེ། འདི་ནི་དང་པོའོ། །དགོངས་པ་དེ་ལ་ཡང་གནས་སྐབས་རྣམ་པ་ལྔ་ཡོད་དེ། དང་པོ་དགེ་བའི་རྩ་བ་བསྐྱེད་པའི་གནས་སྐབས་ནི་འདི་ལྟ་སྟེ། དད་པ་བཅུའི་མདུན་རོལ་དུ་རྣམ་པར་གྲོལ་བའི་ཕྱོགས་ཀྱི་དགེ་བའི་རྩ་བ་བསྐྱེད་པ་གང་ཡིན་པའོ། །རྣམ་པར་གྲོལ་བའི་

ཕྱོགས་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་ཆོས་ནི་དགེ་བསྙེན་གྱི་ཚུལ་ཁྲིམས་བསྟན་པའི་མདོ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །གཉིས་པ་རྣམ་པར་དག་པའི་གནས་སྐབས་ནི་འདི་ལྟ་སྟེ། དད་པ་བཅུ་པོ་རྣམས་ཏེ་འདི་ལྟར་ཅི་ནུས་ཅི་ལྕོགས་ཀྱིས་སྡིག་པའི་ལས་རྣམས་སྦྱང་བའི་

ཕྱིར་རོ། །དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སྡིག་པའི་ལས་ཡོངས་སུ་མ་དག་པ་རྣམས་སྡིག་པའི་ལས་རྣམས་ཡོངས་སུ་དག་པར་བྱེད་དོ་ཞེས་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས་ཀྱང་ཆོས་འདི་པའི་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་

ཡིན་པའི་མ་རིག་པ་སྤངས་པའི་ཕྱིར་སྡིག་པའི་ལས་མི་བྱེད་དོ་ཞེས་གསུངས་སོ། །གསུམ་པ་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་གནས་སྐབས་ནི་འདི་ལྟ་སྟེ། ཤེས་པ་བཅུའི་གང་ཟག་མངོན་པར་ཡིད་ཆེས་པ་ལ་སོགས་པས་རྒྱུད་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པའོ། །དེའི་

เล่ม ๑๑๙ · หน้า 3a

ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། དེ་ལ་བརྟེན་ནས་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཞེས་གསུངས་སོ། །བཞི་པ་མོས་པ་མང་དུ་བསྒོམ་པའི་གནས་སྐབས་ནི་འདི་ལྟ་སྟེ། སྤྱོད་པ་རྣམ་པ་བཅུ་ལ་

གནས་པ་དག་ལ་ངེས་པའི་མོས་པ་མང་དུ་མངོན་དུ་གྱུར་པའི་ཕྱིར་རོ། །ལྔ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་གནས་སྐབས་ནི་ཡོངས་སུ་བསྔོ་བ་རྣམ་པ་བཅུ་ལ་གནས་པ་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཕུན་སུམ་ཚོགས་པའི་ཕྱིར་རོ། །

དེ་ནི་འདི་སྐད་དུ་དགེ་བའི་རྩ་བ་མ་བསྐྱེད་པ་གང་ཡིན་པ་དེ་དག་དགེ་བའི་རྩ་བ་བསྐྱེད་པ་ནས་ཚོགས་མ་རྫོགས་པ་གང་ཡིན་པ་དེ་དག་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་བར་གྱི་ཕྱིར་དེ་དག་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་བསྟན་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བཤད་པའི་རྣམ་གྲངས་

གཞན་དུ་ན་ཚོགས་ཀྱི་གནས་སྐབས་ཀྱི་དངོས་པོ་ལྔའི་བྱེ་བྲག་རྣམ་པར་འབྱེད་པ་ཡིན་གྱི། གནས་སྐབས་རྣམ་པ་ལྔ་རྣམ་པར་གཞག་ནས་སེམས་བཞི་བཅུ་དང་སྦྱར་བ་ནི་མ་ཡིན་ནོ་ཞེས་སྟོན་ཏེ། དངོས་པོ་ལྔའི་བྱེ་བྲག་ནི་གོང་དུ་བསྟན་པ་བཞིན་ནོ། །ངས་དེ་དག་གི་ཕྱིར་སྐྱེ་བ་ངོ་

བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་སྟོན་ཏོ་ཞེས་བྱ་བ་ནི་གཉིས་པ་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཆོས་གསུངས་པ་ཡིན་པར་བསྟན་པའོ། །འདི་ལྟར་སེམས་ཅན་རྣམས་དང་པོ་ཉིད་ནས་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པ་ཁོང་དུ་མ་ཆུད་པས་ཡང་དག་

པ་མ་ཡིན་པའི་སེམས་ཀྱི་རྒྱུ་མེད་པ་དང་། བདག་ཉིད་ཀྱི་སྐྱེ་བར་འཛིན་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་ཐམས་ཅད་ནི་རྒྱུ་ལས་སྐྱེས་པ་ཡིན་གྱི། བདག་ཉིད་ལས་ནི་མ་ཡིན་ནོ་ཞེས་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་

གིས་ཆོས་དེ་ཐོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་ལ་ཅི་ནུས་ཀྱིས་མི་རྟག་པ་ཉིད་དུ་ཤེས་ཤིང་མི་བརྟན་པ་ཉིད་དང་། ཡིད་བརྟན་དུ་མི་རུང་བ་ཉིད་དང་། འགྱུར་བའི་ཆོས་ཅན་དུ་ཤེས་ནས་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་བསྟན་པ་གསུངས་པའི་ཕན་

เล่ม ๑๑๙ · หน้า 3b

ཡོན་སྟོན་ཏོ། །འདི་ཡང་ཕན་ཡོན་རྣམ་པ་བཞི་ཡོད་པས་དེ་ཉིད་ལས་རྣམ་པར་བཞིར་དབྱེ་སྟེ། མི་རྟག་པ་ཉིད་ཁོང་དུ་ཆུད་པའི་ཕན་ཡོན་དང་། སྔངས་ཤིང་ཤིན་ཏུ་སྐྱོ་བའི་ཕན་ཡོན་དང་། སྡིག་པ་ལས་བཟློག་ནས་དགེ་བ་སྤྱོད་པའི་ཕན་ཡོན་དང་། དངོས་པོ་ལྔ་ཕུན་སུམ་

ཚོགས་པའི་ཕན་ཡོན་ནོ། །འདི་ནི་དང་པོ་སྟེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས་རྒ་ཤིའི་བར་གང་ཡིན་པ་དེ་དག་ནི་དབང་ཕྱུག་ལ་སོགས་པ་ལས་བྱུང་བ་མ་ཡིན་པར་གསུངས་པ་ཉིད་ཀྱིས་སེམས་ཅན་རྣམས་ཅི་ནུས་ཅི་ལྕོགས་ཀྱིས་

ཆོས་རྣམས་མི་རྟག་ཅིང་མི་བརྟན་པ་ཉིད་ནི་མི་རྟག་པ་ཡིན་པར་ཤེས་པའི་ཕྱིར་རོ། །གཞན་ཡང་ཡིད་བརྟན་དུ་མི་རུང་བ་ཉིད་ནི་མྱ་ངན་ལས་འདས་པ་ལྟར་སྐྱེ་བ་དང་། འགག་པ་དང་བྲལ་བའི་ཕྱིར་བརྟན་པ་ཉིད་དུ་གནས་པ་མ་ཡིན་པ་དང་། གཞན་ཡང་འདུས་བྱས་རྣམས་ནི་

སྔ་མ་འགགས་ནས་ཕྱི་མ་སྐྱེ་བས་རིམ་གྱིས་ཉམས་ཤིང་འཇིག་པར་འགྱུར་བས་འགྱུར་བའི་ཆོས་ཉིད་ཡིན་པར་ཤེས་པར་འགྱུར་བས་སོ། །འདུ་བྱེད་ཐམས་ཅད་ལ་ཡིད་དངང་བར་བྱེད་ཤིན་ཏུ་སྐྱོ་བར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་དངངས་ཤིང་ཤིན་ཏུ་སྐྱོ་བར་འགྱུར་བའི་ཕན་ཡོན་

བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །ཡིད་དངང་བར་བྱས་ཤིན་ཏུ་སྐྱོ་བར་བྱས་ནས་སྡིག་པ་རྣམས་ལས་བཟློག་སྟེ། སྡིག་པའི་ཆོས་གང་ཡིན་པ་མི་བྱེད་ཅིང་དགེ་བའི་ཆོས་རྣམས་བརྩོན་འགྲུས་ཀྱིས་བརྟེན་པར་བྱེད་དོ་ཞེས་བྱ་བ་ནི་གསུམ་པ་སྡིག་པ་ལས་བཟློག་ནས་དགེ་

བ་སྤྱོད་པའི་ཕན་ཡོན་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དགེ་བ་ལ་བརྟེན་པའི་རྒྱུས་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་སྐྱེད་དོ། །སྒྲིབ་པ་ཡོངས་སུ་མ་བྱང་བ་རྣམས་ཀྱང་ཡོངས་སུ་སྦྱོང་ངོ་། །རྒྱུད་ཡོངས་སུ་མ་སྨིན་པ་ཡང་ཡོངས་སུ་སྨིན་པར་བྱེད་དེ། རྒྱུ་དང་

རྐྱེན་དེས་ན་མོས་པ་མང་དུ་བསྒོམ་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཀྱང་མང་དུ་བསགས་པར་འགྱུར་རོ་ཞེས་བྱ་བ་ནི་བཞི་པ་དངོས་པོ་ལྔ་ཕུན་སུམ་ཚོགས་པའི་ཕན་ཡོན་བསྟན་པ་སྟེ། དངོས་པོ་ལྔ་རྣམ་པར་བཤད་པ་ནི་སྔར་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །

เล่ม ๑๑๙ · หน้า 4a

དེ་དག་དེ་ལྟར་དགེ་བའི་རྩ་བ་རྣམས་བསྐྱེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསགས་པའི་བར་དུ་འགྱུར་མོད་ཀྱི། འོན་ཀྱང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་རྣམ་

པ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སྦྱོར་བ་ལ་སོགས་པའི་གནས་སྐབས་ལས་བརྩམས་ནས་ངོ་བོ་ཉིད་མེད་པ་ཉིད་ཕྱི་མ་བསྟན་པ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བསྟན་པ་གསུངས་པའི་དགོངས་པ་བསྟན་པ་

དང་། དེ་བཞིན་གཤེགས་པས་དེ་དག་ལ་ཞེས་བྱ་བ་མན་ཆད་ཀྱིས་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བཤད་པ་བསྟན་པ་དང་། དེ་དག་གིས་ཆོས་དེ་ཐོས་ནས་ཞེས་བྱ་བ་མན་ཆད་ཀྱིས་བསྟན་པ་གསུངས་པ་ཕན་ཡོན་བསྟན་པ་སྟེ་འདི་ནི་དང་པོའོ། །དང་པོ་ཡང་

རྣམ་པ་གཉིས་སུ་དབྱེ་སྟེ། ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་མི་ཤེས་པར་བསྟན་པ་དང་། ངོ་བོ་ཉིད་མེད་པ་མི་ཤེས་པའི་ཉེས་དམིགས་བསྟན་པ་སྟེ་འདི་ནི་དང་པོའོ། །འདི་ལྟར་སེམས་ཅན་རྣམས་ཆོས་རྣམས་ནི་རྐྱེན་ལས་བྱུང་བ་ཡིན་གྱི། དབང་ཕྱུག་ལ་

སོགས་པས་བསྐྱེད་པ་མ་ཡིན་པར་བསྟན་པར་ཐོས་པའི་དབང་གིས་མི་རྟག་པ་ལ་སོགས་པའི་དོན་ཁོང་དུ་ཆུད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ལ་སོགས་པ་སོགས་པར་བྱེད་ཀྱང་འདུས་བྱས་ཀྱི་འདུ་བྱེད་རྣམས་སྒྱུ་མ་ལ་སོགས་པ་བཞིན་དུ་ཡང་དག་

པར་ཡོད་པ་མ་ཡིན་པར་ཤེས་པས་ཆོས་རྣམས་ལ་ཡང་དག་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་ནས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཁོང་དུ་མི་ཆུད་པའམ་ཡང་གོང་དུ་བསྟན་པ་ལྟ་བུའི་དོན་དམ་པ་ངོ་བོ་ཉིད་རྣམ་པ་གཉིས་ཁོང་དུ་མི་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདུ་བྱེད་ཐམས་

ཅད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱོ་བར་མི་འགྱུར་རོ། །ཡང་དག་པར་འདོད་ཆགས་དང་བྲལ་བར་མི་འགྱུར། ཡང་དག་པར་རྣམ་པར་གྲོལ་བར་མི་འགྱུར་ཞིང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར། ལས་ཀྱི་ཀུན་ནས་

เล่ม ๑๑๙ · หน้า 4b

ཉོན་མོངས་པ་རྣམས་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་བས་ཞེས་བྱ་བ་ནི་གཉིས་པ་ངོ་བོ་ཉིད་མེད་པ་མི་ཤེས་པའི་ཉེས་དམིགས་བསྟན་པའོ། འདི་ལྟར་མཚན་ཉིད་ངོ་བོ་ཉིད་མེད་པ་ལ་སོགས་པ་མི་

ཤེས་པའི་ཕྱིར། འདུ་བྱེད་ཐམས་ཅད་ལ་ཡང་དག་པར་སྐྱོ་བ་སོགས་པར་མི་འགྱུར་བའོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱོ་བ་ཞེས་བྱ་བ་ནི་སྦྱོར་བའི་ལམ་མོ། །ཡང་དག་པར་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་མོ། །ཡང་དག་པར་རྣམ་པར་གྲོལ་

བ་ལ་སོགས་པ་ནི་རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་མོ། །ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་

བཞིན་གཤེགས་པས་དེ་དག་ལ་ཡང་ཆོས་སྟོན་པར་མཛད་པ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དོ་ཞེས་བྱ་བ་མན་ཆད་ནི་གཉིས་པ་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་བསྟན་པ་ཉིད་ཡང་དག་

པར་བཤད་པ་བསྟན་པ་དང་། བསྟན་པ་གསུངས་པའི་དགོངས་པ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཡོངས་སུ་བསྔོ་བ་བཅུ་ལ་གནས་པ་དག་སྦྱོར་བ་ལ་སོགས་པ་བསྒོམ་པ་རྣམས་བསྟན་པ་འདི་ཐོས་པར་འོས་པའི་ཕྱིར་གསུངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་དེ་

དག་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བར་བྱ་བའི་ཕྱིར་དང་། ཡང་དག་པར་འདོད་ཆགས་དང་བྲལ་བའི་ཕྱིར་དང་། ཡང་དག་པར་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལས་འདའ་བའི་ཕྱིར་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་

ཐམས་ཅད་ལས་འདའ་བའི་ཕྱིར་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལས་འདའ་བའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་བསྟན་པ་གསུངས་པའི་དགོངས་པ་བསྟན་པའོ། །འདི་ལྟར་སྦྱོར་བ་ལ་སོགས་པ་ལ་གནས་པ་དག་དང་སྦྱོར་བ་ལ་སོགས་པའི་ལམ་མྱུར་དུ་འགྲུབ་པ་དང་།

เล่ม ๑๑๙ · หน้า 5a

ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དག་ལས་འདའ་བའི་ཆེད་དུ་དེའི་ཕྱིར་ཡང་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཆོས་དེ་ཐོས་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལས་མཚན་ཉིད་ངོ་བོ་ཉིད་མེད་པ་དང་།

དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དུ་ཡང་དག་པར་མོས་པར་བྱེད། །རབ་ཏུ་རྣམ་པར་འབྱེད་པར་སེམས་པར་བྱེད། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པར་བྱེད་པས་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་བསྟན་པ་གསུངས་པའི་ཕན་ཡོན་སྟོན་ཏོ། །སྦྱོར་བའི་གནས་སྐབས་ལ་གནས་

པས་འཐོབ་པའི་ཕན་ཡོན་བསྟན་པ་དང་། གཞན་གྱི་དབང་ལ་ཞེས་བྱ་བ་མན་ཆད་ཀྱིས་ས་ལ་གནས་པའི་གནས་སྐབས་རྣམ་པ་གཉིས་ཀྱི་ཕན་ཡོན་བསྟན་པའོ། །འདི་ནི་དང་པོ་སྟེ། སྦྱོར་བ་ལ་གནས་པས་འཐོབ་པའི་ཕན་ཡོན་བསྟན་པའོ། །སྦྱོར་བ་ལ་གནས་པ་དེ་ཡང་སོ་སོ་ནས་

བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་འདི་ནི་བསྐལ་པ་གྲངས་མེད་པ་གཉིས་པར་གཏོགས་པས་རབ་ཏུ་དགའ་བའི་ཉེ་བའི་སྦྱོར་བ་ཡིན་པའི་ཕྱིར་ཇི་ལྟར་མི་ལྕོགས་པ་མེད་པའི་ཏིང་ངེ་འཛིན་ནི་བསམ་གཏན་དང་པོར་གཏོགས་པ་ལྟ་བུའོ་ཞེའོ། ཁ་ཅིག་ན་རེ་ཡོངས་སུ་བསྔོ་བ་བཅུ་ལ་གནས་

པ་ཡིན་པས་བསྐལ་པ་གྲངས་མེད་པ་དང་པོར་གཏོགས་ཏེ། ད་དུང་ས་ལ་མ་ཞུགས་པའི་ཕྱིར་རོ་ཞེའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་མོད་ཀྱི། སློབ་དཔོན་ཆོས་སྐྱོང་ནི་བཤད་པ་སྔ་མ་ལྟར་འདོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། མཐོང་བའི་

ལམ་དང་ཉེ་བའི་ཕྱིར་སྦྱོར་བའི་མིང་རྣམ་པར་གཞག་པ་ཡིན་ཏེ། །ཞེས་བཤད་པ་ལྟ་བུའོ། །གནས་སྐབས་འདིར་ངོ་བོ་ཉིད་མེད་པ་ཕྱི་མ་གཉིས་བཤད་པའི་བསྟན་པ་ཐོས་པའི་ཕྱིར་ཡོངས་སུ་ཚོལ་བ་བཞི་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞིའི་རྣལ་འབྱོར་སྒོམ་པས་

དམིགས་པའི་རྣམ་པར་ཤེས་པ་ནི་མི་སྤོང་ལ། གཟུང་བ་ནི་སྟོང་པ་ཉིད་དུ་རྟོགས་ནས་རབ་ཏུ་སེལ་བར་བྱེད་པ་གང་ཡིན་པ་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །ངོ་བོ་ཉིད་མེད་པ་དེས་རབ་ཏུ་ཕྱེ་བའི་དོན་དམ་པ་ཡིན་པ་དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །རྒྱ་ཆེར་རྣམ་

เล่ม ๑๑๙ · หน้า 5b

པར་འབྱེད་པ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་འདིར་ངོ་བོ་ཉིད་མེད་པ་རྣམ་པ་གཉིས་རབ་ཏུ་རྣམ་པར་འབྱེད་པར་བྱེད། སེམས་པར་བྱེད་པ་ཞེས་གསུངས་པ་ནི་ཡོངས་སུ་ཚོལ་བ་བཞི་པོ་ཉིད་ལ་བྱའོ། །ཡང་དག་པ་

ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་ཅེས་གསུངས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དག་ཉིད་དོ། །གཞན་ཡང་རབ་ཏུ་རྣམ་པར་འབྱེད་པ་དང་། སེམས་པར་བྱེད་པ་ནི་ཡོངས་སུ་ཚོལ་བ་བཞིའི་གནས་སྐབས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་

བྱེད་པ་ནི་ས་དང་པོ་ཡན་ཆད་རབ་ཏུ་རྟོགས་པའི་གནས་སྐབས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་པར་མི་བྱེད་དེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ས་ལ་གནས་པའི་གནས་སྐབས་རྣམ་པ་གཉིས་ཀྱི་ཕན་ཡོན་ཞེས་བྱ་

བ་སྟོན་ཏོ། །འདི་ཡང་ཕན་ཡོན་རྣམ་པ་དྲུག་ཡོད་པ་ཉིད་ཀྱིས་རྣམ་པ་དྲུག་ཏུ་དབྱེ་སྟེ། བརྟགས་པའི་མཚན་ཉིད་རབ་ཏུ་སེལ་བ་དང་། རྒྱུ་རྣམ་པ་གསུམ་མི་སྐྱེད་པ་དང་། གཞན་གྱི་དབང་འགོག་པ་དང་། མ་འོངས་པའི་རྒྱུ་སྤོང་བ་དང་། ལམ་རྣམ་པ་གསུམ་རབ་ཏུ་འདྲེན་པ་

དང་། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དང་བྲལ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་ས་ལ་གནས་པ་རྣམ་པ་གཉིས་ཀྱིས་གོང་དུ་བསྟན་པའི་ངོ་བོ་ཉིད་མེད་པ་གཉིས་ཐོབ་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པར་མི་འགྱུར་བའོ། །འདི་ལྟར་

ཐ་སྙད་ཀྱིས་ཡོངས་སུ་མ་བསྒོས་པའི་ཕྱིར་དང་། ཐ་སྙད་ཤེས་པ་དང་མི་འབྲལ་བའི་ཕྱིར་དང་། ཐ་སྙད་བག་ལ་ཉལ་གྱི་ཤེས་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་གཉིས་པ་རྒྱུ་རྣམ་པ་གསུམ་མི་སྐྱེད་པ་སྟེ། འདི་ལྟར་མངོན་པར་ཞེན་པ་མེད་པའི་ཕྱིར་རྒྱུ་རྣམ་པ་གསུམ་མངོན་

པར་མི་འགྲུབ་ལ། རྒྱུ་མངོན་པར་མ་གྲུབ་པའི་ཕྱིར་ཤེས་པ་རྣམ་པ་གསུམ་སྐྱེ་བར་འགྱུར་རོ། །དེ་ལ་ཤེས་པ་རྣམ་པ་གསུམ་ནི་ཐ་སྙད་ཀྱིས་ཡོངས་སུ་མ་བསྒོས་པའི་ཤེས་པ་དང་། ཐ་སྙད་ཤེས་པ་དང་མི་འབྲལ་བའི་ཤེས་པ་དང་། ཐ་སྙད་བག་ལ་ཉལ་དང་བྲལ་བའི་ཤེས་

เล่ม ๑๑๙ · หน้า 6a

པའོ། །ཤེས་པ་རྣམ་པ་གསུམ་པོ་དེ་དག་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཡུལ་མི་ཐོབ་པ་ནི་འདི་ལྟ་སྟེ། རྗེས་ལས་ཐོབ་པའི་ཤེས་པ་ཡུལ་རྣམ་པ་གསུམ་ལ་དམིགས་ནས་སྐྱེ་བས་ཤེས་པ་གསུམ་གྱི་མིང་རྣམ་པར་གཞག་

པ་གང་ཡིན་པའོ་ཞེའོ། །ཁ་ཅིག་ན་རེ་རྒྱུ་ལས་མི་ཐོབ་པ་ནི་འདི་ལྟ་སྟེ། ངོ་བོ་ཉིད་མེད་པ་རྣམ་པ་གཉིས་ཀྱི་ཤེས་པ་རྒྱུ་རྣམ་པ་གསུམ་ལས་བྱུང་བའི་ཕྱིར་མིང་རྣམ་པ་གསུམ་དུ་རྣམ་པར་གཞག་པ་གང་ཡིན་པའོ་ཞེའོ། །གཞན་གྱི་དབང་གི་མཚན་ཉིད་འགོག་པར་བྱེད་ལ་ཞེས་པ་ནི་གསུམ་པ་

གཞན་གྱི་དབང་གི་ངོ་བོ་ཉིད་འགོག་པ་སྟེ། འདི་ལྟར་རྒྱུ་རྣམ་པ་གསུམ་མ་བསྐྱེད་པས་ནི་ཤེས་པ་གསུམ་མངོན་པར་འགྲུབ་པར་འགྱུར་ལ་ཤེས་པ་གསུམ་གྱི་དབང་གིས་ནི་གཞན་གྱི་དབང་འགོག་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ། མཐོང་བའི་ཆོས་ལ་ཤེས་པའི་སྟོབས་ཀྱིས་

ཡོངས་སུ་གཟུང་བས་མ་འོངས་པའི་རྒྱུ་ཡང་གཏན་དུ་སྤོང་བར་བྱེད་ཅེས་བྱ་བ་ནི་བཞི་པ་མ་འོངས་པའི་རྒྱུ་སྤོང་བར་བསྟན་པ་སྟེ། འདི་ལྟར་ཤེས་པ་གསུམ་གྱིས་གཞན་གྱི་དབང་བཀག་པའི་ཕྱིར་ནི་མཐོང་བའི་ཆོས་ལ་སྦྱོར་བའི་ཤེས་པ་དང་ལྡན་པར་འགྱུར་ལ། སྦྱོར་བའི་ཤེས་པས་ཡོངས་སུ་

གཟུང་བའི་ཕྱིར་ནི་རྩ་བའི་ཤེས་པས་མ་འོངས་པའི་རྒྱུ་གཏན་དུ་སྤོང་བར་འགྱུར་བའོ། །རྒྱུ་དང་རྐྱེན་དེས་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བ་དང་། ཡང་དག་པར་འདོད་ཆགས་དང་བྲལ་བ་དང་། ཡང་དག་པར་རྣམ་པར་གྲོལ་བར་འགྱུར་ཞེས་བྱ་བ་ནི་ལྔ་པ་ལམ་

གསུམ་རབ་ཏུ་འདྲེན་པ་སྟོན་ཏེ། འདི་ལྟ་སྟེ། སྦྱོར་བ་དང་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་མོ། །ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ལས་ཀྱང་ཡོངས་སུ་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་དྲུག་པ་ཀུན་ནས་ཉོན་མོངས་པ་རྣམ་པ་

གསུམ་དང་བྲལ་བར་འགྱུར་བ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །གཞན་ཡང་དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་གྱི་སེམས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང་། སྒྲུབ་པའི་གནས་འདི་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བདེ་བ་མྱ་ངན་ལས་འདས་

เล่ม ๑๑๙ · หน้า 6b

པ་ཐོབ་པར་འགྱུར་ལ། རང་སངས་རྒྱས་ཀྱི་ཐེག་པའི་རིགས་ཅན་གྱི་སེམས་ཅན་དང་། དེ་བཞིན་གཤེགས་པའི་ཐེག་པའི་རིགས་ཅན་གྱི་སེམས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང་། སྒྲུབ་པའི་གནས་འདི་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བདེ་བ་མྱ་ངན་ལས་འདས་པ་ཐོབ་པར་

འགྱུར་བས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་རྣལ་འབྱོར་ལས་བརྩམས་ནས་ཐེག་པ་གཅིག་པའི་དོན་རྣམ་པར་དབྱེ་བ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། འཕགས་པའི་ལམ་ལས་བརྩམས་ནས་ཐེག་པ་གཅིག་པའི་དོན་

རྣམ་པར་འབྱེད་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་ཞི་བ་ལ་སོགས་པའི་ཉན་ཐོས་ངེས་པར་མངོན་པར་འཚང་མི་རྒྱ་བར་བསྟན་པ་དང་། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་ཞེས་བྱ་བ་མན་ཆད་ཀྱིས་ཡོངས་སུ་འགྱུར་བའི་ཉན་ཐོས་ངེས་པར་མངོན་པར་འཚང་རྒྱ་བར་

བསྟན་པའོ། །དེ་དག་ཀྱང་མདོར་བསྡུ་ན་འདི་སྐད་དུ་སྟོན་ཏེ་དང་པོས་ནི་རིག་པ་རྣམ་པ་གསུམ་ལས་བརྩམས་ནས་དེ་བཞིན་གཤེགས་པས་ཐབས་ཀྱི་ཐེག་པ་གཅིག་ཏུ་གསུངས་པ་ཡིན་ཏེ། ཡང་དག་པའི་དོན་དུ་ན་ཐེག་པ་གསུམ་ཚང་བར་ཡོད་པས་སོ་སོ་ནས་ཀུན་ཀྱང་ལྷག་མ་མེད་པ་

མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །འཕགས་པ་ཕྲེང་ལྡན་མའི་མདོ་ལས་ཀྱང་དོན་དེ་སྐད་དུ་སྟོན་པར་མཛད་དོ། །གཉིས་པས་ནི་རིགས་ངེས་པའི་ཐེག་པ་གཉིས་པོ་དག་ནི་ཐེག་པ་པ་གཉིས་ཀྱི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཁོ་ན་ཐོབ་ཀྱི། ངེས་

པར་ཕྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དོན་མེད་ཅེས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཐེག་པ་པ་གཉིས་ཀྱིས་ཐོས་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་ནི་དེ་བཞིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཁོ་ན་ཡོད་པ་ཉིད་དོ། །ཞེས་

བཤད་པ་ཡིན་ནོ། །གསུམ་པས་ནི་ངེས་པའི་རིགས་ཅན་ཡོངས་སུ་འགྱུར་བའི་ཉན་ཐོས་ནི་ངེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་སྟོན་ཏེ། དེའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོའི་ནང་ནས་ཐབས་ཀྱི་ལེའུ་ལས། ཐེག་པ་གཉིས་ཀྱི་རིགས་ཅན་ཡང་དག་པའི་

เล่ม ๑๑๙ · หน้า 7a

དོན་དུ་ངེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་བསྟན་པ་ཡིན་ཏེ། བཤད་པ་འདི་དང་སྦྱར་ན། ཐབས་ཀྱི་སྒོ་ནས་གསུམ་དུ་བསྟན་པ་ཡིན་གྱི་ཡང་དག་པའི་དོན་དུ་ན་གཅིག་ཁོ་ནར་ཟད་དེ། དེའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་

མདོ་ལས། །ཕྱོགས་བཅུའི་སངས་རྒྱས་ཞིང་དག་ན། །ཐེག་པ་གཅིག་གི་ཆོས་ཁོ་ན། །གཉིས་དང་གསུམ་ཞེས་བྱ་བ་མེད། །སངས་རྒྱས་ཐབས་ཀྱིས་བསྟན་མ་གཏོགས། །ཞེས་གསུངས་སོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་དང་། ཕྲེང་ལྡན་མའི་མདོ་འདི་སོ་སོ་ནས་

དོན་རེ་རེ་སྨོས་པ་ཡིན་ལ། མདོ་འདི་ནི་དོན་གཉིས་དང་ལྡན་པའི་ཕྱིར་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ནི་ངེས་པའི་དོན་སྟོན་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལ་དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཐེག་པ་པ་གསུམ་པོ་དག་སོ་སོ་ནས་རང་གི་ཐེག་

པས་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བསྟན་པ་དང་། འཕགས་པའི་ལམ་ལས་བརྩམས་ནས་ཐབས་ཀྱིས་གཅིག་ཏུ་གསུངས་པར་བསྟན་པ་དང་། ཡང་དག་པའི་དོན་དུ་ན་ཐེག་པ་གསུམ་པོ་དག་ལ་བྱེ་བྲག་ཡོད་པར་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཐེག་

པ་གསུམ་གྱི་རིགས་ཅན་དག་སོ་སོ་ནས་ངོ་བོ་ཉིད་མེད་པ་ཤིན་ཏུ་ཡོངས་སུ་དག་པའི་ལམ་གྱིས་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གྱ་ནོམ་པ་ཐོབ་པར་འགྱུར་བས་སོ། །དེ་ཡང་འཕགས་པའི་ལམ་གྱི་དོན་ཡིན་པའི་ཕྱིར་ལམ་ཞེས་བྱའོ། །འཕགས་པའི་ལམ་དེ་ཉིད་འཕགས་པ་

རྣམས་ཀྱིས་བགྲོད་པར་བྱ་བ་ཡིན་པས་གྲུབ་པའི་གནས་ཞེས་བྱའོ། །ལམ་དང་གནས་དེ་དག་གི་དབང་གིས་ཉོན་མོངས་པ་རྣམས་དང་། ཟག་པ་དང་བཅས་པའི་སྡུག་བསྔལ་གྱི་ལུས་དང་བྲལ་བ་ནས་རྟག་པ་དང་ཞི་བའི་བདེ་བ་ཐོབ་པར་འགྱུར་བས་དེའི་ཕྱིར་བདེ་བའི་མྱ་ངན་ལས་

འདས་པ་ཞེས་བྱའོ། །ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པའི་ལམ་འདི་གཅིག་ཐུན་མོང་དུ་གྱུར་པ་ཡིན་ལ། མཐར་ཕྱིན་པའི་རྣམ་པར་དག་པ་ཡང་གཅིག་སྟེ། གཉིས་པ་གང་ཡང་མེད་པས་ངས་དེ་ལས་

เล่ม ๑๑๙ · หน้า 7b

དགོངས་ནས་ཐེག་པ་ནི་གཅིག་ཁོ་ནའོ་ཞེས་བསྟན་ཞེས་བྱ་བ་ནི་གཉིས་པ་ཐབས་ཀྱིས་གཅིག་ཏུ་གསུངས་པར་བསྟན་པའོ། །དེ་ལ་ཉན་ཐོས་ཞེས་བྱ་བ་ལ་འཕགས་པའི་བསྟན་པ་རྣམས་ནི་སྒྲ་གཙོ་བོར་གྱུར་པས་སློབ་དཔོན་དང་དགེ་བའི་བཤེས་གཉེན་ལས་བསྟན་པའི་སྒྲ་ཐོས་པ་གཅིག་

ནས་གཅིག་ཏུ་བརྒྱུད་ཅིང་བསྒོམས་པས་འཇིག་རྟེན་ལས་གཏན་དུ་འདས་པ་སྟེ། སྤྱོད་པ་ཆུང་ཞིང་འབྲས་བུ་མི་ཆེ་བའི་ཕྱིར་ཉན་ཐོས་ཞེས་བྱའོ། །རང་སངས་རྒྱས་ཞེས་བྱ་བ་ནི་རྟག་པར་རབ་ཏུ་དབེན་ཞིང་ཞི་བ་ལ་མོས་པ་དང་འདུ་འཛི་ལ་མི་དགའ་བ་སྦྱོར་བ་སྒྲུབ་པ་ཡོངས་སུ་རྫོགས་

པ་སློབ་དཔོན་དང་དགེ་བའི་བཤེས་གཉེན་གྱི་ལུང་མེད་པར་བདག་ཉིད་ཀྱིས་རྟོགས་ནས་འཇིག་རྟེན་ལས་གཏན་དུ་འདས་པ་སྟེ། སྤྱོད་པ་འབྲིང་དང་འབྲས་བུ་འབྲིང་ཡིན་པའི་ཕྱིར་རང་སངས་རྒྱས་ཞེས་བྱའོ། །ཡང་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་རྟོག་པ་ལ་ལྟོས་ནས་འཕགས་པའི་

འབྲས་བུ་ཁོང་དུ་ཆུད་པའི་ཕྱིར་རྐྱེན་ལས་སངས་རྒྱས་པ་ཞེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་རེ་ཞིང་ཡོངས་སུ་ཚོལ་བ་དང་། སེམས་ཅན་ལ་སྙིང་བརྩེ་བ་འམ། ཡང་ན་བྱང་ཆུབ་གཉེར་བ་ལ་ཡི་དམ་བརྟན་ཅིང་དཔའ་བས་ཡུན་རིང་པོར་བསྒྲུབས་

ནས་འཇིག་རྟེན་ལས་གཏན་དུ་འདས་པ་སྟེ། སྤྱོད་པ་ཆེ་ཞིང་འབྲས་བུ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ལས་བསྟན་པ་བཞིན་ནོ། །དེ་ནི་འདི་སྐད་དུ་འདི་ལྟར་ཐེག་པ་གསུམ་པོ་དེ་དག་ཤིན་ཏུ་རྣམ་པར་དག་

པ་ངོ་བོ་ཉིད་མེད་པའི་ལམ་འདིར་གཅིག་ཐུན་མོང་དུ་གྱུར་པས་ལམ་འདི་ཉིད་ལ་མཐར་ཕྱིན་པའི་རྣམ་པར་དག་པ་ཞེས་བྱ་སྟེ། ལམ་འདི་ཁོ་ནར་ཟད་དེ། གཏན་གཉིས་པ་གང་ཡང་མེད་པའི་ཕྱིར། ལམ་གཅིག་ཏུ་གྱུར་པ་འདི་ཉིད་ལས་དགོངས་ནས་ཐེག་པ་གཅིག་ཁོ་ནའོ་ཞེས་

གསུངས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། རྣམ་པར་དག་པའི་ལམ་གཅིག་ཁོ་ནར་ཟད་དེ་གཉིས་པ་གང་ཡང་མེད་དོ་ཞེས་འབྱུང་གི། མཐར་ཕྱིན་པའི་རྣམ་པར་དག་པ་ཞེས་བྱ་བ་གཞན་མི་འབྱུང་བས་དེའི་ཕྱིར་མཐར་

เล่ม ๑๑๙ · หน้า 8a

ཕྱིན་པའི་རྣམ་པར་དག་པ་ནི་ཤིན་ཏུ་རྣམ་པར་དག་པའི་ལམ་གཅིག་ལ་བྱ་བར་མངོན་ནོ། །གཞན་ཡང་གཅིག་ཅེས་བྱ་བ་ནི་རྣམ་པ་གསུམ་སྟེ། དང་པོ་ནི་ལམ་གཅིག་པའི་ཕྱིར་གཅིག་ཅེས་བྱའོ། །གཉིས་པ་ནི་འབྲས་བུ་གཅིག་པའི་ཕྱིར་གཅིག་ཅེས་བྱའོ། །

གསུམ་པ་ནི་དོན་གཅིག་པའི་ཕྱིར་གཅིག་ཅེས་བྱའོ། །མདོའི་ཚིག་འདི་ཡང་སྦྱར་ན་རྣམ་པ་གཉིས་སུ་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་ལམ་ཞེས་གསུངས་པ་ནི་ལམ་གཅིག་ཁོ་ན་ཉིད་དོ། མཐར་ཕྱིན་པའི་རྣམ་པར་དག་པ་ཞེས་གསུངས་པ་ནི་འབྲས་བུ་གཅིག་པ་ཉིད་དེ།

གཅིག་པ་ཉིད་རྣམ་པ་གཉིས་པོ་དེ་ལས་གཞན་གཉིས་པ་གང་ཡང་མེད་པའི་ཕྱིར་དེ་ལས་དགོངས་ནས་ཐེག་པ་གཅིག་ཁོ་ནའོ་ཞེས་གསུངས་པ་ཡིན་གྱིས། འོག་ནས་བསྟན་པ་ལྟར་དོན་ཐ་དད་པ་མེད་པ་ལས་བརྩམས་པའི་ཕྱིར་ཐེག་པ་གཅིག་ཅེས་བསྟན་པ་ལྟ་བུ་ནི་མ་ཡིན་ནོ་

ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཞེས་བྱ་བ་དེ་ཡང་སངས་རྒྱས་ཉག་གཅིག་ཁོ་ནའི་ཐེག་པ་སྟེ། དེའི་ཕྱིར་འཕགས་པ་ཕྲེང་ལྡན་མའི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཐེག་པ་ཆེན་པོ་ལ་འཇུག་པར་འགྱུར་ཏེ། ཐེག་པ་ཆེན་པོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཐེག་

པའོ་ཞེས་གསུངས་སོ། གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། །ཕྱོགས་བཅུའི་སངས་རྒྱས་ཞིང་དག་ན། །ཐེག་པ་གཅིག་གི་ཆོས་ཁོ་ན། །གཉིས་དང་གསུམ་ཞེས་བྱ་བ་མེད། །ཅེས་གསུངས་སོ། །ཡང་ཆོས་ཀྱི་སྐུ་ལས་ཐེག་པ་གཅིག་ཏུ་བསྟན་ཏེ། དེའི་ཕྱིར་

དམ་པའི་ཆོས་པདྨ་དཀར་པོའི་མདོའི་འགྲེལ་པ་ལས། འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་། ཉན་ཐོས་ཀྱི་ཆོས་ཀྱི་སྐུ་ཐ་དད་པ་མེད་པའི་ཕྱིར་ལུང་བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། ཕྱིས་རྣམ་པར་དབྱེ་བར་བྱའོ། །འདི་ནི་རྣམ་པར་བཤད་པ་དྲུག་ལས་གྲངས་དང་བཅས་

པའི་རྣམ་པར་བཤད་པའོ། །དེ་ལ་ངོ་བོ་ཉིད་རྣམ་པར་བཤད་པ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་གང་ཡིན་པ་དེ་ནི་ཡེ་ཤེས་བཞིའི་སེམས་ཀྱི་རྣམ་པས་ཕུང་པོ་ལ་སོགས་པ་བསྡུས་པའི་ངོ་བོ་ཉིད་དོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ་ཐེག་པ་གཅིག་གི་སྒོ་ནི་

เล่ม ๑๑๙ · หน้า 8b

བསྟན་པ་དང་། དོན་དང་སྒྲུབ་པ་དང་། འབྲས་བུ་རྣམས་ལ་ཐེག་པ་གཅིག་ཅེས་བསྟན་ཏོ། །ཐེག་པ་གཅིག་པའི་དོན་དེ་ཡང་འཕགས་པའི་གསུང་རབ་ཀྱང་རྣམ་པ་མང་ལ་ལོ་ཙཱ་བ་དག་གིས་བསྒྱུར་བ་ཡང་གཅིག་ཁོ་ན་མ་ཡིན་ཏེ། དགོངས་པ་དག་ཤིན་ཏུ་ཟབ་པས། དེའི་ཕྱིར་

གསར་རྙིང་སོ་སོ་ནས་རྩོད་པའི་གཞིར་གྱུར་པ་ཡིན་ནོ། །དེ་ལ་དང་པོའི་ནི་ཡང་དག་བདེན་པ་ལ་སོགས་པ་སློབ་དཔོན་ཁ་ཅིག་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པའི་མདོ་དང་བསྟན་བཅོས་དག་ལ་བརྟེན་ནས། ཐམས་ཅད་ཀྱང་འདི་སྐད་དུ། སེམས་ཅན་ཐམས་ཅད་ལ་

སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་བསྟན་ཏེ། དེའི་ཕྱིར་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། སྲིད་པ་ཉི་ཤུ་ལྔ་པོ་དག་ལ་བདག་མཆིས་པ་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་

སྙིང་པོའི་དོན་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པས་དེ་ནི་བདག་ཅེས་བྱ་བའི་དོན་ཏོ་ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་ལས། སེམས་ཅན་དང་སངས་རྒྱས་ཀྱི་རང་བཞིན་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པས་སངས་རྒྱས་རྣམས་དང་།

མཚུངས་པ་ནི་ཇི་ལྟར་ནམ་མཁའ་སེམས་ཅན་ཐུན་མོང་དུ་ཡོད་པ་བཞིན་ནོ་ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་ལས། དེ་ལ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ནི་ངེས་པར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་བསྟན་པའོ་ཞེས་གསུངས་པ་དང་གཞན་ཡང་དེ་

ཉིད་ལས་དཔེར་ན་གང་ཞིག་ལ། འོ་མ་དང་ཞོ་ཡོད་པས་ཁ་ཅིག་གིས་དེ་ལ་ཁྱོད་ལ་མར་ཡོད་དམ་ཞེས་དྲིས་པ་དང་། སྨྲས་པ། བདག་ལ་ཞོ་ཡོད་ཀྱི་ཡང་དག་པར་མར་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཐབས་མཁས་པ་གང་ཡིན་པ་དེ་ནི་ཕྱིས་ཐོབ་པ་ལས་བསམས་ནས་དེའི་ཕྱིར་མར་ཡོད་དོ་

ཞེས་ཟེར་རོ། །སེམས་ཅན་རྣམས་ཀྱང་དེ་བཞིན་ཏེ་ཐམས་ཅད་ལ་སེམས་ཡོད་དོ། ཇི་ཙམ་དུ་སེམས་ཡོད་པ་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་དོན་དེའི་ཕྱིར་ངས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་

เล่ม ๑๑๙ · หน้า 9a

བཞིན་ཡོད་དོ་ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་ལས། སེམས་ཅན་ཐམས་ཅད་ནི་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་པ་དང་། ཐེག་པ་གཅིག་ཏུ་མཚུངས་པ་དང་རྣམ་པར་གྲོལ་བ་གཅིག་ཏུ་མཚུངས་པ་དང་། རྒྱུ་གཅིག་པ་དང་། འབྲས་བུ་

གཅིག་པ་དང་། བདུད་རྩི་གཅིག་པ་ཐམས་ཅད་ཀྱིས་རྟག་པ་དང་། བདེ་བ་དང་། ང་དང་ཡོངས་སུ་གཙང་བ་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་རོ་གཅིག་པ་ཉིད་ཅེས་བྱའོ་ཞེས་གསུངས་སོ། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། ཕྱོགས་བཅུའི་སངས་རྒྱས་ཞིང་

དག་ནི། །ཐེག་པ་གཅིག་གི་ཆོས་ཁོ་ན། །གཉིས་དང་གསུམ་ཞེས་བྱ་བ་མེད། །སངས་རྒྱས་ཐབས་ཀྱིས་བསྟན་མ་གཏོགས། །ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་ལས། །དངོས་པོ་འདི་གཅིག་བདེན་པ་སྟེ། །གཞན་གཉིས་པོ་དག་བདེན་པ་མིན། །ཞེས་གསུངས་

སོ། །གཞན་ཡང་ཕྲེང་ལྡན་མའི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་ཐེག་པ་ཆེན་པོ་ལ་འཇུག་པར་འགྱུར་རོ་ཞེས་གསུངས་སོ། །གཞན་ཡང་ལྷའི་བུ་སུ་ཅན་གྱིས་ཞེས་པའི་མདོ་ལས། འཇམ་དཔལ་གྱིས་སྨྲས་པ། ཐམས་ཅད་ངེས་པར་སངས་རྒྱས་སུ་འགྲུབ་པར་

འགྱུར་བས། ཁྱོད་ཐེ་ཚོམ་ཟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་འཚང་རྒྱ་བ་ཐོབ་པར་བྱ་བའི་ཕྱིར་རོ་ཞེས་གསུངས་སོ། །རྒྱ་ཆེར་ནི་འདི་ཉིད་ལས་བཤད་པ་བཞིན་ནོ། །གཞན་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། འདོད་ཆེན་པོ་

ནི་རྣམ་པ་གཉིས་ཏེ། དགེ་བའི་རྩ་བ་ཐམས་ཅད་བསྲེགས་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་ཞིང་འཁོར་བའི་མཐའ་ཇི་སྲིད་པར་སྨོན་ལམ་བཏབ་པ་སྟེ། རྣམ་པ་གཉིས་ལས་ཕྱི་མ་གཅིག་ངེས་པར་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་

བཞིན་ནོ། །འཕགས་པ་ལང་ཀར་གཤེགས་པ་བམ་པོ་བཞིར་བྱས་པ་ལས་ཚིག་མི་མཐུན་ཡང་དོན་འདི་དང་མཐུན་པར་འབྱུང་བས། མདོ་སྡེ་འདི་དག་ལས་གསུངས་པ་དང་སྦྱར་ན་རིགས་མེད་པའི་སེམས་ཅན་ཡང་སངས་རྒྱས་སུ་འགྲུབ་པར་འགྱུར་རོ་ཞེའོ། གཞན་ཡང་ཐེག་པ་ཆེན་

เล่ม ๑๑๙ · หน้า 9b

པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས། ཡོངས་སུ་སྐྱོ་བའི་ཐེག་པ་ལྔས་ལས་བྱེད་དོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་དབང་པོ་དང་རིགས་མ་ངེས་པའི་ཉན་ཐོས་དེ་དག་ཀྱང་ཐེག་པ་ཆེན་པོ་བསྒོམ་པར་རྣམ་པར་གཞག་པའི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ལ་དད་པ་ལ་

སོགས་པའི་དབང་པོ་ཐོབ་པ་གང་ཡིན་པ་དེ་ཡང་དབང་པོ་ངེས་པ་ཞེས་མི་བྱ་སྟེ། འཕགས་པའི་འབྲས་བུ་མི་ཐོབ་པའི་ཕྱིར་རོ། །མི་ཤེས་པ་ཀུན་ཤེས་པ་ལ་སོགས་པའི་དབང་པོ་གསུམ་པོ་དག་ཐོབ་པ་གང་ཡིན་པ་དེ་ནི་ངེས་པའི་དབང་པོ་ཞེས་བྱ་སྟེ། འདི་ལྟར་འཕགས་པའི་འབྲས་བུ་ཐོབ་པའི་

ཕྱིར་རོ། །རྩེ་མོ་ལ་གནས་པ་གང་ཡིན་པ་དེ་ཡང་དབང་པོ་ངེས་པ་ཞེས་མི་བྱ་སྟེ། འདི་ལྟར་ངན་འགྲོ་རྣམ་པ་བཞི་དང་ད་དུང་མ་བྲལ་བའི་ཕྱིར་རོ། །བཟོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ངེས་པའི་རིགས་ཅན་ཞེས་བྱ་སྟེ། ངན་འགྲོ་རྣམ་པ་བཞི་དང་བྲལ་བའི་ཕྱིར་རོ། །ཉན་ཐོས་གང་དབང་པོ་དང་

རིགས་ངེས་པ་ཉིད་དུ་མ་གྱུར་པ་གང་ཡིན་པ་དེ་དག་ནི་དམན་པ་ལས་ཆེན་པོར་བསྒྱུར་དུ་རུང་ངོ་། །དབང་པོ་དང་རིགས་ངེས་པ་ཐོབ་པ་གང་ཡིན་པ་དེ་དག་ནི་བསྒྱུར་དུ་མི་རུང་ངོ་། །ཉན་ཐོས་འདི་ལྟ་བུ་དག་ལ་དམན་པ་ལས་ཆེན་པོར་ཡོངས་སུ་བསྒྱུར་བའི་དོན་ཡོད་པ་མ་ཡིན་ན་ཅིའི་ཕྱིར་ཐེག་པ་

གཅིག་ཏུ་གསུངས། ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཅི་ཙམ་དུ་བྱང་ཆུབ་སེམས་དཔའི་ལམ་ལ་རྩེ་གཅིག་ཏུ་མི་བསྒོམ་པ་གང་ཡིན་པ་དེ་དག་ནི་དབང་པོ་དང་རིགས་མ་ངེས་པ་ཞེས་བྱའོ་ཞེས་བསྟན་པའི་ཕྱིར། ཉན་ཐོས་ཐམས་ཅད་ལ་དམན་པ་ལས་ཆེན་པོར་ཡོངས་སུ་བསྒྱུར་བའི་

དོན་ཡོད་པས་ཐེག་པ་ཆུང་ངུ་པའི་གང་ཟག་འདི་ལྟ་བུ་དག་ཀྱང་ཐེག་པ་ཆེན་པོ་སྒྲུབ་ཏུ་གཞུག་པར་མཛད་པ་ཡིན་ནོ་ཞེའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ལམ་ནི་རྣམ་པ་བཞི་ཡོད་དེ། ལྷ་དང་མིའི་ལམ་དང་ཐེག་པ་གསུམ་གྱི་ལམ་དང་བཞིའོ། །བྱང་ཆུབ་

སེམས་དཔའི་ཆོས་ནི་སེམས་ཅན་དྲངས་ནས་ཐེག་པ་ཆེན་པོའི་ལམ་ལ་རབ་ཏུ་དགོད་པ་ཡིན་ཡང་གང་ཐེག་པ་ཆེན་པོའི་ལམ་ལ་འཇུག་པའི་འོས་སུ་མི་རུང་བ་དེ་དག་ནི་ཐེག་པ་འོག་མ་གཉིས་ལ་འཇོག་པར་བྱེད་དོ། །གང་མྱ་ངན་ལས་འདས་པར་འཇུག་པའི་འོས་སུ་མི་འགྱུར་བ་དེ་དག་ནི་ལྷ་དང་མིའི་

เล่ม ๑๑๙ · หน้า 10a

བསོད་ནམས་དང་བདེ་བ་ལ་བཀོད་ནས་མྱ་ངན་ལས་འདས་པའི་རྒྱུ་སྒྲུབ་ཏུ་གཞུག་པར་བྱེད་དོ་ཞེས་འབྱུང་ངོ་། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ལས། ཉན་ཐོས་ནི་རྣམ་པ་བཞི་སྟེ། ངེས་པ་དང་། མངོན་པའི་ང་རྒྱལ་ཅན་དང་། བྱང་ཆུབ་ལས་

ཕྱིར་ལྡོག་པ་དང་། སྤྲུལ་པའི་ཉན་ཐོས་སོ། །ཉན་ཐོས་རྣམ་པ་གཉིས་ནི་དེ་བཞིན་གཤེགས་པས་ལུང་བསྟན་པར་མཛད་དེ། འདི་ལྟ་སྟེ་སྤྲུལ་པའི་ཉན་ཐོས་དང་སྔར་ལོག་པ་ལས་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ངེས་པ་དང་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་རྣམ་པ་གཉིས་ནི་

དབང་པོ་ཡོངས་སུ་མ་སྨིན་པའི་ཕྱིར་དེ་བཞིན་གཤེགས་པས་ལུང་སྟོན་པར་མི་མཛད་ཀྱི། བྱང་ཆུབ་སེམས་དཔའ་དག་གིས་ལུང་སྟོན་པར་བྱེད་པ་ནི་ཐབས་ཀྱིས་སེམས་བསྐྱེད་དུ་གཞུག་པའི་ཕྱིར་རོ་ཞེས་འབྱུང་བས་བསྟན་པ་འདི་དང་སྦྱར་ན་གདོན་མི་ཟ་བར་རིགས་མེད་པའི་སེམས་ཅན་ཞེས་བྱ་

བ་ཡང་མེད་ལ། རིགས་ངེས་པའི་ཉན་ཐོས་དང་། རང་སངས་རྒྱས་གཏན་དུ་སངས་རྒྱས་སུ་མི་འགྲུབ་པོ་ཞེས་བྱ་བ་ཡང་མེད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས། ངེས་པར་སངས་རྒྱས་སུ་མི་འགྲུབ་བོ་ཞེས་

གསུངས་པ་ནི་དབང་པོ་ཡོངས་སུ་མ་སྨིན་པའི་དུས་ཀྱི་ཆ་ལ་ལྟོས་ནས་བསྟན་པ་ཡིན་གྱི། གདོན་མི་ཟ་བར་སངས་རྒྱས་སུ་མི་གྲུབ་པའི་ཕྱིར་ནི་མ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རིན་པོ་ཆེའི་ངོ་བོ་ཉིད་བསྟན་པ་ལས་འདི་ལྟར་འདོད་ཆེན་པ་རྣམས་ཀྱང་མྱ་ངན་ལས་མི་འདའ་ཞིང་མྱ་ངན་ལས་འདའ་བའི་

རིགས་མེད་དོ་ཞེས་བསྟན་པ་དེའི་དོན་ཇི་ལྟ་བུ་ཞེ་ན། ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་པའི་རྒྱུ་རབ་ཏུ་བསྟན་པའི་ཕྱིར་དང་། དུས་ཚད་མེད་པ་རྣམས་ལ་ལྟོས་པའི་ཕྱིར་རོ། །དེ་སྐད་བསྟན་ཀྱང་དེ་དག་ལ་ཡང་དག་པར་ན་རྣམ་པར་དག་པའི་ངོ་བོ་ཉིད་ཡོད་པའི་ཕྱིར་དེ་དག་ལ་གཏན་དུ་རྣམ་པར་

དག་པའི་ངོ་བོ་ཉིད་མེད་ཅེས་བྱར་མི་རུང་ངོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། ལྷག་མ་མེད་པའི་མྱ་ངན་འདས་པའི་དབྱིངས་སུ་རྩོལ་བའི་དངོས་པོ་ཐམས་ཅད་དང་། མངོན་པར་འདུ་བྱེད་པའི་ལས་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་བསྟན་ལ། གོང་དུ་

เล่ม ๑๑๙ · หน้า 10b

བཤད་པ་ལྟ་ན་ནི་ཉན་ཐོས་རྣམས་ཀྱང་ངེས་པར་སངས་རྒྱས་སུ་འགྲུབ་པར་བསྟན་ན། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་ཇི་ལྟར་ཁོང་དུ་ཆུད་ཅིང་རྣམ་པར་བཤད་པར་བྱ་ཞེ་ན། སྨྲས་པ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། ང་མྱ་ངན་ལས་འདས་པའི་འོག་ཏུ་སློབ་མ་ཁ་ཅིག་མདོ་སྡེ་

འདི་མ་ཐོས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོང་དུ་མི་ཆུད་དེ། བདག་ཉིད་ཀྱིས་ཐོས་པའི་ཡོན་ཏན་གང་ཡིན་པ་དེ་ལ་མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་ནས་མྱ་ངན་ལས་འདའོ། །ང་ནི་འཇིག་རྟེན་གྱི་ཁམས་གཞན་ན་མངོན་པར་སངས་རྒྱས་ནས་མིང་ཡང་ཐ་དད་པར་གྱུར་ཏེ།

གང་ཟག་དེ་མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་ནས་མྱ་ངན་ལས་འདས་མོད་ཀྱི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་བར་བྱེད་དོ་ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་སྟོན་ཏོ། གཞན་ཡང་མྱ་ངན་

ལས་འདས་པ་ཆེན་པོའི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་བསྐལ་པ་བརྒྱད་ཁྲི་དང་དྲུག་ཁྲི་དང་། བཞི་ཁྲི་དང་ཉི་ཁྲི་དང་ཁྲིའི་བར་དུ་གནས་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །བླ་ན་མེད་པའི་ཆོས་ཀྱི་མངའ་བདག་འཕགས་པའི་རྒྱལ་པོའི་གནས་གང་ཡིན་པ་དེ་ནི་མྱ་

ངན་ལས་འདས་པ་ཆེན་པོ་ཞེས་བྱའོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། །རྒྱ་མཚོ་ལ་ནི་ཤིང་འཕྱོ་བ། །རྟག་ཏུ་རླབས་ཀྱིས་གཡེང་བ་ལྟར། །ཉན་ཐོས་རྨོངས་པ་དེ་བཞིན་ཏེ། །མཚན་ཉིད་རླུང་གིས་རྣམ་པར་གཡེངས། །ཀུན་ལས་

ལྡང་ལས་དེ་ལོག་ཀྱང་། །ཉོན་མོངས་བག་ཆགས་གཞན་གྱིས་བཅིངས། །ཏིང་ངེ་འཛིན་གྱི་བདེ་བས་མྱོས། །ཟག་པ་མེད་པའི་དབྱིངས་ལ་གནས། །མཐར་ཕྱིན་ཚུལ་ནི་དེ་ལ་མེད། །ཕྱིར་ཡང་དེ་ལས་མི་ལྡོག་སྟེ། །ཏིང་འཛིན་རྣམས་ཀྱི་ལུས་ཐོབ་སྟེ། །བསྐལ་པ་ཚད་མེད་དེ་མི་སྲིད། །

ཆང་གིས་མྱོས་པའི་སྐྱེས་བུ་དག །མྱོས་བྱེད་ཟད་ནས་སངས་འགྱུར་ལྟར། །དེ་དག་ཆོས་རྟོགས་དེ་བཞིན་ཏེ། །བླ་མེད་སངས་རྒྱས་སྐུ་ཐོབ་འགྱུར། །ཞེས་གསུངས་སོ། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོའི་འགྲེལ་པ་ལས། ཡང་དག་པར་མངོན་པའི་ང་རྒྱལ་ཅན་གྱི་གང་

เล่ม ๑๑๙ · หน้า 11a

ཟག་མེད་ཀྱང་འདི་ལྟར་འཇིག་རྟེན་པའི་ཏིང་ངེ་འཛིན་ཡོད་པ་དང་། ཡང་དག་པར་མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་པས་དེ་དག་གི་གཉེན་པོར་སྤྲུལ་པའི་གྲོང་ཁྱེར་གྱི་དཔེ་གསུངས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་གང་

ཟག་བཞི་པོ་ཡང་ཐབས་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བཟུང་བའི་ཕྱིར་རོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་ན་བསམ་གཏན་དང་ཏིང་ངེ་འཛིན་རྣམས་ཀྱི་གྲོང་ཁྱེར་ཏེ། གྲོང་ཁྱེར་དེ་དག་ལས་འདས་ནས་མྱ་ངན་ལས་འདས་པ་ཆེན་པོའི་གྲོང་ཁྱེར་དུ་བཟུང་བའི་ཕྱིར་རོ་ཞེས་འབྱུང་བས། །

དེ་སྐད་བསྟན་པ་དེ་དག་དང་སྦྱར་ན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བསྟན་པ་དེ་ནི་འཕགས་པ་ལང་ཀར་གཤེགས་པ་ལས། ཏིང་ངེ་འཛིན་གྱི་བདེ་བ་ཞེས་གསུངས་པ་ཉིད་དེ། དངོས་པོ་དང་བྲལ་བའི་ཕྱིར་ལྷག་མ་མེད་པ་ཞེས་བྱའི། ཡང་དག་པར་ན་

ལྷག་མ་མེད་པ་ཉིད་མ་ཡིན་ཏེ། རྣམ་པར་འགྱུར་བ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་འཕགས་པ་ཕྲེང་ལྡན་མའི་མདོ་ལས། དེ་ལྟ་བས་ན་དགྲ་བཅོམ་པ་དང་། རང་སངས་རྒྱས་དེ་དག་སྐྱེ་བའི་ཆོས་ཅན་ལྷག་མ་དང་བཅས་པ་མ་ཟད་པའི་ཕྱིར་སྐྱེ་བ་དང་བཅས་པའོ། །ཚངས་པར་སྤྱོད་པ་ལྷག་མ་མ་

བསྒྲུབས་པའི་ཕྱིར། དངོས་པོ་མ་འདྲེས་པ་མ་ཡིན་པའོ། །མཐར་ཕྱིན་པ་མ་ཡིན་པའི་ཕྱིར་བྱ་བ་དང་བཅས་པའོ། །དེ་དག་ལས་མ་འདས་པའི་ཕྱིར་སྤང་བར་བྱ་བ་དང་བཅས་པའོ། །འདི་ལྟར་མ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པ་དང་མི་རིང་བ་ཡིན་ནོ་ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་

ལས་མྱ་ངན་ལས་འདས་པ་ངེས་པ་ཐོབ་པར་གྱུར་ཏོ་ཞེས་གསུངས་པ་ནི་སངས་རྒྱས་རྣམས་ཐབས་ཀྱིས་གསུངས་པ་ཡིན་པས་དེ་བཞིན་གཤེགས་པ་ཉག་གཅིག་གིས་མྱ་ངན་ལས་འདས་པ་བརྙེས་པ་ཡིན་ནོ་ཞེས་གསུངས་པ་དང་སྦྱར་ན། བསྐལ་པ་བརྒྱད་ཁྲི་ལ་སོགས་པའི་བར་དུ་ཏིང་ངེ་འཛིན་གྱི་བདེ་བ་ལ་

གནས་པ་ནི་བཏགས་པའི་ལྷག་མ་མེད་པ་ཡིན་གྱི། ཡང་དག་པར་ལུས་དང་ཤེས་པ་གཉིས་འགགས་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་མེད་པར་ཤེས་པར་བྱ་སྟེ། དེའི་ཕྱིར་ཐེག་པ་པ་གཉིས་ཀྱང་གདོན་མི་ཟ་བར་སངས་རྒྱས་སུ་འགྲུབ་པར་འགྱུར་བ་དེས་ན། མདོ་སྡེ་རྣམས་ལས་ཡང་དག་

เล่ม ๑๑๙ · หน้า 11b

པའི་དོན་དུ་ནི་ཐེག་པ་གཅིག་ཁོ་ནའོ་ཞེས་བསྟན་ལ། བཏགས་པ་ཙམ་དུ་ནི་ཐེག་པ་པ་གཉིས་ཀྱང་བསྟན་པ་ཡིན་ནོ་ཞེས་ཟེར་རོ།། །།བམ་པོ་ཉི་ཤུ་བདུན་པ། དེ་ལ་གཉིས་པ་ནི་སློབ་དཔོན་ཧྱན་ཙང་གིས་མདོ་སྡེ་དང་བསྟན་བཅོས་རྣམས་ལ་བརྟེན་ནས། རིགས་རྣམ་པ་ལྔ་རྣམ་

པར་བཞག་ནས་རིགས་མེད་པའི་སེམས་ཅན་མྱ་ངན་ལས་འདའ་བའི་རིགས་མེད་པ་དང་། རིགས་ངེས་པའི་ཐེག་པ་པ་གཉིས་གདོན་མི་ཟ་བར་སངས་རྒྱས་མི་འགྲུབ་པོ་ཞེས་བསྟན་ཏེ། དེའི་ཕྱིར་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས། གང་ལ་བྱང་ཆུབ་སེམས་དཔའི་རིགས་མེད་པ་དེ་དག་

ནན་ཏན་བརྩོན་འགྲུས་སྐྱེད་པར་བྱེད་མོད་ཀྱི། ནམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་གསུངས་པ་དང་། གཞན་ཡང་བསྟན་བཅོས་ཡོངས་སུ་འཛིན་པ་ལས་རིགས་ཅན་མ་ཡིན་པ་དེ་དག་ནི་རིགས་མེད་པའི་ཕྱིར་སེམས་བསྐྱེད་ནས་ནན་ཏན་བརྩོན་འགྲུས་

སྤྱད་ཀྱང་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ་ཞེས་བསྟན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་འདི་སྐད་དུ་སྟོན་ཏོ། །གཞན་ཡང་མདོ་འདི་ཉིད་ལས་ཞི་བ་བགྲོད་པ་གཅིག་པའི་ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་གང་

ཡིན་པ་དེ་ནི་སངས་རྒྱས་རྣམས་ཀྱིས་བརྩོན་པའི་སྦྱོར་བ་དང་ཐབས་སྣ་ཚོགས་ཀྱིས་གདུལ་བར་མཛད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བར་མི་ནུས་སོ་ཞེས་གསུངས་པ་དང་། གཞན་ཡང་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་

དོན་མཆོག་མངོན་པར་གྲུབ་པའི་ཉན་ཐོས་ཞི་བའི་རིགས་ཅན་གྱི་གང་ཟག་ནི་སངས་རྒྱས་ཐམས་ཅད་ཀྱི་མཐུ་ཅི་མངའ་བ་གཏུགས་ཏེ་གདུལ་བར་མཛད་ཀྱང་དེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་ནུས་པ་གང་ཡིན་པ་དེ་ནི་ངས་ཞི་བའི་ཉན་ཐོས་ཞེས་བྱའོ་ཞེས་བསྟན་ཏོ། །

ཞེས་གསུངས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། ཡང་དག་པ་ལ་ངེས་པའི་སེམས་ཅན་ནི་ཡང་དག་པའི་ཆོས་ཀྱི་སྣོད་ཡིན་པས་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་སྟེ། ཐམས་ཅད་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །ལོག་པ་ལས་

เล่ม ๑๑๙ · หน้า 12a

ངེས་པའི་སེམས་ཅན་ནི་ཆོས་ཡང་དག་པའི་སྣོད་མ་ཡིན་པས་དེ་བཞིན་གཤེགས་པས་དེ་ལ་ཆོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་སྟེ། ནམས་ཀྱང་རྣམ་པར་གྲོལ་བ་ཐོབ་པའི་འོས་སུ་མི་འགྱུར་བས་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་ཆོས་ཀྱི་སྣོད་

མ་ཡིན་པར་མཁྱེན་ནས་སྤོང་བར་མཛད་དོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་སོར་མོའི་ཕྲེང་བའི་མདོ་ལས། སེམས་ཅན་རྣམས་ཀྱི་ཚོགས་རྣམ་པ་གསུམ་ལས་ཉན་ཐོས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་ཚོགས་གཉིས་ཁོ་ན་ནི་གསོར་རུང་བ་དང་གསོར་མི་རུང་བའོ། །དེ་ལ་ལོག་པ་ལ་

ངེས་པ་ནི་འདི་ལྟ་སྟེ། འདོད་ཆེན་པ་དག་གོ། །ཡང་དག་པ་ལ་ངེས་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་ཐེག་པ་གཉིས་སོ་ཞེས་གསུངས་པ་དང་། གཞན་ཡང་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས། སེམས་ཅན་གདུལ་བར་བྱ་བ་ནི་རྣམ་པ་བཞི་

ཡོད་དེ། ཉན་ཐོས་ཀྱི་རིགས་ཅན་ཉན་ཐོས་ཀྱི་ལམ་ཐོབ་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་རིགས་ཅན་རང་སངས་རྒྱས་ཀྱི་ལམ་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་རིགས་ཅན་སངས་རྒྱས་ཀྱི་ལམ་ཐོབ་པར་འགྱུར་བ་དང་། ལྷ་དང་མིའི་རིགས་ཅན་ལྷ་དང་མིའི་བདེ་བ་ཐོབ་པར་འགྱུར་བ་

ནི་རྣམ་པ་བཞི་ཞེས་བྱའོ་ཞེས་གསུངས་པ་དང་། གཞན་ཡང་ཕྲེང་ལྡན་མའི་མདོ་ལས། གཞན་ཡང་ཇི་ལྟར་ས་ཆེན་པོས་ཁུར་ལྕི་བ་རྣམ་པ་བཞི་ཁྱེར་བ་བཞིན་ཏེ། བཞི་གང་ཞེ་ན། རྒྱ་མཚོ་ཆེན་པོ་རྣམས་དང་། རི་རྣམས་དང་རྩྭ་དང་ཤིང་རྣམས་དང་སེམས་ཅན་རྣམས་སོ། །དེ་བཞིན་དུ་ཆོས་ཡང་དག་པ་

ཡོངས་སུ་འཛིན་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཀྱང་ས་ཆེན་པོ་ལྟར་ཁུར་ལྕི་བ་རྣམ་པ་བཞི་ཁྱེར་བས་ས་ཆེན་པོ་དཔེར་རྣམ་པར་གཞག་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་བྲལ་བ། ཐོས་པ་མེད་པ་ཆོས་མ་ཡིན་པ་སྤྱོད་པའི་སེམས་ཅན་དག་ལ་ལྷ་དང་

མིའི་དགེ་བའི་རྩ་བ་སྒྲུབ་ཏུ་གཞུག་པ་དང་། ཉན་ཐོས་ཡོངས་སུ་གཉེར་བ་དག་ལ་ཉན་ཐོས་ཀྱི་ཐེག་པ་སྟོན་པར་བྱེད་པ་དང་། རང་སངས་རྒྱས་ཡོངས་སུ་གཉེར་བ་དག་ལ་རང་སངས་རྒྱས་ཀྱི་ཐེག་པ་སྟོན་པར་བྱེད་པ་དང་། ཐེག་པ་ཆེན་པོ་ཡོངས་སུ་གཉེར་བ་དག་ལ་ཐེག་པ་ཆེན་པོ་སྟོན་པར་བྱེད་

เล่ม ๑๑๙ · หน้า 12b

པའོ་ཞེས་གསུངས་པ་དང་། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་སེམས་ཅན་གང་ཉན་ཐོས་ཀྱི་ཐེག་པའི་རིགས་སུ་ངེས་པ་དག་ནི། ཆོས་འདི་ཐོས་ནས་མྱུར་དུ་རང་གི་ཟག་པ་མེད་པའི་ས་ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པའི་རིགས་སུ་ངེས་པ་དག་ནི་

ཆོས་འདི་ཐོས་ནས་མྱུར་དུ་རང་གི་ཐེག་པ་ལ་གནས་པས་ངེས་པར་འབྱུང་བར་འགྱུར་རོ། །བླ་ན་མེད་པའི་ཐེག་པའི་རིགས་སུ་ངེས་པ་དག་ནི་ཆོས་འདི་ཐོས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །སེམས་ཅན་གང་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་

མ་ཞུགས་ཤིང་རིགས་རྣམ་པ་གསུམ་གང་དུ་ཡང་མ་ངེས་པ་དག་ཀྱང་ཆོས་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ་ཞེས་གསུངས་ཏེ། འཕགས་པ་ས་བཅུའི་མདོའི་འགྲེལ་པ་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་བཤད་དོ། །གཞན་

ཡང་བསྟན་བཅོས་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་འཛིན་པ་ལས། གང་ཟག་ཡོངས་སུ་སྨིན་པར་བྱ་བ་ནི་མདོར་བསྡུ་ན་རྣམ་པ་བཞི་ཡོད་དེ། ཉན་ཐོས་ཀྱི་རིགས་ཅན་དག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། རང་སངས་རྒྱས་ཀྱི་རིགས་ཅན་དག་རང་སངས་རྒྱས་

ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་རིགས་ཅན་དག་བླ་ན་མེད་པའི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། རིགས་མེད་པ་དག་བདེ་འགྲོས་ཡོངས་སུ་སྨིན་པར་བྱའོ་ཞེས་བསྟན་པ་དང་། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡོངས་སུ་མྱ་

ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་དག་བདག་གི་ནི་བྱང་ཆུབ་རྣམ་པ་གསུམ་གྱི་ས་བོན་མེད་པ་ཡིན་ནོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་རིགས་མེད་པ་ལ་གནས་པའི་གང་ཟག་ནི་གཏན་དུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་བསྟན་

པ་དང་། གཞན་ཡང་དེ་ཉིད་ལས་གང་དག་ལ་དེ་བཞིན་ཉིད་ལ་དམིགས་པའི་རྐྱེན་རྟོགས་པར་བྱ་བ་ལ་གཏན་དུ་སྒྲིབ་པའི་ས་བོན་ཡོད་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་དང་ལྡན་པའི་གང་ཟག་ཏུ་རྣམ་པར་གཞག་ལ། གང་དག་དེ་ལྟ་མ་ཡིན་པ་དེ་དག་ནི་ཡོངས་སུ་མྱ་

เล่ม ๑๑๙ · หน้า 13a

ངན་ལས་འདའ་བའི་རིགས་དང་ལྡན་པའི་གང་ཟག་ཏུ་རྣམ་པར་གཞག་གོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་མདོ་སྡེའི་རྒྱན་ལས། རིགས་མེད་པ་ནི་རྣམ་པ་གཉིས་ཏེ། དུས་ཀྱི་མཐའ་ལ་ལྟོས་ཏེ་མྱ་ངན་ལས་མི་འདའ་བ་དང་། གཏན་དུ་མྱ་ངན་ལས་

མི་འདའ་བའོ། །དུས་ཀྱི་མཐའ་ལ་ལྟོས་ཏེ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡང་རྣམ་པ་བཞི་སྟེ། གཅིག་ཏུ་སྡིག་པ་སྤྱོད་པ་དང་། དགེ་བའི་ཆོས་ཐམས་ཅད་སྤངས་པ་དང་། རྣམ་པར་གྲོལ་བའི་ཕྱོགས་ཀྱི་དགེ་བའི་རྩ་བ་མེད་པ་དང་། དགེ་བའི་རྒྱུ་ཆུང་ཞིང་ཡོངས་སུ་མ་རྫོགས་

པའོ། །གཏན་དུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་འདི་ལྟར་རྒྱུ་མེད་པའི་ཕྱིར་མྱ་ངན་ལས་འདའ་བའི་རིགས་མེད་པ་སྟེ། འཁོར་བ་ཡོངས་སུ་གཉེར་ཞིང་མྱ་ངན་ལས་འདས་པ་མི་ཚོལ་བའི་གང་ཟག་གོ་ཞེས་བཤད་དོ། གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་

པ་མི་མཐུན་པ་རྣམ་པ་གཅིག་ལས། །སྒྲིབ་དང་བཅས་ཤིང་རྒྱུ་མི་ལྡན། །སེམས་ཅན་ཁམས་རྣམས་ཐམས་ཅད་ནི། །ངེས་པ་གཉིས་ལ་གནས་པས་ན། །སངས་རྒྱས་རྣམས་ལ་མངའ་དབང་མེད། །ཅེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས།

སེམས་ཅན་མྱ་ངན་ལས་འདའ་བའི་རིགས་མེད་པ་གང་ཡིན་པ་དེ་ནི་རྒྱུ་དང་མི་ལྡན་པ་ཞེས་བྱ་སྟེ། སངས་རྒྱས་རྣམས་འདིའི་གནས་སྐབས་སུ་མྱ་ངན་ལས་འདའ་བར་མཛད་པར་ཡང་མི་སྤྱོད་ལ། རྫུ་འཕྲུལ་གྱིས་མངའ་དབང་མཛད་པར་མི་སྤྱོད་དོ། །འདི་ལྟར་འཁོར་བ་ལ་མངོན་པར་ཞེན་ཅིང་

མྱ་ངན་ལས་འདས་པ་ལ་མ་མོས་པས་སོ་ཞེས་བཤད་དོ། །སློབ་དཔོན་ཧྱན་ཙང་གིས་བསྒྱུར་བའི་ཐེག་པ་ཆེན་པོ་བསྡུས་པ་ལས་ནི། །སེམས་ཅན་ཁམས་ལ་ཀུན་དུ་ཡང་། །སྒྲིབ་བཅས་རྒྱུ་དང་མི་ལྡན་ལ། །ངེས་པ་གཉིས་ནི་འཇུག་པས་ན། །སངས་རྒྱས་རྣམས་ལ་མངའ་དབང་མེད། །

ཅེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། སེམས་ཅན་གྱི་ཁམས་ན་མྱ་ངན་ལས་འདས་པའི་ཆོས་མེད་པ་གང་ཡིན་པ་དེ་ནི་རྒྱུ་མ་ཚང་བ་ཞེས་བྱའོ་ཞེས་འབྱུང་སྟེ། དེས་ནི་དེ་དག་ལ་མྱ་ངན་ལས་འདས་པའི་རྒྱུ་མེད་པར་བསྟན་ཏོ། །རིགས་མེད་པའི་ཕྱིར་སངས་

เล่ม ๑๑๙ · หน้า 13b

རྒྱས་རྣམས་དེ་དག་ལ་མངའ་དབང་མཛད་དུ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པའི་རྣམ་པ་གཅིག་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ནི་ཉོན་མོངས་པ་དང་། ལས་དང་རྣམ་པར་སྨིན་པའི་སྒྲིབ་པ་དང་ལྡན་པའི་ཕྱིར་

སྒྲིབ་པ་དང་ལྡན་པ་ཞེས་བྱའོ། །མྱ་ངན་ལས་འདའ་བའི་རྒྱུ་དང་རིགས་མེད་པའི་ཕྱིར་རྒྱུ་མ་ཚང་བ་ཞེས་བྱའོ། །སངས་རྒྱས་རྣམས་ཀྱིས་གོང་དུ་བསྟན་པ་ལྟ་བུའི་སེམས་ཅན་དེ་དག་མྱ་ངན་ལས་འདའ་བར་མངའ་དབང་མཛད་པར་ཡང་མི་སྤྱོད་དོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་

ནོ། །གཞན་ཡང་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་རིགས་རྣམ་པ་ལྔ་ཡོད་པར་བསྟན་པའི་དོན་ནི་སྔ་མ་བཞིན་དུ་རིག་པར་བྱ་སྟེ། དེ་ཉིད་ལས་རིགས་ཅན་ལྔ་པ་ནི་ཡོན་ཏན་སྐྱེ་བའི་རྒྱུ་མེད་པའི་ཕྱིར་ནམས་ཀྱང་མྱ་ངན་ལས་འདའ་བའི་དུས་མེད་དོ་ཞེས་བཤད་དོ། །གཞན་ཡང་འཕགས་པ་ས་བཅུའི་

འགྲེལ་པ་ལས་ལོག་པའི་ཕུང་པོ་ལྔ་ལ་ངེས་པ་ནི་མྱ་ངན་ལས་འདའ་བར་མི་འགྱུར་བ་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་པ་འདི་དག་དང་སྦྱར་ན་རིགས་མེད་པའི་སེམས་ཅན་ནི་མྱ་ངན་ལས་འདའ་བའི་རྒྱུ་མེད་ལ་ཐེག་པ་འོག་མ་གཉིས་ནི་ངེས་པར་སངས་རྒྱས་སུ་མི་འགྲུབ་པོ་ཞེས་སྟོན་ཏོ། །

གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཐེག་པ་གཅིག་ཏུ་གསུངས། སྔར་ཁུངས་སུ་བསྟན་པའི་གསུང་རབ་དེ་དག་ཀྱང་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་ཞེ་ན། སྨྲས་པ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་བདག་ཅེས་བྱ་བ་ནི་དེ་བཞིན་

གཤེགས་པའི་སྙིང་པོའི་དོན་ཏོ། །གཞན་ཡང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ་རྟག་པར་གནས་ཤིང་རྣམ་པར་འགྱུར་བ་མེད་པའོ་ཞེས་གསུངས་སོ། །གཞན་ཡང་བསྟན་བཅོས་རིན་པོ་ཆེའི་རང་བཞིན་བསྟན་པ་ལས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་

པའི་སྙིང་པོ་ཡོད་པར་ཅིས་མངོན་ཞེ་ན། སྨྲས་པ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པའི་ཆོས་ཉིད་ཀྱི་སྐུ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་རིག་པར་བྱའོ་ཞེས་འབྱུང་བས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ། །

เล่ม ๑๑๙ · หน้า 14a

གསུང་རབ་གོང་མ་དེ་དག་ལས་བསྟན་པ་དག་ནི་ཐམས་ཅད་ཀྱང་དེ་བཞིན་ཉིད་ཆོས་ཀྱི་སྐུ་སངས་རྒྱས་ཀྱི་རང་བཞིན་ཡིན་པས་དེས་ན་རིགས་རྣམ་པ་ལྔ་པོ་ཀུན་ལ་ཡང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ། །གཞན་ཡང་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས།

དཔེར་ན་འགའ་ཞིག་ཅེས་བྱ་བ་ནས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ཐམས་ཅད་ཀྱང་སྤྱོད་པའི་ངོ་བོ་ཉིད་ཡིན་པས་ངེས་པར་ཐོབ་པར་འགྱུར་བའི་ཕྱིར་ཏེ། རིགས་མ་ངེས་པ་ལས་བརྩམས་ནས་ཕྱོགས་གཅིག་བསྟན་པ་ཡིན་ནོ། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་

མདོ་ལས། །ཕྱོགས་བཅུའི་སངས་རྒྱས་ཞིང་དག་ན། །ཐེག་པ་གཅིག་གི་ཆོས་ཁོ་ན། །གཉིས་དང་གསུམ་ཞེས་བྱ་བ་མེད། །སངས་རྒྱས་ཐབས་ཀྱིས་བསྟན་མ་གཏོགས། །ཞེས་གསུངས་པ་ནི་མདོ་ཚིག་འདིར་བཤད་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས། སློབ་དཔོན་ལཾ་

ཤི་བ་ལ་སོགས་པ་ན་རེ་གཉིས་མེད་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་མེད་པའོ། །གསུམ་མེད་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། ཐེག་པ་ཆེན་པོ་པ་ལས་ཕ་རོལ་དུ་ཕྱིན་པ་དྲུག་ཕྱོགས་གཅིག་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མེད་པའོ་ཞེའོ། །གཞན་ཡང་ཁ་ཅིག་

ན་རེ་གཉིས་མེད་ཅེས་བྱ་བ་ནི་འདི་ལྟ་སྟེ་གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་མེད་པའོ། །གསུམ་མེད་ཅེས་བྱ་བ་ནི་འདི་ལྟ་སྟེ། གསུམ་པ་ཉན་ཐོས་ཀྱི་ཐེག་པ་མེད་པའོ། །ཁ་ཅིག་ན་རེ་སྔ་མའི་བཤད་པ་འདི་གཉིས་ནི་རྒྱུའི་ཐེག་པ་རྣམ་པར་གཞིག་པ་ཡིན་གྱི། སངས་རྒྱས་ཀྱི་ཐེག་པ་ལ་

ནི་མཐར་ཕྱིན་པའི་འབྲས་བུའི་ངོ་བོ་ཉིད་དུ་མ་མཐོང་བས་གཞིག་པའི་ཐུགས་མ་ཐུབ་པོ་ཞེའོ། །འདིར་ནི་གཉིས་དང་གསུམ་ཞེས་བྱ་བ་དེས་སངས་རྒྱས་ཀྱི་སྐུ་ལས་བརྩམས་ནས་དོན་དེ་ཡང་དག་པར་གཞིག་པ་ཡིན་ཏེ། དེ་ལ་གཉིས་མེད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལོངས་སྤྱོད་

རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ཁོ་ན་ཡོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་པོ་དེ་དག་མེད་པའོ། །ཕྲེང་ལྡན་མའི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱང་ཐེག་པ་ཆེན་པོར་འཇུག་པར་འགྱུར་རོ་ཞེས་གསུངས་པ་ནི་སངས་རྒྱས་ཀྱི་ཐེག་པ་ཉིད་དུའོ། །དམ་པའི་

เล่ม ๑๑๙ · หน้า 14b

ཆོས་པདྨ་དཀར་པོའི་མདོ་ལས། །དངོས་པོ་འདི་གཅིག་བདེན་པ་སྟེ། །གཞན་གཉིས་པོ་དག་བདེན་པ་མིན། །ཞེས་གསུངས་པ་ནི། གསུམ་དུ་མེད་ཀྱི། དེ་བཞིན་གཤེགས་པའི་སྐུའི་ཐེག་པ་གཅིག་ཁོ་ནར་ཟད་པས་ཉན་ཐོས་དང་རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཐེག་པ་ཞེས་བྱ་བ་

གསུམ་པོ་དག་མེད་དོ་ཞེས་བསྟན་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་མ་ཞུགས་པ་དག་ནི་འདུ་ཤེས་འདི་ལྟ་བུ་སྐྱེད་དེ་འདི་ལྟ་སྟེ། འདི་ལྟར་ཐེག་པ་གསུམ་གྱི་གང་ཟག་སྤྱོད་པའི་བྱེ་བྲག་ཐ་དད་པས་ཐེག་པ་གཅིག་གི་ཚུལ་ལ་རྨོངས་

པར་གྱུར་ཏོ་སྙམ་མོ་ཞེས་བཤད་དོ། །དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང་། ཐེག་པ་གཉིས་ཀྱང་ཡོད་པ་མ་ཡིན་ནོ། རྣམ་པ་གསུམ་དུ་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་དང་ཉན་ཐོས་དང་རང་སངས་

རྒྱས་རྣམས། སངས་རྒྱས་ཀྱི་རང་བཞིན་དང་གཅིག་ཏུ་མཚུངས་སོ། །ཟག་པ་མེད་པ་ཡང་གཅིག་ཏུ་མཚུངས་སོ་ཞེས་གསུངས་པ་ཡང་སྔ་མ་ནི་གཉིས་སུ་འཛིན་པ་རྣམ་པར་བཤིག་ནས་གཅིག་པ་ཉིད་ལ་ཕྱོགས་པ་དང་དམན་པ་རྣམ་པར་བཤིག་ནས། རྒྱ་ཆེན་པོ་ལ་འཇུག་པར་མཛད་དོ། །ཕྱི་མ་

ནི་གསུམ་དུ་འཛིན་པ་རྣམ་པར་བཤིག་ནས་གཅིག་པ་ཉིད་ལ་ཕྱོགས་པ་དང་། དངོས་པོ་བཀག་ནས་དོན་ལ་ཕྱོགས་པར་མཛད་དོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་གཉིས་པ་བཟང་ངོ་། །དེའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོའི་འགྲེལ་པ་ལས།

གཉིས་པ་ཐབས་ཀྱི་ལེའུ་ལས་ནི་གཉིས་སུ་འཛིན་པ་རྣམ་པར་བཤིག་ནས་གཅིག་པ་ཉིད་རབ་ཏུ་སྟོན་ཏོ་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཐེག་པ་གཉིས་ཀྱི་མིང་ཡང་མེད་དོ་ཞེས་གསུངས་པ་དང་། གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས།

འཇིག་རྟེན་ན་ཐེག་པ་པ་གཉིས་ཀྱིས་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་ཞེས་བྱ་བ་ནི་མེད་ཀྱི། སངས་རྒྱས་ཀྱི་ཐེག་པ་གཅིག་ཁོ་ནས་མྱ་ངན་ལས་འདའ་བ་ཐོབ་པར་ཟད་དོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས། །སངས་རྒྱས་ཐེག་གཅིག་ཁོ་ན་སྟེ། །བསྟི་བའི་གནས་ཕྱིར་གཉིས་

เล่ม ๑๑๙ · หน้า 15a

སུ་བཤད། །ཅེས་གསུངས་སོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས། དད་པ་ལ་སོགས་པའི་དབང་པོ་དག་ནི་ངེས་པའི་དབང་པོ་ཞེས་མི་བྱའོ་ཞེས་འབྱུང་བ་ཡང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་གཞན་རྣམ་པ་གཉིས་

ལས། ཚིག་དེ་ལྟ་བུ་མི་འབྱུང་བའི་ཕྱིར་དེ་ཡང་ཚད་མར་མི་རུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མྱ་ངན་ལས་འདའ་བར་འཇུག་པའི་འོས་སུ་མི་རུང་བ་དེ་དག་ནི་ལྷ་དང་མིའི་བསོད་ནམས་དང་བདེ་བ་ལ་བཀོད་ནས་མྱ་ངན་ལས་འདས་པའི་རྒྱུ་དང་རྐྱེན་སྒྲུབ་ཏུ་གཞུག་

པར་མཛད་དོ་ཞེས་བསྟན་པ་ནི་ལྷ་དང་མིའི་ཐེག་པ་ཡང་རྣམ་པ་གཉིས་ཏེ། དང་པོ་གཏན་དུ་མྱ་ངན་ལས་འདའ་བར་མི་འགྱུར་བ་གང་ཡིན་པ་དེ་དག་ནི་ལྷ་དང་མིའི་ཐེག་པས་ཡོངས་སུ་སྨིན་པར་མཛད་དོ། །གཉིས་པ་རེ་ཞིག་ཙམ་དུ་མྱ་ངན་ལས་འདའ་བའི་རིགས་མེད་པ་གང་ཡིན་པ་དེ་དག་ནི་ལྷ་དང་

མིའི་ཐེག་པས་ཡོངས་སུ་སྨིན་པར་མཛད་ནས། མྱ་ངན་ལས་འདའ་བའི་རྒྱུ་སྒྲུབ་ཏུ་གཞུག་པར་མཛད་དོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་། འགྲེལ་པ་དེ་ལས་ནི་རེ་ཞིག་ཙམ་དུ་རིགས་མེད་པའི་ཕྱོགས་གཅིག་ལས་བརྩམས་ནས་དེ་སྐད་བསྟན་པ་ཡིན་ནོ། །ཡང་ན་

དེ་ལས་བྱང་ཆུབ་སེམས་དཔའི་སྙིང་རྗེ་དང་སྨོན་ལམ་གྱི་ཐབས་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་བཟླ་བར་འདོད་པ་རབ་ཏུ་བསྟན་པ་ཡིན་གྱི། ཐམས་ཅད་མྱ་ངན་ལས་འདའ་བར་འགྱུར་བར་བསྟན་པ་ནི་མ་ཡིན་པའོ། །དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ལས། གདོན་མི་ཟ་

བར་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་རྣམ་པ་གཉིས་ནི་དབང་པོ་ཡོངས་སུ་མ་སྨིན་པའི་ཕྱིར། དེ་བཞིན་གཤེགས་པས་ལུང་སྟོན་པར་མི་མཛད་ཀྱི། བྱང་ཆུབ་སེམས་དཔའ་དག་གིས་ལུང་སྟོན་པར་བྱེད་པ་ནི་ཐབས་ཀྱིས་སེམས་བསྐྱེད་དུ་གཞུག་པའི་ཕྱིར་རོ་ཞེས་བསྟན་པ་ནི་བྱང་ཆུབ་

སེམས་དཔའ་དག་གིས་སངས་རྒྱས་སུ་འགྲུབ་པར་ལུང་སྟོན་པ་སྟེ། དེ་དག་ཐེག་པ་ཆེན་པོ་ལ་སེམས་བསྐྱེད་དུ་གཞུག་པར་འདོད་པའི་ཕྱིར་ཏེ། དེ་ཡང་ཐབས་ཀྱིས་བསྟན་པ་ཡིན་གྱི། ཡང་དག་པར་སངས་རྒྱས་སུ་འགྲུབ་པར་འགྱུར་བ་ནི་མ་ཡིན་པའོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་

เล่ม ๑๑๙ · หน้า 15b

པོའི་མདོ་ལས། མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་ནས་མྱ་ངན་ལས་འདའོ། །འཇིག་རྟེན་གྱི་ཁམས་གཞན་ན་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བར་བྱེད་དོ་ཞེས་གསུངས་པ་ནི། དམ་པའི་ཆོས་པདྨ་དཀར་པོའི་མདོའི་དཔེ་གཏན་ལ་ཕབ་པ་དང་སྦྱར་ན། དེ་ལས་ཐམས་ཅད་ཀྱང་འདུས་མ་

བྱས་ཀྱི་འདུ་ཤེས་ལ་གནས་པས་མྱ་ངན་ལས་འདས་སོ་སྙམ་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །གཞན་ཡང་དེ་ཉིད་ལས་མྱ་ངན་ལས་འདའ་བའི་ཚེ། སངས་རྒྱས་དེའི་དྲུང་དུ་བཞུགས་ཏེ་ཆོས་ཀྱི་གདམས་ངག་བསྟན་པས་བྱང་ཆུབ་ཏུ་སེམས་

བསྐྱེད་ནས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་ཤིང་། ཐེག་པ་གསུམ་པོ་དག་ཀྱང་སྟོང་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གསུངས་པ་དང་སྦྱར་ན། མྱ་ངན་ལས་འདའ་བའི་ཚེ་ཞེས་གསུངས་པ་ནི། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་ནས། ལྷག་མ་

མེད་པའི་མྱ་ངན་ལས་འདའ་བར་འཇུག་པའི་ཚེ། བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ཀྱི་ལྷག་མ་མེད་པར་ཞུགས་པའི་འོག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བསྟན་པ་ཡང་འདི་བཞིན་དུ་རིག་པར་བྱའོ། །གཞན་ཡང་མྱ་ངན་ལས་

འདས་པ་ཆེན་པོའི་མདོ་ལས། བསྐལ་པ་བརྒྱད་ཁྲི་ལ་སོགས་པར་གནས་སོ་ཞེས་གསུངས་པ་ནི་སྡེ་སྣོད་གསུམ་པ་དག་གི་བཤད་པ་ལ་འབྱུང་བ། རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་གནས་པ་ནི་ཐེག་པ་ཆེན་པོར་སེམས་བསྒྱུར་ཏེ་རྣམ་པར་འགྱུར་བའི་འཆི་འཕོ་ལ་གནས་ནས། བྱང་ཆུབ་སེམས་

དཔའི་སྤྱོད་པ་སྤྱད་དེ། དད་པ་བཅུའི་གནས་སུ་བསྐལ་པ་བརྒྱད་ཁྲི་དང་། དྲུག་ཁྲི་ལ་སོགས་པའི་བར་དུ་གནས་ཞེས་བྱའོ་ཞེའོ། །སློབ་དཔོན་ཡང་དག་བདེན་པས་རྣམ་པར་ཤེས་པའི་གནས་དགུ་བསྟན་པ་ལས་གཞི་ཆེན་པོའི་མདོ་ལས། རང་སངས་རྒྱས་ནི་བསྐལ་པ་ཁྲིས་ཕྱིན་པར་

འགྱུར་རོ་ཞེས་གསུངས་ན། གང་དུ་ནི་ཕྱིན་པར་འགྱུར། གྲུབ་པའི་མཐའ་ནི་གང་ཞིག་ཡིན། སྨྲས་པ། འདི་ནི་མཐར་ཕྱིན་པའི་གྲུབ་པའི་མཐའ་སྟེ། ཐེག་པ་པ་གསུམ་དུ་འཛིན་པ་གསལ་བར་དགོངས་པའོ། །ཡང་ན་སེམས་བསྒྱུར་ཏེ་ཐེག་པ་ཆེན་པོ་བསླབས་ནས། དད་པ་བཅུའི་

เล่ม ๑๑๙ · หน้า 16a

ཆོས་ཀྱི་དེ་བཞིན་ཉིད་ལ་འཇུག་པར་འགྱུར་རོ་ཞེས་བསྟན་པ་དང་སྦྱར་ན། སློབ་དཔོན་ཡང་དག་བདེན་པ་ཡང་དད་པ་བཅུ་ལ་ཕྱིན་པའི་གནས་སུ་འདོད་པར་རིག་པར་བྱའོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་མྱ་ངན་ལས་འདས་པ་ཞེས་བཤད་ཅེ་ན་སྨྲས་པ། བཅོམ་ལྡན་འདས་ཀྱིས་

ཐེག་པ་ཆེན་པོར་སེམས་བསྒྱུར་བའི་ཉན་ཐོས་མེས་ལུས་བསྲེགས་ནས་མྱ་ངན་ལས་འདས་པ་སྟོན་པ་ལ་དགོངས་ནས་མྱ་ངན་ལས་འདས་པ་ཞེས་གསུངས་ཀྱི། ཡང་དག་པར་མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། དེ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། དེ་ལྟར་དེ་ནི་

ཚེའི་འདུ་བྱེད་བསྲིངས་ནས་དབང་པོའི་ལུས་བྱིན་གྱིས་རློབ་པར་བྱེད་ཅིང་། སྤྲུལ་པའི་ལུས་ཀྱིས་ཆོས་མཐུན་པ་དག་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་བྱེད་དེ། དེས་ན་དེ་དག་འདི་སྙམ་དུ་བཙུན་པ་མིང་འདི་ཞེས་བྱ་བ་

དེ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་སེམས་སོ། །དེས་ཕུང་པོའི་ལུས་བྱིན་གྱིས་བརླབས་ནས་འཛམ་བུའི་གླིང་འདིར་གར་འདོད་པར་ཅི་ནས་ཀྱང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་སེམས་ཅན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་

བུར་དབེན་པར་གནས་པར་བྱེད་དོ་ཞེས་བསྟན་པ་ལྟ་བུ་སྟེ། དེ་ནི་འདི་སྐད་དུ་ཐེ་ཚོམ་རབ་ཏུ་བསལ་བའི་ཆེད་དུ་ཆོས་མཐུན་པ་དག་གི་མདུན་དུ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཡོངས་སུ་སྟོན་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའི། དེ་ཡང་དག་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་

པ་ལ་གནས་པ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལྷག་མ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་སྤྲུལ་པ་ཡིན་ཏེ། ཁ་ཅིག་ཡོངས་སུ་བསྡུ་བ་དང་། གཞན་ཡོངས་སུ་བསྡུ་བ་དང་། གཞན་རྣམས་ཡོངས་སུ་གཟུང་

བ་དང་། འབྲས་བུ་གཉིས་པོ་དེ་དག་མཐར་ཕྱིན་པ་མ་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཤཱ་རིའི་བུ་སངས་རྒྱས་ཀྱི་ཐེག་པ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་གཏན་དུ་མྱ་ངན་ལས་

เล่ม ๑๑๙ · หน้า 16b

འདས་པ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཏིང་ངེ་འཛིན་གྱི་སྒོའི་བདེ་བ་ཞེས་གསུངས་པ་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པ་ལ་སོགས་པ་དག་ཐེག་པ་ཆེན་པོར་སེམས་བསྒྱུར་ནས་ལུས་ཡུན་རིང་

དུ་གནས་པ་དང་། མཐའི་ཏིང་ངེ་འཛིན་ལ་བརྟེན་ནས་ཟག་པ་དང་བཅས་པའི་ལས་ཡོངས་སུ་གསོས་ཏེ། རྣམ་པར་འགྱུར་བའི་འཆི་འཕོ་ལན་ཅིང་བསྐལ་པ་བརྒྱད་ཁྲི་དྲུག་ཁྲི་ལ་སོགས་པར་གནས་ནས་དད་པ་བཅུའི་གནས་པ་ལ་གནས་པར་འགྱུར་བས་ཏིང་ངེ་འཛིན་དེ་ཉིད་ལ་ཏིང་

ངེ་འཛིན་གྱི་བདེ་བ་ཞེས་གསུངས་ཀྱི་ལྷག་མ་མེད་པའི་མྱ་ངན་ལས་འདས་ཟིན་པ་ལ་ཏིང་ངེ་འཛིན་གྱི་བདེ་བ་ཞེས་གསུངས་པ་ནི་མ་ཡིན་པས་ལུང་དང་རིགས་པ་དེས་ན་བསྐལ་པ་བརྒྱད་ཁྲི་ཞེས་བྱ་བ་ནས་བསྐལ་པ་ཁྲི་ཞེས་བྱ་བའི་བར་དུ་ཞེས་གསུངས་པ་ཡིན་ནོ། །གནས་པ་ཞེས་བྱ་བ་

ཡང་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཞུགས་ནས་གདོད་རྩོལ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་ཅི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་ཅེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ཁོ་ན་ལ་དངོས་པོ་འདི་ཡོད་དེ།

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ནི་རྩོལ་བའི་ལས་ཐམས་ཅད་དང་བྲལ་ཞིང་འབད་པ་ཐམས་ཅད་རྒྱུན་ཆད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་

སུ་ཡོངས་སུ་མྱ་ངན་ལས་འདས་པའི་གནས་གྱུར་པ་དེ་མཚན་ཉིད་ཇི་སྐད་དུ་བརྗོད་པར་བྱ་ཞེ་ན། སྨྲས་པ། སྤྲོས་པ་མེད་པའི་མཚན་ཉིད་དང་། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་དོ་ཞེས་བཤད་དོ། །གཞན་ཡང་འཕགས་པ་དགོངས་པ་ཟབ་མོའི་ངེས་པར་འགྲེལ་པ་

เล่ม ๑๑๙ · หน้า 17a

འདི་ཉིད་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་པར་རྒྱུན་ཆད་པར་གསུངས་པས་རྒྱ་ཆེར་ནི་མདོ་དེ་ལས་གསུངས་པ་བཞིན་ཏེ། དེའི་ཕྱིར་ཐེག་པ་

གསུམ་པོ་དག་ནི་བྱེ་བྲག་མེད་པ་མ་ཡིན་ནོ། །དེ་ལ་བརྟགས་པ་དང་ཡང་དག་པར་རྣམ་པར་འབྱེད་པ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། ལ་ལ་ལས་ནི་ཡང་དག་པར་ནི་ཐེག་པ་གཅིག་གོ། །བརྟགས་པ་ཙམ་དུ་ནི་ཐེག་པ་གསུམ་དུ་གསུངས་སོ་ཞེས་བསྟན་པ་ཡང་

ཡོད་དེ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཇི་སྐད་དུ། །ཕྱོགས་བཅུའི་སངས་རྒྱས་ཞིང་དག་ན། །ཐེག་པ་གཅིག་གི་ཆོས་ཁོ་ན། །གཉིས་དང་གསུམ་ཞེས་བྱ་བ་མེད། །སངས་རྒྱས་ཐབས་ཀྱིས་བསྟན་མ་གཏོགས། །ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་

ལས། དངོས་པོ་འདི་གཅིག་བདེན་པ་སྟེ། །གཞན་གཉིས་པོ་དག་བདེན་པ་མིན། །ཞེས་གསུངས་པ་དང་། གཞན་ཡང་ཕྲེང་ལྡན་མའི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཐེག་པ་ཆེན་པོ་ལ་འཇུག་པར་འགྱུར་རོ་ཞེས་གསུངས་པ་དང་། གཞན་ཡང་མྱ་

ངན་ལས་འདས་པ་ཆེན་པོའི་མདོ་ལས་སེམས་ཅན་ཐམས་ཅད་ནི་ལམ་གཅིག་ཏུ་འཇུག་པར་འགྱུར་རོ། །ལམ་གཅིག་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་ཆེད་དུ་གསུམ་དུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་

གསུངས་པ་ལྟ་བུའོ། །ཁ་ཅིག་ལས་ཡང་དག་པའི་དོན་དུ་ནི་ཐེག་པ་གསུམ་དུ་གསུངས་སོ། །བརྟགས་པ་ཙམ་དུ་ནི་ཐེག་པ་གཅིག་ཏུ་གསུངས་སོ་ཞེས་སྟོན་པ་ཡང་ཡོད་དེ། མདོ་འདི་ཉིད་ལས་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཤིན་ཏུ་

རྣམ་པར་དག་པའི་ལམ་འདི་ཉིད་གཅིག་ཐུན་མོང་དུ་གྱུར་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། གཞན་ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཐེག་པ་གཅིག་གོ་ཞེས་བཀའ་སྩལ་པ་དེ་ལ་དགོངས་

เล่ม ๑๑๙ · หน้า 17b

པ་གང་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། གཞན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་འབྱུང་གནས་བསྟན་པའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བར་དབྱེར་མཆིས་སམ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བར་བྱེ་བྲག་ཏུ་གྱུར་པ་མེད་དོ། །ལམ་ཡང་ལམ་དུ་བྱེ་བྲག་ཏུ་གྱུར་པ་མེད་དོ། །ཐེག་པ་ཡང་ཐེག་པར་བྱེ་བྲག་ཏུ་གྱུར་པ་མེད་དོ། །དཔེར་ན་རྒྱལ་པོའི་ལམ་པོ་ཆེར་ནི་གླང་པོ་ཆེའི་ཁྱོགས་དང་འགྲོ་བ་ཡང་ཡོད།

རྟའི་ཁྱོགས་དང་འགྲོ་བ་ཡང་ཡོད། བོང་བུའི་ཁྱོགས་དང་འགྲོ་བ་ཡང་ཡོད་དེ། དེ་དག་རིམ་གྱིས་ལམ་དེར་འགྲོ། །གྲོང་ཁྱེར་གཅིག་ཏུ་བགྲོད་པར་ནི་མཚུངས་སོ་ཞེས་གསུངས་པ་ལྟ་བུ་སྟེ། བསྟན་པ་འདི་ལ་སོགས་པ་གཏན་ཚིགས་སུ་རུང་བ་མང་དུ་ཡོད་དོ། །ཐེག་པ་

གཅིག་ཏུ་བསྟན་པ་ཡང་དགོངས་པ་དག་མི་མཐུན་པས་དེའི་ཕྱིར་འཕགས་པའི་གསུང་རབ་རྣམས་ལས་ཐ་དད་པ་རྣམ་པ་སྣ་ཚོགས་སུ་གསུངས་པ་ཡིན་ཏེ། བསྟན་བཅོས་རྣམ་པར་བཤད་པ་དང་སྦྱར་ན། དེ་ལས་འདི་ལྟར་རྒྱུ་རྣམ་པ་དྲུག་གིས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་

པ་སྟོན་ཏོ། །དེའི་ཕྱིར་དེ་ལས་ཅིའི་ཕྱིར་དེ་བཞིན་གཤེགས་པས་ཐེག་པ་གཅིག་ཏུ་གསུངས། སྨྲས་པ། རྒྱུ་རྣམ་པ་དྲུག་གི་ཕྱིར་ཏེ། ཆོས་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་པ་ལས་བརྩམས་པའི་ཕྱིར་དང་། རྣམ་པར་མི་རྟོག་པའི་རྣམ་པ་ལས་བརྩམས་པའི་ཕྱིར་དང་། སེམས་ཅན་

བདག་མེད་པ་དང་ཆོས་བདག་མེད་པར་མཚུངས་པ་ཉིད་ཀྱི་ཕྱིར་དང་། རྣམ་པར་གྲོལ་བ་མཚུངས་པ་ཉིད་ཀྱི་ཕྱིར་དང་། འདི་ལྟར་སྒྲུབ་པ་ཐ་དད་པ་དག་ལ་དངོས་པོ་དང་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པའི་ཉོན་མོངས་པ་ཡོད་ཀྱང་གཉེན་པོ་དང་དམིགས་པར་བྱ་བའི་ཆོས་ཉིད་མི་

མཐུན་པ་མེད་པ་ཉིད་ཀྱི་ཕྱིར་དང་། ཤིན་ཏུ་ལེགས་པར་སྤྲུལ་ནས་གནས་པའི་ཕྱིར་དང་། ཡོད་པ་མཐར་ཕྱིན་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་དང་། དོན་རྣམ་པ་བཅུའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་པར་སྟོན་ཏེ། བསྟན་བཅོས་དེ་ལས་སྔར་ནི་དོན་རྣམ་

เล่ม ๑๑๙ · หน้า 18a

པ་བརྒྱད་ཀྱིས་མདོ་སྡེ་རྣམས་ལས་དེ་བཞིན་གཤེགས་པས་ཐེག་པ་གཅིག་ཏུ་གསུངས་པ་སྟོན་ཏོ། །དེའི་འོག་ཏུ་ནི་ཡོངས་སུ་འཛིན་པའི་དོན་རྣམ་པ་གཉིས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་སྟོན་ཏེ། དེའི་ཕྱིར་བསྟན་

བཅོས་དེ་ལས། འདི་ལྟར་མདོ་དེ་དང་དེ་དག་ལས་དགོངས་པ་འདི་བརྒྱད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེག་པ་གཅིག་ཏུ་གསུངས་ཀྱང་ཐེག་པ་གསུམ་པོ་དག་མེད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དགོངས་པ་ཇི་ལྟ་བུ་ཞིག་གིས་ཐེག་པ་གཅིག་ཏུ་གསུངས་ཤེ་ན། ཚིག་ལེའུར་

བྱས་པ་ལས། ཉན་ཐོས་རྣམས་ནི་དྲང་བ་དང་། །བྱང་ཆུབ་སེམས་དཔའ་གཟུང་བའི་ཕྱིར། །འདི་གཉིས་ལ་ནི་མ་ངེས་པ། །སངས་རྒྱས་རྣམས་ཀྱིས་ཐེག་གཅིག་གསུངས། །ཞེས་འབྱུང་བ་སྟེ། རྒྱ་ཆེར་ནི་དེ་ཉིད་ལས་བཤད་པ་བཞིན་ནོ། །སློབ་དཔོན་ཐོགས་མེད་ཀྱིས་བསྟན་བཅོས་

ཐེག་པ་ཆེན་པོ་བསྡུས་པ་མཛད་པ་ལས་ཀྱང་། བསྟན་བཅོས་མདོ་སྡེའི་རྒྱན་གྱི་ཚིག་ལེའུར་བྱས་པ་ཁུངས་སུ་བཞག་ནས་དོན་རྣམ་པ་བཅུ་སྟོན་པས་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་སོ་སོ་ནས་འགྲེལ་པ་མཛད་དེ་དོན་རྣམ་པ་བཅུ་པོ་དེ་དག་སྟོན་ཏོ། །དེའི་ཕྱིར་སློབ་དཔོན་

ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། གལ་ཏེ་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ལྟ་བུ་དག་དང་ལྡན་པ་ཡིན་ན་དགོངས་པ་གང་གིས་ཐེག་པ་གཅིག་ཏུ་བསྟན་ཅེ་ན།

འདི་ལ་ཚིགས་སུ་བཅད་པ་གཉིས་ཡོད་དེ། ཁ་ཅིག་དག་ནི་དྲང་ཕྱིར་དང་། །གཞན་ཡང་ཀུན་ཏུ་གཟུད་པའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཆོས་དང་བདག་མེད་གྲོལ་མཚུངས་ཕྱིར། །རིགས་ནི་ཐ་དད་གྱུར་པའི་ཕྱིར། །བསམ་

གཉིས་བརྙེས་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཕྱིན་པས་ནི་ཐེག་གཅིག་བསྟན། །ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། འདིར་ཚིགས་སུ་བཅད་པ་གཉིས་ཀྱིས་སངས་རྒྱས་རྣམས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་རྣམ་པར་འབྱེད་དེ། ཁ་

เล่ม ๑๑๙ · หน้า 18b

ཅིག་དག་ནི་དྲང་བའི་ཕྱིར། །ཞེས་བྱ་བ་ནི་འདི་ལྟ་སྟེ། རིགས་མ་ངེས་པའི་ཉན་ཐོས་ལ་སོགས་པ་དྲངས་ནས་ཐེག་པ་ཆེན་པོ་ལ་གཞོལ་བར་མཛད་པ་སྟེ། མ་ངེས་པའི་རིགས་ཅན་གྱི་ཉན་ཐོས་ལ་སོགས་པ་དེ་དག་ཇི་ལྟར་ཐེག་པ་ཆེན་པོའི་དབང་གིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་སྙམ་དུ་

དགོངས་པའོ། །གཞན་ཡང་ཀུན་ཏུ་གཟུད་པའི་ཕྱིར། །ཞེས་བྱ་བ་ནི་འདི་ལྟ་སྟེ། མ་ངེས་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ལ་གནས་པར་མཛད་པ་སྟེ། ཇི་ལྟར་མ་ངེས་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་མི་སྤོང་ཞིང་ཉན་ཐོས་ཀྱི་

ཐེག་པས་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་སྙམ་དུ་དགོངས་ནས་དོན་དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཐེག་པ་གཅིག་ཏུ་གསུངས་པའོ། །མ་ངེས་པ་ལ་སོགས་པའི་ཚིག་དང་། དོན་གྱི་དབང་གིས་ཆོས་དང་བདག་མེད་པ་དང་། རྣམ་པར་གྲོལ་བའི་བར་དུ་རྒྱ་ཆེར་གསུངས་

པ་ཡིན་ནོ་ཞེས་འབྱུང་སྟེ། གོང་དུ་བསྟན་པའི་དོན་རྣམ་པ་གཉིས་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ངོ་བོ་ཉིད་མེད་ཀྱིས་བྱས་པ་དང་། མདོ་སྡེའི་རྒྱན་ལས་ཀྱང་འདི་སྐད་དུ་སྟོན་ཏོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི་ཅུང་ཟད་མི་

མཐུན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། །མ་ངེས་རིགས་ཅན་ཉན་ཐོས་དང་། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས། །ཐེག་པ་ཆེན་པོར་འདྲ་བ་དང་། །ངེས་པའི་རིགས་ལ་ཐེག་གཅིག་བསྟན། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ཉན་ཐོས་ལ་སོགས་པ་གང་

དག་ཐེག་པ་ཆེན་པོ་ལ་དབང་པོ་དང་། རིགས་ངེས་པར་མ་གྱུར་པ་དེ་དག་ཐེག་པ་ཆེན་པོ་ལ་མོས་པ་བསྐྱེད་ནས། ཐེག་པ་ཆེན་པོ་སྒྲུབ་ཏུ་གཞུག་པའི་ཆེད་དུ་དེ་བཞིན་གཤེགས་པ་རྣམས་ཐེག་པ་གཅིག་ཏུ་གསུངས་པས་དྲངས་ནས། ཐེག་པ་ཆེན་པོ་ལ་གནས་པར་མཛད་པ་དང་། བྱང་ཆུབ་

སེམས་དཔའ་གང་དག་ཐེག་པ་ཆེན་པོར་དབང་པོ་དང་། རིགས་ངེས་པར་མ་གྱུར་པ་དེ་དག་ཇི་ལྟར་ཐེག་པ་ཆེན་པོ་ལ་བཀོད་ནས་ཐེག་པ་ཆེན་པོ་སྤོང་བར་མི་འགྱུར་སྙམ་དུ་དགོངས་ནས། དེ་བཞིན་གཤེགས་པ་རྣམས་ཐེག་པ་གཅིག་ཏུ་གསུངས་པས་དྲངས་ནས་ཐེག་པ་ཆེན་པོ་ལ་གནས་པར་

เล่ม ๑๑๙ · หน้า 19a

མཛད་པ་དང་། བྱང་ཆུབ་སེམས་དཔའ་གང་དག་ཐེག་པ་ཆེན་པོར་རིགས་ངེས་པར་གྱུར་པ་དག་ཇི་ལྟར་ལྡོག་པར་མི་འགྱུར་བ་དང་། ཐ་དད་པའི་བསམ་པ་འབྱུང་བར་མི་འགྱུར་སྙམ་དུ་དགོངས་ནས་བྱང་ཆུབ་སེམས་དཔའ་དེའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་སོ་ཞེས་

འབྱུང་སྟེ། བསྟན་བཅོས་ཚིག་ལེའུར་བྱས་པ་དང་། འགྲེལ་པ་གཉིས་ཀ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་གང་ཟག་གསུམ་གྱི་ཆེད་དུ་ཐེག་པ་གཅིག་ཏུ་གསུངས་པ་ཡིན་པར་སྟོན་ཏོ། །དེ་ཡང་སྔ་མ་གཉིས་ནི་མ་ངེས་པའོ། །ཕྱི་མ་གཅིག་ནི་ངེས་པར་གྱུར་པ་སྟེ། བསྟན་བཅོས་

རྣམས་ལས་ཚིག་འདི་མེད་པའི་ཕྱིར་ཚད་མར་གཟུང་དུ་མི་རུང་ངོ་། སློབ་དཔོན་དབྱིག་གཉེན་གྱི་འགྲེལ་པ་ལས། གཞན་ཡང་དགོངས་པ་ཐ་དད་པའི་དབང་གིས་ཐེག་པ་གཅིག་ཁོ་ནར་གསུངས་པ་ཡིན་ཏེ། དགོངས་པ་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་སོགས་པ་གསུངས་པའི་ཕྱིར་རོ། །

དེ་ལ་ཆོས་མཚུངས་པའི་ཕྱིར་ཞེས་བྱ་བ་ལ་ཆོས་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དེ་ཉན་ཐོས་ལ་སོགས་པ་བགྲོད་པར་མཚུངས་པའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་ཏོ། །བདག་མེད་པར་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉན་ཐོས་ལ་སོགས་པ་ལ་གང་ཟག་གི་བདག་མེད་དེ། བདག་

མེད་པའི་ཕྱིར་འདི་ནི་ཉན་ཐོས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། བདག་མེད་པ་དང་མཚུངས་པའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་ཏོ། །རྣམ་པར་གྲོལ་བ་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉན་ཐོས་ལ་སོགས་པས་ཉོན་མོངས་པའི་སྒྲིབ་པ་ལས་

མཚུངས་པར་རྣམ་པར་གྲོལ་བའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་ནི་ཐ་དད་དུ་དབྱེར་མེད་དོ་ཞེས་གསུངས་པ་ལྟ་བུའོ། །རིགས་ཐ་དད་པར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་རིགས་བྱེ་བྲག་ཏུ་གྱུར་པའི་ཕྱིར་མ་

ངེས་པའི་རིགས་ཅན་གྱི་ཉན་ཐོས་ལ་སོགས་པ་ཡང་སངས་རྒྱས་སུ་འགྲུབ་པར་འགྱུར་བས་དགོངས་པ་དེའི་ཕྱིར་ཐེག་པ་གཅིག་ཏུ་སྟོན་ཏོ། །བསམ་པ་གཉིས་བརྙེས་པའི་ཕྱིར་ཞེས་བྱ་བ་ནི་བསམ་པ་གཉིས་བརྙེས་པའི་ཕྱིར་ཏེ། དང་པོ་ནི་དེའི་དབང་གིས་སེམས་ཅན་ཐམས་ཅད་ཕ་རོལ་གང་ཡིན་

เล่ม ๑๑๙ · หน้า 19b

པ་དེ་ནི་བདག་གོ། །བདག་གང་ཡིན་པ་དེ་ནི་ཕ་རོལ་ལོ་ཞེས་དེ་ལྟར་ཡོངས་སུ་བཟུང་བ་སྟེ། གང་གི་ཕྱིར་དེས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་དེ་དག་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་དགོངས་པ་དེའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་ཏོ། །གཉིས་པ་

ཆོས་ཉིད་མཉམ་པའི་བསམ་པ་བརྙེས་པ་ནི་འདི་ལྟ་སྟེ། ཉན་ཐོས་རྣམས་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པས་ཆོས་ཉིད་མཉམ་པའི་བསམ་པ་ཐོབ་པར་འགྱུར་བ་སྟེ། ཆོས་ཀྱི་སྐུ་མ་ཐོབ་ཀྱང་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པ་དེའི་

དབང་གིས་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་བདག་ཅག་གི་ཆོས་ཉིད་དོ་སྙམ་དུ་སེམས་སོ། །རྣམ་པ་གཞན་དུ་ན་འཁོར་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་དང་། མི་མཐུན་པ་ཡོད་པས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཡིན་ཏེ། དེས་ན་

ཆོས་ཉིད་མཉམ་པའི་བསམ་པ་བརྙེས་པའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྤྲུལ་པའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཉན་ཐོས་ཀྱི་ཐེག་པ་པ་ལ་སོགས་པར་སྤྲུལ་པ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ངས་མངོན་པར་དྲན་ཏེ། ལན་བརྒྱ་ཕྲག་

གྲངས་མེད་པར་ཉན་ཐོས་ཀྱི་ཐེག་པའི་མྱ་ངན་ལས་འདས་པའི་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་པ་ལྟ་བུ་སྟེ། དགོངས་པ་དེའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་སོ། །འདི་ལྟར་ཉན་ཐོས་ཀྱི་ཐེག་པས་འདུལ་བའི་སེམས་ཅན་དག་དེ་ལྟ་བུ་མཐོང་བའི་དབང་གིས་མྱ་ངན་ལས་

འདས་པ་ཐོབ་པར་འགྱུར་བའི་ཕྱིར་སྤྲུལ་པ་འདི་བསྟན་པ་ཡིན་ནོ་ཞེས་བྱ་བའོ། །མཐར་ཕྱིན་ཕྱིར་ཞེས་བྱ་བ་ནི་ཐེག་པ་འདི་གཅིག་ཁོ་ན་མཐར་ཕྱིན་ཅིང་མཆོག་ཏུ་གྱུར་པ་སྟེ་གོང་ན་གཞན་ཐེག་པ་མཆོག་ཏུ་གྱུར་པ་མེད་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པའི་ཐེག་པ་ནི་ཁྱད་པར་ཅན་དང་།

བཅས་པ་སྟེ་སངས་རྒྱས་ཀྱི་ཐེག་པའོ། །དགོངས་པ་དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་གཅིག་ཏུ་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ་། །སེམས་ཅན་གྱི་ཁམས་ཐམས་ཅད་ན་སེམས་ཅན་གྱི་རིགས་རྣམ་པ་སྣ་ཚོགས་དབང་པོ་རྟུལ་པོ་ཉིད། དབང་པོ་འབྲིང་ཉིད་དང་།

เล่ม ๑๑๙ · หน้า 20a

དབང་པོ་རྣོན་པོ་ཉིད་ཀྱི་བྱེ་བྲག་ཀྱང་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གསུམ་པ་ཡང་དག་པའི་དོན་དུ་ཐེག་པ་གསུམ་པོ་དག་ལ་བྱེ་བྲག་ཡོད་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། གཅིག་པ་ཉིད་མ་ཡིན་པར་མངོན་པར་བསྟན་པ་དང་། དབང་པོའི་

དབང་དུ་མཛད་ནས་རྣམ་པ་གསུམ་དུ་དབྱེ་བའོ། །དེ་ལ་གཅིག་པ་ཉིད་མ་ཡིན་ཞེས་བྱ་བ་ནི་འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ནི་རིགས་རྣམ་པ་ལྔའི་བྱེ་བྲག་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རིགས་རྣམ་པ་ལྔ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐེག་པ་གསུམ་དང་། མ་ངེས་པ་

དང་། རིགས་མེད་པའོ། །རིགས་མེད་པ་ཞེས་བྱ་བ་ནི་གང་གི་ལུས་ལ་ཐེག་པ་རྣམ་པ་གསུམ་གྱི་མྱ་ངན་ལས་འདའ་བའི་རིགས་མེད་པ་གང་ཡིན་པའོ། །དེ་ལ་རིགས་ཡོད་པ་ཡང་རྣམ་པ་བཞིའོ། །དང་པོ་ཉན་ཐོས་ཀྱི་རིགས་ཅན་ནི་འདི་ལྟ་སྟེ། གང་གི་ལུས་ལ་ཉན་ཐོས་ཀྱི་མྱ་ངན་ལས་

འདས་པའི་རིགས་ཁོ་ན་ཡོད་པ་གང་ཡིན་པའོ། །གཉིས་པ་ནི་རང་སངས་རྒྱས་ཀྱི་རིགས་ཀྱི་རིགས་ཅན་དང་། གསུམ་པ་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམ་པ་གཉིས་ནི་ཉན་ཐོས་ཀྱི་རིགས་ཅན་བཞིན་དུ་རིག་པར་བྱའོ། །བཞི་པ་མ་ངེས་པའི་རིགས་ཅན་ནི་འདི་ལྟ་སྟེ། གང་གི་ལུས་ལ་

ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའི་རིགས་དང་ལྡན་པས་སེམས་ཡོངས་སུ་བསྒྱུར་ནས་ངེས་པར་བླ་ན་མེད་པའི་བྱང་ཆུབ་ལ་གཞོལ་བར་འགྱུར་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་དང་ཐབས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་རོ། །རིགས་དེ་

ཡང་རྣམ་པ་གཉིས་ཏེ། ངོ་བོ་ཉིད་ཀྱི་རིགས་དང་། བསྟེན་པའི་རིགས་སོ། །རིགས་འདི་བཤད་པ་ཡང་རྒྱ་གར་ཡུལ་པའི་སློབ་དཔོན་རྣམས་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་གཟོད་མ་ནས་ཡོད་པ་ཡིན་གྱི་གསར་དུ་ཐོབ་པ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །སློབ་དཔོན་ཟླ་བ་སྐྱོང་ལྟ་བུའོ། །

དེས་ཆོས་ཉིད་ཀྱི་ས་བོན་ཁོ་ན་ཡོད་ཀྱི་གསར་དུ་ཐོབ་པ་མ་ཡིན་ནོ་ཞེའོ།། །།བམ་པོ་ཉི་ཤུ་བརྒྱད་པ། རིགས་ཀྱི་བུ་ཞི་བ་ལ་གཅིག་ཏུ་བགྲོད་པའི་ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་ནི་སངས་རྒྱས་རྣམས་ཀྱིས་བརྩོན་པ་དང་། སྦྱོར་བའི་ཐབས་རྣམ་པ་སྣ་ཚོགས་ཀྱིས་གདུལ་བར་མཛད་

เล่ม ๑๑๙ · หน้า 20b

ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱར་མི་ནུས་སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞི་བ་ལ་ཕྱོགས་པའི་ཉན་ཐོས་ངེས་པར་མངོན་པར་རྫོགས་པར་འཚང་མི་རྒྱ་བར་བསྟན་པའོ། །འདི་ཡང་རྣམ་པ་བཞིས་བསྟན་ཏེ། མདོར་བསྟན་པ་

དང་། བརྟག་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཞི་བ་ལ་ཕྱོགས་པ་དེ་དག་རིགས་ངེས་པ་ཡིན་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་གདུལ་བར་མཛད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་

གཉིས་པ་བསྟན་པའོ། །འདི་ལྟར་དེ་དག་རང་བཞིན་གྱིས་དམན་པའི་རིགས་ཁོ་ན་དང་ལྡན་པའི་ཕྱིར་དང་། བྱམས་པ་དང་། སྙིང་རྗེ་ཤིན་ཏུ་ཆུང་བའི་ཕྱིར་དང་། སྡུག་བསྔལ་སྣ་ཚོགས་ཀྱིས་ཤིན་ཏུ་འཇིགས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་རྣམ་པར་བཤད་པ་སྟོན་ཏོ། །

འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། རྒྱུ་རྣམ་པ་གསུམ་སྤྱིར་བསྟན་པ་དང་། སྔ་མའི་རྒྱུ་གཉིས་སྨོས་ནས་སྐྱོན་རྣམ་པ་གཉིས་རབ་ཏུ་བསྟན་པ་དང་། སྐྱོན་སྔ་མ་གཉིས་སྨོས་ནས་སངས་རྒྱས་སུ་མི་འགྲུབ་པར་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་རིགས་ངེས་པའི་ཐེག་པ་གཉིས་

པོའི་རིགས་ཅན་དག་རང་བཞིན་གྱིས་དམན་པའི་རིགས་ཡིན་པའི་ཕྱིར་འདི་ནི་སྤྱིའི་རྒྱུའོ། །བྱམས་པ་དང་། སྙིང་རྗེ་ཤིན་ཏུ་ཆུང་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྒྲིབ་པའོ། །སྡུག་བསྔལ་སྣ་ཚོགས་ཀྱིས་ཤིན་ཏུ་འཇིགས་པའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་ཀྱི་སྒྲིབ་པ་སྟེ། དེའི་ཕྱིར་བླ་ན་མེད་པ་

པའི་གནས་བསྟན་པའི་མདོ་ལས། སྒྲིབ་པ་ནི་རྣམ་པ་བཞི་ཡོད་དེ། ཐེག་པ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་འདོད་ཆེན་པའི་སྒྲིབ་པའོ། །བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པ་ནི་མུ་སྟེགས་ཅན་རྣམས་ཀྱི་སྒྲིབ་པའོ། །ཤིན་ཏུ་སྐྱོ་ཞིང་འཇིགས་པ་དང་། ངལ་བ་ནི་ཉན་ཐོས་ཀྱི་སྒྲིབ་པའོ། །གཞན་

ལ་ཕན་འདོགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་རང་སངས་རྒྱས་ཀྱི་སྒྲིབ་པའོ་ཞེས་གསུངས་པས། དེའི་ཕྱིར་ཕྱི་མ་གཉིས་ནི་ཐེག་པ་པ་གཉིས་ཀྱི་སྒྲིབ་པ་ཡིན་པར་མངོན་ནོ། །ཡང་དག་པའི་དོན་དུ་ན་ཐེག་པ་གཉིས་ཀྱང་སྒྲིབ་པ་གཉིས་གཉིས་དང་ལྡན་མོད་ཀྱི། བླ་ན་མེད་པའི་གནས་བསྟན་པའི་མདོ་

เล่ม ๑๑๙ · หน้า 21a

ལས་རེ་ཞིག་མཚན་ཉིད་ཀྱི་དབང་དུ་མཛད་ནས་སོ་སོའི་སྒྲིབ་པ་རེ་རེ་ཞིག་བསྟན་པ་ཡིན་ནོ། །བྱམས་པ་དང་སྙིང་རྗེ་ཤིན་ཏུ་ཆུང་བས་སེམས་ཅན་རྣམས་ལ་ཕན་འདོགས་པའི་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ། །དེ་སྡུག་བསྔལ་སྣ་ཚོགས་ལ་ཤིན་ཏུ་འཇིགས་པས་དེའི་ཕྱིར་

འདུ་བྱེད་མངོན་པར་འདུ་བྱ་བ་རྣམས་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་ཏེ་ཞེས་བྱ་བ་ནི་གཉིས་པ་སྐྱོན་རྣམ་པ་གཉིས་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །ང་ནི་ནམས་ཀྱང་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང་། འདུ་བྱེད་མངོན་པར་འདུ་བྱ་བ་རྣམས་

ལ་ཤིན་ཏུ་མི་ཕྱོགས་པ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་མི་སྟོན་པས་ཞེས་བྱ་བ་ནི་གསུམ་པ་སངས་རྒྱས་སུ་མི་འགྲུབ་པར་བསྟན་པ་སྟེ། འདི་ལྟར་སྐྱོན་རྣམ་པ་གཉིས་ཀྱི་ཕྱིར། ནམས་ཀྱང་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་མི་གསུང་བའོ། །དེའི་ཕྱིར་དེ་དག་ཞི་བ་ལ་གཅིག་ཏུ་བགྲོད་པའི་ཉན་ཐོས་ཞེས་བྱའོ་ཞེས་བསྟན་ཏོ་ཞེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་སྟེ་བརྡ་ཕྲད་པར་ཟད་དོ། །ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་གང་ཟག་

གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཡོངས་སུ་འགྱུར་བའི་ཉན་ཐོས་ངེས་པར་སངས་རྒྱས་སུ་འགྲུབ་པར་སྟོན་ཏོ། །འདི་ཡང་རྣམ་པ་བཞིས་བསྟན་ཏེ། མདོར་བསྟན་པ་དང་། བརྟག་པ་དང་། རྣམ་པར་བཤད་པ་

དང་། མཇུག་བསྡུ་བའོ། །འདིའི་མདོ་ནི་མདོར་བསྟན་པ་སྟེ། འདི་ལྟར་ཡོངས་སུ་འགྱུར་བའི་ཉན་ཐོས་ཞེས་བྱ་བ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པའི་རིགས་རྣམ་པ་ལྔ་ལས། མ་ངེས་པའི་རིགས་ཅན་ཉིད་དོ། །ཡང་ན་རིམ་གྱིས་འཇུག་པ་དང་ཅིག་ཅར་འཇུག་པའི་

བྱང་ཆུབ་སེམས་དཔའ་རྣམ་པ་གཉིས་ལས་རིམ་གྱིས་གོ་བ་བཟུང་བ་སྟེ། དེ་དག་ངེས་པར་སངས་རྒྱས་སུ་འགྲུབ་པར་འགྱུར་བའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང་། ཁྱེད་ལ་སོགས་པས་སྤྱོད་པ་འདི་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ནོ་ཞེས་གསུངས་ཏེ།

เล่ม ๑๑๙ · หน้า 21b

དེ་ཡང་འདིར་བསྟན་པའི་མ་ངེས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་མདོ་སྡེའི་རྒྱན་ལས། མ་ངེས་པའི་སྒྲིབ་པའི་གཉེན་པོར་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་རྣམས་ཀྱིས་ཉན་ཐོས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པ་དང་། ཐེག་པ་གཅིག་ཁོ་ན་སྟེ། །

གཉིས་པ་གཞན་མེད་དོ་ཞེས་གསུངས་པ་ཡིན་ནོ་ཞེས་བཤད་དེ། བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གཉིས་པ་བརྟག་པའོ། །དེ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་གལ་ཏེ་སངས་རྒྱས་ལ་སོགས་པས་

བསྐུལ་ན་ཤེས་བྱའི་སྒྲིབ་པ་ལས་དེའི་སེམས་རྣམ་པར་གྲོལ་བ་ཡང་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་གསུམ་པ་རྣམ་པར་བཤད་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པས་ཤེས་བྱའི་སྒྲིབ་པ་སྤངས་ནས་རིམ་གྱིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་

བས། རིགས་པ་དེས་ན་ངེས་པར་སངས་རྒྱས་སུ་འགྲུབ་པར་འགྱུར་བའོ། །འདི་ལྟར་དེ་དང་པོར་བདག་གི་དོན་ལ་སྦྱོར་བའི་རྣམ་པས་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་དེའི་ཕྱིར་དེ་བཞིན་གཤེགས་པས་དེ་ཉན་ཐོས་ཀྱི་རིགས་སུ་དགོངས་པའོ་ཞེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་

སྟེ། ཉན་ཐོས་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ལས་ནི་རྣམ་པ་གཉིས་སོ་ཞེས་བཤད་དེ། འདི་ལྟ་སྟེ། ཞི་བ་ལ་ཕྱོགས་པ་དང་། ཡོངས་སུ་འགྱུར་བའི་ཉན་ཐོས་མདོ་འདི་ཉིད་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་གསུངས་པ་ལྟ་

བུའོ། །ཁ་ཅིག་ལས་ནི་རྣམ་པ་གསུམ་མོ་ཞེས་བཤད་དོ། འདི་ལྟ་སྟེ། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། ཞི་བའི་ཉན་ཐོས་དང་། མངོན་པའི་ང་རྒྱལ་ཅན་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་མིང་ཁོ་ནས་བཀོད་ནས་རྣམ་པར་བཤད་པ་ལྟ་བུའོ། །གཞན་ཡང་རྣམ་པ་གསུམ་

པོ་འདི་ལྟ་སྟེ། སྤྲུལ་པ་དང་། སྨོན་ལམ་དང་། ཆོས་ཉིད་ཀྱི་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བཤད་པ་ལྟ་བུའོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། གཞན་ཡང་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་རྣམ་པར་གཞག་ཅེ་ན། སྨྲས་པ། རྒྱུ་རྣམ་པ་གསུམ་གྱིས་ཏེ། སྤྲུལ་པའི་ཕྱིར་

เล่ม ๑๑๙ · หน้า 22a

དང་། སྨོན་ལམ་གྱི་ཕྱིར་དང་། ཆོས་ཉིད་ཀྱི་ཕྱིར་རོ། །དེ་ལ་སྤྲུལ་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། འདུལ་བའི་དབང་གིས་དེ་བཞིན་གཤེགས་པས་དེ་དང་དེར་ཉན་ཐོས་སྤྲུལ་པར་མཛད་པ་གང་ཡིན་པའོ། །སྨོན་ལམ་གྱི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། གང་

ཟག་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་དག་ཉན་ཐོས་ཞེས་བྱ་བར་རྣམ་པར་འཇོག་པར་མཛད་པ་གང་ཡིན་པའོ། །ཆོས་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། གང་ཟག་གང་རང་བཞིན་གྱིས་སྙིང་རྗེ་ཆུང་བ་དང་། སྡུག་བསྔལ་རྣམས་ཀྱིས་འཇིགས་པའི་རྒྱུ་དེ་གཉིས་ཀྱིས་གཞན་གྱི་

དོན་ཀྱང་མི་འདོད་པ། གཞན་དག་གི་དོན་དུ་འཁོར་བ་ཡང་མི་འདོད་པས་ཆོས་ཉིད་དེ་ལ་གནས་པའི་ཕྱིར་ཉན་ཐོས་སུ་འདོགས་པར་མཛད་པའོ། གཞན་ཡང་ཆོས་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་ཏེ། འདི་ལྟར་རྣམ་པར་གཞག་པའི་བདེན་པ་དག་ལ་སྐྲག་པའི་རྣམ་པས་

ཤས་ཆེར་འཇུག་པ་དེས་ན་ཡོངས་སུ་རྫོགས་པ་ཐོབ་པར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་ཇི་ལྟ་བ་དེ་བཞིན་དུ་རང་སངས་རྒྱས་ཀྱང་དེ་བཞིན་ཏེ། དེ་ནི་སངས་རྒྱས་རྣམས་འབྱུང་བ་མེད་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བས་ཁྱད་པར་དུ་འཕགས་པ་ཡིན་ནོ། །བྱང་ཆུབ་སེམས་

དཔའ་ནི་དེ་ལས་བཟློག་པའི་རྒྱུ་རྣམ་པ་གསུམ་ཁོ་ནས་བལྟ་བར་བྱའོ་ཞེས་བསྟན་ཏོ། །ཁ་ཅིག་ལས་ནི་རྣམ་པ་བཞི་པ་ངེས་པ་དང་། མངོན་པའི་ང་རྒྱལ་ཅན་དང་། བྱང་ཆུབ་ལས་ཕྱིར་ལྡོག་པ་དང་། སྤྲུལ་པའོ་ཞེས་སྟོན་ཏེ། དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ལས། མིང་བཀོད་ནས་རྣམ་

པར་མ་བཤད་པ་ལྟ་བུའོ། །ཡང་ཁ་ཅིག་རྣམ་པ་བཞི་པོ་སྟོན་པ་ནི་སྤྲུལ་པ་དང་། མངོན་པའི་ང་རྒྱལ་ཅན་དང་། བྱང་ཆུབ་ཡོངས་སུ་འགྱུར་བ་དང་། ཞི་བ་ལ་གཅིག་ཏུ་ཕྱོགས་པའོ་ཞེས་སྟོན་ཏེ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། ཉན་ཐོས་རྣམ་པ་བཞི་གང་ཞེ་ན།

སྤྲུལ་པའི་ཉན་ཐོས་དང་། མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་དང་། བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་ཐོས་དང་། ཞི་བ་བགྲོད་པ་གཅིག་པའི་ཉན་ཐོས་སོ། །དེ་ལ་སྤྲུལ་པའི་ཉན་ཐོས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་འདུལ་བའི་ཕྱིར་སྤྲུལ་པ་གང་ཡིན་པའོ། །དེ་ལས་མངོན་པའི་ང་རྒྱལ་

เล่ม ๑๑๙ · หน้า 22b

ཅན་གྱི་ཉན་ཐོས་ནི་གང་ཟག་ལ་བདག་མེད་ཙམ་གྱི་ཤེས་པ་དང་། ཆོས་བདག་མེད་པ་ལ་ལོག་པར་མངོན་པར་ཞེན་པའི་ཤེས་པས་དག་པར་རྟོག་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་ཐོས་ནི་དང་པོ་ཉིད་ནས་སྙིང་རྗེ་ཤིན་ཏུ་ཆུང་བའི་རིགས་ཅན་དུ་གྱུར་པ་ལས་དེ་བཞིན་

གཤེགས་པ་དང་ཉེ་བར་གནས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་ཡོན་ཏན་དུ་འདུ་ཤེས་པ་ཡོངས་སུ་བསྒོམས་པའི་རྒྱུད་ཅན་དུ་གྱུར་པས། དེ་མཐར་ཐུག་པར་གྱུར་ཅིང་། ཟག་པ་མེད་པའི་དབྱིངས་ལ་གནས་ཀྱང་། སངས་རྒྱས་རྣམས་ཀྱིས་ཡང་དག་པར་བསྐུལ་བར་མཛད།

འཇུག་པར་མཛད་ཅིང་ཐབས་ཉེ་བར་སྟོན་པར་མཛད་དེ། དེ་རྒྱུ་དེས་ན་བྱང་ཆུབ་ཆེན་པོ་ལ་མངོན་པར་གཞོལ་བར་བྱེད་པ་གང་ཡིན་པའོ། །དེ་དེ་ལྟར་བྱང་ཆུབ་ཆེན་པོ་ལ་མངོན་པར་གཞོལ་བར་བྱེད་མོད་ཀྱི། ཞི་བ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་དེ་སྦྱོར་བ་དེ་ལ་རྟོགས་པ་ཤིན་ཏུ་བུལ་བར་

འགྱུར་ཏེ། སངས་རྒྱས་ཀྱི་རིགས་ཅན་དང་པོ་སེམས་བསྐྱེད་པ་ནི་དེ་ལྟ་བུར་མི་འགྱུར་རོ། །དེ་ལ་ཞི་བའི་བགྲོད་པ་གཅིག་པའི་ཉན་ཐོས་ནི་དང་པོ་ཉིད་ནས་སྙིང་རྗེ་ཤིན་ཏུ་ཆུང་བའི་རིགས་ཅན་ཡིན་པའི་ཕྱིར་དང་། གཅིག་ཏུ་སེམས་ཅན་གྱི་དོན་ལ་མི་ཕྱོགས་པའི་ཕྱིར་དང་སྡུག་བསྔལ་གྱིས་འཇིགས་

པའི་ཕྱིར་མྱ་ངན་ལས་འདས་པ་ལ་གནས་པའི་བསམ་པ་ཅན་ཁོ་ནར་འགྱུར་ཞིང་། བྱང་ཆུབ་ཆེན་པོ་མངོན་པར་བསྒྲུབ་པའི་སྐལ་བ་མེད་པ་གང་ཡིན་པའོ་ཞེས་བསྟན་པ་ལྟ་བུའོ། །ཡང་ཁ་ཅིག་རྣམ་པ་བཞིའོ་ཞེས་བསྟན་པ་ནི་འདི་ལྟ་སྟེ། སྤྲུལ་པའི་ཉན་ཐོས་དང་། མངོན་པའི་ང་རྒྱལ་ཅན་གྱི་

ཉན་ཐོས་དང་། བྱང་ཆུབ་ཏུ་སྨོན་ལམ་བཏབ་པའི་ཉན་ཐོས་དང་། འགོག་པའི་ཏིང་ངེ་འཛིན་གྱི་ཉན་ཐོས་སོ་ཞེས་སྟོན་ཏེ། འཕགས་པ་དཀོན་མཆོག་བརྩེགས་པའི་འགྲེལ་པ་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ། །དེ་ལས་འབྱུང་བ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་རྣམ་པ་

བཞི་བསྟན་པ་ཉིད་ཡིན་ཏེ། མིང་ཐ་དད་ཀྱང་དོན་གཅིག་པའི་ཕྱིར་འདིར་མ་བསྟན་ཏེ། ཅིའི་ཕྱིར་བསྟན་པ་རྣམས་ལས་གྲངས་མང་ཉུང་མི་མཐུན་པར་གྱུར་ཞེ་ན། ཡང་དག་པའི་དོན་དུ་ན་རྣམ་པ་བཞི་ཁོ་ན་སྟེ། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་བསྟན་པ་ཁོ་ན་བཞིན་ནོ། །དེ་ལ་བྱེ་བྲག་ཡོད་པ་

เล่ม ๑๑๙ · หน้า 23a

ཡང་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་བཞི་ཞེས་བསྟན་པ་ནི་ཉན་ཐོས་ཐམས་ཅད་བསྡུས་པ་ཡིན་ནོ། །དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ལས། བྱང་ཆུབ་ལས་ཕྱིར་ལྡོག་པ་ཞེས་འབྱུང་བ་ནི་དང་པོ་ཉིད་ནས་ལྡོག་པར་མ་གྱུར་པ་མ་བསྡུས་པས་དེའི་ཕྱིར་འདིར་

འཕགས་པ་དཀོན་མཆོག་བརྩེགས་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་ནི་མཆོག་ཏུ་བཟང་ངོ་། །ཡང་ན་དམ་པའི་ཆོས་པདྨ་དཀར་པོའི་མདོའི་འགྲེལ་པ་ལས། བྱང་ཆུབ་ལས་ཕྱིར་ལྡོག་པ་ཞེས་བསྟན་པ་ནི་བྱེ་བྲག་སྨོས་ནས་སྤྱི་རབ་ཏུ་བསྟན་པ་ཡིན་ཏེ། ཡོངས་སུ་འགྱུར་བའི་ཕྱོགས་གཅིག་

པ་ཡིན་པའི་ཕྱིར་ཇི་ལྟར་སེམས་པས་འདུ་བྱེད་ཀྱི་ཕུང་པོ་བསྡུས་པ་ལྟ་བུའོ། །འཕགས་པ་ལང་ཀར་གཤེགས་པ་ལས་གསུམ་ཞེས་གསུངས་ཤིང་། སྤྲུལ་པ་བཀོལ་བ་ནི་ཡང་དག་པའི་ཉན་ཐོས་མ་ཡིན་པའི་ཕྱིར་མདོར་བསྡུས་ནས་མ་བསྟན་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་ས་ལས་སྤྲུལ་

པ་ཞེས་འབྱུང་བ་ནི་བསྟན་བཅོས་རྣམས་ལས་སྤྲུལ་པའི་ཉན་ཐོས་ཞེས་བསྟན་པ་ཉིད་དོ། །ཆོས་ཉིད་ཀྱི་འབྱུང་བ་ནི་ངེས་པའི་ཉན་ཐོས་ཞེས་བསྟན་པ་ཉིད་དོ། །སྨོན་ལམ་བཏབ་པ་ཞེས་འབྱུང་བ་ནི་ཡོངས་སུ་འགྱུར་བའི་ཉན་ཐོས་བསྟན་པ་ཉིད་དེ། སྔར་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པའི་འོག་

ཏུ་ཕྱིས་སྨོན་ལམ་ཆེན་པོ་བཏབ་པ་ནི་སྨོན་ལམ་བཏབ་པ་ཞེས་ཀྱང་བྱ། ཡོངས་སུ་འགྱུར་བ་ཞེས་ཀྱང་བྱའོ། །གང་གིས་བྱང་ཆུབ་ཆེན་པོ་ལ་གཞོལ་བའི་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་བསྡུས་པས་ཉན་ཐོས་ཞེས་མི་བྱའོ། །མངོན་པའི་ང་རྒྱལ་ཅན་གང་ཡིན་པ་

དེ་ནི་སྨོན་ལམ་གྱིས་བསྡུས་པ་འམ། ཡང་ན་སྨོན་ལམ་དང་། ཆོས་ཉིད་གཉིས་ཀྱིས་བསྡུས་པའི་ཕྱིར་དེ་ལས་མ་བསྟན་ཏོ། །མདོ་འདི་ཉིད་ལས་སྤྲུལ་པ་དང་མངོན་པའི་ང་རྒྱལ་ཅན་མ་བསྟན་པ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །གཞན་ཡང་དོན་དམ་ཡང་དག་འཕགས་འདི་ལྟར་ངས་ལེགས་

པར་གསུངས་པ། ལེགས་པར་བཅས་པའི་ཆོས་འདུལ་བ་ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ། ལེགས་པར་བསྟན་པའི་ཆོས་ལ་ནི་སེམས་ཅན་རྣམས་ཀྱི་མོས་པ་རྣམ་པ་སྣ་ཚོགས་ཀྱི་རིམ་པ་ཡང་སྣང་སྟེ་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་ངོ་བོ་ཉིད་མེད་པར་སྟོན་པའི་

เล่ม ๑๑๙ · หน้า 23b

བསྟན་པ་ལས་བརྩམས་ནས། མོས་པ་མི་མཐུན་པར་གྱུར་པ་རྣམ་པར་འབྱེད་དོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། བསྟན་པ་ལ་བརྟེན་ནས་མོས་པ་ཐ་དད་པར་གྱུར་པ་མདོར་བསྟན་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་བསྟན་པ་ལ་བརྟེན་ནས་མོས་པ་ཐ་དད་པར་གྱུར་པ་རྒྱ་ཆེར་རྣམ་

པར་འབྱེད་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་བསྟན་པ་ལ་བརྟེན་ནས་མོས་པ་ཐ་དད་པར་གྱུར་པ་བཤད་པ་སྤྱིའི་མཇུག་བསྡུ་བ་བསྟན་པ་སྟེ་འདི་ནི་དང་པོའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་ལེགས་པར་གསུངས་པ་ཞེས་བྱ་བ་ནི་སྡེ་སྣོད་རྣམ་པ་

གསུམ་ལས་མདོ་སྡེའི་སྡེ་སྣོད་དོ། །ལེགས་པར་བཅས་པའི་ཆོས་ཞེས་བྱ་བ་ནི་ཆོས་མངོན་པའི་སྡེ་སྣོད་དོ། །འདུལ་བ་ཞེས་བྱ་བ་ནི་འདུལ་བའི་སྡེ་སྣོད་ཉིད་དོ་ཞེའོ། །ཁ་ཅིག་ན་རེ་ལེགས་པར་གསུངས་པ་ཞེས་བྱ་བ་ནི་རྣམ་པ་གསུམ་ལས་མོད་སྡེའི་སྡེ་སྣོད་དང་། ཆོས་མངོན་པའི་སྡེ་སྣོད་དོ། །ལེགས་

པར་བཅས་པའི་ཆོས་འདུལ་བ་ཞེས་བྱ་བ་ནི་འདུལ་བའི་སྡེ་སྣོད་དོ་ཞེའོ། །ཁ་ཅིག་ན་རེ་ལེགས་པར་གསུངས་པ་ལེགས་པར་བཅས་པ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་སྤྱིར་སྨོས་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཆོས་ལེགས་པར་གསུངས་ཤིང་ལེགས་པར་བཅས་པའི་ཕྱིར་རོ། །འདུལ་བ་ཞེས་བྱ་བ་ནི་

སྡེ་སྣོད་གསུམ་ཆར་ལ་ཡང་སྡིག་པ་འདུལ་བའི་ནུས་པ་ཡོད་པས་འདུལ་བ་ཞེས་བྱའོ། །འགོག་པ་ཞེས་ཀྱང་བྱ་སྟེ། སྡེ་སྣོད་གསུམ་ཆར་ལ་ཡང་སྡིག་པ་འགོག་པའི་དོན་ཡོད་པའི་ཕྱིར་རོ་ཞེའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་། ཡང་ན་དགེ་

བ་ཐམས་ཅད་ཀྱིས་སྡིག་པ་རྣམས་འགོག་པར་ནུས་པས་ན་འདུལ་བ་ཞེས་བྱའོ་ཞེས་བཤད་དོ། །ལེགས་པར་གསུངས་པས་ལེགས་པར་བཅས་པ་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རིགས་པས་བསྡུས་པའི་ཕྱིར་དང་། ཡོན་ཏན་ཁྱད་པར་ཅན་ཡོངས་སུ་འཛིན་པའི་ཕྱིར་

དང་། ཚིག་དང་དོན་ཟུར་ཕྱིན་པ་སྟེ། ཚིག་འབྲུ་ཡོངས་སུ་རྫོགས་པའི་ཕྱིར་ལེགས་པར་གསུངས་པ་ཞེས་བྱའོ། །བསླབ་པའི་གནས་ཐམས་ཅད་འཆའ་བར་མཛད་པའི་ཕྱིར་ལེགས་པར་བཅས་པ་ཞེས་བྱའོ་ཞེས་བཤད་དོ། །ཆོས་འདུལ་བ་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས།

เล่ม ๑๑๙ · หน้า 24a

འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ཡང་དག་པའི་རིགས་པ་ཁོང་དུ་ཆུད་པའི་ཕྱིར་ཆོས་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་འགོག་པའི་ཕྱིར་འདུལ་བ་ཞེས་བྱའོ། །ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ་ཞེས་བྱ་བས་ནི་ཆོས་སྟོན་པར་ནུས་པའི་བསམ་པ་བསྟན་

ཏེ། ཆོས་སྟོན་པའི་བསམ་པ་དེ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤད་པ་དང་སྦྱར་ན་ཆོས་སྟོན་པ་ནི་རྣམ་པ་གཉིས་ཡོད་དེ། དང་པོ་འཁོར་བ་དང་བཅས་པའི་གང་ཟག་གིས་ཆོས་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་ངེས་པར་རྟོག་པ་དང་དཔྱོད་པ་ལ་གནས་

ནས་སོ། །གཉིས་པ་ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔས་ཆོས་སྟོན་པ་གང་ཡིན་པ་དེ་ནི་རྟོག་པ་དང་དཔྱོད་པ་ལ་མི་གནས་པར་སྟོན་ཏོ་ཞེས་བསྟན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གཞན་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་རྟག་པར་བསམ་གཏན་དང་ཏིང་ངེ་འཛིན་ལ་

ཞུགས་ལ་ཞུགས་ནས་སེམས་བསྡུས་ཏེ། མི་གཡོ་བས་རྟོག་པ་དང་དཔྱོད་པ་མི་འབྱུང་ཡང་། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་སྒྲ་སྐད་ཚད་མེད་པས་ཆོས་སྟོན་ཅིང་ཡོངས་སུ་གྲོལ་བར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །མདོ་དག་ལས་སྔར་རྟོག་པ་

དང་དཔྱོད་པས་བསམས་ནས་དེའི་འོག་ཏུ་གདོད་ཆོས་འཆད་པར་བྱེད་དོ་ཞེས་གསུངས་པ་དང་སྦྱར་ན་བསམ་གཏན་དང་ཏིང་ངེ་འཛིན་ལ་ཞུགས་པའི་ཚེ། ངག་གི་རྟོག་པ་དང་དཔྱོད་པ་མེད་པས་ཆོས་སྟོན་པར་འགྱུར་བའི་མི་རིགས་ན། ཅིའི་ཕྱིར་ཁྱོད་བསམ་གཏན་དང་ཏིང་ངེ་འཛིན་ལ་གནས་པ་

རྟོག་པ་དང་དཔྱོད་པ་མི་འབྱུང་བར་ཡང་སེམས་ཅན་ལ་ཆོས་སྟོན་པར་བྱེད་ཅེས་བསྟན། སྨྲས་པ། གང་འཁོར་བ་དང་བཅས་པའི་གང་ཟག་དེ་དག་ནི་ཏིང་ངེ་འཛིན་ལ་ཞུགས་པའི་ཚེ། སྔར་ངག་གི་རྟོག་པ་དང་དཔྱོད་པ་ལ་གནས་ནས། དེའི་འོག་ཏུ་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་སྐུའི་བྱང་ཆུབ་

སེམས་དཔའ་ནི་སྐྱེ་ཤིའི་ལུས་དང་བྲལ་ཏེ། ཆོས་ཐམས་ཅད་རྟག་ཏུ་གནས་ཤིང་ཏིང་ངེ་འཛིན་གྱི་མཚན་ཉིད་ལྟ་བུར་ཁོང་དུ་ཆུད་པས་རྣམ་པར་གཡེང་བའི་ཆོས་ཀྱང་མི་གསལ་ལ་ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔའ་སྤྲུལ་པ་ཚད་མེད་པས་སེམས་ཅན་ལ་ཆོས་ཀྱང་སྟོན་ཡང་སེམས་ལ་རྣམ་པར་

เล่ม ๑๑๙ · หน้า 24b

རྟོག་པ་མེད་དེ། །ཇི་ལྟར་ལྷ་མ་ཡིན་གྱི་པི་ཝང་རྟག་པར་རང་ཉིད་ལས་སྒྲ་བྱུང་ཞིང་། གཞན་གྱིས་རིག་པ་མེད་པར་ཡིད་བཞིན་དུ་གྱུར་པ་ཡང་རྣམ་པར་གཡེང་བ་མེད་པའི་སེམས་དང་། ཡོངས་སུ་འཛིན་པ་མེད་པའི་སེམས་དང་། བསོད་ནམས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཕྱིར་ཡིད་བཞིན་དུ་སྒྲ་འབྱུང་

བ་ལྟར་ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་རྣམ་པར་རྟོག་པ་མེད་པ་དང་། རྣམ་པར་གཡེང་བ་མེད་པའི་སེམས་ལ་ཆོས་བཤད་པའི་མཚན་ཉིད་མེད་པར་ཡང་བསོད་ནམས་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་ཚད་མེད་པས་རྒྱུ་དང་རྐྱེན་བྱས་པའི་ཕྱིར་ཆོས་ཀྱི་

སྐུའི་བྱང་ཆུབ་སེམས་དཔའ་དེ་ལས་ཆོས་ཀྱི་སྒྲ་སྐད་རྣམ་པ་སྣ་ཚོགས་མོས་པ་ཇི་ལྟ་བ་བཞིན་དུ་འབྱུང་ངོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྟོག་པ་དང་དཔྱོད་པ་མི་མངའ་བར་ཆོས་སྟོན་པའི་ནང་ན་དེ་བཞིན་གཤེགས་པ་མཆོག་ཏུ་གྱུར་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པའི་བསམ་

པས་བཤད་པ་ཞེས་གསུངས་སོ་ཞེའོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བཤད་པ་དང་སྦྱར་ན་ནི་ས་བརྒྱད་པ་ཡན་ཆད་ལ་རྟོག་པ་དང་དཔྱོད་པ་མེད་པར་ཡང་ཆོས་སྟོན་ཏོ་ཞེས་བཤད་དེ། དེ་ལ་རྟོག་པ་དང་དཔྱོད་པ་ནི་ཟག་པ་དང་བཅས་པ་ཁོ་ནའོ་ཞེས་བཤད་པའི་ཕྱིར་རྟོག་དཔྱོད་གཉིས་མེད་དེ། ཆོས་བསྟན་

པའི་ནང་ན་དེ་བཞིན་གཤགས་པ་མཆོག་ཏུ་གྱུར་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ་ཞེས་གསུངས་སོ་ཞེའོ། །སློབ་དཔོན་ཆོས་སྐྱོང་གིས་བཤད་པའི་གཞུང་དང་སྦྱར་ན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མན་ཆད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་འདུལ་བའི་ཆེད་དུ་ཆོས་སྟོན་པ་

ནི་ངེས་པར་རྟོག་པ་དང་དཔྱོད་པ་ལ་ལྟོས་དགོས་ཏེ། འདི་ལྟར་སྨན་དང་ནད་ཡོངས་སུ་ཤེས་པར་གྱུར་པའི་ཕྱིར་རིགས་པ་དེས་ན་ས་བརྒྱད་པ་ཡན་ཆད་ཟག་པ་མེད་པའི་རྟོག་པ་དང་དཔྱོད་པས་ཀྱང་ཆོས་སྟོན་པར་ནུས་སོ། །སངས་རྒྱས་ཀྱི་ས་ནི་ཡོན་ཏན་མཐར་ཐུག་པའི་ཕྱིར་རྩོལ་བ་ཡང་མི་མངའ་

བས་རྟོག་དཔྱོད་ལ་མི་ལྟོས་པར་ཆོས་སྟོན་པར་སྤྱོད་དོ་ཞེས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཡོན་ཏན་གྱི་མཐར་ཕྱིན་པ་དག་ནི་སྨན་དང་ནད་ཡོངས་སུ་མི་ཤེས་པའི་ཕྱིར་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་གཞན་དག་ལ་ཆོས་སྟོན་པས་ངེས་པར་རྟོག་པ་དང་དཔྱོད་

เล่ม ๑๑๙ · หน้า 25a

པ་ལ་ལྟོས་སོ། །སངས་རྒྱས་ཀྱི་ས་ལ་ནི་རྩོལ་བ་མི་མངའ་བར་སྟོན་ཏོ་ཞེས་བཤད་པས་དེའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་བསམ་པས་བཤད་པ་ཞེས་གསུངས་སོ་ཞེའོ། །གལ་ཏེ་ས་བཅུའི་བྱང་ཆུབ་སེམས་དཔའ་དག་རྟོག་པ་དང་དཔྱོད་པ་ལ་བརྟེན་ནས་ཆོས་སྟོན་པ་

ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བསྟན་པ་ཇི་ལྟར་ཤེས་ཤིང་རྣམ་པར་བཤད་པར་བྱ་ཞེ་ན། སྨྲས་པ། བསྟན་བཅོས་མཛད་པ་རྣམས་ཀྱི་དགོངས་པ་ཐ་དད་པས་བརྡ་སྤྲོད་ཅིང་རྣམ་པར་བཤད་པར་མི་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཇི་སྐད་

དུ། རྟོག་པ་དང་དཔྱོད་པ་གཉིས་ཀ་འབྱུང་ངོ་ཞེས་བཤད་པ་དང་། འཕགས་པ་བྱམས་པ་ལ་སོགས་པས་གཉིས་ཀ་མི་འབྱུང་ངོ་ཞེས་བསྟན་པ་འདི་ལྟ་བུ་ལ་སོགས་པའི་ཐ་དད་པ་ནི་གཅིག་ཁོ་ན་མ་ཡིན་པའི་བརྡ་སྤྲོད་ཅིང་བཤད་དུ་མི་རུང་ངོ་། །སློབ་དཔོན་ཆོས་སྐྱོང་གིས་བཤད་པའི་

གཞུང་དང་སྦྱར་ན་ནི་ས་བདུན་པ་མན་ཆད་ནི་ཐམས་ཅད་ཀྱང་རྟོག་པ་དང་དཔྱོད་པ་ལ་གནས་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པ་ཡིན་ཏེ། རྟོག་པ་དང་དཔྱོད་པ་ཡང་མེད་པས་ཆོས་བཤད་པར་ཡང་མི་འགྱུར་རོ་ཞེ་ན། སྨྲས་པ། བསམ་གཏན་བཞི་པ་ནི་རྟོག་པ་དང་དཔྱོད་

པ་མེད་ཀྱང་སྔར་ས་འོག་མའི་རྟོག་པ་དང་དཔྱོད་པ་བསྐྱེད་པའི་དབང་གིས་མཉམ་པ་ཉིད་དུ་བྱང་ཆུབ་པའི་གནས་སྐབས་སུ་ཡང་ཆོས་སྟོན་ཅིང་། འགོག་པའི་སྙོམས་པར་ཞུགས་པ་ལས་མ་ལངས་པར་ཡང་སྤྱོད་ལམ་རྣམས་སྟོན་ཏོ། །བཤད་པ་འདི་སྦྱར་ན་ལེགས་པར་བསྟན་པའི་ཆོས་ལ་ཞེས་

བྱ་བ་ནི་བཤད་པར་བྱ་བའི་བསྟན་པ་རྣམས་ལ་བྱ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། བཅོམ་ལྡན་འདས་ཀྱིས་ཆོས་ནི་རྣམ་པ་བཞིའི་སྒོ་ནས་ལེགས་པར་གསུངས་པ་ཡིན་པར་རིག་པར་བྱ་སྟེ། དང་པོ་ནི་ཞི་བ་ལ་གཞོལ་བར་བྱེད་པ་སྟེ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་

ལས་འདས་པའི་དབྱིངས་ཐོབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་མྱ་ངན་ལས་འདའ་བར་བྱེད་པ་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་འཐོབ་པར་བྱེད་པའི་ཕྱིར་རོ། །གསུམ་པ་ནི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་། བླ་ན་མེད་པ་ཡང་

เล่ม ๑๑๙ · หน้า 25b

དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །བཞི་པ་ནི་བདེ་བར་གཤེགས་པས་རྣམ་པར་ཕྱེ་ནས་བསྟན་པ་སྟེ། ཤིན་ཏུ་མཐར་ཐུག་པ་དང་མངོན་སུམ་དུ་མྱོང་བ་བླ་ན་མེད་པའི་སྟོན་པ་ཆེན་པོས་རབ་ཏུ་ཕྱེ་ནས་བསྟན་པའི་ཕྱིར་ཞེས་བསྟན་ཏེ། དོན་གོང་མ་དེ་ལྟ་བུ་དག་དང་ལྡན་པའི་ཕྱིར་

ལེགས་པར་བསྟན་པའི་ཆོས་ལ་ཞེས་གསུངས་སོ། །སེམས་ཅན་རྣམས་ཀྱི་མོས་པ་རྣམ་པ་སྣ་ཚོགས་ཀྱི་རིམ་པ་ཡང་སྣང་སྟེ་ཞེས་བྱ་བས་ནི་བསམ་པ་མི་མཐུན་པར་གྱུར་པ་ཉིད་ཡང་དག་པར་སྟོན་ཏོ། །དེ་ཡང་རྣམ་པ་བཞི་སྟེ། བསྟན་པ་དང་དོན་ཤེས་ཤིང་མངོན་པར་ཡིད་ཆེས་པ་དང་།

བསྟན་པ་ཁོ་ན་ལ་མངོན་པར་ཡིད་ཆེས་ཤིང་དོན་མི་ཤེས་པ་དང་། བསྟན་པ་ལ་མངོན་པར་ཡིད་ཆེས་ཤིང་། དོན་ལ་མངོན་པར་ཡིད་མི་ཆེས་པ་དང་བསྟན་པ་དང་དོན་གཉི་ག་ལ་མངོན་པར་ཡིད་མི་ཆེས་པ་ཡང་ཡོད་པས་དེའི་ཕྱིར་རྣམ་པ་སྣ་ཚོགས་ཞེས་གསུངས་ཏེ་ཕྱིས་འོག་ནས་སྟོན་ཏོ། །

རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་འདི་ལྟར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དག་གི་དགོངས་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བསྟན་པ་ལ་བརྟེན་ནས་མོས་པ་ཐ་དད་པར་གྱུར་པ་རྒྱ་ཆེར་རྣམ་པར་འབྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། བརྟེན་པའི་བསྟན་པ་

ཉིད་སྨོས་པ་དང་། མདོ་སྡེ་དེ་ལས་ཞེས་བྱ་བ་མན་ཆད་ཀྱིས་སེམས་ཅན་གྱི་བསམ་པ་མི་མཐུན་པར་གྱུར་པ་ཉིད་ཡང་དག་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། བསྟན་པས་བརྟེན་པའི་རིགས་པ་ཉིད་བསྟན་པ་དང་། རིགས་པ་ཉིད་ལས་བརྩམས་ནས་བསྟན་པ་གསུངས་པར་

གྱུར་པ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་སྟོན་པ་དྲང་བའི་དོན་གསང་བའི་མཚན་ཉིད་ཀྱི་བསྟན་པ་ཉིད་བསྟན་པའི་གནས་སུ་གྱུར་པས་སོ། །ཟབ་མོ་ཉིད་ལས་བརྩམས་ནས་དྲང་བའི་དོན་གྱི་མདོ་གསང་བའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱི་དགོངས་པ་

བརྗོད་པ་འདི་ལྟ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ། འགག་པ་མེད་པ། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་སྟོན་ཏོ་ཞེས་བྱ་བ་ནི་གཉིས་པ་རིགས་ཉིད་ལས་བརྩམས་ནས་བསྟན་པ་གསུངས་པར་གྱུར་པ་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་

เล่ม ๑๑๙ · หน้า 26a

གསུམ་གྱིས་བསྟན་ཏེ། བསྟན་པ་གསུངས་པའི་དགོངས་པ་བསྟན་པ་དང་། བསྟན་པ་གསང་བ་ཉིད་དུ་བསྟན་པ་དང་། བསྟན་པ་གསང་བ་ཉིད་གང་ཡིན་པ་བསྟན་པའོ། །དགོངས་པ་ཟབ་མོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ཐོབ་ཅིང་

ཁོང་དུ་ཆུད་པར་གྱུར་པའི་དགོངས་པ་ཤིན་ཏུ་ཟབ་པ་ཉིད་དོ། །དྲང་བའི་དོན་གྱི་མདོ་གསང་བའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱི་དགོངས་པ་བརྗོད་པ་ཞེས་བྱ་བ་ནི་བསྟན་པ་གསང་བ་ཉིད་དུ་བསྟན་པ་སྟེ། འདི་ལྟར་འཕགས་པ་རྣམས་ཀྱི་གསུང་རབ་མཁྱུད་པ་དང་། མངོན་དུ་སྟོན་པ་མི་

མཚུངས་པས་འདིར་ཡོད་པ་ཉིད་མཁྱུད་ནས་མེད་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་གསང་བ་ཞེས་བྱ་བ་ཞེས་གསུངས་སོ། །ཆོས་རྣམས་ཀྱི་དགོངས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། གཅེས་པ་བསྡུས་པའོ། །དེ་ནི་འདི་སྐད་དུ་འདི་ལྟར་དགོངས་པའི་དབང་གིས་དྲང་བའི་དོན་གྱི་མདོ་ལས།

ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་གསང་བའི་མཚན་ཉིད་ལས་བརྩམས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པ་ཉིད་དུ་གསུངས་སོ་ཞེས་བསྟན་པར་འགྱུར་རོ། །དེ་ལ་ཆོས་ཀྱི་དགོངས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་གསུངས་པ་

ཉིད་དེ། །འདིས་ནི་གསུམ་པ་བསྟན་པ་གསང་བ་ཉིད་གང་ཡིན་པ་རབ་ཏུ་བསྟན་པས་སྔ་མ་བཞིན་དུ་རབ་ཏུ་དབྱེ་ཞིང་རྒྱ་ཆེར་བཤད་པར་བྱའོ། །མདོ་སྡེ་དེ་ལས་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་སྒྲིབ་པ་ཡོངས་སུ་དག་པ། རྒྱུད་ཡོངས་སུ་སྨིན་པ། མོས་པ་མང་དུ་

བསྒོམས་པ། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་རབ་ཏུ་བསགས་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སེམས་ཅན་གྱི་བསམ་པ་མི་མཐུན་པར་གྱུར་པ་ཉིད་ཡང་དག་པར་བསྟན་པའོ། །འདི་ཡང་རྣམ་པ་བཞིས་བསྟན་ཏེ། དངོས་པོ་ལྔ་ཡང་ཕུན་སུམ་ཚོགས་ལ། མངོན་

པར་ཡིད་ཆེས་པའི་གང་ཟག་བསྟན་པ་དང་། དངོས་པོ་ལྔ་ཕུན་སུམ་ཚོགས་པར་མ་གྱུར་ལ་མངོན་པར་ཡིད་ཆེས་པ་དང་ལྡན་པའི་གང་ཟག་བསྟན་པ་དང་། མངོན་པར་ཡིད་ཆེས་པ་སྐྱེས་ཀྱང་སྒྲའི་རྗེས་སུ་མངོན་པར་ཞེན་པའི་གང་ཟག་བསྟན་པ་དང་། དངོས་པོ་ལྔ་ཡང་གཏན་མེད་ལ་མངོན་

เล่ม ๑๑๙ · หน้า 26b

པར་ཡིད་ཆེས་པ་ཡང་མེད་པའི་གང་ཟག་བསྟན་པའོ། །གང་ཟག་བཞི་པོ་དེ་དག་ཀྱང་དགེ་བའི་རྩ་བ་བསྐྱེད་པ་ལ་སོགས་པའི་དངོས་པོ་ལྔའི་མང་ཉུང་ལས་གང་ཟག་རྣམ་པ་དྲུག་ཏུ་དབྱེ་སྟེ། དངོས་པོ་ལྔ་ཕུན་སུམ་ཚོགས་པ་དང་། རྣམ་པ་བཞི་དང་ལྡན་པ་གཅིག་མ་ཚང་བ་དང་། རྣམ་

པ་གསུམ་དང་ལྡན་ལ་གཉིས་མ་ཚང་བ་དང་། རྣམ་པ་གཉིས་དང་ལྡན་ལ་གསུམ་མ་ཚང་བ་དང་། རྣམ་པ་གཅིག་མ་ཚང་ལ་བཞི་དང་ལྡན་པ་དང་། དངོས་པོ་ལྔ་གནས་མེད་པའོ། །དངོས་པོ་ཡང་རྣམ་པ་གཉིས་ཏེ། དངོས་པོ་ལྔ་ཡོངས་སུ་སྨིན་པ་བསྟན་པ་དང་། དེ་དག་གིས་ཞེས་བྱ་བ་

མན་ཆད་ཀྱིས་བསྟན་པ་ཐོས་ནས་ཁོང་དུ་ཆུད་པར་གྱུར་པ་བསྟན་པ་སྟེ། འདི་ནི་དང་པོའོ། །དེ་དག་གིས་ཆོས་དེ་ཐོས་ན། ངའི་དགོངས་ཏེ་བཤད་པ་ཤིན་ཏུ་ཟབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བསྟན་པ་ཐོས་ནས་ཁོང་དུ་ཆུད་པར་

གྱུར་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། བསྟན་པ་ཐོས་ནས་ཁོང་དུ་ཆུད་པ་ཉིད་བསྟན་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཕན་ཡོན་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཆོས་ཐོས་པར་གྱུར་པའི་དབང་གིས་དེ་བཞིན་གཤེགས་པས་དགོངས་ཏེ་

གསུངས་པས་རབ་ཏུ་ཕྱེ་བའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱུར་པའོ། །ཆོས་དེ་དག་ལ་ཡང་ཤིན་ཏུ་མོས་པ་སྐྱེ་བར་འགྱུར་ལ། དོན་དེ་ཡང་ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པར་འགྱུར་རོ། །རྟོགས་པ་འདི་ལ་བརྟེན་

ནས་ཤིན་ཏུ་གོམས་པར་བྱས་པའི་ཕྱིར། མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་མཐར་ཐུག་པ་ཉིད་ཀྱང་ཐོབ་པར་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཕན་ཡོན་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཁོང་དུ་ཆུད་པའི་

ཕན་ཡོན་ཉིད་བསྟན་པ་དང་། དེ་བཞིན་གཤེགས་པ་ལ་མངོན་པར་ཡིད་ཆེས་པའི་ཕན་ཡོན་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཆོས་ལ་མོས་པ་བསྟན་པ་དང་། དོན་ལ་མོས་པ་བསྟན་པའོ། །དོན་ལ་མོས་པ་ཡང་རྣམ་པ་གསུམ་དུ་

เล่ม ๑๑๙ · หน้า 27a

དབྱེ་སྟེ། མཐོང་བའི་ལམ་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱུར་པ་བསྟན་པ་དང་། བསྒོམ་པའི་ལམ་ལ་གནས་པས་རྟོག་པ་དེ་ཉིད་ལ་བརྟེན་ནས་ཤིན་ཏུ་གོམས་པར་བྱེད་པ་བསྟན་པ་དང་། མཐར་ཐུག་པ་ལ་གནས་པས་མྱུར་བ་ཁོ་ནར་བླ་ན་མེད་

པའི་བྱང་ཆུབ་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བསྟན་པའོ། །ང་ལ་ཡང་ཤིན་ཏུ་དད་པ་བསྐྱེད་ནས། དེ་བཞིན་གཤེགས་པ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་

གཉིས་པ་དེ་བཞིན་གཤེགས་པ་ལ་མངོན་པར་ཡིད་ཆེས་པའི་ཕན་ཡོན་བསྟན་པའོ། །སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་དང་། སྒྲིབ་པ་ཡོངས་སུ་དག་པ་དང་། རྒྱུད་ཡོངས་སུ་སྨིན་པ་དང་། མོས་པ་མང་དུ་བསྒོམས་པ་མ་ཡིན་པ། བསོད་ནམས་དང་ཡེ་ཤེས་ཀྱི་

ཚོགས་ཆེན་པོ་བསགས་པར་མ་གྱུར་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དངོས་པོ་ལྔ་ཕུན་སུམ་ཚོགས་པར་མ་གྱུར་ལ་མངོན་པར་ཡིད་ཆེས་པ་དང་ལྡན་པའི་གང་ཟག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། དངོས་པོ་ལྔ་དང་ལྡན་པར་མ་གྱུར་པ་བསྟན་པ་དང་། མངོན་པར་ཡིད་

ཆེས་པ་ཉིད་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ནི་རྣལ་འབྱོར་པ་དག་དངོས་པོ་ལྔ་པོ་དག་དང་ལྡན་པར་མ་གྱུར་ཀྱང་། དངོས་པོ་རྣམ་པ་བཞི་མངོན་པར་འགྲུབ་པའི་དབང་གིས་མངོན་པར་ཡིད་ཆེས་པ་ནི་སྐྱེད་དོ་ཞེས་སྟོན་ཏོ། །དངོས་པོ་བཞིའི་བྱེ་བྲག་ནི་སྔར་བཤད་པ་བཞིན་ནོ། །དེའི་

རང་བཞིན་དྲང་ཞིང་དྲང་པོའི་རང་བཞིན་ཅན་དུ་གྱུར་པ། རྟོག་པ་དང་སེལ་ནུས་པའི་མཐུ་མེད་ཀྱང་། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་མི་གནས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པས་མངོན་པར་ཡིད་ཆེས་པ་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། རང་གི་ལྟ་བ་

ལ་དེ་མི་གནས་པར་ཡིད་ཆེས་པ་ཉིད་བསྟན་པ་དང་། མདོ་སྡེ་དག་ཅེས་བྱ་བ་མན་ཆད་ཀྱིས་མངོན་པར་ཡིད་ཆེས་པའི་དབང་གིས་རང་ཉིད་ཁྱད་དུ་བསད་ནས་གནས་པར་བསྟན་པ་དང་། མདོ་སྡེ་དེ་དག་ལ་ཞེས་བྱ་བ་མན་ཆད་ཀྱིས་བདག་ཉིད་ལ་སྨན་པའི་དབང་གིས་བསོད་ནམས་དང་

เล่ม ๑๑๙ · หน้า 27b

ཡེ་ཤེས་ཀྱི་ཚོགས་སོགས་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རང་གི་ལྟ་བ་ལ་མི་གནས་པ་བསྟན་པ་དང་། བསྟན་པ་ཐོས་པས་མངོན་པར་ཡིད་ཆེས་པ་སྐྱེ་བར་བསྟན་པ་དང་། མངོན་པར་ཡིད་ཆེས་པའི་མཚན་ཉིད་རབ་ཏུ་བསྟན་པའོ། །འདི་ནི་དང་པོ་སྟེ། དེའི་རང་བཞིན་

དྲང་པོ་ཞེས་བྱ་བ་ནི་དད་པ་ཉིད་དེ། དེའི་ཕྱིར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། དྲང་པོའི་སེམས་ནི་བྱང་ཆུབ་ཀྱི་སྙིང་པོའོ་ཞེས་གསུངས་པས་དྲང་པོའི་སེམས་ནི་མངོན་པར་ཡིད་ཆེས་པའི་སེམས་ལ་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་

པ་ལས་ཀྱང་། སངས་རྒྱས་ཀྱི་ཆོས་ཀྱི་རྒྱ་མཚོར་ནི་དད་པས་འཇུག་པར་ནུས་སོ་ཞེས་བསྟན་པའི་ཕྱིར་དྲང་པོ་ཞེས་བྱ་བ་ནི་མངོན་པར་ཡིད་ཆེས་པ་ལ་བྱ་བར་མངོན་ནོ། །དེ་ནི་འདི་སྐད་དུ་དྲང་པོ་ཉིད་དུ་གྱུར་པའི་ཕྱིར། །ཤེས་རབ་ཀྱི་སྟོབས་ཀྱིས་འཕགས་པའི་གསུང་རབ་ལས་གསུངས་པ་གང་ཡིན་

པ་དང་། མ་ཡིན་པའི་རིགས་པ་ཉིད་རབ་ཏུ་སེལ་བར་མི་ནུས་ཀྱང་། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་མི་གནས་ཤིང་། ཡང་ངེས་པའི་དོན་གྱི་མདོ་སྡེ་ཡོངས་སུ་ཚོལ་བར་རྩོལ་བའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེ་དག་ལས་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་མི་བྱེད་དོ་ཞེས་བསྟན་པར་འགྱུར་རོ། །

དེ་དག་གིས་ནི་ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཤིན་ཏུ་ཟབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མཐུ་མེད་མོད་ཀྱི། འོན་ཀྱང་ཆོས་དེ་ལ་མོས་པར་བྱེད་ཅིང་། ཡོངས་སུ་དག་པའི་དད་པ་ཡང་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་ནི་གཉིས་པ་བསྟན་པ་ཐོབ་པས་མངོན་པར་ཡིད་ཆེས་པ་སྐྱེ་བར་

བསྟན་པ་སྟེ། དེ་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་མངོན་པར་ཡིད་ཆེས་པ་དང་། དེ་ཆོས་ཐོས་པའི་དབང་གིས་དགོངས་ཏེ་གསུངས་པ་ཁོང་དུ་ཆུད་པའི་མཐུ་མེད་མོད་ཀྱི། འོན་ཀྱང་བསྟན་པ་དེ་ལ་མངོན་པར་ཡིད་ཆེས་པའི་སེམས་སྐྱེད་པར་བྱེད་པའོ། །མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་

པས་གསུངས་པ་ཟབ་པ་ཟབ་པར་སྣང་བ། སྟོང་པ་ཉིད་དང་ལྡན་པ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། དཔྱོད་མི་ནུས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་བརྟགས་པ། མཁས་ཤིང་མཛངས་པས་རིག་པ་ཡིན་ནོ་ཞེས་མོས་པར་བྱེད་དོ་ཞེས་བྱ་བ་གསུམ་པ་མངོན་པར་

เล่ม ๑๑๙ · หน้า 28a

ཡིད་ཆེས་པའི་མཚན་ཉིད་རབ་ཏུ་བསྟན་པའོ། །འདི་ལྟར་མདོ་སྡེ་འདིའི་དོན་རྣམ་པ་དྲུག་དང་ལྡན་པས་ཤིན་ཏུ་ཟབ་པ་ཡིན་ནོ་ཞེས་མངོན་པར་ཡིད་ཆེས་པ་སྟེ། དང་པོ་མདོ་སྡེ་འདི་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་མདོ་སྡེ་དེ་བཞིན་གཤེགས་པས་གསུངས་པ་

ཡིན་པར་ཡིད་ཆེས་པའི་ཕྱིར་ཟབ་པ་ཡིན་ནོ། །གཉིས་པ་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་ནི་མདོ་སྡེ་དེས་ཤིན་ཏུ་ཟབ་པའི་དོན་གསལ་བར་རབ་ཏུ་ཕྱེ་བའི་ཕྱིར་རབ་ཏུ་ཕྱེ་བ་ཟབ་པ་ཞེས་བྱའོ། །གསུམ་པ་སྟོང་པ་ཉིད་དང་ལྡན་པ་ཞེས་བྱ་བ་ནི་འཕགས་པའི་གསུང་རབ་དེ་སྟོང་པ་ཉིད་ཀྱི་རང་

བཞིན་ཁོ་ན་ཡིན་པའི་ཕྱིར་སྟོང་པ་ཉིད་དང་འབྲེལ་པས་ན་དེའི་ཕྱིར་སྟོང་པ་ཉིད་དང་ལྡན་པ་ཞེས་བྱའོ། །བཞི་པ་མཐོང་བར་དཀའ་བ་རྟོགས་པར་དཀའ་བ་ཞེས་བྱ་བ་ནི་མདོ་སྡེ་དེ་སོ་སོའི་སྐྱེ་བོ་དག་གིས་མཐོང་བར་མི་ནུས་ཤིང་ཐེག་པ་པ་གཉིས་ཀྱིས་ཀྱང་རྟོགས་པར་མི་ནུས་པས་སོ། །ཡང་

ན་སོ་སོའི་སྐྱེ་བོ་དང་ཐེག་པ་པ་གཉིས་ཀྱིས་མཐོང་བ་དང་རྟོགས་པར་མི་ནུས་པའི་ཕྱིར་མཐོང་བར་དཀའ་བ་རྟོགས་པར་དཀའ་བ་ཞེས་བྱའོ། །ལྔ་པ་དཔྱོད་མི་ནུས་པ་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་གསུང་རབ་དེ་རྟོག་གེའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་དཔྱད་དུ་མེད་

པར་གྱུར་པའོ། །དེ་ལ་དཔྱོད་པ་ཞེས་བྱ་བ་ནི་ཁམས་གསུམ་པ་ཟག་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་སོ། །ཡང་ན་དཔྱོད་པ་ཞེས་བྱ་བ་ནི་གཞན་དུ་འགྱུར་བ་ལས་རྟོག་པ་དང་དཔྱོད་པའི་ཆོས་གཉིས་སོ། །དྲུག་པ་ཞིབ་མོ་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་

གསུང་རབ་དེ་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ཞིབ་མོ་བརྟགས་པ་མཁས་ཤིང་མཛངས་པ་དག་གིས་ཁོང་དུ་ཆུད་པར་འགྱུར་བས་སོ།། །།བམ་པོ་ཉི་ཤུ་དགུ་པ། མདོ་སྡེ་དེ་དག་གི་དོན་བསྟན་པ་དག་བདག་མི་ཤེས་སོ་སྙམ་ནས་འདུག་སྟེ། འདི་སྐད་ཅེས་སངས་རྒྱས་

རྣམས་ཀྱི་བྱང་ཆུབ་ནི་ཤིན་ཏུ་ཟབ་ལ། ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་ཤིན་ཏུ་ཟབ་པས་དེ་བཞིན་གཤེགས་པ་ཁོ་ན་རབ་ཏུ་མཁྱེན་གྱི། བདག་གིས་ཤེས་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་མན་ཆད་ནི་གཉིས་པ་མངོན་པར་ཡིད་ཆེས་པའི་དབང་གིས་རང་ཉིད་ཁྱད་དུ་བསད་ནས་གནས་པར་བསྟན་

เล่ม ๑๑๙ · หน้า 28b

པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བསྟན་པའི་དོན་ལ་བདག་ཉིད་ཁྱད་དུ་བསད་ནས་གནས་པ་དང་། བསྟན་པ་གསུང་བ་པོ་ལ་བརྟེན་ནས། བདག་ཉིད་ཁྱད་དུ་བསད་ནས་གནས་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་མདོ་སྡེ་ཟབ་མོ་དེ་དག་ལས་བསྟན་པའི་དོན་དག་ལ་

རང་ཉིད་ཀྱི་ཤེས་པ་ཁྱད་དུ་བསད་ནས་བདག་ནི་མི་ཤེས་པ་ཡིན་ནོ་སྙམ་ནས་འདི་སྐད་ཅེས་སངས་རྒྱས་རྣམས་ལ་ནི་བྱང་ཆུབ་བརྙེས་པས་ཡང་དག་པ་དང་། ཀུན་རྫོབ་ཀྱི་མཁྱེན་པ་གཉིས་མངའ་བས་ཤིན་ཏུ་ཟབ་པ་ཡིན་པ་དེས་མངོན་སུམ་དུ་མཛད་པ་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་དང་། ཀུན་

རྫོབ་རྣམ་པ་གཉིས་ཀྱང་ཤིན་ཏུ་ཟབ་ཅིང་གཟུང་བ་དང་འཛིན་པ་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཉག་གཅིག་གིས་མཁྱེན་གྱི། བདག་ཅག་གི་ཤེས་པ་དམན་པས་ཤེས་པར་བྱ་བ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་སྟེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་

ཇི་སྐད་དུ། ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་རྣམ་པ་ནི་ཤིན་ཏུ་ཟབ་ཅིང་གྱ་ནོམ་པས་ཐམས་ཅད་མཁྱེན་པ་ཁོ་ནས་མཐར་ཐུག་པ་ཡིན་ནོ་ཞེས་བསྟན་པ་དང་། ཕྲེང་ལྡན་མའི་མདོ་ལས། རིགས་ཀྱི་བུ་གང་གིས་ཆོས་རྣམས་ནི་ཤིན་ཏུ་ཟབ་པ་ཉིད་ལ་བདག་ཉིད་ཀྱིས་རྟོགས་པར་མི་ནུས་པ་དེས་ཇི་

སྐད་དུ། དེ་ནི་བཅོམ་ལྡན་འདས་ཀྱིས་མཁྱེན་གྱི། བདག་གི་སྤྱོད་ཡུལ་ནི་མ་ཡིན་པས་སངས་རྒྱས་ཉག་གཅིག་གིས་མཁྱེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བཞིན་གཤེགས་པ་རྣམས་ནི་མོས་པ་རྣམ་པ་སྣ་ཚོགས་ཀྱི་སེམས་ཅན་དེ་དག་ལ་ཡང་དག་པའི་ཆོས་ཀྱི་

བསྟན་པ་འཇུག་པར་མཛད་པས་དེ་བཞིན་གཤེགས་པ་རྣམས་ནི་མཁྱེན་པ་དང་། གཟིགས་པ་མཐའ་ཡས་པ་ཡིན་གྱི། བདག་ཅག་གི་ཤེས་པ་དང་། མཐོང་བ་ནི་བ་ལང་གི་རྗེས་ཙམ་མོ་སྙམ་ནས་ཞེས་བྱ་བ་ནི་གཉིས་པ་བསྟན་པ་གསུང་བ་པོ་ལ་བསྟན་ནས་བདག་ཉིད་ཁྱད་དུ་བསད་ནས་

གནས་པ་སྟོན་ཏོ། །འདི་ལྟར་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གང་རྗེས་སུ་གཟུང་བར་མཛད་པ་དེ་དག་གི་མོས་པའི་རྗེས་སུ་ཡང་དག་པའི་ཆོས་ཀྱི་བསྟན་པ་འཇུག་པར་མཛད་པས། སྟོན་པར་མཛད་པའི་མཁྱེན་པ་ལ་ཚད་དང་མཐའ་མེད་པ་ཡིན་གྱི། བདག་ཅག་གི་ཤེས་པ་

เล่ม ๑๑๙ · หน้า 29a

དང་། མཐོང་བ་ནི་བཅོམ་ལྡན་འདས་ཀྱི་མཁྱེན་པ་དང་གཟིགས་པ་ལ་ལྟོས་ན། དཔེར་ན་བ་ལང་གི་རྨིག་རྗེས་ཀྱི་ཆུས་རྒྱ་མཚོ་ཆེན་པོའི་ཆུ་དང་བསྒྲུན་པ་བཞིན་ནོ་སྙམ་དུ་སེམས་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་

མཁྱེན་པ་ནི་མཐའ་མེད་པས་མཁྱེན་པར་བྱ་བ་ནི་རྒྱ་མཚོ་བཞིན་ནོ། །བདག་གི་ཤེས་པ་དང་མཐོང་བ་ནི་བ་ལང་གི་རྗེས་ཙམ་མོ་ཞེས་འབྱུང་ངོ་། །མདོ་སྡེ་དག་ལ་གུས་པར་བྱས་ཏེ། གཞན་དག་ལ་སྟོན་པར་ཡང་བྱེད་ཡི་གེར་འདྲི་བར་ཡང་བྱེད་ཡི་གེར་བྲིས་ནས་འཆང་བར་ཡང་བྱེད། ཀློག་པར་ཡང་

བྱེད། ཡང་དག་པར་འགེང་བར་ཡང་བྱེད། མཆོད་པར་ཡང་བྱེད། ལུང་ནོད་པར་ཡང་བྱེད། འདོན་པར་ཡང་བྱེད། ཁ་ཏོན་དུ་ཡང་བྱེད་མོད་ཀྱི། འོན་ཀྱང་འདི་ལྟར་བསྒོམ་པའི་རྣམ་པས་སྦྱོར་བ་བསྐྱེད་པར་ཡང་མི་ནུས་པས་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་བདག་ཉིད་ལ་སྨད་པའི་དབང་གིས་

བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྩོགས་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། བདག་ཉིད་ལ་སྨད་པའི་དབང་གིས་རྟོགས་པར་མི་འགྱུར་བར་བསྟན་པ་དང་། མ་རྟོགས་པའི་ཕྱིར་ཡང་བསོད་ནམས་དང་ཡེ་ཤེས་ལ་བརྟེན་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ།

རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། བྱང་ཆུབ་སེམས་དཔའ་དེ་འདི་ལྟར་བདག་ལ་སྨད་པའི་དབང་གིས་མདོ་སྡེ་དག་ལ་གུས་པ་བསྐྱེད་པ་ལ་སོགས་པ་ཆོས་སྤྱོད་པ་བཅུ་ལ་སྤྱོད་པར་བྱེད་ཀྱང་། ད་དུང་བསྒོམ་པའི་རྣམ་པས་བསོད་ནམས་དང་ཡེ་ཤེས་ཀྱི་སྤྱོད་པ་རྣམ་པ་

གཉིས་བསྐྱེད་པར་མི་ནུས་པའོ། །ཆོས་སྤྱོད་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བམ་པོ་ལྔ་བརྒྱ་བདུན་ཅུ་གསུམ་པ་ལས། དེ་དག་གི་མིང་བཀོད་པར་ཟད་ཀྱི། རྣམ་པར་བཤད་པ་ནི་མེད་དེ་དེའི་ཕྱིར་དེ་ཉིད་ལས་བཅོམ་ལྡན་འདས་

ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། མདོ་སྡེ་འདི་ཡང་ཡོངས་སུ་འཛིན་པ་ལ་ཆོས་སྤྱོད་པ་རྣམ་པ་བཅུ་ཡོད་དེ། ཡི་གེར་འདྲི་བ་དང་། མཆོད་པ་བྱེད་པ་དང་། གཞན་དག་ལ་སྦྱིན་པར་བྱེད་པ་དང་། གུས་པར་ཉན་པ་དང་། ཀློག་པ་དང་འཆང་བར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་སྟོན་པ་དང་།

เล่ม ๑๑๙ · หน้า 29b

ཁ་ཏོན་དུ་འདོན་པ་དང་། སེམས་པར་བྱེད་པ་དང་། བསྒོམ་པའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བམ་པོ་བཞི་བརྒྱ་ཉི་ཤུ་བདུན་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་ལྷས་ཞུས་པའི་མདོ་དང་། བླ་ན་མེད་པའི་གནས་བསྟན་པའི་མདོ་དང་།

བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་མིང་བཀོད་པ་ཁོ་ནར་ཟད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་དང་། རྣམ་པར་བཤད་པ་ལས་འདི་དག་གི་དོན་རྒྱ་ཆེར་སྟོན་ཏེ། སྔ་ཕྱིའི་གོ་རིམས་མི་མཐུན་ཡང་དོན་ཐ་དད་པ་མེད་དེ། དེའི་ཕྱིར་བསྟན་

བཅོས་རྣམ་པར་བཤད་པ་ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་མང་ཡང་རུང་ཉུང་ཡང་རུང་བསྟི་སྟང་དང་བཅས་ཤིང་གུས་པས་ཡི་གེར་འདྲི་བའི་ཆོས་བཤད་པ་དང་། མཆོད་པའི་ཡོ་བྱད་མཆོག་གམ། མཆོག་མ་ཡིན་པ་ཡང་རུང་མཆོད་པར་བྱེད་པའི་ཆོས་སྤྱོད་པ་དང་། བདག་ཉིད་ཀྱིས་

ཡི་གེར་བྲིས་ནས་སྙིང་བརྩེ་བས་གཞན་དག་ལ་སྦྱིན་པའི་ཆོས་སྤྱོད་པ་དང་། ཕ་རོལ་གུས་པའི་སེམས་བསྐྱེད་ནས་གྱ་ནོམ་པའི་སྒྲས་བསྟན་བཤད་བསྒྲགས་པ་དག་ལ་ཤིན་དུ་བཀུར་བའི་བསམ་པས་གུས་པར་ཉན་པའི་ཆོས་སྤྱོད་པ་དང་། ཡོངས་སུ་དག་པའི་མོས་པ་དང་། གུས་པའི་སེམས་ཀྱིས་

ཀློག་པར་བྱེད་པའི་ཆོས་སྤྱོད་པ་དང་། ཆོས་ཀྱི་སྤྱོད་པ་བསྒོམ་པར་འདོད་པས་གཞན་དག་ལས་ཡང་དག་པར་མནོས་ཏེ། ཁ་ཏོན་དུ་འདོན་པའི་ཆོས་སྤྱོད་པ་དང་། ཁ་ཏོན་དུ་བསླབས་ནས་བསྟན་པ་ཉིད་དུ་གཟུང་བའི་ཕྱིར། དབྱངས་སྙན་པས་འདོན་པར་བྱེད་པའི་ཆོས་སྤྱོད་པ་དང་།

གཞན་དག་ལ་སྙིང་བརྩེ་བའི་ཕྱིར་མོས་པ་ཇི་ལྟ་བ་བཞིན་དུ་རྒྱས་པ་འམ་བསྡུས་པ་ཉིད་དུ་རབ་ཏུ་ཕྱེ་ནས་འཆད་པའི་ཆོས་སྤྱོད་པ་དང་། གཅིག་པུ་དབེན་པ་དག་ཏུ་ལེགས་པར་སེམས་པ་དང་། འཇལ་བ་དང་སོ་སོར་བརྟགས་ནས་སེམས་པར་བྱེད་པའི་ཆོས་སྤྱོད་པ་དང་། ཇི་ལྟར་བསམ་

པ་བཞིན་དུ་ཞི་གནས་དང་ལྷག་མཐོང་གཙོ་བོར་བྱས་ནས་གང་ཡོངས་སུ་ཚོལ་བའི་དོན་མངོན་པར་བསྒྲུབ་པའི་ཕྱིར་གཞོལ་ཞིང་འཇུག་པའི་ཆོས་སྤྱོད་པ་ཞེས་འབྱུང་ངོ་། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་འདི་དང་ཅུང་ཟད་མི་མཐུན་ཏེ། དེའི་ཕྱིར་དེ་ཉིད་ལས་ཡི་གེར་འདྲི་བ་དང་།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด