འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๙ · หน้า 30a

མཆོད་པ་བྱེད་པ་དང་། ཡང་དག་པར་འགེད་པ་དང་ཉན་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། གཞན་དག་ལ་སྟོན་པར་བྱེད་པ་དང་། ཁ་ཏོན་དུ་འདོན་པ་དང་། འཆད་པ་དང་། སེམས་པ་དང་། བསྒོམ་པའི་ཞེས་འབྱུང་ངོ་། །དེ་བསྟན་བཅོས་རྣམ་པར་

བཤད་པ་དང་། དོན་མི་མཐུན་པར་གྱུར་པ་ཡང་། བསྟན་བཅོས་རྣམ་པར་བཤད་པ་ལས་དྲུག་པ་ཁ་ཏོན་དུ་འདོན་པ་དང་། བདུན་པ་འདོན་པར་བྱེད་པ་ཞེས་བྱ་བ་གཉིས་གཅིག་ཏུ་བསྡུས་ནས་ཁ་ཏོན་དུ་འདོན་པ་ཞེས་བསྟན་པ་དང་། ཡང་གཞན་དག་ལ་སྟོན་པར་བྱེད་པ་ཞེས་བྱ་བ་

བསྣན་ཏེ་དྲུག་པར་བྱས་པས་སོ། །བསྟན་པ་གཞན་དག་ལས་ནི་དོན་འདི་ནི་མི་འབྱུང་བས་བསྟན་བཅོས་དེའི་དགོངས་པ་ནི་ཡི་གེ་ཡིན་ཏེ། གཞན་དག་ལ་མདོ་ཙམ་དུ་སྟོན་པ་གང་ཡིན་པ་དེ་ནི་གཞན་དག་ལ་སྟོན་པར་བྱེད་པའོ་ཞེས་བྱའོ། །གཞན་དག་ལ་རྒྱ་ཆེར་སྟོན་པ་གང་ཡིན་པ་དེ་

ནི་འཆད་པ་ཞེས་བྱའོ་ཞེས་དགོངས་པའོ། །བསྟན་པ་གཞན་དག་གི་དགོངས་པ་ནི་བསྡུས་པའམ་རྒྱས་པ་གང་ཡང་རུང་སྟེ། གཞན་དག་ལ་བཤད་པ་ཡིན་པས་གཅིག་ཏུ་བསྡུས་པར་དགོངས་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །འདིར་མདོ་འདི་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལས་གསུངས་པ་དང་མཐུན་པར་ཆོས་སྤྱོད་པ་རྣམ་པ་བཅུ་སྟོན་པ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཆོས་སྤྱོད་པ་བཅུ་པོ་དེ་དག་ལས་དུ་ཞིག་བསོད་ནམས་རྒྱ་ཆེན་པོ་སྐྱེ་བའི་ལམ་ཡིན་ཞེ་ན། སྨྲས་པ། ཐམས་ཅད་དོ། །དུ་ཞིག་ནི་སྦྱོར་བའི་ལམ་ཡིན་ཞེ་ན། སྨྲས་པ། གཅིག་

སྟེ། དགུ་པའོ། །དུ་ཞིག་སྒྲིབ་པ་རྣམ་པར་དག་པའི་ལམ་ཡིན་ཞེ་ན། སྨྲས་པ། གཅིག་སྟེ། བཅུ་པའོ་ཞེས་བཤད་དོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་

རིག་པར་བྱའོ། །དེའི་ཕྱིར་ངའི་དགོངས་ཏེ་བཤད་པ་ཟབ་མོ་འདི་རྟོགས་པར་མི་ནུས་ཏེ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ། དེས་སྦྱོར་བ་བསྐྱེད་པར་མི་ནུས་པའི་ཕྱིར་ངས་དགོངས་ཏེ་བཤད་པ་ཟབ་མོ་ཁོང་དུ་ཆུད་པར་མ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་དེས་ན་སེམས་ཅན་དེ་དག་

เล่ม ๑๑๙ · หน้า 30b

བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཀྱང་འཕེལ་བར་འགྱུར་ལ། གོང་དུ་ཡང་རྒྱུད་ཡོངས་སུ་མ་སྨིན་པ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་མ་རྟོགས་པའི་ཕྱིར་ཡང་བསོད་ནམས་དང་ཡེ་ཤེས་ལ་བརྟེན་པར་བསྟན་པ་སྟེ། འདི་ལྟར་བྱང་ཆུབ་

སེམས་དཔའ་དེ་སྦྱོར་བ་རྣམ་པ་བཞིས་མ་བསྐྱེད་པའི་ཕྱིར་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བ་དེ་ཆོས་སྤྱོད་པ་རྣམ་པ་བཅུས་རྒྱུ་དང་རྐྱེན་བྱས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསྒྲུབས་ནས་ཕྱི་མ་ལ་ཡང་གང་ཡོངས་སུ་མ་སྨིན་པ་དེ་ཡང་ཡོངས་སུ་

སྨིན་པར་བྱེད་པར་འགྱུར་བའོ། །འདིར་ཡོངས་སུ་སྨིན་པ་ཞེས་བྱ་བ་ཡང་གནས་རེ་རེ་ལ་བསྒོམ་པ་ཕུན་སུམ་ཚོགས་པ་ལ་ཡོངས་སུ་སྨིན་པ་ཞེས་བྱ་བའི་དངོས་པོ་ལྔ་རྒྱུན་མི་འཆད་པ་ལ་ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་མ་ཡིན་ནོ། །ཡང་ན་གཞན་ལ་ཕན་འདོགས་པ་ནི་ཡོངས་སུ་སྨིན་པའོ། །

གཞན་ཡང་གཞི་དེས་ན་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་ཡིད་ཆེས་པ་བསྟན་པ་ལ་རྣམ་པ་གཉིས་ཏེ། མངོན་པར་ཡིད་ཆེས་པ་རྒྱ་ཆེར་རྣམ་པར་བཤད་པ་དང་། མངོན་པར་ཡིད་ཆེས་པའི་ནུས་པ་བཤད་པའི་ཕྱིར་མཇུག་བསྡུ་བ་སྟེ། དེ་ཡན་ཆད་དུ་མངོན་པར་ཡིད་ཆེས་པ་

རྒྱ་ཆེར་བསྟན་ནས་འདི་ནི་གཉིས་པ་སྤྱིའི་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་བསགས་པར་ཡང་མ་གྱུར་ལ། དྲང་པོ་དང་དྲང་བའི་རང་བཞིན་ཅན་མ་ཡིན་པ་དག་ནི་རྟོག་པ་

དང་། སེལ་ནུས་པའི་མཐུ་དང་ལྡན་ཡང་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་མངོན་པར་ཡིད་ཆེས་པ་སྐྱེས་ཀྱང་སྒྲའི་རྗེས་སུ་མངོན་པར་ཞེན་པའི་གང་ཟག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། སྟོང་པ་ཉིད་བརྟགས་པ་

བསྟན་པ་དང་། སློབ་མས་བརྟགས་པ་རྣམ་པར་འབྱེད་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། སྔ་མ་ལ་ལྟོས་ན་ཐ་དད་པ་རྣམ་པར་འབྱེད་པ་དང་། སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ཉིད་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་བཞིར་ཕྱེ་ནས་བསྟན་ཏེ། དངོས་པོ་ལྔ་དང་

เล่ม ๑๑๙ · หน้า 31a

ལྡན་པ་དང་མི་ལྡན་པ་བསྟན་པ་དང་། དྲང་པོ་དང་དྲང་པོ་མ་ཡིན་པ་བསྟན་པ་དང་། མཐུ་དང་ལྡན་པ་དང་མི་ལྡན་པ་བསྟན་པ་དང་། རང་གི་ལྟ་བ་ལ་གནས་པ་དང་མི་གནས་པ་བསྟན་པའོ། །དེ་ལ་ཇི་སྟེ་སེམས་ཅན་གང་དག་ཅེས་བྱ་བ་ལ་སོགས་པས་ནི་མདོའི་

ཚིག་འདི་དག་ལ་བཤད་པ་རྣམ་པ་བཞི་ཡོད་དེ། ཁ་ཅིག་ན་རེ་འདིར་ནི་དངོས་པོ་ལྔ་མ་ཚང་བ་ཁོ་ན་བཟུང་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། དགེ་བའི་རྩ་བ་མ་བསྐྱེད་པ་ནས་བསོད་ནམས་དང་ཡེ་ཤེས་ཡང་དག་པར་མ་གྲུབ་པའི་བར་དུ་ཞེས་གསུངས་

སོ། །བཞི་པ་དང་བྱེ་བྲག་ཡོད་པ་ཡང་འདི་ནི་ཆོས་ལ་མངོན་པར་ཡིད་ཆེས་ཤིང་། དོན་ལ་ཡིད་མི་ཆེས་པ་ཡིན་ལ། བཞི་པ་ནི་ཆོས་དང་དོན་གཉི་ག་ལ་མངོན་པར་ཡིད་མི་ཆེས་པ་ཡིན་པས་སོ་ཞེའོ། །ཁ་ཅིག་ན་རེ་འདིར་ནི་མདོར་བསྡུ་ན་གང་ཟག་གསུམ་ལས་མེད་དེ། དང་པོ་ནི་དང་པོ་

གཅིག་དང་ལྡན་ལ་བཞི་མ་ཚང་བའོ། །གཉིས་པ་ནི་དང་པོ་གཉིས་དང་ལྡན་ལ་གསུམ་མ་ཚང་བའོ། །གསུམ་པ་ནི་དང་པོ་གསུམ་དང་ལྡན་ལ་གཉིས་མ་ཚང་བའོ་ཞེའོ། །ཁ་ཅིག་ན་རེ་འདིར་གང་ཟག་བཞི་ལས་མེད་དེ། སྔ་མ་གསུམ་གྱི་སྟེང་དུ་ཡང་དང་པོ་བཞི་དང་ལྡན་ལ་གཅིག་མ་ཚང་

བས་བསྣན་ནའོ། །གཉིས་པ་བྱེ་བྲག་ཡོད་པ་ཡང་གཉིས་པ་ལས་བསྟན་པའི་གང་ཟག་ནི་དྲང་པོའི་རང་བཞིན་ཡིན་ལ་གསུམ་པའི་གང་ཟག་འདི་ནི་དྲང་པོའི་རང་བཞིན་ཅན་མ་ཡིན་པས་སོ་ཞེའོ། །ཁ་ཅིག་ན་རེ་འདི་གང་ཟག་ལྔ་ལས་མེད་དེ་སྔ་མ་བཞིའི་སྟེང་དུ་ཡང་དངོས་པོ་ལྔ་མ་ཚང་བས་

བསྣན་ནའོ། །གཉིས་པ་དང་བཞི་པ་དང་བྱེ་བྲག་ཡོད་པ་ཡང་སྔ་མ་བཞིན་དུ་བཤད་པར་བྱའོ་ཞེའོ། །དེ་ལྟར་རྣམ་པ་བཞིར་བཤད་པ་ཡོད་མོད་ཀྱི། བཞི་པ་ནི་ཡང་དག་པ་ཡིན་ཏེ། ཚིག་གི་མཚན་ཉིད་དང་རྗེས་སུ་མཐུན་པའི་ཕྱིར་རོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པས་ཞེས་བྱ་

བ་ནི་གང་དུ་ངེས་པའི་དོན་ཐེག་པ་ཆེན་པོ་ཡོངས་སུ་མི་ཚོལ་བར་རྟག་པར་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཁོང་དུ་མ་ཆུད་པའི་ཕྱིར་ཞེས་བསྟན་པ་སྟེ། དེའི་ཕྱིར་བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་ཀྱང་ངེས་པར་འབྱུང་བར་

เล่ม ๑๑๙ · หน้า 31b

མི་འགྱུར་ཞེ་ན། སྨྲས་པ། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་རབ་ཏུ་གནས་པའི་ཕྱིར་དང་། རྟག་པར་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །དེ་དག་ལ་བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནི་ཡང་ངེས་པའི་དོན་གྱི་མདོ་སྡེ་ཡོངས་སུ་མི་ཚོལ་བའི་

ཕྱིར་རོ། །རྟག་པར་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ཞེས་བྱ་བ་ནི་རྟག་པར་དྲང་བའི་དོན་གྱི་མདོ་སྡེ་དག་རབ་ཏུ་འཛིན་པའི་ཕྱིར་ཏེ། དཔེར་ན་འགའ་ཞིག་ཆོས་ཐམས་ཅད་ནི་མཐར་རང་བཞིན་མེད་དོ་ཞེས་བྱ་བའི་ཚིག་ཐོས་པའི་ཕྱིར་ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱང་

མེད་ཅེས་སྐུར་པར་ལྟ་བ་སྟེ། གཞན་དྲང་བའི་དོན་གྱི་མདོ་སྡེ་དག་ལ་མངོན་པར་ཞེན་ནས། སྒྲ་ཇི་བཞིན་དུ་དོན་འཛིན་པ་ཡང་དེ་བཞིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་ལ་མོས་པར་བྱེད་ཀྱང་ངེས་པར་འབྱུང་བར་མི་འགྱུར་ཏེ། འདི་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་དག་ནི་དགོངས་པ་སྣ་ཚོགས་

ཀྱིས་གསུངས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དེ་དག་གིས་ནི་ཆོས་དེ་ཐོས་ནས་ཡང་ངའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མི་ཤེས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་གྱུར་པ་ཉིད་བསྟན་པའོ། །འདི་ཡང་རྣམ་

པ་གཉིས་ཏེ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་སྐྱེ་བ་ཉིད་བསྟན་པ་དང་། གཞི་དེས་ན་ཞེས་བྱ་བ་མན་ཆད་ཀྱིས་མངོན་པར་ཞེན་པའི་ཉེས་དམིགས་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་ཐོས་པར་གྱུར་ན་ཁོང་དུ་མི་ཆུད་པ་དང་། མངོན་པར་ཡིད་ཆེས་ཀྱང་མངོན་པར་ཞེན་

པར་བྱེད་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དེ་བསྟན་པ་དེ་ཐོས་པར་གྱུར་ཀྱང་དྲང་པོའི་རང་བཞིན་ཅན་མ་ཡིན་པ་དང་། རང་གི་ལྟ་བ་ལ་གནས་པ་ཉིད་ཀྱི་ཕྱིར་ངའི་དགོངས་ཏེ་བཤད་པའི་བསྟན་པ་ཟབ་མོ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་མི་

འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་དེ་ལ་མོས་པར་གྱུར་ཀྱང་དེའི་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་མངོན་པར་ཡིད་ཆེས་པར་གྱུར་ཀྱང་མངོན་པར་ཞེན་པར་བྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མངོན་པར་ཞེན་པ་ཉིད་བསྟན་པ་

เล่ม ๑๑๙ · หน้า 32a

དང་། མངོན་པར་ཞེན་པ་པོའི་མཚན་ཉིད་བསྟན་པའོ། །འདི་ནི་དང་པོ་སྟེ་དགོངས་ཏེ་གསུངས་པའི་བསྟན་པ་དག་ལ་མངོན་པར་ཡིད་ཆེས་པར་གྱུར་ཀྱང་ཡོངས་སུ་མི་ཤེས་པའི་དབང་གིས་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་གྱུར་པའོ། །ཆོས་ཐམས་ཅད་ནི་

རང་གི་ངོ་བོ་ཉིད་མེད་པ་ཁོ་ནའོ། །གཟོད་མ་ནས་ཞི་བ་ཁོ་ནའོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་ཟེར་བས་ཞེས་བྱ་བ་ནི་གཉིས་པ་མངོན་པར་ཞེན་པ་པོའི་མཚན་ཉིད་བསྟན་པའོ། །ཡང་དག་པའི་དོན་དུ་ན་མདོ་འདི་ལས་ཚིག་བཞི་ཡོད་དེ། དང་པོ་ནི་ཆོས་ཐམས་

ཅད་ངོ་བོ་ཉིད་མེད་པ་སྟེ། གོང་དུ་བསྟན་པའི་མདོའི་ཚིག་དག་དང་སྦྱར་ན་སྤྱིར་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་གསུངས་པ་ཡིན་པས་ངོ་བོ་ཉིད་རྣམ་པ་གསུམ་པོ་དག་ཉིད་ཀྱིས་ངོ་བོ་ཉིད་མེད་དོ། །གཉིས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པའོ། །གསུམ་པ་ནི་

གཟོད་མ་ནས་ཞི་བའོ། །བཞི་པ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ་ཚིག་འདི་གསུམ་ནི་མདོའི་ཚིག་འདི་གོང་དུ་བསྟན་པ་དག་དང་སྦྱར་ན་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་ཁོ་ན་ལས་བརྩམས་ནས་གསུངས་པ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་

པ་ངོ་བོ་ཉིད་མེད་པ་ཉིད་དོ། །བསྟན་བཅོས་ཤིན་དུ་རྒྱས་པ་བརྒྱ་པ་ལ་སོགས་པ་ལས་བསྟན་པ་དང་སྦྱར་ན་ནི་ཚིག་བཞི་ཆར་ཡང་ངོ་བོ་ཉིད་མེད་པ་ཉིད་དང་པོ་ལས་བརྩམས་ནས་བསྟན་པ་ཡིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། ཚིག་བཞི་ཆར་ཡང་ངོ་བོ་ཉིད་

མེད་པ་ཉིད་རྣམ་པ་གསུམ་ལས་བརྩམས་ནས་བསྟན་པ་ཡིན་པར་བཤད་དེ། །སྔ་མ་བཞིན་དུ་དབྱེ་བར་བྱའོ། །སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པ་དེ་ཡང་། དྲང་བའི་དོན་གྱི་བསྟན་པ་དག་ལས་ཆོས་རྣམས་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་

ལས་འདས་པ་ཁོ་ནའོ་ཞེས་སྟོན་པས་རང་གི་ལྟ་བ་ལ་གནས་པའི་གང་ཟག་དེ་དག་གིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་མི་ཤེས་པའི་ཕྱིར་མངོན་པར་ཡིད་ཆེས་པ་བསྐྱེད་པར་གྱུར་ཀྱང་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ནའོ་ཞེས་

เล่ม ๑๑๙ · หน้า 32b

བྱ་བ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་བྱ་བའི་བར་དུ་མངོན་པར་ཞེན་ཏེ། མངོན་པར་ཞེན་པའི་གང་ཟག་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ལོག་པར་ལྟ་བ་

ནི་རྣམ་པ་གསུམ་སྟེ། འབྲས་བུ་འཇིག་པར་བྱེད་ལ། རྒྱུ་འཇིག་པར་མི་བྱེད་པ་དང་། རྒྱུ་དང་འབྲས་བུ་གཉི་ག་འཇིག་པར་བྱེད་ལ། ཆོས་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་འཇིག་པར་བྱེད་པ་སྟེ། གསུམ་པ་ནི་ལྟ་བ་ངན་པའི་གང་ཟག་གོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་

པ་བཞིན་དུ་རིག་པར་བྱའོ། །ཕྲེང་ལྡན་མའི་མདོ་ལས་ནི། མུ་སྟེགས་ཅན་བསྟན་པའོ་ཞེས་གསུངས་སོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། བྱང་ཆུབ་སེམས་དཔའ་གང་སྒྲ་ཇི་བཞིན་དུ་དོན་འཛིན་ཅིང་། ཚུལ་བཞིན་དུ་ཆོས་སེམས་པ་མེད་པའི་ཕྱིར་རོ་ཞེས་བསྟན་

ཏེ། རྒྱ་ཆེར་དེ་ཉིད་ཀྱི་འགྲེལ་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །མདོ་འདི་ཉིད་ལས་ནི་སེམས་ཅན་གང་དག་ཅེས་འབྱུང་གི། བྱང་ཆུབ་སེམས་དཔའ་འམ། མུ་སྟེགས་ཅན་ཞེས་ནི་མ་གསུངས་ཏེ། དོན་དང་སྦྱར་ན་ནི་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དག་ལས་

བསྟན་པ་དང་མཐུན་ཏེ། ལྔ་པ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་མི་ལྡན་ཡང་། སྔ་མའི་བཞི་པོ་དགེ་བའི་རྩ་བ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །གཞི་དེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང་། མཚན་ཉིད་མེད་པར་ལྟ་བ་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་

པས་ནི་གཉིས་པ་མངོན་པར་ཞེན་པའི་ཉེས་དམིགས་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མངོན་པར་ཞེན་པའི་ཉེས་པ་ཉིད་ཡང་དག་པར་བསྟན་པ་དང་། ངའི་ཆོས་ལ་ཞེས་བྱ་བ་མན་ཆད་ཀྱིས་བརྒལ་བའི་ལན་བཏབ་པའོ། །དང་པོ་ཡང་རྣམ་པ་ལྔས་བསྟན་ཏེ། ཉེས་དམིགས་རྣམ་

པ་གཉིས་མདོར་བསྟན་པ་དང་། ཉེས་དམིགས་གཉིས་ཀྱི་མཚན་ཉིད་བསྟན་པ་དང་། བརྟག་པ་དང་། རྒྱ་ཆེར་རྣམ་པར་བཤད་པ་དང་། སྤྱིའི་མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། མངོན་པར་ཞེན་པས་རྒྱུ་དང་རྐྱེན་བྱས་པའི་ཕྱིར་ཆོས་ཐམས་ཅད་ལ་ལྟ་བ་གཉིས་ཐོབ་པར་གྱུར་པ་ཡིན་

เล่ม ๑๑๙ · หน้า 33a

ཏེ། མེད་པར་ལྟ་བ་དང་། མཚན་ཉིད་མེད་པར་ལྟ་བའོ། །ལྟ་བ་གཉིས་པོ་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མེད་པར་ལྟ་བ་ཞེས་བྱ་བ་ནི་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་མེད་པར་སྐུར་པའོ། །མཚན་ཉིད་མེད་པར་ལྟ་བ་ཞེས་

བྱ་བ་ནི་ཀུན་བརྟགས་མེད་དོ་ཞེས་སྐུར་པའོ་ཞེའོ། །ཁ་ཅིག་ན་རེ་མེད་པར་ལྟ་བ་ཞེས་བྱ་བ་ནི་ཆོས་ཀྱི་མེ་ལོང་གི་མདོ་ལས། ཡང་དག་པའི་ལྟ་བ་མ་ཡིན་པ་ཉི་ཤུ་རྩ་བརྒྱད་བསྟན་པ་ལས། ལྟ་བ་དང་པོའི་མཚན་ཉིད་དོ། །མཚན་ཉིད་མེད་པར་ལྟ་བ་ཞེས་བྱ་བ་ནི་དེའི་འོག་མ་ལྟ་བ་གསུམ་པོ་

འདི་ལྟ་སྟེ། གདགས་པ་འཇིག་པའི་ལྟ་བ་དང་། ཀུན་དུ་རྟོག་པ་འཇིག་པའི་ལྟ་བ་དང་། དེ་ཁོ་ན་ཉིད་འཇིག་པའི་ལྟ་བའོ། །དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་མདོ་དེ་ཉིད་བཤད་པའི་ཕྱིར། དེ་ལ་མཚན་ཉིད་དུ་ལྟ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐེག་པ་

ཆེན་པོའི་མདོ་དག་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པར་གསུངས་པའི་ཚིག་ཐོས་ནས་དགོངས་པ་ལེགས་པར་ཁོང་དུ་མ་ཆུད་པས་

སྒྲའི་དོན་གྱི་རྗེས་སུ་མོས་པ་བསྐྱེད་ནས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་སྙམ་ནས། ངོ་བོ་ཉིད་མེད་པ་ལ་སོགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ནི་མཚན་ཉིད་དུ་ལྟ་བ་ཞེས་བྱའོ། །

འདི་ལྟར་ངོ་བོ་ཉིད་མེད་པའི་མཚན་ཉིད་དེ། །དེ་དག་ལ་མངོན་པར་ཞེན་པ་ན་ངོ་བོ་ཉིད་རྣམ་པ་གསུམ་ལ་སྐུར་པ་བཏབ་ནས་ངོ་བོ་ཉིད་རྣམ་པ་གསུམ་ལ་སྐུར་པའི་རྣམ་པ་སྐྱེད་པས་དེ་ཉིད་ལྟ་བ་གསུམ་པོ་གདགས་པ་འཇིག་པའི་ལྟ་བ་དང་། ཀུན་ཏུ་རྟོག་པ་འཇིག་པའི་ལྟ་བ་དང་། དེ་ཁོ་ན་ཉིད་

འཇིག་པའི་ལྟ་བའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ཀྱི་འགྲེལ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ་ཞེའོ། །དེ་དང་མདོ་འདི་ལས་བསྟན་པའི་མིང་ཐ་དད་པར་གྱུར་པ་ཡང་དེ་ལས་ངོ་བོ་ཉིད་མེད་པར་ལྟ་བ་ཞེས་གསུངས་སོ། །དེ་ལས་ནི་ངོ་བོ་ཉིད་རྣམ་པ་གསུམ་འཇིག་པའི་རིགས་མ་སྨོས་

เล่ม ๑๑๙ · หน้า 33b

པའི་ཕྱིར། འཇིག་པའི་ལྟ་བ་ཞེས་བསྟན་ལ་འདིར་ནི་ངོ་བོ་ཉིད་རྣམ་པ་གསུམ་གྱི་མཚན་ཉིད་ལ་སྐུར་པ་འདེབས་པ་སྨོས་པའི་ཕྱིར་མཚན་ཉིད་མེད་པར་ལྟ་བ་ཞེས་གསུངས་སོ། །མེད་པར་ལྟ་བ་དང་། མཚན་ཉིད་མེད་པར་ལྟ་བ་ཐོས་པ་ཉིད་ཀྱི་ཕྱིར། མཚན་ཉིད་ཐམས་ཅད་ལ་མཚན་ཉིད་མེད་པའོ་

ཞེས་སྐུར་པ་འདེབས་ལ། ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཡང་སྐུར་པ་འདེབས་སོ་ཞེས་བྱ་བ་ནི་གཉིས་པ་ཉེས་དམིགས་རྣམ་པ་གཉིས་ཀྱི་མཚན་ཉིད་བསྟན་པའོ། །མདོའི་ཚིག་འདི་ལ་ཡང་

བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མེད་པར་ལྟ་བ་དང་། མཚན་ཉིད་མེད་པར་ལྟ་བ་ཐོབ་པ་ཉིད་ཀྱི་ཞེས་བྱ་བ་ནི་ལྟ་བ་གཉིས་ཅིག་ཅར་སྨོས་པའོ། །མཚན་ཉིད་ཐམས་ཅད་ལ་མཚན་ཉིད་མེད་པའོ་ཞེས་སྐུར་པ་འདེབས་ཞེས་བྱ་བ་ནི་ལྟ་བ་གཉིས་ཀྱིས་མངོན་པར་བསྒྲུབས་

པའི་ཉེས་དམིགས་རབ་ཏུ་བསྟན་པ་སྟེ། ངོ་བོ་ཉིད་རྣམ་པ་གསུམ་གྱི་མཚན་ཉིད་ལ་མཚན་ཉིད་མེད་པའོ་ཞེས་སྐུར་པས་སོ། །ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་རྣམ་པ་གསུམ་ལ་སྐུར་པ་འདེབས་པའི་ཉེས་དམིགས་རྣམ་པར་ཕྱེ་སྟེ་

བསྟན་ཏོ་ཞེའོ། །ཁ་ཅིག་ན་རེ་མེད་པར་ལྟ་བ་དང་། མཚན་ཉིད་མེད་པར་ལྟ་བ་དང་། འཐོབ་པ་ཞེས་བྱ་བ་ནི་ལྟ་བ་གཉིས་ཅིག་ཅར་སྨོས་པའོ། །མཚན་ཉིད་ཐམས་ཅད་ལ་མཚན་ཉིད་མེད་པའོ་ཞེས་སྐུར་པ་འདེབས་པ་ཞེས་བྱ་བ་ནི་མེད་པར་ལྟ་བ་རྣམ་པར་ཕྱེ་སྟེ་བསྟན་པའོ། །ཆོས་རྣམས་ཀྱི་

ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་མེད་པར་ལྟ་བ་རྣམ་པར་ཕྱེ་སྟེ་བཤད་པ་ཡིན་ནོ་ཞེའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གསུམ་པ་བརྟག་པའོ། །བརྟག་པ་ལས། རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་གསོར་

མི་རུང་བར་གསུངས། །ཞེས་འབྱུང་བ་ལྟ་བུ་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། སྟོང་པ་ཉིད་དུ་ལྟ་བ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལ་མངོན་པར་ཞེན་ནས་སྟོང་པ་འདི་ནི་ཡོད་པའོ་ཞེས་ཟེར་བ་གང་ཡིན་པའོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པ་འདི་ལ་ཉེས་པ་ཅི་ཡོད་ན། དེ་བཞིན་

เล่ม ๑๑๙ · หน้า 34a

གཤེགས་པས་སྟོང་པ་ཉིད་དུ་ལྟ་བའི་སེམས་ཅན་དེ་དག་གསོར་མི་རུང་བར་གསུངས། དོན་དེ་ཡང་ཇི་ལྟ་བུ་ཞེ་ན། ཇི་ལྟར་བཀྲུ་སྨན་འཐུངས་ནས་ནད་རྣམས་བསྐྱེད་དེ། འཁྲུར་མི་བཏུབ་ན་སླར་ནད་ཆེན་པོར་འགྱུར་བ་ལྟར། དེ་བཞིན་དུ་ཆོས་སྟོང་པ་ཉིད་དུ་གསུངས་

པ་དང་། ལྟ་བ་ངན་པ་རྣམས་སྤང་བའི་ཆེད་དུ་གསུངས་པ་ཡིན་ན། གལ་ཏེ་ཡང་སྟོང་པ་ཉིད་ལ་མངོན་པར་ཞེན་པར་གྱུར་ན་དེ་ནི་གསོར་མི་རུང་ཞེས་གསུངས་ཏེ། དོན་དེའི་ཕྱིར་སྟོང་པ་ཉིད་སྤང་བ་གང་ཡིན་པ་དེ་ནི་ཉེས་པ་མེད་པ་ཡིན་ནོ་ཞེས་འབྱུང་སྟེ། སྟོང་པ་ཉིད་དུ་འཛིན་པ་ནི་དཔེར་

ན་རྣལ་འབྱོར་པའི་མཁན་པོ་དག་སྟོང་པ་ཉིད་ཀྱི་དོན་རྣམ་པར་བཞག་ནས། དེ་ཁོ་ན་ཉིད་ཀྱི་དོན་དུ་འཛིན་པ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཤེས་རབ་སྒྲོན་མ་ལས། གཞན་ཡང་ས་བཅུ་བདུན་དུ་སྨྲ་བ་དག་ནི་འདི་སྐད་དུ། ཇི་ལྟར་བརྟགས་པ་བཞིན་

དུ་བདག་ཉིད་མེད་པའི་ཕྱིར་བརྟགས་པའི་བདག་ཉིད་སྟོང་པ་སྟེ། ཆོས་རྣམས་སྟོང་པ་ཉིད་འདི་ནི་ཡང་དག་པར་ཡོད་པ་ཡིན་ནོ། །ཇི་ལྟར་ཡང་དག་པར་ཡོད་པ་ཡིན་ཞེ་ན། བྱེད་པ་པོར་མི་རྟོག་པའི་ཕྱིར་རོ་ཞེས་ཟེར་ཏེ། བསྟན་བཅོས་མཛད་པས་སྨྲས་པ། ཁྱོད་དེ་ལྟར་མཐོང་

བ་ནི་སྟོང་པ་ཉིད་དུ་ལྟ་བ་ལ་མངོན་པར་ཞེན་པ་ཞེས་བྱའོ། །རྒོལ་བ་ན་རེ་ངེད་ཇི་ལྟར་ན་སྟོང་པ་ཉིད་ལ་མངོན་པར་ཞེན་པ་ཞེས་བྱ། བསྟན་བཅོས་མཛད་པས་སྨྲས་པ། འདི་ལྟར་ཆོས་ཐམས་ཅད་བདག་ཉིད་མེད་པའི་ཕྱིར་ནི་སྟོང་པ་ཉིད་ནི་ཡང་དག་པར་ཡོད་པའི་ཆོས་མ་ཡིན་པས་མངོན་པར་

ཞེན་པར་མི་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཉིས་པ་ནི་སློབ་དཔོན་ཆོས་སྐྱོང་ལ་སོགས་པས་འཕགས་པ་བྱམས་པའི་གཞུང་ལ་བརྟེན་ནས་སྟོང་པ་དང་། ཡོད་པ་ཉིད་དུ་བཤད་པ་ཡང་འདི་སྐད་དུ་སྟོན་ཏེ། །དེ་ལ་སྟོང་པ་ཉིད་ལེགས་པར་ཟིན་པ་ནི་

འདི་ལྟ་སྟེ། གཞན་གྱི་དབང་ལ་བརྟགས་པའི་ངོ་བོ་ཉིད་ནི་མེད་ལ། དེ་ཉིད་ལ་བདག་མེད་པ་ཉིད་ནི་ཡོད་དེ། འདི་ལྟར་ཡོད་པ་དང་། མེད་པ་གཉིས་ཀ་ཡང་སྟོང་པའོ་ཞེས་སྟོན་པའོ། །སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་གཞན་གྱི་དབང་ལ་བརྟགས་པའི་ངོ་བོ་ཉིད་ནི་མེད་ལ། གཞན་

เล่ม ๑๑๙ · หน้า 34b

གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཡོད་དོ་ཞེས་བསྟན་ན་མངོན་པར་ཡིད་མི་ཆེས་ཤིང་ཆོས་ཐམས་ཅད་ནི་གཏན་མེད་པའོ་ཞེས་མངོན་པར་ཞེན་པར་བྱེད་པ་ནི་སྟོང་པ་ཉིད་ལོག་པར་ཟིན་པ་ཞེས་བྱ་སྟེ། དེའི་ཕྱིར་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོའི་ལེའུ་གཉིས་པ་ལས། གང་ཟག་

རྣམ་པ་གཉིས་ནི་སངས་རྒྱས་ཀྱི་ཆོས་ལས་རིང་དུ་གྱུར་པས་སངས་རྒྱས་ཀྱི་སློབ་མ་ཡང་མ་ཡིན་ལ། སངས་རྒྱས་ཀྱི་ཆོས་ཀྱང་གཏན་དུ་སྟོར་བ་ཡིན་ཏེ། གང་གིས་གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་ཡང་དག་པའི་ངོ་བོ་ཉིད་ཡོད་དོ་ཞེས་ཟེར་བ་དང་། འཇིག་རྟེན་རྣམ་པར་གཞག་

པའི་ངོ་བོ་ཉིད་ལ་མངོན་པར་ཡིད་མི་ཆེས་པའོ། །གང་ཟག་འདི་ལྟ་བུ་རྣམ་པ་གཉིས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་འོས་སུ་ཡང་མི་རུང་བས་གལ་ཏེ་སྦྱིན་པར་བྱེད་ན་ཚུལ་ཁྲིམས་ཀྱང་འཐོབ་པར་མི་འགྱུར་ལ། སློབ་དཔོན་ཡང་ཉེས་པ་དང་བཅས་པར་འགྱུར་རོ། །

ཅིའི་ཕྱིར་འཐོབ་པར་མི་འགྱུར་ཞེ་ན། ཆོས་ཡང་དག་པ་ལ་སྐུར་པ་འདེབས་ཤིང་། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་གང་གིས་ཐོབ་པ་མ་ཡིན་གྱི། སེམས་དང་ངག་ཚོགས་ན་གདོད་འཐོབ་པས་སོ། །གལ་ཏེ་ཁ་ཅིག་ཐེག་པ་ཆེན་

པོའི་མདོ་སྡེ་ལས་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་བཤད་དོ་ཞེས་ཟེར་ན་ཡང་ཁ་ན་མ་ཐོ་བ་ཆེན་པོ་ཐོབ་པར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་སྡེའི་དོན་ལེགས་པར་ཁོང་དུ་མ་ཆུད་པར་ང་རྒྱལ་གྱི་སེམས་ཀྱིས་བདག་ལེགས་པར་ཁོང་དུ་ཆུད་དོ་ཞེས་རང་གི་སེམས་ཀྱི་རྗེས་སུ་ཡང་དག་པ་མ་

ཡིན་པའི་བསམ་པས་གཞན་དག་ལ་རྒྱ་ཆེར་བསྟན་ན་ཡང་ཁ་ན་མ་ཐོ་བ་ཆེན་པོ་དག་འཐོབ་པར་འགྱུར་རོ། །གལ་ཏེ་ཡང་འདི་སྐད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ཡོད་པ་མ་ཡིན་ནོ། །འཇིག་རྟེན་རྣམ་པར་གཞག་པར་ཇི་ལྟར་ཡོད་པར་འགྱུར་ཞེས་ཟེར་ན་ཡང་ཁ་ན་མ་ཐོ་བ་ཆེན་པོ་ཐོབ་པར་

འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་སྐུར་པ་འདེབས་པ་ནི་མུ་སྟེགས་ཅན་རྫོགས་བྱེད་ལ་སོགས་པའི་སློབ་མ་ཡང་དག་པ་ཡིན་ཏེ། ཇི་ལྟར་རྫོགས་བྱེད་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་དོ་ཞེས་སྨྲ་བ་ལྟར། སངས་རྒྱས་ཀྱི་ཆོས་ལས་ཀྱང་ཡོད་ཀྱང་ཡོད་མེད་ཀྱང་མེད་པར་སྟོན་ཏོ་ཞེས་

เล่ม ๑๑๙ · หน้า 35a

གལ་ཏེ་ལ་ལ་ཞིག་གིས་ཆོས་ཐམས་ཅད་སྟོང་པའོ་ཞེས་ཟེར་ན། གང་ཟག་དེ་ནི་ལྷན་ཅིག་གནས་ཤིང་འབེལ་བའི་གཏམ་སྨྲ་བ་དང་། གསོ་སྦྱོང་བྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་དུ་མི་རུང་བ་ཉིད་དུ་ཤེས་པར་བྱའོ། །གལ་ཏེ་ལྷན་ཅིག་གནས་པ་ནས་སོ་སོར་ཐར་པའི་

མདོ་འདོན་པའི་བར་དུ་བྱེད་ན་ཡང་ཁ་ན་མ་ཐོ་བ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་དོན་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས། ཇི་ལྟར་ན་ཡང་དག་པར་ཤེས་པ་ཡིན་ཞེ་ན། འདི་ལྟར་གང་གི་གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་

རྣམ་པར་རྟོག་པ་ཙམ་དུ་ཟད་ཀྱི། མཚན་ཉིད་རྣམ་པ་སྣ་ཚོགས་ཀྱི་ངོ་བོ་ཉིད་ནི་མེད་པ་ཉིད་དོ་ཞེས་བྱ་བ་ནི་གཟུགས་སྟོང་པ་ཉིད་དོ། །གཟུགས་ཀྱི་དེ་ཁོ་ན་འཇིག་རྟེན་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་སྟོང་པ་མ་ཡིན་པ་ཞེས་བྱའོ་ཞེས་དོན་དེའི་ཕྱིར་གཟུགས་ཀྱི་ཆོས་གཅིག་ཁོ་ན་ལ་ཡོད་

པ་ཡང་ཡིན། མེད་པ་ཡང་ཡིན་ཞེས་སྟོན་ཅིང་། དེ་གཉིས་ཤེས་པ་ཉིད་ཀྱི་ཕྱིར་ཡོད་པ་ཡང་ཡིན་སྟོང་པ་ཡང་ཡིན་པ་དེ་ཉིད་ལ་རྣམ་པར་རྟོག་པས་མངོན་པར་ཞེན་པ་མི་བསྐྱེད་པ་ནི་སྟོང་པ་ཉིད་ཀྱི་དོན་ཡང་དག་པར་ཤེས་པ་ཞེས་བྱའོ་ཞེས་གསུངས་ཏེ། རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་

བཞིན་ནོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཇི་ལྟར་ན་སྟོང་པ་ཉིད་ལེགས་པར་ཟིན་པ་ཡིན་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་ངེས་སྟོང་པར་ཡང་དག་པར་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་

བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་སོ་སོར་ཡོངས་སུ་འཛིན་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་

ལས། སྟོང་པའི་མཚན་ཉིད་ནི་འདི་ལྟ་སྟེ། གང་ལ་གང་མེད་པ་དེ་ནི་ངེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ཡང་ལྷག་མ་གང་ཡིན་པ་དེ་ནི་འདི་ལྟར་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ། ཕྱིན་

เล่ม ๑๑๙ · หน้า 35b

ཅི་མ་ལོག་པ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས། སྟོང་པ་ཉིད་ཀྱི་རང་གི་མཚན་ཉིད་ནི་ཡོད་པ་དང་། མེད་པར་ངེས་པ་ཡང་མ་ཡིན་ནོ། །དེ་ལ་ཡོད་པར་ངེས་པ་མ་ཡིན་པ་ནི་འདི་ལྟ་སྟེ། འདུ་བྱེད་རྣམས་ལ་སེམས་ཅན་གྱི་རང་བཞིན་དང་། ངོ་བོ་ཉིད་ཀྱི་

རང་བཞིན་གཏན་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡོད་པར་ངེས་པ་མ་ཡིན་པ་ནི་འདི་ལྟ་སྟེ། འདི་ལ་སེམས་ཅན་བདག་མེད་པ་དང་། ཆོས་ཀྱི་དེ་ཁོ་ན་ཉིད་ཡོད་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་པ་ལས། བདེན་པ་གཉིས་སུ་ཡོད་

ཅེས་བྱར་ཡང་མི་རུང་ལ། མེད་ཅེས་བྱར་ཡང་མི་རུང་སྟེ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་ཕྱིར་རོ། །དོན་དམ་པའི་བདེན་པར་ཡོད་ཅེས་བཤད་དུ་ཡང་མི་རུང་ལ། མེད་ཅེས་བཤད་དུ་ཡང་མི་རུང་བ་ནི་གང་ཟག་དང་། ཆོས་མེད་པའི་ཕྱིར་ནི་ཡོད་ཅེས་བྱར་མི་རུང་ལ། སྟོང་

པ་ཉིད་གཉིས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་ནི་མེད་ཅེས་བྱར་མི་རུང་ངོ་། །ཀུན་རྫོབ་ཀྱི་བདེན་པར་ཡང་དེ་བཞིན་ཏེ། ཀུན་རྫོབ་ཏུ་རྟོག་པའི་ངོ་བོ་ཉིད་ཀྱི་ཕྱིར་ནི་ཡོད་ཅེས་བྱར་མི་རུང་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་ཕྱིར་ནི་མེད་ཅེས་བྱར་ཡང་མི་རུང་ངོ་། །གཞན་ཡང་དོན་དམ་པའི་བདེན་པར་ཡོད་

པ་དང་མེད་པར་ངེས་པ་མེད་པས་གང་ཟག་དང་ཆོས་མེད་ཀྱང་ཡོད་པ་མ་ཡིན་ལ། སྟོང་པ་ཉིད་རྣམ་པ་གཉིས་ཡོད་ཀྱང་ཡོད་པ་མ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པར་ཡང་དེ་བཞིན་ཏེ། ཀུན་རྫོབ་ཏུ་རྟོག་པའི་ངོ་བོ་ཉིད་ཀྱི་ཕྱིར་ནི་མེད་པར་ངེས་པ་ཡང་མ་ཡིན་ལ། གཞན་གྱི་དབང་གི་ངོ་བོ་ཉིད་

ཀྱི་ཕྱིར་ནི་ཡོད་པར་ངེས་པ་ཡང་མ་ཡིན་ནོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཇི་ལྟར་ན་སྟོང་པ་ཉིད་ལོག་པར་ཟིན་པ་ཡིན་ཞེ་ན། དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་གང་གིས་སྟོང་པ་ཉིད་དེ་ཡང་མི་འདོད་ལ། གང་གིས་སྟོང་པ་ཉིད་དེ་ཡང་མི་

འདོད་པ་འདི་ལྟ་བུ་འདི་ནི་སྟོང་པ་ཉིད་ལོག་པར་ཟིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་ནི་མེད་པ་ཡིན་ལ། གང་སྟོང་པ་དེ་ནི་ཡང་དག་པར་ཡོད་པ་ཡིན་པའི་ཕྱིར། རིགས་པ་དེས་སྟོང་པ་ཞེས་བཤད་དེ། གལ་ཏེ་ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག །

เล่ม ๑๑๙ · หน้า 36a

གང་གིས་སྟོང་པར་འགྱུར་ཏེ། དེས་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ་། །དེ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ལོག་པར་བཟུང་ནས་

འདི་སྐད་ཅེས་ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ལ། དོན་དམ་པར་ནི་ཆོས་ཐམས་ཅད་མེད་དོ་ཞེས་ཟེར་རོ། །དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཀུན་རྫོབ་ནི་གང་ཡིན། དོན་དམ་པ་ནི་གང་ཡིན་ཞེས་བརྗོད་པར་བྱའོ། །དེ་སྐད་ཅེས་དྲིས་པ་ནི་གལ་ཏེ་འདི་སྐད་ཅེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་

པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ལ། ངོ་བོ་ཉིད་མེད་པའི་ཆོས་དེ་དག་ལ་ངོ་བོ་ཉིད་དུ་དམིགས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་ནི་ཡོད་པ་མ་ཡིན་བདག་ལ་ཀུན་རྫོབ་ཏུ་བྱེད་པ་དང་། འདོགས་པ་དང་། མངོན་པར་བརྗོད་པ་དང་། ཐ་སྙད་དུ་བྱེད་

པའི་ཕྱིར་རོ་ཞེས་ལན་འདེབས་པར་འགྱུར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ངོ་བོ་ཉིད་དུ་དམིགས་པ་དེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་པར་འདོད་དམ། འོན་ཏེ་མངོན་པར་བརྗོད་པ་དང་ཀུན་རྫོབ་ཙམ་ཞིག་ཡིན་པར་འདོད། གལ་ཏེ་མངོན་པར་བརྗོད་

པ་དང་ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེས་ན་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་པས་ཡོད་པ་མ་ཡིན་ནོ་ཞེས་བྱར་མི་རུང་ངོ་། །གལ་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཙམ་ཞིག་ཡིན་ན་ནི་དེས་ནི་གཞི་མེད་པར་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཙམ་ཞེས་

བྱར་མི་རུང་ངོ་། །དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཅིའི་ཕྱིར་གང་དམིགས་པ་དེ་མེད་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་བྱའོ། །དེ་སྐད་ཅེས་དྲིས་པ་ན་གལ་ཏེ་འདི་སྐད་ཅེས་ཕྱིན་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་ལན་འདེབས་པར་འགྱུར་ན་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ།

ཅི་ཕྱིན་ཅི་ལོག་དེ་ཡོད་པར་འདོད་དམ། འོན་ཏེ་མེད་པར་འདོད། གལ་ཏེ་ཡོད་ན་ནི་དེས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ནི་དོན་དམ་པའོ་ཞེས་བྱར་མི་རུང་ངོ་། །གལ་ཏེ་མེད་ན་ནི་དེས་ན་ཕྱིན་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར། གང་དམིགས་པ་དེ་ངོ་བོ་ཉིད་མེད་དོ་ཞེས་བྱར་མི་

เล่ม ๑๑๙ · หน้า 36b

རུང་ངོ་ཞེས་འབྱུང་སྟེ། བསྟན་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །གཞན་ཡང་བསྟན་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་པ་ལས། གཞན་ཡང་གང་ཟག་མངོན་པའི་ང་རྒྱལ་ཅན་དག་སྟོང་པ་ཉིད་ལྟ་བ་ཉིད་དུ་བཟུང་སྟེ། འདི་ནི་ཡང་དག་པའི་

སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་ཡིན་ནོ་ཞེས་སྟོང་པའི་རྣམ་པར་ཐར་པའི་སྒོ་དེ་ཉིད་ལ་སྟོང་པ་ཉིད་དུ་མངོན་པར་ཞེན་ནས་ཡོད་པ་དང་མེད་པ་ཐམས་ཅད་ནི་སྟོང་པའོ་ཞེས་ཟེར་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་དེ་ནི་ཡོད་པ་མ་ཡིན་པ་ཉིད་དུ་འགྱུར་ལ། ཡོད་པ་མ་ཡིན་པ་ཉིད་དུ་འགྱུར་བའི་

ཕྱིར། རྒྱུ་དང་འབྲས་བུ་དང་། བདེན་པ་གཉིས་ཀྱི་རིགས་པ་ཡང་ཉམས་པར་འགྱུར་རོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ཉེས་པ་ཉིད་ཀྱི་ཕྱིར་ནི་ལོག་པར་ལྟ་བ་ཉིད་དུ་ལྷུང་བར་འགྱུར་བས་འདི་ལྟ་བུའི་མངོན་པར་ཞེན་པ་དག་ནི་སྟོང་པ་ཉིད་ལས་བྱུང་བའི་ཕྱིར་དེ་ལ་མངོན་པར་གྲུབ་པ་ཡིན་

གྱི། ལོག་པར་ཞན་པ་ལས་མ་ཡིན་ནོ། །ལོག་པར་འཛིན་པ་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་དབང་གིས་བསལ་བར་བྱ་བ་ཡིན་ནོ། མངོན་པར་ཞེན་པ་འདི་ནི་སྟོང་པ་ཉིད་ལས་འབྱུང་བའི་ཕྱིར་གསོར་མི་རུང་བའི་གང་ཟག་ཅེས་བཤད་དོ་ཞེས་གསུངས་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་

འོད་སྲུངས་ལ་བཀའ་སྩལ་པ། གང་ལ་ལ་ཞིག་བདག་ཏུ་ལྟ་བ་རི་རབ་ཙམ་དུ་འཛིན་པ་ནི་ངས་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཟློག་ཏུ་རུང་བའི་ཕྱིར་རོ། །གང་ཟག་མངོན་པའི་ང་རྒྱལ་ཅན་གང་སྟོང་པ་ཉིད་དུ་འཛིན་པ་སྐྲའི་ཉག་མ་གཅིག་གི་བཞི་ཆ་གཅིག་ཙམ་སྐྱེས་ན་ཡང་།

ངས་མྱུར་དུ་སྨོད་ཅིང་གདོན་མི་ཟ་བར་གནང་ངོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས། གཞན་ཡང་ཆོས་རྣམས་ཀྱི་ཡང་དག་པའི་དོན་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང་། བདག་མེད་པའི་དོན་གང་ཡིན་པའོ། །

གལ་ཏེ་དེ་ལྟ་ན་རིགས་པ་འདི་ལ་ཡང་ཉེས་པ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཁ་ཅིག་སྟོང་པ་ཉིད་དང་། བདག་མེད་པ་ཐོས་ནས་ཆོས་རྣམས་ནི་མེད་པའོ་ཞེས་རྒྱུ་དང་འབྲས་བུའི་ཡང་དག་པའི་རིགས་པ་ཐམས་ཅད་ལ་སྐུར་པ་འདེབས་ཤིང་དགེ་བའི་རྩ་བ་ཐམས་ཅད་ཆོད་པར་

เล่ม ๑๑๙ · หน้า 37a

བྱེད་པ་རང་གི་ལྟ་བ་ཉེས་པ་དང་བཅས་པ་དེ་དག་སྟོང་པ་ཉིད་དང་། བདག་མེད་པའི་ཉེས་པ་མ་ཡིན་ནམ། སྟོང་པ་ཉིད་ལ་ལོག་པར་བཟུང་བའི་བདག་གིས་ཡང་དག་པ་མ་ཡིན་པས་ལོག་པར་ལྟ་བ་བསྐྱེད་ནས་ཉེས་པར་སྤྱོད་པ་བྱས་པ་རྣམས་ཀྱི་སྟོང་པ་ཉིད་དང་།

བདག་མེད་པའི་དོན་ནི་སེམས་དང་། ཚིག་གིས་དཔག་པར་མི་ནུས་ཏེ། དེ་བདག་གིས་འཐོབ་པར་འགྱུར་བ་མ་ཡིན་པས་སོ་སོའི་སྐྱེ་བོ་དག་ཆོས་རྣམས་སྟོང་པའོ་ཞེས་ཐོས་ནས་འཕགས་པའི་དགོངས་པ་མ་ཤེས་ནས་ཀུན་རྫོབ་ཙམ་དུ་ཡོད་པའི་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་ཤིང་

དགེ་བའི་ཆོས་རྣམས་འཇིག་པར་བྱེད་པ་དེ་ཅི་སྟོང་པ་ཉིད་དང་། བདག་མེད་པའི་ཉེས་པ་ཡིན་ནམ། འཕགས་པ་རྣམས་སྟོང་པ་ཉིད་ཀྱི་གསུངས་པ་བསྟན་པ་ལ་དགོངས་པ་ཅི་ཡོད་ཅེ་ན། ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པ་ཡོད་པ་ཉིད་དུ་འཛིན་པ་རབ་ཏུ་བསྩལ་བའི་ཕྱིར་རོ། །

གལ་ཏེ་དེ་ལྟ་ན་ཆོས་རྣམས་ཀྱང་གསུངས་པ་ཉིད་དུ་འགྱུར་ཏེ། ཡང་དག་པ་མ་ཡིན་པས་ཆོས་རྣམས་སྟོང་པ་ཉིད་དུ་འཛིན་པ་རབ་ཏུ་བསྩལ་བའི་ཕྱིར་རོ་ཞེ་ན། ཡང་དག་པར་ན་གང་དག་ཆོས་རྣམས་སྟོང་པ་ཉིད་དུ་འཛིན་པའི་ཆེད་དུ་དེ་བཞིན་གཤེགས་པས་ཆོས་རྣམས་ཡོད་པ་ཉིད་དུ་

ཡང་གསུང་བར་མཛད་དོ། །གལ་ཏེ་འཛིན་པ་བཙལ་བའི་ཆེད་དུ་ཡོད་པར་གསུངས། སྟོང་པ་ཉིད་དུ་ཡང་གསུངས་པ་ཡིན་ན། ཆོས་རྣམས་ཀྱི་ཡང་དག་པའི་དོན་དེ་སྟོང་པ་ཞིག་གམ། འོན་ཏེ་ཡོད་པ་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ཡང་དག་པའི་དོན་ནི་ཡོད་པ་མ་ཡིན། སྟོང་པ་

ཡང་མ་ཡིན་ཏེ། རྣམ་པར་རྟོག་པའི་སྤྲོས་པ་དག་གིས་འཐོབ་པར་མི་ནུས་པས་སོ། །ཅིའི་ཕྱིར་འཕགས་པས་གསུངས་པ་དག་བརྫུན་པ་མ་ཡིན་ཞེ་ན། ལོག་པར་ཟིན་པ་རབ་ཏུ་སེལ་བའི་ཕྱིར་བརྫུན་པ་མ་ཡིན་ནོ། །སྟོང་པ་དང་ཡོད་པའི་བསྟན་པ་གཉིས་ཀ་ཡང་འཛིན་པ་རབ་ཏུ་སེལ་

བ་ཡིན་ན། ཅིའི་ཕྱིར་དེ་བཞིན་གཤེགས་པས་ཕལ་ཆེར་སྟོང་པ་ཉིད་ཀྱི་བསྟན་པ་གསུང་བར་མཛད། འདི་ལྟར་སེམས་ཅན་རྣམས་ཕལ་ཆེ་བ་ཡོད་པ་ཉིད་དུ་འཛིན་ཅིང་འཁོར་བ་ཡང་ཕལ་ཆེར་ཡོད་པར་འཛིན་པ་ལས་འབྱུང་བས། དེའི་ཕྱིར་དེ་བཞིན་གཤེགས་པས་ཡོད་པ་ཉིད་དུ་

เล่ม ๑๑๙ · หน้า 37b

འཛིན་པ་རབ་ཏུ་བསལ་བ་དང་། འཁོར་བའི་སྡུག་བསྔལ་སྤང་བའི་ཆེད་དུ་སྟོང་པ་ཉིད་ཀྱི་བསྟན་པ་ཕལ་ཆེར་གསུངས་པ་ཡིན་ནོ། །གལ་ཏེ་སྟོང་པ་ཉིད་དང་ཡོད་པ་གཉི་ག་ཡང་བསྟན་པའི་སྒོ་ཡིན་ན། ཅིའི་ཕྱིར་སྔར་སྟོང་པ་ཉིད་ཡང་དག་པའི་དོན་ཡིན་ཞེས་བསྟན་ཅེ་ན། ཐབས་ཀྱིས་བརྟགས་

པ་ཙམ་དུ་བསྟན་པ་ཡིན་པས་ཕན་ཚུན་འགལ་བ་མེད་དོ། །གཞན་ཡང་སྟོང་པ་ཞེས་བྱ་བའི་ཚིག་འདི་ནི་མ་ཡིན་པ་དགག་ཅིང་། མ་ཡིན་པ་ཉིད་དུ་སྟོན་པས་སྟོང་པ་ཉིད་ཡོད་པ་ཁོ་ན་མ་ཡིན་གྱི། སྟོང་པ་ཉིད་ཀྱང་ཡོད་དེ། སྟོང་པ་ཉིད་ཀྱིས་འཛིན་པའི་སེམས་ཅན་ཐམས་ཅད་སེལ་ཅིང་

ཆོས་རྣམས་ཐམས་ཅད་ཡོད་པ་ཡང་མ་ཡིན། སྟོང་པ་ཉིད་ཀྱང་མ་ཡིན་པ་མཐར་ཐུག་པ་ཡང་དག་པའི་དོན་རྟོགས་པར་བྱེད་ཀྱང་། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ནི་ཡང་དག་པར་ན་སྟོང་པ་ཉིད་ཀྱི་རང་བཞིན་ཡང་མ་ཡིན་ཏེ། སྟོང་པ་ཉིད་སྒོར་གྱུར་པའི་ཕྱིར་བརྟགས་པ་ཙམ་དུ་སྟོང་

པ་ཉིད་ཅེས་བསྟན་པས་དེ་ཁོ་ན་ཉིད་ཀྱི་དོན་ནི་སྟོང་པ་ཉིད་ཀྱང་མ་ཡིན་ནོ། །སྟོང་པ་ཉིད་སྒོར་གྱུར་པ་ཡང་དེ་ཁོ་ན་ཉིད་ཀྱི་དོན་ནི་ཡོད་པ་མ་ཡིན་པས་ཡོད་པའི་སྒོར་འགྱུར་བའི་རིགས་སོ་ཞེ་ན། དབང་པོའི་རྗེས་སུ་སྒོ་ཞེས་བཤད་པ་ཡིན་པས་ཡོད་པ་ཉིད་ལ་བྱ་ན་ཡང་ཉེས་པ་མེད་

ཀྱང་སྒོའི་དོན་ནི་སྟོང་པ་ཉིད་དང་རྗེས་སུ་མཐུན་པས་ཡོད་པ་ཡོད་ཅེས་བྱ་བ་ཐམས་ཅད་ནི་མངོན་པར་ཞེན་པའི་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་ལ། སྟོང་པ་སྟོང་པ་ཞེས་བྱ་བ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའི་འཛིན་པ་དག་རབ་ཏུ་སེལ་བས་དེ་ལྟ་བས་ན་བློ་དང་ལྡན་པ་དག་ནི་

སྟོང་པ་ཞེས་བྱ་བའི་ཚིག་ཐོས་ནས་ཡང་ཡོད་པ་དང་མེད་པར་འཛིན་པ་ཐམས་ཅད་དང་བྲལ་བས་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་ཁོང་དུ་ཆུད་དེ། ཡོད་པ་དང་མེད་པའི་རྣམ་པར་རྟོག་པའི་སྤྲོས་པ་སྐྱེད་པར་མི་བྱེད་དོ་ཞེས་སྟོན་ཏོ། །སྟོང་པ་ཉིད་ལ་

ལོག་པར་བཟུང་བའི་ཉེས་དམིགས་ཀྱི་མཚན་ཉིད་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེ་ཉིད་ལས་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་དགོངས་པའི་དོན་བསྟན་པ་དག་ཐོས་ན།

เล่ม ๑๑๙ · หน้า 38a

བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས་ཚུལ་བཞིན་མ་ཡིན་པར་བརྟགས་ཏེ་རིགས་པ་མ་ཡིན་པས་བསྐྱེད་པའི་རྟོག་གེ་ཙམ་གྱིས་འདི་དག་ཐམས་ཅད་ནི་བརྟགས་པ་ཙམ་དུ་ཟད་དེ། འདི་ཁོ་ན་ཡིན་ནོ། །སུ་འདི་ལྟར་ལྟ་བ་དེ་ནི་ཡང་དག་

པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་དག་གི་ལྟར་ན་འདོགས་པའི་གཞིའི་དངོས་པོ་ཙམ་ཡང་མེད་པས་འདོགས་པ་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ན་བརྟགས་པ་ཙམ་གྱི་ཁོ་ན་ལྟ་ཡོད་པར་ག་ལ་འགྱུར་ཏེ། དེའི་ཕྱིར་རྣམ་གྲངས་དེས་ན་དེ་དག་

གིས་དེ་ཁོ་ན་དང་། བརྟགས་པ་དེ་ཁོ་ན་ལ་ཡང་སྐུར་པ་བཏབ་པར་འགྱུར་ཏེ། བརྟགས་པ་དང་དེ་ཁོ་ན་ལ་སྐུར་པ་བཏབ་པས་ན་མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་མེད་པ་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་མཛངས་པ་རྣམས་ཀྱིས་སྨོས་པའི་འོས་མ་ཡིན་

པ་དང་། འགྲོགས་པར་མི་བྱ་བ་ཡིན་ཏེ། དེ་ནི་བདག་ཉིད་ཀྱང་ཕུང་བར་བྱེད་ལ། འཇིག་རྟེན་གང་དེའི་ལྟ་བ་ལ་ཕྱོགས་པ་ཡང་ཕུང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་འདི་ལ་དགོངས་ནས་འདི་ན་ལ་ལ་གང་ཟག་ཏུ་ལྟ་བ་ནི་བླའི། ལ་ལ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་དེ་ལྟ་མ་

ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཏུ་ལྟ་བ་ཅན་གྱི་སྐྱེ་བོ་ནི་ཤེས་བྱ་ལ་རྨོངས་པ་འབའ་ཞིག་ཏུ་ཟད་ཀྱི། ཤེས་བྱ་ཐམས་ཅད་ལ་སྐུར་པ་འདེབས་པ་མ་ཡིན་ཏེ། གཞི་དེས་ན་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་ལ། གཞན་ཡང་ཆོས་འདོད་པ་དང་།

སྡུག་བསྔལ་རྣམས་ལས་ཐར་བར་འདོད་པ་དག་ཀྱང་ཕུང་བར་བྱེད་ཅིང་སླུ་བར་མི་བྱེད་ལ། ཆོས་དང་བདེ་བ་ལ་ཡང་འགོད་པར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་མི་འགྱུར་རོ། །སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ་ཤེས་བྱ་

ཐམས་ཅད་ལ་ཡང་སྐུར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ལ། གཞན་ཡང་ཆོས་འདོད་པ་དང་སྡུག་བསྔལ་ལས་རྣམ་པར་ཐར་བར་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ། བསླབ་པའི་གཞི་དེ་དག་ལ་ཡང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་

เล่ม ๑๑๙ · หน้า 38b

དག་པ་ཇི་ལྟ་བ་བཞིན་གྱི་དངོས་པོ་ལ་སྐུར་པ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ནོ་ཞེས་འབྱུང་ངོ་། །བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས་ཀྱང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་བཤད་དེ། དེའི་ཕྱིར་དེ་ཉིད་ལས། གཞན་

ཡང་ཤེས་རབ་ཞན་པ་དག་གི་མདུན་དུ་སྟོང་པ་ཉིད་དང་། བདག་མེད་པའི་དོན་བརྗོད་ན་ལྟ་བ་ངན་པ་འཕེལ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚིག་ལེའུར་བྱས་པ་ལས། དེ་ཡིས་བདག་ཏུ་འཛིན་པ་བསྐྱེད་སླ་ཡི། །སྟོང་དང་བདག་མེད་ལྟ་བ་དེ་ལྟ་མིན། །དེ་ན་ངན་འགྲོ་དག་ལ་གཞོལ་

བའང་ཡིན། །དང་པོ་མྱ་ངན་འདས་ལ་རྒྱབ་ཀྱིས་ཕྱོགས། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། དེའི་བྱ་བ་ནི་འཇིག་རྟེན་ན་ཤེས་རབ་ཞན་པ་གང་ཡིན་པ་དག་གོ། བདག་ཏུ་འཛིན་པ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། བདག་གིར་ལྟ་བ་དེ་ཡང་བདག་ཏུ་འཛིན་པ་

དང་བཅས་པ་དང་། དེའི་ཕྱིར་བདག་ཏུ་འཛིན་པ་ཞེས་བྱ་བའི་ཚིག་གིས་ལྟ་བ་དེ་ཡང་བསྡུས་སོ། །བདག་ཏུ་འཛིན་པ་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་མ་ཡིན་མོད་ཀྱི། དེ་འབྱུང་བ་ནི་སླ་སྟེ། ཉེས་དམིགས་ཡང་བའི་ཕྱིར་རོ། །སྟོང་པ་ཉིད་དང་བདག་མེད་པར་ལྟ་བ་ནི་ཡང་

དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ཡིན་མོད་ཀྱི། འོན་ཀྱང་དེ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་མི་ཆུད་དེ། གཞི་དེས་ཆོས་རྣམས་ལ་སྐུར་པ་འདེབས་ཤིང་། འཇིག་པར་བྱེད་པས་ཉེས་པ་ལྕི་བའི་ཕྱིར་དེ་མི་འབྱུང་བར་མཛད་པའོ། །རྣམ་པ་འདི་གཉིས་ཀྱི་ཉེས་པ་

ལྕི་ཡང་དུ་གྱུར་པ་ཡང་གང་ཞེ་ན། འདི་ལྟ་སྟེ། དང་པོ་བདག་ཏུ་འཛིན་པ་ནི་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཁོ་ནའོ། །ཕྱི་མ་སྟོང་པ་ཉིད་ལ་ལོག་པར་འཛིན་པ་དག་ནི་ངན་འགྲོ་ལ་གཞོལ་བ་ཡང་ཡིན་ཏེ། ཤེས་རབ་ཞན་པ་དེ་དག་སྟོང་པ་ཉིད་ལོག་པར་འཛིན་པ་ན་དགེ་

བའི་རྩ་བ་དག་ལ་ཡང་སྐྱོ་བར་བྱེད་ན། སེམས་ཅན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟར་དེ་དག་དགེ་བ་དང་། འཇིག་རྟེན་ལ་རྒྱབ་ཀྱིས་ཕྱོགས་པ་དང་། དགེ་བའི་རྩ་བ་བཅད་དེ་སེམས་ཅན་ལ་གནོད་པ་བྱས་པའི་དབང་གིས་ཤིན་ཏུ་བསིལ་བའི་མྱ་ངན་ལས་འདས་པ་འབའ་

เล่ม ๑๑๙ · หน้า 39a

ཞིག་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་གྱི། རང་གི་ལུས་ཀྱང་སེམས་ཅན་དམྱལ་བའི་མེ་ཡོངས་སུ་འཛིན་པར་བྱེད་དེ། བདག་ཏུ་ལྟ་བ་བསྐྱེད་པ་ལ་ནི་དངོས་པོ་དེ་ལྟ་བུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་བདེ་བ་དང་བདག་མེད་པ་སྡུག་བསྔལ་དང་བྲལ་བར་འདོད་པས་

སྡིག་པ་རྣམས་ཀྱང་མི་བྱེད་ལ་བསོད་ནམས་ཆེན་པོ་དག་ཀྱང་བསྩགས་ནས་ངན་འགྲོ་རྣམས་ལས་གྲོལ་བར་འགྱུར་བས་ལྷ་དང་མིའི་ལུས་ཀྱང་སྟོང་པར་མི་འགྱུར་ཏེ། མྱ་ངན་ལས་འདས་པ་ལ་སྐྲག་ཅིང་རྣམ་པར་གྲོལ་བ་མངོན་དུ་མི་བྱེད་པ་ཁོ་ནར་ཟད་པས། དེའི་ཕྱིར་མདོ་དག་ལས།

བདག་ཏུ་ལྟ་བ་རི་རབ་ཙམ་བསྐྱེད་པ་ནི་སླའི། སྟོང་པ་ཉིད་ལ་ལོག་པར་བཟུང་ནས་མངོན་པའི་ང་རྒྱལ་བྱེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་ཆོས་རྣམས་ཀྱི་སྟོང་པ་ཉིད་དང་། བདག་མེད་པའི་དོན་ནི་གཡང་སའི་འགྲོ་བ་དང་ཉེ་བར་གྱུར་པས་འཕགས་པ་དག་

གིས་བསྟན་པའི་མི་རིགས་སོ་ཞེ་ན། ཡང་དག་པར་ན་ཤེས་རབ་ཞན་པ་དག་གི་མདུན་དུ་བཤད་པ་ནི་མི་རིགས་ཏེ། ཤེས་རབ་ཁྱད་པར་ཅན་དག་གིས་ནི་དེ་དག་གི་རྗེས་སུ་བསྒྲུབས་ནས་ཕན་ཡོན་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་དེ་དག་ལ་ནི་བཤད་པ་དགོས་སོ་ཞེས་འབྱུང་བ་

ཡིན་ནོ་ཞེའོ།། །།བམ་པོ་སུམ་ཅུ་པ། ངའི་ཆོས་ལ་ཆོས་སུ་འདུ་ཤེས་སྐྱེད་པར་བྱེད་མོད་ཀྱི། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བརྒལ་བའི་ལན་བཏབ་པ་སྟོན་ཏོ། །བརྒལ་བ་རྣམ་པ་གཉིས་ཀྱི་ལན་བསྟན་པ་ཉིད་ལས་རྣམ་པ་གཉིས་སུ་

དབྱེ་སྟེ། ཆོས་ལ་ཡང་མངོན་པར་ཡིད་ཆེས་པས་གལ་ཉིད་དུ་མི་འགྲུབ་པར་བསྟན་པ་དང་། ཆོས་ལ་མངོན་པར་ཡིད་ཆེས་པས་བསོད་ནམས་དང་ཡེ་ཤེས་དང་ལྡན་པར་འགྱུར་བའི་གལ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། བརྒལ་བའི་ལན་དེ་ཉིད་ཡང་དག་

པར་བསྟན་པ་དང་། གཏན་ཚིགས་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ངའི་བསྟན་པ་ལ་བརྟེན་ནས། བསྟན་པའི་འདུ་ཤེས་སྐྱེད་པར་བྱེད་ཀྱང་། ཡང་དག་པའི་དོན་མ་ཡིན་པ་ལ། ཡང་དག་པའི་དོན་དུ་འདུ་ཤེས་པས་བསྟན་པ་ལ་ཡིད་ཆེས་ཀྱང་ཉེས་

เล่ม ๑๑๙ · หน้า 39b

པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ངའི་ཆོས་ལ་ཆོས་སུ་འདུ་ཤེས་པའི་ཕྱིར་དང་། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པའི་ཕྱིར། ཆོས་དེ་དག་ལ་ཡང་ཆོས་སུ་འཛིན། དོན་མ་ཡིན་པ་ལ་ཡང་དོན་དུ་འཛིན་ཏོ་ཞེས་བྱ་བ་ནི་གཉིས་པ་གཏན་ཚིགས་བསྟན་པའོ། །འདི་ལྟར་

ངའི་ཆོས་ལ་ཆོས་སུ་འདུ་ཤེས་པའི་ཕྱིར། ཆོས་དེ་དག་ལ་ཆོས་ཡང་དག་པ་ཉིད་དུ་མངོན་པར་ཡིད་ཆེས་པ་དང་། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པའི་ཕྱིར་ཡང་དག་པའི་དོན་མ་ཡིན་པ་ལ་ཡང་དག་པའི་དོན་དུ་འཛིན་ཏོ་ཞེས་བྱའོ། །དེ་དག་ཆོས་ལ་མོས་པའི་ཕྱིར། བསོད་ནམས་

འཕེལ་བར་འགྱུར་མོད་ཀྱི། འོན་ཀྱང་དོན་མ་ཡིན་པ་ལ་མངོན་པར་ཞེན་པའི་ཕྱིར། ཤེས་རབ་ལས་ཡོངས་སུ་ཉམས་པའི་ཕྱིར་ནི་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང་། ཤིན་ཏུ་དཔག་ཏུ་མེད་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་ཆོས་ལ་མངོན་པར་

ཡིད་ཆེས་པས་བསོད་ནམས་དང་། ཡེ་ཤེས་དང་ལྡན་པར་འགྱུར་བའི་གལ་བསྟན་པའོ། །ཕྱི་རོལ་པ་དག་འདི་སྐད་དུ་གནས་འདིའི་བྱང་ཆུབ་སེམས་དཔའ་དངོས་པོ་བཞི་དང་ལྡན་པས། བསྟན་པ་ཐོས་པ་ཙམ་གྱིས་ཡིད་ཆེས་པར་འགྱུར་ན། ཅིའི་ཕྱིར་བསོད་ནམས་དང་ཡེ་

ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་ཞེས་རྒོལ་བའི་ཕྱིར་ལན་དུ་འདི་གསུངས་པ་ཡིན་ཏེ། ཆོས་ལ་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་བསོད་ནམས་འཕེལ་བར་འགྱུར་མོད་ཀྱི། དོན་མ་ཡིན་པ་ལ་མངོན་པར་ཞེན་པ་ཉིད་ཀྱི་ཕྱིར། ཤེས་རབ་ཡོངས་སུ་ཉམས་པར་འགྱུར་ལ་

ཤེས་རབ་ཡོངས་སུ་ཉམས་པའི་ཕྱིར། དགེ་བ་དཔག་ཏུ་མེད་པ་ཡང་ཉམས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་ཉམས་པར་འགྱུར་བ་ཡོད་དམ། གལ་ཏེ་དེ་ལྟར་གྱུར་ན་ཡང་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་ཉམས་པར་གྱུར་ན། བཀོད་

པ་ལ་མོས་པའི་མདོ་ལས་གསུངས་པ་དེ་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་སྟེ། མདོ་དེ་ལས་ནི་རིགས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔས་དུས་གཅིག་ཏུ་འཛམ་བུའི་གླིང་གི་སེམས་ཅན་རྣམས་བསད་པའི་ཁ་ན་མ་ཐོ་བ་དེ་དང་ལྡན་ཡང་། སེམས་ཅན་དམྱལ་བར་ལྟུང་བར་

เล่ม ๑๑๙ · หน้า 40a

མི་འགྱུར་རོ། །གླིང་བཞི་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་བར་གྱི་སེམས་ཅན་རྣམས་བསད་ཀྱང་། སེམས་ཅན་དམྱལ་བར་ལྟུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་བསྐལ་པ་དཔག་ཏུ་མེད་པ་ནས་སངས་རྒྱས་མང་པོ་ལ་མཆོད་པ་བྱས་

ཤིང་། བསོད་ནམས་དང་ཡེ་ཤེས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པས། ཁ་ན་མ་ཐོ་བ་ཆེན་པོ་བྱས་ཀྱང་། བསོད་ནམས་ཆེ་བའི་ཕྱིར་སྡིག་པ་ཡང་འབྱང་ལ། སེམས་ཅན་དམྱལ་བར་ལྟུང་བར་མི་འགྱུར་རོ་ཞེས་གསུངས་པ་དང་། གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་

བྱས་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། བསྐལ་པ་གྲངས་མེད་པ་དང་པོ་བསྟན་པའི་སྐབས་ནས། སེམས་བརྟན་ཁྱད་པར་འགྲོ་བ་ཡི། །ཞེས་བྱ་བ་ནི་མི་དགེ་བའི་གྲོགས་པོ་དང་ཕྲད་པར་གྱུར་ནས། ཐབས་ཀྱིས་མོས་པ་ཟློག་པར་བྱེད་ཀྱང་། བྱང་ཆུབ་

ཆེན་པོའི་སེམས་ཡོངས་སུ་མི་གཏོང་ཞིང་། མཐོང་བའི་ཆོས་དང་། ཚེ་རབས་ཕྱི་མ་ལ་དགེ་བའི་ཆོས་གོང་ནས་གོང་དུ་འཕེལ་བ་དང་། ཡོངས་སུ་མི་ཉམས་པའི་ཕྱིར་རོ་ཞེས་བཤད་དེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །

གལ་ཏེ་ཡོངས་སུ་ཉམས་པར་མི་འགྱུར་ན། །ས་ཡོངས་སུ་འཛིན་པའི་མདོ་ལས་རིགས་ཀྱི་སའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཇི་ལྟར་བརྡ་ཕྲད་པར་བྱ་ཞེ་ན། སྨྲས་པ། དོན་འདི་ལ་ཡང་བཤད་པ་

རྣམ་པ་གཉིས་ཡོད་དེ། དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིགས་ལ་གནས་པ་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་རིན་པོ་ཆེའི་ངོ་བོ་ཉིད་བསྟན་པ་ལས། ཁ་ཅིག་གིས་ཀླུ་སྒྲུབ་ཀྱི་ས་ཡོངས་སུ་འཛིན་པའི་མདོ་ལས། རིགས་ཀྱི་སའི་

བྱང་ཆུབ་སེམས་དཔའ་མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཞེས་གསུངས་པའི་དོན་དེ་ཇི་ལྟ་བུ་ཡིན་ཞེས་དྲིས་པ་དང་། །ཀླུ་སྒྲུབ་ཀྱིས་སྨྲས་པ། དེ་སྐད་གསུངས་པའི་མདོ་ཡོད་མོད་ཀྱི། བདག་ནི་དེ་སྐད་སྨྲ་བའི་ཐུག་མི་ཐུབ་པོ། །དེ་ཅིའི་ཕྱིར་ཞེ་ན། འཕེལ་བ་

เล่ม ๑๑๙ · หน้า 40b

དང་སྒྲིབ་པ་མེད་པའི་མདོ་ལས། རིགས་ཀྱི་སའི་བྱང་ཆུབ་སེམས་དཔའ་ནི་ནམས་ཀྱང་སེམས་ཅན་དམྱལ་བར་ལྟུང་བར་མི་འགྱུར་རོ་ཞེས་བསྟན་པས། བཀོད་པ་ལ་མོས་པའི་མདོ་དང་མཐུན་ཏེ། ས་ཡོངས་སུ་འཛིན་པ་ལ་སོགས་པ་ལས་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ནི།

སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་དག་འཇིགས་པ་སྐྱེད་ཅིང་། མྱུར་དུ་ས་དང་པོ་ཐོབ་པར་མཛད་པའི་ཕྱིར་གསུངས་པ་ཡིན་གྱི། དེ་ཡང་དག་པར་མནར་མེད་པར་ལྟུང་བར་འགྱུར་བར་གསུངས་པ་ནི་མ་ཡིན་ནོ་ཞེས་འབྱུང་ངོ་། །སློབ་དཔོན་རྟ་སྐད་ཀྱིས་མོས་པ་

བསྐྱེད་པའི་བསྟན་བཅོས་མཛད་པ་ལས་ཀྱང་། གོང་མ་སྐད་དུ་བཤད་དེ། དེའི་ཕྱིར་དེ་ཉིད་ལས་མདོ་དག་ལས་ཡོངས་སུ་ཉམས་ཤིང་ངན་འགྲོར་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ནི་ཡང་དག་པར་ལྟུང་བར་འགྱུར་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་སློབ་པ་དང་པོ་པ་

ཡང་དག་པའི་གནས་སུ་མ་ཞུགས་པ་ལེ་ལོ་ཅན་དག་འཇིགས་པ་དང་། ནན་ཏན་བརྩོན་འགྲུས་བསྐྱེད་པའི་ཕྱིར་རོ་ཞེས་བཤད་དོ། །གཉིས་པ་ནི་འཕགས་པ་བྱམས་པའི་གཞུང་གིས་བསྟན་པ་སྟེ། འདི་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་

ཀྱིས་བསྟན་པ་དང་མཐུན་ནོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའི་ས་ལས་བསྟན་པའི་མདོ་ལ་བརྟེན་ནས། གནས་པ་བཅུ་ཡན་ཆད་ནི་རིགས་ཀྱི་གནས་ཞེས་བྱའོ་ཞེས་བཤད་དོ། གནས་པ་བཅུ་ལས་ཀྱང་སྔ་མ་དྲུག་ནི་ཡོངས་སུ་ཉམས་པར་འགྱུར་བ་ཞེས་བྱའོ། །བདུན་

པ་ནི་ཡོངས་སུ་ཉམས་པར་མི་འགྱུར་བའོ་ཞེས་བཤད་པས་དེའི་ཕྱིར་རིགས་ལ་གནས་པ་ལ་ཡང་ཡོངས་སུ་ཉམས་པར་འགྱུར་བའི་དོན་ཡོད་པར་རིག་པར་བྱའོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་

སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་བསྒོམ་པ་ལ་ཆུང་ངུར་བྱེད་པ་དང་། རྒྱུན་ཆགས་མ་ཡིན་པར་བྱེད་པ་དང་། ངེས་པར་མི་བྱེད་པ་དང་། ཐོབ་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་མོས་པས་སྤྱོད་པའི་བྱང་ཆུབ་

เล่ม ๑๑๙ · หน้า 41a

སེམས་དཔའ་ནི་ཆེད་འགའ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལས་ཀྱང་གཏོང་བར་མི་འགྱུར་རོ་ཞེས་བཤད་དེ། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། ས་ཡོངས་སུ་འཛིན་པའི་མདོ་ལས་ཀྱང་འདི་དང་མཐུན་པར་འབྱུང་ངོ་། །

གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའ་གང་མོས་པས་སྤྱོད་པའི་ས་ལ་གནས་པ་ནི་གཅིག་པུ་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་བཤད་དེ། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། ས་ཡོངས་སུ་འཛིན་པའི་མདོ་ལས་

ཀྱང་དེ་སྐད་དུ་གསུངས་སོ། །བཀོད་པ་ལ་མོས་པའི་མདོ་དང་། ཐེག་པ་ཆེན་པོ་བསྡུས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་བསྟན་པ་དེ་ནི་ཕལ་ཆེ་བའི་དབང་དུ་མཛད་ནས་བསྟན་པ་ཡིན་གྱི། དོན་མཐར་ཐུག་པ་ནི་མ་ཡིན་ནོ་ཞེའོ། །གཞན་ཡང་སེམས་

ཅན་གང་དག་གཞན་ལས་ཆོས་སུ་དང་། དོན་མ་ཡིན་པ་ལ་དོན་དུ་ཐོས་ནས་དེ་དག་གི་ལྟ་བའི་རྗེས་སུ་འབྲང་བར་བྱེད་ན། དེ་ལ་ནི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང་། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པས་ཆོས་ལ་ཆོས་སུ་དང་། དོན་མ་ཡིན་པ་ལ་དོན་དུ་མངོན་པར་

ཞེན་པར་གྱུར་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སློབ་མས་བརྟགས་པ་རྣམ་པར་འབྱེད་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། བརྟགས་པ་རྣམ་པ་གཉིས་རྣམ་པར་ཕྱེ་སྟེ་བཤད་པ་དང་། གཞི་དེས་ཞེས་བྱ་བ་མན་ཆད་ཀྱིས་བརྟགས་པ་རྣམ་པ་གཉིས་

བསྟན་པའི་མཇུག་བསྡུ་བའོ། །དང་པོ་ཡང་བརྟགས་པ་རྣམ་པ་གཉིས་ཡོད་པ་ཉིད་ལས་རྣམ་པ་གཉིས་སུ་དབྱེ་སྟེ། ཇི་ལྟར་ཐོས་པ་བཞིན་དུ་སྒྲའི་རྗེས་སུ་མངོན་པར་ཞེན་པར་གྱུར་པ་བསྟན་པ་དང་། དེ་དག་གི་ལྟ་བའི་རྗེས་སུ་འབྲང་བར་མི་བྱེད་ཅིང་། མངོན་པར་

ཡིད་མི་ཆེས་པའི་གང་ཟག་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། སྒྲའི་རྗེས་སུ་མངོན་པར་ཞེན་པར་གྱུར་པར་བསྟན་པ་དང་། མངོན་པར་ཞེན་པའི་ཉེས་དམིགས་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་སེམས་ཅན་དེ་སྟོན་པ་གསུམ་པ་ལས་བསྟན་པ་དག་ཐོས་

เล่ม ๑๑๙ · หน้า 41b

པ་ཡང་སློབ་དཔོན་དེ་ཆོས་ལ་ཆོས་སུ་དང་། དོན་མ་ཡིན་པ་ལ་དོན་དུ་མཐོང་བས་ན་དེ་དང་སྟོང་པ་ཐ་དད་དུ་ལྟ་བ་མེད་པར་གྱུར་པའོ། །དེ་ལ་བྱེ་བྲག་ཏུ་གྱུར་པ་ཡོད་པ་ཡང་། སྟོན་པ་གསུམ་པ་དེ་ནི་སངས་རྒྱས་ཀྱི་བསྟན་པ་མཉན་ནས་ཐོས་པ་ཡིན་ལ། །གང་ཟག་བཞི་

པ་འདི་ནི་ཕ་རོལ་ལས་བརྒྱུད་དེ་ཐོས་པ་ཡིན་པས་སྟོན་པ་དང་བརྟགས་པ་མཐུན་པ་ཡིན་ནོ། །ཆོས་མངོན་པ་དང་སྦྱར་ན་ནི་སྔ་མ་བཞིན་དུ་སྟོན་པ་གསུམ་པ་བྱང་ཆུབ་སེམས་དཔའ་ཡིན་པར་བཤད་པ་རྣམ་པར་དབྱེ་བར་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་

མདོ་དང་སྦྱར་ན་ནི་སྟོན་པ་གསུམ་པ་འདི་ལོག་པར་ལྟ་བའི་གང་ཟག་ཡིན་པར་སྟོན་པས་དེའི་ཕྱིར་དེ་ཉིད་ལས། གཞན་ཡང་སེམས་ཅན་གང་དག་ལོག་པར་ལྟ་བའི་གང་ཟག་དེ་དག་ལས་ཆོས་ཐོས་ནས་ཤེས་པ་འབྱུང་བ་ཡིན་ནོ། །གཞི་དེས་ན་དེ་དག་དང་མཚུངས་པར་དགེ་

བའི་ཆོས་ཡོངས་སུ་ཉམས་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མངོན་པར་ཞེན་པའི་ཉེས་དམིགས་བསྟན་པ་སྟེ། སྔར་བསྟན་པའི་གསུམ་པ་དག་དང་འདྲ་བར་དགེ་བ་དཔག་ཏུ་མེད་པ་ལས་ཉམས་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སེམས་ཅན་

གང་དག་དེའི་ལྟ་བའི་རྗེས་སུ་འབྲང་བར་མི་བྱེད་པ་དག་ནི་དེ་དག་ལས་ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་ཐོས་ན་སྐྲག་

ཅིང་དངང་ལ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་དག་གི་ལྟ་བའི་རྗེས་སུ་འབྲང་བར་མི་བྱེད་ཅིང་། མངོན་པར་ཡིད་མི་ཆེས་པའི་གང་ཟག་བསྟེན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། བསྟན་པ་ཐོས་ཀྱང་མངོན་པར་ཡིད་མི་ཆེས་པར་གྱུར་པ་བསྟན་པ་དང་།

གཞི་དེས་ན་ཞེས་བྱ་བ་མན་ཆད་ཀྱིས་མངོན་པར་ཡིད་མི་ཆེས་པའི་ཉེས་དམིགས་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བསྟན་པ་ཐོས་པས་སྐྲག་ཅིང་དངང་བར་འགྱུར་བར་བསྟན་པ་དང་། ཕྱིན་ཅི་ལོག་གི་ཤེས་པའི་དབང་གིས་སྐྲག་པ་སྐྱེ་བར་

เล่ม ๑๑๙ · หน้า 42a

བསྟན་པ་དང་། ཤེས་པའི་དབང་གིས་སྐུར་པ་འདེབས་པར་གྱུར་པ་བསྟན་པ་སྟེ་འདི་ནི་དང་པོའོ། །འདི་ལྟར་སེམས་ཅན་དེ་སྟོན་པ་གསུམ་པ་ལས་དེའི་བསྟན་པ་ཐོས་ཀྱང་སྟོན་པ་སྔ་མ་དེའི་ལྟ་བའི་རྗེས་སུ་མི་འབྲང་བས་ཆོས་ཐམས་

ཅད་ངེས་པར་ངོ་བོ་ཉིད་མེད་པ་ལ་སོགས་པའོ་ཞེས་བསྟན་པ་དང་། དེ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པའོ་ཞེས་བྱ་བའི་ཚིག་ཐོས་པ་ན་སེམས་ལ་སྐྲག་པ་སྐྱེས་ནས། ཇི་ལྟར་ན་ཆོས་རྣམས་ངོ་བོ་ཉིད་མེད་པ་ལ་སོགས་པ་ཡིན་ཞེས་བསྟན་

པ་དེའི་དབང་གིས་སྐྲག་ཅིང་དངང་བར་གྱུར་པའོ། །གང་ཟག་རྣམ་པ་གསུམ་གྱིས་བསྟན་པ་ལ་སྐྲག་པ་སྐྱེ་བར་འགྱུར་ཏེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། གཞན་ཡང་ཅིའི་ཕྱིར་སེམས་ཅན་ཁ་ཅིག་ཤིན་ཏུ་རྒྱས་

པ་ཟབ་པ་དག་ལ་མོས་པར་མི་འགྱུར་ཞིང་སྐྲག་པར་འགྱུར་ཞེ་ན། ཆོས་ཉིད་དང་བྲལ་བའི་ཕྱིར་དང་། དགེ་བའི་རྩ་བ་མ་བསྐྱེད་པའི་ཕྱིར་དང་། མི་དགེ་བའི་གྲོགས་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །དེ་ལ་ཆོས་ཉིད་ནི་འདི་ལྟ་སྟེ། མྱ་ངན་ལས་འདའ་

བའི་རིགས་ཅན་དག་ཡིན་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་སེམས་ཅན་ཁ་ཅིག་ལ་མྱ་ངན་ལས་འདའ་བའི་རིགས་མེད་པའི་ཕྱིར། སེམས་ཤིན་ཏུ་དམན་པར་གྱུར་ནས་ཤིན་ཏུ་རྒྱས་པ་ཟབ་པ་དག་ལ་མོས་པར་མི་འགྱུར་བ་དེའི་ཕྱིར་སྐྲག་

པར་འགྱུར་བ་ཡིན། གཞན་ཡང་སེམས་ཅན་ཁ་ཅིག་མྱ་ངན་ལས་འདའ་བའི་རིགས་དང་ལྡན་ཡང་བྱང་ཆུབ་ཆེན་པོར་ཡང་དག་པར་སྨོན་པ་ལ་སོགས་པའི་དགེ་བའི་རྩ་བ་མ་བསྐྱེད་པའི་ཕྱིར། དེ་ལ་མོས་པར་མི་འགྱུར་བས་དེའི་ཕྱིར་ཡང་སྐྲག་པར་

འགྱུར་བ་ཡིན་ནོ། །གཞན་ཡང་སེམས་ཅན་ཁ་ཅིག་དགེ་བའི་རྩ་བ་བསྐྱེད་པ་ཡིན་མོད་ཀྱི། ཐེག་པ་ཆེན་པོ་ལ་སྐུར་པ་འདེབས་པའི་སེམས་ཅན་མི་དགེ་བའི་གྲོགས་པོས་ཡོངས་སུ་བཟུང་བའི་ཕྱིར་དེ་ལ་མོས་པར་མི་འགྱུར་ཏེ། དེའི་ཕྱིར་ཡང་སྐྲག་པ་ཡིན་ནོ་ཞེས་

เล่ม ๑๑๙ · หน้า 42b

བསྟན་པ་ལྟ་བུའོ། །ཀུན་དུ་དངང་བར་གྱུར་ནས་འདི་སྐད་ཅེས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཟེར་ཞེས་བྱ་བ་ནི་གཉིས་པ་ཕྱིན་ཅི་ལོག་གི་ཤེས་པའི་དབང་གིས་སྐྲག་པ་སྐྱེ་བར་བསྟན་པའོ། །འདི་ལྟར་སྐྲག་པའི་དབང་གིས་ལོག་

པའི་ཤེས་པས་འདི་སྐད་དུ་སངས་རྒྱས་ཀྱི་བསྟན་པ་ངེས་པར་མ་ཡིན་པས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཟེར་བའོ། །དེ་ལྟར་རིག་ནས་མདོ་སྡེ་དེ་དག་ལ་སྐུར་པ་འདེབས་པར་བྱེད། མི་བསྔགས་པ་རྗོད་པར་བྱེད། ངན་དུ་རྗོད་

པར་བྱེད་ཅེས་བྱ་བ་ནི་གསུམ་པས་ཤེས་པ་ལོག་པའི་དབང་གིས་སྐུར་པ་འདེབས་པར་བསྟན་པའོ། །ཆོས་ལ་སྐུར་པ་འདེབས་པའི་རྐྱེན་ཡང་རྣམ་པ་གཉིས་སམ། ཡང་ན་རྣམ་པ་བཞི་ཡོད་དེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཚེ་དང་ལྡན་པ་

རབ་འབྱོར་གྱིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། གང་ཟག་གཏི་མུག་ཅན་དེ་དག་རྒྱུ་དང་རྐྱེན་དུའི་སླད་དུ་ཆོས་ཟབ་མོ་དག་ལ་སྐུར་པ་འདེབས་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུ་དང་རྐྱེན་གཉིས་ཀྱིས་ཏེ། ལོག་

པའི་བདུད་ཀྱིས་རབ་ཏུ་བསླུས་པ་དང་། །ཆོས་ཟབ་མོ་དག་ལ་མོས་པར་མི་འགྱུར་བའོ། །གཞན་ཡང་རབ་འབྱོར་རྒྱུ་དང་རྐྱེན་རྣམ་པ་བཞིས་ཆོས་ཟབ་མོ་དག་ལ་སྐུར་པ་འདེབས་པར་བྱེད་དེ། མི་དགེ་བའི་གྲོགས་པོས་བསླུས་པ་དང་། དགེ་བའི་ཆོས་ལ་ནན་ཏན་གྱིས་

སྒྲུབ་པར་མི་བྱེད་པ་དང་། མནར་སེམས་དང་ལྡན་ཞིང་གཞན་གྱི་ཉེས་པ་ཚོལ་བ་ལ་དགའ་བ་དང་། ཕྲག་དོག་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་སྟེ། རྒྱུ་དང་རྐྱེན་དེ་དག་དང་ལྡན་པའི་ཕྱིར་གང་ཟག་གཏི་མུག་ཅན་དེ་དག་ཆོས་ཟབ་མོ་ལ་སྐུར་པ་འདེབས་པས་ལས་

ཤིན་ཏུ་ལྕི་བ་དཔག་ཏུ་མེད་པ་སྐྱེད་པར་བྱེད་དོ་ཞེས་གསུངས་ཏེ། གཞན་ཡང་དེ་ཉིད་དང་ལེའུ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་། ཆོས་ལ་སྐུར་པ་འདེབས་པའི་རྐྱེན་གཞི་འདི་ལས་བསྟན་པ་དག་དང་མཐུན་པར་འབྱུང་ངོ་། །གཞི་དེས་

เล่ม ๑๑๙ · หน้า 43a

ཕོངས་པ་ཆེན་པོ་འཐོབ་པར་འགྱུར་ཞིང་། ལས་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་མངོན་པར་ཡིད་མི་ཆེས་པའི་ཉེས་དམིགས་བསྟན་པའོ། །གོང་དུ་བསྟན་པ་ལྟ་བུའི་ཆོས་ལ་སྐུར་པ་བཏབ་པའི་དབང་གིས་ཕོངས་པ་ཆེན་པོ་

ཐོབ་པར་འགྱུར་ཞིང་། ལས་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་བའོ། །གཞི་དེས་ན་ངས་གང་དག་མཚན་ཉིད་ཐམས་ཅད་ལ་མཚན་ཉིད་མེད་པར་ལྟ་བ་དང་། དོན་མ་ཡིན་པ་ལ་དོན་དུ་སྟོན་པར་བྱེད་པ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྤྱིའི་མཇུག་བསྡུ་བ་སྟོན་ཏོ། །

འདི་ཡང་རྣམ་པ་གཉིས་ཏེ། བརྟགས་པ་དང་པོའི་མཇུག་བསྡུ་བ་དང་། བརྟགས་པ་ཕྱི་མའི་མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཕ་རོལ་ལས་ཆོས་ཐོས་པའི་མངོན་པར་ཞེན་པ་ཉིད་ཀྱིས་རྐྱེན་བྱས་པའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པའི་ངོ་བོ་ཉིད་རྣམ་པ་

གསུམ་གྱི་མཚན་ཉིད་དག་ལ་མཚན་ཉིད་མེད་པར་བསྟན་པ་དང་། དོན་མ་ཡིན་པ་ལ་དོན་དུ་སྟོན་པ་ཉིད་ཀྱིས་ལོག་པར་ལྟ་བ་ཉིད་དུ་མངོན་པར་འགྲུབ་པའོ། །ལས་ཀྱི་སྒྲིབ་པ་ཆེན་པོ་བསྐྱེད་པའི་ཐབས་ཡིན་ནོ་ཞེས་བཤད་དེ། དེས་སྐྱེ་བོ་ཚད་མེད་པ་སླུ་བར་བྱེད་ཅིང་ལས་ཀྱི་སྒྲིབ་པ་ཆེན་པོ་ཐོབ་པར་

བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་བརྟགས་པ་ཕྱི་མའི་མཇུག་བསྡུ་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །ཡང་ན་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ལ་རྣམ་པ་གཉིས་ཏེ། སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་རྒྱ་ཆེར་རྣམ་པར་བཤད་པ་དང་། གཞི་དེས་ན་ཞེས་བྱ་བ་མན་ཆད་ནི་སྤྱིའི་མཇུག་

བསྡུ་བའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་ཕྱི་མ་བཟང་ངོ་། །རིགས་ཀྱི་བུ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད་སྒྲིབ་པ་ཡོངས་སུ་མ་དག །རྒྱུད་ཡོངས་སུ་མ་སྨིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པ། དྲང་པོ་མ་ཡིན་ཞིང་དྲང་པོའི་རང་བཞིན་

ཅན་མ་ཡིན་པ་དག་ནི་རྟོག་པ་སེལ་ནུས་པའི་མཐུ་དང་ལྡན་ཡང་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་དངོས་པོ་ལྔ་ཡང་གཏན་མེད་ལ། རང་གི་ལྟ་བ་ལ་གནས་པ་མངོན་པར་ཡིད་ཆེས་པ་ཡང་མེད་པའི་གང་ཟག་བསྟན་པའོ། །འདི་ཡང་རྣམ་པ་

เล่ม ๑๑๙ · หน้า 43b

གསུམ་སྟེ། དངོས་པོ་ལྔ་དང་མི་ལྡན་པར་བསྟན་པ་དང་། མངོན་པར་ཡིད་མི་ཆེས་པ་ཉིད་རབ་ཏུ་བསྟན་པ་དང་། སྐུར་པ་འདེབས་པའི་ཉེས་དམིགས་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། དངོས་པོ་ལྔ་དང་མི་ལྡན་པར་བསྟན་པ་དང་། དངོས་པོ་

གསུམ་གྱི་བྱེ་བྲག་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་དག་གིས་ཆོས་དེ་ཐོས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ངའི་དགོངས་ཏེ་བཤད་པ་ཟབ་མོ་རབ་ཏུ་མི་ཤེས་ཤིང་། ཆོས་དེ་ལ་མོས་པར་ཡང་མི་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་མངོན་པར་ཡིད་མི་ཆེས་པ་

ཉིད་རབ་ཏུ་བསྟན་པའོ། །འདི་ཡང་རྣམ་པ་ལྔར་དབྱེ་སྟེ། མདོ་སྡེ་ཐོས་ཀྱང་ཡིད་ཆེས་པར་མི་འགྱུར་བ་ཉིད་དང་། འདུ་ཤེས་གཉིས་འབྱུང་བ་དང་། མངོན་པར་ཞེན་པ་གཉིས་འབྱུང་བ་དང་། གཞི་དེས་ལོག་པར་ཤེས་པ་སྐྱེ་བར་འགྱུར་བ་དང་། སྐུར་པ་ཉིད་ཡང་དག་པར་བསྟན་པའོ། །

འདི་ནི་དང་པོ་སྟེ། འདི་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་ཉིད་ཀྱི་ཕྱིར་དགོངས་ཏེ་གསུངས་པའི་བསྟན་པ་ཐོས་ན་ཡང་མངོན་པར་ཡིད་ཆེས་པར་མི་འགྱུར་བའོ། །ཆོས་དེ་ལ་ཆོས་མ་ཡིན་པའི་འདུ་ཤེས་ཤིང་། དོན་ལ་དོན་མ་ཡིན་པར་འདུ་ཤེས་པས་ཞེས་བྱ་བ་ནི་གཉིས་

པ་འདུ་ཤེས་གཉིས་འབྱུང་བར་བསྟན་པའོ། །འདི་ལྟར་སྔར་བསྟན་པ་ཐོས་ཀྱང་མོས་པར་མ་གྱུར་པ་ཉིད་ཀྱི་ཕྱིར་ཆོས་དང་དོན་ལ་ལོག་པའི་འདུ་ཤེས་རྣམ་པ་གཉིས་བསྐྱེད་པར་གྱུར་པའོ། །ཆོས་དེ་དག་ལ་ཡང་ཆོས་མ་ཡིན་པར་མངོན་པར་ཞེན་ལ། དོན་ལ་ཡང་དོན་མ་ཡིན་པར་མངོན་

པར་ཞེན་ནས་ཞེས་བྱ་བ་ནི་གསུམ་པ་མངོན་པར་ཞེན་པ་རྣམ་པ་གཉིས་འབྱུང་བར་བསྟན་པ་སྟེ། འདི་ལྟར་འདུ་ཤེས་སྔ་མ་གཉིས་ཀྱི་དབང་གིས་མངོན་པར་ཞེན་པ་གཉིས་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་ཅེས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། བདུད་ཀྱིས་

སྨྲས་པ་ཡིན་ནོ་ཞེས་ཟེར་ཞེས་བྱ་བ་ནི་བཞི་པ་གཞི་དེས་ལོག་པར་ཤེས་པ་སྐྱེ་བར་བསྟན་པའོ། །འདི་ལྟར་ཆོས་དང་དོན་ལ་མངོན་པར་ཞེན་པ་གཉིས་བསྐྱེད་པའི་ཕྱིར་རྒྱུ་དང་རྐྱེན་དེས་ལོག་པའི་ཤེས་པ་འདི་འབྱུང་བར་འགྱུར་བའོ། །དེ་ལྟར་རིག་ནས་མདོ་སྡེ་དེ་དག་ལ་སྐུར་

เล่ม ๑๑๙ · หน้า 44a

པ་འདེབས་པར་བྱེད། མི་བསྔགས་པ་རྗོད་པར་བྱེད་ངན་དུ་རྗོད་པར་བྱེད་ཅིང་། ལྷད་ཅན་ཡིན་པར་སྐུར་ནས་རྣམ་གྲངས་དུ་མར་མདོ་སྡེ་དེ་དག་སྤངས་པ་དང་། ཆུད་གཟན་པ་དང་རྣམ་པར་གཞིག་པར་ཡང་བྱེད་ཅེས་བྱ་བ་ལ་སོགས་པས་ནི་ལྔ་པ་སྐུར་པ་

ཉིད་ཡང་དག་པར་བསྟན་པའོ། །འདི་ཡང་རྣམ་པ་གསུམ་སྟེ། མདོ་སྡེ་ཉིད་ལ་སྐུར་པ་འདེབས་པ་ཡང་དག་པར་བསྟན་པ་དང་། མདོ་སྡེ་ལ་མོས་པ་རྣམས་ལ་སྡང་བར་བསྟན་པ་དང་། ཆོས་ལ་སྐུར་པའི་རྐྱེན་རྣམ་པར་འབྱེད་པ་སྟེ། འདི་ནི་དང་པོའོ། །གང་གིས་མདོ་སྡེ་དག་ལ་

མོས་པ་རྣམས་ལ་ཡང་དགྲར་འདུ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་མདོ་སྡེ་ལ་མོས་པ་རྣམས་ལ་སྡང་བར་བསྟན་པའོ། །དེ་དག་ནི་དང་པོ་ཉིད་ནས་ཀྱང་ལས་ཀྱི་སྒྲིབ་པས་བསྒྲིབས་པ་ཡིན་ཞེས་བྱ་བ་ནི་གསུམ་པ་ཆོས་ལ་སྐུར་པ་འདེབས་པའི་རྐྱེན་རྣམ་པར་འབྱེད་པ་སྟེ། འདི་ལྟར་

སྒྲིབ་པ་རྣམ་པ་གསུམ་ལས། ལས་ཀྱི་སྒྲིབ་པས་བསྒྲིབས་པའི་ཕྱིར་ཆོས་ལ་སྐུར་པ་འདེབས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་དེས་ཀྱང་ལས་ཀྱི་སྒྲིབ་པ་དེ་ལྟ་བུས་སྒྲིབ་པར་བྱེད་དེ། ལས་ཀྱི་སྒྲིབ་པ་དེའི་དང་པོ་ནི་གདགས་པར་སླའི། བསྐལ་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་ཕྲག་

འདི་སྙེད་ཀྱི་བར་གྱིས་འབྱང་བར་འགྱུར་རོ་ཞེས་བྱ་བའི་དུས་ནི་མེད་དོ་ཞེས་བྱ་བ་ནི་གསུམ་པ་སྐུར་པ་འདེབས་པའི་ཉེས་དམིགས་བསྟན་པའོ། །འདི་ལྟར་ཚེ་རབས་སྔ་མའི་ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང་། ཚེ་འདི་ལ་ཆོས་ལ་སྐུར་པ་འདེབས་པའི་ལས་ཀྱི་སྒྲིབ་པས་བསྒྲིབས་པ་སྟེ།

ལས་ཀྱི་སྒྲིབ་པ་དེ་དག་དང་པོ་ལས་བྱེད་པའི་ཚེ་ནི་གདགས་པར་སླ་ཡང་ལས་ཀྱི་འབྲས་བུ་མྱོང་བ་ན་བསྐལ་པ་བརྒྱ་སྟོང་ཁྲག་ཁྲིག་འབུམ་ཕྲག་འདི་སྙེད་ཀྱིས་འབྱང་བར་འགྱུར་བའི་དུས་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བྱེ་བ་ཁྲག་ཁྲིག་ཅེས་བྱ་བ་ནི་མཛོད་ཀྱི་བསྟན་བཅོས་ཀྱི་ནང་

ནས། མདོ་སྡེ་ཁུངས་སུ་བསྟན་པ་ལས་འདི་སྐད་དུ། ལུས་ལ་མེད་པའི་གྲངས་གཅིག་གིས་མགོ་བཙུགས་ཏེ། གཅིག་ཕྲག་བཅུ་ལ་བཅུའོ། །བཅུ་ཕྲག་བཅུ་ལ་བརྒྱའོ། །བརྒྱ་ཕྲག་བཅུ་ལ་སྟོང་ངོ་། །སྟོང་ཕྲག་བཅུ་ལ་ཁྲིའོ། །ཁྲི་ཕྲག་བཅུ་ལ་འབུམ་མོ། །འབུམ་ཕྲག་བཅུ་ལ་

เล่ม ๑๑๙ · หน้า 44b

ས་ཡའོ། །ས་ཡ་ཕྲག་བཅུ་ལ་བྱེ་བའོ། །བྱེ་བ་ཕྲག་བཅུ་ལ་དུང་ཕྱུར་རོ། །དུང་ཕྱུར་ཕྲག་བཅུ་ལ་ཐེར་འབུམ་མོ། །ཐེར་འབུམ་ཕྲག་བཅུ་ལ་ཐེར་འབུམ་ཆེན་པོའོ། །ཐེར་འབུམ་ཆེན་པོ་ཕྲག་བཅུ་ལ་ཁྲག་ཁྲིག་ཅེས་བྱ་སྟེ། དེ་བཞིན་དུ་གོང་ནས་གོང་དུ་གྲངས་བཅུ་དྲུག་ཚང་བའི་བར་དུའོ་ཞེས་

འབྱུང་བ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡང་ན་གདགས་པར་སླ་བ་ཞེས་བྱ་བ་ནི་འདས་པའི་ལས་ཀྱི་སྒྲིབ་པ་ནི་དང་པོར་བྱས་པའི་ཕྱིར། ལྕི་ཡང་གང་གིས་མཚན་ཉིད་གདགས་པར་སླའི། འདིར་ཆོས་ལ་སྐུར་པ་བཏབ་པའི་ལས་ནི་སྡུག་བསྔལ་མྱོང་བ་ལ་

མཐའ་མེད་པས་རྣམ་པར་དབྱེ་བ་ནི་ཤིན་ཏུ་དཀའ་བར་གྱུར་པའོ། །ཆོས་ལ་སྐུར་པ་འདེབས་པའི་ཉེས་དམིགས་རྒྱ་ཆེར་ནི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་། དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གོང་དུ་བསྟན་པ་དེ་དག་ལ་

བྱེ་བྲག་ཡོད་པ་ཡང་གང་ཟག་དང་པོ་གཉིས་བསྟན་པ་དང་། དོན་གཉིས་ཀ་ལ་མངོན་པར་ཡིད་ཆེས་པའོ། །གང་ཟག་གསུམ་པ་ལས་ནི་སློབ་དཔོན་རྣམ་པ་གཉིས་གཏོགས་པར་གང་ཟག་གསུམ་ཡོད་དེ། དེ་ལ་གང་ཟག་དང་པོ་གཉིས་ནི་བསྟན་པ་ལ་མངོན་པར་ཡིད་ཆེས་ཤིང་དོན་

ལས་རབ་ཏུ་ཉམས་པའོ། །གང་ཟག་ཕྱི་མ་གཅིག་ནི་དོན་ལ་མངོན་པར་ཡིད་ཆེས་ཤིང་། བསྟན་པ་ལས་རབ་ཏུ་ཉམས་པའོ། །གང་ཟག་བཞི་པ་ནི་བསྟན་པ་དང་། དོན་གཉི་ག་ལས་རབ་ཏུ་ཉམས་པ་ཡིན་ནོ། །གཞན་ཡང་གང་ཟག་རྣམ་པ་བཞི་ལས་གང་ཟག་སྔ་མ་གཉིས་ནི་བྱང་ཆུབ་སེམས་

དཔའ་ཁོ་ན་ཡིན་ནོ། །དེ་ལ་བྱེ་བྲག་ཡོད་པ་ཡང་དང་པོ་ནི་དངོས་པོ་ལྔ་དང་ལྡན་ལ། ཕྱི་མ་ནི་དངོས་པོ་བཞི་དང་ལྡན་པས་སོ། །གང་ཟག་གསུམ་པ་ནི་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་སྦྱར་ན། དངོས་པོ་བཞི་དང་ལྡན་པ་དང་སེམས་ཅན་ཞེས་སྨོས་པ་ཁོ་ནར་ཟད་ལ། བསྟན་

བཅོས་མངོན་པ་དང་ལེའུ་ཆེན་པོའི་མདོ་ལས་ནི་བྱང་ཆུབ་སེམས་དཔའ་ཞེས་འབྱུང་བས། དེའི་ཕྱིར་བསྟན་པ་རྣམས་མི་མཐུན་པར་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་ངའི་ལེགས་པར་གསུངས་པ། ལེགས་པར་བཅས་པའི་ཆོས་འདུལ་བ་ཤིན་ཏུ་རྣམ་པར་དག་པའི་བསམ་པས་

เล่ม ๑๑๙ · หน้า 45a

བཤད་པ། ལེགས་པར་བསྟན་པའི་ཆོས་ལ་སེམས་ཅན་རྣམས་ཀྱི་མོས་པ་རྣམ་པ་སྣ་ཚོགས་ཀྱི་རིམ་པ་དག་བསྣན་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་མོས་པ་དད་པར་གྱུར་པ་བསྟན་པ་ལ་མདོར་བསྟན་པ་དང་། རྣམ་པར་ཕྱེ་སྟེ་རྒྱ་ཆེར་རྣམ་པར་བཤད་པ་དང་།

སྤྱིའི་མཇུག་བསྡུ་བའོ་ཞེས་རྣམ་པ་གསུམ་དུ་བསྟན་པ་ལས། དེ་ཡན་ཆད་དུ་རྣམ་པ་གཉིས་བཤད་ཟིན་ནས། ད་འདིར་ནི་སྤྱིའི་མཇུག་བསྡུ་བ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ་ཞེས་

བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ་བཅད་པས་བཟླས་ཏེ་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཚིགས་སུ་བཅད་པས་སྟོན་པའི་མཛད་པའི་དགོངས་པ་བསྟན་པ་དང་། ཚིགས་སུ་བཅད་པ་མོས་ནས་ཡང་དག་པར་སྟོན་པར་མཛད་པ་སྟེ། འདི་ནི་དང་པོའོ། །ཆོས་རྣམས་ཐམས་ཅད་

ངོ་བོ་ཉིད་མེད་དང་། །སྐྱེ་མེད་འགག་མེད་གཟོད་མ་ནས་ཞི་དང་། །ཆོས་རྣམས་རང་བཞིན་མྱ་ངན་འདས་པར་ནི། །མཁས་པ་གང་ཞིག་དགོངས་པ་མེད་པར་སྨྲ། །ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ་བཅད་པ་སྨོས་ནས་ཡང་དག་པར་སྟོན་པར་མཛད་པའོ། །འདི་ཡང་རྣམ་པ་གཉིས་ཏེ།

དང་པོའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་གོང་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བྱ་བ་ལ་སོགས་པར་བསྟན་པ་དག་ཟློས་ཤིང་དགོངས་ཏེ་གསུངས་པའི་བསྟན་པ་ལ་རྨོངས་པ་དང་། ཁོང་དུ་ཆུད་པ་མི་མཚུངས་པར་གྱུར་པ་སྟོན་ཏོ། །ཀུན་གྱི་རྣམ་དག་ལམ་ཞེས་བྱ་བ་མན་ཆད་

ཚིགས་སུ་བཅད་པ་གསུམ་གྱིས་ནི་དགོངས་པའི་བསྟན་པས་ཐེག་པ་གཅིག་ཏུ་གསུངས་པའི་དོན་ཟློས་པའོ། །གཞན་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིགས་སུ་བཅད་པ་དང་པོ་གཉིས་ཀྱིས་ནི་གོང་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་བསྟན་པ་ཟློས་པ་ཡིན་ལ། ཚིགས་

སུ་བཅད་པ་ཕྱི་མ་གསུམ་ནི་གོང་དུ་ཐེག་པ་གཅིག་ཏུ་གསུངས་པ་མན་ཆད་རྣམ་གྲངས་གཉིས་ཀྱིས་དོན་ཟློས་པ་ཡིན་པར་སྦྱར་རོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཚིགས་སུ་བཅད་པ་དང་པོ་གཅིག་གིས་ནི་མདོའི་ཚིག་བཞི་རྣམ་པར་བཤད་ཅིང་དགོངས་པ་དང་ལྡན་པར་

เล่ม ๑๑๙ · หน้า 45b

བསྟན་ལ། ཚིགས་སུ་བཅད་པ་འོག་མ་གཅིག་གིས་ནི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་དགོངས་པ་ཡང་དག་པར་བསྟན་པ་ཡིན་ཏེ། མདོ་དག་ལས་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་པ་ཡང་། ངེས་པར་ངོ་བོ་ཉིད་ལ་སོགས་

པ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ནི་མ་ཡིན་གྱི། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དོན་ལས་བརྩམས་ནས་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ཡིན་ཏེ། ཞིབ་ཏུ་བཤད་པ་ནི་གོང་དུ་རྒྱ་ཆེར་བསྟན་པ་བཞིན་ནོ་ཞེས་བསྟན་པའི་ཕྱིར། མཁས་པ་གང་ཞིག་དགོངས་པ་མེད་པར་སྨྲ། །

ཞེས་གསུངས་པ་ཡིན་ནོ། །མཚན་ཉིད་སྐྱེ་དང་དོན་དམ་ངོ་བོ་ཉིད། །མེད་པར་འདི་ལྟར་ང་ཡིས་རབ་ཏུ་བསྟན། །གང་གིས་སངས་རྒྱས་དགོངས་པ་འདི་མ་ཤེས། །ཡང་དག་ལམ་ནི་རབ་ཉམས་འགྲོ་མི་ནུས། །ཞེས་བྱ་བ་ནི་གཉིས་པ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་དགོངས་

པ་ཡང་དག་པར་བསྟན་པའོ། །འདི་ལྟར་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིག་ཁོང་དུ་མི་ཆུད་པས་ངས་མཚན་ཉིད་དང་། སྐྱེ་བ་དང་དོན་དམ་པ་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་རབ་ཏུ་བསྟན་པ་ཡིན་ཏེ། གལ་ཏེ་གང་གིས་དགོངས་ཏེ་གསུངས་

པ་འདི་ཁོང་དུ་ཆུད་པར་མ་གྱུར་ན་ཡང་དག་པའི་ལམ་ལས་རབ་ཏུ་ཉམས་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་བགྲོད་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཉམས་པར་འགྱུར་བ་དེ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ཇི་སྐད་དུ། མེད་པ་

དང་རྒྱུ་མེད་པ་ལ་ནན་གྱིས་ཡོད་པ་ཉིད་དུ་འཇོག་པའི་ཕྱིར་སྒྲོ་འདོགས་པ་ཞེས་བྱའོ། །ཡོད་པ་དང་མེད་པའི་རྒྱུ་ལ་ནན་གྱིས་མེད་དོ་ཞེས་སྐུར་པ་འདེབས་པས་དེའི་ཕྱིར་རབ་ཏུ་ཉམས་པ་ཞེས་བྱ་སྟེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་འདི་གཉི་ག་ཡང་མཐའ་ཞེས་བྱ་བས་ན། རབ་ཏུ་ལྟུང་བའི་

དོན་ཡིན་ཏེ། འདི་གཉིས་ལ་འཇུག་པ་དབུ་མའི་ལམ་ལས་རབ་ཏུ་ཉམས་པར་འགྱུར་རོ་ཞེས་བསྟན་པ་ལྟ་བུའོ། །ཀུན་གྱི་ལམ་ནི་རྣམ་དག་གཅིག་པུ་སྟེ། །རྣམ་པར་དག་པ་འང་གཅིག་ལས་གཉིས་པ་མེད། །དེའི་ཕྱིར་ཐེག་པ་གཅིག་ཏུ་འདོགས་བྱེད་ཀྱང་། །སེམས་ཅན་རིགས་ནི་བྱེ་བྲག་མེད་པ་

เล่ม ๑๑๙ · หน้า 46a

ཡིན། །ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ངོ་བོ་ཉིད་མེད་པའི་རྣལ་འབྱོར་ལས་བརྩམས་ནས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། དང་པོ་ནི་ཚིགས་སུ་བཅད་པ་གཅིག་གིས་ཐེག་པ་གསུམ་གྱི་གང་ཟག་ལས་བརྩམས་

ནས་ཐེག་པ་གཅིག་གསུངས་པའི་དགོངས་པ་བསྟན་པའོ། །གཉིས་པ་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་རིགས་ངེས་པའི་གང་ཟག་བདག་གཅིག་པུ་མྱ་ངན་ལས་འདས་པར་བསྟན་པའོ། །གསུམ་པ་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་མ་ངེས་པའི་རིགས་ཅན་དག་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་

བསྟན་པའོ། །བཞི་པ་ནི་ཚིགས་སུ་བཅད་པ་གཅིག་གིས་མྱ་ངན་ལས་འདས་པའི་མཚན་ཉིད་རྣམ་པར་བཤད་པའོ། །འདི་ནི་དང་པོ་ཐེག་པ་གསུམ་གྱི་གང་ཟག་ལས་བརྩམས་ནས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་འདི་བསྟན་པ་སྟེ། འདི་ལྟར་ཐེག་པ་གསུམ་གྱི་གང་ཟག་དེ་དག་ཀུན་

ཀྱང་ངོ་བོ་ཉིད་མེད་པ་ཟག་པ་མེད་པ་འཕགས་པའི་ལམ་ལ་བརྟེན་ནས་སོ་སོ་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས་ལམ་གཉིས་པ་མེད་པའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་ཀྱང་ཐེག་པ་གསུམ་པོ་དེ་དག་གི་བྱེ་བྲག་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ཁམས་འདིར་

སེམས་ཅན་དཔག་མེད་དག །བདག་ཉིད་གཅིག་པུ་མྱ་ངན་འདའ་བར་བྱེད། །ཅེས་བྱ་བ་ནི་གཉིས་པ་རིགས་ངེས་པའི་གང་ཟག་བདག་གཅིག་པུ་མྱ་ངན་ལས་འདའ་བར་བསྟན་པའོ། །དེའི་རྒྱུད་ལ་ངེས་པར་དེ་བཞིན་གཤེགས་པའི་ཐུགས་རྗེའི་ས་བོན་མེད་པའི་ཕྱིར་གཏན་དུ་བླ་ན་མེད་པའི་

བྱང་ཆུབ་མངོན་པར་རྫོགས་པར་མི་འགྱུར་བ་སྟེ། རྒྱ་ཆེར་ནི་གོང་དུ་བསྟན་པ་བཞིན་ནོ། །སྙིང་རྗེ་ཆེན་པོས་དཔའ་བཏུལ་མྱ་ངན་འདའ། །སེམས་ཅན་མི་གཏོང་དེ་དག་ཤིན་དུ་དཀོན། །ཞེས་བྱ་བ་ནི་གསུམ་པ་མ་ངེས་པའི་རིགས་ཅན་དག་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་བསྟན་པའོ། །རིགས་

མ་ངེས་པའི་གང་ཟག་དེ་དག་གི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་པའི་ཕྱིར་ནན་ཏན་བརྩོན་འགྲུས་ཀྱིས་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་ཀྱང་། སེམས་ཅན་ལ་ཕན་འདོགས་པའི་བྱ་བ་མི་གཏོང་བས་ཡེ་ཤེས་རྣམ་པ་བཞི་དང་ལྡན་པར་གྱུར་ནས་གཏན་དུ་མྱ་ངན་ལས་འདའ་བ་

เล่ม ๑๑๙ · หน้า 46b

འཐོབ་པར་འགྱུར་གྱི། རིགས་ངེས་པའི་གང་ཟག་དེ་དག་གིས་ཐོབ་པར་འགྱུར་བ་ནི་ཤིན་ཏུ་དཀོན་ཞེས་བྱ་བའི་ཐ་ཚིག་གོ། །ཕྲ་ཞིང་བསམ་པར་དཀའ་བ་ཟག་མེད་དབྱིངས། །དེར་རྣམ་གྲོལ་དག་མཉམ་པས་བྱེ་བྲག་མེད། །ཐམས་ཅད་དོན་འགྲུབ་ཉོན་མོངས་སྡུག་བསྔལ་སྤོང་། །ཐ་དད་གཉིས་སུ་

བརྗོད་པ་བརྟེན་བདེ་ཡིན། །ཞེས་བྱ་བ་ནི་བཞི་པ་མྱ་ངན་ལས་འདས་པའི་མཚན་ཉིད་རྣམ་པར་བཤད་པའོ། །ཕྲ་ཞིང་བསམ་པར་དཀའ་བ་ཟག་མེད་དབྱིངས། །ཞེས་བྱ་བ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའི་ངོ་བོ་ཉིད་དོ། །དབྱིངས་ཞེས་བྱ་བ་ནི་བདག་ཉིད་ལ་བྱ་སྟེ། མྱ་ངན་ལས་འདས་

པའི་བདག་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཕྲ་ཞིང་བསམ་པར་དཀའ་བར་གྱུར་པའོ། །དེར་རྣམ་གྲོལ་དག་མཉམ་པས་བྱེ་བྲག་མེད། །ཅེས་བྱ་བ་ནི་མྱ་ངན་ལས་འདས་པའི་འབྲས་བུ་མཚུངས་ཤིང་བྱེ་བྲག་མེད་པར་རབ་ཏུ་བསྟན་པའོ། །དེ་བཞིན་ཉིད་གཅིག་པ་སྐུ་རྣམ་པ་གཉིས་དང་ལྡན་པའི་དོན་

ཡོད་པས་དང་པོ་རྣམ་པར་གྲོལ་བའི་སྐུ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་ལ་བརྟེན་ཏེ་ཉོན་མོངས་པ་སྤངས་ནས། རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་རྣམ་པར་གྲོལ་བའི་སྐུ་ཞེས་བྱའོ། །གཉིས་པ་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་སྟོབས་དང་། མི་འཇིགས་པ་ལ་སོགས་

པའི་ཡོན་ཏན་གྱི་རྟེན་དུ་གྱུར་པས་དེའི་ཕྱིར་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལ་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཉག་གཅིག་ལ་མངའོ། །རྣམ་པར་གྲོལ་བའི་སྐུ་ནི་ཐེག་པ་གསུམ་པོ་དག་བྱེ་བྲག་མེད་པའི་ཕྱིར་རྣམ་པར་གྲོལ་བ་མཉམ་པས་བྱེ་བྲག་མེད་ཅེས་གསུངས་ཏེ། དེའི་ཕྱིར་འོག་ནས་མདོ་

ཉིད་ལས། རིགས་ཀྱི་བུ་རྣམ་པར་གྲོལ་བའི་ལུས་ཉིད་ཀྱི་ཕྱིར་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རྣམས་དང་མཚུངས་ཤིང་མཉམ་མོ་ཞེས་བཤད་ལ་ཆོས་ཀྱི་སྐུའི་ཕྱིར་ནི་ཁྱད་པར་དུ་འཕགས་སོ་ཞེས་བཤད་དེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་བྱེ་བྲག་

ཡོད་པའི་ཕྱིར་ཡོན་ཏན་ཁྱད་པར་དུ་འཕགས་པ་དཔག་ཏུ་མེད་པའི་རྟེན་དུ་གྱུར་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། ཐེག་པ་གསུམ་པོ་དག་གི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་རབ་དང་། ཐ་མའི་བྱེ་བྲག་མེད་པའོ་ཞེས་བཤད་དེ་དེའི་

เล่ม ๑๑๙ · หน้า 47a

ཕྱིར་དེ་ཉིད་ལས་འདི་ལྟར་ལྷག་མ་མེད་པའི་དབྱིངས་དེ་ལ་ནི་དམན་པ་དང་། འབྲིང་དང་། ཁྱད་པར་དུ་འཕགས་པ་རྣམ་པར་གཞག་པ་ཡང་མེད་ལ། མཐོ་དམན་ཡང་མེད། བཟང་ངན་ཡང་མེད་དེ། འདི་ནི་དེ་བཞིན་གཤེགས་པ་དང་། ཉན་ཐོས་བྱེ་བྲག་མེད་པའོ་ཞེས་

བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཐམས་ཅད་དོན་འགྲུབ་ཅེས་པ་ལ་སོགས་པ་ལ་དོན་ནི་ཁྱད་པར་དུ་འཕགས་པ་སྟེ། འདི་ལྟར་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ལ་འདུས་མ་བྱས་པའི་ཡོན་ཏན་ཐམས་ཅད་འགྲུབ་པ་དང་། ཉོན་མོངས་པ་

དང་། སྡུག་བསྔལ་གྱི་རྟེན་དུ་གྱུར་པའི་ལུས་སྤོང་བ་དག་མི་མཚུངས་པས་ལྷག་མ་དང་བཅས་པ་ནི་ཉོན་མོངས་པ་ཉི་ཚེ་སྤང་བ་ཡིན་ནོ། །མྱ་ངན་ལས་འདས་པ་འདི་ལ་བརྟེན་ནས་ཐ་དད་དུ་བརྗོད་པ་གཉིས་པོ་འདི་ལྟ་སྟེ། བརྟན་པ་དང་བདེ་བའོ། །འདི་ལྟར་ཉོན་མོངས་པ་དང་བྲལ་བའི་ཕྱིར་ནི་བརྟན་

པ་ཞེས་གསུངས་ལ། སྡུག་བསྔལ་དང་བྲལ་བའི་ཕྱིར་ནི་བདེ་བ་ཞེས་གསུངས་སོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། དོན་རྣམ་པ་གསུམ་གྱི་ཕྱིར་ནི་རྟག་པ་ཞེས་བྱའོ། །དོན་རྣམ་པ་གཉིས་ཀྱི་ཕྱིར་ནི་བདེ་བ་ཞེས་བསྟན་ཏེ། དེའི་ཕྱིར་དེ་ཉིད་ལས་ཅིའི་ཕྱིར་རྟག་པ་ཞེས་བྱ་ཞེ་ན།

སྨྲས་པ། དེ་བཞིན་ཉིད་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་དང་། རྐྱེན་ལས་བྱུང་བ་མ་ཡིན་པའི་ཕྱིར་དང་། སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ། །ཅི་བདེ་བར་བརྗོད་པར་བྱ་བ་འམ། བདེ་བ་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ་དོན་དམ་པ་བདེ་བས་བདེ་བར་བརྗོད་པར་བྱའི། ཚོར་བའི་བདེ་

བས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཐམས་ཅད་དང་། དེ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་བས་ན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རྟག་པའི་དོན་རྣམ་པ་གསུམ་དང་བདེ་བའི་དོན་རྣམ་པ་གཉིས་ལས་

བརྩམས་ནས་བསྟན་པ་ཡིན་ཏེ། དོན་རྣམ་པ་དེ་གཉིས་ཐ་དད་པའི་ཕྱིར་འདིར་ཐ་དད་པ་གཉིས་སུ་བརྗོད་པ་ཞེས་བྱ་བ་གསུངས་སོ།། །།བམ་པོ་སུམ་ཅུ་གཅིག་པ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

เล่ม ๑๑๙ · หน้า 47b

གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཅི་ཙམ་དུ་སངས་རྒྱས་རྣམས་ཀྱིས་དགོངས་ཏེ་གསུངས་པ། ཕྲ་བ་མཆོག་ཏུ་ཕྲ་བ། ཟབ་པ་མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དགའ་བའི་བར་དུ་གསུངས་པ་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ་ཞེས་བྱ་བ་འདི་མན་ཆད་ནི་རྣམ་པར་ལྔར་ཕྱེ་

བའི་གསུངས་པ་ཁོང་དུ་ཆུད་པར་གྱུར་ནས་བཀའ་ཡང་དག་པར་བླངས་པའི་ཕྱོགས་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའ་གོ་བར་གྱུར་པ་བསྟན་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་མན་ཆད་དེ་བཞིན་གཤེགས་པས་བསྒྲུབ་པར་བསྐུལ་བའོ། །དང་པོ་

ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བསྟན་པ་ཤིན་ཏུ་ཟབ་པ་ཉིད་དུ་བསྔགས་པ་དང་། འདི་ལྟར་བདག་གིས་ཞེས་བྱ་བ་མན་ཆད་ཀྱིས་བདག་ཉིད་ཀྱིས་ཁོང་དུ་ཆུད་པར་གྱུར་པར་བསྟན་པ་དང་། བཅོམ་ལྡན་འདས་དཔེར་བགྱི་ན་ཞེས་བྱ་བ་མན་ཆད་ཀྱིས་དཔེ་སྨོས་ནས་བཟླས་ཏེ་བཤད་པའོ། །འདི་ནི་དང་པོ་བསྟན་

པ་ཤིན་ཏུ་ཟབ་པ་ཉིད་དུ་བསྔགས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། བསྔགས་པ་སྤྱིར་བརྗོད་པ་དང་། ཕྲ་བ་མན་ཆད་བསྔགས་པ་བྱེ་བྲག་ཏུ་བརྗོད་པའོ། །དེ་ལ་ཕྲ་བ་དང་ཟབ་པ་དང་། རྟོགས་པར་དཀའ་བ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སོ་སོའི་སྐྱེ་བོ་དང་། ཐེག་པ་པ་གཉིས་དང་།

བྱང་ཆུབ་སེམས་དཔའི་གནས་སྐབས་ལས་ཡང་དག་པར་འདས་པའི་བྱེ་བྲག་གི་ཕྱིར་རོ། །ཡང་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཡང་ན་བསྐལ་པ་གྲངས་མེད་པ་གསུམ་པའི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལས་ཡང་དག་

པར་འདས་པའི་ཕྱིར། མིང་འདི་གསུམ་གསུངས་པ་ཡིན་ནོ། །འདི་ལྟར་བདག་གིས་དེང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བདག་ཉིད་ཀྱིས་ཁོང་དུ་ཆུད་པར་གྱུར་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཕུང་པོ་ལ་སོགས་

པ་སྒོ་ལྔ་པོ་དག་ཐུགས་སུ་ཆུད་ནས་ངོ་བོ་ཉིད་རྣམ་པ་གསུམ་གསུངས་པར་བསྟན་པ་དང་། བདེན་པ་ལ་སོགས་པའི་སྒོ་གཉིས་པོ་དག་ཐུགས་སུ་ཆུད་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གསུངས་པར་བསྟན་པའོ། །དང་པོ་ཡང་གཉིས་ཀྱིས་བསྟན་ཏོ། གཟུགས་ལས་བརྩམས་ནས་ངོ་བོ་ཉིད་

เล่ม ๑๑๙ · หน้า 48a

མེད་པ་རྣམ་པ་གསུམ་གསུངས་པར་བསྟན་པ་དང་། ཟླས་ཕུང་པོ་གཞན་ལ་སོགས་པ་བསྟན་པའོ། །གཟུགས་ཀྱི་ཕུང་པོ་ལས་བརྩམས་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ངོ་བོ་ཉིད་སྔ་མ་གཉིས་ཁོང་དུ་ཆུད་པར་བསྟན་པ་དང་། ངོ་བོ་ཉིད་གསུམ་པ་ཁོང་དུ་ཆུད་པར་བསྟན་

པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཁོང་དུ་ཆུད་པར་གྱུར་པ་མདོར་བསྟན་པ་དང་། ཁོང་དུ་ཆུད་པ་རྣམ་པར་ཕྱེ་ནས་བཤད་པ་སྟེ། འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དག་ལ་གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་ཀྱི་

མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་དང་། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེ་འམ། གཟུགས་ཀྱི་ཕུང་པོ་འགག་གོ་ཞེ་འམ། གཟུགས་ཀྱི་ཕུང་པོ་གཏན་དུ་སྤངས་པ་དང་། ཡོངས་སུ་ཤེས་པའོ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་

བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཁོང་དུ་ཆུད་པར་གྱུར་པ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། བརྟགས་པའི་མཚན་ཉིད་བསྟན་པ་དང་། གཞན་གྱི་དབང་གི་ངོ་བོ་ཉིད་རབ་ཏུ་བསྟན་པའོ། །

བརྟགས་པའི་མཚན་ཉིད་བསྟན་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གཞན་ལ་བརྟན་ནས་བརྟགས་པའི་ངོ་བོ་ཉིད་རྣམ་པར་གཞག་པར་བསྟན་པ་དང་། བཅོམ་ལྡན་འདས་དེ་ལ་བརྟེན་ནས་ཞེས་བྱ་བ་མན་ཆད་ཀྱིས་ཀུན་བརྟགས་པའི་མཚན་ཉིད་ལ་བརྟེན་ནས་མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་

པར་བསྟན་པ་སྟེ། འདི་ནི་དང་པོའོ། མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རྣམ་པར་རྟོག་པའི་སྤྱོད་ཡུལ་གྱི་གནས་ཀྱི་མཚན་ཉིད་བསྟན་པ་དང་། གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དང་བྱེ་བྲག་བསྟན་པ་དང་། གཟུགས་ཀྱི་ཕུང་པོའི་སྐྱེ་བ་དང་། འགག་པ་དང་། གཏན་དུ་སྤངས་པ་དང་།

ཡོངས་སུ་ཤེས་པ་རྣམ་པར་དབྱེ་བའོ། །དེ་ལ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཉིད་ཀུན་དུ་གཞལ་བའི་སེམས་དང་སེམས་ལས་བྱུང་བ་ཉིད་དེ། སྤྱོད་ཡུལ་ཞེས་བྱ་བ་ནི་དེས་བརྟགས་པའི་ངོ་བོ་ཉིད་ཡང་དག་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ནི་རྣམ་པར་རྟོག་པ་དེའི་སྤྱོད་ཡུལ་

เล่ม ๑๑๙ · หน้า 48b

ཡིན་པའི་ཕྱིར་རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་བྱའོ་ཞེས་རབ་ཏུ་བསྟན་པའོ། །བཤད་པའི་རྣམ་གྲངས་གཞན་དུ་ན། སྤྱོད་ཡུལ་ཞེས་བྱ་བ་ནི་གཞན་གྱི་དབང་ཡིན་ཏེ། བརྟགས་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ནི་རྣམ་པར་རྟོག་པ་དེའི་དམིགས་པའི་རྐྱེན་ཡིན་པའི་སྤྱོད་ཡུལ་ཞེས་བྱའོ། །ཀུན་བརྟགས་

པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དག་ལ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདུ་བྱེད་ནི་ལྟ་བའི་རྣམ་པ་སྟེ། འདུ་བྱེད་ལ་བྱེ་བྲག་ཏུ་དམིགས་པའི་ཤེས་པའོ། །མཚན་མ་ནི་རྒྱུ་མཚན་གྱི་རྣམ་པ་སྟེ། དམིགས་པར་བྱ་བའི་མཚན་མའོ་

ཞེའོ། །ཁ་ཅིག་ན་རེ་འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ནི་འདུས་བྱས་ཀྱི་རྣམ་པ་སྟེ། ཐམས་ཅད་ཀྱང་གཞན་གྱི་དབང་གི་རྣམ་པའི་མཚན་ཉིད་དོ་ཞེའོ། །བཤད་པ་རྣམ་པ་གཉིས་ལས་བཤད་པ་ནི་ཕྱི་མ་བཟང་ངོ་། །བཤད་པ་སྔ་མ་དང་སྦྱར་ན་ནི་གཞན་གྱི་དབང་མི་རུང་སྟེ་ལྟ་བ་ལ་སོགས་པའི་རྣམ་པ་ཡིན་པའི་

ཕྱིར་རོ། །གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དང་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་བདག་ཉིད་སྤྱིར་བསྟན་པ་ལ་ངོ་བོ་ཉིད་ཅེས་བྱ་སྟེ། རང་གི་ངོ་བོ་ཉིད་དེ་ཉིད་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་ཞེས་བྱ་བ་ལ་

སོགས་པས་ནི་བྱེ་བྲག་ཅེས་བྱའོ། །གཟུགས་ཀྱི་ཕུང་པོ་སྐྱེའོ། །འགག་གོ་ཞེས་བྱ་བ་ལ་སོགས་པར་རྣམ་པར་གཞག་པ་ཞེས་བྱ་བ་ལ། སྔོན་མེད་པ་ལས་ཡོད་པར་གྱུར་པ་ནི་སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མེད་པར་གྱུར་པ་གང་ཡིན་པ་དེ་ནི་འགག་པ་ཞེས་བརྗོད་དོ། །སྐྱེ་བ་དང་འགག་པ་རྣམ་པར་འབྱེད་པ་

གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། །སྐད་ཅིག་མར་སྐྱེ་ཞིང་འཇིག་པ་དང་། ཐང་ཅིག་ཙམ་དུ་གནས་པ་ལ་སོགས་པ་ནི་བྱེ་བྲག་གི་མཚན་ཉིད་ཅེས་བྱའོ། །ཀུན་ནས་ཉོན་མོངས་པའི་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་གཏན་དུ་སྤང་བར་བྱའོ། །ཀུན་ནས་ཉོན་མོངས་པ་མ་ཡིན་པའི་གཟུགས་

ཀྱི་ཕུང་པོ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པར་བྱ་བའོ། །ཡང་ན་ཀུན་འབྱུང་བའི་དོན་གྱི་མཐའ་གང་ཡིན་པ་དེ་ནི་གཏན་དུ་སྤང་བར་བྱ་བའོ། །སྡུག་བསྔལ་གྱི་བདེན་པའི་དོན་གྱི་མཐའ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པར་བྱ་བའོ། །གཏན་དུ་སྤང་བ་དང་། ཡོངས་སུ་ཤེས་པ་དེ་ཡང་གཏན་དུ་

เล่ม ๑๑๙ · หน้า 49a

སྤང་བ་སྤྱིར་བསྟན་པ་གང་ཡིན་པ་དེ་ནི་གཏན་དུ་སྤང་བའི་རང་གི་ངོ་བོ་ཉིད་ཅེས་བྱའོ། །མཐོང་བ་དང་བསྒོམ་པའི་ལམ་ལ་སོགས་པས་སྤང་བར་བྱ་བ་གང་ཡིན་པ་དེ་ནི་གཏན་དུ་སྤང་བའི་བྱེ་བྲག་ཅེས་བྱའོ། །གཟུགས་ཀྱི་རང་གི་ངོ་བོ་ཉིད་སྤྱིར་ཤེས་པ་གང་ཡིན་པ་དེ་ནི་ཡོངས་

སུ་ཤེས་པའི་རང་གི་ངོ་བོ་ཉིད་ཅེས་བྱའོ། །གཟུགས་ཀྱི་ཕུང་པོ་བྱེ་བྲག་ཏུ་ཤེས་པ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པའི་བྱེ་བྲག་ཅེས་བྱ་སྟེ། དེ་ལྟར་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱའོ། །དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་ལས་ནི་མཚན་ཉིད་རྣམ་པ་དྲུག་

པོ་འདི་ལྟ་སྟེ། ཕུང་པོ་ཐོབ་པའི་ཕྱིར་དང་ཕུང་པོའི་མཚན་མ་ཐོབ་པའི་ཕྱིར་དང་། ཕུང་པོའི་སྐྱེ་བ་ཐོབ་པའི་ཕྱིར་དང་། ཕུང་པོ་འགོག་པ་ཐོབ་པའི་ཕྱིར་དང་། ཕུང་པོ་འགོག་པ་མངོན་དུ་བྱ་བ་ཐོབ་པའི་ཕྱིར་ཞེས་བྱ་བ་བསྟན་ལ། ལེའུ་འདིའི་མགོར་ནི་མཚན་ཉིད་རྣམ་པ་ལྔ་བསྟན་ཅིང་། ཁོང་དུ་ཆུད་

པའི་སྐབས་ནས་ནི་ཚིག་དྲུག་འབྱུང་ན། ཅིའི་ཕྱིར་སྔ་ཕྱི་མི་མཐུན་པར་གྱུར་ཞེ་ན། སྨྲས་པ། སྔ་ཕྱིར་བསྟན་པ་རྣམས་གཅིག་ཏུ་བསྡུས་ན། མཚན་ཉིད་རྣམ་པ་བཅུ་ཡོད་དེ། དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་ལས་མཚན་ཉིད་རྣམ་པ་དྲུག་བསྟན་པ་དང་། ངོ་བོ་ཉིད་མེད་པར་བསྟན་པའི་

ལེའུར་ཡང་མཚན་ཉིད་རྣམ་པ་གཉིས་ཀྱིས་བསྟན་པ་འདི་ལྟ་སྟེ། གཏན་དུ་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། ཁོང་དུ་ཆུད་པ་བསྟན་པའི་སྐབས་ནས་ཡང་མཚན་ཉིད་རྣམ་པ་གཉིས་ཀྱིས་བསྟན་པ་འདི་ལྟ་སྟེ། ངོ་བོ་ཉིད་ཀྱི་མཚན་ཉིད་དང་བྱེ་བྲག་གི་མཚན་ཉིད་དོ། །མཚན་ཉིད་རྣམ་པ་

བཅུ་པོ་དེ་དག་ལས་རང་གི་ངོ་བོ་ཉིད་དང་བྱེ་བྲག་གི་མཚན་ཉིད་ཀྱི་ཕྱིར་གྲངས་ཀྱང་ངེས་པ་མེད་པས་བྱེ་བྲག་གཞག་ནས་སྤྱིའི་དབང་དུ་བྱ་ན་ནི་མཚན་ཉིད་གཅིག་ཁོ་ན་ལས་མེད་དོ། སྤྱི་གཞག་ནས་བྱེ་བྲག་གི་དབང་དུ་བྱས་ཏེ་བརྗོད་ན་ནི་མཚན་ཉིད་གཉིས་ཁོ་ན་ལས་མེད་དོ། །སྤྱི་དང་བྱེ་བྲག་གཉི་གའི་དབང་

དུ་བྱས་ཏེ་བརྗོད་ན་ནི་མཚན་ཉིད་རྣམ་པ་གསུམ་ཡོད་པས་དེའི་ཕྱིར་སྔ་ཕྱིའི་བསྐྱེད་པ་དང་། དབྲི་བ་དག་མི་མཐུན་པར་གྱུར་པ་ཡིན་ནོ། །འདིར་ཁོང་དུ་ཆུད་པའི་སྐབས་ནས་ནི་ཁོང་དུ་ཆུད་པའི་ལེའུ་དང་པོ་ཡིན་པའི་ཕྱིར་ཚིག་དྲུག་པོ་དེ་དག་གསུངས་པ་ཡིན་ནོ། །ཡང་ལེའུ་ཉིད་ཀྱི་མགོར་མཚན་

เล่ม ๑๑๙ · หน้า 49b

ཉིད་དྲུག་ཀྱང་བསྟན་ཏེ། འདི་ལྟར་ཕུང་པོ་རྣམས་ཀྱང་བསྟན་པས་ན། དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་ལས་ཕུང་པོ་ཐོབ་པའི་སླད་དུ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཉིད་དོ། །ཁོང་དུ་ཆུད་པ་འདི་ལས་ནི་མཚན་ཉིད་རྣམ་པ་བདུན་ཡོད་དེ། གཟུགས་ཀྱི་ཕུང་པོ་ནི་མཚན་ཉིད་དང་པོ་ཡིན་

པའི་ཕྱིར་རོ། །ཅིའི་ཕྱིར་ལེའུ་གཉིས་པ་ལས་ཕུང་པོ་ལ་སོགས་པའི་ཆོས་ལས་བརྩམས་ནས་འགོག་པ་དང་། འགོག་པ་མངོན་དུ་བྱ་བ་དང་། གཏན་དུ་སྤང་བ་དང་། ཡོངས་སུ་ཤེས་པ་ཞེས་བསྟན་ལ། ལེའུ་འདི་ལས་གཏན་དུ་སྤང་བ་དང་། ཡོངས་སུ་ཤེས་པ་ཁོ་ན་བསྟན་གྱི། འགོག་

པ་དང་། འགོག་པ་མངོན་དུ་བྱ་བ་གསུངས་ཤེ་ན། སྨྲས་པ་གཏན་དུ་སྤང་བ་ནི་ཀུན་འབྱུང་གི་བདེན་པ་ཡིན། ཡོངས་སུ་ཤེས་པར་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ཡིན། འགོག་པ་ནི་འགོག་པའི་བདེན་པ་ཡིན། མངོན་དུ་བྱ་བ་ནི་ལམ་གྱི་བདེན་པ་ཡིན་པས་ཡང་དག་པའི་དོན་དུ་ཕུང་

པོ་ལ་སོགས་པ་ནི་བདེན་པ་བཞི་དང་ལྡན་པ་ཡིན་ནོ། །ཕྱོགས་གཅིག་གི་དབང་དུ་མཛད་དེ་བརྗོད་པས་གཅིག་གིས་གཅིག་རབ་ཏུ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ་

ཞེས་བྱ་བ་ནི་གཉིས་པ་ཀུན་བརྟགས་པའི་མཚན་ཉིད་ལ་བརྟེན་ནས་མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་པར་རབ་ཏུ་བསྟན་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་

པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་གཞན་གྱི་དབང་གི་ངོ་བོ་ཉིད་རབ་ཏུ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཀུན་བརྟགས་པའི་གནས་གཞན་གྱི་དབང་ཡིན་པར་བསྟན་པ་དང་། གཞན་གྱི་དབང་ལ་བརྟེན་ནས་ངོ་བོ་ཉིད་

རྣམ་པ་གཉིས་བསྟན་པ་སྟེ། འདི་ནི་དང་པོའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་གཅིག་ཀྱང་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་གཞན་གྱི་དབང་ལ་བརྟེན་

เล่ม ๑๑๙ · หน้า 50a

ནས་ངོ་བོ་ཉིད་མེད་པ་གཉིས་བསྟན་པའོ། །འདི་ལྟར་བདག་གིས་དེང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ངོ་བོ་ཉིད་གསུམ་པ་ཁོང་དུ་ཆུད་པར་གྱུར་པ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་

ཏེ། ཁོང་དུ་ཆུད་པར་གྱུར་པ་མདོར་བསྟན་པ་དང་། ཁོང་དུ་ཆུད་པ་ཉིད་རྣམ་པར་ཕྱེ་ནས་བཤད་པ་སྟེ། འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡོངས་སུ་འགྲུབ་པའི་སླད་དུ་ངོ་བོ་ཉིད་དེ་ཁོ་

ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཁོང་དུ་ཆུད་པ་ཉིད་རྣམ་པར་ཕྱེ་ནས་བཤད་པ་བསྟན་ཏོ། །འདི་ཡང་གཉིས་སུ་དབྱེ་སྟེ།

གཞན་གྱི་དབང་ལ་བརྟེན་ནས་ཡོངས་སུ་གྲུབ་པ་ཉིད་རྣམ་པར་དབྱེ་བ་དང་། ཡོངས་སུ་གྲུབ་པ་ལས་བརྩམས་ནས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་བརྟགས་

རབ་ཏུ་སྩལ་པའི་ཕྱིར་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བ། ཆོས་བདག་མེད་པ་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པ་ཞེས་བྱ་བས་སོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་གཅིག་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ཡོངས་

སུ་གྲུབ་པ་ལས་བརྩམས་ནས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱོགས་གཅིག་བསྟན་པའོ། །གཟུགས་ཀྱི་ཕུང་པོ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་འདི་མན་ཆད་གཉིས་པ་ཟླས་ཕུང་པོ་གཞན་ལ་སོགས་པ་བསྟན་པའོ། །འདི་ཡང་རྣམ་

པ་ལྔར་དབྱེ་སྟེ། ཟླས་ཕུང་པོ་ལྷག་མ་རྣམས་བསྟན་པ་དང་། ཟླས་སྐྱེ་མཆེད་བཅུ་གཉིས་བསྟན་པ་དང་། ཟླས་སྲིད་པའི་ཡན་ལག་བཅུ་གཉིས་བསྟན་པ་དང་། ཟླས་ཟས་བཞི་པོ་དག་བསྟན་པ་དང་། ཟླས་ཁམས་དྲུག་དང་། བཅྭ་བརྒྱད་པ་བསྟན་པ་སྟེ། འདི་ནི་དང་པོའོ། །ཕུང་པོ་རྣམས་

เล่ม ๑๑๙ · หน้า 50b

ལ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་པོ་དག་གི་སྐྱེ་མཆེད་རེ་རེ་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ཟླས་སྐྱེ་མཆེད་བཅུ་གཉིས་བསྟན་པ་སྟེ། ངོ་བོ་ཉིད་མེད་པ་ཉིད་དུ་ཁོང་དུ་ཆུད་པར་གྱུར་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །སྲིད་པའི་ཡན་ལག་

བཅུ་གཉིས་པོ་དག་གི་སྲིད་པའི་ཡན་ལག་རེ་རེ་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་ནི་གསུམ་པ་ཟླས་སྲིད་པའི་ཡན་ལག་བཅུ་གཉིས་བསྟན་པ་སྟེ། ངོ་བོ་ཉིད་མེད་པ་ཉིད་དུ་ཁོང་དུ་ཆུད་པར་གྱུར་པ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །ཟས་བཞི་པོ་དེ་དག་གིས་

ཟས་རེ་རེ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་ནི་བཞི་པ་ཟླས་ཟས་བཞི་པོ་དག་བསྟན་པ་སྟེ། ངོ་བོ་ཉིད་མེད་པ་ཉིད་དུ་ཁོང་དུ་ཆུད་པར་གྱུར་པ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །ཁམས་དྲུག་དང་། ཁམས་བཅྭ་བརྒྱད་པོ་དག་གི་ཁམས་རེ་རེ་ལ་ཡང་དེ་བཞིན་དུ་རྒྱ་ཆེར་

བཤད་པར་བགྱི་ལགས་སོ་ཞེས་བྱ་བ་ནི་ལྔ་པ་ཟླས་ཁམས་དྲུག་དང་། ཁམས་བཅྭ་བརྒྱད་བསྟན་པ་སྟེ། ངོ་བོ་ཉིད་མེད་པ་ཉིད་དུ་ཁོང་དུ་ཆུད་པར་གྱུར་པ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །དེ་ལ་ཁམས་དྲུག་ཅེས་བྱ་བ་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པ་

དག་གོ། །ཁོང་དུ་ཆུད་པར་གྱུར་པ་འདིར་བསྟན་པ་དག་དང་སྦྱར་ན། ལེའུ་གོང་མ་ལས་ཁམས་སྣ་ཚོགས་པ་ཞེས་བསྟན་པས་ནི་ཁམས་དྲུག་པོ་དག་ཀྱང་དེར་བསྡུས་པ་ཡིན་ནོ། །འདི་ལྟར་བདག་གིས་དེང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་འདི་མན་

ཆད་ནི་གཉིས་པ་བདེན་པ་ལ་སོགས་པའི་སྒོ་གཉིས་པོ་དག་ཐུགས་སུ་ཆུད་པར་གྱུར་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གསུངས་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། སྡུག་བསྔལ་གྱི་བདེན་པ་ལས་བརྩམས་ནས་ངོ་བོ་ཉིད་མེད་པ་ཐུགས་སུ་ཆུད་པར་གྱུར་པར་བསྟན་

པ་དང་། ཟླས་བདེན་པ་ལྷག་མ་ལ་སོགས་པ་ལས་བརྩམས་ནས་ངོ་བོ་ཉིད་མེད་པར་གསུངས་པར་བསྟན་པའོ། །དང་པོ་ཡང་གཉིས་སུ་དབྱེ་སྟེ། ངོ་བོ་ཉིད་རྣམ་པ་གཉིས་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་ཐུགས་སུ་ཆུད་པར་གྱུར་པར་བསྟན་པ་དང་། ཡོངས་སུ་གྲུབ་པ་ཉིད་ལ་བརྟེན་ནས་དོན་

เล่ม ๑๑๙ · หน้า 51a

དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་རྣམ་པར་གཞག་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཁོང་དུ་ཆུད་པར་གྱུར་པ་མདོར་བསྟན་པ་དང་། ཁོང་དུ་ཆུད་པ་ཉིད་རྣམ་པར་ཕྱེ་ནས་བཤད་པ་སྟེ། འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་

བརྟགས་པ་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་

བ་ལ་སོགས་པ་ནི་གཉིས་པ་ཁོང་དུ་ཆུད་པ་རྣམ་པར་ཕྱེ་ནས་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་བརྟེན་ནས་མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་པ་ཁོང་དུ་ཆུད་པར་གྱུར་པར་བསྟན་པ་དང་། གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་དང་།

དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་གསུངས་པར་ཁོང་དུ་ཆུད་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། གཞན་གྱི་དབང་ལ་བརྟེན་ནས་ཀུན་བརྟགས་རྣམ་པར་གཞག་པ་ཡིན་པར་བསྟན་པ་དང་། ཀུན་བརྟགས་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་ཉིད་འདོགས་

པ་ཡིན་པར་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཀུན་བརྟགས་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གཞན་གྱི་དབང་ལ་མིང་དང་བརྡས་སྡུག་བསྔལ་གྱི་བདེན་པ་ཞེས་རྣམ་པར་གཞག་པ་གང་ཡིན་པ་དང་། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་ཞེས་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་ཀུན་

བརྟགས་པའི་མཚན་ཉིད་ཅེས་བྱ་སྟེ། དངོས་པོ་དེ་དག་ལ་ཡང་རང་གི་ངོ་བོ་ཉིད་དང་། བྱེ་བྲག་གི་མཚན་ཉིད་ཡོད་པས་རབ་ཏུ་གནོད་པར་འགྱུར་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་བདེན་པའི་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། །སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་ནི་

སྡུག་བསྔལ་གྱི་བདེན་པའི་བྱེ་བྲག་གི་མཚན་ཉིད་ཅེས་བྱའོ། །སྡུག་བསྔལ་གྱི་བདེན་པའི་རང་གི་མཚན་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པའི་བྱེ་བྲག་གི་མཚན་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་

เล่ม ๑๑๙ · หน้า 51b

འདོགས་པར་མཛད་པ་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ཀུན་བརྟགས་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་བསྟན་པའོ། །འདི་ལྟར་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་རྣམ་པར་གཞག་པ་ཡིན་པས་གོང་མ་བཞིན་དུ་རིག་པར་བྱའོ། །

རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། དོན་དམ་པ་ངོ་བོ་

ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་གསུངས་པར་ཁོང་དུ་ཆུད་པར་གྱུར་པ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་གང་ཡིན་པ་བསྟན་པ་སྟེ། འདི་ནི་དང་པོའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་

མ་མཆིས་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་གཅིག་ཀྱང་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་གཞན་གྱི་དབང་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་གསུངས་པར་བསྟན་པའོ། །འདི་ལྟར་བདག་གིས་དེང་འདིར་བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ་ལྟར་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཡོངས་སུ་གྲུབ་པ་ཉིད་ལ་བརྟེན་ནས་དོན་དམ་པ་ངོ་བོ་ཉིད་ལས་ཕྱོགས་གཅིག་རྣམ་པར་གཞག་པ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཁོང་དུ་ཆུད་པར་གྱུར་པ་མདོར་བསྟན་པ་དང་། ཁོང་དུ་ཆུད་པ་

རྣམས་རྣམ་པར་ཕྱེ་ནས་བསྟན་པ་སྟེ་འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡོངས་སུ་མ་གྲུབ་པའི་སླད་དུ་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་

མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བགྱི་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཁོང་དུ་ཆུད་པ་ཉིད་རྣམ་པར་ཕྱེ་ནས་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་

เล่ม ๑๑๙ · หน้า 52a

བསྟན་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་འདོགས་པར་མཛད་པའོ། །འདི་ནི་དང་པོ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་གཅིག་

འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་འདོགས་པར་མཛད་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །སྡུག་བསྔལ་གྱི་བདེན་པ་ལ་ཇི་ལྟ་བ་བཞིན། བདེན་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་

སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཟླས་བདེན་པ་ལྷག་མ་ལ་སོགས་པ་ལ་བརྩམས་ནས་ངོ་བོ་ཉིད་མེད་པ་གསུངས་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཟླས་བདེན་པ་ལྷག་མ་རྣམས་བསྟན་པ་དང་། ཟླས་བྱང་ཆུབ་ཀྱི་ཕྱོགས་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་

སྡུག་བསྔལ་གྱི་བདེན་པ་ངོ་བོ་ཉིད་རྣམ་པ་གསུམ་དང་ལྡན་པས་ངོ་བོ་ཉིད་རྣམ་པ་གསུམ་པོ་དག་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྣམ་པར་གཞག་པ་དེ་བཞིན་དུ་བདེན་པ་གསུམ་པོ་འདི་དག་ཀྱང་ངོ་བོ་ཉིད་རྣམ་པ་གསུམ་དང་ལྡན་ཏེ། ངོ་བོ་ཉིད་རྣམ་པ་གསུམ་པོ་དེ་དག་ལ་བརྟེན་ནས་

ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྣམ་པར་གཞག་པ་ཡིན་པས་དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ལ་ཇི་ལྟ་བ་བཞིན་དུ་བདེན་པ་ལྷག་མ་རེ་རེ་ལ་ཡང་ངོ་བོ་ཉིད་རྣམ་པ་གསུམ་དང་ལྡན་པར་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱ་ཆེར་ནི་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། རྣམ་པར་

རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །མདོ་འདི་དང་བྱེ་བྲག་ཡོད་པ་ཡང་སྡུག་བསྔལ་གྱི་བདེན་པ་ལས་བརྩམས་ནས་ནི་ཡོངས་སུ་ཤེས་པ་ཞེས་བསྟན་ཏོ། །ཀུན་འབྱུང་གི་བདེན་པ་ལས་བརྩམས་ནས་ནི་གཏན་དུ་སྤང་བ་ཞེས་བསྟན་ཏོ། །འགོག་པའི་བདེན་

པ་ལས་བརྩམས་ནས་ནི་མངོན་དུ་བྱ་བ་ཞེས་བྱ་བ་བསྟན་ཏོ། །ལམ་གྱི་བདེན་པ་ལས་བརྩམས་ནས་ནི་བསྒོམ་པ་ཞེས་བྱ་བ་བསྟན་ཏེ། གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །འཕགས་པའི་བདེན་པ་ལ་ཇི་ལྟ་བ་བཞིན་དུ་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་།

เล่ม ๑๑๙ · หน้า 52b

རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་རྣམས་ལ་ཡང་དེ་བཞིན་དུ་རྒྱ་ཆེར་བཤད་པར་བགྱི་ལགས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བྱང་ཆུབ་ཀྱི་ཕྱོགས་ལས་བརྩམས་ནས་ངོ་བོ་ཉིད་མེད་པར་གསུངས་པས་ཁོང་

དུ་ཆུད་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། སྒོ་རྣམ་པ་བདུན་ལ་བརྟེན་ནས་ཁོང་དུ་ཆུད་པར་གྱུར་པ་བསྟན་པ་དང་། འདི་ལྟར་བདག་གིས་དེང་འདིར་ཞེས་བྱ་བ་མན་ཆད་ཀྱིས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཁོང་དུ་

ཆུད་པར་གྱུར་པ་བསྟན་པའོ། །འདི་ནི་དང་པོ་སྒོ་བདུན་པོ་བྱང་ཆུབ་ཀྱི་ཕྱོགས་ལས་བརྩམས་ནས་ཁོང་དུ་ཆུད་པར་བསྟན་པ་སྟེ། ཇི་ལྟར་འཕགས་པའི་བདེན་པ་བཞི་ངོ་བོ་ཉིད་རྣམ་པ་གསུམ་གྱི་དོན་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་བསྟན་པ་བཞིན་དུ་འདི་ཡང་དེ་བཞིན་དུ་རིག་

པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་བདག་གིས་དེང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་དོན་བསྟན་པ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཁོང་དུ་ཆུད་པར་བསྟན་པ་སྟོན་ཏོ། །

འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ངོ་བོ་ཉིད་རྣམ་པ་གཉིས་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་གཉིས་ཁོང་དུ་ཆུད་པར་བསྟན་པ་དང་། ཡོངས་སུ་གྲུབ་པ་ཉིད་ལ་བརྟེན་ནས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཁོང་དུ་ཆུད་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཁོང་དུ་ཆུད་པ་མདོར་

བསྟན་པ་དང་། ཁོང་དུ་ཆུད་པ་རྣམ་པར་ཕྱེ་ནས་བསྟན་པ་སྟེ་འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཡང་དག་པའི་ཏིང་ངེ་འཛིན་ཞེའམ། ཡང་དག་པའི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སམ། གཉེན་པོ་ཞེ་འམ།

ཡང་དག་པའི་ཏིང་ངེ་འཛིན་སྒོམ་པ་ཞེའམ། མ་སྐྱེས་པ་སྐྱེ་ཞེ་འམ། སྐྱེས་པ་གནས་པ་དང་མི་བསྐྱུད་པ་དང་སླར་ཞིང་འབྱུང་བ་དང་། འཕེལ་ཞིང་རྒྱས་པ་ཉིད་ཅེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་བཏགས་པར་གཞག་པ་གང་ལགས་པ་དེ་ནི་ཀུན་

เล่ม ๑๑๙ · หน้า 53a

བརྟགས་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཁོང་དུ་ཆུད་པ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཀུན་བརྟགས་ལ་བརྟེན་ནས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཁོང་དུ་ཆུད་པ་དང་། གཞན་གྱི་དབང་

ལ་བརྟེན་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་ཁོང་དུ་ཆུད་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཀུན་བརྟགས་པའི་མཚན་ཉིད་རྣམ་པར་གཞག་པ་དང་། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་འདོགས་པའོ། །འདི་ནི་དང་པོ་

སྟེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཁོང་དུ་ཆུད་པ་བསྟན་པ་ཡིན་པས་གོང་མ་བཞིན་དུ་རིག་པར་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་རྣམ་པར་དབྱེ་བ་ཡང་རྣམ་པ་གཉིས་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་བྱ་བ་ལ་སོགས་

པས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་གཞན་གྱི་དབང་ལ་བརྟེན་པ་ཡིན་པར་བསྟན་ཏོ། །མིང་དང་བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དབང་ལ་བརྟེན་ནས་ཀུན་བརྟགས་རྣམ་པར་གཞག་པ་བསྟན་ཏོ། །ཀུན་བརྟགས་དེ་ལས་དངོས་པོ་

ལྔ་རྣམ་པར་གཞག་སྟེ། དང་པོ་ནི་ཡང་དག་པའི་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་དང་བྱེ་བྲག་རྣམ་པར་གཞག་པ་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་སྤྱིར་བསྟན་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཅེས་བྱའོ། །མི་ལྕོགས་པ་མེད་པ་དང་ཁྱད་པར་ཅན་དང་། བསམ་

གཏན་བཞི་པ་ལ་སོགས་པ་ནི་ཏིང་ངེ་འཛིན་གྱི་བྱེ་བྲག་ཅེས་བྱའོ། །གཉིས་པ་ཡང་དག་པའི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང་། གཉེན་པོ་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། ལམ་གྱི་ཡན་ལག་བརྒྱད་ལས་ཡང་དག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་གཉེན་པོ་ཞེས་

བྱའོ། །ལོག་པ་བརྒྱད་ལས་བརྒྱད་པ་ལོག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་མི་མཐུན་པའི་ཕྱོགས་ཞེས་བྱ་སྟེ། རང་གི་ངོ་བོ་ཉིད་དང་བྱེ་བྲག་གི་མཚན་ཉིད་ནི་གོང་མ་བཞིན་དུ་རིག་པར་བྱའོ། །གསུམ་པ་ནི་ཡང་དག་པའི་སྒོམ་པ་དང་། མ་སྐྱེས་པ་སྐྱེ་བ་རྣམ་པར་གཞག་པའོ། །

เล่ม ๑๑๙ · หน้า 53b

བཞི་པ་ནི་སྐྱེས་པ་གནས་པའོ། །ལྔ་པ་ནི་མི་བརྗེད་པ་དང་། ཕྱིར་ཞིང་འབྱུང་བ་དང་འཕེལ་ཞིང་རྒྱས་པའོ། །གོང་དུ་བསྟན་པའི་སྒོ་ལྔ་པོ་དེ་དག་རེ་རེ་ལ་ཡང་རང་གི་ངོ་བོ་ཉིད་དང་བྱེ་བྲག་གི་མཚན་ཉིད་ཡོད་པས་བརྟགས་ན་ཤེས་པར་འགྱུར་ཏེ། འདི་ལྟར་མཚན་ཉིད་རྣམ་པ་ལྔས་

ཡང་དག་པའི་ཏིང་ངེ་འཛིན་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་མཚན་ཉིད་ངོ་བོ་ཉིད་མེད་པ་

ཉིད་འདོགས་ཏེ། གོང་མ་བཞིན་དུ་རིག་པར་བྱའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གཞན་གྱི་དབང་ལ་བརྟེན་ནས་སྐྱེ་བ་

ངོ་བོ་ཉིད་མེད་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་ཁོང་དུ་ཆུད་པར་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གཞན་གྱི་དབང་བསྟན་པ་དང་། ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་རབ་ཏུ་བསྟན་པ་སྟེ་འདི་ནི་དང་པོའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་

ནས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་གཅིག་ཀྱང་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་གཞན་གྱི་དབང་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་བསྟན་པ་སྟེ་གོང་མ་བཞིན་དུ་རིག་པར་

བྱའོ། །འདི་ལྟར་བདག་གིས་དེང་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཡོངས་སུ་གྲུབ་པ་ལས་བརྩམས་ནས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཕྱོགས་གཅིག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཁོང་

དུ་ཆུད་པ་མདོར་བསྟན་པ་དང་། ཁོང་དུ་ཆུད་པ་རྣམ་པར་ཕྱེ་ནས་བཤད་པ་སྟེ་འདི་ནི་དང་པོའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་འདི་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡོངས་སུ་མ་གྲུབ་པའི་སླད་དུ། ངོ་བོ་ཉིད་དེ་

เล่ม ๑๑๙ · หน้า 54a

ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བགྱི་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཁོང་དུ་ཆུད་པ་རྣམ་པར་ཕྱེ་སྟེ་བཤད་

པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་དང་། ངོ་བོ་ཉིད་མེད་པ་བསྟན་པའོ། །འདི་ནི་དང་པོ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ཕྱོགས་

གཅིག་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ངོ་བོ་ཉིད་མེད་པ་ཉིད་བསྟན་པ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་དཔེར་བགྱི་ན་བཅའ་སྒ་ནི་ཕྱེ་མའི་སྨན་དང་སྦྱར་བ་དང་། བཅུད་ཀྱིས་ལེན་སྦྱར་བ་ཐམས་ཅད་དུ་གསལ་བར་བགྱི་ལགས་སོ་ཞེས་བྱ་བ་

འདི་མན་ཆད་ནི་གསུམ་པ་དཔེ་སྨོས་ནས་བཟླས་ཏེ་བཤད་པ་སྟོན་ཏོ། །འདི་ཡང་དཔེ་རྣམ་པ་བཞིས་བསྟན་པ་ཉིད་ལས་རྣམ་པ་བཞིར་དབྱེ་སྟེ། འདི་ནི་དང་པོའི་བཅའ་སྒའི་དཔེས་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། དཔེ་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་

བའོ། །འདི་ནི་དང་པོ་དཔེ་བསྟེན་པ་སྟེ། གལ་ཏེ་བཅའ་སྒ་སྨན་ཕྱེ་མ་རྣམས་ཀྱི་ནང་དུ་བཅུག་ན་མཐུ་ཅན་དུ་འགྱུར་བས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་

མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་སྩལ་བར་མཛད་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ཆོས་དཔེ་དང་མཚུངས་པར་བསྟན་པ་སྟེ། འདི་

ལྟར་ངོ་བོ་ཉིད་མེད་པ་ལ་སོགས་པའི་ཚིག་དེ་དག་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་རྣམ་པར་གཞག་ན། མདོ་སྡེ་དེ་དག་གི་དགོངས་པ་རྣམས་ཁོང་དུ་ཆུད་པར་འགྱུར་བའོ། །བཅོམ་ལྡན་འདས་དཔེར་བགྱི་ན་རི་མོ་བྲི་བའི་གཞི་ནི་སྔོན་པོ་འམ། སེར་པོའམ། དམར་པོའམ་དཀར་པོའམ་

เล่ม ๑๑๙ · หน้า 54b

རི་མོར་བགྱི་བ་ཐམས་ཅད་དུ་ཁྱབ་པས་རོ་གཅིག་པ་ལགས་ཤིང་། རི་མོར་བྲིས་པ་དེ་ཡང་ཤིན་ཏུ་གསལ་བར་བགྱིད་པ་ལགས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རི་མོའི་གཞི་དཔེས་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། དཔེས་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་

བའོ། །འདི་ནི་དང་པོ་སྟེ། དཔེར་ན་རི་མོ་སྔོན་པོ་དང་། སེར་པོ་ལ་སོགས་པ་འདྲི་བའི་གཞི་ནི་རི་མོ་རྣམ་པ་སྣ་ཚོགས་ཀྱི་བྱ་བ་ཐམས་ཅད་ཀུན་དུ་ཁྱབ་ཅིང་སྔོན་པོ་དང་སེར་པོ་ལ་སོགས་པ་དང་མཚུངས་པ་ཉིད་དུ་རོ་གཅིག་པར་བྱེད་ལ། རི་མོ་བྲི་བ་དེ་དག་ཐམས་ཅད་ཀྱང་ཤིན་ཏུ་གསལ་

བར་བྱེད་པས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་བར་ལས་བརྩམས་ནས། ངོ་བོ་ཉིད་མ་མཆིས་པ་ཉིད་ངེས་པའི་དོན་དམ་པ་འདི་ཡང་དྲང་བའི་མདོ་སྡེ་ཐམས་ཅད་དུ་ཁྱབ་ཅིང་རོ་གཅིག་པ་

དང་། མདོ་སྡེ་དེ་དག་ལས་དྲང་བའི་དོན་གསུངས་པ་རྣམས་ཤིན་ཏུ་གསལ་བར་མཛད་པ་ལགས་སོ་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་བ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་དཔེར་བགྱི་ན་ཆབ་མར་ནི་སྣོད་དུ་བསྒྲལ་བ་དང་གཡོས་དང་། བག་ཆོས་

ཀྱི་རྣམ་པ་ཐམས་ཅད་དུ་སྩལ་ན། ཤིན་དུ་བདའ་བར་འགྱུར་ལགས་སོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཞུན་མར་གྱི་དཔེས་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། དཔེ་སྨོས་པ་དང་། དཔེ་དང་དོན་དུ་སྦྱར་བ་སྟེ་འདི་ནི་དང་པོའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་

ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་བར་ལས་བརྩམས་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་མདོ་སྡེ་ཐམས་ཅད་དུ་སྩལ་བས་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་ལགས་སོ་ཞེས་བྱ་བ་ནི་གཉིས་པ་

དཔེ་དང་དོན་དུ་སྦྱར་བ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་དཔེར་བགྱི་ན་ནམ་མཁའ་ནི་ཐམས་ཅད་ལ་རོ་གཅིག་པ་དང་། སྩལ་བ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་བ་ལགས་སོ་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་ནམ་མཁའ་རོ་གཅིག་པའི་དཔེས་

เล่ม ๑๑๙ · หน้า 55a

བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ་དཔེས་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བ་སྟེ་འདི་ནི་དང་པོའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་རྒྱ་ཆེར་བཤད་

པ་ལས་བརྩམས་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོར་སྩལ་བ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་ལགས་སོ། །འདི་སྐད་

ཅེས་གསོལ་པ་དང་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་བ་སྟེ། འདི་ལྟར་ངོ་བོ་ཉིད་མེད་པ་ངེས་པའི་དོན་དུ་བསྟན་པ་སྟེ། དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་ཁྱབ་ཅིང་ངོ་བོ་ཉིད་མེད་པའི་རོ་གཅིག་ཏུ་གྱུར་པ་དང་། ཐེག་པ་གསུམ་པོ་དག་གི་སྩལ་བ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་

བས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་ཏེ་ཞེས་བྱ་བ་འདི་མན་ཆད་གཉིས་པ་དེ་བཞིན་གཤེགས་པས་བསྒྲུབ་པར་བསྐུལ་བ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། ལེགས་པ་སྤྱིར་

བསྔགས་པ་དང་། དོན་ཟབ་མོ་ཁོང་དུ་ཆུད་པར་གྱུར་པར་བསྔགས་པ་དང་། དཔེ་ལེགས་པར་བྱས་པ་ལ་བསྔགས་པ་དང་། མཆོག་ལ་བསླབ་པར་བསྐུལ་བ་སྟེ། འདི་ནི་དང་པོ་ལེགས་པ་སྤྱིར་བསྔགས་པའོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེང་དེ་བཞིན་གཤེགས་པའི་དགོངས་ཏེ་བཤད་

པའི་དོན་ཟབ་མོ་ལེགས་པར་ཤེས་པར་གྱུར་ནས་ཞེས་བྱ་བ་འདི་ནི་གཉིས་པ་དོན་ཟབ་མོ་ཁོང་དུ་ཆུད་པར་གྱུར་པར་བསྔགས་པའོ། །ཡང་དོན་དེ་ལ་དཔེ་ལེགས་པར་བྱས་པ་འདི་ལྟ་སྟེ། བཅའ་སྒ་དང་རི་མོ་བྲི་བའི་གཞི་དང་། མར་གྱིས་གདབ་པ་དང་། ནམ་མཁའོ་ཞེས་བྱ་བ་ནི་གསུམ་པ་དཔེ་

ལེགས་པར་བྱས་པ་ལ་བསྔགས་པའོ། །དོན་དམ་ཡང་དག་འཕགས་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཐ་དད་དུ་གྱུར་པ་གཞན་ཅི་ཡང་མེད་པས་དེ་དེ་བཞིན་དུ་ཁྱོད་ཀྱིས་ཟུང་ཤིག་ཅེས་བྱ་བ་ནི་བཞི་པ་མཆོག་ལ་བསླབ་པར་བསྐུལ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་

เล่ม ๑๑๙ · หน้า 55b

འཕགས་ཀྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དུས་དང་པོར་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བའི་ནགས་རི་དགས་རྒྱུ་བའི་གནས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་བདེན་པ་བཞིའི་རྣམ་པ་བསྟན་པས་ཡང་དག་པའི་ཆོས་ཀྱི་

འཁོར་ལོ་བསྐོར་བ་ཡང་ཞེས་བྱ་བ་འདི་མན་ཆད་ནི་རྣམ་པ་ལྔར་ཕྱེ་བའི་བཞི་པ་ཁྱད་པར་གྱི་བསྔགས་པ་བརྗོད་ཅིང་བསྒྲུབ་པའི་ཕྱོགས་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་དང་། དེ་ནས་ཞེས་བྱ་བ་མན་ཆད་བཅོམ་ལྡན་འདས་

ཀྱིས་ཡང་དག་པར་བཤད་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། འཁོར་ལོ་རྣམ་པ་གསུམ་གྱིས་ཁྱད་པར་མི་མཚུངས་པར་བསྟན་པ་དང་། བཅོམ་ལྡན་འདས་རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་བསོད་ནམས་ཀྱི་ཁྱད་པར་ཞུས་པའོ། །དང་པོ་ཡང་འཁོར་ལོ་རྣམ་པ་གསུམ་ཡོད་པ་ཉིད་ཀྱིས་

རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཆོས་ཀྱི་འཁོར་ལོ་ཉིད་ཡང་དག་པར་བསྟན་པ་དང་། ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་བ་མན་ཆད་བསྟན་པ་དེ་དམན་པ་ཡིན་པར་རབ་ཏུ་བསྟན་པའོ། །འདི་

ནི་དང་པོ་སྟེ། མདོའི་ཚིག་འདི་ཡང་རྣམ་པ་ལྔར་ཕྱེ་ནས་བསྟན་ཏེ། ཞུ་བ་གསོལ་པ་དང་། ལན་གསུང་བ་པོ་བསྟན་པ་དང་། གསུངས་པའི་དུས་བསྟན་པ་དང་། གསུངས་པའི་གནས་བསྟན་པ་དང་། གང་གི་ཆེད་དུ་བསྟན་པ་གསུངས་པ་དང་། །ཆོས་ཀྱི་འཁོར་ལོ་བསྟན་པའོ། །དེ་

ལ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཞུ་བ་གསོལ་པ་དང་། ལན་གསུང་བའི་གང་ཟག་བསྟན་ཏོ། །དུས་དང་པོར་ཞེས་བྱ་བས་ནི་མདོ་སྡེ་གསུངས་པའི་དུས་བསྟན་ཏེ། འདི་ལྟར་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ལས། འཁོར་ལོ་དང་པོ་གསུངས་པའི་དུས་ལ་བྱའོ། །ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བ་

ལ་སོགས་པས་ནི་མདོ་སྡེ་གསུངས་པའི་གནས་བསྟན་ཏེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བཱ་རཱ་ཎ་སཱི་གྲོང་ཁྱེར་དྲང་སྲོང་འདུས་པ་རི་དགས་རྒྱུ་བའི་གནས་ཞེས་འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པས། ཚིག་ངེས་པར་འགྲེལ་བའི་མདོ་བརྗེད་བྱང་བྱས་པ་ལས།

เล่ม ๑๑๙ · หน้า 56a

དུས་དང་པོར་ཡུལ་བཱ་རཱ་ཎ་སཱི་རི་དགས་ཀྱི་ཚལ་དྲང་སྲོང་འདུས་པའི་གནས་སུ་ཞེས་བྱ་བ་ནི་ཡོན་ཏན་རྣམ་པ་གསུམ་དང་ལྡན་པའི་ཕྱིར་གང་ཟག་རྣམ་པ་གསུམ་རྟག་ཏུ་དེར་འདུའོ། །ཡོན་ཏན་རྣམ་པ་གསུམ་ཞེས་བྱ་བ་ཡང་དང་པོར་ནི་ཚལ་གྱི་ཡོན་ཏན་ཏེ། ཤིང་གི་ཡལ་ག་

རྣམས་ཀུན་ཁྱབ་པར་གཡོགས་པས་དཔྱིད་ནི་ཚ་བའི་སྐྱབས་བྱེད། དབྱར་ནི་ཆར་པའི་སྐྱབས་བྱེད། དགུན་ནི་རླུང་གི་སྐྱབས་བྱེད། གཉིས་པ་ནི་ཆུའི་ཡོན་ཏན་ཏེ། རྟག་པར་ཡོན་ཏན་ལྔ་པོ་ཡང་བ་དང་གྲང་བ་དང་། མཉེན་པ་དང་ཞིམ་པ་དང་། དྲི་དང་ལྡན་པས་སོ། །གསུམ་པ་ནི་གནས་ཀྱི་ཡོན་

ཏན་ཏེ། ཚལ་གྱི་ཕྱི་རོལ་ཡངས་ཤིང་རྒྱ་ཆེ་བས་བྱ་དང་རི་དགས་ཐམས་ཅད་དེར་འདུ་ཞིང་། བཟའ་བ་དང་བཏུང་བ་དག་ལ་འཇིགས་པ་མེད་པ་དང་། གཞན་ཡང་སའི་འོག་ན་རིན་པོ་ཆེའི་གཏེར་ཆེན་པོ་ཡོད་དེ། རྒྱར་ཡང་རྒྱང་གྲགས་བརྒྱད་ཡོད་ལ། ཟབས་སུ་ཡང་རྒྱང་གྲགས་བརྒྱད་ཡོད་དོ། །

རེས་འགའ་སྟེང་དུ་འབྱུང་ཡང་མི་དག་གིས་བླང་དུ་མེད་ཀྱི། ནམ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་བའི་ཚེ། རིན་པོ་ཆེ་འདི་བླངས་ནས་སྤྱོད་པར་བྱེད་དོ། །རི་དགས་ཀྱི་ཚལ་ཞེས་བྱ་བ་ཡང་དོན་རྣམ་པ་གཉིས་ཡོད་དེ། དང་པོ་ནི་སྔོན་གནས་འདིར་རི་དགས་ཤ་བ་ཚད་མེད་པ་སྙེད་གནས་པས་ཡུལ་

དེའི་རྒྱལ་པོས་རི་དགས་དེ་རྣམས་བསད་པར་བྱས་པ་ལས། རི་དགས་ཀྱི་རྒྱལ་པོས་ཉིན་གཅིག་ལ་རེ་རེ་ཞིག་བསད་ན་ཡུན་རིང་དུ་ཐུབ་པར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་དུས་གཞན་ཞིག་ན་ཤ་བ་སྦྲུམ་མ་ཞིག་ལ་རེས་བབ་པ་དང་། རི་དགས་ཀྱི་རྒྱལ་པོ་དེ་སྙིང་རྗེ་བའི་བསམ་པས་

དེའི་སྐྱིན་པར་བསད་པའི་གནས་སུ་སོང་བ། རྒྱལ་པོས་མཐོང་ནས་རི་དགས་ཀྱི་རྒྱལ་པོ་དེ་གཏོང་ངོ་། །དེས་ཀྱང་བྱང་ཆུབ་སེམས་དཔའི་ལམ་རྣམས་བསྟན་པས་རྒྱལ་པོས་ཐོས་ཏེ་གོ་བར་གྱུར་ནས་ཤ་བ་གཞན་རྣམས་ཀྱང་བཏང་སྟེ། རྒྱ་ཆེར་ནི་རི་དགས་ཀྱི་རྒྱལ་པོས་ཤ་བ་སྦྲུམ་མའི་ཕྱིར་

སྲོག་བཏང་བར་བྱས་པ་བསྟན་པ་དང་། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །གཉིས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་རི་དགས་ཤ་བ་གསུམ་རྟག་པར་བཅོམ་ལྡན་འདས་ལས་ཆོས་ཉན་དུ་འོང་བས་སོ། །དེ་ལ་གང་ཟག་གསུམ་ཞེས་བྱ་བ་ཡང་

เล่ม ๑๑๙ · หน้า 56b

དང་པོ་ནི་སངས་རྒྱས་འཇིག་རྟེན་དུ་མ་བྱུང་བའི་ཚེ། དྲང་སྲོང་རྣམས་གནས་འདིར་འདུས་ནས། དྲང་སྲོང་གི་ལམ་བསྒྲུབས་པས་སོ། །གཉིས་པ་ནི་སངས་རྒྱས་འཇིག་རྟེན་དུ་མ་བྱུང་བ་ན་རང་སངས་རྒྱས་ཐམས་ཅད་གནས་འདིར་འདུས་ནས་རང་སངས་རྒྱས་ཀྱི་ལམ་བསྒོམས་པས་སོ། །གསུམ་པ་ནི་

སངས་རྒྱས་འཇིག་རྟེན་དུ་བྱུང་ནས་ཉན་ཐོས་རྣམས་དང་ཐབས་ཅིག་ཏུ་གནས་འདིར་བཞུགས་པས་སོ་ཞེས་བཤད་དོ། །བཀོད་པ་ཆེན་པོ་བསྟན་པའི་མདོ་ལས་ནི་དྲང་སྲོང་ལྷུང་བ་རི་དགས་བྱིན་པའི་ཚལ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་

རྣམ་ལྷུམས་སུ་འཇུག་པར་དགོངས་པ་ན། ལྷའི་བུ་དག་འཛམ་བུའི་གླིང་དུ་བབས་ནས་རང་སངས་རྒྱས་རྣམས་ལ་འཕགས་པ་དག་ཞིང་འདི་ཡོངས་སུ་སྤང་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ལོ་བཅུ་གཉིས་འདས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པར་འགྱུར་རོ་ཞེས་སྨྲས་པ་

དང་། དེའི་ཚེ་ཡུལ་བཱ་རཱ་ཎ་སཱིར་རང་སངས་རྒྱས་ལྔ་བརྒྱས་ལྷའི་བུའི་ཚིག་ཐོས་པས་འདུག་པའི་སྟན་ལས་ལངས་ནས་ནམ་མཁའ་ལ་ཏཱ་ལ་བདུན་ཙམ་དུ་འཕགས་ཏེ། མེས་རང་གི་ཕུང་པོ་བསྲེགས་ནས་ཡོངས་སུ་མྱ་ངན་ལས་འདས་ཀྱི་ཤཱ་རིའི་བུ་འབའ་ཞིག་ནམ་མཁའ་ལས་བབས་པས། དེའི་

ཕྱིར་གནས་འདི་དྲང་སྲོང་ལྷུང་བའི་གནས་ཞེས་བྱའོ། །གཞན་ཡང་འདས་པའི་དུས་རྒྱལ་པོ་སྙིང་རྗེ་དང་ལྡན་པས་རི་དགས་མང་པོ་རྣམས་ལ་མི་འཇིགས་པ་བྱིན་པའི་གནས་ཡིན་པས་དེའི་ཕྱིར་ཡང་གནས་དེ་དྲང་སྲོང་ལྷུང་བ་རི་དགས་བྱིན་པའི་ཚལ་ཞེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་

བསྟན་པ་བཞིན་ནོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བའི་གནས་རི་དགས་བྱིན་པའི་གནས་ན་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་ལ་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཞེས་གསུངས་པ་དེ་ལ་ཅིའི་ཕྱིར་བཱ་རཱ་ཎ་སཱི་ཞེས་བྱ་ཞེ་ན།

སྨྲས་པ། འདི་ནི་ཆུ་ཀླུང་གི་མིང་ཡིན་ཏེ། དེ་ལས་མི་རིང་བ་ན་རྒྱལ་པོའི་གྲོང་ཁྱེར་བརྩིགས་པས། དེའི་ཕྱིར་གྲོང་ཁྱེར་འདི་ཡང་བཱ་རཱ་ཎ་སཱི་ཞེས་བྱའོ། །ཅིའི་ཕྱིར་དྲང་སྲོང་སྨྲ་བ་ཞེས་བྱ་ཞེ་ན། སྨྲས་པ། གལ་ཏེ་འདི་སྐད་དུ་སངས་རྒྱས་རྣམས་ནི་ངེས་པར་གནས་དེར་ཡང་དག་པའི་ཆོས་ཀྱི་

เล่ม ๑๑๙ · หน้า 57a

འཁོར་ལོ་བསྐོར་བ་ཡིན་ནོ་ཞེས་ཟེར་ན་ནི་དེ་འདི་སྐད་དུ་སངས་རྒྱས་རྣམས་ནི་དྲང་སྲོང་མཆོག་ཡིན་ཏེ། ཐམས་ཅད་ཀྱིས་གནས་དེར་དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དྲང་སྲོང་སྨྲ་བའི་གནས་ཞེས་བྱའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་འདི་སྐད་དུ་སངས་རྒྱས་

རྣམས་གནས་དེར་ཆོས་ཀྱི་འཁོར་ལོ་བསྐོར་བ་ངེས་པ་ཡང་མ་ཡིན་ནོ་ཞེས་ཟེར་ན་ནི་འདི་སྐད་དུ་དྲང་སྲོང་གནས་ཞེས་བརྗོད་པར་བྱ་སྟེ། འདི་ལྟར་སངས་རྒྱས་འཇིག་རྟེན་དུ་བྱུང་བ་ན། དྲང་སྲོང་ཆེན་པོ་དང་འཕགས་པའི་སློབ་མ་དྲང་སྲོང་མང་པོ་རྣམས་ཀྱི་གནས་སུ་གྱུར་པ་དང་། སངས་རྒྱས་འཇིག་རྟེན་

དུ་མ་བྱུང་བའི་ཚེ་ནི་དྲང་སྲོང་རང་སངས་རྒྱས་གནས་པ་དང་། རང་སངས་རྒྱས་མེད་པའི་ཚེ་ནི་འཇིག་རྟེན་པའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་གནས་དེར་རྟོག་པར་རྒྱུན་དུ་དྲང་སྲོང་གནས་པར་གྱུར་པ་དང་། གནས་པ་དང་གནས་པར་འགྱུར་བའི་ཕྱིར་དྲང་སྲོང་གི་གནས་ཞེས་བྱའོ། །ཁ་

ཅིག་ན་རེ་དྲང་སྲོང་ལྷུང་བའི་གནས་ཞེས་བརྗོད་པར་བྱ་སྟེ། སྔོན་དྲང་སྲོང་ལྔ་བརྒྱ་ནམ་མཁའ་ལ་རྒྱུ་བ་ལས་གནས་འདིར་ཉམས་པའི་རྐྱེན་གྱིས་དུས་གཅིག་ཏུ་ལྟུང་བས་སོ། །ཅིའི་ཕྱིར་རི་དགས་བྱིན་པའི་གནས་ཞེས་བྱ་ཞེ་ན། སྨྲས་པ། རྟག་པར་རྒྱུན་དུ་རི་དགས་རྣམས་ཚལ་འདིར་རྒྱུ་ཞིང་གནས་

པའི་ཕྱིར་ནི་རི་དགས་ཀྱི་ཚལ་ཞེས་བྱ་ལ། སྔོན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བས་ཚལ་འདི་རི་དགས་རྣམས་ལ་བྱིན་པའི་ཕྱིར་ན་རི་དགས་བྱིན་པའི་གནས་ཞེས་བྱ་སྟེ། ཇི་ལྟར་ཁྱིམ་བདག་ཀ་ལན་ཏ་ཀས་རྒྱལ་པོའི་ཁབ་འོད་མའི་ཚལ་དུ་རྫིང་ཅིག་བརྐོས་ནས་བྱ་ཀ་ལན་ཏ་ཀ་རྣམས་ལ་བརྩེ་

བའི་ཕྱིར་ཀ་ལན་ཏ་ཀའི་རྫིང་ཞེས་བརྗོད་པ་ལྟ་བུའོ་ཞེས་འབྱུང་སྟེ། གོང་དུ་བསྟན་པའི་གཏན་ཚིགས་དེས་ནི་རི་དགས་བྱིན་པའི་གནས་ཞེས་བྱའོ། །སློབ་དཔོན་དབྱིག་གཉེན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྟན་བཅོས་ལས་ནི་རྐྱེན་རྣམ་པ་བཞིའི་ཕྱིར་ཚལ་དེར་ཆོས་ཀྱི་འཁོར་ལོ་བསྐོར་བ་

ཡིན་ནོ་ཞེས་བཤད་དོ། །དེའི་ཕྱིར་དེ་ཉིད་ལས་དོན་གང་གི་ཕྱིར་གནས་མཆོག་སྐྱེ་བོ་མང་པོའི་གནས་སྤངས་ནས། ཡུལ་བཱ་རཱ་ཎ་སཱིའི་སྐྱེ་བོ་མི་མང་བའི་གནས་རི་དགས་ཀྱི་ཚལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞེ་ན། དེའི་དོན་འདིར་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སྔོན་གནས་དེར་ལན་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด