འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๙ · หน้า 57b
གྲངས་བྱེ་བ་ཕྲག་དྲུག་ཅུའི་བར་དུ་སྦྱིན་པ་རྒྱ་ཆེར་བཏང་བའི་ཕྱིར་དང་། སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་སྙེད་ལ་དེར་མཆོད་ཅིང་བསྙེན་བཀུར་མཛད་པའི་ཕྱིར་དང་། གཞན་ཡང་གནས་དེར་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུས་སྔོན་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང་། གཞན་ཡང་གནས་དེ་ན་རྟག་
པར་དྲང་སྲོང་རབ་ཏུ་ཞི་བ་མང་པོ་གནས་པར་གྱུར་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ་ཞེས་བཤད་དོ། རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། །།བམ་པོ་སུམ་ཅུ་གཉིས་པ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་བྱ་བས་ནི་གང་
གི་ཆེད་དུ་བསྟན་པ་གསུངས་པ་བསྟན་ཏེ། ཐེག་པ་པ་རྣམ་པ་གསུམ་ལས་ཉན་ཐོས་ཀྱི་ཐེག་པ་པ་ཁོ་ནའི་ཆེད་དུ་གསུངས་པར་གྱུར་པའོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། མཛོད་ཀྱི་བསྟན་བཅོས་དང་། ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། ཆོས་ཀྱི་འཁོར་ལོ་
བསྟན་པ་དག་ལས་ནི་དགེ་སློང་ལྔ་པོ་དག་གི་ཆེད་དུ་གསུངས་པ་ཡིན་ནོ་ཞེས་སྟོན་ཏེ། །དགེ་སློང་ལྔ་པོ་ཡང་འདུལ་བ་དུམ་བུ་བཞི་པ་ལས་ནི། ཀུན་ཤེས་ཀཽཎྜི་ནྱ་དང་། ཨ་ཤི་བ་ཕྱི་དང་། མ་ཧཱ་ན་མ་དང་། བྷ་དེ་དང་། བྷ་བུ་རྣམས་སོ་ཞེས་བཤད་དོ། །འདུལ་བ་དུམ་བུ་ལྔ་པ་ལས་ནི་ཀུན་ཤེས་ཀཽཎྜི་ནྱ་
དང་། བྷ་དེ་དང་། ས་ཕ་དང་། ཨན་ཕྱི་དང་། མ་ཧཱ་ནམ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། ཀུན་ཤེས་ཀཽཎྜི་ནྱའི་ཆེད་དུ་གསུངས་པ་ཡིན་པར་བཤད་ལ། མདོ་འདི་ལས་ནི་ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ཀྱི་ཆེད་དུ་གསུངས་པ་ཡིན་པར་བསྟན་ཏོ། །དེ་ལ་བདེན་པ་
བཞིའི་རྣམ་པ་བསྟན་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ཉིད་ཡང་དག་པར་སྟོན་ཏོ། །རྣམ་པའི་མཚན་ཉིད་བཅུ་གཉིས་ལན་གསུམ་ཡང་དག་པར་བསྐོར་བ་སྟེ། ཆོས་ཀྱི་འཁོར་ལོ་བསྟན་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ཆོས་ཀྱི་འཁོར་ལོ་དེ་
ཡང་མདོར་བསྡུ་ན་སྒོ་རྣམ་པ་བཞིར་རྣམ་པར་ཕྱེ་ནས་བསྟན་པར་བྱ་སྟེ། ངེས་ཚིག་ཡང་དག་པར་བསྟན་པ་དང་། ངོ་བོ་ཉིད་བསྟན་པ་དང་། དྲིས་ལན་དག་གིས་རྣམ་པར་དབྱེ་བ་དང་། རྣམ་པའི་མཚན་ཉིད་བཅུ་གཉིས་ཡང་དག་པར་བཤད་པའོ། །དེ་ལ་ངེས་ཚིག་ཡང་དག་པར་བསྟན་པ་ནི་མདོ་དག་ལས་
เล่ม ๑๑๙ · หน้า 58a
ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་གསུངས་པ་ལྟ་བུ་སྟེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཅིའི་ཕྱིར་འཁོར་ལོ་ཞེས་བྱ་ཞེ་ན། ཆོས་ལ་མངོན་པར་གྲུབ་ཅིང་། ཆོས་ཀྱི་ངོ་བོ་ཉིད་བྱེད་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །
ཇི་ལྟར་འཇིག་རྟེན་པའི་འཁོར་ལོ་གསེར་ལ་སོགས་པ་ལས་མངོན་པར་གྲུབ་ཅིང་གསེར་ལ་སོགས་པ་ངོ་བོ་ཉིད་བྱེད་པས་གསེར་ལ་སོགས་པའི་འཁོར་ལོ་ཞེས་བརྗོད་པ་བཞིན་དུ་འདི་ཡང་དེ་བཞིན་ནོ། །ཁ་ཅིག་ནི་འཁོར་ལོ་འདིས་འཕགས་པའི་ཤེས་རབ་ཀྱི་ཆོས་ཀྱི་མིག་རྣམ་པར་དག་པར་
བྱེད་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་ཟེར་རོ། །ཁ་ཅིག་ནི་འཁོར་ལོ་འདིས་འཁོར་ལོ་མ་ཡིན་པའི་གཉེན་པོར་གྱུར་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །འཁོར་ལོ་མ་ཡིན་པ་ནི་འདི་ལྟ་སྟེ། རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་གི་ལོག་པའི་ཡན་ལག་བརྒྱད་པའི་འཁོར་ལོ་བསྐོར་
བ་གང་ཡིན་པའོ་ཞེའོ། །ཅིའི་ཕྱིར་འཁོར་ལོ་ཞེས་བྱ། འཁོར་ལོ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། སྨྲས་པ། གཡོ་ཞིང་མི་གནས་པ་གང་ཡིན་པ་དེ་ནི་འཁོར་ལོའི་དོན་ཏོ། །འདི་སྤངས་ནས་དེར་འགྲོ་བ་གང་ཡིན་པ་དེ་ནི་འཁོར་ལོའི་དོན་ཏོ། །ཕྱིར་རྒོལ་བ་འཇོམས་པར་བྱེད་པ་གང་ཡིན་པ་དེ་ནི་འཁོར་
ལོའི་དོན་ཏེ། འདི་ལྟ་བུ་ལ་སོགས་པའི་དོན་ཉིད་ཀྱི་ཕྱིར་འཁོར་ལོ་ཞེས་བྱའོ། །དེ་ལ་གཡོ་ཞིང་མི་གནས་པ་ཞེས་བྱ་བ་ལ། མཐོང་བའི་ལམ་ནི་མྱུར་བའི་ལམ་དང་དུས་ཀྱི་སེམས་མི་འབྱུང་བའི་ལམ་ཡིན་ཏེ། གཡོ་ཞིང་མི་གནས་པའི་ནང་ན་མཆོག་ཏུ་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་རོ། །འདི་སྤངས་
ནས་དེར་འགྲོ་བ་ཞེས་བྱ་བ་ནི་མཐོང་བའི་ལམ་ལས་སྡུག་བསྔལ་གྱི་མངོན་པར་རྟོགས་པ་སྤངས་ནས་ཀུན་འབྱུང་བའི་མངོན་པར་རྟོགས་པར་འགྲོ་བ་དང་དེ་བཞིན་དུ་འགོག་པའི་མངོན་པར་རྟོགས་པ་སྤངས་ནས་ལམ་གྱི་མངོན་པར་རྟོགས་པའི་བར་དུ་འགྲོ་བའི་ཕྱིར་རོ། །ཕྱིར་རྒོལ་བ་འཇོམས་པར་བྱེད་པའི་
དོན་ནི་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡོད་པའི་འཁོར་ལོ་རིན་པོ་ཆེས་གླིང་བཞིའི་ཕྱིར་རྒོལ་བ་རྣམས་འཇོམས་པར་བྱེད་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་མཐོང་བའི་ལམ་གྱི་འཁོར་ལོས་ཀྱང་བདེན་པ་བཞིས་སྤོང་བར་བྱ་བའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པའི་ཕྱིར་ཆོས་ཀྱི་འཁོར་
เล่ม ๑๑๙ · หน้า 58b
ལོ་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་བསྐོར་བ་ཞེས་བྱ་བ་ནི་གཡོ་བར་བྱེད་པའི་དོན་ཏེ། གཞན་གྱི་རྒྱུད་ལ་འཕགས་པའི་ལམ་སློང་བར་བྱེད་པའི་ཕྱིར་བསྐོར་བ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། གལ་ཏེ་དེའི་རྒྱུད་ལ་འཕགས་པའི་ལམ་སྐྱེ་བར་གྱུར་པ་དེ་ཉིད་ལ་ཆོས་ཀྱི་
འཁོར་ལོ་བསྐོར་བ་ཞེས་བྱ་བ་ཞིག་ཡིན་ན། ཅིའི་ཕྱིར་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་བཤད་ཅེ་ན། སྨྲས་པ། བསྐོར་བར་ནུས་པའི་རྒྱུའི་དབང་དུ་མཛད་ནས། དེའི་ཕྱིར་དེ་སྐད་བཤད་དེ་འདི་ལྟར་དེའི་རྒྱུད་ལ་འཕགས་པའི་ལམ་ཡོད་ཀྱང་། བཅོམ་ལྡན་འདས་ཀྱིས་གལ་ཏེ་ཚིག་
གིས་བསྟན་ཅིང་བསྐོར་བར་མ་གྱུར་ན། དེའི་འཕགས་པའི་ལམ་སྐྱེ་བའི་རྒྱུ་མེད་པར་འགྱུར་ཏེ། དེའི་འཕགས་པའི་ལམ་སྐྱེ་བ་ནི་སངས་རྒྱས་ཀྱི་མཐུ་ཡིན་པས་དེའི་ཕྱིར་སངས་རྒྱས་ཀྱིས་དང་པོར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བཤད་པ་ཡིན་ནོ་ཞེས་འབྱུང་སྟེ། ཐམས་ཅད་ཡོད་པར་སྨྲ་བའི་
གཞུང་གིས་འདོད་པའི་དོན་ཡང་གོང་དུ་བསྟན་པ་ཡིན་ནོ། །མདོ་སྡེ་པས་འདོད་པ་དང་སྦྱར་ན་ནི་དོན་རྣམ་པ་གཉིས་ཡོད་དེ། འཕགས་པའི་བསྟན་པ་དང་འཕགས་པའི་ལམ་མོ། །འཕགས་པའི་བསྟན་པ་འདིའི་དབང་གིས་ཕ་རོལ་གྱི་རྒྱུད་ལ་གནས་པའི་ཕྱིར་བསྐོར་བ་ཞེས་བྱ་བ་སྟེ། དེའི་ཕྱིར་མཛོད་
ཀྱི་བསྟན་བཅོས་ལས། ཆོས་ཀྱི་རྣམ་གྲངས་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་བསྟན་པ་ནི་ཡང་དག་པའི་རིགས་པ་ཡིན་ནོ། །ཇི་ལྟར་ན་བསྐོར་བ་ཡིན་ཞེ་ན། ཆོས་ཀྱི་རྣམ་གྲངས་དེ་ཉིད་གཞན་གྱི་རྒྱུད་ལ་དོན་གོ་བར་བྱེད་པའི་ཕྱིར་དང་། ཡང་ན་འཕགས་པའི་ལམ་རྣམས་ནི་ཆོས་ཀྱི་འཁོར་ལོ་
ཡིན་ཏེ། གདུལ་བའི་རྒྱུད་ལ་འཇུག་པའི་ཕྱིར་རོ། །དེ་ནི་གཞན་གྱི་རྒྱུད་ལ་མཐོང་བའི་ལམ་སྐྱེ་བ་ན་བསྐོར་བར་རྩོམ་པས་དེའི་ཕྱིར་བསྐོར་བ་ཞེས་བྱའོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོའི་གཞུང་གིས་དོན་རྣམ་པ་གཉིས་སུ་བསྟན་པ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་
བྱ་སྟེ། ཕྱིས་འོག་ནས་རྣམ་པར་དབྱེ་བར་བྱའོ། །དེ་ལ་ངོ་བོ་ཉིད་བསྟན་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བ་དག་ནི་མཛོད་ཀྱི་བསྟན་བཅོས་ལ་སོགས་པ་ལས་བསྟན་པ་དང་སྦྱར་ན། འཕགས་པའི་ལམ་གྱི་ངོ་བོ་ཉིད་བྱེད་དོ་ཞེས་བཤད་དེ། དེའི་ཕྱིར་མཛོད་ཀྱི་བསྟན་
เล่ม ๑๑๙ · หน้า 59a
བཅོས་ཀྱི་ཚིག་ལེའུར་བྱས་པ་ལས། དགེ་སྦྱོང་ངོ་བོ་ཉིད་བསྟན་པ། །དེ་ཉིད་བྲམ་ཟེ་ཞེས་ཀྱང་བྱ། །ཚངས་པའི་འཁོར་ལོ་ཞེས་ཀྱང་བྱ། །ཡང་དག་ཚངས་པས་བསྐོར་ཕྱིར་རོ། །འདི་ནི་མཐོང་བའི་ལམ་དག་ལ། །ཆོས་ཀྱི་འཁོར་ལོ་ཞེས་བཤད་དེ། །མྱུར་སོགས་འཁོར་ལོ་
འདྲ་བ་དང་། །རྩིབས་ལ་སོགས་དང་ལྡན་ཕྱིར་རོ། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། འདིར་ནི་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་ཏོ་ཞེས་འབྱུང་བས། མཐོང་བའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ཡིན་པར་མངོན་ནོ། །བསྟན་བཅོས་སེམས་སྣ་ཚོགས་བསྟན་
པ་ལས་ཀྱང་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་པར་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལས། ཐུབ་པས་མཐོང་བའི་ལམ་དག་ལ། །མྱུར་ཕྱིར་འཁོར་ལོ་ཞེས་གསུངས་སོ། །ཡང་ན་སློབ་པའི་ཡན་ལག་བརྒྱད། །གཞན་གྱི་རྒྱུད་ལ་འཇུག་པས་སོ། །ཞེས་འབྱུང་སྟེ།
འདི་ཉིད་ཀྱི་འགྲེལ་པ་ལས། ཚིགས་སུ་བཅད་པ་ཕྱེད་དང་པོས་ནི་ཐམས་ཅད་ཡོད་པར་སྨྲ་བའི་དོན་བསྟན་ཏོ། །ཕྱེད་འོག་མས་ནི་བཙུན་པ་རབ་དབྱངས་ཀྱིས་རྣམ་པར་གཞག་པའི་གཞུང་གི་དོན་བསྟན་ཏོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་བྱེ་
བྲག་ཏུ་བཤད་པ་ཆེན་པོ་ལས། ཆོས་ཀྱི་འཁོར་ལོ་གང་ཞེ་ན། སྨྲས་པ། འཕགས་པའི་ལམ་ཡན་ལག་མཚུངས་པར་ལྡན་པ་དང་བཅས་པ་ཕུང་པོ་ལྔའི་ངོ་བོ་ཉིད་དོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་ཏོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་
ལས་བསྟན་པ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བ་དེ་དག་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བ་དེ་ཡང་གོ་རིམས་བཞིན་དུ་མཐོང་བའི་ལམ་ལ་སོགས་པའི་ལམ་གསུམ་དང་སྦྱར་བས་མཐོང་བའི་ལམ་འབའ་ཞིག་དང་སྦྱར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་རྣམ་པ་བཅུ་གཉིས་
ལན་གསུམ་དུ་བསྐོར་བ་ལས་བརྩམས་ནས་ཐམས་ཅད་ཡོད་པར་སྨྲ་བ་དག་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་པ་རྣམ་པར་འཇོག་པས་དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས། གཞན་ཡང་འདི་སྐད་དུ། རྣམ་པ་གསུམ་དུ་བསྐོར་བ་དེ་དག་གིས་ནི་རིམ་བཞིན་དུ་མཐོང་
เล่ม ๑๑๙ · หน้า 59b
བའི་ལམ་དང་། བསྒོམ་པའི་ལམ་དང་མི་སློབ་པའི་ལམ་རྣམས་བསྟན་ཏོ་ཞེས་བྱེ་བྲག་ཏུ་སྨྲ་བ་དག་དེ་སྐད་དུ་ཟེར་ཏེ། འདི་ནི་ཐམས་ཅད་ཡོད་པར་སྨྲ་བའི་དོན་སྨོས་པའོ། །གལ་ཏེ་དེ་ལྟར་ན་མཐོང་བའི་ལམ་འབའ་ཞིག་ལ་རྣམ་པ་བཅུ་གཉིས་ལན་གསུམ་བཟླས་པ་ཞེས་བྱ་བ་ཡང་མ་ཡིན་ན་ཇི་ལྟར་ན་
མཐོང་བའི་ལམ་འབའ་ཞིག་ལ་ཆོས་ཀྱི་འཁོར་ལོ་ཞེས་རྣམ་པར་གཞག་སྟེ། དེ་བས་ན་ལན་གསུམ་བཟླས་པ་དང་། རྣམ་པ་བཅུ་གཉིས་ལ་ཡོད་པའི་ཆོས་ཀྱི་རྣམ་གྲངས་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་ཞེས་བཤད་པ་ནི་ཡང་དག་པའི་རིགས་པ་དང་མཐུན་པ་ཡིན་ནོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་
བསྟན་པ་བཞིན་ནོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ནི་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་ཏུ་སྨྲ་བ་དག་གི་བསམ་པ་ནི་མདོར་བསྡུ་ན་འཕགས་པའི་ལམ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་ཟེར་ཏེ། འདི་ལྟར་ལན་གསུམ་དུ་བཟླས་པ་དག་ནི་ལམ་
གསུམ་གྱིས་བསྡུས་པར་བཤད་པའི་ཕྱིར་རོ། །གཞན་གྱི་རྒྱུད་ལ་མཐོང་བའི་ལམ་བསྐྱེད་པ་ནི་དང་པོར་བསྐོར་བར་རྩོམ་པ་ཡིན་པའི་ཕྱིར་བསྐོར་ཟིན་པ་ཞེས་བྱ་སྟེ། མཐོང་བའི་ལམ་དེ་འབའ་ཞིག་ཆོས་ཀྱི་འཁོར་ལོའི་དང་པོ་ཡིན་པས། དེའི་ཕྱིར་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་ཁོ་ནའོ་
ཞེས་བཤད་པས་ལྷ་ལ་སོགས་པས་དང་པོ་ལས་བརྩམས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཟེར་གྱི་ལམ་གཉིས་ལ་ནི་རྟེན་པར་མི་བྱེད་དོ་ཞེས་འབྱུང་ངོ་། །དགེ་འདུན་ཕལ་ཆེན་པའི་སྡེ་པ་དག་ནི་ཆོས་ཀྱི་འཁོར་ལོའི་ངོ་བོ་ཉིད་ནི་རང་བཞིན་ནོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་
བཤད་པ་ཆེན་པོ་ལས། དེ་དག་ནི་འདི་སྐད་དུ་སངས་རྒྱས་ཀྱི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་ཟེར་ཏེ་ཞེས་འབྱུང་བ་ཡིན་ནོ། །མདོ་སྡེ་པ་དག་གི་གཞུང་གིས་ནི་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་བཞིན་དུ་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། བསྟན་པའི་བདག་ཉིད་དང་། འཕགས་
པའི་ལམ་ཐམས་ཅད་ཀྱི་བདག་ཉིད་དོ་ཞེས་བཤད་དེ། དེ་དག་གིས་འཕགས་པའི་གསུང་རབ་ཁུངས་སུ་བསྟན་པ་ནི་གཞན་ནས་བསྟན་པ་བཞིན་ནོ། །སྡེ་པ་ཐ་དད་པའི་གཞུང་ལུགས་ཀྱི་བསྟན་བཅོས་ལས་བསྟན་པ་དང་སྦྱར་ན། དགེ་འདུན་ཕལ་ཆེན་པའི་སྡེ་པ་དང་། ལྷན་ཅིག་བརྗོད་པའི་
เล่ม ๑๑๙ · หน้า 60a
སྡེ་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་དང་། བྱ་མངལ་བའི་སྡེ་པ་རྣམས་ནི་མཐུན་པར་དེ་བཞིན་གཤེགས་པའི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ་ཞེས་ཟེར་ཞེས་བཤད་དོ། །མང་དུ་ཐོས་པའི་སྡེ་པ་དག་ནི་འདི་སྐད་དུ་སངས་རྒྱས་ཀྱི་
གསུང་རྣམ་པ་ལྔ་ནི་འཇིག་རྟེན་ལས་འདས་པའི་བསྟན་པ་ཡིན་ཏེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་གསུངས་པའོ། །ལྔ་པོ་འདི་དག་གིས་ངེས་པར་འབྱུང་བའི་ལམ་བསྐྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་གསུང་
གཞན་དག་ནི་འཇིག་རྟེན་པའི་བསྟན་པ་ཡིན་ནོ་ཞེས་བཤད་དེ། གོང་དུ་བསྟན་པ་དེ་དག་ཐམས་ཅད་ཀྱང་འཕགས་པའི་གསུང་རབ་ལ་ཆོས་ཀྱི་འཁོར་ལོའི་ངོ་བོ་ཉིད་དུ་བསྟན་ཏོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། འཕགས་པའི་ལམ་དང་། འཕགས་པའི་བསྟན་པ་དེ་དག་ལ་ཆོས་ཀྱི་
འཁོར་ལོའི་ངོ་བོ་ཉིད་དུ་སྟོན་ཏེ། དེའི་ཕྱིར་མདོ་འདི་ཉིད་ལས་ཆོས་ཀྱི་འཁོར་ལོ་དང་པོ་གཉིས་ནི་ངེས་པའི་དོན་མ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ནི་ངེས་པའི་དོན་གྱི་མདོ་ཡིན་ནོ་ཞེས་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། གཉིས་པ་ནི་དྲང་བའི་མདོ་ཡིན་ནོ། །
གསུམ་པ་ནི་ངེས་པའི་དོན་གྱི་མདོ་ཡིན་ནོ་ཞེས་བཤད་དེ། དང་པོ་ལ་དྲང་བའི་དོན་གྱི་མདོ་ཞེས་མ་བསྟན་པ་ནི་ལོ་ཙཱ་བ་དག་གིས་མདོར་བསྡུས་པའི་ཕྱིར་རོ། །མདོ་སྡེ་འདི་ལ་སོགས་པ་ལས་བསྟན་པ་དག་དང་སྦྱར་ན་ཐམས་ཅད་ལས་ཀྱང་འཕགས་པའི་བསྟན་པ་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་
ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་བསྟན་པ་དང་སྒྲུབ་པ་ལ་སྤྱིར་སྟོན་ཏོ། །དེའི་ཕྱིར་དེ་ཉིད་ལས་ཡང་དག་པའི་ལྟ་བ་ལ་སོགས་པ་ལས་མངོན་པར་འགྲུབ་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །འདི་ལྟར་ཚངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་
བཅོམ་པའི་ཚིག་བླ་དགས་ཡིན་ཏེ། དེས་ཡོངས་སུ་བསྐོར་བའི་ཕྱིར་ཚངས་པའི་འཁོར་ལོ་ཞེས་བྱའོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་མཚན་ཉིད་རྣམ་པ་ལྔས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན་པས་དེ་འདིར་བརྗོད་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས།
เล่ม ๑๑๙ · หน้า 60b
གཞན་ཡང་མཚན་ཉིད་རྣམ་པ་ལྔས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན་གང་ལ་དམིགས་ནས་བརྙེས་པར་བྱ་བ་བརྙེས་པ་དང་། ཐབས་གང་གིས་བརྙེས་པ་དང་།
བརྙེས་པར་བྱ་བ་གང་ཡིན་པ་དང་བརྙེས་པར་བྱ་བ་དེ་ཡང་གཞན་གྱི་རྒྱུད་ལ་ངེས་པ་བསྐྱེད་པ་དང་། ཉིད་ཀྱིས་ཐུགས་སུ་ཆུད་པ་ལ་ཡིད་ཆེས་པ་བསྐྱེད་པ་དང་གཞན་དག་ཀྱང་གཞན་གྱིས་རྟོགས་པ་ལ་ཡིད་ཆེས་པ་བསྐྱེད་པའོ། །དེ་ལ་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་
དག་གོ །དེ་ལ་ཐབས་ནི་འཕགས་པའི་བདེན་པ་བཞི་པོ་དེ་དག་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་ཡེ་ཤེས་གང་ཡིན་པའོ། །དེ་ལ་དང་པོར་བཟླས་པ་ནི་འདི་ལྟ་སྟེ། སྔོན་གྱི་བྱང་ཆུབ་སེམས་དཔའ་མངོན་པར་རྟོགས་པར་གྱུར་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདི་ནི་སྡུག་བསྔལ་
འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བ་ནས་འདི་ནི་ལམ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྟེ། དེས་ན་མངོན་སུམ་གྱི་འཕགས་པའི་ཡེ་ཤེས་ཡོད་པ་གང་གིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་གང་ཡིན་པ་དེ་ལ་དེའི་ཚེ། འཕགས་པའི་ཤེས་རབ་ཀྱི་
མིག་སྐྱེས་པ་ཞེས་བྱ་སྟེ། དེ་ཡང་འདས་པ་དང་ད་ལྟར་དང་མ་འོངས་པའི་བྱེ་བྲག་གི་ཕྱིར་གོ་རིམས་བཞིན་དུ་མིག་དང་རིག་པ་དང་བློ་ཞེས་བྱའོ། །དེ་ལ་བཟླས་པ་གཉིས་པ་ནི་འདི་ལྟ་སྟེ། སློབ་པ་དང་བཅས་པའི་ཤེས་རབ་གྱ་ནོམ་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བདག་གིས་ཡོངས་སུ་མ་ཤེས་
པ་ཡོངས་སུ་ཤེས་པར་བྱ་བ་སྡུག་བསྔལ་གྱི་བདེན་པ་དང་། གཏན་དུ་སྤང་བར་བྱ་བ་མ་སྤངས་པ་ཀུན་འབྱུང་བའི་བདེན་པ་དང་། མངོན་དུ་བྱ་བ་མངོན་སུམ་དུ་མ་བྱས་པ་འགོག་པའི་བདེན་པ་དང་། བསྒོམ་པར་བྱ་བ་མ་བསྒོམས་པ་ལམ་གྱི་བདེན་པ་ཡོད་དོ་སྙམ་དུ་རྟོགས་པ་སྟེ། སྔ་མ་བཞིན་དུ་
རྣམ་པ་བཞིར་རིག་པར་བྱའོ། །དེ་ལ་བཟླས་པ་གསུམ་ནི་འདི་ལྟ་སྟེ། མི་སློབ་པས་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་བརྙེས་པའི་ཕྱིར་བདག་གིས་བྱ་བ་བྱས་ཟིན་ཏོ་སྙམ་པ་སྟེ། སྔ་མ་བཞིན་དུ་རྣམ་པ་བཞིར་རིག་པར་བྱའོ། །དེ་ལ་ཁྱད་པར་ཡོད་པ་ཡང་རྣམ་པ་བཞི་བཟླས་པ་སྔ་མ་གཉིས་
เล่ม ๑๑๙ · หน้า 61a
ནི་སློབ་པའི་ཡང་དག་པའི་འཕགས་པའི་ཤེས་རབ་ཀྱི་མིག་གོ །བཟླས་པ་ཕྱི་མ་གཅིག་ནི་མི་སློབ་པའི་ཡང་དག་པའི་འཕགས་པའི་ཤེས་རབ་ཀྱི་མིག་གོ །དེ་ལ་བརྙེས་པར་བྱ་བ་བརྙེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་པར་རིག་པར་བྱའོ། །གཞན་
གྱི་རྒྱུད་ལ་ངེས་པ་བསྐྱེད་པ་དང་ཉིད་ཀྱིས་ཐུགས་སུ་ཆུད་པ་ལ་ཡིད་ཆེས་པ་བསྐྱེད་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་བཅོམ་ལྡན་འདས་ལས་ཆོས་ཡང་དག་པ་ཐོས་ནས་ཐོག་མར་འཕགས་པའི་བདེན་པ་བཞིའི་ཆོས་ཀུན་ཤེས་པར་གྱུར་ཏེ། དྲིས་ན་ཡང་བདག་གིས་ཀུན་འཚལ་ཏོ་
ཞེས་སྨྲས་པ་དང་། དེའི་འོག་ཏུ་ཡང་སྔ་མ་བཞིན་དུ་མཐར་ཐུག་པའི་རྣམ་པ་དག་གི་ལྔ་ཆར་གྱིས་དགྲ་བཅོམ་པ་ཉིད་ཐོབ་སྟེ། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱང་བསྐྱེད་པ་ལྟ་བུའོ། །དེ་ལ་གཞན་དག་ཀྱང་གཞན་གྱིས་རྟོགས་པ་ལ་ཡིད་ཆེས་པ་བསྐྱེད་པ་ནི་འདི་ལྟ་སྟེ། ཇི་ལྟར་ཚེ་དང་ལྡན་པ་ཀུན་ཤེས་
ཀཽཎྜི་ནྱས་བདག་གིས་ཆོས་ཀུན་ཤེས་སོ་ཞེས་ཀཽཎྜི་ནྱའི་འཇིག་རྟེན་པའི་སེམས་བསྐྱེད་པ་ཡང་རིག་ལ། ཀུན་ཤེས་ཀཽཎྜི་ནྱས་ཆོས་ཀུན་ཤེས་པར་གྱུར་ཏོ་སྙམ་དུ་དེ་བཞིན་གཤེགས་པའི་འཇིག་རྟེན་པའི་དགོངས་པ་ཡང་རིག་ནས་ས་ལ་གནས་པའི་གནོད་སྦྱིན་རྣམས་ཀྱིས་སྒྲ་བརྗོད་ནས་སྐད་ཅིག་
ཡུད་ཙམ་ཐང་ཅིག་དེ་ཉིད་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲག་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀུན་ཤེས་ཀཽཎྜི་ནྱའི་རྒྱུད་ལ་ཀུན་ཤེས་པའི་ཆོས་ཉིད་མཐུན་པར་བསྐོར་ལ། དེ་ཡང་གཞན་དག་ལ་མཐུན་པར་བསྐོར་བར་གྱུར་པ་དང་དེ་དག་ཀྱང་གཞན་དག་ལ་མཐུན་པར་བསྐོར་བར་གྱུར་
པ་ལྟ་བུ་སྟེ། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱི་ཕྱིར་འཁོར་ལོ་ཞེས་བྱའོ། །ཡང་དག་པའི་ལྟ་བ་ལ་སོགས་པའི་རང་བཞིན་ལས་མངོན་པར་གྲུབ་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །འདི་ལྟར་ཚངས་པ་ཞེས་བྱ་བ་དགྲ་བཅོམ་པའི་ཚིག་བླ་དགས་ཡིན་ཏེ།
དེས་བསྐོར་བའི་ཕྱིར་ཚངས་པའི་འཁོར་ལོ་ཞེས་བྱའོ་ཞེས་འབྱུང་སྟེ། དེས་ན་རྣལ་འབྱོར་སྤྱོད་པའི་ས་ལས། མཚན་ཉིད་རྣམ་པ་ལྔའི་དོན་གྱིས་མདོ་སྡེ་ལས་གསུངས་པའི་དོན་གྱི་དགོངས་པ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་གསུམ་པ་དྲིས་ལན་དག་གིས་རྣམ་པར་དབྱེ་བ་ཡང་དྲིས་
เล่ม ๑๑๙ · หน้า 61b
པ་ཐམས་ཅད་ཡོད་པར་སྨྲ་བ་དག་ལ་བརྟེན་ནས་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་པ་ཡིན་ནམ། སྨྲས་པ། མཐོང་བའི་ལམ་ནི་མྱུར་བའི་ལམ་དང་དུས་ཀྱི་སེམས་མི་འབྱུང་བའི་ལམ་ཡིན་པས་གཡོ་ཞིང་མི་གནས་པའི་ནང་ན་མཆོག་ཏུ་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་དེ་གཅིག་པུ་
ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། འདི་ལྟར་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་དག་སོ་སོ་ནས་སྐད་ཅིག་མ་རེ་རེ་ཡིན་པའི་ཕྱིར་ནི་མྱུར་བ་ཞེས་བྱའོ། །སེམས་ཅན་གཞན་གྱི་བར་དུ་མ་ཆོད་པའི་ཕྱིར་ནི་དུས་ཀྱི་སེམས་མི་འབྱུང་བ་ཞེས་བྱ་སྟེ། བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་དང་། མཛོད་ཀྱི་བསྟན་
བཅོས་དང་། ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་དེ་སྐད་དུ་སྟོན་ཏོ། །ཁ་ཅིག་ན་རེ་མཐོང་བའི་ལམ་ནི་རྩིབས་དང་མུ་ཁྱུད་དང་། ལྟེ་བའི་ཆོས་ལྟ་བུ་ཡིན་པའི་ཕྱིར་འཁོར་ལོ་ཞེས་བཤད་དེ། ཇི་ལྟར་ཤིང་རྟའི་འཁོར་ལོ་ལྟེ་བ་དབུས་སུ་གནས་པས་
རྩིབས་ལྟེ་བ་ལ་བརྟེན་པ་དང་མུ་ཁྱུད་ཀྱིས་ལྟེ་བ་བསྡུས་པ་དེ་བཞིན་དུ་མཐོང་བའི་ལམ་ལས་སྡུག་བསྔལ་དང་། ཀུན་འབྱུང་བའི་བཟོད་པ་དང་ཤེས་པ་ནི་རྩིབས་ལྟ་བུའོ། །འགོག་པའི་བཟོད་པ་དང་འགོག་པའི་ཤེས་པ་ནི་ལྟེ་བ་ལྟ་བུའོ། །ལམ་གྱི་བཟོད་པ་དང་ལམ་གྱི་ཤེས་པ་ནི་མུ་ཁྱུད་ལྟ་བུ་ཡིན་
ཏེ། ལམ་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་ནི་རྩིབས་ལྟ་བུ་ཡིན་ནོ། །ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་ནི་ལྟེ་བ་ལྟ་བུ་ཡིན་ནོ། །ཡང་དག་པའི་
དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུ་ཡིན་ནོ་ཞེས་ཟེར་ཏེ། རྒྱ་ཆེར་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྣམ་གྲངས་དྲུག་གི་བཤད་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །གལ་ཏེ་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་ན། ཅིའི་ཕྱིར་རྣམ་པ་བཅུ་གཉིས་
ཀྱི་ཡེ་ཤེས་ལན་གསུམ་དུ་བསྐོར་བ་ལ་ཡང་ཆོས་ཀྱི་འཁོར་ལོ་ཞེས་བསྟན་ཅེ་ན། སྨྲས་པ། མཛོད་ཀྱི་བསྟན་བཅོས་ལ་སོགས་པ་ལས་ནི་རྒོལ་བ་འདིའི་ལན་བསྟན་པ་མེད་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་རྒོལ་བ་འདིའི་ལན་སྟོན་ཏེ། གོང་དུ་ངོ་བོ་ཉིད་བསྟན་
เล่ม ๑๑๙ · หน้า 62a
པའི་སྐབས་སུ་བཤད་པ་བཞིན་ནོ། །གལ་ཏེ་འཕགས་པའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ན་ཅིའི་ཕྱིར་ཡུལ་བཱ་རཱ་ཎ་སཱིར་བྱོན་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བསྟན་ཅེ་ན། སྨྲས་པ། ཆོས་ཀྱི་
འཁོར་ལོ་བསྐོར་བ་ནི་རྣམ་པ་གཉིས་ཏེ། རང་གི་རྒྱུད་ལ་བསྐོར་བ་དང་། གཞན་གྱི་རྒྱུད་ལ་བསྐོར་བའོ། །བྱང་ཆུབ་ཀྱི་ཤིང་དྲུང་ནི་རང་ལ་བསྐོར་བའི་ཆོས་ཀྱི་འཁོར་ལོའོ། །ཡུལ་བཱ་རཱ་ཎ་སཱིར་ནི་གཞན་ལ་བསྐོར་བ་སྟེ། འདི་ལྟར་དེ་བཞིན་གཤེགས་པས་གཞན་ལ་ཕན་གདགས་པ་གང་ཡིན་པ་
དེ་ནི་ཡང་དག་པའི་དངོས་པོར་མཛད་པའི་གཞན་ལ་ཕན་འདོགས་པ་ལས་དགོངས་ནས་ཆོས་ཀྱི་འཁོར་ལོ་དང་པོ་ཞེས་གསུངས་པ་ཡིན་ཏེ། རྒྱ་ཆེར་ནི་ཐམས་ཅད་ཡོད་པར་སྨྲ་བ་དེ་དག་གིས་བསྟན་པ་ལས་འབྱུང་བ་བཞིན་ནོ། །དགེ་འདུན་ཕལ་ཆེན་པའི་སྡེ་པ་དག་སངས་རྒྱས་ཀྱི་གསུང་ཐམས་
ཅད་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བསྟན་པ་དང་སྦྱར་ན་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཚོང་པ་ལ་ཆོས་བསྟན་ནས་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་རིགས་ན། ཅིའི་ཕྱིར་ཡུལ་བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་ཞེ་ན། སྨྲས་པ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་
ཆེན་པོ་ལས་རྒོལ་བ་འདིའི་ལན་བསྟན་པ་མེད་ཀྱང་། སྡེ་པ་ཐ་དད་པའི་ལྟ་བ་བསྟན་པ་གཞུང་ལུགས་ཀྱི་འཁོར་ལོའི་བསྟན་བཅོས་དེ་ལས་སངས་རྒྱས་ཀྱི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ་ཞེས་བཤད་པའི་ཕྱིར་ཚོང་པ་ལ་བསྟན་པ་ཡང་ཆོས་ཀྱི་འཁོར་ལོ་ཡིན་པར་རིག་
པར་བྱའོ། །འདིར་རི་དགས་བྱིན་པའི་ཚལ་དུ་བསྐོར་བ་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་པ་ནི་རྣམ་པའི་མཚན་ཉིད་བཅུ་གཉིས་ལན་གསུམ་དུ་བསྐོར་བའི་དབང་དུ་མཛད་པའི་ཕྱིར་དེ་སྐད་དུ་གསུངས་པ་ཡིན་ནོ། །མདོ་སྡེ་པ་དང་། ཐེག་པ་ཆེན་པོ་དག་གིས་འཕགས་པའི་ལམ་ཐམས་ཅད་དང་རྣམ་
པ་བཅུ་གཉིས་ལན་གསུམ་དུ་བཟླས་པ་ལ་ཆོས་ཀྱི་འཁོར་ལོ་ཞེས་བསྟན་ན། ཅིའི་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྤྱིར་སྟོན་པས་རི་དགས་ཀྱི་ཚལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་བསྟན། གལ་ཏེ་བསྟན་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་
เล่ม ๑๑๙ · หน้า 62b
ཞེས་བྱ་ན་ནི། ཅིའི་ཕྱིར་ཡུལ་བཱ་རཱ་ཎ་སཱིར་མཐོང་བའི་ལམ་སྐྱེས་པ་ལ་བསྐོར་བ་ཞེས་གསུངས་ཤེ་ན་རྒོལ་བའི་ལན་ནི། མཛོད་ཀྱི་བསྟན་བཅོས་ལས་ཇི་སྐད་དུ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཡོད་པ་དག་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཆོས་ཀྱི་རྣམ་གྲངས་དེ་གཞན་གྱི་རྒྱུད་ལ་
འགྲོ་ཞིང་དོན་ཁོང་དུ་ཆུད་པར་གྱུར་པའི་ཕྱིར་རོ། །ཡང་ན་འཕགས་པའི་ལམ་རྣམས་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། འདུལ་བའི་རྒྱུད་ལ་འཇུག་པའི་ཕྱིར་རོ། །གཞན་གྱི་རྒྱུད་ལ་མཐོང་བའི་ལམ་སྐྱེ་བ་ན་དང་པོར་བསྐོར་བར་རྩོམ་པའི་ཕྱིར་བསྐོར་བ་ཞེས་བསྟན་པ་ལྟ་བུའོ། །མདོ་སྡེ་པ་དག་བསྟན་པ་
རྣམས་དང་། ལམ་རྣམས་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་བསྟན་པ་ཡང་དང་པོར་བསྐོར་བ་ལས་བརྩམས་པའི་ཕྱིར་བསྐོར་ཟིན་པ་ཞེས་བསྟན་གྱི། ལམ་གཞན་དང་བསྟན་པ་གཞན་དག་ཆོས་ཀྱི་འཁོར་ལོ་མ་ཡིན་པའི་ཕྱིར་ཟིན་པ་ཞེས་བཤད་པ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོའི་གཞུང་གིས་
གོང་དུ་བསྟན་པ་ལྟར་བཤད་ན་ཡང་རིགས་པ་དང་འགལ་བ་མེད་དོ། །དེ་ལ་བཞི་པ་རྣམ་པའི་མཚན་ཉིད་རྣམ་པ་བཅུ་གཉིས་རྣམ་པར་བཤད་པ་ནི་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བ་ཡང་སོ་སོའི་གཞུང་གིས་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་
ཆེན་པོ་ལས་སློབ་དཔོན་གསུམ་གྱིས་བཤད་པ་ལས་འབྱུང་བ་ལྟ་བུ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ལས་མདོ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྡུག་བསྔལ་འཕགས་པའི་བདེན་པ་འདི་ནི་བདག་གིས་སྔོན་མ་ཐོས་པས་ཆོས་འདི་ཚུལ་བཞིན་དུ་ཡིད་ལ་བྱས་ན། དེས་
མིག་དང་ཤེས་པ་དང་རིག་པ་དང་བློ་སྐྱེ་བར་འགྱུར་རོ་ཞེས་སྡུག་བསྔལ་འཕགས་པའི་བདེན་པ་འདི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་བྱའོ། །བདག་གིས་སྔོན་མ་ཐོས་པས་ཞེས་བྱ་བ་ནས་སྡུག་བསྔལ་འཕགས་པའི་བདེན་པ་འདི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་
རྒྱ་ཆེར་བཤད་པར་བྱའོ། །བདག་གིས་སྔོན་མ་ཐོས་པས་ཞེས་བྱ་བ་ནས་ཀུན་འབྱུང་བ་དང་འགོག་པ་དང་། ལམ་གྱི་བདེན་པའི་བར་དུ་རྒྱ་ཆེར་བཤད་པར་བྱ་བ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་སྡུག་བསྔལ་འཕགས་པའི་བདེན་པ་འདི་བདག་གིས་སྔོན་མ་ཐོས་པས་ཞེས་བྱ་བ་
เล่ม ๑๑๙ · หน้า 63a
ལ་སོགས་པས་ནི་མི་ཤེས་པ་ཀུན་ཤེས་པའི་དབང་པོ་བསྟན་ཏོ། །སྡུག་བསྔལ་འཕགས་པའི་བདེན་པ་འདི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་ཤེས་པའི་དབང་པོ་བསྟན་ཏོ། །སྡུག་བསྔལ་འཕགས་པའི་བདེན་པ་འདི་ཤེས་རབ་
ཀྱིས་ཡོངས་སུ་ཤེས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་བསྟན་ཏེ། ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པ་ལ་སོ་སོ་ནས་དབང་པོ་གསུམ་པོ་དག་རབ་ཏུ་བསྟན་པ་དེ་ཡང་དེ་བཞིན་དུ་རིག་པར་བྱའོ། །བཙུན་པ་ཆོས་སྐྱོང་ནི་འདི་དག་གིས་མདོ་
འདི་བསམས་པ་དང་། ལུས་ཀྱི་བ་སྤུ་ལངས་ཏེ་འདི་ལྟར་བཅོམ་ལྡན་འདས་ཀྱི་བཀའ་ནི་གདོན་མི་ཟ་བར་དོན་དང་མི་འགལ་བས་ངེས་པར་གོ་རིམས་ཡོད་པ་ཡིན་ན། མདོ་འདི་ནི་གོ་རིམས་ལས་བཟློག་ནས་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་། གཞན་ཡང་མི་ཤེས་པ་ཀུན་ཤེས་པའི་དབང་
པོ་བསྟན་པའི་ཕྱིར་སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་ལ་ནི་འདི་ལྟ་བུའི་རྣལ་འབྱོར་བསྒོམ་པའི་གོ་རིམས་ཡོད་པ་མ་ཡིན་ན། ཀུན་ཤེས་པ་དང་ལྡན་པའི་དབང་པོའི་འོག་ཏུ་ཅིའི་ཕྱིར་ཡང་གང་ཟག་པ་མེད་པའི་དབང་པོ་དང་པོ་འབྱུང་བར་འགྱུར། མདོ་འདི་སྤང་བར་བྱ་བའམ་སྙམ་ན་
ནི་གདོན་མི་ཟ་བར་རིགས་པ་དང་འགལ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་དང་པོར་གསུངས་པ་ཡིན་པའི་ཕྱིར་དང་དགེ་སློང་ལྔ་པོ་གཙོ་བོར་གྱུར་པ་དང་། ལྷའི་བུ་བརྒྱད་ཁྲི་པོ་དག་བསྟན་པ་འདི་ཐོས་ནས་ཐམས་ཅད་ཀྱིས་ཆོས་རྟོགས་པའི་ཕྱིར་རོ། །གལ་ཏེ་སྤང་བར་མི་བྱའམ་སྙམ་ན་ནི་གོ་
རིམས་དང་འགལ་བས་དེའི་ཕྱིར་མདོ་འདི་བསམས་པ་དང་ལུས་ཀྱི་བ་སྤུ་ལངས་པར་གྱུར་ཏོ་ཞེས་ཟེར་རོ། །བཙུན་པ་དེ་དེ་སྐད་དུ་ཟེར་མོད་ཀྱི། འོན་ཀྱང་མདོ་སྡེ་སྤོང་བར་མི་བྱེད་ཀྱི་ཚིག་ལྟག་འོག་སྤོང་བ་ཙམ་དུ་ཟད་དེ། དེ་འདི་སྙམ་དུ་མདོ་འདི་ནི་འདི་སྐད་དུ་གསུང་བའི་རིགས་ཏེ། སྡུག་བསྔལ་
འཕགས་པའི་བདེན་པ་འདི་ནི་བདག་གིས་སྔོན་མ་ཐོས་པས་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པ་རྒྱ་ཆེར་བཤད་པ་ཡང་དེ་བཞིན་ནོ། །སྡུག་བསྔལ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་བྱའོ། ཀུན་
เล่ม ๑๑๙ · หน้า 63b
འབྱུང་བ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་གཏན་དུ་སྤང་བར་བྱའོ། །འགོག་པ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་མངོན་དུ་བྱའོ། །ལམ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་བསྒོམ་པར་བྱ་སྟེ། སྔོན་མ་ཐོས་པས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྡུག་བསྔལ་
འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་གྱུར་ཏོ། །ཀུན་འབྱུང་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་གཏན་དུ་སྤངས་སོ། །འགོག་པ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་མངོན་དུ་བྱས་སོ། །ལམ་འཕགས་པའི་བདེན་པ་འདི་ནི་ཤེས་རབ་ཀྱིས་བསྒོམས་
སོ། །སྔོན་མ་ཐོས་པས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། གལ་ཏེ་དེ་སྐད་དུ་བསྟན་ན་ནི་གོ་རིམས་ཀྱང་སྟོན་པར་མི་འགྱུར་ལ་རྣལ་འབྱོར་དང་རྗེས་སུ་མཐུན་པས་མདོ་ལས་གསུངས་པ་ལྟ་བུ་ནི་མ་ཡིན་ནོ་སྙམ་དུ་སེམས་སོ། །ཆོས་མངོན་པའི་སློབ་དཔོན་རྣམས་ནི་འདི་སྐད་དུ་མདོའི་ཚིག་འདི་
བབ་ཆོལ་དུ་ལྟག་འོག་བསྣོར་བར་མི་བྱ་སྟེ། སྔོན་གྱི་བསྟན་བཅོས་མཛད་པའི་སློབ་དཔོན་ཆེན་པོ་དབང་པོ་རྣོ་བ་མང་དུ་ཐོས་པ་བཙུན་པ་ཆོས་སྐྱོང་བས་ལྷག་པ་རྣམས་ཀྱིས་ཀྱང་། མདོའི་ཚིག་འདི་ལྟག་འོག་སྤོང་བའི་ཐུགས་མ་ཐུབ་ན་འདིར་བཙུན་པ་ཆོས་སྐྱོང་གིས་བསྣོར་བའི་ཐུགས་མི་ཐུབ་པ་ཅི་
སྨོས་ཏེ། མདོ་སྡེའི་དགོངས་པ་ཡོངས་སུ་བཙལ་བ་ཙམ་དུ་མཛད་དོ་ཞེས་འབྱུང་སྟེ། འདི་ལྟར་ཆོས་འཆད་པ་དག་ནི་གོ་རིམས་རྣམ་པ་གཉིས་ལ་བརྟེན་ཏེ། དང་པོ་ནི་ཆོས་འཆད་པའི་རྗེས་སུ་མཐུན་པའི་གོ་རིམས་ཏེ་མདོ་འདི་ཉིད་ལས་གསུངས་པ་ལྟ་བུའོ། །གཉིས་པ་ནི་མངོན་པར་རྟོགས་
པའི་རྗེས་སུ་མཐུན་པའི་གོ་རིམས་ཏེ་བཙུན་པ་རྩིབས་ཀྱིས་ཇི་སྐད་དུ། མདོ་འདི་ནི་ཟག་པ་མེད་པའི་དབང་པོ་རྣམ་པ་གསུམ་སྟོན་པ་མ་ཡིན་གྱི། བྱང་ཆུབ་ཀྱི་ཤིང་དྲུང་དུ་འདོད་པའི་ཁམས་ཀྱི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྟོབས་ཀྱིས་བསྒོམ་པའི་བདེན་པ་བཞི་
བསྟན་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་གལ་ཏེ་ང་ནི་རྣལ་འབྱོར་འདིའི་དབང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པར་གྱུར་ཏེ་ཞེས་གསུངས་པ་ལྟར་གྱུར་ན་ཡང་། ཅི་ཐོས་པ་དང་བསམས་པས་བླ་ན་མེད་པའི་བྱང་ཆུབ་བརྙེས་པར་གྱུར་
เล่ม ๑๑๙ · หน้า 64a
པའི་དོན་ཡོད་དམ་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་ཐོས་པ་དང་བསམས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་འཕགས་པའི་བདེན་པ་བཞི་པོ་ཐམས་ཅད་ཀྱིས་ཀུན་དུ་གཏི་མུག་པ་ཟིལ་གྱིས་གནོན་ཅིང་རབ་ཏུ་སེལ་ཏེ། དེས་ངེས་པར་བླ་ན་མེད་པའི་བྱང་
ཆུབ་བརྙེས་པའི་ཕྱིར་དེས་བྱང་ཆུབ་བརྙེས་ཞེས་གསུངས་པ་ཡིན་ཏེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་སྔར་པགས་པ་རློན་པས་གདོང་གཡོགས་པ་ལས་ཕྱིས་དེ་བོར་ནས་དར་ལས་གཡོགས་པ་ལས་དེའི་སྒྲིབ་པ་ཡང་ཞིང་བསྲབས་པའི་ཕྱིར། སྒྲིབ་པ་མེད་པ་ཞེས་ཟེར་བ་ལྟ་བུ་ཡིན་པས་
དེའི་ཕྱིར་འདི་ཡང་ཟག་པ་མེད་པའི་དབང་པོ་གསུམ་བསྟན་པ་མ་ཡིན་ཏེ། མདོ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ང་ནི་འཕགས་པའི་བདེན་པ་བཞི་རྣམ་པ་བཅུ་གཉིས་ལན་གསུམ་བཟླས་པའི་དང་པོས། མིག་དང་ཤེས་པ་དང་
རིག་པ་དང་། བློ་སྐྱེས་སོ་ཞེས་གསུངས་པ་ལྟ་བུའོ། །འདི་ལན་བཅུ་གཉིས་སུ་བཟླས་པ་དང་རྣམ་པའི་མཚན་ཉིད་ཀྱང་བཞི་བཅུ་རྩ་བརྒྱད་ཡོད་པའི་རིགས་ན། ཅིའི་ཕྱིར་ལན་གསུམ་དུ་བཟླས་པ་དང་རྣམ་པའི་མཚན་ཉིད་ཀྱང་བཅུ་གཉིས་ཁོ་ན་ཞེས་གསུངས། སྨྲས་པ། བདེན་
པ་རེ་རེ་ལ་ལན་གསུམ་དུ་བསྐོར་བ་དང་། རྣམ་པའི་མཚན་ཉིད་བཅུ་གཉིས་ཡོད་པར་ལྟ་མོད་ཀྱི། ལན་གསུམ་དུ་བཟླས་པ་དང་རྣམ་པ་ཡང་བཅུ་གཉིས་ལས་གོང་ན་མེད་པའི་ཕྱིར་དེ་སྐད་དུ་གསུངས་ཏེ། ཇི་ལྟར་རྒྱུན་ཏུ་ཞུགས་པ་དག་གི་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་
མཁས་པའི་གནས་བདུན་དང་། ཆོས་གཉིས་ལ་སོགས་པ་ལྟ་བུའོ། །དེ་ལ་མིག་ཅེས་བྱ་བ་ནི་འདི་ལྟ་སྟེ། ཆོས་སུ་བཟོད་པའོ། །ཤེས་པ་ནི་འདི་ལྟ་སྟེ། ཆོས་སུ་ཤེས་པ་རྣམས་སོ། །རིག་པ་ནི་འདི་ལྟ་སྟེ། རྗེས་སུ་ཤེས་པའི་བཟོད་པའོ། །བློ་ནི་འདི་ལྟ་སྟེ། རྗེས་སུ་ཤེས་པ་
རྣམས་སོ། །གཞན་ཡང་མིག་ནི་མཐོང་བའི་དོན་ཏོ། །ཤེས་པ་ནི་རབ་ཏུ་རྣམ་པར་འབྱེད་པའི་དོན་ཏོ། །རིག་པ་ནི་གསལ་བར་རྟོགས་པའི་དོན་ཏོ། །བློ་ནི་སད་པ་དང་སོ་སོར་བརྟགས་པའི་དོན་ཏོ། །དེ་ལ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ནི་བདེན་པ་བཞི་པོ་རེ་རེ་ལ་ཡང་བཟླས་པ་གསུམ་གསུམ་
เล่ม ๑๑๙ · หน้า 64b
ཡོད་པའི་ཕྱིར་བཟླས་པ་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །རྣམ་པའི་མཚན་ཉིད་བཞི་བཅུ་རྩ་བརྒྱད་ནི་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་བཟླས་པ་གསུམ་ཡོད་པས་བཟླས་པ་རེ་རེ་ལ་ཡང་མིག་དང་། ཤེས་པ་དང་རིག་པ་དང་བློ་སྐྱེ་བ་ཡོད་པའི་ཕྱིར་རྣམ་པ་བཅུ་གཉིས་སུ་མངོན་པར་གྲུབ་པ་དེ་
བཞིན་དུ་བདེན་པ་ལྷག་མ་རྣམས་ཀྱང་དེ་བཞིན་ཏེ། སྤྱིར་བསྡོམས་ན་རྣམ་པའི་མཚན་ཉིད་བཞི་བཅུ་རྩ་བརྒྱད་དུ་འགྱུར་བས་སོ། །མཁས་པའི་གནས་བདུན་དང་། ཆོས་གཉིས་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ། མཁས་པའི་གནས་བདུན་གང་ཞེ་ན། འདི་ལྟ་སྟེ།
ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ཤེས་པ་དང་། གཟུགས་འདུས་པ་ཤེས་པ་དང་། གཟུགས་འགོག་པའི་འགྲོ་བ་ཤེས་པ་དང་། གཟུགས་འགོག་པའི་རྣམ་པ་ཤེས་པ་དང་། གཟུགས་ཀྱི་མནོག་ཤེས་པ་དང་། གཟུགས་ཀྱི་ཉེས་དམིགས་ཤེས་པ་དང་། གཟུགས་
ཀྱི་ངེས་པར་འབྱུང་བ་ཤེས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དེ་བཞིན་ནོ་ཞེས་བཤད་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས། གལ་ཏེ་དེ་ལྟ་ན་འོ་ན་ནི་མཁས་པའི་
གནས་སུམ་ཅུ་རྩ་ལྔ་འམ། ཡང་ན་མཁས་པ་ཚད་མེད་པ་བསྟན་པའི་རིགས་ན་ཅིའི་ཕྱིར་བདུན་ཁོ་ན་བསྟན་ཅེ་ན་སྨྲས་པ་ཕུང་པོ་རེ་རེ་ལ་བརྟགས་ན་སོ་སོ་ནས་བདུན་ཁོ་ན་ཡོད་དེ་གྲངས་བདུན་ལས་ལྷག་པ་མེད་པས། དེའི་ཕྱིར་བདུན་ཡོད་པར་བསྟན་པ་སྟེ། མདོ་གཞན་དག་ལས།
ཇི་སྐད་དུ་རྒྱུན་དུ་ཞུགས་པ་རྣམས་ནི་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་གསུངས་ལ། དེ་དག་ཀྱང་འགྲོ་བ་གཉིས་དང་། སྲིད་པ་རྣམ་པ་གཉིས་ཕྱེ་སྟེ་བསྟན་ན་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །འདི་ལྟ་སྟེ། མིའི་འགྲོ་བའི་སྲིད་པ་བདུན་དང་། ལྷའི་འགྲོ་བའི་སྲིད་པ་བདུན་དང་། མིའི་
བར་དོའི་སྲིད་པ་བདུན་དང་། ལྷའི་བར་དོའི་སྲིད་པ་བདུན་ཡོད་ཀྱང་། བདུན་ལས་གོང་ན་མེད་པའི་ཕྱིར་བདུན་མིང་དུ་བསྟན་པ་ལྟ་བུའོ། །གཞན་ཡང་བར་མ་དོ་གཞན་དག་ལས་ཆོས་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། མིག་གིས་གཟུགས་ནས་ཡིད་ཀྱིས་ཆོས་ཞེས་བྱ་བའི་བར་དུ་
เล่ม ๑๑๙ · หน้า 65a
གསུངས་པ་ལྟ་བུ་དང་། གཞན་ཡང་མདོ་གཞན་དག་ལས་ཆོས་ཀྱི་འཁོར་ལོ་ལན་གསུམ་བཟླས་པ་ལ་རྣམ་པ་བཅུ་གཉིས་ཡོད་པར་གསུངས་པ་ལྟ་བུ་སྟེ། དེ་དག་གཉིས་དང་བཅུ་གཉིས་ལས་གོང་ན་མེད་པའི་ཕྱིར་གཉིས་དང་། བཅུ་གཉིས་ཞེས་གསུངས་
པ་ལྟར་འདི་ཡང་དེ་བཞིན་ནོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པའི་རྣམ་གྲངས་རྣམ་པ་གཉིས་ཀྱིས་མིག་དང་ཤེས་པ་དང་རིག་པ་དང་བློ་རྣམ་པར་བཤད་པ་ལས་བསྟན་པ་བཞིན་ནོ། །དེ་ཡང་རྣམ་གྲངས་དང་པོ་ནི་མཐོང་བའི་ལམ་ཁོ་ན་ལ་བརྟེན་ནས་སོ། །རྣམ་གྲངས་ཕྱི་མ་
ནི་ལམ་ཕྱི་མ་གཉིས་ལ་བརྟེན་ནས་སོ། །ཡང་ན་དང་པོ་ནི་མཐོང་བའི་ལམ་ལ་བརྟེན་ནས་སོ། །ཕྱི་མ་ནི་ལམ་གསུམ་ཆར་ལ་བརྟེན་ནས་སོ། །འདིར་མདོ་སྡེ་པས་ཐམས་ཅད་ཡོད་པར་སྨྲ་བ་དག་མཐོང་བའི་ལམ་ཁོ་ན་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ་ཞེས་འདོད་པ་རྣམ་
པར་འཇིག་པ་དང་སྦྱར་ན་ནི། སྤྱིར་འཕགས་པའི་བསྟན་པ་དང་འཕགས་པའི་ལམ་རྣམས་ལ་ལན་གསུམ་དུ་བཟླས་པ་དང་། རྣམ་པ་བཅུ་གཉིས་ཞེས་བསྟན་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་གལ་ཏེ་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་མཐོང་བའི་ལམ་ཁོ་ན་
མ་ཡིན་ན། ཇི་ལྟར་མཐོང་བའི་ལམ་ཁོ་ན་ལ་ཆོས་ཀྱི་འཁོར་ལོ་ཞེས་རྣམ་པར་གཞག་སྟེ། དེའི་ཕྱིར་ལན་གསུམ་དུ་བཟླས་པ་དང་། རྣམ་པ་བཅུ་གཉིས་པོ་དེ་ཉིད་ལ་ཡོད་པའི་ཆོས་ཀྱི་རྣམ་གྲངས་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་ཞེས་ཟེར་བ་ནི་ཡང་དག་པའི་རིགས་པ་དང་མཐུན་པ་ཡིན་ནོ། །
ཇི་ལྟར་ན་ལན་གསུམ་དུ་བཟླས་པ་ཡིན་ཞེ་ན། ལན་གསུམ་དུ་བཟླས་པའི་ཕྱིར་རོ། །ཇི་ལྟར་ན་རྣམ་པ་བཅུ་གཉིས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འཕགས་པའི་བདེན་པ་བཞི་ལ་ལན་གསུམ་དུ་བྱ་བའི་ཕྱིར་ཏེ། འདི་ལྟ་སྟེ། འདི་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་
དང་ལམ་མོ་ཞེས་བྱ་བ་དང་། འདི་ནི་ཡོངས་སུ་ཤེས་པར་བྱ་བ་དང་། གཏན་དུ་སྤང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པར་བྱའོ་ཞེས་བྱ་བ་དང་། འདི་ནི་ཡོངས་སུ་ཤེས་པ་དང་། གཏན་དུ་སྤངས་པ་དང་། མངོན་དུ་བྱས་པ་དང་། བསྒོམས་པ་ཞེས་བྱ་བ་ནས་རྒྱ་ཆེར་
เล่ม ๑๑๙ · หน้า 65b
བཤད་པའི་བར་དུའོ་ཞེས་འབྱུང་སྟེ། མདོ་སྡེ་པ་དག་གནས་སྐབས་ལས་བརྩམས་ནས་ནི་གསུམ་དུ་བསྟན་ཏོ། །བདེན་པ་ལས་བརྩམས་ནས་ནི་བཞིར་བསྟན་ཏེ། རྣམ་པ་བཅུ་གཉིས་ཀྱི་མཚན་ཉིད་ནི་ཐེག་པ་ཆེན་པོ་པ་དག་གི་ལྟར་བཤད་པར་བྱའོ། །གལ་ཏེ་དེ་ལྟར་ན་སྔར་ཁུངས་སུ་
བསྟན་པའི་མདོ་སྡེ་ཇི་ལྟར་གོ་ཞིང་བཤད་པར་བྱ་ཞེ་ན། སྨྲས་པ། མདོ་ནི་བཤད་པའི་གོ་རིམས་ལས་བརྩམས་ནས་བསྟན་པས་མིག་དང་ཤེས་པ་དང་། རིག་པ་དང་བློ་ཞེས་བྱ་བ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་བཤད་ན་ཡང་འགལ་བ་མེད་དོ། །
འདིར་ཐེག་པ་ཆེན་པོ་དག་གི་བསྟན་པ་དང་སྦྱར་ན་ཡང་མདོ་སྡེ་པས་འདོད་པ་དང་མཐུན་པས་དེའི་ཕྱིར་བསྟན་བཅོས་ཆོས་ཀྱི་འཁོར་ལོ་བསྟན་པ་ལས། གཞན་ཡང་བཅོམ་ལྡན་འདས་ཀྱིས་བཟླས་པ་རྣམ་པ་དུ་དང་། རྣམ་པའི་མཚན་ཉིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་དོན་འདིར་
བཤད་པར་བྱ་སྟེ། ཆོས་ཀྱི་འཁོར་ལོ་ནི་བཟླས་པ་རྣམ་པ་གསུམ་དང་། རྣམ་པའི་མཚན་ཉིད་བཅུ་གཉིས་དང་ལྡན་ཏེ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་
འཕགས་པའི་བདེན་པའོ་ཞེས་བྱ་བ་འདི་ནི་བཟླས་པ་དང་པོའོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་སྟེ་ཡོངས་སུ་ཤེས་པར་བྱ་བའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པ་སྟེ། གཏན་དུ་སྤང་བར་བྱ་བའོ། །འདི་ནི་འགོག་པ་འཕགས་པའི་བདེན་པ་སྟེ་མངོན་དུ་
བྱ་བའོ། །འདི་ནི་ལམ་འཕགས་པའི་བདེན་པ་སྟེ་བསྒོམ་པར་བྱ་བའོ་ཞེས་བྱ་བ་འདི་ནི་བཟླས་པ་གཉིས་པའོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་སྟེ་ཡོངས་སུ་ཤེས་སོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པ་སྟེ་གཏན་དུ་སྤངས་སོ། །འདི་ནི་འགོག་པ་
འཕགས་པའི་བདེན་པ་སྟེ་མངོན་དུ་བྱས་སོ། །འདི་ནི་ལམ་འཕགས་པའི་བདེན་པ་སྟེ་ཡོངས་སུ་བསྒོམས་སོ་ཞེས་བྱ་བ་འདི་ནི་བཟླས་པ་གསུམ་པ་སྟེ་འདི་ནི་ལན་གསུམ་དུ་བཟླས་པ་བསྟན་པའོ། །འདི་ནི་སྡུག་བསྔལ་ཤེས་པའོ། །ཀུན་འབྱུང་ཤེས་པའོ། །འགོག་པ་
เล่ม ๑๑๙ · หน้า 66a
ཤེས་པའོ། །ལམ་ཤེས་པའོ་ཞེས་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་བཟླས་པ་གསུམ་ཡོད་པ་དེ་བཞིན་དུ་ཀུན་འབྱུང་བའི་བདེན་པ་དང་། དེ་བཞིན་དུ་འགོག་པའི་བདེན་པ་དང་། དེ་བཞིན་དུ་ལམ་གྱི་བདེན་པ་ལ་ཡང་བཟླས་པ་གསུམ་གྱི་ཤེས་པ་ཡོད་
དོ་ཞེས་འབྱུང་སྟེ། དེ་ལས་རྣམ་པ་བཅུ་གཉིས་ཀྱི་མཚན་ཉིད་དེ་སྐད་དུ་བསྟན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་དེ་སྐད་དུ་སྟོན་ཏོ། །དེ་ལ་བྱེ་བྲག་ཡོད་པ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྟན་བཅོས་ལས་ནི། མིག་དང་།
ཤེས་པ་དང་། རིག་པ་དང་། བློ་རྣམ་པར་ཕྱེ་སྟེ་བསྟན་པ་མེད་ལ། རྣལ་འབྱོར་སྤྱོད་པའི་ལམ་ནི། མིག་དང་། ཤེས་པ་དང་། རིག་པ་དང་། བློ་ཞེས་བྱ་བ་དུས་གསུམ་གྱི་ཡུལ་ལས་བརྩམས་ནས་སྤྱི་དང་བྱེ་བྲག་ཐ་དད་པ་ཡོད་པར་བསྟན་ཏེ། ངོ་བོ་ཉིད་བསྟན་པའི་སྐབས་སུ་སྔར་
བཤད་པ་བཞིན་ནོ། །འདུལ་བ་དུམ་བུ་བཞི་པ་ལས་ནི་ལན་གསུམ་པ་བཟླས་པའི་ཕྱིར་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་ཆོས་ཀྱི་མིག་རྣམ་པར་དག་གོ་ཞེས་འབྱུང་གི། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྐད་དུ་མི་འབྱུང་བས་ཆོས་ཀྱི་རྣམ་གྲངས་གཞན་དག་ལ་ཡོངས་སུ་བརྟག་པར་བྱ་སྟེ།
ཞིབ་ཏུ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། སེམས་སྣ་ཚོགས་བསྟན་པ་དང་། མཛོད་ཀྱི་བསྟན་བཅོས་དང་། ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ངོ་མཚར་རྨད་དུ་བྱུང་བའི་འཇིག་རྟེན་ཐམས་ཅད་ཀྱི་ལྷ་
དང་མི་ལ་སོགས་པ་སུས་ཀྱང་སྔོན་ཆོས་དང་མཐུན་པར་མ་བསྐོར་བ་ལགས་མོད་ཀྱི། དེའི་ཚེ་ཡོངས་སུ་བསྐོར་བའི་འཁོར་ལོ་དེ་ནི་བླ་ན་མཆིས་པ་སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ་ཞེས་བྱ་བ་ནི་གཉིས་པ་བསྟན་པ་དེ་དམན་ཞིང་ངེས་པའི་
དོན་མ་ཡིན་པར་བསྟན་པ་སྟེ། འདི་ལྟར་ཆོས་ཀྱི་འཁོར་ལོ་འདི་སྟོང་པ་ཉིད་མཁྱུད་ཅིང་ཡོད་པ་ཉིད་དུ་བསྟན་པས་དྲང་བའི་དོན་ཡིན་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་དང་། འབྲས་བུ་དང་། གང་ཟག་ལ་བདག་མེད་པ་ཡོངས་སུ་རྫོགས་པར་སྟོན་ཅིང་། ཆོས་སྟོང་པ་ཉིད་ཀྱི་
เล่ม ๑๑๙ · หน้า 66b
རིགས་པ་སྟོན་པར་མི་བྱེད་པས། དེའི་ཕྱིར་བསྟན་པ་འདི་ནི་གོང་ན་ཁྱད་པར་ཅན་ཡོད་པའི་བསྟན་པ་དང་། སྐབས་ཁྱད་པར་ཅན་ཡོད་པའི་བསྟན་པ་དང་། གཞན་དག་གིས་གཞིག་པར་བྱ་བ་དང་། སྡེ་པ་ཉི་ཤུ་པོ་རྩོད་པར་སྨྲ་བ་དག་གི་གནས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་
ཚིག་གོ །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་ནི། དང་པོར་ཐེག་པ་ཆུང་ངུ་བའི་བདེན་པ་བཞི་མཐོང་བ་ནི་མཚན་ཉིད་མེད་པ་མ་ཡིན་པའི་ཕྱིར་དྲང་བའི་དོན་ཞེས་བྱའོ། །གོང་ན་ཐེག་པ་ཆེན་པོ་ཡོད་པའི་ཕྱིར་བླ་ན་ཡོད་པ་ཞེས་བྱའོ། །ཐེག་པ་ཆེན་པོ་དག་གི་སྔོན་ཕྱིན་
པའི་ཕྱིར་རྒོལ་བ་དང་བཅས་པའོ། །འཇིག་རྟེན་པའི་དོན་དང་ཐ་དད་པར་གྱུར་པའི་ཕྱིར་དེ་དག་དང་འཐབ་ཅིང་རྩོད་པར་གྱུར་པའོ་ཞེས་འབྱུང་ངོ་།། །།བམ་པོ་སུམ་ཅུ་གསུམ་པ། བཅོམ་ལྡན་འདས་ཀྱིས་སྔོན་དུས་གཉིས་པའི་ཚེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་
རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་འདི་ལྟར་མི་མངོན་པའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་འདི་མན་
ཆད་ནི་གཉིས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཆོས་ཀྱི་འཁོར་ལོ་ཉིད་ཡང་དག་པར་བསྟན་པ་དང་། ངེས་པའི་དོན་མ་ཡིན་པར་རབ་ཏུ་བསྟན་པ་སྟེ་འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་གསུངས་པའི་དུས་བསྟན་པ་དང་། གང་
གི་ཆེད་དུ་གསུངས་པ་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་ཉིད་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་སྔོན་དུས་གཉིས་པའི་ཚེ་ཞེས་བྱ་བས་ནི་གསུངས་པའི་དུས་བསྟན་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ལས་གཉིས་པ་གསུངས་པའི་ཚེ་ན་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཆེན་པོ་ལ་
ཡང་དག་པར་ཞུགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་གང་གི་ཆེད་དུ་བསྟན་པ་གསུངས་པ་བསྟན་ཏེ། འདི་ལྟར་ཐེག་པ་གསུམ་ཡོངས་སུ་གཉེར་བ་ལས། ཐེག་པ་ཆེན་པོ་ལ་ཡང་དག་པར་གཞོལ་བའི་ཆེད་དུ་གསུངས་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་
เล่ม ๑๑๙ · หน้า 67a
ཀྱང་དེ་སྐད་དུ་གསུངས་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས་ཐེག་པ་ཆེན་པོ་ལ་གནས་པའི་སེམས་ཅན་གྱི་ཆེད་དུ་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ལ་སོགས་པ་གསུངས་སོ་ཞེས་འབྱུང་སྟེ། འཕགས་པ་རྡོ་རྗེ་གཅོད་པ་ལས་ཀྱང་། ཐེག་པ་ཆེན་པོ་ལ་ཡང་
དག་པར་ཞུགས་པ་རྣམས་ཀྱི་ཆེད་དུ་བསྟན་ཏོ། ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཆེད་དུ་བསྟན་ཏོ་ཞེས་གསུངས་པ་ཡིན་ནོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ་སོགས་པ་ལས་བརྩམས་ནས་ཞེས་བྱ་བས་ནི་གཉིས་པ་མཚན་ཉིད་མེད་པའི་ཤེས་རབ་ཡང་དག་པར་
བསྟན་ཏེ། གཞུང་གང་མཚན་མ་མེད་པར་སྟོན་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་སྟོན་པས་སོ། །ཆོས་ཀྱི་འཁོར་ལོ་དང་པོ་ནི་སྟོང་པ་ཉིད་མཁྱུད་ནས་ཡོད་པ་ཉིད་དུ་སྟོན་པར་མཛད་པ་ཡིན་ལ། གཉིས་པ་
འདི་ནི་ཡོད་པ་ཉིད་མཁྱུད་ནས་སྟོང་པ་ཉིད་སྟོང་པ་ཉིད་དུ་སྟོན་པར་མཛད་པས། དེའི་ཕྱིར་མི་མངོན་པའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་གསུངས་པ་ཡིན་ཏེ། གསང་བའི་རྣམ་པ་ཞེས་ཀྱང་བྱ་བས་དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་སྐྱེ་
བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པ་ལས་ནི་སངས་རྒྱས་རྣམས་ཀྱི་གསང་བ་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་གཉིས་པ་མཚན་མ་མེད་པའི་ཐེག་པ་ཆེན་པོ་འདི་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ལ་བྱ་སྟེ། སྔོན་གྱི་བཤད་པ་ལས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་སྡེ་བརྒྱད་ཅེས་བསྟན་པ་ཉིད་དོ། །སྡེ་སྣོད་གསུམ་པོ་དེ་ལེའུ་གཅིག་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་སློབ་དཔོན་རྡོ་རྗེ་དྲང་སྲོང་གིས་མཛད་པ་བསྒྱུར་བ་ལས་འཇིག་རྟེན་པ་རྣམས་ཀྱིས་མོས་པའི་རྗེས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡེ་བརྒྱད་
གསུངས་ཏེ་སྡེ་དང་པོ་ལ་ཤུ་ལོག་འབུམ་ཡོད་དོ། །སྡེ་གཉིས་པ་ལ་ནི་ཤུ་ལོག་ཉི་ཁྲི་ལྔ་སྟོང་ཡོད་དོ། །སྡེ་གསུམ་པ་ལ་ནི་ཤུ་ལོག་ཁྲི་བརྒྱད་སྟོང་ཡོད་དེ། འདི་ལེའུ་ཆེན་པོ་ཞེས་བྱ་བ་ཉིད་ཡིན་ནོ། །སྡེ་བཞི་པ་ལ་ནི་ཤུ་ལོག་བརྒྱད་སྟོང་ཡོད་དེ། འདི་ནི་ལེའུ་ཆུང་ངུ་ཞེས་བྱ་བ་ཉིད་
เล่ม ๑๑๙ · หน้า 67b
ཡིན་ནོ། །སྡེ་ལྔ་པ་ལ་ནི་ཤུ་ལོག་བཞི་སྟོང་ཡོད་དོ། །སྡེ་དྲུག་པ་ལ་ནི་ཤུ་ལོག་ལྔ་བརྒྱ་ཡོད་དོ། །སྡེ་བདུན་པ་ལ་ནི་ཤུ་ལོག་དྲུག་བརྒྱ་ཡོད་དེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇམ་དཔལ་གྱིས་ཞུས་པ་ཉིད་ཡིན་ནོ། །སྡེ་བརྒྱད་པ་ལ་ནི་ཤུ་ལོག་སུམ་བརྒྱ་ཡོད་དེ་འདི་ནི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཉིད་ཡིན་ནོ། །དེ་ལ་སྡེ་སྔ་མ་བདུན་ནི་མཚན་མ་རབ་ཏུ་བསལ་བ་ད་དུང་མ་ཟད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཁོ་ནར་ཟད་དོ། །སྡེ་བརྒྱད་པ་ནི་མཚན་མ་རབ་ཏུ་བསལ་བའི་མཆོག་ཏུ་གྱུར་པའི་ཕྱིར་ལོགས་ཤིག་ཏུ་རྡོ་རྗེ་ཞེས་བྱ་བའི་མིང་རྣམ་པར་
གཞག་པ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པ་ཡང་ཕལ་ཆེར་གོང་མ་དང་མཐུན་པར་བཤད་དོ། །གཞན་ཡང་དེ་ཉིད་ལས་སྡེ་དང་པོ་དང་གཉིས་པ་གཉིས་ཀྱི་དཔེ་ནི་ད་དུང་རྒྱ་གར་ཡུལ་ན་བཞུགས་ཏེ། འདིར་མ་གཤེགས་སོ། །ལྔ་པ་དང་དྲུག་པ་དང་གཉིས་ནི་ད་དུང་མ་
བསྒྱུར་ཏེ། རྒྱ་གར་གྱི་དཔེ་ཉིད་དུ་བཞུགས་སོ་ཞེས་འབྱུང་ངོ་། །སློབ་དཔོན་ཧྱན་ཙང་གིས་རྒྱ་གར་གྱི་དཔེ་ལས་ཤུ་ལོག་འབུམ་བསྒྱུར་བ་དེ་ཡང་གནས་བཞིར་འདུས་པ་བཅུ་དྲུག་ཏུ་གསུངས་པར་འབྱུང་སྟེ། འདུས་པ་དང་པོ་དྲུག་དང་བཅོ་ལྔ་པ་ནི་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་
གསུངས་སོ། །འདུས་པ་བདུན་པ་དང་བརྒྱད་པ་དང་དགུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་དང་། བཅུ་གསུམ་པ་དང་བཅུ་བཞི་པ་ནི་མཉན་དུ་ཡོད་པ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་གསུངས་སོ། །འདུས་པ་བཅུ་པ་ནི་གཞན་འཕྲུལ་
དབང་བྱེད་ཀྱི་ལྷའི་རྒྱལ་པོའི་ཁང་པ་ན་བཞུགས་ཏེ་གསུངས་སོ། །འདུས་པ་བཅུ་དྲུག་པ་ནི་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་རྫིང་དྲུང་དུ་བཞུགས་ཏེ་གསུངས་སོ། །ཆེས་ངོ་མཚར་རྨད་དུ་བྱུང་བ་ལགས་མོད་ཀྱི། དེའི་ཚེ་ཡོངས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེ་ཡང་བླ་
ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ངེས་པའི་དོན་མ་ངེས་པར་རབ་ཏུ་བསྟན་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ལས་མཚན་ཉིད་མེད་པ་ལ་སོགས་པ་སྟོན་པར་མཛད་ཀྱང་། ངོ་བོ་ཉིད་
เล่ม ๑๑๙ · หน้า 68a
མེད་པ་རྣམ་པ་གསུམ་དང་ངོ་བོ་ཉིད་རྣམ་པ་གསུམ་གྱི་ཡོད་པ་དང་མེད་པའི་དོན་རྣམ་པར་ཕྱེ་བས་དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་འདི་ལས་མཚན་ཉིད་མེད་པ་ལ་སོགས་པར་བཤད་པ་གང་ཡིན་པ་དེ་ནི་ངེས་པའི་དོན་མ་ཡིན་པ་ཞེས་བསྟན་ཏོ། །
གཞན་ཡང་དོན་ཚད་མེད་པའི་མདོ་ལས་ང་སྔར་སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ལོ་དྲུག་གི་བར་དུ་ལུས་དྲང་པོར་བསྲང་སྟེ་འདུག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་སངས་རྒྱས་ཀྱི་སྤྱན་གྱིས་ཆོས་རྣམས་ཐམས་ཅད་བལྟས་པ་ལས་བཤད་དུ་མི་རུང་བར་གྱུར་ཏོ། །དེ་
ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ཀྱི་རང་བཞིན་དང་། མོས་པ་མི་མཚུངས་པས་ཆོས་བཤད་པའི་ཐབས་རྣམ་པ་སྣ་ཚོགས་ཀྱི་སྟོབས་ཀྱི་ལོ་བཞི་བཅུ་འདས་པའི་ཐ་མར་གདོད་དེ་ཁོ་ན་ཉིད་བར་དུ་བསྟན་ཏེ། དེའི་ཕྱིར་སེམས་ཅན་ལམ་ཐོབ་པ་ལ་ཁྱད་པར་ཡོད་པས། མྱུར་དུ་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་གསུངས་ཏེ། བསྟན་པ་འདི་དག་དང་སྦྱར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ངེས་པའི་དོན་མ་ཡིན་ནོ། །དོན་འདིའི་ཕྱིར་བདེན་པ་བཞིའི་འཁོར་ལོ་ལ་ལྟོས་ན་ཤིན་ཏུ་ཟབ་པ་དང་། ངོ་མཚར་རྨད་དུ་བྱུང་བ་ཡིན་ཡང་
གསུམ་པ་ལ་ལྟོས་ན་བླ་ན་ཡོད་པ་སྐབས་ཡོད་པ་དྲང་བའི་དོན་ཡིན་ལ་དྲང་བའི་དོན་ཡིན་པའི་ཕྱིར་རྩོད་པར་སྨྲ་བ་དང་བཅས་པ་ཡིན་ནོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། བར་མ་འདི་ནི་ཐེག་པ་ཆེན་པོ་ཐེག་པ་ཆུང་ངུ་ལས་ཐ་དད་པར་སྟོན་པའི་ཕྱིར་ངེས་པའི་དོན་
མ་ཡིན་པའོ། །ད་དུང་ཐེག་པ་གཅིག་ཡོད་པའི་ཕྱིར་གོང་མ་དང་བཅས་པའོ། །ཐེག་པ་ཆུང་ངུ་པ་དག་དང་ཐ་དད་པའི་ཕྱིར་ཐེག་པ་ཆུང་ངུ་པ་དག་དང་འཐབ་ཅིང་རྩོད་པར་འགྱུར་བའོ། །ཐེག་པ་གཅིག་གིས་རྣམ་པར་འཇིག་པའི་ཕྱིར་རྒོལ་བ་དང་བཅས་པའོ་ཞེས་འབྱུང་ངོ་། །བཅོམ་ལྡན་
འདས་ཀྱིས་དེང་དུས་གསུམ་པ་འདིར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་
เล่ม ๑๑๙ · หน้า 68b
ཉིད་ལས་བརྩམས་ནས་འདི་ལྟར་རབ་ཏུ་ཕྱེ་བའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ངེས་པའི་དོན་ཐེག་པ་ཆེན་པོ་ཡང་དག་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ངེས་པའི་དོན་ཡང་དག་པར་བསྟན་པ་དང་། ངེས་པའི་དོན་གྱི་
མཚན་ཉིད་རབ་ཏུ་བསྟན་པ་སྟེ་འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གསུངས་པའི་དུས་བསྟན་པ་དང་། བསྟན་པ་གསུངས་པའི་དགོངས་པ་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་ཉིད་རབ་ཏུ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་དེང་དུས་གསུམ་པ་
འདིར་ཞེས་བྱ་བས་ནི་བསྟན་པ་གསུངས་པའི་དུས་བསྟན་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་གསུངས་པའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་བྱ་བས་ནི་བསྟན་པ་གསུངས་པའི་དགོངས་པ་བསྟན་ཏེ། ཆོས་ཀྱི་འཁོར་ལོ་
འདི་ནི་ངེས་པའི་དོན་གྱི་བསྟན་པ་ཡིན་པས་འདི་ལྟར་སྟོང་པ་ཉིད་རྣམ་པ་གཉིས་དང་། ངོ་བོ་ཉིད་རྣམ་པ་གསུམ་ལ་སོགས་པའི་དོན་རྣམ་པར་དབྱེ་བས་ན་དེའི་ཕྱིར་ཐེག་པ་གསུམ་པོ་དག་སོ་སོ་ནས་རང་གི་འབྲས་བུ་འཐོབ་པར་འགྱུར་བ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་
པ་ལས། དེ་ལ་སྦྱོར་བ་ནི་འདི་ལྟ་སྟེ། འདི་ལྟར་ངོ་བོ་ཉིད་རྣམ་པ་གསུམ་ཁོང་དུ་ཆུད་པ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐབས་སུ་འགྱུར་བ་གང་ཡིན་པའོ་ཞེས་བསྟན་ཏོ། །ཐམས་ཅད་ཀྱི་ངོ་བོ་ཉིད་མ་མཆིས་པ་
ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་འཁོར་ལོ་ཉིད་རབ་ཏུ་བསྟན་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་ཡང་སྔར་གོང་དུ་ནི་མི་མངོན་པའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པར་བསྟན་པ་ཡིན་ལ། གསུམ་པ་འདིར་ནི་གོང་མའི་ཚིག་
རེ་རེ་ལ་ཡང་ངོ་བོ་ཉིད་མེད་པ་ཉིད་ཅེས་བརྗོད་པར་བྱ་སྟེ། ངོ་བོ་ཉིད་མེད་པ་ཉིད་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ཡིན་ཏེ། སྔར་བཤད་པ་བཞིན་ནོ། །འདི་ལྟར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་གང་ཡིན་པ་དེ་ཉིད་ནི་ངོ་བོ་ཉིད་རྣམ་པ་གསུམ་ཡིན་པས་རིགས་པ་དེས་
เล่ม ๑๑๙ · หน้า 69a
ན་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ནི་ངོ་བོ་ཉིད་ཡོད་པ་དང་ངོ་བོ་ཉིད་མེད་པ་ཉིད་རབ་ཏུ་སྟོན་པས་ན་དེའི་ཕྱིར་འདི་ལྟར་རབ་ཏུ་ཕྱེ་བའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་གསུངས་པ་ཡིན་ནོ། །འདི་ནི་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་ལགས་པས་དེང་འདིར་
བཅོམ་ལྡན་འདས་ཀྱིས་ཡོངས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པ་རྣམས་ཀྱི་གཞིའི་གནས་སུ་གྱུར་པ་མ་ལགས་སོ་ཞེས་བྱ་བ་ནི་གཉིས་པ་ངེས་པའི་དོན་གྱི་མཚན་ཉིད་རབ་ཏུ་བསྟན་པའོ། །ཆོས་ཀྱི་འཁོར་ལོ་
བསྐོར་བ་དེ་མཆོག་ཏུ་རྨད་དུ་བྱུང་ཞིང་དེ་ལས་ལྷག་པའི་མཆོག་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །ཕྱིས་མཆོག་ཏུ་འགྱུར་བའི་སྐབས་མེད་ཅིང་ཕྱིས་གཞིག་པའི་སྐབས་མེད་པའི་ཕྱིར་སྐབས་མེད་པ་ཞེས་བྱའོ། །ཡོད་པ་དང་མེད་པ་ཡོངས་སུ་རྫོགས་པར་བསྟན་པའི་ཕྱིར་ངེས་
པའི་དོན་ཡིན་ཞིང་རྩོད་པར་སྨྲ་བ་རྣམས་ཀྱི་གཞིའི་གནས་མ་ཡིན་པའོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། འདིས་ནི་ཐེག་པ་དེས་ཐེག་པ་ཆུང་ངུ་པ་དང་། ཐེག་པ་ཆེན་པོ་པ་དག་དང་རྒྱུ་རྐྱེན་མཚུངས་ཤིང་འབྲས་བུ་མཚུངས་པ་སྟོན་པའི་ཕྱིར་རྣམ་པར་མི་རྟོག་པ་དོན་
དམ་པ་བསྟན་པ་ཞེས་བྱའོ། །ཆོས་ཀྱི་འཁོར་ལོ་དེ་མཆོག་ཏུ་རྨད་དུ་བྱུང་བ་དོན་དེ་ལས་ལྷག་པ་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །གཞན་ཡང་ཐེག་པ་ཆུང་ངུ་ཀུན་གྱིས་བགྲོད་པར་བྱ་བ་ཡིན་པའི་ཕྱིར་རྩོད་པ་མེད་པའོ། །རྩོད་པ་མེད་པའི་ཕྱིར་གཞིག་ཏུ་མེད་པའོ། །གཞིག་
ཏུ་མེད་པའི་ཕྱིར་རྒོལ་བ་མེད་པའོ་ཞེས་འབྱུང་ངོ་། །གོང་དུ་བསྟན་པའི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན་སྒོ་རྣམ་པ་གསུམ་གྱིས་རབ་ཏུ་དབྱེ་བར་བྱ་སྟེ། དུས་དང་གནས་སོ་སོ་ནས་བཤད་པ་མཚུངས་པ་དང་མི་མཚུངས་པ་བསྟན་པ་དང་། བསྟན་པ་བསྡུ་
བའི་ཚད་དང་ངེས་པའི་དོན་ཡིན་ནམ་མ་ཡིན་པར་རབ་ཏུ་བསྟན་པ་དང་། བརྗོད་པར་བྱ་བའི་གཞུང་ཟབ་པ་དང་ཟབ་པ་མ་ཡིན་པའི་བྱེ་བྲག་བསྟན་པའོ། །དེ་ལ་དང་པོ་དུས་དང་གནས་སོ་སོ་ནས་བཤད་པ་མཚུངས་མི་མཚུངས་བསྟན་པ་ཡང་། སློབ་དཔོན་ཡང་དག་བདེན་པས་ཚིག་
เล่ม ๑๑๙ · หน้า 69b
ངེས་པར་འགྲེལ་པའི་མདོའི་འགྲེལ་པ་བྱས་པ་ལས། གཞན་ཡང་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་བ་ནི་གང་ཟག་རྣམ་པ་གསུམ་གྱི་ཆེད་དུ། དང་པོ་ནི་ཡུལ་བཱ་རཱ་ཎ་སཱིར་རི་དགས་ཀྱི་ཚལ་དྲང་སྲོང་འདུ་བའི་གནས་སུ་ཉན་ཐོས་རྣམས་ལ་ཆོས་ཀྱི་འཁོར་
ལོ་བསྐོར་བ་འདི་ནི་དུས་དང་པོར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། །ཡོངས་སུ་བསྐོར་བའི་འཁོར་ལོ་གང་ཡིན་པ་དེ་ནི་དྲང་བའི་དོན་བླ་ན་ཡོད་པ་རྒོལ་བ་དང་བཅས་པ། རྩོད་པ་དང་བཅས་པའོ། །གཉིས་པ་དེ་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་
རྒྱས་ནས་ལོ་བདུན་ལོན་པ་དང་མཉན་དུ་ཡོད་པ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ནས་དུས་གཉིས་པར་ཐེག་པ་ཆེན་པོ་སྤྱོད་པའི་གང་ཟག་རྣམས་ཀྱི་ཆེད་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་
ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་མཚན་ཉིད་རབ་ཏུ་བསྟན་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ས་བཅུ་པ་ལ་སོགས་པ་སྟོན་པ་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་
ལྷ་དང་མི་གང་གིས་ཀྱང་ཡོངས་སུ་མ་བསྐོར་བ་ཡིན་ཡང་ཆོས་ཀྱི་འཁོར་ལོ་དེ་ནི་དྲང་བའི་དོན། བླ་ན་ཡོད་པ། རྒོལ་བ་དང་བཅས་པ། རྩོད་པ་དང་བཅས་པའོ། །མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནས་རྒྱང་གྲགས་གཅིག་ཙམ་ན་རྫིང་ཞིག་ཡོད་པ་གང་གིས་དེར་ཆུ་འཐུངས་
སམ་ཁྲུས་བྱས་ན་ཤེས་རབ་འཕེལ་བར་འགྱུར་བས་ཀུན་གྱིས་ཤེས་རབ་སྦྱིན་པའི་རྫིང་ཞེས་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་རྫིང་དེའི་འགྲམ་དུ་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་གསུངས་པས་རྫིང་བུ་དེའི་མིང་བུ་མོ་ཤེས་རབ་ཅན་གྱི་རྫིང་ཞེས་བྱ་བར་བཏགས་ཏེ། །
ལྷའི་བུ་མོའི་གནས་ཡིན་པས་སོ། །གསུམ་པ་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་འོག་ཏུ་ལོ་སུམ་ཅུ་རྩ་བརྒྱད་ལོན་ནས་ཡུལ་ཡངས་པ་ཅན་གྱི་ཡི་དགས་ཀྱི་རྒྱལ་པོའི་ཆོས་ཀྱི་ཁང་པ་ན་བཞུགས་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་
เล่ม ๑๑๙ · หน้า 70a
སོགས་པ་ལ་ཚིག་ངེས་པར་འགྲེལ་པའི་མདོ་དང་། དྲི་མ་མེད་པར་གྲགས་པས་བསྟན་པ་དང་། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལ་སོགས་པ་གསུངས་པ་ནི་དུས་གསུམ་པ་སྟེ། བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་བསྒྲུབ་པའི་གང་ཟག་རྣམས་
ཡོངས་སུ་བཟླ་བའི་ཆེད་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་རབ་ཏུ་བསྟན་པ་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་ཀྱི་འཁོར་ལོ་བསྟན་པ་ཡིན་
པས་ཆོས་ཀྱི་འཁོར་ལོ་དེ་ནི་ཤིན་ཏུ་རྣམ་པར་དག་པ་ངོ་མཚར་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ། ངེས་པའི་དོན་བླ་ན་མེད་པ། རྒོལ་བ་མེད་པ། རྩོད་པ་མེད་པ་སྟེ། སེམས་ཅན་དབང་པོ་རྟུལ་པོ་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པས་རིམ་གྱིས་ཆོས་ཀྱི་འཁོར་ལོ་གསུངས་
པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་བཞིན་གཤེགས་པས་གསུངས་པ་ཡིན་ན་ཅིའི་ཕྱིར་རྣམ་པ་གསུམ་དུ་གྱུར་ཞེ་ན། སྨྲས་པ། བདེན་པ་རྣམ་པར་བཞག་པ་དང་བདེན་པ་རྣམ་པར་མ་བཞག་པའོ། །རི་དགས་ཀྱི་ཚལ་དུ་ཆོས་བསྟན་པ་གང་ཡིན་པ་དེ་ནི་བདེན་པ་བཞི་རྣམ་པར་བཞག་
པའོ། །རྒྱལ་བྱེད་ཀྱི་ཚལ་དུ་ཆོས་གསུངས་པ་གང་ཡིན་པ་དེ་ནི་བདེན་པ་གཉིས་རྣམ་པར་མ་བཞག་པའོ། །ཡངས་པ་ཅན་དུ་ཆོས་བཤད་པ་གང་ཡིན་པ་དེ་ནི་བདེན་པ་རྣམ་པར་མ་བཞག་པ་སྟེ། དོན་དམ་པ་དང་ཀུན་རྫོབ་གང་ཡིན་པ་ངེས་པ་ཉིད་དུ་ཡང་གྱུར་པས་བདེན་པ་རྣམ་པར་མ་
བཞག་པ་ཞེས་བརྗོད་དོ། །བརྒྱུད་དེ་བཤད་པ་དག་ལས་སློབ་དཔོན་ཡང་དག་བདེན་པ་ན་རེ་ཆོས་ཀྱི་འཁོར་ལོ་དང་པོ་ནི་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་དབྱར་ཟླ་ར་བའི་ཚེས་བརྒྱད་ལ་ཡུལ་བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་ཏོ། །ཆོས་ཀྱི་འཁོར་
ལོ་གཉིས་པ་ནི་བྱང་ཆུབ་སེམས་དཔའ་དང་ཐེག་པ་གཉིས་པོ་དག་གི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་གསུངས་པ་ཡིན་ནོ་ཞེས་ཟེར་ཞེའོ། །བརྒྱུད་དེ་བཤད་པ་ལས་ནི་ཆོས་ཀྱི་འཁོར་ལོ་དང་པོ་ནི་ཉི་མ་དང་ཟླ་གྲངས་བཅས་པའོ། །ཆོས་ཀྱི་འཁོར་ལོ་གཉིས་པ་ནི་ཐེག་པ་
เล่ม ๑๑๙ · หน้า 70b
པ་གཉིས་ཀྱི་ཆེད་དུའོ་ཞེས་ཟེར་ཏེ། དོན་གཞན་ནི་ཚིག་ངེས་པར་འགྲེལ་པའི་མདོའི་འགྲེལ་པ་ལས་བསྟན་པ་དང་མཐུན་ནོ། །གཞན་ཡང་ཚིག་ངེས་པར་འགྲེལ་པའི་མདོའི་འགྲེལ་པ་ལས། གལ་ཏེ་བསྟན་པ་གཉིས་པ་ཡངས་པ་ཅན་དུ་བཞུགས་ཏེ། གསུངས་པར་གྱུར་ན་མདོ་ལས་
གསུངས་པ་དང་འགལ་བར་འགྱུར་ཏེ། མདོ་ལས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་ཞེས་གསུངས་པས་སོ། །འདིར་སྡེ་སྣོད་གསུམ་པ་སློབ་དཔོན་ཧྱན་ཙང་གིས་ནི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་པོ་དེ་ཡང་གནས་བསྟན་པ་ཁོ་ནར་ཟད་ཀྱི། དུས་ཚིགས་དང་
ཉི་མ་དང་ཟླ་བ་དང་། ལོ་གྲངས་བསྟན་པ་མེད་དེ་ཆོས་ཀྱི་འཁོར་ལོ་དང་པོའི་གནས་ནི་སློབ་དཔོན་ཡང་དག་བདེན་པས་བཤད་པ་དང་མཐུན་ཏེ། གོང་དུ་སྔར་བསྟན་པ་བཞིན་དུ་རྣམ་པར་དབྱེ་བར་བྱའོ། །ཆོས་ཀྱི་འཁོར་ལོ་གཉིས་པ་ནི་གནས་བཞིར་འདུས་པ་བཅུ་དྲུག་ཏུ་གསུངས་
པར་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པའོ་ཞེས་གོང་དུ་བསྟན་པ་བཞིན་ནོ། །སློབ་དཔོན་ཡང་དག་བདེན་པས་མཉན་དུ་ཡོད་པ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་ཞེས་བསྟན་པ་ནི་གནས་བཞི་ལས་གནས་གཅིག་ཡོངས་སུ་རྫོགས་
པར་བཤད་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ནི་གནས་གཉིས་སུ་བཞུགས་ནས་གསུངས་ཏེ། ཞིང་ཡོངས་སུ་དག་པ་དང་ཞིང་ཡོངས་སུ་མ་དག་པ་སྟེ་སྔར་གོང་དུ་བསྟན་པ་བཞིན་ནོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། གལ་ཏེ་ཡངས་པ་ཅན་
དུ་བཞུགས་ནས་ཞེས་བསྟན་ན་དེས་ཞིང་ཡོངས་སུ་མ་དག་པ་ན་བཞུགས་པར་བསྟན་པར་འགྱུར་བས་མདོ་དང་མི་མཐུན་པར་འགྱུར་རོ། །སྤྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོ་དང་། སྡོང་པོ་བཀོད་པ་ལ་སོགས་པ་ལས་གསུམ་པ་ཞེས་ཟེར་ན་ནི་བྱ་རྒོད་ཕུང་པོའི་རི་དང་གནས་
བདུན་དུ་འདུས་པ་བརྒྱད་ཀྱིས་གསུངས་པར་འགྱུར་ཏེ། མདོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། དང་པོ་ནི་ཉན་ཐོས་བསྒྲུབ་པའི་གང་ཟག་གི་ཆེད་དུའོ། །གཉིས་པ་ནི་ཐེག་པ་ཆེན་པོ་ལ་གནས་པའི་
เล่ม ๑๑๙ · หน้า 71a
གང་ཟག་གི་ཆེད་དུའོ། །གསུམ་པ་ནི་ཐེག་པ་ཐམས་ཅད་ལ་གནས་པའི་ཆེད་དུའོ་ཞེས་འབྱུང་ལ་མདོ་འདི་ལས་དང་པོ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཆེད་དུའོ། །གཉིས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་
ཆེད་དུའོ། །གསུམ་པ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་ཆེད་དུའོ་ཞེས་གསུངས་ན་མདོ་འདི་ཉིད་གང་ནི་ཡང་དག་པ་ཡིན་ཞེ་ན། སྨྲས་པ། མདོ་འདིའི་དཔེ་ཡང་དག་པ་ཡིན་པས་སྔར་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དོན་ལ་འགལ་བ་མེད་པའི་ཕྱིར་རོ། །
གཞན་ཡང་སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་ཀྱང་དེ་སྐད་དུ་འབྱུང་བས་དེའི་ཕྱིར་ཚིག་ངེས་པར་འགྲེལ་བའི་མདོ་ལས། དང་པོ་ནི་ཉན་ཐོས་ཀྱི་གང་ཟག་གི་ཆེད་དུའོ། །གཉིས་པ་ནི་ཐེག་པ་ཆེན་པོའི་གང་ཟག་གི་ཆེད་དུའོ། །གསུམ་པ་ནི་ཐེག་པ་གསུམ་གྱི་གང་ཟག་གི་
ཆེད་དུའོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་གཉིས་པ་བསྟན་པ་བསྡུ་བའི་ཚད་དང་ངེས་པའི་དོན་ཡིན་ནམ་མ་ཡིན་པ་རབ་ཏུ་བསྟན་པ་ཡང་སྔར་ནི་བསྟན་པ་བསྡུ་བའི་ཚད་བསྟན་ལ་དེའི་འོག་ཏུ་ངེས་པའི་དོན་ཡིན་ནམ་མ་ཡིན་པ་རབ་ཏུ་བསྟན་པར་བྱའོ། །དེ་ལ་བསྟན་པ་བསྡུ་བའི་ཚད་ཀྱང་སོ་
སོ་ནས་བཤད་པ་མི་མཐུན་པས་སློབ་དཔོན་ཡང་དག་བདེན་པས་སྡེ་པ་རྣམས་ཀྱི་ལྟ་བ་བསྟན་པའི་བརྗེད་བྱང་བྱས་པ་ལས། ཐེག་པ་ཆུང་ངུ་བའི་སྡེ་སྣོད་གསུམ་པ་གང་ཡིན་པ་དེ་དག་ནི་ཆོས་ཀྱི་འཁོར་ལོ་དང་པོ་ཞེས་བྱ་སྟེ། །ཆུང་ངུ་ཁོ་ན་ཡིན་གྱི་ཆེན་པོ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པ་
ཆེན་པོའི་མདོ་ནི་ཆོས་ཀྱི་འཁོར་ལོ་གཉིས་པ་ཞེས་བྱ་སྟེ། ཐེག་པ་ཆེ་ཆུང་གཉི་གའི་ཆེད་དུ་གསུངས་པའོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ནི་ཆོས་ཀྱི་འཁོར་ལོ་གསུམ་པ་ཞེས་བྱ་སྟེ་ཆེན་པོ་ཁོ་ནའི་ཆེད་དུ་ཡིན་གྱི། ཆུང་ངུ་ནི་
མ་ཡིན་ནོ་ཞེས་བཤད་དེ། དེའི་ཕྱིར་བརྗེད་བྱང་དེ་ཉིད་ལས་སངས་རྒྱས་ཀྱི་བསྟན་པ་ལ་ནི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ཡོད་པས། དང་པོ་ནི་ཐེག་པ་ཆུང་ངུ་བའི་ཆོས་ཀྱི་འཁོར་ལོ་སྟེ། དེ་ནི་སྡེ་སྣོད་གསུམ་གྱི་བསྟན་པ་དག་གོ། །གཉིས་པ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་
เล่ม ๑๑๙ · หน้า 71b
འཁོར་ལོ་ཐེག་པ་ཆེན་པོ་ཐེག་པ་ཆུང་ངུ་དང་ཐ་དད་པ་བསྟན་པ་སྟེ། དེ་ནི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཐེག་པ་ཆེ་ཆུང་གི་དོན་སྤྱིར་བསྟན་པ་ལྟ་བུའོ། །གསུམ་པ་ནི་ཐེག་པ་གཅིག་གི་ཆོས་ཀྱི་འཁོར་ལོ་ཐེག་པ་ཆེ་ཆུང་ཐ་དད་པ་མེད་པར་བསྟན་པ་སྟེ། འཕགས་པ་
སངས་རྒྱས་ཕལ་པོ་ཆེ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ལས་ཐེག་པ་གསུམ་གྱི་གང་ཟག་སྟོང་པ་ཉིད་རྣམ་པ་གཉིས་སུ་ལྟ་བ་དང་། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྒྲུབ་པ་མཚུངས་པར་སྟོན་པ་ལྟ་བུ་སྟེ། དེའི་ཕྱིར་ཐེག་པ་ཆེ་ཆུང་ཐ་དད་པ་མེད་དོ་ཞེས་འབྱུང་
བ་ཡིན་ནོ། །ཚིག་ངེས་པར་འགྲེལ་བའི་མདོའི་འགྲེལ་བ་ལས་ནི་གོང་དུ་བཤད་པ་བཞིན་དུ་དང་པོར་ནི་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་གསུངས་སོ། །གཉིས་པའི་ཚེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་གསུངས་སོ། །གསུམ་པའི་ཚེ་ནི་ཚིག་ངེས་པར་འགྲེལ་པ་དང་། དྲི་
མ་མེད་པར་གྲགས་པས་བསྟན་པ་དང་། སངས་རྒྱས་ཕལ་པོ་ཆེའི་མདོ་ལ་སོགས་པ་གསུངས་སོ་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་རྣམ་པ་གཉིས་ཀྱང་རང་ཉིད་ཕན་ཚུན་འགལ་བ་ཉིད་དུ་འགྱུར་བས་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་རེ་ཞིག་བཤད་པ་ཕྱི་མ་
ལ་བརྟེན་ནས་བཤད་པར་བྱ་སྟེ། མདོའི་ཚིག་དང་རྗེས་སུ་མཐུན་པའི་ཕྱིར་རོ། །འདི་ལྟར་བདེན་པ་བཞི་ནི་དང་པོའི་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་དུས་གཉིས་པའི་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་འགྲེལ་པ་དང་། དྲི་མ་མེད་པར་གྲགས་པས་
བསྟན་པ་དང་། དམ་པའི་ཆོས་པདྨ་དཀར་པོ་དང་། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ནི་དུས་གསུམ་པའི་བསྟན་པའོ་ཞེས་སློབ་དཔོན་ཡང་དག་བདེན་པས་ནི་གསུང་རབ་རྣམས་ལ་དེ་སྐད་དུ་བཤད་དོ། །འདིར་ནི་བསྟན་པ་རྣམས་ཀྱང་བདེན་པ་བཞི་སྟོན་པ་གང་ཡིན་པ་དེ་དག་ནི་དང་པོར་
གསུངས་པའི་བསྟན་པའོ། །མཚན་ཉིད་མེད་པར་སྟོན་པ་གང་ཡིན་པ་དེ་དག་ནི་དུས་གཉིས་པའི་བསྟན་པའོ། །ངོ་བོ་ཉིད་རྣམ་པ་གསུམ་དང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་སོགས་པ་ལས་བརྩམས་ནས་ཡོད་པ་དང་མེད་པའི་རིགས་པ་མ་ལུས་ཤིང་ཡོངས་སུ་རྫོགས་པར་སྟོན་པ་
เล่ม ๑๑๙ · หน้า 72a
གང་ཡིན་པ་དེ་དག་ནི་དུས་གསུམ་པའི་བསྟན་པའོ་ཞེས་སྟོན་གྱི། ལོ་དང་ཟླ་བ་དང་དུས་ཚིགས་ལ་བརྟེན་ནས། དུས་སྔ་ཕྱིའི་བསྟན་པ་སྟོན་པ་ལྟ་བུ་ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དུས་གཉིས་པར་བསྟན་པ་ཡིན་པར་ཅི་ལ་བརྟེན་ཏེ་ཤེས་
པར་བྱ་ཞེ་ན། སྨྲས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། དེའི་ཚེ་ལྷའི་བུ་བརྒྱ་སྟོང་ཚད་མེད་པ་རྣམས་ནམ་མཁའ་ལ་མེ་ཏོག་གཏོར་ནས་སྐད་མཐུན་པར་འདི་སྐད་དུ། ཀྱེ་བདག་ཅག་ལ་སོགས་པས་ནི་དེང་འཛམ་བུའི་གླིང་དུ་བཅོམ་ལྡན་འདས་ཀྱིས་ཤིན་
ཏུ་གྱ་ནོམ་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བར་མཐོང་ངོ་ཞེས་སྨྲས་སོ་ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བམ་པོ་བཞི་བརྒྱ་སུམ་ཅུ་བདུན་པ་དང་། ལྔ་བརྒྱ་བདུན་པ་དང་། ལྔ་བརྒྱ་བཞི་བཅུ་ལྔ་པ་དང་། ལེའུ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་
པ་ལས་ཀྱང་དེ་སྐད་དུ་སྟོན་པས་སོ། །དེ་ལ་ངེས་པའི་དོན་ཡིན་ནམ་མ་ཡིན་པ་རབ་ཏུ་བསྟན་པ་ཡང་རེ་ཞིག་མདོ་འདི་ཉིད་དང་སྦྱར་ན། ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ལས་དང་པོ་གཉིས་ནི་དྲང་བའི་དོན་ཏོ། །གསུམ་པ་ནི་ངེས་པའི་དོན་ཏོ་ཞེས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། གོང་དུ་བསྟན་པ་ལྟར་ན་
ཆོས་ཀྱི་འཁོར་ལོ་དང་པོ་ནི་སྟོང་པ་ཉིད་མཁྱུད་ནས་ཡོད་པ་ཉིད་དུ་སྟོན་པ་དང་། ཆོས་ཀྱི་འཁོར་ལོ་གཉིས་པ་ནི་ཡོད་པ་མཁྱུད་ནས་སྟོང་པ་ཉིད་དུ་སྟོན་པ་ཡིན་ལ་ཆོས་ཀྱི་འཁོར་ལོ་གསུམ་པ་ནི་སྟོང་པ་དང་ཡོད་པའི་རིགས་པ་ཡོངས་སུ་རྫོགས་པར་སྟོན་པའི་ཕྱིར་ངེས་པའི་དོན་ཞེས་བསྟན་གྱི། བརྗོད་
པ་ལས་ཟབ་པ་དང་ཟབ་པ་མ་ཡིན་པའི་ཕྱིར་ཡོད་པའི་ཕྱིར་ངེས་པ་དང་ངེས་པ་མ་ཡིན་པ་ཞེས་བསྟན་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཉིས་པ་དང་གསུམ་པས་མཚན་ཉིད་མེད་པ་སྟོན་པ་ལ་དོན་ཟབ་པ་དང་། ཟབ་པ་མ་ཡིན་པ་ཞེས་བྱ་བ་མེད་ཀྱང་ཡོངས་སུ་རྫོགས་ཤིང་རབ་ཏུ་ཕྱེ་བའི་
རྣམ་པས་རྣམ་པར་ཕྱེ་བའི་ཕྱིར་ནི་ངེས་པའི་དོན་ཞེས་བརྗོད་ལ་ཡོངས་སུ་མ་རྫོགས་ཤིང་མཁྱུད་པའི་ཕྱིར་ནི་དྲང་བའི་དོན་ཞེས་བྱ་སྟེ། རིགས་པ་དེས་ན་ངེས་པ་དང་དྲང་བའི་དོན་ལ་སོ་སོ་ནས་བཤད་པ་མི་མཐུན་པར་གྱུར་པ་ཡིན་ནོ། །ཐེག་པ་ཆུང་ངུའི་སྡེ་པ་ཉི་ཤུ་དང་སྦྱར་ན་ནི་དེ་ལས་བཤད་པ་
เล่ม ๑๑๙ · หน้า 72b
རྣམ་པ་གཉིས་འབྱུང་སྟེ། དང་པོ་ནི་དགེ་འདུན་ཕལ་ཆེན་པ་དང་། ལན་ཅིག་བརྗོད་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་དང་། བྱ་མངལ་བ་དང་། རྟག་པར་སྨྲ་བ་དང་། མཆོད་རྟེན་རིམ་པ་དང་། ནུབ་ཀྱི་རི་ལ་གནས་པ་དང་། བྱང་གི་རི་ལ་གནས་པ་དང་། ཆོས་གསང་
བ་པ་དང་། འོད་སྲུངས་ཀྱི་སྡེ་པ་དང་། བཅུ་པོ་འདི་རྣམས་ནི་མཐུན་པར་དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་ནི་ངས་པའི་དོན་ཡིན་ནོ་ཞེས་སྟོན་ཏོ། །གཉིས་པ་ནི་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པ་སྡེ་པ་གཞན་བཅུ་པོ་དག་ནི་དེ་བཞིན་གཤེགས་པས་གསུངས་པ་ལ་ངེས་
པའི་དོན་དང་དྲང་བའི་དོན་ཡང་ཡོད་པས་ཐམས་ཅད་ངེས་པའི་དོན་མ་ཡིན་ནོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པས་སྡེ་པ་རྣམས་ཀྱི་ལྟ་བ་བསྟན་བཅོས་ཀྱི་བརྗེད་བྱང་བྱས་པ་ལས། ཡོངས་སུ་མ་སྨིན་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་ཕལ་ཆེར་ངེས་པའི་དོན་གྱི་མདོ་
གསུངས་ན་འཚམ་པར་འགྱུར་རོ། །ངེས་པ་དང་ངེས་པ་མ་ཡིན་པ་དེ་ལ་ཡང་མུ་བཞི་ཡོད་པས་དང་པོ་ནི་ཚིག་ངེས་ལ་དོན་མ་ངེས་པ་སྟེ་ཐེག་པ་ཆུང་ངུ་པ་དག་གི་མདོ་སྡེ་དག་ལྟ་བུའོ། །གཉིས་པ་ནི་དོན་ངེས་ལ་ཚིག་མ་ངེས་པ་སྟེ། རྒྱལ་བུ་བསད་པའི་ཚིགས་སུ་བཅད་པ་དང་། བསྟན་
བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། ཕ་དང་མ་ནི་བསད་བྱས་ཤིང་། །རྒྱལ་པོ་མང་དུ་ཐོས་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བཤད། །ཅེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །
གསུམ་པ་ནི་ཚིག་དང་དོན་གཉི་ག་མ་ངེས་པ་སྟེ། མུ་སྟེགས་ཅན་གྱིས་བཤད་པ་རྣམས་སོ། །བཞི་པ་ནི་ཚིག་དང་དོན་གཉི་ག་ངེས་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཏེ། ཁོང་དུ་ཆུད་པ་དག་གིས་གོ་སླ་བས་ན་ཟབ་པ་ཡང་མ་ཡིན་ལ་མི་རྟོགས་པ་དག་གིས་གོ་དཀའ་བས་ན་མི་ཟབ་པ་
ཡང་མ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་མདོ་སྡེ་ཐམས་ཅད་ངེས་པའི་དོན་མ་ཡིན་ནོ་ཞེས་བསྟན་པ་ནི་རིགས་པ་དང་མཐུན་པར་སྨྲས་པ་ཡིན་ཏེ། དེས་ན་ངེས་པའི་དོན་དང་དྲང་བའི་དོན་ཞེས་བྱ་བ་ཡང་རྣམ་པ་གཉིས་སུ་འགྱུར་བས་དང་པོ་ནི་ཚིག་མ་ངེས་ལ་དོན་ནི་ཡང་དག་
เล่ม ๑๑๙ · หน้า 73a
པར་ངེས་པར་གྱུར་པ་སྟེ། ཕ་དང་མ་དང་རྒྱལ་པོ་ལ་སོགས་པ་བསད་བྱས་ན་ཞེས་བསྟན་པའི་ཚིགས་སུ་བཅད་པ་ལྟ་བུ་ངེས་པ་མ་ཡིན་ཡང་དོན་ནི་ཡང་དག་པར་ངེས་པར་འགྱུར་བའོ། །གཉིས་པ་ནི་ཚིག་ངེས་ལ་དོན་མ་ངེས་པར་མ་གྱུར་པ་སྟེ། བཅོམ་ལྡན་
འདས་ཤཱཀྱ་ཐུབ་པས་ཇི་སྐད་དུ། ངས་ནི་བརྩོན་འགྲུས་སྤྱད་པའི་ཕྱིར་ཆོས་འཇིག་རྟེན་ན་ཡུན་རིང་དུ་གནས་སོ། །སངས་རྒྱས་གཞན་དག་ནི་ལེ་ལོའི་ཕྱིར་ཆོས་འཇིག་རྟེན་དུ་ཡུན་རིང་དུ་གནས་པར་མ་གྱུར་ཏེ། སངས་རྒྱས་འོད་སྲུངས་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་ན་ཆོས་ཟླ་བ་
བདུན་གནས་པར་གྱུར་ཏོ། །སངས་རྒྱས་འཁོར་བ་འཇིག་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་ན་ཆོས་ལོ་བཅུ་གཉིས་གནས་པར་གྱུར་ཏོ། །སངས་རྒྱས་གསེར་ཐུབ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་ན་ཆོས་ལོ་དྲུག་གནས་པར་གྱུར་ཏོ། །ང་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་
རྟེན་ན་ཆོས་ལོ་ཉིས་སྟོང་གནས་པར་འགྱུར་རོ་ཞེས་གསུངས་པའི་ཚིག་དེ་ཤིན་ཏུ་ངེས་པ་ཡིན་ཡང་དོན་ནི་ངེས་པ་མ་ཡིན་ནོ། །ངེས་པར་མ་གྱུར་པ་ནི་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཞན་དེ་དག་ཆོས་འཆད་པ་ལ་བརྩོན་པར་མི་མཛད་པ་ལ་དགོངས་པའི་ཕྱིར་ལེ་ལོ་ཅན་ཞེས་གསུངས་ཏེ། དེ་དག་ནི་ཆོས་
གཅིག་ལ་ཉེས་དམིགས་གཅིག་ཏུ་ཡང་དག་པར་སྟོན་པར་མཛད་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལ་ཉེས་དམིགས་ཚད་མེད་པ་སྙེད་དུ་མཛད་ནས་བཟླས་ཏེ་གསུངས་པའི་ཕྱིར་བརྩོན་འགྲུས་སྤྱད་པ་ཞེས་བཤད་དོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་
བསྟན་པ་བཞིན་བསྟན་བཅོས་རྣམ་པར་བཤད་པ་ལས་ངེས་པའི་དོན་མ་ཡིན་པའི་བསྟན་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་ལ་སོགས་པ་ལས་བཅོམ་ལྡན་འདས་ཀྱིས་དོན་མདོ་ཙམ་དུ་སྨོས་ཤིང་རྒྱ་ཆེར་རྣམ་པར་ཕྱེ་བས་ཡང་རྣམ་པར་ཕྱེ་
ཞིང་བཤད་དགོས་པ་གང་ཡིན་པའོ། །ངེས་པའི་དོན་གྱི་བསྟན་པ་ནི་འདི་ལྟ་སྟེ་སྔ་མ་བཟློག་པ་ལས་རིག་པར་བྱའོ། །མི་མངོན་པའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་བསྟན་པའོ། །རབ་ཏུ་ཕྱེ་བའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་
เล่ม ๑๑๙ · หน้า 73b
བསྟན་པའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱ་བ་ནི་ཤེས་པའི་གང་ཟག་ཐམས་ཅད་ཀྱི་ནང་ན་སངས་རྒྱས་མཆོག་གོ། །གཙུག་ལག་
གི་ཡི་གེ་ཐམས་ཅད་ཀྱི་ནང་ན་སངས་རྒྱས་ཀྱི་ཆོས་མཆོག་གོ། །ཚོགས་མང་པོ་ཐམས་ཅད་ཀྱི་ནང་ན་དགེ་འདུན་མཆོག་གོ། །སྦྱིན་པ་བཏང་བས་ལོངས་སྤྱོད་ཆེན་པོར་འགྱུར་རོ། །ཚུལ་ཁྲིམས་བསྲུངས་པས་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་བསྟན་པ་གང་ཡིན་
པ་དེ་ནི་ངེས་པའི་དོན་གྱི་མདོ་ཡིན་ནོ། །གོང་མ་སྐད་དུ་ཆོས་འཆད་པའི་ཆོས་ཀྱི་མཁན་པོ་དེ་ལ་ནི་ཕན་ཡོན་རྣམ་པ་ལྔ་ཡོད་དེ། ལོངས་སྤྱོད་ཆེ་བ་དང་། མང་པོའི་ཡིད་དུ་འོང་བ་དང་། བྱད་བཞིན་བཟང་བ་དང་། སྒྲ་དང་གྲགས་པ་དང་ལྡན་པ་དང་། མ་འོངས་པ་ན་མྱ་ངན་ལས་འདས་
པར་འགྱུར་རོ་ཞེས་སྟོན་པ་གང་ཡིན་པ་དེ་ནི་ངེས་པའི་དོན་མ་ཡིན་ཏེ། ཅིའི་ཕྱིར་ངེས་པ་མ་ཡིན་ཞེ་ན། སྦྱིན་པས་ལོངས་སྤྱོད་འཐོབ་པར་འགྱུར་རོ་ཞེས་བཤད་པ་ནི་དོན་ངེས་པ་ཡིན་ཡང་ཆོས་འཆད་པ་ལ་ནི་ཟང་ཟིང་གི་སྦྱིན་པ་མེད་པས་ལོངས་སྤྱོད་འཐོབ་པར་འགྱུར་རོ་ཞེས་བསྟན་པ་ནི་ལོངས་
སྤྱོད་ཐོབ་པར་འགྱུར་བ་ཡང་ཆོས་འཆད་པའི་གང་ཟག་གི་རྣམ་པ་སྣ་ཚོགས་ཀྱིས་སྦྱིན་པའི་བསྔགས་པ་བརྗོད་ནས་གཞན་གྱི་སེར་སྣའི་སེམས་བཀྲོལ་བ་དང་། བདག་ཉིད་ཀྱི་སེར་སྣ་ཡང་རབ་ཏུ་སེལ་བས་རྒྱུ་དང་རྐྱེན་དེས་ལོངས་སྤྱོད་ཐོབ་པར་འགྱུར་བ་དེའི་ཕྱིར་ངེས་པ་མ་ཡིན་པ་ཞེས་བྱའོ་ཞེས་འབྱུང་
ངོ་། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཆེན་པོའི་མདོ་ལས་ནི་ཕན་ཚུན་ལྟོས་པ་རྣམ་པ་དགུས་ངེས་པ་དང་། ངེས་པ་མ་ཡིན་པའི་དོན་སྟོན་པར་མཛད་དེ། དང་པོ་ནི་ཇི་ཙམ་དུ་ཚིག་འབྲུ་རྒྱས་པ་གང་ཡིན་པ་དེ་དག་ནི་དྲང་བའི་མདོ་ཞེས་བྱའོ། །ཇི་ཙམ་དུ་དོན་རྒྱས་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་ཞེས་
བྱའོ། །གཉིས་པ་ནི་ལམ་ཡོངས་སུ་བསྟན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །འབྲས་བུ་བསྟན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །གསུམ་པ་ནི་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །དོན་དམ་པའི་བདེན་པ་བསྟན་པ་གང་ཡིན་པ་
เล่ม ๑๑๙ · หน้า 74a
དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །བཞི་པ་ནི་ལས་དང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བསྟན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ལས་དང་ཉོན་མོངས་པ་ཟད་པར་བསྟན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །ལྔ་པ་ནི་ཀུན་ནས་ཉོན་
མོངས་པའི་ཆོས་ལ་སྨོད་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །རྣམ་པར་བྱང་བའི་ཆོས་བསྒྲུབ་པར་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །དྲུག་པ་ནི་འཁོར་བ་ལ་ཡོངས་སུ་སྐྱོ་ཞིང་རྒྱབ་ཀྱིས་ཕྱོགས་པ་དང་མྱ་ངན་ལས་འདས་པ་ལ་མོས་པར་བྱའོ་ཞེས་སྟོན་པ་གང་ཡིན་པ་དེ་
དག་ནི་དྲང་བའི་དོན་ཅེས་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་ཅིང་བྱེ་བྲག་མེད་པར་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །བདུན་པ་ནི་ཚིག་འབྲུ་རྣམ་པ་སྣ་ཚོགས་ཀྱི་བྱེ་བྲག་བསྟན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ཤིན་ཏུ་ཟབ་ཅིང་མཐོང་བར་
དཀའ་བ་དང་རིག་པར་དཀའ་བ་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །བརྒྱད་པ་ནི་ཚིག་འབྲུ་རྒྱ་ཆེར་བཤད་ནས་སེམས་དགའ་བར་བྱེད་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ཚིག་འབྲུ་དང་སེམས་ཐལ་བ་ལྟ་བུར་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །དགུ་
པ་ནི་བདག་དང་སེམས་ཅན་ལ་སོགས་པ་ཡོད་པར་སྟོན་པ་དང་། གཞན་ཡང་ཚོར་བའི་ཕུང་པོ་རྣམ་པ་སྣ་ཚོགས་ཡོད་པར་རྣམ་པར་འཇོག་ལ། སེམས་ཅན་ལ་དབང་བྱེད་པ་མེད་པར་སྟོན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །སྟོང་པ་དང་མཚན་མ་མེད་པ་ལ་སོགས་པ་དང་།
བདག་ཡོད་པ་མ་ཡིན་པ་ལ་སོགས་པ་དང་རྣམ་པར་ཐར་པ་གསུམ་པོ་སྟོན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ་ཞེས་བཤད་དོ། །འདུས་པ་ཆེན་པོའི་མདོ་ལས་ཀྱང་ཕན་ཚུན་ལྟོས་པ་རྣམ་པ་བདུན་གྱིས་སྟོན་པར་མཛད་པ་ཡང་གཉིས་པ་དང་གསུམ་པ་ནི་མི་འབྱུང་སྟེ་རྣམ་གྲངས་གཞན་ཕལ་
ཆེར་ནི་མཐུན་ནོ། །དེ་ལ་བྱེ་བྲག་ཡོད་པ་ཡང་འདུས་པ་ཆེན་པོའི་མདོ་ལས། ངེས་པའི་དོན་མ་ཡིན་པའི་མདོ་ནི་རྗེས་སུ་འབྲང་བའི་ལམ་རྣམ་པར་འབྱེད་པའོ། །ངེས་པའི་དོན་གྱི་མདོ་ནི་འབྲས་བུར་རྣམ་པར་མི་རྟོག་པའོ་ཞེས་བཤད་དོ། །འདི་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་རྒྱུ་
เล่ม ๑๑๙ · หน้า 74b
དང་འབྲས་བུ་ཕན་ཚུན་ལྟོས་པ་ཞེས་བསྟན་པ་ཉིད་དོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ལོ་ཙཱ་བ་དག་གིས་ནོར་བར་བསྒྱུར་ཏེ། གཞན་ཡང་འདུས་པ་ཆེན་པོའི་མདོ་ལས་དྲང་བའི་དོན་གྱི་མདོ་ནི་ཕལ་ཆེར་སེམས་ཅན་རྣམས་ལ་དགེ་སྡིག་གི་མཚན་ཉིད་བསྟན་པས་ཆོས་ཐོས་པ་དེ་དག་སེམས་ལ་སྤྲོ་བ་
དང་། གདུང་བ་སྐྱེད་པར་བྱེད་པ་གང་ཡིན་པའོ། །ངེས་པའི་དོན་གྱི་མདོ་ནི་ཇི་ཙམ་དུ་བཤད་པ་གང་ཡིན་པ་དེས་གདོན་མི་ཟ་བར་ཉན་པ་དག་གིས་སེམས་འདུལ་བ་འཐོབ་པར་འགྱུར་བ་གང་ཡིན་པའོ་ཞེས་འབྱུང་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་བརྒྱད་པ་རྒྱས་པ་དང་།
བསྡུས་པ་ཕན་ཚུན་ལྟོས་པ་བསྟན་པ་ཉིད་དེ་ཚིག་མི་མཐུན་པ་འདྲ་ཡང་དོན་མི་མཐུན་པ་མེད་དོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། ཐལ་བ་ལྟ་བུ་ཞེས་གསུངས་པ་ནི་དུལ་བའི་མདོ་ཉིད་ཡིན་ནོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ནི་ཉན་ཐོས་ཀྱི་ཐེག་པ་
དང་། བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་སོགས་པ་ཕན་ཚུན་ལྟོས་པ་རྣམ་པ་བདུན་གྱིས་ངེས་པ་དང་ངེས་པ་མ་ཡིན་པ་སྟོན་ཏེ། རྒྱ་ཆེར་དེ་ཉིད་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །མདོ་འདི་ཉིད་ལས་ངེས་པ་དང་ངེས་པ་མ་ཡིན་པའི་བསྟན་པ་ཡང་མི་མངོན་པ་དང་། རབ་ཏུ་ཕྱེ་བའི་
རྣམ་པས་ངེས་པ་དང་ངེས་པ་མ་ཡིན་པར་བཤད་པ་མཛད་དོ། །གོང་དུ་བསྟན་པ་བཞིན་དུ་རྣམ་པར་དབྱེ་བར་བྱའོ། །དེ་ལྟར་ན་བསྟན་པ་རྣམས་ལས་ངེས་པ་དང་། ངེས་པ་མ་ཡིན་པའི་དོན་རྣམ་པ་སྣ་ཚོགས་མི་མཐུན་པའི་ཕྱིར་ངེས་པ་དང་ངེས་པ་མ་ཡིན་པའི་ཚིག་གིས་བསྟན་པ་རྣམས་ལ་ཟབ་པ་
དང་ཟབ་པ་མ་ཡིན་པ་ཞེས་བཅད་དུ་མི་རུང་ངོ་། །དེ་ལ་གསུམ་པ་བརྗོད་པར་བྱ་བའི་གཞུང་གིས་དོན་ཟབ་པ་དང་ཟབ་པ་མ་ཡིན་པའི་བྱེ་བྲག་བསྟན་པ་ཡང་། རྒྱ་གར་ཡུལ་པའི་སློབ་དཔོན་དག་གི་བཤད་པ་རྣམ་པ་གཉིས་ཡོད་དེ་དང་པོ་ནི་སློབ་དཔོན་བྷ་བྱ་ལ་སོགས་པས་འདི་སྐད་དུ་ཆོས་ཀྱི་འཁོར་ལོ་
རྣམ་པ་གསུམ་ལས་བདེན་པ་བཞི་ནི་དང་པོ་ཡིན་ནོ། །དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ལ་སོགས་པ་ནི་གཉིས་པ་ཡིན་ཏེ། ཆོས་ཀྱི་མཚན་ཉིད་སྟོན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ནི་གསུམ་པ་ཡིན་ཏེ་དམིགས་སུ་མེད་པ་སྟོན་པའི་ཕྱིར་རོ་ཞེས་བཤད་དེ། དེ་དག་
เล่ม ๑๑๙ · หน้า 75a
གིས་རིགས་པ་དང་ལུང་ཁུངས་སུ་བསྟན་པ་དག་ནི་གོང་དུ་སྟོང་པ་ཉིད་ལེགས་པར་ཟིན་པ་བསྟན་པའི་སྐབས་སུ་བཤད་པ་བཞིན་དུ་རིག་པར་བྱའོ། །ཡུལ་འདི་པའི་སློབ་དཔོན་དག་གི་བཤད་པ་ཡང་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཆོས་ཀྱི་འཁོར་ལོ་རྣམ་པ་
གསུམ་པོ་དག་ནི་ཀུན་བརྟགས་རབ་ཏུ་སེལ་བ་ཙམ་དུ་ཟད་དོ་ཞེའོ། །ཁ་ཅིག་ན་རེ་ངོ་བོ་ཉིད་གསུམ་པོ་དག་ཡོངས་སུ་རྫོགས་པར་སེལ་ཏོ་ཞེས་ཟེར་ཏེ། བསྟན་བཅོས་ལག་ན་རིན་པོ་ཆེ་ལ་སོགས་པ་ལྟ་བུའོ། །གཉིས་པ་ནི་སློབ་དཔོན་ཆོས་སྐྱོང་ལ་སོགས་པའི་གཞུང་གིས། ཀུན་བརྟགས་
བསལ་བ་ཙམ་དུ་ཟད་ཀྱི། ངོ་བོ་ཉིད་གཉིས་བསལ་བ་ནི་མ་ཡིན་པའོ་ཞེས་སྟོན་ཏོ། །དེ་དག་གི་གཞུང་ཉིད་ལས་ཀྱང་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་སྡེ་སྣོད་གསུམ་པ་ཡང་དག་བདེན་པ་ན་རེ་ངོ་བོ་ཉིད་རྣམ་པ་གསུམ་ཡོངས་སུ་རྫོགས་པར་བསལ་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་
རྣམ་པར་གཞག་པ་ཡིན་པས་གོ་རིམས་བཞིན་དུ་རྣམ་པར་གཞག་པ་དང་རྣམ་པར་གཞག་པ་མ་ཡིན་པ་བསྟན་པར་རིག་པར་བྱའོ་ཞེའོ། །གཉིས་པ་ནི་སྡེ་སྣོད་གསུམ་པ་ཧྱན་ཙང་ན་རེ། ངོ་བོ་ཉིད་རྣམ་པ་གསུམ་ལས་ཀུན་བརྟགས་བསལ་བར་ཟད་ཀྱི། ངོ་བོ་ཉིད་གཉིས་ནི་མ་ཡིན་ནོ་ཞེས་ཟེར་ཏེ།
གོང་དུ་སྟོང་པ་ཉིད་ལེགས་པར་ཟིན་པར་བཤད་པའི་སྐབས་སུ་བསྟན་པ་ཡིན་ནོ། །དེ་དག་གིས་བརྗོད་པ་ལ་ཟབ་པ་དང་ཟབ་པ་མ་ཡིན་པ་ཡོད་པ་ཡང་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་ལ་ཡང་དོན་རྣམ་པ་གཉིས་ཡོད་དེ། མངོན་པར་འདུ་བྱས་པ་དང་བཅས་པ་དང་། མངོན་
པར་འདུ་བྱས་པ་མེད་པའོ། །དེ་ནི་དངོས་པོ་ཡོད་པ་དང་རྣམ་པར་འགྱུར་བའི་བདེན་པ་བཞི་སྟེ། ཆོས་ཀྱི་འཁོར་ལོ་དང་པོར་བསྐོར་བ་ནི་དང་པོ་ལ་དགོངས་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་གཉིས་པ་ནི་ཀུན་བརྟགས་པ་བསལ་བ་ཁོ་ནའོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་
པ་གསུམ་ཡོངས་སུ་རྫོགས་པར་སྟོན་ཏོ། །དེ་ལ་ཆོས་ཀྱི་འཁོར་ལོ་གཉིས་པ་དང་གསུམ་པས་མཚན་ཉིད་མེད་པར་སྟོན་པ་ཡང་དོན་ལ་ནི་ཟབ་པ་དང་ཟབ་པ་མ་ཡིན་པ་ཞེས་བྱ་བ་མེད་དོ་ཞེས་བཤད་དེ། བཤད་པ་འདི་དང་སྦྱར་ན་གཉིས་ཀ་ཡང་ངེས་པའི་དོན་ཡིན་ནོ། །འདིར་གསུམ་པ་
เล่ม ๑๑๙ · หน้า 75b
ལ་ངེས་པའི་དོན་ཅེས་བསྟན་པ་ནི་ངོ་བོ་ཉིད་རྣམ་པ་གསུམ་ལ་སོགས་པ་ཚང་བར་བསྟན་པའི་ཕྱིར་རོ། །ཡང་དག་པའི་དོན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཀྱང་ངེས་པའི་དོན་ཡིན་མོད་ཀྱི་ཕལ་ཆེ་བའི་དབང་དུ་མཛད་པས་དེའི་ཕྱིར་ངེས་པ་མ་ཡིན་པ་ཞེས་བསྟན་ཏེ། དེའི་ཕྱིར་ངོ་བོ་ཉིད་མེད་
ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཇི་སྐད་དུ། བྱམས་པ་ཇི་སྙམ་དུ་སེམས། ཀུན་བརྟགས་རྣམས་ལས་ཡང་དག་པར་ཡོད་པ་མ་ཡིན་པ་ངོ་བོ་ཉིད་གང་ཡིན་པ་དེ་ཅི་གཟུགས་ཅན་ནམ། གཟུགས་ཅན་མ་
ཡིན་པ་ཞིག་ཡིན་ནམ། བཅོམ་ལྡན་འདས་མ་ལགས་སོ། །གཞན་གྱི་དབང་རྣམས་མིང་དང་འདུ་ཤེས་ཀྱིས་བརྡ་དང་ཐ་སྙད་བརྗོད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཅི་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཞིག་ཡིན་ནམ། བཅོམ་ལྡན་འདས་མ་ལགས་སོ། །ཡོངས་སུ་གྲུབ་པ་
རྣམས་ལས་སྟོང་པ་ཉིད་དང་བདག་མེད་པ་གང་ཡིན་པ་དེ་ཅི་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཞིག་ཡིན་ནམ། བཅོམ་ལྡན་འདས་མ་ལགས་སོ། །བྱམས་པ་རྣམ་གྲངས་དེས་ནི་འདི་ལྟར་ཤེས་པར་བྱ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་རྣམས་ནི་གདོན་མི་ཟ་བར་ཡོད་པ་མ་ཡིན་
པའོ། །གཞན་གྱི་དབང་གི་ངོ་བོ་ཉིད་རྣམས་ནི་མིང་དང་འདུ་ཤེས་ཀྱིས་བརྡ་དང་ཐ་སྙད་དུ་ཡོད་པ་ཁོ་ནའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྣམས་ནི་སྟོང་པ་དང་བདག་མེད་པའི་ངོ་བོ་ཉིད་དུ་ཡོངས་སུ་རྫོགས་པར་ཡང་དག་པ་ཉིད་དུ་ཡོད་དེ། ངས་དེ་ལ་དགོངས་པའི་ཕྱིར་དགོངས་པས་དེ་དག་ལ་གྲངས་
གཉིས་མེད་དོ་ཞེས་བཤད་དེ། འདི་ལྟ་སྟེ། གཟུགས་ལ་སོགས་པའོ་ཞེས་གསུངས་པ་ལྟ་བུའོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁུངས་སུ་བཞག་ནས་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ཀུན་ལ་ཡང་ངོ་བོ་ཉིད་རྣམ་པ་གསུམ་ཡོད་པར་སྟོན་ཏེ། རྒྱ་
ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གཉིས་ཡོད་དོ། ཟབ་པ་དང་ཟབ་པ་མ་ཡིན་པའོ། །དེ་ལ་ཟབ་པ་ནི་ངེས་པའི་དོན་ཏོ། །ཟབ་པ་མ་ཡིན་པ་ནི་དྲང་བའི་དོན་ཏེ་དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གཞན་ཡང་ཆོས་
เล่ม ๑๑๙ · หน้า 76a
ཇི་ལྟ་བུ་ཞིག་གིས་ཤིན་ཏུ་ཟབ་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་པར་ཅན་དུ་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་དགའ་བོ་ལ་ཡོངས་སུ་གཏད་པར་མཛད་ལ། མདོ་སྡེ་གཞན་དག་ནི་བྱང་ཆུབ་སེམས་དཔའ་དག་ལ་གཏད་པར་མཛད་ཅེ་ན། སྨྲས་པ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་གསང་བའི་ཆོས་མ་ཡིན་ལ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལ་སོགས་པ་དག་ལས། དགྲ་བཅོམ་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ལུང་སྟོན་པས། བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་འཛིན་ཏོ། །གཞན་ཡང་བཅོམ་ལྡན་
འདས་ཀྱིས་བསམ་གྱིས་མི་ཁྱབ་པ་རྣམ་པར་ཐར་པའི་མདོ་ལས་ཇི་སྐད་དུ། དགྲ་བཅོམ་པ་ལྔ་བརྒྱ་པོ་དག་བཅོམ་ལྡན་འདས་ཀྱི་ཞམ་འབྲིང་ན་འདུག་ཀྱང་ཐོས་པར་མ་གྱུར་ཏེ། །གལ་ཏེ་ཐོས་པར་གྱུར་ན་ཡང་ཡོངས་སུ་སྤྱོད་པར་མི་ནུས་སོ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཡིན་ཏེ། ཉན་ཐོས་དང་ཐུན་མོང་དུ་གསུངས་པ་དང་གནས་པ་བཅུ་ལས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཁོ་ན་ལ་གསུངས་པས་ས་དགུ་པ་དག་གིས་ཀྱང་ཐོས་པར་བྱ་བ་མ་ཡིན་ན་གསར་དུ་སེམས་བསྐྱེད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་
པའོ། ས་དང་པོ་ཡན་ཆད་ཀྱིས་ཐོས་ན་ཡང་སོ་སོ་ནས་མི་མཐུན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱིའི་མཚན་ཉིད་གཅིག་ཁོ་ན་ཡིན་ཡང་། ཟབ་པ་དང་། ཟབ་པ་མ་ཡིན་པ་ནི་ཐ་དད་དོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །དེས་ན་ཤེས་རབ་གཞན་ས་དགུ་པ་མན་ཆད་
ས་དང་པོ་ཡན་ཆད་ཀྱིས་ཐོས་ན་ཡང་སོ་སོ་ནས་མི་མཐུན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱིའི་མཚན་ཉིད་གཅིག་ཁོ་ན་ཡིན་ཡང་། ཟབ་པ་དང་། ཟབ་པ་མ་ཡིན་པ་ནི་ཐ་དད་དོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ངེས་པ་དང་
བཅས་པ་མ་ཡིན་པའི་དོན་ཡོད་པར་རིག་པར་བྱའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སྟོན་ཏེ། མངས་སུ་དོགས་ནས་འདིར་མ་བརྗོད་དོ།། །།བམ་པོ་སུམ་ཅུ་བཞི་པ། བཅོམ་ལྡན་
เล่ม ๑๑๙ · หน้า 76b
འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་གསུངས་
པ་ཤིན་ཏུ་ཟབ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བསོད་ནམས་ཀྱི་ཁྱད་པར་ཡང་དག་པར་ཞུས་པའོ། །འདི་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་དང་། དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པའོ། །དང་པོ་ཡང་རྣམ་པ་
གཉིས་ཏེ། གང་ཟག་ལས་བརྩམས་ནས་ཞུས་པ་སྨོས་པ་དང་། ཐོས་ནས་མོས་པར་བགྱིད་པ་ཞེས་བྱ་བ་མན་ཆད་ཀྱིས་ཆོས་སྤྱོད་རྣམ་པ་བཅུ་བསྐྱེད་པས་བསོད་ནམས་མང་ཉུང་ཇི་ཙམ་སྐྱེ་བར་འགྱུར་བ་ཉིད་ཡང་དག་པར་ཞུ་བའོ། །འདི་ནི་དང་པོ་སྟེ་གོང་དུ་བསྟན་པ་ལྟ་བུའི་ངོ་བོ་ཉིད་མེད་པ་
ཉིད་ཀྱི་ཚིག་རབ་ཏུ་སྟོན་པའི་ཕྱིར་ཤིན་ཏུ་ཟབ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཐོས་ནས་མོས་པར་བགྱིད་པ་དང་། ཡི་གེར་འདྲིར་སྩོལ་བ་དང་། ཡོངས་སུ་བསྲུང་བ་དང་། མཆོད་པ་དང་། ཡང་དག་པར་འགྲེལ་པ་དང་། འཆང་
བ་དང་། ཀློག་པ་དང་། ཁ་དོན་བགྱིད་པ་དང་། ཚུལ་བཞིན་དུ་སེམས་པ་དང་། བསྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པས་དེ་བསོད་ནམས་ཇི་ཙམ་བསྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནི་གཉིས་པ་ཆོས་སྤྱོད་རྣམ་པ་བཅུ་བསྐྱེད་པས་བསོད་ནམས་མང་ཉུང་ཇི་
ཙམ་བསྐྱེད་པར་འགྱུར་བ་ཉིད་ཡང་དག་པར་ཞུས་པ་སྟེ། ཆོས་སྤྱོད་རྣམ་པ་བཅུ་པོ་འདི་དག་ནི་སྔར་གོང་དུ་བཤད་པ་བཞིན་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས་
རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད། གྲངས་མེད་པ་བསྐྱེད་པ། དཔེར་བྱ་བ་སླ་བ་མ་ཡིན་ཡང་ངས་དེང་འདིར་ཁྱོད་ལ་མདོར་བསྡུས་ནས་ཕྱོགས་ཅུང་ཟད་ཅིག་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་
เล่ม ๑๑๙ · หน้า 77a
དག་པར་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མཆོག་གི་བསྔགས་པ་བརྗོད་ནས་བཤད་པར་གནང་བ་དང་། ཞུས་པ་བཞིན་དུ་ལན་ཡང་དག་པར་གསུངས་པའོ། །འདི་ནི་དང་པོ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དཔེར་ན་སེན་མོ་
ལ་གནས་པའི་སའི་རྡུལ་གང་ཡིན་པ་དེ་ནི་ས་ལ་གནས་པའི་རྡུལ་རྣམས་དང་བསྐྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་
པ་དེ་བཞིན་གཤེགས་པས་ལན་ཡང་དག་པར་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དཔེ་རྣམ་པ་གཉིས་སྨོས་ནས། ཤིན་ཏུ་ཟབ་པའི་ཁྱད་པར་བསྟན་པ་དང་། དེ་བཞིན་དུ་ཞེས་བྱ་བ་མན་ཆད་ཀྱིས་དཔེ་དང་དོན་དུ་སྦྱར་ནས་བསོད་ནམས་ཀྱི་ཁྱད་པར་བསྟན་ཏོ། །དང་པོ་དཔེ་བསྟན་པ་ཡང་
རྣམ་པ་གཉིས་སུ་དབྱེ་སྟེ། སེན་མོའི་སའི་དཔེ་དང་བ་ལང་གི་རྗེས་ཀྱི་དཔེའོ། །མདོ་འདི་ལས་ནི་ཆ་རྣམ་པ་བརྒྱད་ཀྱིས་བསོད་ནམས་ཀྱི་ཁྱད་པར་སྟོན་པར་མཛད་དེ། བརྒྱའི་ཆ་དང་། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་ཀྱི་ཆ་དང་། རྩིས་ཀྱི་ཆ་དང་། བགྲང་བ་དང་།
དཔེའི་ཆ་དང་། རྒྱུའི་ཆའོ། །མཆོག་ཏུ་ཟླ་མེད་པའི་མདོ་དང་། ངོ་མཚར་རྨད་དུ་བྱུང་བའི་མདོ་ལས་ཀྱང་ཆ་རྣམ་པ་བརྒྱད་ཀྱིས་སྟོན་ཏེ། མདོ་འདི་དང་མཐུན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་གྲངས་འདི་དང་མཐུན་པར་འབྱུང་ཡང་ཆ་ཕྱི་མ་ལྔ་པོ་གྲངས་དང་ཆ་དང་
བགྲང་བ་དང་དཔེ་དང་རྒྱུ་ཞེས་བྱ་བ་དང་། རྒྱ་གར་སྐད་དུ་འབྱུང་སྟེ། དེ་དག་ལས་སྔ་མ་བཞི་ནི་གསུང་རབ་ལས་བསྟན་པ་དག་དང་སྦྱར་ན་གོ་རིམས་བཞིན་དུ་གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་སྦྱར་བར་བཤད་དེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་
པའི་འགྲེལ་པ་ལས་ཀྱང་གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་སྦྱར་བར་བཤད་དོ། །འཕགས་པ་རྡོ་རྗེ་གཅོད་པ་དང་འཁོར་ལོ་བཅུ་པའི་མདོ་ལས་ནི་ཆ་རྣམ་པ་བཅུ་བསྟན་ཏོ། །བརྒྱ་སྟོང་གི་འོག་ཏུ་ཡང་བྱེ་བ་དང་། ཁྲག་ཁྲིག་གི་ཆས་བསྣན་ནའོ། །འཕགས་པ་ཤེས་རབ་ཀྱི་ཕ་
เล่ม ๑๑๙ · หน้า 77b
རོལ་ཏུ་ཕྱིན་པའི་མདོ་ལས་ནི་ཆ་རྣམ་པ་བཅུ་གསུམ་འབྱུང་བས་བརྒྱ་སྟོང་གི་འོག་ཏུ་ཡང་ཆ་རྣམ་པ་ལྔ་བསྣན་པ་འདི་ལྟ་སྟེ། བྱེ་བའི་ཆ་དང་བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་བྱེ་བ་ཁྲག་ཁྲིག་གི་ཆའོ། །དེ་ལ་ཆ་རྣམས་ཀྱི་བྱེ་བྲག་བཤད་པ་ཡང་སློབ་དཔོན་ཡང་དག་བདེན་
པས་བསྒྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་མདོ་ལས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་དང་ཁྲི་དང་འབུམ་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །བགྲང་བ་དང་གྲངས་སུ་ཡང་ཉེ་བར་མི་འགྲོ་བ་ནས་མཐུ་སྟོབས་དང་རྣམ་པ་དང་རྗེས་སུ་མཐུན་པ་དང་། དཔེའི་བར་དུ་ཉེ་བར་མི་འགྲོའོ་
ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པས་བཤད་པའི་འགྲེལ་པ་ལས་དོན་རྣམ་པ་ལྔ་སྨོས་ནས་འདི་ཁྱད་པར་དུ་འཕགས་ཤིང་། དེ་དམན་པ་ཡིན་པར་རབ་ཏུ་བསྟན་པ་ཡིན་ཏེ། གྲངས་ཀྱི་ཚད་ལས་བརྩམས་པའི་ཕྱིར་ཁྱད་པར་དུ་འཕགས་པ་དང་མཐུ་སྟོབས་ལས་བརྩམས་པའི་ཕྱིར་
ཁྱད་པར་དུ་འཕགས་པ་དང་རྣམ་པ་ལས་བརྩམས་པའི་ཕྱིར་ཁྱད་པར་དུ་འཕགས་པ་དང་རྗེས་སུ་མཐུན་པ་ལས་བརྩམས་པའི་ཕྱིར་ཁྱད་པར་དུ་འཕགས་པ་དང་དཔེ་ལས་བརྩམས་པའི་ཕྱིར་ཁྱད་པར་དུ་འཕགས་པའོ། །དེ་ལ་གྲངས་ཀྱི་ཚད་ཅེས་བྱ་བ་ནི་གྲངས་ཀྱི་ཚད་ཀྱི་མཐར་གཏུགས་ཀྱང་ཉེ་བར་མི་འགྲོ་
སྟེ། མདོ་ལས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ཞེས་བྱ་བ་ནས། གྲངས་སུ་ཡང་ཉེ་བར་མི་འགྲོའོ་ཞེས་གསུངས་པའི་བར་དག་གོ། །མཐུ་སྟོབས་ཞེས་བྱ་བ་ནི་འདི་ལྟ་སྟེ། ཇི་ལྟར་འདོད་པ་བཞིན་དུ་ཐེག་པ་གསུམ་གྱི་འབྲས་བུ་ཁྱད་པར་དུ་འཕགས་པ་ཐོས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་
ཆེ་ཁྱད་པར་དུ་འཕགས་པ་མངོན་པར་འགྲུབ་པ་སྟེ། བརྡར་བཏགས་པའི་འཇིག་རྟེན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རི་རབ་རིའི་རྒྱལ་པོ་ཙམ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བ་ལ་ཡང་ཐེག་པ་གསུམ་གྱི་འབྲས་བུ་འཐོབ་པའི་མཐུ་སྟོབས་འདི་ལྟ་བུ་མེད་པའི་ཕྱིར་རོ། །
རྣམ་པས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ལ་རྣམ་པ་ནི་རྣམ་པ་ལྔ་སྟེ། སྡེ་སྣོད་ལྔའི་དོན་ཉིད་དེ་དེ་བཞིན་གཤེགས་པ་དང་། ཡང་དག་པའི་ཆོས་དང་། ཆོས་ཀྱི་སྐུ་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། རང་བཞིན་རྣམ་པར་དག་པའོ། །སྡེ་སྣོད་ལྔའི་དོན་ཉིད་ནི་རྣམ་པའི་དོན་ཡིན་ཏེ། དེ་
เล่ม ๑๑๙ · หน้า 78a
བཞིན་ཉིད་ཀྱི་རྣམ་པ་གཅིག་ལ་སྡེ་སྣོད་ལྔའི་དོན་ཡོད་པས། དང་པོས་ནི་ངོ་བོ་ཉིད་བདག་ཉིད་བསྟན་ཏོ། །གཉིས་པས་ནི་རྒྱུ་རབ་ཏུ་བསྟན་ཏོ། །གསུམ་པས་ནི་འབྲས་བུ་བསྟན་ཏོ། །བཞི་པས་ནི་ཡོན་ཏན་བསྟན་ཏོ། །ལྔ་པས་ནི་ཐུན་མོང་མ་ཡིན་པ་བསྟན་ཏེ།
རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ནས་བརྙེས་པར་བྱ་བ་ཡིན་པའི་ཕྱིར་རོ། །ལྔ་པོ་འདི་ལྟ་བུ་དག་ནི་རྣམ་པའི་དོན་ཡིན་ལ་ཟང་ཟིང་གི་སྦྱིན་པའི་བསོད་ནམས་དེ་དག་ལ་དོན་ལྔ་པོ་འདི་ལྟ་བུའི་རྣམ་པ་མེད་པས་དེའི་ཕྱིར་ཉེ་བར་མི་འགྲོའོ། །དེ་ལ་རྗེས་སུ་མཐུན་པ་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུ་
རྗེས་སུ་མཐུན་པར་གྱུར་པ་བསྟན་ཏེ། འདི་ལྟར་ཐེག་པ་ཆེན་པོ་ལ་མོས་པ་གང་ཡིན་པ་དེས་ནི་དེ་བཞིན་ཉིད་རྟོགས་པར་འགྱུར་ལ། སྦྱིན་པ་བཏང་བའི་བསོད་ནམས་ཀྱི་དེ་བཞིན་ཉིད་དང་། རྗེས་སུ་མཐུན་པར་མི་འགྱུར་བས་རྗེས་སུ་མཐུན་པ་དེ་ལྟ་བུ་མེད་པའི་ཕྱིར་ཉེ་བར་མི་འགྲོའོ། །དེ་ལ་
དཔེ་ཞེས་བྱ་བ་ནི་དེ་བཞིན་ཉིད་འདི་ཉིད་ཆོས་ཀྱི་དམ་པ་ཡིན་ཏེ། ཆོས་གཞན་འདི་དང་མཚུངས་པ་གང་ཡང་མེད་པའི་ཕྱིར་དཔེར་བྱར་རུང་བ་མེད་དོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །བོ་དེ་ལེའུ་ཆིས་བསྒྱུར་བའི་རྡོ་རྗེ་གཅོད་པ་ལས་ནི་བརྒྱའི་ཆར་ཡང་མི་ཕོད་དོ། །སྟོང་གི་ཆར་
ཡང་མི་ཕོད་དོ། །བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ། །གྲངས་ཀྱི་ཆར་ཡང་མི་ཕོད་དོ། །རྒྱུའི་ཆར་ཡང་མི་ཕོད་པ་ནས་བགྲང་བ་དང་། དཔེའི་བར་དུ་ཡང་མི་བཟོད་དོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་མཛད་པ་
ལས་ནི་ཁྱད་པར་དུ་འཕགས་པ་རྣམ་པ་བཞི་ལས་བརྩམས་ནས་མཆོག་དང་དམན་པའི་ཁྱད་པར་བསྟན་ཏེ། དེའི་ཕྱིར་ཚིག་ལེའུར་བྱས་པ་ལས། གྲངས་དང་མཐུ་དང་མཚུངས་མེད་འཕགས་པ་དང་། །མཚུངས་པ་མེད་པའི་རྒྱུ་ཡང་དེ་བཞིན་ཏེ། །འཇིག་རྟེན་པ་ཡི་ཆོས་ནི་ཐམས་
ཅད་ཀྱིས། །དཔེར་བྱར་རུང་བ་དག་ནི་རྙེད་མི་འགྱུར། །ཞེས་འབྱུང་ངོ་། །འདི་ཉིད་ཀྱི་འགྲེལ་པ་ལས་འདིས་ནི་དོན་ཅི་ཞིག་སྟོན་ཅེ་ན། བསོད་ནམས་སྔ་མ་བས་བསོད་ནམས་འདི་ཁྱད་པར་དུ་འཕགས་པར་སྟོན་ཏོ། །ཇི་ལྟར་འཕགས་ཤེ་ན། གྲངས་ཀྱིས་ཁྱད་པར་དུ་
เล่ม ๑๑๙ · หน้า 78b
འཕགས་པ་དང་མཐུས་ཁྱད་པར་དུ་འཕགས་པ་དང་། མཚུངས་པ་མེད་པས་ཁྱད་པར་དུ་འཕགས་པ་དང་། རྒྱུས་ཁྱད་པར་དུ་འཕགས་པ་སྟེ། དེའི་ཕྱིར་ཚིག་ལེའུར་བྱས་པ་ལས། འཇིག་རྟེན་པ་ཡི་ཆོས་ནི་ཐམས་ཅད་ཀྱིས། །དཔེར་བྱར་རུང་བ་དག་ནི་རྙེད་མི་འགྱུར། །ཞེས་བསྟན་པ་
ཡིན་ནོ། །དེ་ལ་གྲངས་ཀྱིས་ཁྱད་པར་དུ་འཕགས་པ་ནི། མདོ་ལས་བརྒྱའི་ཆར་ཡང་མི་ཕོད་པ་ནས་བགྲང་བ་དང་། དཔེའི་བར་དུ་ཡང་མི་བཟོད་པའོ་ཞེས་གསུངས་པ་སྟེ། གྲངས་ཀྱི་ཚད་མེད་པའི་ཕྱིར་དེ་ལས་གཞན་པའི་གྲངས་རྣམས་ཀྱང་བརྗོད་པར་རིག་པར་བྱའོ། །མཐུས་ཁྱད་པར་དུ་
འཕགས་པ་ནི་མདོ་ལས་ཆར་ཡང་མི་ཕོད་དོ་ཞེས་གསུངས་པའི་ཕྱིར་རོ། །མཚུངས་པ་མེད་པས་ཁྱད་པར་དུ་འཕགས་པ་ནི་བསོད་ནམས་འདི་གྲངས་སུ་དེ་མི་བགྲང་བའི་ཕྱིར་ཏེ་མདོ་ལས་བགྲང་བར་ཡང་མི་ཕོད་དོ་ཞེས་གསུངས་པའི་ཕྱིར་རོ། །རྒྱུས་ཁྱད་པར་དུ་འཕགས་པ་ནི་རྒྱུ་དང་འབྲས་བུའི་ཚུལ་
ཙམ་གྱིས་མཚུངས་པ་ཡང་མེད་དེ། འདིའི་རྒྱུ་དང་འབྲས་བུ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མདོ་ལས་རྒྱུའི་བར་དུ་མི་བཟོད་དོ་ཞེས་གསུངས་པ་ཡིན་ཏེ། ཆོས་འདི་དག་གིས་ཁྱད་པར་དུ་འཕགས་ཤིང་འཇིག་རྟེན་ན་ཆོས་གང་གིས་འདིའི་དཔེར་བྱར་རུང་བ་མེད་པའི་ཕྱིར་ཚིག་ལེའུར་བྱས་པ་ལས།
འཇིག་རྟེན་པ་ཡི་ཆོས་ནི་ཐམས་ཅད་ཀྱིས། །དཔེར་བྱར་རུང་བ་དག་ནི་རྙེད་མི་འགྱུར། །ཞེས་བསྟན་ཏེ། དེ་ལྟར་ན་འདིའི་བསོད་ནམས་ལ་ལྟོས་ན་དེའི་བསོད་ནམས་ཤིན་ཏུ་ཆུང་བས་དེའི་ཕྱིར་ཆོས་གང་ཡང་དེའི་དཔེར་རུང་བ་མེད་དོ་ཞེས་འབྱུང་ངོ་། །སློབ་དཔོན་རྡོ་རྗེ་དྲང་སྲོང་གི་འགྲེལ་པ་ལས་བརྒྱའི་
ཆར་ཡང་མི་ཕོད་དོ་ཞེས་བྱ་བ་ལ་སོགས་པ་ནི་གྲངས་ཁྱད་པར་དུ་འཕགས་པ་སྟེ། འདིས་ནི་ཟག་པ་དང་བཅས་པའི་བསོད་ནམས་ནི་ཟད་པའི་ཆོས་ཅན་ཡིན་པས་དེའི་ཕྱིར་ཚད་ཡོད་པ་ཡིན་ལ་ཟག་པ་མེད་པའི་དག་པའི་ཆོས་ནི་ཟད་པ་མེད་པའི་ཆོས་ཡིན་ཏེ། གྲངས་ཀྱི་ཚད་ཀྱང་མེད་པས་ཁྱད་པར་དུ་
འཕགས་པ་ཡིན་ནོ་ཞེས་བསྟན་ཏོ། །ཆར་ཡང་མི་ཕོད་ཅེས་བྱ་བ་ནི་མཐུས་ཁྱད་པར་དུ་འཕགས་པ་སྟེ། འདི་ལྟར་ཟག་པ་མེད་པའི་དགེ་བའི་ཆོས་ཀྱི་བསོད་ནམས་ཀྱི་སྟོབས་ནི་ཟག་པ་དང་བཅས་པའི་དགེ་བའི་ཆོས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མཐུས་ཁྱད་པར་དུ་འཕགས་པ་ཞེས་བྱའོ། །
เล่ม ๑๑๙ · หน้า 79a
བགྲང་བའི་ཆར་ཡང་མི་ཕོད་ཅེས་བྱ་བ་ནི་མཚུངས་པ་མེད་པས་ཁྱད་པར་དུ་འཕགས་པ་སྟེ། བགྲང་བ་དེ་གོང་ནས་གོང་དུ་ཤིན་ཏུ་ཕྲ་ཞིང་ཐ་མར་ཅུང་ཟད་ཅིག་ཡོད་པའི་ཆར་ཡང་མི་ཕོད་པས་ན། དེའི་ཕྱིར་མཚུངས་པ་མེད་པས་ཁྱད་པར་དུ་འཕགས་པ་ཞེས་བྱ་སྟེ།
འདིས་ནི་ཟག་པ་མེད་པའི་དགེ་བའི་ཆོས་དེ་གལ་ཏེ་གཟུགས་ཅན་ཞིག་ཡིན་ན་ནི་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཤོང་བར་མི་འགྱུར་ཏེ། འདི་ལྟར་ཟག་པ་དང་བཅས་པ་ནི་ཟད་པའི་ཆོས་ཅན་གཟུགས་ཅན་ཡིན་ལ། འདུས་མ་བྱས་ནི་ཟག་པ་མེད་པའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། ཅི་སྟེ་
མཚུངས་པ་མ་ཡིན་པ་ཐ་ན་ཏིལ་འབྲུ་གཅིག་ཆ་ཁྲི་ཕྲག་དུ་མ་ཙམ་དུ་གསེས་པ་ཙམ་ཡོད་ན་ཡང་རི་རབ་ལ་སྒྲིབ་པས་ལུས་ཆུད་ཟོས་པ་དག་གིས་ཕན་ཚུན་བསྒྲུན་དུ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བ་ནི་རྒྱུས་ཁྱད་པར་དུ་འཕགས་པ་སྟེ་རྒྱུ་དང་འབྲས་བུ་མི་མཚུངས་པར་
སྟོན་ཏོ། །རིན་པོ་ཆེ་དང་ཟག་པ་དང་བཅས་པའི་དགེ་བ་དག་ནི་ཁམས་གསུམ་གྱི་རྣམ་པར་སྨིན་པ་ཐོབ་པས་རྒྱུ་དང་འབྲས་བུ་གཉིས་ཀ་དམན་པ་ཡིན་ལ། ཟག་པ་མེད་པའི་དགེ་བས་ནི་མཐར་འབྲས་བུ་སངས་རྒྱས་སུ་འགྲུབ་པར་འགྱུར་བས་རྒྱུ་དང་འབྲས་བུ་གཉི་ག་ཁྱད་པར་དུ་འཕགས་པའི་ཕྱིར་རྒྱུ་
དང་འབྲས་བུ་མི་མཚུངས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །མདོ་འདི་ལས་གསུངས་པའི་ཆ་སྔ་མ་གསུམ་ནི་མིང་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ལ་གྲངས་ཀྱི་ཆ་ཞེས་བྱ་བ་ནི་ས་བཅུའི་མདོ་སྡེའི་འགྲེལ་པ་ལས་དེ་ལ་གྲངས་ཞེས་བྱ་བ་ནི་གཅིག་ཕྲག་གཉིས་ལ་གཉིས་སོ། །གཉིས་ཕྲག་གཉིས་ལ་
བཞིའོ་ཞེས་བྱ་བ་ལ་སོགས་པའོ་ཞེས་བཤད་དོ། །སློབ་དཔོན་ཡོན་ཏན་བྱིན་གྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་མདོའི་འགྲེལ་པ་བྱས་པ་ལས་དེ་ལ་གྲངས་ཞེས་བྱ་བ་ནི་གནས་སྐབས་དྲུག་པོ་དག་སྟེ། དེ་ལས་འདས་པ་ཕན་ཆད་ནི་བགྲང་བར་མི་ནུས་སོ་ཞེས་འབྱུང་སྟེ།
མཛོད་ཀྱི་བསྟན་བཅོས་ལས་ནི་གྲངས་ཕྲ་བ་ནས་བརྩེགས་པའི་འགྲེས་དྲུག་ཅུ་སྟོན་ཏོ། །སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ནི་འགྲེས་བརྒྱ་ཉི་ཤུ་འབྱུང་ངོ་། །འདིར་ནི་རེ་ཞིག་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་སྦྱར་བའི་ཕྱིར་དྲུག་ཅུ་ཞེས་བསྟན་ཏོ། །རྡོ་རྗེ་དྲང་སྲོང་གི་འགྲེལ་པ་དང་སྦྱར་ན་དེ་ལས་
เล่ม ๑๑๙ · หน้า 79b
ཆ་སྔ་མ་ལྔ་ནི་ཀུན་ཀྱང་གྲངས་ཀྱི་ཆ་ཞེས་བྱའོ་ཞེས་བསྟན་ཏེ། དེའི་ཕྱིར་དེ་ཉིད་ལས་བརྒྱའི་ཆར་ཡང་མི་ཕོད་དོ་ཞེས་བྱ་བ་ལ་སོགས་པས་ནི་གྲངས་ཁྱད་པར་དུ་འཕགས་པའོ་ཞེས་བཤད་པ་ཡིན་ནོ། །དེ་ལ་བགྲང་བའི་ཆ་ཞེས་བྱ་བ་ནི་འཕགས་པ་ས་བཅུའི་མདོའི་འགྲེལ་པ་ལས། བགྲང་བ་ཞེས་བྱ་བ་ནི་
གཅིག་ནས་བརྩེགས་པ་དང་བཅུ་ལས་བསྐྱེད་པ་ལ་སོགས་པའོ་ཞེས་བཤད་དོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། གྲངས་ཞེས་བྱ་བའི་ཆོས་ཅི་ཡིན་ཞེ་ན། སྨྲས་པ་ཚུལ་བཞིན་དུ་འགྱུར་བའི་ཡིད་ཀྱི་ལས་དང་དེའི་རྟེན་དུ་གྱུར་པ་ཐབས་མཁས་པའི་ཤེས་པ་རྣམས་སོ། །འདིར་གྲངས་
ཞེས་བྱ་བ་ཡང་བགྲང་བར་བྱ་བ་འབྲས་དང་། ཏིལ་ལ་སོགས་པའི་དངོས་པོའི་གྲངས་བརྒྱ་སྟོང་ལ་སོགས་པ་ལ་བྱ་བ་མ་ཡིན་གྱི་ཇི་ཙམ་དུ་བགྲང་བར་ནུས་པའི་ཆོས་ལ་བྱ་བས་དེ་གྲངས་ཞེས་བཤད་དོ་ཞེས་བྱ་བ་ནས་འདི་ལྟར་ཕུང་པོ་བཞི་ནི་གྲངས་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་བར་དུ་བསྟན་ཏོ། །
གཞན་ཡང་དེ་ཉིད་ལས་བགྲང་བ་ཞེས་བྱ་བའི་ཆོས་ཅི་ཡིན་ཞེ་ན། སྨྲས་པ་ཚུལ་བཞིན་དུ་རྣམ་པར་འགྱུར་བའི་དག་གི་ལས་དང་། དེའི་རྟེན་དུ་གྱུར་པ་ཐབས་མཁས་པའི་ཤེས་པ་རྣམས་སོ། །འདིར་བགྲང་བ་ཞེས་བྱ་བ་ཡང་བགྲང་བའི་གྲངས་གཅིག་དང་། བཅུ་དང་། བརྒྱ་དང་། སྟོང་དང་།
ཁྲི་དང་། འབུམ་ལ་སོགས་པའི་ཆོས་ལ་བྱ་བ་མ་ཡིན་གྱི་ཇི་ཙམ་དུ་བགྲང་བར་ནུས་པའི་ཆོས་ལ་བྱ་བས་བགྲང་བར་ནུས་པའི་ཆོས་དེ་ལ་དེའི་ཕྱིར་བགྲང་བ་ཞེས་བཤད་དོ་ཞེས་བྱ་བ་ནས། འདི་ལྟར་ཕུང་པོ་ལྔ་ནི་བགྲང་བའི་ངོ་བོ་ཉིད་དོ་ཞེས་བྱ་བའི་བར་དུ་བསྟན་ཏོ། །བཤད་པ་འདི་དང་སྦྱར་ན་གྲངས་དང་
བགྲང་བར་ནུས་པའི་ཐབས་མཁས་པའི་ཤེས་པ་ལ་སོགས་པ་ལས་བགྲང་བ་དང་། གྲངས་ཞེས་བྱ་བར་སྟོན་ཏེ། དེ་ལྟ་བུའི་དོན་དང་ལྡན་ཡང་འདིར་ནི་རེ་ཞིག་བཤད་པ་སྔ་མ་ལྟར་སྦྱར་རོ། །དེ་ལ་ཆ་ཞེས་བྱ་བ་ནི་ཡོན་ཏན་གྱི་འགྲེལ་པ་ལས། ཆར་ཡང་མི་ཕོད་དོ་བགྲང་བར་ཡང་མི་ཕོད་དོ་ཞེས་འབྱུང་ཡང་།
འདིར་ནི་ཆ་ཤིན་ཏུ་ཕྲ་བའི་དོན་ལ་བརྟེན་ནས་བཤད་དེ། འདི་ལྟར་འཆང་བ་དང་འཛིན་པའི་བསོད་ནམས་ནི་མཆོག་ཏུ་ཕྲ་བའི་ངོ་བོ་ཉིད་དེ། བསོད་ནམས་ཤིན་ཏུ་མང་བས་སྔ་མས་བསྒྲུབ་པར་མི་ནུས་ཏེ། དཔག་པའི་ཆའི་མཐར་གཏུགས་པ་ཙམ་དུ་ཡང་མི་མཚུངས་པས་ཤིན་ཏུ་ཕྲ་བ་ཡང་དེ་དང་འདྲ་ན་
เล่ม ๑๑๙ · หน้า 80a
གཞན་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་ཞེས་བཤད་དོ། །བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས་ནི། བགྲང་བ་དང་ཆ་གཉི་ག་ཡང་གྲངས་ཞེས་བཤད་དེ་དེའི་ཕྱིར་དེ་ཉིད་ལས་གྲངས་ནི་རྣམ་པ་གཉིས་ཏེ་བགྲང་བའི་གྲངས་དང་། ངེས་པའི་གྲངས་སོ། །
དེ་ལ་བགྲང་བའི་གྲངས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གོ། །ངེས་པའི་གྲངས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་གྲངས་ནི་དྲུག་པོ་ཁོ་ན་ཡོད་པས་དེ་ལས་མི་མང་མི་ཉུང་ངོ་ཞེས་བཤད་དོ། །དཔེའི་ཆ་ཞེས་བྱ་བ་ནི་ཡོན་ཏན་བྱིན་གྱི་འགྲེལ་པ་ལས་དཔེའི་ཆར་ཡང་མི་ཕོད་དོ་ཞེས་བྱ་བ་ནི་ཇི་ལྟར་བུ་
མོ་གཞོན་ནུ་མ་ལ་ཟླ་བའི་གདོང་ཞེས་བརྗོད་པ་ལྟ་བུ་རིལ་ཟླ་བ་འདྲའོ་ཞེས་བརྗོད་པ་མ་ཡིན་གྱི་མདོག་མདངས་ཅུང་ཟད་ཙམ་ཞིག་གི་ཆ་དེའི་མཚན་ཉིད་དང་མཚུངས་པས་སོ། །སྔ་མའི་བསོད་ནམས་ནི་དེ་ལྟ་མ་ཡིན་ཏེ། ཅུང་ཟད་ཙམ་ཞིག་འདྲ་ཞིང་དཔེར་བྱ་བ་ཡང་མེད་པས་སོ། །རྒྱུར་ཡང་ཉེ་བར་མི་
འགྲོའོ་ཞེས་བྱ་བས་ནི་མཐའ་བསྟན་ཏེ། འདི་ནི་གྲངས་དང་བགྲང་བ་དང་ཆ་དང་། དཔེ་ཞེས་བྱ་བ་བཞི་པོ་དག་གི་ནང་ན་མཆོག་ཏུ་ཐ་མར་གྱུར་པ་གཅིག་གི་མཐའ་ཡིན་པའི་ཕྱིར། གྲངས་ལ་སོགས་པ་ལས་རྒྱུར་ཡང་ཉེ་བར་མི་འགྲོ་བ་ཞེས་བཤད་དོ། །གཞན་ཡང་རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་
བྱ་བ་ནི་གྲངས་ཀྱི་མཐའ་ཁོ་ན་ཡིན་པས་འདི་ནི་རྒྱ་གར་ཡུལ་པ་རྣམས་ཀྱི་གྲངས་ཀྱི་ནང་ནས་ཐ་མར་གྱུར་པའི་མིང་ཡིན་ནོ། །དེ་ནི་ཡུལ་འདི་པའི་གྲངས་ཀྱི་མཐའི་མིང་རྗེ་ལྟ་བུ་ཡིན་ཡང་རྗེའི་དངོས་ནི་མ་ཡིན་ཏེ། ཡུལ་འདིར་གྲངས་ཀྱི་མིང་ཉུང་བས་རྣམ་པ་བཅུ་དྲུག་ལས་མེད་ལ། རྒྱ་གར་ཡུལ་པ་རྣམས་
ལ་ནི་གྲངས་ཀྱི་མིང་དྲུག་ཅུ་ཡོད་པས་སོ། །སློབ་དཔོན་དབྱིག་གཉེན་དང་ཡོན་ཏན་བྱིན་གྱིས་འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བའི་དོན་གང་ཞེ་ན། དེའི་བསོད་ནམས་ཀྱི་ཆ་ཤས་ཆུང་ངུས་ནི་འབྲས་བུ་མཆོག་གི་རྒྱུའི་ངོ་བོ་ཉིད་དུ་མངོན་པར་འགྲུབ་པར་
འགྱུར་ལ། སྔ་མའི་བསོད་ནམས་ཀྱི་ནི་རྒྱུའི་ངོ་བོ་ཉིད་དུ་མངོན་པར་འགྲུབ་པར་མི་འགྱུར་ལ། འབྲས་བུ་ཡང་དག་པ་ཉིད་ཀྱང་མི་འཐོབ་པའི་ཕྱིར་རོ་ཞེས་བཤད་དོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་
เล่ม ๑๑๙ · หน้า 80b
ཞེས་བྱ་བ་ནི་གཉིས་པ་བ་ལང་གི་རྗེས་ཀྱི་ཆུའི་དཔེས་བསྟན་པ་སྟེ། སྔ་མ་བཞིན་དུ་རིག་པར་བྱའོ། །དེ་བཞིན་དུ་དྲང་བའི་དོན་གྱི་མདོ་སྡེ་རྣམས་ཐོས་ཏེ་མོས་པ་ནས་བསྒོམ་པའི་རྣམ་པས་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་འཐོབ་པ་གང་ཡིན་པ་དེ་ནི་ངེས་པའི་དོན་བསྟན་པའི་མདོ་སྡེ་འདི་ཐོས་
ནས་མོས་པས་བསགས་པའི་བསོད་ནམས་བསྒོམ་པའི་རྣམ་པས་སྦྱོར་བའི་བར་གྱིས་བསགས་པའི་བསོད་ནམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་ནས་
བསོད་ནམས་ཀྱི་ཁྱད་པར་བསྟན་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་ལས་
བསྟན་པ་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བ་འདི་མན་ཆད་ནི་རྣམ་པ་ལྔར་ཕྱེ་བའི་ཐ་མ་བཀའ་བཞིན་དུ་སྤྱོད་པ་སྤྱད་པའི་ཕྱོགས་ཞེས་བྱ་བ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔས་ཞུ་བ་གསོལ་པ་དང་། དེ་བཞིན་
གཤེགས་པས་ལན་ཡང་དག་པར་གསུངས་པའོ། །འདི་ནི་དང་པོ་སྟེ་འདིར་ནི་ཞུ་བའི་དངོས་པོ་བསྟན་པའི་མིང་དང་། ཇི་ལྟར་གཟུང་བ་རྣམ་པ་གཉིས་ཞུས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་
ནི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་སྟེ། དོན་དམ་པ་ངེས་པའི་དོན་བསྟན་པ་འདི་ཁྱོད་ཀྱིས་ཡོངས་སུ་གཟུང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་ཞུས་པ་བཞིན་དུ་ལན་ཡང་དག་
པར་བསྟན་པ་དང་། བསྟན་པ་གསུངས་པའི་ཕན་ཡོན་ཁྱད་པར་དུ་འཕགས་པ་བསྟན་པའོ། །འདི་ནི་དང་པོ་སྟེ་འདི་ལྟར་བསྟན་པ་འདིའི་མིང་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བ་ཡིན་པས། མིང་འདི་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་
เล่ม ๑๑๙ · หน้า 81a
པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་འཁོར་འདུས་པ་ཆེན་པོ་དེ་ལས་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྐྱེས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བསྟན་པ་གསུངས་པའི་ཕན་ཡོན་ཁྱད་པར་དུ་འཕགས་པ་སྟོན་ཏོ། །
ཕན་ཡོན་གྱི་ཁྱད་པར་དུ་འཕགས་པ་རྣམ་པ་བཞི་ཡོད་པས་དེ་ཉིད་ལས་རྣམ་པ་བཞིར་དབྱེ་སྟེ། འདི་ནི་ཕན་ཡོན་དང་པོའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་སྦྱར་ན་ནི་ཕན་ཡོན་རྣམ་པ་ལྔ་ཡོད་པར་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ལྔ་པོ་འདི་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན་དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེད་པར་འགྱུར་རོ། །དེ་དག་
ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །དེ་དག་ལས་སེམས་ཅན་ཁ་ཅིག་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ་བྱང་ཆུབ་
སེམས་དཔའི་བཟོད་པ་མཆོག་ཐོབ་པར་འགྱུར་རོ། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་བསྟན་པས་ལུང་དཔོག་པ་དང་ཁ་ཏོན་བྱེད་པ་དང་། ཡང་དག་པར་བསྒྲུབ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་
པར་བྱེད་པར་འགྱུར་ཏེ། ལྔ་པོ་འདི་དག་ནི་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་ངོ་། །མདོ་འདི་ལས་ནི་ཕན་ཡོན་རྣམ་པ་བཞི་བསྟན་ཏེ། ཕྱི་མ་རྣམ་པ་གཅིག་མ་ཚང་ངོ་། །མདོ་གཞན་ཕལ་ཆེ་ལས་སྟོན་པར་མི་མཛད་དོ། །ཕན་ཡོན་རྣམ་པ་བཞི་
ལས་འདི་ནི་དང་པོ་སེམས་བསྐྱེད་པའི་ཕན་ཡོན་ཡིན་ཏེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པའི་ནང་ནས་སྐྱེ་བ་མེད་པའི་ལེའུ་ལས་བྱང་ཆུབ་རྣམ་པ་ལྔ་གང་ཞེ་ན། སྨྲས་པ། ཤིན་ཏུ་ངེས་པའི་རྗེས་སུ་མཐུན་པའི་བཟོད་པ་དང་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། བྱང་ཆུབ་རྣམ་པ་གསུམ་
เล่ม ๑๑๙ · หน้า 81b
མོ་ཞེས་འབྱུང་སྟེ། སའི་མདུན་རོལ་པ་དང་ས་ལ་གནས་པ་དང་། ཐེག་པ་གསུམ་གྱི་མི་སློབ་པའི་བྱང་ཆུབ་དང་རྣམ་པ་ལྔའོ། །གཞན་ཡང་བྱང་ཆུབ་རྣམ་པ་ལྔ་ཡོད་དེ། དང་པོ་ནི་སེམས་བསྐྱེད་པའི་བྱང་ཆུབ་སྟེ། ཚེ་རབས་གྲངས་མེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
གཉེར་བའི་ཆེད་དུ་སེམས་བསྐྱེད་པའི་ཕྱིར་བྱང་ཆུབ་ཅེས་བྱ་སྟེ་འདི་རྒྱུ་ལ་འབྲས་བུ་བཏགས་པའོ། །གཉིས་པ་ནི་སེམས་ཟིལ་གྱིས་གནོན་པའི་བྱང་ཆུབ་སྟེ། ཉོན་མོངས་པ་རྣམས་སྤངས་ནས་སེམས་བཏུལ་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱོད་པ་གང་ཡིན་པའོ། །གསུམ་པ་ནི་རིག་པའི་བྱང་
ཆུབ་སྟེ། དུས་གསུམ་གྱི་ཆོས་རྣམས་ལ་རང་བཞིན་གྱིས་ཡོད་པའི་སྤྱིའི་མཚན་ཉིད་དང་། བྱེ་བྲག་གི་མཚན་ཉིད་དུ་བལྟ་བ་དང་ཆོས་རྣམས་མཐར་རྣམ་པར་དག་པ་ཉིད་དུ་རྣམ་པར་འབྱེད་ཅིང་གཞལ་བ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པའོ། །བཞི་པ་ནི་ངེས་པར་འབྱུང་
བ་མཐར་ཐུག་པར་འགྱུར་བའི་བྱང་ཆུབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐབས་མཁས་པ་ཐོབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་པ་མེད་པར་ཉོན་མོངས་པ་ཐམས་ཅད་བཀག་པ་དང་ཕྱོགས་བཅུ་ཐམས་ཅད་ཀྱི་སངས་རྒྱས་རྣམས་མཐོང་བ་དང་། མི་སྐྱེ་བའི་
ཆོས་ལ་བཟོད་པ་ཐོབ་ནས་ཁམས་གསུམ་ལས་ངེས་པར་འབྱུང་ཞིང་། ཐམས་ཅད་མཁྱེན་པའི་གནས་སུ་ཕྱིན་པ་གང་ཡིན་པའོ། ལྔ་པ་ནི་བླ་ན་མེད་པའི་བྱང་ཆུབ་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། ཉོན་མོངས་པའི་བག་ཆགས་བཅོམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
བརྙེས་པ་གང་ཡིན་པའོ་ཞེས་བཤད་དོ། །སྡེ་སྣོད་གསུམ་པ་རྣ་རིངས་ཀྱིས་བཤད་པ་ལས་བསྟན་པའི་རིགས་ཡན་ཆད་ནི། སེམས་བསྐྱེད་པའི་གནས་སྐབས་ཞེས་བྱའོ། །དེའི་འོག་མའི་སེམས་སུམ་ཅུ་པོ་དག་ནི་སེམས་གདུལ་བའི་གནས་སྐབས་ཞེས་བྱའོ། །ས་དང་པོ་ནས་ས་བདུན་པ་
མན་ཆད་ནི་རིག་པའི་གནས་སྐབས་ཞེས་བྱའོ། །ས་བརྒྱད་པ་དང་དགུ་པ་དང་བཅུ་པ་དག་ནི་ངེས་པར་འབྱུང་བ་མཐར་ཐུག་པར་འགྱུར་བའི་གནས་སྐབས་ཞེས་བྱའོ། །གྱ་ནོམ་པར་སངས་རྒྱས་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་གནས་སྐབས་ཞེས་བཤད་དོ། །འདིར་བཤད་པ་ལྔ་པོ་འདི་དག་ལ་
เล่ม ๑๑๙ · หน้า 82a
བརྟེན་ནས་མདོའི་ཚིག་འདི་བཤད་པ་བྱ་ན། དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་གསུངས་པ་ནི་ཡོངས་སུ་བཙལ་བར་བྱ་བའི་བྱང་ཆུབ་སྟེ། ཡོངས་སུ་བཙལ་བར་བྱ་བའི་བྱང་ཆུབ་ལ་སེམས་བསྐྱེད་པར་ཞེས་གསུངས་པ་ནི་ཡོངས་སུ་ཚོལ་བའི་
སེམས་བསྐྱེད་པར་ནུས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་གསུངས་པ་ཡིན་ཏེ། འདི་ནི་རྣམ་པ་ལྔ་ལས་དང་པོའི་བྱང་ཆུབ་གཉིས་ལ་བྱའོ། །ཁ་ཅིག་ན་རེ་འདི་ནི་གསུམ་པ་རིག་པའི་བྱང་ཆུབ་པོ་ཞེས་ཟེར་ཏེ། དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་རྡོ་རྗེ་དྲང་སྲོང་གིས་ས་དང་པོའི་བྱང་ཆུབ་སེམས་
དཔའ་སེམས་བསྐྱེད་པའི་ཕྱིར་རོ་ཞེས་བཤད་པས་སོ། །ཡང་ན་ཡོངས་སུ་ཚོལ་བ་ཞེས་བྱ་བ་ནི་ཡོངས་སུ་ཚོལ་བའི་སེམས་རྣམ་པ་ལྔ་པོ་དག་དང་སྦྱར་ཏེ། རྒྱུའི་གནས་སྐབས་ལ་གནས་པ་ཁོ་ནའོ་ཞེའོ། །ཉན་ཐོས་སུམ་ཅུ་ནི་རྡུལ་སྤངས་ཤིང་དྲི་མ་དང་བྲལ་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་
པར་དག་པ་ཐོབ་བོ་ཞེས་བྱ་བས་ནི་གཉིས་པ་རྡུལ་དང་དྲི་མ་དང་བྲལ་བའི་ཕན་ཡོན་བསྟན་ཏོ། །བསྟན་པ་འདི་ཐོས་པས་ཕན་ཡོན་རྣམ་པ་གཉིས་ཐོབ་པར་འགྱུར་བ་སྟེ། རྡུལ་སྤངས་ནས་དྲི་མ་དང་བྲལ་བའི་ཕན་ཡོན་དང་། ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པའི་ཕན་ཡོན་ནོ། །ཕན་ཡོན་རྣམ་པ་
འདི་གཉིས་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། མདོ་ལས་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། ལྷའི་བུ་བརྒྱད་ཁྲི་རྡུལ་རྣམས་སྤངས་ཤིང་དྲི་མ་དང་
བྲལ་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་སྐྱེས་སོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་རྡུལ་སྤངས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བག་ལ་ཉལ་སྤངས་པའོ། །དྲི་མ་དང་བྲལ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཀུན་ནས་དཀྲིས་པ་དང་བྲལ་བའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འདི་ལྟ་སྟེ། འཕགས་
པའི་བདེན་པ་བཞི་པོ་དག་ལས་སོ། །ཆོས་ཀྱི་མིག་རྣམ་པར་དག་པ་སྐྱེས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་མཐོང་བའི་དབང་གིས་ཆོས་ཀྱི་མིག་རྣམ་པར་དག་པ་སྐྱེས་པར་གྱུར་པའོ་ཞེས་བཤད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མདོ་
เล่ม ๑๑๙ · หน้า 82b
ལས་ཇི་སྐད་དུ་རྡུལ་སྤངས་ཤིང་དྲི་མ་དང་བྲལ་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་ཡང་དག་པར་སྐྱེས་སོ་ཞེས་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། ཆོས་ཀྱི་བཟོད་པ་རྣམས་ཀྱིས་ནི་རྡུལ་རྣམས་སྤངས་སོ། །ཆོས་ཀྱི་ཤེས་པ་རྣམས་ཀྱིས་ནི་དྲི་མ་དང་བྲལ་ཏེ།
འདི་ལྟར་དེ་དག་གི་དབང་གིས་ཐོག་མ་ཁོ་ནར་བདེན་པ་རྣམས་ལ་འཕགས་པའི་མིག་ཤིན་ཏུ་གྱ་ནོམ་པས་ངོ་བོ་ཉིད་བྱེད་པའི་ཕྱིར་རོ། །ཆོས་ཀྱི་བཟོད་པས་རྡུལ་སྤངས་པ་ནི་འདི་ལྟར་ཆོས་ཀྱི་བཟོད་པ་རྣམས་ཀྱིས་ཉོན་མོངས་པའི་རྡུལ་ཐམས་ཅད་གཏན་དུ་སྤངས་པའི་ཕྱིར་རོ། །ཆོས་ཤེས་པས་དྲི་མ་
དང་བྲལ་བ་ནི་འདི་ལྟར་ཆོས་ཤེས་པ་རྣམས་ཀྱིས་སྒྲིབ་པའི་དྲི་མ་སྤངས་པ་ནས། རྟེན་དང་ཐོབ་པ་སྐྱེས་པའི་ཕྱིར་རོ། །གཞན་ཡང་བཟོད་པ་དང་ཤེས་པ་གཉིས་པའི་གནས་སྐབས་དང་། གོ་རིམས་བཞིན་དུ་སྦྱར་ནས་བཤད་པར་བྱ་སྟེ། ཡོངས་སུ་ཤེས་པར་གྱུར་པའི་ཕྱིར་དང་གཏན་དུ་སྤངས་
པའི་ཕྱིར་ལམ་དང་ཐོབ་པ་རྣམ་པར་དག་པར་འགྱུར་བའི་ཕྱིར་འདི་ལ་བརྟེན་ནས་རྡུལ་སྤངས་ཤིང་དྲི་མ་དང་བྲལ་ན་ཞེས་གསུངས་སོ་ཞེས་འབྱུང་ངོ་། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཀྱང་དེ་སྐད་བཤད་དེ། ཡོངས་སུ་ཤེས་པར་གྱུར་པའི་ཕྱིར་དང་གཏན་དུ་སྤངས་པའི་ཕྱིར་དང་ལམ་ཐོབ་པ་
རྣམ་པར་དག་པར་འགྱུར་བ་ཞེས་བྱ་བ་ནི་ཆོས་ཀྱི་མིག་རྣམ་པར་དག་པ་སྤྱིར་བསྟན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་གཞན་ཡང་རྡུལ་སྤངས་ནས་དྲི་མ་དང་བྲལ་བ་ཞེས་བྱ་བ་ནི་རྡུལ་ནི་འདི་ལྟ་སྟེ། མཐར་ཐུག་པའི་ཤེས་པ་སྐྱེས་པ་དང་མངོན་པར་རྟོགས་པ་ལ་སྒྲིབ་པ་བར་ཆད་དང་
བཅས་པ་འམ། བར་ཆད་མེད་པར་ངའོ་སྙམ་པའི་ང་རྒྱལ་མངོན་དུ་འཇུག་པ་གང་ཡིན་པའོ། །དྲི་མ་ནི་འདི་ལྟ་སྟེ་མཐོང་བས་སྤང་བར་བྱ་བའི་ཕྱོགས་ཀྱི་གནས་ངན་ལེན་ཏེ། འདིར་གཏན་མེད་པའི་ཕྱིར་རྡུལ་སྤངས་པ་དང་དྲི་མ་དང་བྲལ་བ་ཞེས་བྱའོ། །གཞན་ཡང་རྡུལ་ཞེས་བྱ་བ་ནི་འདི་ལྟ་སྟེ། ངའོ་
སྙམ་པའི་ང་རྒྱལ་དང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་དེ། ཕྱོགས་གཉི་གའི་གནས་ངན་ལེན་གྱི་དྲི་མའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འདི་ལྟ་སྟེ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དུ་གནས་པ་དག་པའོ། །ཆོས་ཀྱི་མིག་ཅེས་བྱ་བ་ནི་འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་
เล่ม ๑๑๙ · หน้า 83a
བཞིན་དུ་མངོན་སུམ་དུ་ཉམས་སུ་མྱོང་བ་ཅན་གྱི་ཤེས་རབ་པོ། །ཆོས་མཐོང་བ་ནི་འདི་ལྟ་སྟེ། སྡུག་བསྔལ་ལ་སོགས་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་རོ། །ཆོས་ཐོས་པ་ནི་འདི་ལྟ་སྟེ། དགེ་སྦྱོང་གི་འབྲས་བུ་མཐུན་པར་ཐོབ་པའི་
ཕྱིར་རོ་ཞེས་འབྱུང་སྟེ་རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་གཞན་ཡང་མཚན་ཉིད་རྣམ་པ་གཉིས་ཀྱིས་འཕགས་པ་རྣམས་ཀྱི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་བར་རིག་པར་བྱ་སྟེ། རྡུལ་སྤངས་པ་དང་དྲི་མ་དང་བྲལ་བའི་
ཕྱིར་རོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམས་དང་བྲལ་བའི་ཕྱིར་རྡུལ་སྤངས་པ་ཞེས་བྱའོ། །དེ་བག་ལ་ཉལ་དང་བྲལ་བའི་ཕྱིར་དྲི་མ་དང་བྲལ་བ་ཞེས་བྱའོ། །གཞན་ཡང་མངོན་པར་རྟོགས་པའི་ཚེ་ངའོ་སྙམ་པའི་ང་རྒྱལ་རགས་པ་ཡིད་ལ་བྱེད་པ་ལ་ཞུགས་
པ་བར་ཆད་དང་བཅས་པ་དང་། །བར་ཆད་མེད་པར་འཇུག་སྟེ། གལ་ཏེ་གཟུང་བ་དང་འཛིན་པ་ལ་དམིགས་པ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པར་གྱུར་ན་དེ་ཡོངས་སུ་སྤང་བར་འགྱུར་ལ་དེ་སྤངས་པའི་ཕྱིར་རྡུལ་སྤངས་པ་ཞེས་བྱའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་
ཐམས་ཅད་སྤང་བའི་ཕྱིར་དྲི་མ་དང་བྲལ་བ་ཞེས་བྱའོ། །ཆོས་མཐོང་བ་དང་ཆོས་ཐོབ་པ་ལ་ཕན་ཡོན་རྣམ་པ་བཅུ་ཡོད་པར་རིག་པར་བྱའོ་ཞེས་འབྱུང་སྟེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཉན་ཐོས་འབུམ་ལྔ་ཁྲི་ནི་ཟག་པ་རྣམས་གཏན་དུ་ཟད་ནས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་གསུམ་
པ་གྲོལ་བ་ཐོབ་པའི་ཕན་ཡོན་བསྟན་ཏེ། ཟག་པ་རྣམས་གཏན་དུ་སྤངས་པས་ཤེས་རབ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ལ། ཏིང་ངེ་འཛིན་གྱི་སྒྲིབ་པ་གཏན་དུ་སྤངས་པས་ནི་སེམས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །ཡང་ན་ཟག་པ་གསུམ་དང་བྲལ་བའི་ཕྱིར་ཟག་པ་རྣམས་གཏན་
དུ་ཟད་པ་ཞེས་བྱའོ། །འདོད་ཆགས་དང་གཏན་དུ་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཟག་པ་ཟད་པ་ནི་འདི་ལྟ་སྟེ། ཟག་པ་རྣམས་གཏན་དུ་ཟད་པ་གང་ཡིན་པའོ། །ཟག་པ་རྣམས་ཀྱི་རྗེས་
เล่ม ๑๑๙ · หน้า 83b
སུ་འབྲང་བའི་ཆོས་ལས་གཏན་དུ་ཟད་པ་ཞེས་བྱ་བ་ཐོབ་པར་འགྱུར་བ་ཡིན་ན། ཅིའི་ཕྱིར་ཟག་པ་དེ་ཁོ་ན་ཟད་པ་ཞེས་བསྟན་ཅེ་ན། སྨྲས་པ། དེ་དག་ཟག་པ་ཟད་པ་གཙོ་བོར་བྱེད་པས། ཟག་པའི་རྗེས་སུ་འབྲང་བའི་ཆོས་ཀྱང་ཟད་པ་ཉིད་བརྗོད་པར་རིག་པར་བྱའོ། །གཞན་ཡང་ཟག་པ་རྣམས་
ནི་སྤངས་ཤིང་གཞིག་པར་དཀའ་བ་དང་། བཟླ་བར་དཀའ་བ་ཡིན་ལ་ཟག་པའི་རྗེས་སུ་འབྲང་བའི་ཆོས་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཕྱོགས་གཅིག་བརྗོད་པ་ཡིན་ནོ། །གཞན་ཡང་ཟག་པ་རྣམས་ཀྱི་ཉེས་དམིགས་ནི་མང་ཞིང་བསྟན་པ་ཡིན་ལ་ཟག་པའི་རྗེས་སུ་འབྲང་བའི་ཆོས་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཕྱོགས་
གཅིག་བརྗོད་པ་ཡིན་ནོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་དུ་རིག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཁམས་གསུམ་གྱི་ཟག་པ་རྣམ་པ་གསུམ་ཟད་ནས་ལྷག་མ་མ་ལུས་པའི་ཕྱིར་ཟག་པ་རྣམས་ཟད་པའོ་ཞེས་འབྱུང་སྟེ། སེམས་རྣམ་པར་
གྲོལ་བ་ཐོབ་པའི་བཤད་པ་ནི་གོང་དུ་བསྟན་པ་བཞིན་ནོ། །ཇི་ལྟར་ཤིན་ཏུ་ཟབ་པའི་ཐེག་པ་ཆེན་པོ་འདི་བསྟན་པ་ན་ཐེག་པ་གཉིས་ཀྱི་ཕན་ཡོན་ཐོབ་པར་འགྱུར་ཞེ་ན། སྨྲས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཇི་སྐད་དུ་དེ་བཞིན་གཤེགས་པས་མཉན་པ་གསུངས་པ་ཡང་
རྣམ་པ་གཉིས་ཏེ་རབ་ཏུ་ཕྱེ་བ་དང་དགོངས་ཏེ་གསུངས་པའོ་ཞེས་བསྟན་པ་ལྟ་བུ་སྟེ། གལ་ཏེ་རབ་ཏུ་ཕྱེ་བའི་དབང་དུ་མཛད་ན་ནི་འབྲས་བུ་ཆེན་པོ་ཁོ་ན་ཐོབ་པར་འགྱུར་བ་ཡིན་ན། འདིར་ནི་དགོངས་པ་དང་ཡང་ལྡན་པའི་ཕྱིར་ཆེ་ཆུང་གཉི་གའི་ཕན་ཡོན་སྤྱིར་བསྟན་པ་ཡིན་ཏེ། དེའི་ཕྱིར་མདོ་ལས། སངས་རྒྱས་
གསུང་གཅིག་ཏུ་ནི་ཆོས་བསྟན་ཀྱང་། །སེམས་ཅན་མོས་པ་ཇི་བཞིན་སོ་སོར་གོ། །ཞེས་གསུངས་པ་ཡིན་ནོ། །གཞན་ཡང་དོན་ཚད་མེད་པའི་མདོ་ལས། དེ་བཞིན་གཤེགས་པས་ནི་གསུང་གཅིག་ཏུ་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་གསུང་བར་མཛད་དོ་ཞེས་གསུངས་པ་དང་། གཞན་ཡང་ཁམས་
ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པས་གསུང་གཅིག་ཆོས་བསྟན་པས། །དཔག་མེད་མདོ་སྡེ་རྒྱ་མཚོ་རབ་ཏུ་གསུངས། །ཞེས་འབྱུང་བ་དང་། གཞན་ཡང་མདོ་འདི་ཉིད་ལས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ངེས་པའི་དོན་འདི་གསུངས་སོ་ཞེས་འབྱུང་བའི་ཕྱིར། འདི་
เล่ม ๑๑๙ · หน้า 84a
ཐོས་པ་ན་ཐེག་པ་རྣམ་པ་གསུམ་གྱི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་གསུངས་ཀྱང་འགལ་བ་མེད་དོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི་བཞི་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕན་ཡོན་བསྟན་ཏོ། །
མི་སྐྱེ་བ་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་མི་སྐྱེ་བ་ཐོབ་པ་ཞེས་བྱ་སྟེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བཟོད་པ་ནི་རྣམ་པ་གཉིས་ཏེ་དུལ་བ་རྗེས་སུ་མཐུན་པར་གྱུར་པའི་བཟོད་པ་དང་། མི་སྐྱེ་བའི་བཟོད་པའོ་
ཞེས་བཤད་དེ། དེ་ལ་དུལ་བ་རྗེས་སུ་མཐུན་པའི་བཟོད་པ་ནི་ཡོངས་སུ་བསྔོ་བ་རྣམ་པ་བཅུ་ལ་གནས་པ་དག་ལའོ། །མི་སྐྱེ་བའི་བཟོད་པ་ནི་ས་བརྒྱད་པ་ཡན་ཆད་དེ། ཆོས་རྣམས་མི་སྐྱེ་བའི་བཟོད་པ་ཐོབ་པའི་ཕྱིར་རོ། །མིའི་རྒྱལ་པོས་ཞུས་པའི་མདོ་ལས། བཟོད་པ་རྣམ་པ་ལྔ་ནི་འདི་ལྟ་སྟེ།
ཟིལ་གྱིས་གནོན་པའི་བཟོད་པ་དང་། མངོན་པར་ཡིད་ཆེས་པའི་བཟོད་པ་དང་། དུལ་བ་རྗེས་སུ་མཐུན་པའི་བཟོད་པ་དང་། མི་སྐྱེ་བའི་བཟོད་པ་དང་། རབ་ཏུ་ཞི་བའི་བཟོད་པའོ། །དེ་དག་ཀྱང་གོ་རིམས་བཞིན་དུ་སའི་མདུན་རོལ་གྱི་སེམས་སུམ་ཅུ་པོ་དག་ནི་ཟིལ་གྱིས་གནོན་པའི་གནས་སྐབས་སོ། །
ས་དང་པོ་དང་གཉིས་པ་དང་གསུམ་པ་དག་ནི་མངོན་པར་ཡིད་ཆེས་པའི་བཟོད་པའི་གནས་སྐབས་སོ། །ས་བཞི་པ་དང་། ལྔ་པ་དང་། དྲུག་པ་དག་ནི་དུལ་བ་རྗེས་སུ་མཐུན་པ་དག་གི་བཟོད་པའི་གནས་སྐབས་སོ། །ས་བདུན་པ་དང་། བརྒྱད་པ་དང་། དགུ་པ་ནི་མི་སྐྱེ་བའི་བཟོད་པའོ། །ས་བཅུ་
པ་དང་སངས་རྒྱས་ཀྱི་ས་ནི་རབ་ཏུ་ཞི་བའི་བཟོད་པའོ་ཞེས་གསུངས་པ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་བྱང་ཆུབ་ཀྱི་ཚོགས་བསྟན་པ་ལས་མི་སྐྱེ་བའི་བཟོད་པ་ཐོབ་པ་ནི་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་གནས་པའོ་ཞེས་བཤད་དོ། །གཞན་ཡང་བྱང་ཆུབ་སེམས་
དཔའི་སྡེ་སྣོད་ཀྱི་མདོ་ལས་ཤཱ་རིའི་བུ་ལུང་བསྟན་པར་གྱུར་པ་དེའི་ཚེ་ང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཤཱ་རིའི་བུ་མི་སྐྱེ་བའི་ཆོས་ལ་བཟོད་པ་དེ་ཡང་ཇི་ལྟ་བུ་ཞིག་ཐོབ་པར་གྱུར་ཅེ་ན། འདི་ལྟ་སྟེ། གཟུགས་ཀྱི་ཆོས་ཐམས་ཅད་དམིགས་སུ་མེད་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཚོར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด