འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๙ · หน้า 84b
བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དམིགས་སུ་མེད་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་དམིགས་སུ་མེད་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཤཱ་རིའི་བུ་བཟོད་པ་ཐོབ་པར་གྱུར་ཞེས་བྱ་བ་ནི་ཆོས་རྣམས་དམིགས་སུ་མེད་པར་
བཟོད་པར་གྱུར་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། བཟོད་པ་ཐོབ་པ་དེ་ལྟ་བུ་ཐོབ་པར་གྱུར་པའི་ཚེ་འཇིག་རྟེན་པའི་ཆོས་རྣམས་མངོན་དུ་འགྱུར་བ་མ་ཡིན་པས། སོ་སོའི་སྐྱེ་བོའི་ཆོས་ཀྱང་མ་ཡིན། སློབ་པ་རྣམས་ཀྱི་ཆོས་ཀྱང་མ་ཡིན། རང་སངས་རྒྱས་ཀྱི་ཆོས་ཀྱང་མ་ཡིན། བྱང་ཆུབ་སེམས་
དཔའ་རྣམས་ཀྱི་ཆོས་ཀྱང་མ་ཡིན། སངས་རྒྱས་རྣམས་ཀྱི་ཆོས་ཀྱང་མངོན་དུ་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མངོན་དུ་མི་སྣང་བའི་ཕྱིར་བཟོད་པ་ཐོབ་པར་གྱུར་པ་ཞེས་བཤད་དོ། །ཆོས་ཐམས་ཅད་མཐར་ཐོབ་པ་མེད་ཅིང་དམིགས་སུ་མེད་པའི་ཕྱིར་བཟོད་
པ་ཐོབ་པར་གྱུར་པ་ཞེས་བཤད་དོ། །གཞན་ཡང་བཟོད་པ་དེས་སྐད་ཅིག་མ་གཅིག་ལ་མཚན་མ་དང་། དམིགས་པ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་བཟོད་པ་ཞེས་བྱའོ། །གཞན་ཡང་བཟོད་པ་དེས་མིག་མི་བཟོད་ཅིང་མིག་དང་དམིགས་པ་རྣམས་འཇིག་པར་མི་བྱེད་པའི་ཕྱིར་བཟོད་པ་ཞེས་བྱའོ། །
རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་བཟོད་ཅིང་ཡིད་འཇིག་པར་མི་བྱེད་དོ། །བཟོད་པ་དེ་དག་ནི་སྤྱོད་ཡུལ་མི་བཟོད་པ་དང་། བཟོད་པ་དེ་དག་ནི་སྤྱོད་ཡུལ་ལས་གཞོལ་བ་མ་ཡིན་པའི་ཕྱིར་བཟོད་པ་ཞེས་བྱའོ་ཞེས་གསུངས་སོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་
ས་ལས་མདོ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་ཇི་སྐད་དུ་གསུངས་པ་དེའི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ངོ་བོ་ཉིད་རྣམ་པ་གསུམ་ལས་རྣམ་པར་གཞག་གོ། །འདི་ལྟ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི་གཟོད་མ་ནས་མི་སྐྱེ་བའི་བཟོད་པ་རྣམ་པར་
གཞག་གོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་ནི་མི་སྐྱེ་བའི་བཟོད་པ་རྣམ་པར་གཞག་གོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི་ཉོན་མོངས་པ་དང་། སྡུག་བསྔལ་གྱི་དྲི་མ་མི་སྐྱེ་བའི་བཟོད་པ་རྣམ་པར་གཞག་སྟེ། བཟོད་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ་
เล่ม ๑๑๙ · หน้า 85a
ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བཤད་དེ། གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས། བཟོད་པ་རྣམ་པ་གསུམ་པོ་འདི་དག་ནི་ཕྱིར་མི་ལྡོག་པའི་ས་ལ་ཡོད་དོ་ཞེས་བཤད་དོ། །འཕགས་པ་འདུས་པ་ཆེན་
པོའི་མདོ་དང་། སློབ་དཔོན་ཡོན་ཏན་བྱིན་གྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་བྱས་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ས་བརྒྱད་པ་ཡན་ཆད་ནི་ཕྱིར་མི་ལྡོག་པའི་ས་ཞེས་བསྟན་ཏོ། །གཞན་ཡང་
འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བཤད་པ་རྣམ་པ་གཉིས་འབྱུང་སྟེ། ཁ་ཅིག་ན་རེ་ས་དང་པོ་ཡན་ཆད་ནི་མི་སྐྱེ་བའི་བཟོད་པ་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ས་བརྒྱད་པ་ཡན་ཆད་ཀྱི་མི་སྐྱེ་བའི་བཟོད་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་
བཞིན་ནོ། །འདིར་མི་སྐྱེ་བའི་བཟོད་པ་ཞེས་གསུངས་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་སྦྱར་ན་ས་དང་པོ་ཡན་ཆད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བསྟན་ཏོ། །མིའི་རྒྱལ་པོས་ཞུས་པའི་མདོ་དང་སྦྱར་ན་ནི་ས་བདུན་པ་དང་། བརྒྱད་པ་དང་། དགུ་པ་ལ་མི་སྐྱེ་བའི་
བཟོད་པ་ཐོབ་པ་ཞེས་བསྟན་ཏེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བཤད་པ་བཞིན་དུ་རིག་པར་བྱའོ། །དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས་རྣལ་འབྱོར་རྣམ་པར་འབྱེད་པའི་ལེའུ་སྟེ་དྲུག་པའོ།། །།བམ་པོ་སུམ་ཅུ་ལྔ་པ།
ལེའུ་འདིའི་བཤད་པ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ལེའུ་འདི་ཉིད་ཀྱི་མིང་རྣམ་པར་བཤད་པ་དང་། མདོའི་ཚིག་ཉིད་ཡང་དག་པར་བཤད་པའོ། །དེ་ལ་ལེའུ་ཉིད་ཀྱི་མིང་རྣམ་པར་བཤད་པ་ཡང་། རྒྱ་གར་སྐད་དུ་ཡོ་ག་ཞེས་བྱ་བ་བསྒྱུར་ན་རྣལ་འབྱོར་ཞེས་ཟེར་ཏེ། རྣལ་འབྱོར་དེ་
བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ན་བཤད་པ་མི་མཐུན་པ་རྣམ་པ་གཉིས་ཡོད་པས། ཁ་ཅིག་ནི་སྤྱིར་ཐེག་པ་གསུམ་གྱི་ཡུལ་དང་བསྒྲུབ་པ་དང་། འབྲས་བུ་ལ་སོགས་པའོ་ཞེས་ཟེར་ཏེ། སོགས་པའོ་ཞེས་བྱ་བས་ནི་བརྗོད་པར་བྱ་བ་བསྟན་པའི་ཆོས་རྣམས་ཀྱི་རྣམ་པ་བསྡུ་བས་
เล่ม ๑๑๙ · หน้า 85b
དེ་དག་ལ་རྣལ་འབྱོར་ཞེས་བྱ་སྟེ། ཐམས་ཅད་ལ་ཡང་ཐབས་མཁས་པ་དང་རྗེས་སུ་མཐུན་པའི་དོན་ཡོད་པའི་ཕྱིར་རོ། །ཡུལ་གྱི་རྣལ་འབྱོར་ནི་འདི་ལྟ་སྟེ། ཡུལ་ཐམས་ཅད་ལ་ཕྱིན་ཅི་ལོག་མེད་པ་ཉིད་དང་། རྗེས་སུ་མཐུན་པ་ཉིད་དང་མཐར་ཐུག་པར་བགྲོད་པ་ཉིད་དོ་ཞེས་བཤད་དེ་གོ་རིམས་
བཞིན་དུ་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་གྱུར་པ་དང་། རིགས་པ་དང་མི་འགལ་བ་དང་ཆོས་རྣམས་ཀྱི་རྗེས་སུ་མཐུན་པར་གྱུར་པ་དང་། འདིའི་དབང་གིས་བྱང་ཆུབ་དང་མྱ་ངན་ལས་འདས་པ་ལེན་ཅིང་ཡང་དག་པའི་རིགས་པ་དང་། བསྟན་པ་དང་གྲུབ་པ་དང་འབྲས་བུ་དང་རྗེས་སུ་མཐུན་པར་གྱུར་
པའི་ཕྱིར་རྣལ་འབྱོར་ཞེས་བྱའོ། །ཡུལ་གྱི་རྣལ་འབྱོར་ཞེས་བྱ་བ་འདི་ཐམས་ཅད་དུ་ཁྱབ་པ་ཡིན་ཡང་། མདོ་སྡེ་དང་བསྟན་བཅོས་ལས་ནི་མཚན་ཉིད་དང་། དབང་པོའི་དབང་དུ་མཛད་ནས་ཐ་དད་པ་རྣམ་པ་སྣ་ཚོགས་སུ་བཤད་པས་ཁ་ཅིག་ལས་ནི་ལྟོས་པ་ལ་སོགས་པའི་རིགས་པ་བཞི་
ནས་དེ་བཞིན་དུ་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བདེན་པ་ལ་སོགས་པའི་བར་ལ་རྣལ་འབྱོར་ཞེས་བྱའོ་ཞེས་བཤད་དེ། ངོ་བོ་ཉིད་རྣམ་པ་བཞི་དང་ལྡན་ཞིང་ངོ་བོ་ཉིད་རྣམ་པ་བཞི་དང་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་རོ། །དེ་ལ་བསྒྲུབ་པའི་རྣལ་
འབྱོར་ནི་འདི་ལྟ་སྟེ། སྒྲུབ་པ་ཐམས་ཅད་ཕན་ཚུན་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་དང་། ཡང་དག་པའི་རིགས་པ་དང་མཐུན་པར་གྱུར་པའི་ཕྱིར་དང་། ཡང་དག་པའི་བསྟན་པ་དང་མཐུན་པར་གྱུར་པའི་ཕྱིར་དང་། ཡང་དག་པའི་འབྲས་བུ་ལ་གཞོལ་བར་གྱུར་པའི་ཕྱིར་རྣལ་འབྱོར་ཞེས་
བཤད་དེ་འདི་བསྒྲུབ་པ་ཐམས་ཅད་དུ་ཁྱབ་པ་ཡིན་ཡང་། མདོ་སྡེ་དང་བསྟན་བཅོས་ལས་ནི་མཚན་ཉིད་དང་དབང་པོའི་དབང་དུ་མཛད་ནས། ཐ་དད་པའི་རྣམ་པ་སྣ་ཚོགས་སུ་བཤད་པས་ལ་ལ་ལས་ནི་སྤྱོད་པ་རྣམས་ཡང་དག་པར་སྒྲུབ་པ་ལ་རྣལ་འབྱོར་ཞེས་སྟོན་ཏོ། །ལ་ལ་ལས་ནི་བྱང་ཆུབ་
ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྣལ་འབྱོར་ཞེས་སྟོན་ཏོ། །ལ་ལ་ལས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་ལ་རྣལ་འབྱོར་ཞེས་བསྟན་པ་ནས། དེ་བཞིན་དུ་ཁ་ཅིག་ལས་བྱང་ཆུབ་སེམས་དཔའི་ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་མཉམ་པ་ཉིད་དུ་འཇུག་པ་ལ་རྣལ་འབྱོར་
เล่ม ๑๑๙ · หน้า 86a
ཞེས་བྱའོ་ཞེས་བཤད་པའི་བར་དུ་སྟེ། གོང་དུ་བསྟན་པའི་དོན་རྣམ་པ་བཞི་དང་ལྡན་པའི་ཕྱིར་རོ། །དེ་ལ་འབྲས་བུའི་རྣལ་འབྱོར་ནི་འདི་ལྟ་སྟེ། འབྲས་བུ་ཐམས་ཅད་ཕན་ཚུན་མཐུན་པར་གྱུར་པའི་ཕྱིར་དང་། ཡང་དག་པའི་རིགས་པ་དང་མཐུན་པར་གྱུར་པའི་
ཕྱིར་དང་། ཡང་དག་པའི་བསྟན་པ་དང་མཐུན་པར་གྱུར་པའི་ཕྱིར་དང་ཡང་དག་པའི་རྒྱུ་དང་མཐུན་པར་གྱུར་པའི་ཕྱིར་རྣལ་འབྱོར་ཞེས་བྱའོ། །འབྲས་བུའི་རྣལ་འབྱོར་འདི་འབྲས་བུ་ཐམས་ཅད་དུ་ཁྱབ་པ་ཡིན་ཡང་། མདོ་སྡེ་དང་བསྟན་བཅོས་རྣམས་ལས་ནི་མཚན་ཉིད་དང་དབང་པོའི་དབང་དུ་
མཛད་ནས། ཐ་དད་པ་རྣམ་པ་སྣ་ཚོགས་སུ་བཤད་པས་ཁ་ཅིག་ལས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རྣལ་འབྱོར་ཞེས་བྱའོ་ཞེས་བཤད་པ་ནས་དེ་བཞིན་དུ་ཁ་ཅིག་ལས། འདུས་བྱས་དང་འདུས་མ་བྱས་པའི་ཡོན་ཏན་ལ་རྣལ་འབྱོར་ཞེས་བྱའོ་
ཞེས་བཤད་པའི་བར་དུ་སྟེ་གོང་དུ་བསྟན་པའི་དོན་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་འཕགས་པའི་བསྟན་པ་རྣམས་ལ་རྣལ་འབྱོར་ཞེས་བཤད་དེ། ཡང་དག་པའི་རིགས་པ་དང་མཐུན་པར་གྱུར་པའི་ཕྱིར་དང་། ཡང་དག་པའི་སྒྲུབ་པ་དང་མཐུན་པར་གྱུར་པའི་ཕྱིར་དང་། ཡང་དག་པའི་འབྲས་
བུ་རབ་ཏུ་འདྲེན་པའི་ཕྱིར་རོ། །ཁ་ཅིག་ནི་འདི་སྐད་དུ་ཐེག་པ་རྣམ་པ་གསུམ་གྱི་བསྒོམ་པ་དག་ལ་རྣལ་འབྱོར་ཞེས་བྱ་སྟེ། ཡང་ནས་ཡང་དུ་རྩོལ་ཞིང་བསྒོམ་པས་རིགས་པ་དང་མཐུན་ཞིང་བསྒྲུབ་པའི་རྗེས་སུ་མཐུན་པར་གྱུར་ནས་འབྲས་བུ་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར་དང་། ཡུལ་དང་
འབྲས་བུ་དང་འཕགས་པའི་བསྟན་པའི་རྣལ་འབྱོར་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་དང་། རྣལ་འབྱོར་གྱི་འབྲས་བུ་ཡིན་པའི་ཕྱིར་དང་རྣལ་འབྱོར་བརྗོད་པའི་ཕྱིར་དང་། རྣལ་འབྱོར་ཞེས་བྱའི། ཡང་དག་པའི་རྣལ་འབྱོར་ནི་མ་ཡིན་ནོ་ཞེས་བཤད་དེ། འགྲེལ་པ་དེ་ལས་རྣམ་པ་གཉིས་སུ་བཤད་པ་
ཡོད་ཀྱང་མདོ་འདི་ལས་གསུངས་པའི་རྣལ་འབྱོར་ནི་བཤད་པ་གཉིས་པ་དང་སྦྱར་ཏེ། སྒྲུབ་པ་རྣམས་ལ་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ཉིད་དེ། འོག་ནས་མདོ་ལས་གསུངས་པ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་ལ་རྣལ་འབྱོར་ཞེས་བསྟན་པའི་ཕྱིར་རོ། །ལེའུ་འདི་
เล่ม ๑๑๙ · หน้า 86b
ལས་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གྱི་དོན་རྒྱ་ཆེར་སྟོན་པའི་ཕྱིར། རྣལ་འབྱོར་རྣམ་པར་འབྱེད་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་བརྟེན་
ཅི་ལ་གནས་ནས་ཐེག་པ་ཆེན་པོ་ལ་ཞི་གནས་དང་ལྷག་མཐོང་སྒོམ་པར་བགྱིད་ལགས་ཞེས་བྱ་བ་འདི་མན་ཆད་ནི་དེ་ཡན་ཆད་དུ་ལེའུ་བཞི་པོ་དག་གིས་ཡོངས་སུ་བརྟག་པར་བྱ་བའི་ཡུལ་བསྟན་ནས། འདིར་ནི་ལེའུ་གཉིས་ཀྱིས་བརྟག་པའི་སྤྱོད་པ་སྟོན་པར་མཛད་དོ། །དེ་ཡང་རྣམ་པ་གཉིས་སུ་
དབྱེ་སྟེ། དང་པོ་རྣལ་འབྱོར་རྣམ་པར་འབྱེད་པས་ནི་ཞི་གནས་དང་ལྷག་མཐོང་བསྒྲུབ་པའི་སྒོ་སྟོན་པར་མཛད་ལ། གཉིས་པ་ས་དང་ཕ་རོལ་ཏུ་ཕྱིན་པ་དག་གིས་ནི་ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་རབ་ཏུ་སྟོན་པར་མཛད་དོ། །ལེའུ་རྣམ་པ་གཉིས་ཡོད་པ་ལས་ཞི་གནས་དང་ལྷག་མཐོང་
ནི་སྤྱི་ཡིན་པས་སྔར་བསྟན་ལ། ས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ནི་བྱེ་བྲག་ཡིན་པའི་ཕྱིར་ཕྱིས་བསྟན་ཏོ། །ཡང་ན་ཞི་གནས་དང་ལྷག་མཐོང་ནི་བསྡུས་པ་ཡིན་པའི་ཕྱིར་སྔར་བསྟན་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་པ་དག་ནི་རྒྱས་པ་ཡིན་པས་ཕྱིས་བསྟན་ཏོ། །ཞི་གནས་དང་ལྷག་མཐོང་
བསྟན་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞི་གནས་དང་ལྷག་མཐོང་ཡང་དག་པར་བཤད་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་མན་ཆད་ཀྱིས་བཀའ་བཞིན་དུ་སྒྲུབ་པ་རབ་ཏུ་སྟན་ཏོ། །དང་པོ་ཡང་རྣམ་པ་གཉིས་ཏེ་ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་དང་། ཚིགས་
སུ་བཅད་པས་མདོར་བསྟན་པའོ། །ཁ་ཅིག་ན་རེ་ལེའུ་འདི་གཅིག་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་དབྱེ་སྟེ། ཚིག་རྐྱང་ལས་རྒྱ་ཆེར་རྣམ་པར་བཤད་པ་དང་། ཚིགས་སུ་བཅད་པ་སྨོས་ནས་མདོར་བསྟན་པ་དང་། བཀའ་བཞིན་དུ་སྤྱོད་པ་བསྟན་པའོ་ཞེའོ། །ཚིག་རྐྱང་པ་ཡང་རྣམ་པ་
གཉིས་སུ་དབྱེ་སྟེ། ཞི་གནས་དང་ལྷག་མཐོང་རྒྱ་ཆེར་རྣམ་པར་དབྱེ་བ་དང་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་མན་ཆད་ཀྱིས་མཇུག་བསྡུ་ཞིང་བསྒྲུབ་པར་བསྐུལ་བའོ། །རྒྱ་ཆེར་རྣམ་པར་དབྱེ་བ་ཡང་སྒོ་རྣམ་པ་བཅོ་བརྒྱད་ཀྱིས་བསྟན་ཏེ། ཞི་གནས་དང་
เล่ม ๑๑๙ · หน้า 87a
ལྷག་མཐོང་གི་རྟེན་དང་གནས་རྣམ་པར་འབྱེད་པའི་སྒོ་དང་། ཞི་གནས་དང་ལྷག་མཐོང་གི་དམིགས་པའི་བྱེ་བྲག་བསྟན་པའི་སྒོ་དང་། ཞི་གནས་དང་ལྷག་མཐོང་ཡོངས་སུ་ཚོལ་བ་རྣམ་པར་འབྱེད་པའི་སྒོ་དང་། ཞི་གནས་དང་ལྷག་མཐོང་རྗེས་སུ་མཐུན་པ་
ཡིད་ལ་བྱེད་པ་བསྟན་པའི་སྒོ་དང་། ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་གཅིག་པ་དང་ཐ་དད་པ་རྣམ་པར་འབྱེད་པའི་སྒོ་དང་། ཞི་གནས་དང་ལྷག་མཐོང་རྣམ་པར་རིག་པ་ཙམ་དུ་རྣམ་པར་འབྱེད་པའི་སྒོའམ། ཡང་ན་སེམས་དང་ཡུལ་གཅིག་པ་དང་ཐ་དད་པ་ཉིད་དུ་རྣམ་པར་
འབྱེད་པའི་སྒོ་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་བསྒོམ་པའི་སྒོ་དང་། ཞི་གནས་དང་ལྷག་མཐོང་རྣམ་པར་རབ་ཏུ་དབྱེ་བའི་སྒོ་དང་། ཆོས་ལ་བརྟེན་པ་དང་བརྟེན་པ་མ་ཡིན་པའི་ཞི་གནས་དང་ལྷག་མཐོང་བསྟན་པའི་སྒོ་དང་། རྟོག་པ་དང་དཔྱོད་པ་དང་བཅས་པ་ལ་སོགས་པ་རབ་ཏུ་
དབྱེ་བའི་སྒོ་དང་། ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་རབ་ཏུ་དབྱེ་བའི་སྒོ་དང་། ཆོས་དང་དོན་རིག་པ་རབ་ཏུ་དབྱེ་བའི་སྒོ་དང་། ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་གཞན་རྣམས་བསྡུ་བའི་སྒོ་དང་། ཞི་གནས་དང་ལྷག་མཐོང་གི་རྒྱུ་དང་འབྲས་བུ་དང་
ལས་བྱེད་པའི་སྒོ་དང་། ཞི་གནས་དང་ལྷག་མཐོང་གི་གནས་དང་གཉེན་པོར་གྱུར་པ་རབ་ཏུ་དབྱེ་བའི་སྒོ་དང་། ལྷག་མཐོང་གིས་བྱང་ཆུབ་ཐོབ་པར་བསྟན་པའི་སྒོ་དང་། མཐུ་དང་ཡོན་ཏན་ཡངས་ཤིང་རྒྱ་ཆེ་བ་རབ་ཏུ་འདྲེན་པའི་སྒོ་དང་། ལྷག་མ་མེད་པའི་དབྱིངས་སུ་ཚོར་བ་དགག་
པར་འགྱུར་བར་བསྟན་པའི་སྒོ་སྟེ། འདི་ནི་དང་པོ་ཞི་གནས་དང་ལྷག་མཐོང་གི་རྟེན་དང་གནས་རྣམ་པར་དབྱེ་བའི་སྒོའོ། །འདི་ཡང་རྣམ་པ་གཉིས་ཏེ་ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་བྱང་ཆུབ་སེམས་དཔའ་ཞུ་བ་གསོལ་བ་སྟེ། དེ་ལ་བྱམས་པ་ཞེས་བྱ་བ་ནི་
མཻ་ཏྲི་ཞེས་བྱ་བའི་སྒྲ་ལས་དྲངས་ན་དོན་རྣམ་པ་གསུམ་དང་ལྡན་པས་དང་པོ་ནི་ཡུམ་ལས་མཚན་དུ་བཏགས་པ་ཡིན་ཏེ། འདི་ལྟར་དེའི་ཡུམ་བྱམས་མ་ཞེས་བྱ་བས་ཡུམ་བྱམས་མ་ལས་མཚན་དུ་བཏགས་པའི་ཕྱིར་བྱམས་པ་ཞེས་བྱའོ། །གཉིས་པ་ནི་དེའི་རང་བཞིན་བྱམས་པ་དང་།
เล่ม ๑๑๙ · หน้า 87b
སྙིང་རྗེ་ཅན་ཡིན་པས་བྱམས་པ་ཞེས་བྱ་སྟེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཐོག་མ་ཁོ་ནར་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་བྱམས་པ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །གསུམ་པ་ནི་སྨོན་ལམ་ལས་མཚན་དུ་བཏགས་པ་ཡིན་ཏེ། འཕགས་
པ་དྲང་སྲོང་ཡེ་ཤེས་ཐམས་ཅད་ཀྱི་འོད་ཅེས་བྱ་བའི་མདོ་ལས། བྱམས་པ་སྔོན་དྲང་སྲོང་ཡེ་ཤེས་ཐམས་ཅད་ཀྱི་འོད་ཅེས་བྱ་བར་གྱུར་པ་ན་སངས་རྒྱས་བྱམས་པ་ཞེས་བྱ་བ་ལས་ཏིང་ངེ་འཛིན་བསྟན་པ་ཞེས་བྱ་བའི་མདོ་ཐོས་པས་མ་འོངས་པ་ན་བདག་མངོན་པར་རྫོགས་པར་སངས་
རྒྱས་པའི་ཚེ་ཡང་མིང་བྱམས་པ་ཞེས་བྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ་ཞེས་གསུངས་ཏེ། དོན་རྣམ་པ་འདི་གསུམ་དང་ལྡན་པའི་ཕྱིར་བྱམས་པ་ཞེས་བྱའོ། །འདིར་ཞུ་བ་གསོལ་པ་ཡང་དགོངས་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་གང་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་
བསྒོམ་པར་བགྱི་ལགས་ཞེས་ཞུས་པའོ། །གཉིས་པ་ནི་ཆོས་གང་ལ་གནས་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བགྱི་ལགས་ཞེས་ཞུས་པའོ། །དེ་ལ་ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་ནི་ཏིང་ངེ་འཛིན་དང་ཤེས་རབ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནང་
ནས་ཞི་གནས་དང་ལྷག་མཐོང་བསྟན་པའི་ལེའུ་ལས་ཞི་གནས་ནི་ཏིང་ངེ་འཛིན་ཏོ། །ལྷག་མཐོང་ནི་ཤེས་རབ་པོ་ཞེས་བསྟན་ཏོ། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཀྱང་ཞི་གནས་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་ཏོ། །ལྷག་མཐོང་ནི་འདི་ལྟ་སྟེ། ཤེས་རབ་པོ་ཞེས་བཤད་དོ། །
གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཞི་གནས་ནི་འདི་ལྟ་སྟེ། སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་འདི་ལྟ་སྟེ། ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ་ཞེས་གསུངས་སོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་
སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ཞི་གནས་ནི་འདི་ལྟ་སྟེ། རྣམ་པར་གཡེང་བའི་ཏིང་ངེ་འཛིན་རྣམས་ཀྱི་གཉེན་པོར་གྱུར་པའོ། །ལྷག་མཐོང་ནི་འདི་ལྟ་སྟེ། ཕྱིན་ཅི་ལོག་གི་ཤེས་རབ་ཀྱི་གཉེན་པོར་གྱུར་པའོ་ཞེས་འབྱུང་ངོ་། །བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་དང་མོས་པ་སྐྱེད་པ་དང་།
เล่ม ๑๑๙ · หน้า 88a
ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣམ་པར་བཤད་པ་དང་། དགེ་བསྙེན་གྱི་སྡོམ་པ་བསྟན་པའི་མདོ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་དང་། འདུས་པ་ཆེན་པོའི་མདོ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་འདི་གཉིས་
ཀྱི་བྱེ་བྲག་གི་མཚན་ཉིད་བསྟན་པ་འབྱུང་བ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ཆོས་གདགས་པ་རྣམ་པར་གཞག་པ་དང་། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཀྱི་སྨོན་ལམ་མི་གཏོང་བས། རྟེན་དང་གནས་བྱས་ནས་ཐེག་པ་ཆེན་པོ་ལ་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་
ཆོས་གདགས་པ་རྣམ་པར་གཞག་པས་རྟེན་བྱས་ནས། ཞི་གནས་དང་ལྷག་མཐོང་བསྒོམ་པ་དང་གཞན་ཡང་བྱང་ཆུབ་ཀྱི་སྨོན་ལམ་ཆེན་པོ་མི་གཏོང་བ་ལ་གནས་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པས་སོ། །དེ་ལ་ཆོས་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་ཆོས་རྣམས་ཐམས་
ཅད་བརྗོད་པ་དང་བྲལ་བ་ཡིན་པས་བཏགས་པ་ཙམ་དུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པ་ཞེས་རྣམ་པར་གཞག་པ་ཡིན་པས་དེའི་ཕྱིར་མདོ་འདི་ཉིད་ལས་བརྗོད་དུ་མེད་པའི་ཆོས་ཉིད་གཞན་དག་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་བཏགས་པའི་མིང་དང་འདུ་ཤེས་ཀྱིས་
ཞེས་གསུངས་པ་དང་། གཞན་ཡང་དྲིན་ལན་གསུངས་པའི་མདོ་ལས་ཆོས་ལ་བརྗོད་པ་མེད་ཀྱང་དེ་བཞིན་གཤེགས་པས་ཤིན་ཏུ་ཐབས་མཁས་པས་མིང་དང་མཚན་མ་མེད་པའི་ཆོས་ལ་མིང་དང་མཚན་མར་བརྗོད་དོ་ཞེས་གསུངས་པ་དང་། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་
དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་ན། ཅིའི་ཕྱིར་བརྗོད་པ་སྦྱོར་བར་བྱེད་ཅེ་ན། སྨྲས་པ། འདི་ལྟར་བརྗོད་པ་མེད་ན་ཡང་བརྗོད་དུ་མེད་པའི་ཆོས་ཉིད་དེ་གཞན་དག་ལ་བསྙད་པ་དང་ཐོས་པར་བྱེད་ཀྱང་མི་ནུས་ལ་ཚིག་དང་ཐོས་པ་མེད་ན་ཡང་བརྗོད་དུ་མེད་པའི་ངོ་བོ་ཉིད་དེ་ཤེས་པར་
เล่ม ๑๑๙ · หน้า 88b
མི་ནུས་སོ། །དེ་བས་ན་ཐོས་པ་དང་ཤེས་པར་བྱ་བའི་ཕྱིར་བརྗོད་པ་ཡང་སྦྱོར་བར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་སྨོན་ལམ་ལ་གནས་པ་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་དུ་སེམས་བསྐྱེད་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཏུ་སེམས་
བསྐྱེད་པ་གང་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཆེད་དུ་རྒྱུ་དང་རྐྱེན་མཐུ་ཅན་ཁྱད་པར་ཅན་འཕགས་པ་དེ་དག་གི་རྣམ་པ་ལ་བརྟེན་ཏེ་བླ་ན་མེད་པའི་བྱང་
ཆུབ་ཀྱི་ཡི་དམ་ཆེན་པོ་བསྐྱེད་ནས་སེམས་བསྐྱེད་པའི་ཆོས་ནོད་པར་བྱེད་དེ་འདི་ལྟར་བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་བྱའོ་སྙམ་སྟེ། ཉོན་མོངས་པ་རྣམས་དང་དབྲལ་བའི་
ཕྱིར་དང་། སྡུག་བསྔལ་གྱི་བདེན་པ་ལས་དབྲལ་བའི་ཕྱིར་རོ། །སེམས་བསྐྱེད་པ་ཡང་དག་པར་བླང་བར་བྱ་བ་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་ཀུན་རྫོབ་ཏུ་སེམས་བསྐྱེད་པ་འདི་ལྟ་སྟེ། ཇི་ལྟར་ཁ་ཅིག་མཁས་པའི་མདུན་དུ་གུས་པས་འདུག་པ་སྟེ། ལྷག་པའི་བསམ་པ་བསྐྱེད་
ནས་ཡི་དམ་བླང་བའི་ཚིག་འདི་སྐད་དུ་ཚེ་དང་ལྡན་པ་དགོངས་སུ་གསོལ་ཞེའམ། ཡང་ན་འཕགས་པ་དགོངས་སུ་གསོལ་ཞེའམ། ཡང་ན་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དེང་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་ཅན་རྣམས་ལ་ཕན་
གདགས་པའི་སླད་དུ་དེང་སླན་ཆད་བདག་གིས་ཇི་ཙམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་སྤྱད་པ་གང་ལགས་པ་དེ་དག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་དེང་བདག་བྱང་ཆུབ་སེམས་དཔའ་རྣམས་དང་མཐུན་པར་རབ་ཏུ་འབྱུང་ན་བཙུན་པས་བདག་བྱང་ཆུབ་སེམས་དཔའ་ལགས་པར་མཁྱེན་
པར་མཛད་དུ་གསོལ་ཞེས་ལན་གཉིས་ལན་གསུམ་དུ་བརྗོད་པ་ལྟ་བུའོ། །གཉིས་པ་ནི་ཆོས་ཉིད་ཀྱིས་ཐོབ་པ་འདི་ལྟ་སྟེ། ཇི་ལྟར་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་ཐོབ་པས་དེའི་དབང་གིས་བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་ཕྱིར་མི་ལྡོག་
เล่ม ๑๑๙ · หน้า 89a
པར་མོས་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་པ་ཞེས་བྱའོ་ཞེས་བསྟན་པ་ལྟ་བུའོ། །ཡང་ན་བྱང་ཆུབ་ཀྱི་སྨོན་ལམ་ལ་གནས་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ལན་གླན་པའི་སེམས་རྣམ་པ་བཞི་ཞེས་གསུངས་པ་ཉིད་དེ།
དེའི་ཕྱིར་སློབ་དཔོན་ཡོན་ཏན་བྱིན་གྱིས་བྱས་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། ཇི་ལྟར་གནས་པར་བགྱི་བ་ཞེས་བྱ་བ་ནི་མཚན་ཉིད་དང་། འབྲས་བུ་གང་ལ་སེམས་གནས་ནས་སྨོན་ཅིང་ཚོལ་བར་བྱེད་ཅེས་བྱའོ། །འདིས་ནི་བྱང་ཆུབ་སེམས་
དཔའི་འབྲས་བུའི་ཕན་ཡོན་རྣམ་པ་བཞི་དང་རྗེས་སུ་མཐུན་པར་གྱུར་པའི་སེམས་བསྟན་ཏོ། །བཞི་གང་ཞེ་ན། དང་པོ་ནི་མཐའ་མེད་པའི་སེམས་ཏེ། མདོ་ལས་ཇི་སྐད་དུ། སེམས་ཅན་ཇི་ཙམ་སེམས་ཅན་དུ་བསྡུ་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །གཉིས་པ་ནི་མཆོག་ཏུ་གྱུར་
པའི་སེམས་ཏེ། མདོ་ལས་ཇི་སྐད་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་བཟླ་བ་ཞེས་གང་གསུངས་པའོ། །གསུམ་པ་ནི་ཡོངས་སུ་གཟུང་བའི་སེམས་ཏེ། མདོ་ལས་ཇི་སྐད་དུ་སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་སེམས་ཅན་གང་
ཡང་ཡོངས་སུ་མྱ་ངན་ལས་བཟླ་བར་གྱུར་པ་མེད་དོ་ཞེས་གང་གསུངས་པའོ། །བཞི་པ་ནི་ཡང་དག་པའི་ཤེས་པའི་སེམས་ཏེ། མདོ་ལས་ཇི་སྐད་དུ། གལ་ཏེ་སེམས་ཅན་དུ་འདུ་ཤེས་པར་གྱུར་ན་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ་ཞེས་གང་གསུངས་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་
ལས་བཤད་པ་བཞིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་མཛད་པ་ལས་ནི། རྒྱ་ཆེ་བའི་སེམས་དང་མཆོག་ཏུ་གྱུར་པའི་སེམས་དང་། རྟག་པར་བྱེད་པའི་སེམས་དང་། ཕྱིན་ཅི་མ་ལོག་པའི་སེམས་ཞེས་བཤད་དོ། །དེ་ལ་ཐེག་པ་ཆེན་པོ་ལ་ཞེས་བྱ་བ་
ནི་ཞི་གནས་དང་ལྷག་མཐོང་བསྒོམ་པའི་སྒོ་ནི་སྡེ་སྣོད་གཉིས་སུ་གཏོགས་པས་ཉན་ཐོས་ཀྱི་སྡེ་སྣོད་ལས་དགར་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་གསུངས་ཏེ། དེས་དོན་དམ་པ་དང་། བསྟན་པ་དང་། སྒྲུབ་པ་དང་། འབྲས་བུ་ཡོངས་སུ་བསྡུས་པ་གང་ཡིན་པ་དེ་དག་ནི་གང་ཟག་ཆེན་པོའི་
เล่ม ๑๑๙ · หน้า 89b
ཐེག་པ་ནུས་པ་ཁྱད་པར་ཅན་དང་ལྡན་པ་ཡིན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །ཐེག་པ་ཆེན་པོ་ཞེས་བྱ་བ་དེ་ཡང་བསྟན་བཅོས་མོས་པ་བསྐྱེད་པ་དང་། འཕགས་པ་འདུས་པ་ཆེན་པོའི་མདོ་ལས་ནི་དོན་རྣམ་པ་གསུམ་གྱིས་ཐེག་པ་ཆེན་པོ་ཞེས་བསྟན་ཏོ། །སློབ་དཔོན་ངོ་བོ་ཉིད་མེད་
ཀྱིས་བྱས་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ནི་དོན་རྣམ་པ་བདུན་གྱིས་ཐེག་པ་ཆེན་པོ་ཞེས་སྟོན་ཏོ། །བསྟན་བཅོས་སྒོ་བཅུ་གཉིས་པ་ལས་ནི་དོན་རྣམ་པ་དྲུག་གི་ཕྱིར་ཐེག་པ་ཆེན་པོ་ཞེས་བསྟན་ཏོ། །ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་
སུ་འཛིན་པ་དང་། རྣམ་པར་བཤད་པ་དང་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། མདོ་སྡེའི་རྒྱན་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ནི་དོན་རྣམ་པ་དྲུག་དང་། བདུན་གྱིས་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་སྟོན་ཏོ། །ཞི་གནས་དང་ལྷག་མཐོང་སྒོམ་པར་བགྱིད་ལགས་ཞེས་
བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ནང་ནས་ཞི་གནས་དང་ལྷག་མཐོང་གཙོ་བོས་གྱུར་པས། དེའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། སངས་རྒྱས་བདག་ཉིད་ཐེག་པ་ཆེ་གནས་པས། །ཡང་དག་ཇི་བཞིན་ཆོས་ནི་རྙེད་པར་འགྱུར། །ཏིང་འཛིན་ཤེས་རབ་སྟོབས་
ཀྱིས་བརྒྱན་པས་ན། །དེས་ནི་སེམས་ཅན་ཡོངས་སུ་བཟླ་བར་མཛད། །ཅེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། དཔེར་ན་ཤིང་རྟའི་འཁོར་ལོ་གཉིས་ལས་གཅིག་ནི་སྟོབས་དང་ལྡན་ལ་གཅིག་ནི་མཐུ་ཆུང་བར་གྱུར་ན་བདེ་
བར་མི་འགྱུར་བ་དེ་བཞིན་དུ་ཤེས་རབ་དང་ཏིང་ངེ་འཛིན་མི་མཉམ་པ་ཡང་དེ་བཞིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་སྒོམ་པར་བྱེད་དེ་ཞེས་བསྟན་ཏོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མུ་བཞི་པོ་ཏིང་ངེ་འཛིན་
དང་ལྡན་ལ་ཤེས་རབ་མེད་པ་དང་། ཤེས་རབ་དང་ལྡན་ལ་ཏིང་ངེ་འཛིན་མེད་པ་དང་། ཤེས་རབ་དང་ཏིང་ངེ་འཛིན་གཉི་ག་དང་ལྡན་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་གཉི་ག་མེད་པ་ཞེས་འབྱུང་བ་ཡང་འདིར་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་
เล่ม ๑๑๙ · หน้า 90a
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཅི་སྐད་དུ་དམིགས་པའི་དངོས་པོ་རྣམ་པ་བཞི་པོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་བྱེ་བྲག་བསྟན་པའི་སྒོ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་
གཉིས་ཏེ་ཞུ་བ་གསོལ་པ་དང་ལན་དུ་གསུངས་པའོ། །ཞུ་བ་གསོལ་པ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་མདོར་བསྟན་པ་དང་། གྲངས་བཞིན་དུ་མིང་བཀོད་པ་དང་། ཞུ་བ་ཉིད་ཡང་དག་པར་ཞུས་པ་སྟེ། འདི་ནི་དང་པོའོ། །དེ་ལ་དམིགས་པའི་དངོས་པོ་ཞེས་བྱ་བ་ལ་དམིགས་པ་ནི་སྤྱོད་ཡུལ་
གྱི་དངོས་པོ་སྟེ། བདག་ཉིད་ཀྱི་དངོས་པོ་དམིགས་པར་བྱ་བའི་ཡུལ་བཞི་པོ་ཀུན་ལ་ཡང་ངོ་བོ་ཉིད་ཡོད་པའི་ཕྱིར། དམིགས་པའི་དངོས་པོ་ཞེས་བྱའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དམིགས་པར་བྱ་བའི་ཡུལ་གྱི་དངོས་པོ་དང་རྣམ་པར་མི་རྟོག་པའི་གཟུགས་བརྙན་
དམིགས་པར་བྱ་བ་ཡུལ་གྱི་དངོས་པོ་དང་དངོས་པོའི་མཐའ་དམིགས་པར་བྱ་བ་ཡུལ་གྱི་དངོས་པོ་དང་། དགོས་པ་ཡོངས་སུ་གྲུབ་པ་དམིགས་པར་བྱ་བ་ཡུལ་གྱི་དངོས་པོའོ་ཞེས་གསུངས་པ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །དམིགས་པར་བྱ་བའི་ཡུལ་ནི་མདོར་
བསྡུ་ན་རྣམ་པ་བཞི་ཡོད་པས་འདི་ལྟ་སྟེ། ཁྱབ་པའི་དམིགས་པ་དང་། སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པའོ། །རྣམ་པ་བཞི་པོ་འདི་དག་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་
ཏེ་མདོ་འདི་ཉིད་དང་། དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་ལས་ནི་ཁྱབ་པའི་དམིགས་པ་རྣམ་པ་བཞིའི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མ་གསུངས་སོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཁྱབ་པ་དང་སྤྱོད་པ་རྣམ་པར་སྦྱོང་བ་ལ་སོགས་པ་དམིགས་
པ་རྣམ་པ་བཞིའི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣམ་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ཉན་ཐོས་ཀྱི་སའི་ནང་ནས་ནི་གོ་རིམས་བཞིན་དུ་དམིགས་པ་རྣམ་པ་བཞི་རྒྱ་ཆེར་སྟོན་པས་དེ་དག་
เล่ม ๑๑๙ · หน้า 90b
འདིར་བསྟན་པ་ཡིན་ཏེ། དེའི་ཕྱིར་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཆོས་ཀྱི་དམིགས་པའི་རབ་ཏུ་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཞི་པོ་འདི་ལྟ་སྟེ། ཁྱབ་པའི་དམིགས་པ་དང་སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་མཁས་པའི་དམིགས་པ་དང་
ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པའོ། །ཁྱབ་པའི་དམིགས་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་དང་། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་དང་། དངོས་པོའི་མཐའི་དམིགས་པ་དང་།
དགོས་པ་ཡོངས་སུ་གྲུབ་པའི་དམིགས་པའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་ནི་འདི་ལྟ་སྟེ། མོས་པ་ཡིད་ལ་བྱེད་པས་གང་ཞི་གནས་དང་ལྷག་མཐོང་ལ་དམིགས་པའོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ནི་འདི་ལྟ་སྟེ།
དེ་ཁོ་ན་ཡིད་ལ་བྱེད་པས་ཞི་གནས་དང་ལྷག་མཐོང་ལ་དམིགས་པའི་སྤྱོད་ཡུལ་གང་ཡིན་པའོ། །དངོས་པོའི་མཐའི་དམིགས་པ་ནི་འདི་ལྟ་སྟེ། གང་ཆོས་ཐམས་ཅད་ཀྱི་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དོ། །དེ་ལ་ཇི་སྙེད་ཡོད་པ་ཉིད་ནི་འདི་ལྟ་སྟེ། ཕུང་པོ་དང་
ཁམས་དང་སྐྱེ་མཆེད་རྣམས་སོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ནི་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་དང་། དེ་བཞིན་ཉིད་དང་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་
ཞི་བ་དང་། སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པའོ། །དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ནི་འདི་ལྟ་སྟེ་གནས་གྱུར་པའོ། །སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་ཡང་རྣམ་པ་ལྔའོ། །འདི་ལྟ་སྟེ། འདོད་ཆགས་ལ་མང་དུ་སྤྱོད་པ་རྣམས་ཀྱིས་ནི་མི་གཙང་
བའི་ཡུལ་ལ་དམིགས་པའོ། །ཞེ་སྡང་ལ་མང་དུ་སྤྱོད་པ་རྣམས་ཀྱིས་ནི་བྱམས་པའི་ཡུལ་ལ་བསྒོམ་པའོ། །གཏི་མུག་ལ་མང་དུ་སྤྱོད་པ་རྣམས་ཀྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡུལ་ལ་དམིགས་པའོ། །ང་རྒྱལ་ལ་སྤྱོད་པ་རྣམས་ཀྱིས་ནི་ཁམས་རབ་ཏུ་དབྱེ་བ་ལ་དམིགས་པའོ། །
เล่ม ๑๑๙ · หน้า 91a
རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་ཀྱིས་ནི་དབུགས་འབྱུང་བ་དང་། རྔུབ་པ་རྗེས་སུ་དྲན་པའི་ཡུལ་ལ་དམིགས་པའོ་ཞེས་འབྱུང་སྟེ། དེ་ལ་མི་གཙང་བ་བསྒོམ་པ་ནི་མཛོད་ཀྱི་བསྟན་བཅོས་དང་། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་བྱེ་
བྲག་ཏུ་བཤད་པ་ཆེན་པོ་དང་རྣལ་འབྱོར་སྤྱོད་པའི་ས་ལས་རྒྱ་ཆེར་སྟོན་ཏོ། །བྱམས་པ་བསྒོམ་པ་ནི་མཛོད་ཀྱི་བསྟན་བཅོས་དང་། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། རྣལ་འབྱོར་སྤྱོད་པའི་ས་དང་། འཕགས་པ་མྱ་ངན་ལས་འདས་
པ་ཆེན་པོའི་མདོ་ལས་རྒྱ་ཆེར་སྟོན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སྟོན་ཏོ། །ཁམས་རབ་ཏུ་དབྱེ་བ་ནི་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་རྒྱ་
ཆེར་སྟོན་ཏོ། །དབུགས་འབྱུང་བ་དང་རྔུབ་པ་ནི་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་དང་། མཛོད་ཀྱི་བསྟན་བཅོས་དང་། ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་རྒྱ་ཆེར་སྟོན་ཏོ། །གཞན་ཡང་བསྟན་
བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དེ་ཉིད་ལས་མཁས་པའི་དམིགས་པ་ཡང་རྣམ་པ་ལྔ་པོ་འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་
གནས་མ་ཡིན་པ་ལ་མཁས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ཇི་ལྟ་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ལས་བལྟའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན།
ཆོས་རྣམས་ལས་ཆོས་མངོན་པར་འབྱུང་བའི་ཕྱིར་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་ཡོངས་སུ་སྤངས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །རྒྱུ་དང་མཐུན་པར་འབྲས་བུ་འབྱུང་བ་ཡོངས་སུ་གཟུང་བའི་ཕྱིར་གནས་དང་གནས་མ་ཡིན་པ་ལ་མཁས་པའོ་ཞེས་འབྱུང་སྟེ། འདི་
เล่ม ๑๑๙ · หน้า 91b
ཉིད་ཀྱི་འགྲེལ་པ་ལས་འདི་ལྟར་མ་རིག་པ་ལ་སོགས་པའི་ཆོས་རྣམས་ལས་འདུ་བྱེད་ལ་སོགས་པའི་ཆོས་རྣམས་འབྱུང་བས་ཆོས་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མ་ཡིན་ལ། དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་ཏེ། དེ་ལྟར་རྟོགས་པའི་ཤེས་པ་གང་ཡིན་པ་དེ་
རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ་ཞེས་བྱའོ། །ཆོས་ཙམ་གྱི་རྒྱུ་ལས་བྱུང་བ་ཡིན་ཡང་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་ཉིད་འབྱུང་སྟེ། ཇི་ལྟར་ལེགས་པར་སྤྱོད་པའི་རྣམ་པར་སྨིན་པ་སྡུག་པ་དང་། ཉེས་པར་སྤྱོད་པའི་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ཞེས་བྱ་བ་ལ་
སོགས་པ་ཤེས་པ་གང་ཡིན་པ་འདི་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པ་ཞེས་བྱའོ་ཞེས་བཤད་དེ། མཁས་པ་རྣམ་པ་ལྔ་རྒྱ་ཆེར་བཤད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་དེ་ཉིད་ལས་ཉོན་མོངས་པ་རྣམ་པར་སྤྱོད་པའི་
དམིགས་པ་ནི་འདི་ལྟ་སྟེ། ས་འོག་མ་རྣམས་ཀྱི་རགས་པ་ཉིད་དང་། ས་གོང་མ་རྣམས་ཀྱི་ནི་ཞི་བ་ཉིད་དང་། དེ་བཞིན་ཉིད་དང་། འཕགས་པའི་བདེན་པ་བཞིའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ས་འོག་མ་རྣམས་ཀྱི་རགས་པ་ཉིད་དང་། ས་གོང་མ་རྣམས་
ཀྱི་ཞི་བ་ཉིད་ཅེས་བྱ་བ་ནི་འཇིག་རྟེན་པའི་ལམ་དང་སྦྱར་ཏེ་བཤད་ན་དེས་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་ཕྱིར་རོ། །དེ་བཞིན་ཉིད་དང་། འཕགས་པའི་བདེན་པ་བཞི་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་དང་སྦྱར་ཏེ་བཤད་ན་བསྡུས་པའི་ཕྱིར་ནི་དེ་བཞིན་ཉིད་དོ། །སྤྲོས་པའི་ཕྱིར་
ནི་འཕགས་པའི་བདེན་པ་བཞི་སྟེ། དེས་བག་ལ་ཉལ་གཏན་དུ་སྤོང་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །དམིགས་པ་ཕྱི་མ་གསུམ་ནི་བསྟན་བཅོས་རྣམས་ལས་ཕལ་ཆེན་མཐུན་པའི་ཕྱིར་འདིར་རྣམ་པར་
ཕྱེ་སྟེ་མ་བཤད་དོ། །ཁྱབ་པའི་དམིགས་པ་རྣམ་པ་བཞི་ནི་བསྟན་པ་རྣམས་ལས་ཐ་དད་པའི་བྱེ་བྲག་ཡོད་པས། དེའི་ཕྱིར་འདིར་ཕན་ཚུན་ནས་བསྟན་པ་ཡིན་ནོ། །མདོ་འདི་ཉིད་ལ་སོགས་པ་ལས་ནི་གཙོ་བོའི་དབང་དུ་མཛད་ནས་བསྟན་པའི་ཕྱིར་ཁྱབ་པའི་དམིགས་པ་རྣམ་པ་བཞི་ལོགས་
เล่ม ๑๑๙ · หน้า 92a
ཤིག་ཏུ་བསྟན་པ་ཡིན་ཏེ། རྣམ་པ་བཞི་པོ་དེ་དག་གི་མིང་ཡང་སྤྱི་དང་བྱེ་བྲག་ཡོད་དོ། །དེ་ལ་སྤྱིའི་མིང་ནི་རྣམ་པ་བཞི་ཆར་ཡང་ཁྱབ་པའི་དམིགས་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དམིགས་པ་དེའི་དངོས་པོ་བཞི་པོ་
དེ་དག་ནི་ཐམས་ཅད་དུ་འགྲོ་ཞིང་དམིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད་པ་ཡིན་པས་ན་དེའི་ཕྱིར་དེ་དག་ནི་ཁྱབ་པའི་དམིགས་པ་ཞེས་བྱའོ། །གཞན་ཡང་དེ་དག་ནི་ཞི་
གནས་ཀྱི་ཕྱོགས་དང་། དངོས་པོ་ཐམས་ཅད་དུ་ཁྱབ་པ་དང་། དེ་ཁོ་ན་ཉིད་ཀྱི་དངོས་པོ་ལ་ཁྱབ་པ་དང་། རྒྱུ་དང་འབྲས་བུ་རྗེས་སུ་འབྲེལ་པའི་དངོས་པོ་ལ་ཁྱབ་པའི་ཕྱིར་ཡང་ཁྱབ་པ་ཞེས་བྱ་སྟེ། དེ་ལ་རེ་ཞིག་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་གང་གསུངས་པ་
དེས་ནི་འདིར་ལྷག་མཐོང་གི་ཕྱོགས་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ཞེས་གང་གསུངས་པ་དེ་ནི་འདིར་ཞི་གནས་ཀྱི་ཕྱོགས་ཡིན་ནོ། །དངོས་པོའི་མཐའ་ཉིད་ཅེས་གང་གསུངས་པ་དེ་ནི་འདིར་དངོས་པོ་ཐམས་ཅད་དང་ལྡན་པ་དང་དེ་ཁོ་ན་ཉིད་ཀྱི་དངོས་པོ་ཡིན་ནོ། །དགོས་
པ་ཡོངས་སུ་གྲུབ་པ་ཞེས་གང་གསུངས་པ་དེ་ནི་འདིར་རྒྱུ་དང་འབྲས་བུ་རྗེས་སུ་འབྲེལ་བའི་དངོས་པོ་ཡིན་ནོ་ཞེས་བྱ་བ་ནས་དེ་ལྟར་ན་ཁྱབ་པར་དམིགས་པ་དེས་ནི་ཡིད་ཆེས་པའི་ལུང་གིས་དག་པ་དང་། རིགས་པ་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཁྱབ་པའི་དམིགས་པ་ཞེས་བྱའོ་ཞེས་
བྱ་བའི་བར་དུ་འབྱུང་ངོ་། །དེ་ལ་བྱེ་བྲག་གི་མིང་ཡང་བསྟན་པ་རྣམས་ལས་སོ་སོ་ནས་མི་མཐུན་ཏེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མོས་པ་ཡིད་ལ་བྱེད་པས་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་སྤྱོད་ཡུལ་ཇི་སྙེད་པ་དེ་དག་ནི་རྣམ་པར་རྟོག་པ་
དང་བཅས་པའི་གཟུགས་བརྙན་ཞེས་བྱ་སྟེ། གཅིག་ཏུ་འཇིག་རྟེན་པའི་ཡིད་ལ་བྱེད་པའི་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་སྤྱོད་ཡུལ་ཇི་སྙེད་ཡོད་པ་དེ་དག་ནི་རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ཞེས་བྱ་སྟེ།
เล่ม ๑๑๙ · หน้า 92b
གཅིག་ཏུ་འཇིག་རྟེན་ལས་འདས་པའི་ཡིད་ལ་བྱེད་པ་དང་། རྗེས་ལས་ཐོབ་པའི་དམིགས་པ་ཡིན་པའི་ཕྱིར་རོ། །ཆོས་རྣམས་ཀྱི་བདག་ཉིད་ཀྱི་དངོས་པོ་ནི་འདི་དག་ཙམ་དུ་ཟད་དོ་ཞེས་ཚད་ཀྱི་དངོས་པོ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཇི་ལྟ་བ་བཞིན་དུ་གྱུར་པ་ནི་དངོས་པོ་མཐའི་
དམིགས་པ་ཞེས་བྱའོ། །གནས་གྱུར་པ་ཐོབ་པའི་དམིགས་པར་གྱུར་པའི་ཕྱིར་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་
གཟུགས་བརྙན་ནི་འདི་ལྟ་སྟེ། ཤེས་བྱའི་དངོས་པོ་དང་མཐུན་པའི་གཟུགས་བརྙན་ལ་མཉམ་པར་གཞག་པའི་ས་པའི་ལྷག་མཐོང་གི་རྣམ་པ་དག་གིས་ལྟ་བར་བྱེད་ཅིང་། རྣམ་པར་འབྱེད་པར་བྱེད། ཡོངས་སུ་རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད་པ་སྟེ། དེ་ལ་ཤེས་བྱའི་
དངོས་པོ་ནི་འདི་ལྟ་སྟེ། སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཡིན་པ་དེ་དག་ཤེས་བྱའི་དངོས་པོ་དེ་དང་འདྲ་བར་སྣང་བས་ན་རིགས་པ་དེས་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་
ཞེས་བྱ་སྟེ། རྣལ་འབྱོར་པས་དེ་ཡོངས་སུ་བརྟགས་པའི་ཕྱིར་རང་བཞིན་དེ་ལ་ཡང་དག་པར་རྟོག་པ་ན་ཡོན་ཏན་དང་སྐྱོན་ངེས་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནི་འདི་ལྟ་སྟེ། རྣལ་
འབྱོར་པས་གཟུགས་བརྙན་གྱི་མཚན་མ་ཡོངས་སུ་བཟུང་ནས་རྣམ་པར་ལྟ་བར་མི་བྱེད་ཅིང་། རྣམ་པར་འབྱེད་པར་མི་བྱེད་རབ་ཏུ་རྣམ་པར་འབྱེད་པར་མི་བྱེད། ཡོངས་སུ་རྟོག་པར་མི་བྱེད། ཡོངས་སུ་དཔྱོད་པར་མི་བྱེད་མོད་ཀྱི་འོན་ཀྱང་དམིགས་པ་དེ་ཉིད་མ་བཏང་བའི་སེམས་དེ་ཞི་གནས་
ཀྱི་རྣམ་པས་ཡང་དག་པར་ཞི་བར་བྱེད་པ་དེ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱའོ། །དངོས་པོའི་མཐའ་ཉིད་ནི་འདི་ལྟ་སྟེ། ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལ་དམིགས་པ་གང་ཡིན་པའོ། །ཇི་སྙེད་ཡོད་པ་ཉིད་ནི་འདི་ལྟ་སྟེ་ཕུང་པོ་དང་། ཁམས་དང་།
เล่ม ๑๑๙ · หน้า 93a
སྐྱེ་མཆེད་དང་། བདེན་པ་བཞིའོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི་འདི་ལྟ་སྟེ། དེ་ཁོ་ན་ཉིད་དང་། དེ་བཞིན་ཉིད་རིགས་པ་བཞི་པོ་ཉིད་ལ་དམིགས་པ་གང་ཡིན་པའོ། །དེ་ལ་དགོས་པ་ཡོངས་སུ་གྲུབ་པ་ནི་འདི་ལྟ་སྟེ། རྣལ་འབྱོར་པ་དེས་ཞི་གནས་དང་ལྷག་
མཐོང་ལ་ཀུན་ཏུ་བསྟེན་ཅིང་། གོམས་པར་བྱས་པའི་གཟུགས་བརྙན་ལ་དམིགས་པའི་ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པར་གྱུར་ཅིང་། དེ་ཡོངས་སུ་རྫོགས་པར་གྱུར་པའི་ཕྱིར་གནས་ངན་ལེན་ཐམས་ཅད་ལས་གནས་གྱུར་ཅིང་ཤིན་ཏུ་འབྱུང་བར་འགྱུར་ལ་གནས་ཡོངས་སུ་གྱུར་པའི་ཕྱིར་
གཟུགས་བརྙན་ལས་ཡང་དག་པར་འདས་ཏེ། ཤེས་བྱའི་དངོས་པོ་དེ་ཉིད་ལ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་དང་། མཐོང་བ་མངོན་སུམ་དུ་གྱུར་ནས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ་གང་ཡིན་པ་དེ་བསམ་གཏན་ཐོབ་པའི་ཚེ་བསམ་གཏན་དང་པོའི་སྤྱོད་ཡུལ་ནས་འདུ་ཤེས་མེད་འདུ་
ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་གང་ཡིན་པ་དེ་སྙོམས་པར་ཞུགས་པའི་ཚེ་སྙོམས་པར་འཇུག་པ་དེ་ཉིད་ཀྱི་སྤྱོད་ཡུལ་ལ་དམིགས་པ་གང་ཡིན་པའི་བར་དེ་དག་ནི་དགོས་པ་ཡོངས་སུ་གྲུབ་པའོ་ཞེས་བཤད་དེ། ཞིབ་ཏུ་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །བཞི་པོ་འདི་དག་ཉིད་
ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡིད་ལ་བྱེད་པ་བཅུ་གཅིག་ཅེས་བསྟན་པ་ལས། ཡིད་ལ་བྱེད་པ་རྣམ་པ་བཞི་ཞེས་བསྟན་པ་ཉིད་ཡིན་ཏེ། ཡིད་ལ་བྱེད་པ་རྣམ་པ་བཞི་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ཡིད་ལ་བྱེད་པ་དང་། རྣམ་པར་རྟོག་པ་མེད་པའི་
གཟུགས་བརྙན་ལ་དམིགས་པའི་ཡིད་ལ་བྱེད་པ་དང་། དངོས་པོའི་མཐའ་ལ་དམིགས་པའི་ཡིད་ལ་བྱེད་པ་དང་། དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པའི་ཡིད་ལ་བྱེད་པའོ། །ཡོངས་སུ་བསྒོམ་པ་རྣམ་པ་གསུམ་ཡང་དང་པོ་ནི་གཟུགས་བརྙན་བསྒོམ་པ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་
གཟུགས་བརྙན་དང་། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་གཅིག་ཏུ་བྱས་པའི་ཕྱིར་རོ། །གཉིས་པ་ནི་དངོས་པོའི་མཐའ་བསྒོམ་པའོ། །གསུམ་པ་ནི་དགོས་པ་ཡོངས་སུ་གྲུབ་པའི་མཐའ་བསྒོམ་པའོ། །བསྟན་བཅོས་རྣམ་པར་བཤད་པ་ལས། རྣམ་པར་རྟོག་པ་དང་བཅས་པའི་
เล่ม ๑๑๙ · หน้า 93b
གཟུགས་བརྙན་ནི་འདི་ལྟ་སྟེ་ཤེས་བྱའི་དངོས་པོ་དང་ཆ་མཚུངས་པའི་ཏིང་ངེ་འཛིན་གྱིས་བཏགས་པའི་སྤྱོད་ཡུལ་གང་ཡིན་པའོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་ནི་འདི་ལྟ་སྟེ། ཤེས་བྱའི་དངོས་པོ་དང་ཆ་མཚུངས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡང་དག་པའི་ཡུལ་གང་ཡིན་པའོ། །དངོས་
པོའི་མཐའ་ནི་འདི་ལྟ་སྟེ། ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པའོ། །དགོས་པ་ཡོངས་སུ་གྲུབ་པ་ནི་འདི་ལྟ་སྟེ། གནས་གྱུར་པ་དང་དེ་ཉིད་ལ་བརྟེན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པའོ་ཞེས་བཤད་དོ། །བསྟན་བཅོས་ངོ་བོ་ཉིད་མེད་པ་རྣམ་པ་
གསུམ་བསྟན་པ་ལས་བཤད་དེ་འབྱུང་བ་རྣམས་ནི་ནོར་བ་དག་མང་བའི་ཕྱིར་འདིར་མ་བརྗོད་དོ། །གོང་དུ་བསྟན་པ་རྣམས་ལས་བསྟན་བཅོས་རྣམ་པར་བཤད་པ་ལས་བསྟན་པ་རྣམས་ནི་མདོའི་ཚིག་དང་རྗེས་སུ་མཐུན་གྱི། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལ་
སོགས་པ་ནི་མ་ཡིན་ཏེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལ་སོགས་པ་ལས་དང་པོ་གཉིས་ནི་ཞི་གནས་དང་ལྷག་མཐོང་གི་ཡུལ་དུ་གཏོགས་སོ་ཞེས་བསྟན་པའི་ཕྱིར། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དེ་མདོ་འདི་དང་ཐ་དད་པར་གྱུར་པ་ནི་བསམ་གཏན་ལ་སོགས་པ་ཡང་དགོས་
པ་ཡོངས་སུ་གྲུབ་པར་གཏོགས་སོ་ཞེས་བསྟན་པའི་ཕྱིར་རོ། །མདོ་འདི་ལས་རྣམ་པ་བཞི་གསུངས་པ་ནི་བསྟན་བཅོས་རྣམ་པར་བཤད་པ་དང་། དོན་མཐུན་པའི་ཕྱིར་རྣམ་པར་ཕྱེ་སྟེ་མ་བཤད་དོ། །རྣམ་པ་བཞི་པོ་དེ་དག་ལས་དུ་ཞིག་ནི་ཞི་གནས་ཀྱི་དམིགས་པ་ལགས་དུ་ཞིག་ནི་ལྷག་མཐོང་གི་དམིགས་
པ་ལགས། དུ་ཞིག་ནི་གཉི་གའི་དམིགས་པ་ལགས་ཞེས་བྱ་བ་ནི་གསུམ་པ་ཉིད་ཡང་དག་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་གཅིག་ནི་ཞི་གནས་ཀྱི་དམིགས་པའི་ཡུལ་གྱི་དངོས་པོ་ཡིན་ཏེ། འདི་ལྟ་སྟེ། རྣམ་པར་
མི་རྟོག་པའི་གཟུགས་བརྙན་ནོ། །གཅིག་ནི་ལྷག་མཐོང་གི་དམིགས་པའི་ཡུལ་གྱི་དངོས་པོ་ཡིན་ཏེ། འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །གཉིས་ནི་གཉི་གའི་ཡུལ་གྱི་དམིགས་པའི་དངོས་པོ་ཡིན་ཏེ་འདི་ལྟ་སྟེ་དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའོ་
เล่ม ๑๑๙ · หน้า 94a
ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པའོ། །ཡུལ་རྣམ་པ་བཞི་ཐ་དད་པའི་ཕྱིར་ཏེ་སྔར་བཤད་པ་བཞིན་ནོ། །རྣམ་པ་བཞི་ལས་གཉིས་པ་ནི་ཡུལ་ཡང་དག་པ་ཡིན་ཏེ། འདི་ལྟར་ཞི་གནས་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །
རྣམ་པ་བཞི་ལས་དང་པོ་ནི་ཡོངས་སུ་བརྟག་པར་བྱ་བའི་ཡུལ་ཡིན་ཏེ། འདི་ལྟར་ལྷག་མཐོང་ནི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །རྣམ་པ་བཞི་ལས་ཕྱི་མ་གཉིས་ནི་ཞི་གནས་དང་ལྷག་མཐོང་གཉི་གའི་ཡུལ་དུ་ཡང་གཏོགས་ཏེ་ཞི་གནས་དང་ལྷག་མཐོང་ནི་ཡུལ་རྣམ་པ་གཉིས་ལ་
དམིགས་པའི་ཕྱིར། ཡུལ་བཞི་པོ་འདི་གནས་སྐབས་དང་ས་བྱེ་བྲག་ཡོད་པ་ཡང་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་དང་པོ་གཉིས་ནི་སའི་མདུན་རོལ་པའི་ཡུལ་ཡིན་ཏེ། བསྟན་པ་བཞིན་དུ་ཡང་དག་པར་སྒྲུབ་པ་ནི་བདག་ཉིད་ལས་གྱུར་པའི་ཆོས་དང་དོན་ལྟ་བུའི་གཟུགས་བརྙན་ལ་
དམིགས་པར་བྱེད་དེ། རྒྱུ་མཚན་གྱི་རྣམ་པའི་ལྷག་མཐོང་གིས་ཡོངས་སུ་ཚོལ་བར་བྱེད་པས་རྣམ་པར་རྟོག་པར་བྱེད་པ་དང་བཅས་པ་ཞེས་བྱའོ། །ཏིང་ངེ་འཛིན་གྱིས་ནི་ཡོངས་སུ་ཚོལ་བ་ཞི་བར་བྱེད་པས་རྣམ་པར་རྟོག་པ་མེད་པ་ཞེས་བྱའོ། །གསུམ་པ་ནི་ས་བཅུ་པོ་རྣམས་ཀྱི་ཞི་གནས་དང་ལྷག་
མཐོང་གི་དམིགས་པའི་སྤྱོད་ཡུལ་ཡིན་ཏེ། ས་བཅུ་པོ་རྣམས་ཕྱིན་པ་ན་གདོད་ཡུལ་གྱི་མཐའ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད་དེ་འདི་ལྟར་གནས་གྱུར་པ་བརྙེས་ནས་རྟེན་ཡོངས་སུ་གྲུབ་ཅིང་འབྱོར་པའི་དམིགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་
ན་ཅིའི་ཕྱིར་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནི་འདི་ལྟ་སྟེ། རྣམ་པར་མི་རྟོག་པ་དང་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་ཡུལ་གང་ཡིན་པའོ་ཞེས་བསྟན་ཞེ་ན་སྨྲས་པ། བསྟན་བཅོས་དེ་ནི་ལོགས་ཤིག་ཏུ་རིགས་པ་བསྐྱེད་པས་ན། དེའི་
ཕྱིར་དོན་རྣམ་པར་གཞག་པ་སྟེ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་དང་ཐ་དད་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་དང་པོ་གཉི་ག་ཡང་སའི་མདུན་རོལ་པ་དང་ས་བཅུ་པོ་རྣམས་སུ་གཏོགས་པ་ཡིན་ཏེ། གནས་སྐབས་གཉི་ག་ཡང་གཟུགས་བརྙན་གྱི་ཡུལ་དང་བཅས་པའི་ཕྱིར་རོ་
เล่ม ๑๑๙ · หน้า 94b
ཞེས་ཟེར་ཏེ། གཞན་ནི་སྔར་བཤད་པ་བཞིན་ནོ། །ཁ་ཅིག་ན་རེ་སྔ་མ་གསུམ་པོ་དག་ནི་སའི་མདུན་རོལ་པ་དང་། ས་བཅུ་པོའི་གནས་སྐབས་སུ་གཏོགས་པ་ཡིན་ཏེ། ཇི་སྙེད་ཡོད་པ་ཉིད་ལ་སོགས་པ་གནས་སྐབས་ཐམས་ཅད་དུ་གཏོགས་པའི་ཕྱིར་རོ་ཞེས་ཟེར་ཏེ། གཞན་ནི་སྔར་བཤད་པ་
བཞིན་ནོ། །ཁ་ཅིག་ན་རེ་བཞི་ཆར་ཡང་གནས་སྐབས་ཐམས་ཅད་དུ་གཏོགས་པ་ཡིན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་དགོས་པ་ཡོངས་སུ་གྲུབ་པ་བསྒོམ་པ་ནི་འདི་ལྟ་སྟེ། བསམ་གཏན་དང་སྙོམས་པར་འཇུག་པའི་དངོས་གཞི་ལ་སྙོམས་པར་ཞུགས་པའམ། འཇིག་
རྟེན་པའི་ཏིང་ངེ་འཛིན་ནས་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་བསྒོམ་པ་གང་ཡིན་པ་དེ་ནི་དགོས་པ་ཡོངས་སུ་གྲུབ་པ་བསྒོམ་པ་ཞེས་བྱའོ་ཞེས་བསྟན་པ་ལྟ་བུ་སྟེ། བསྟན་བཅོས་རྣམ་པར་བཤད་པ་དང་རྣལ་འབྱོར་སྤྱོད་པའི་ས་ལས་ས་མང་པོ་དང་། ཉན་ཐོས་ཀྱི་ས་ལས་ཀྱང་དེ་སྐད་དུ་བཤད་དོ་
ཞེའོ། །ཁ་ཅིག་ན་རེ་གོང་དུ་བཤད་པ་དེ་དག་ཀུན་ཀྱང་རིགས་པ་དང་འགལ་བ་མེད་དེ། མདོ་འདི་ཉིད་ལས་འོག་ནས་བསྟན་པ་དག་དང་སྦྱར་ན་སའི་མདུན་རོལ་དུ་ནི་དང་པོ་གཉིས་ཁོ་ནའོ། །ས་བཅུ་པོ་རྣམས་སུ་སྔ་མ་གསུམ་དང་ལྡན་ནོ། །སངས་རྒྱས་ཀྱི་ས་ལ་ནི་བཞི་ཆར་ཚང་བར་ཡོད་དེ་དེའི་ཕྱིར་
འོག་ནས་མདོ་ལས། དེས་སྔར་ནི་དམིགས་པ་རྣམ་པ་གཉིས་ཐོབ་པ་ཡིན་ལ་དེས་ད་ལྟར་ནི་ལམ་མཐོང་བ་ཡིན་པའི་ཕྱིར་ཡང་དངོས་པོའི་མཐའི་དམིགས་པ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་པ་དང་།
གཞན་ཡང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཡང་འཐོབ་སྟེ་ཞེས་གསུངས་པ་ཡིན་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ་ཞེའོ། །ཟག་པ་མེད་པའི་སེམས་ཀྱི་གཟུགས་བརྙན་སྟོན་པར་བྱེད་དམ་མི་བྱེད། གལ་ཏེ་སྟོན་པར་མི་བྱེད་ན་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་
བཏུས་པ་ལས་བསྟན་པ་དེ་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ། གལ་ཏེ་གཟུགས་བརྙན་སྟོན་པར་བྱེད་པ་ཡིན་ན་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ནམ་ཞིག་དམིགས་པ་དག་ལ་ནི། །ཤེས་པས་མི་དམིགས་པ་དེའི་ཚེ། །ཞེས་བསྟན་པ་དེ་ཅི་ལྟར་རུང་ཞེ་ན། སྨྲས་པ།
เล่ม ๑๑๙ · หน้า 95a
དོན་འདིའི་བཤད་པ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེའི་ཕྱིར་དེ་ཉིད་ལས་འདི་ནི་རྟོག་པའི་གནས་སྐབས་ཡིན་ཏེ། དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན་ཚིག་ལེའུར་བྱས་པ་ལས། ནམ་ཞིག་དམིགས་པ་དག་ལ་ནི། །ཤེས་པས་
མི་དམིགས་དེ་ཡི་ཚེ། །རྣམ་པར་རིག་པ་ཙམ་ལ་གནས། །འཛིན་གཉིས་མཚན་ཉིད་བྲལ་ཕྱིར་རོ། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་ནམ་ཞིག་བྱང་ཆུབ་སེམས་དཔའ་དམིགས་པར་བྱ་བའི་ཡུལ་དག་ལ་ཤེས་པས་མི་དམིགས་པ་དེའི་ཚེ། །སྤྲོས་པ་རྣམ་པ་སྣ་ཚོགས་ཀྱི་
མཚན་མ་མི་ལེན་པའི་ཕྱིར་རོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་བསྟན་པ་ཡིན་ནོ། །གཞན་ཡང་དེ་ཉིད་ལས་ཁ་ཅིག་ན་རེ་ཤེས་པ་འདིའི་ཆ་གཉིས་ནི་གཉི་ག་ཡང་བརྗོད་པ་མེད་དེ། གཟུང་བ་དང་འཛིན་པའི་མཚན་མ་མེད་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཤེས་པ་འདིའི་རྒྱུ་མཚན་དང་ལྟ་བ་གཉི་ག་
ཡང་དེའི་མཚན་མ་དང་བཅས་པ་ལས་བྱུང་བ་དེ་ལ་དམིགས་པ་ཞེས་བྱ་བའི་ཕྱིར་རོ། །གལ་ཏེ་རྒྱུ་མཚན་མེད་པ་ཡང་དེ་ལ་དམིགས་པ་ཞེས་བྱ་ན་ནི། གཟུགས་ལ་སོགས་པའི་ཤེས་པ་ཡང་སྒྲ་ལ་སོགས་པའི་ཤེས་པ་ཞེས་བྱ་བ་ཉིད་དུ་འགྱུར་རོ། །གལ་ཏེ་ལྟ་བའི་རྣམ་པ་མེད་ན་ནི་དམིགས་
པར་ཡང་མི་ནུས་པར་འགྱུར་བས། དེ་བཞིན་ཉིད་ལ་དམིགས་པའི་ཤེས་པ་ཞེས་ཀྱང་ཇི་སྐད་དུ་བརྗོད་དེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ནི་དམིགས་པར་བྱེད་པ་ཞེས་མི་བརྗོད་པས། དེའི་ཕྱིར་འདི་ལ་ངེས་པར་ལྟ་བའི་རྣམ་པ་ཡོད་པར་བརྗོད་དགོས་སོ་ཞེའོ། །ཁ་ཅིག་ན་རེ་ཤེས་པ་འདི་ལ་ལྟ་བ་ནི་
ཡོད་ལ་རྒྱུ་མཚན་ནི་མེད་པས་མཚན་མ་མེད་པ་ཞེས་བཤད་དེ་མཚན་མ་ལེན་པ་དང་མི་ལེན་པའི་ཕྱིར་རོ། །ལྟ་བའི་རྣམ་པ་ཡོད་ཀྱང་རྣམ་པར་རྟོག་པ་མེད་པས་འཛིན་པ་མ་ཡིན་པ་ཞེས་བཤད་ཀྱི་གཟུང་བ་གཏན་མེད་པ་ནི་མ་ཡིན་ནོ། །རྒྱུ་མཚན་གྱི་རྣམ་པ་མེད་ཀྱང་འདི་ལ་དེ་བཞིན་ཉིད་ཀྱི་
མཚན་མ་དང་བཅས་པ་ལས་འབྱུང་བ་ཞེས་བརྗོད་དེ། དེ་བཞིན་ཉིད་དང་མ་བྲལ་བའི་ཕྱིར་རོ། །དེ་ཇི་ལྟར་བདག་ཉིད་ཀྱི་རྟོག་པའི་རྣམ་པར་ལྟ་བའི་རྣམ་པ་ལ་དམིགས་པའི་ཚེ། ཡོངས་སུ་མ་བསྒྱུར་བར་ཡང་དམིགས་པར་བྱེད་པ་ལྟར་འདི་ཡང་དེ་བཞིན་ནོ། །ཡོངས་སུ་བསྒྱུར་ནས་དམིགས་
เล่ม ๑๑๙ · หน้า 95b
པར་བྱེད་ན་ནི་མངོན་སུམ་དུ་རྟོགས་པ་མ་ཡིན་པ་ཉིད་དུ་འགྱུར་ཏེ་ཕྱིས་ཐོབ་པའི་ཤེས་པ་བཞིན་དུ་རྣམ་པར་རྟོག་པ་དང་བཅས་པར་འགྱུར་བས། དེའི་ཕྱིར་འདི་ལ་ལྟ་བ་ཡོད་ཅིང་རྒྱུ་མཚན་མེད་པར་བརྗོད་དགོས་སོ་ཞེའོ། །ཕྱིས་ཐོབ་པའི་ཤེས་པ་རྣམས་ལ་ཆ་གཉིས་ཡོད་དམ་ཞེ་ན། ཁ་ཅིག་ན་
རེ་གཉི་ག་མེད་དོ་ཞེས་ཟེར་ཏེ་འཛིན་པ་གཉིས་དང་བྲལ་བའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཤེས་པ་འདི་ལ་ལྟ་བ་ཡོད་ཀྱི་རྒྱུ་མཚན་ནི་མེད་དེ། ཤེས་པ་འདིའི་རྣམ་པ་ལ་རྣམ་པར་རྟོག་པ་ཡོད་པར་བཤད་པའི་ཕྱིར་དང་། འཕགས་པའི་ཤེས་རབ་དག་ནི་ཡུལ་མངོན་སུམ་དུ་མཐོང་བའི་ཕྱིར་
རོ་ཞེའོ། །ཁ་ཅིག་ན་རེ་ཤེས་པ་འདི་ནི་ཆ་གཉི་ག་དང་ལྡན་ཏེ། མདོའི་བསམ་པ་ལ་དེ་བཞིན་ཉིད་ཀྱི་མཚན་མ་འདྲ་བ་ཞེས་བཤད་དེ་དེ་ཁོ་ན་ཉིད་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་མི་མཐོང་བའི་ཕྱིར་རོ་ཞེའོ་ཞེས་འབྱུང་སྟེ་རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །དེ་ལྟར་རྣམ་པ་སྣ་ཚོགས་སུ་བཤད་
པ་ཡོད་ཀྱང་། སློབ་དཔོན་ཆོས་སྐྱོང་གི་གཞུང་དང་སྦྱར་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ལྟ་བ་དང་ལྡན་ལ་རྒྱུ་མཚན་ནི་མེད་དོ། །ཕྱིས་ཐོབ་པའི་ཤེས་པ་རྣམས་ནི་ལྟ་བ་དང་རྒྱུ་མཚན་གཉི་ག་དང་ལྡན་པར་བཤད་དོ། །གལ་ཏེ་དེ་ལྟར་ན་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་
ལས་བཏུས་པ་བསྟན་པ་དེ་ཇི་ལྟར་ཁོང་དུ་ཆུད་ཅིང་རྣམ་པར་བཤད་པར་བྱ་སྟེ། དེ་ལས་རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནི་འདི་ལྟ་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་སྤྱོད་ཡུལ་གང་ཡིན་པའོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་གཅིག་ཏུ་འཇིག་
རྟེན་ལས་འདས་པ་དང་ཕྱིས་ཐོབ་པའི་ཡིད་ལ་བྱེད་པའོ་ཞེས་བཤད་པས་སོ་ཞེ་ན། སྨྲས་པ་སློབ་དཔོན་ཐོགས་མེད་ཀྱིས་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་བཤད་ཀྱི། འཇིག་རྟེན་ལས་འདས་པའི་ཤེས་པ་ཞེས་མ་བསྟན་པས་དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་
ནི། སློབ་དཔོན་རྟོགས་པའི་སེང་གེའི་དགོངས་པ་ཡིན་གྱི་ཐོགས་མེད་ཀྱིས་བསྟན་པ་མ་ཡིན་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ།། །།བམ་པོ་སུམ་ཅུ་དྲུག་པ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་
เล่ม ๑๑๙ · หน้า 96a
ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་དེ་དག་ལ་བརྟེན་ནས་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང་ལྷག་མཐོང་ལ་མཁས་པ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཞི་གནས་དང་ལྷག་མཐོང་ཡོངས་སུ་ཚོལ་བ་
རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་སྟེ་འདི་ནི་ཞུ་བ་གསོལ་བའོ། །ཞུ་བ་གསོལ་བ་ཡང་དགོངས་པ་རྣམ་པ་གཉིས་ཏེ་དང་པོ་ནི་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་དམིགས་པ་རྣམ་
པ་བཞི་པོ་དག་ལ་བརྟེན་ནས་ཞི་གནས་ཡོངས་སུ་ཚོལ་བ་ཞུས་པའོ། །གཉིས་པ་ཇི་ལྟར་ན་ལྷག་མཐོང་ལ་མཁས་པར་འགྱུར་བ་ཞུ་བའོ། །དེ་ལ་ཡོངས་སུ་ཚོལ་བ་དང་མཁས་པ་ཞེས་བྱ་བ་ཡང་བཤད་པ་གསུམ་ཡོད་དེ། །ཁ་ཅིག་ན་རེ་ཡོངས་སུ་ཚོལ་བ་དང་། མཁས་པ་ཞེས་བྱ་བ་
གཉི་ག་ཡང་བསྒོམ་པའི་དོན་ཡིན་ཏེ། ཞི་གནས་དང་ལྷག་མཐོང་རྣམ་པར་དབྱེ་བའི་ཕྱིར་ཡོངས་སུ་ཚོལ་བ་དང་མཁས་པ་ཞེས་བྱ་བ་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཡོངས་སུ་ཚོལ་བ་དང་། མཁས་པ་ནི་ཞི་གནས་དང་ལྷག་མཐོང་གཉི་གར་གཏོགས་པ་ཡིན་ཏེ། དེའི་ཕྱིར་
འཕགས་པ་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ཞི་གནས་དང་ལྷག་མཐོང་ལ་མཁས་པ་ཞེས་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཡོངས་སུ་ཚོལ་བ་ནི་བསྒོམ་པའི་དོན་ཡིན་ཏེ་ཞི་གནས་བསྒོམ་པར་རྩོལ་བའི་ཕྱིར། ཞི་གནས་ཁོ་ན་ཡིན་གྱི་ལྷག་མཐོང་ནི་མ་ཡིན་ནོ། །
མཁས་པ་ནི་ལྷག་མཐོང་ལ་མཁས་པ་ཡིན་ཏེ་དོན་ལེགས་པར་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་ལྷག་མཐོང་ནི་ཡིན་གྱི་ཞི་གནས་ནི་མ་ཡིན་ཏེ་དེའི་ཕྱིར་མདོ་ཉིད་ལས་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང་། ལྷག་མཐོང་ལ་མཁས་པ་ཞེས་གསུངས་པ་ཡིན་ནོ་ཞེའོ། །བཅོམ་ལྡན་འདས་
ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཇི་ལྟར་ངས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་གདགས་པ་རྣམ་པར་གཞག་པ་བསྟན་པ་འདི་ལྟ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་
เล่ม ๑๑๙ · หน้า 96b
བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་དང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་
པས་ལན་དུ་གསུངས་པ་ཡང་དག་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་བསྒོམ་པའི་གནས་གསུང་རབ་བསྟན་པ་དང་བསྟན་པ་བཞིན་དུ་ཡང་དག་པར་བསྒོམ་པ་རབ་ཏུ་བསྟན་པ་སྟེ། འདི་ནི་དང་པོའོ། །བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་བཀའ་སྩལ་པ། ངས་བྱང་ཆུབ་སེམས་དཔའ་རྣམས་
ལ་ཆོས་གདགས་པ་རྣམ་པར་གཞག་པ་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་ལྟ་སྟེ། མདོའི་སྡེ་ནས་གཏན་ལ་ཕབ་པར་བསྟན་པའི་སྡེ་ཞེས་བྱ་བའི་བར་དུ་གསུངས་པ་གང་ཡིན་པའོ། །དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་ཡང་བསྟན་པ་རྣམས་ལས་རྒྱ་ཆེར་སྟོན་པར་མཛད་དེ།
བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་མདོའི་སྡེ་ནི་འདི་ལྟ་སྟེ་གང་བསྡུ་བའི་ཚུལ་གྱིས་རྐྱང་པར་གསུངས་པའོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི་མདོ་སྡེ་རྣམས་ལས་དབུས་དང་ཐ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའོ། །གཞན་ཡང་དྲང་བའི་དོན་གྱི་མདོ་སྡེ་རྟོགས་
པར་བྱེད་པའི་ཕྱིར་དབྱངས་ཀྱིས་བསྙད་པའོ་ཞེས་བྱའོ། །ལུང་དུ་བསྟན་པའི་སྡེ་ནི་འདི་ལྟ་སྟེ། གང་ལས་འཕགས་པ་ཉན་ཐོས་ཤི་བའི་དུས་བྱས་པའི་ཡོན་ཏན་དང་སྐྱོན་དང་སྐྱེ་བའི་གནས་ཀྱི་བྱེ་བྲག་ལུང་སྟོན་པ་གང་ཡིན་པའོ། །གཞན་ཡང་ངེས་པའི་དོན་གྱི་མདོ་སྡེ་ལ་ལུང་བསྟན་པའི་སྡེ་ཞེས་བྱ་སྟེ།
དགོངས་པ་ཟབ་མོ་ལུང་སྟོན་ཅིང་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཚིགས་སུ་བཅད་པའི་སྡེ་ནི་འདི་ལྟ་སྟེ། མདོ་སྡེ་རྣམས་ལས་ཚིགས་སུ་སྦྱར་ནས། རྩ་བ་གཉིས་པ་དང་རྩ་བ་གསུམ་པ་དང་རྩ་བ་བཞི་པ་དང་རྩ་བ་ལྔ་པ་དང་རྩ་བ་དྲུག་པ་གསུངས་པ་གང་ཡིན་པའོ། །ཆེད་དུ་བརྗོད་པའི་སྡེ་ནི་འདི་ལྟ་སྟེ། དེ་
བཞིན་གཤེགས་པ་ཉིད་ཐུགས་རངས་ནས་བརྗོད་པ་གང་ཡིན་པའོ། །གླེང་གཞིའི་སྡེ་ནི་འདི་ལྟ་སྟེ། ཞུས་པའི་རྒྱུས་གསུངས་པ་དང་། གཞན་ཡང་བྱུང་བ་དང་བཅས་པའི་བསླབ་པ་བཅའ་བ་གང་ཡིན་པ་དེ་ལ་ཡང་གླེང་གཞི་ཞེས་བྱའོ། །རྟོགས་པ་བརྗོད་པའི་སྡེ་ནི་འདི་ལྟ་སྟེ། དཔེ་དང་བཅས་
เล่ม ๑๑๙ · หน้า 97a
པར་གསུངས་པ་གང་ཡིན་པའོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་འདི་ལྟ་སྟེ། འཕགས་པ་རྣམས་ཀྱི་སྔོན་གྱི་སྦྱོར་བ་དང་ལྡན་པ་བརྗོད་པ་གང་ཡིན་པའོ། །སྐྱེས་པ་རབས་ཀྱི་སྡེ་ནི་འདི་ལྟ་སྟེ། གང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པ་བརྗོད་པ་གང་ཡིན་པའོ། །ཤིན་ཏུ་
རྒྱས་པའི་སྡེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པའོ། །ཤིན་ཏུ་རྒྱས་པའི་ཇི་ལྟ་བ་དེ་བཞིན་དུ་རྒྱ་ཆེར་རྣམ་པར་འཐག་པ་དང་མཚུངས་པ་མེད་པ་ཡང་དེ་བཞིན་ནོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་སུ་གྱུར་པའི་ཕྱིར་
དང་། ཡངས་པ་དང་། རྒྱ་ཆེ་བ་དང་། ཟབ་པའི་ཆོས་རྣམ་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་འཐག་པ་ཞེས་བྱ་ཞེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་པ་མེད་པ་ཞེ་ན། མཚུངས་པའི་ཟླ་མེད་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་
འདི་ལྟ་སྟེ། གང་ལས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་སོགས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་འདི་ལྟ་སྟེ། གོང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའོ་ཞེས་བཤད་དེ། ཆོས་ཀྱི་མཚན་
ཉིད་མཁྱུད་པ་རྣམས་སྟོན་པས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བཅུ་གཉིས་པོ་འདི་དག་རྒྱ་གར་སྐད་དུ་མ་བསྒྱུར་བར་སོ་ནས་འབྱུང་སྟེ། རྒྱ་ཆེར་བཤད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་དག་ལེགས་པར་
ཐོས་ལེགས་པར་བཟུང་ཁ་ཏོན་བྱང་བར་བྱས་ཡིད་ཀྱིས་ལེགས་པར་བརྟགས་མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་བསྟན་པ་བཞིན་དུ་ཡང་དག་པར་བསྒོམ་པ་རབ་ཏུ་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་ཞི་གནས་དང་ལྷག་མཐོང་
གི་སྦྱོར་བ་ཡང་དག་པར་བསྟན་པ་དང་གཞན་ཡང་ཡིད་ལ་བྱེད་པའི་སེམས་གང་གིས་ཞེས་བྱ་བ་མན་ཆད་ཀྱིས་ཞི་གནས་དང་ལྷག་མཐོང་གི་སྒོ་རྣམ་པ་གཉིས་ཡང་དག་པར་བཤད་པའོ། །དབང་པོ་ཡང་རྣམ་པ་གཉིས་ཏེ་ཐོས་པའི་ཤེས་རབ་བསྟན་པ་དང་། བསམས་པའི་ཤེས་རབ་བསྟན་པ་
เล่ม ๑๑๙ · หน้า 97b
སྟེ། འདི་ནི་དང་པོའོ། །ཐོས་པའི་ཤེས་རབ་དེ་ཡང་མཚན་ཉིད་རྣམ་པ་ལྔ་སྟེ། ལེགས་པར་ཐོས་པ་དང་། ལེགས་པར་བཟུང་བ་དང་། ཁ་ཏོན་དུ་བྱང་བར་བྱས་པ་དང་། ཡིད་ཀྱིས་ལེགས་པར་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པའོ། །འདི་ལྟར་བྱང་ཆུབ་སེམས་
དཔའ་རྣམས་བསྟན་པའི་ཆོས་དེ་དག་ལ་སེམས་རྩེ་གཅིག་ཏུ་ཉན་པར་བྱེད་པ་དང་། ལེགས་པར་བཟུང་བ་དང་། ཁ་ཏོན་དུ་བྱང་བར་བྱེད་པ་དང་། ཡིད་ཀྱིས་ལེགས་པར་སེམས་པ་དང་། ཤེས་རབ་ཀྱིས་ཤིན་ཏུ་རྟོགས་པར་བྱེད་པས་སོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་མཚན་
ཉིད་རྣམ་པ་བཞིས་ཐོས་པའི་ཤེས་རབ་སྟོན་ཏེ་མདོ་འདི་ལས་གསུངས་པའི་དང་པོ་ཐོས་པའི་མཚན་ཉིད་མ་གཏོགས་པ་གཞན་རྣམས་ཀྱིས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་ཐོས་པ་ལས་བྱུང་བའི་སའི་ནང་ནས་ནི་མཚན་ཉིད་རྣམ་པ་དྲུག་གིས་སྟོན་ཏེ་ཡང་བློ་ཞེས་བྱ་བས་བསྣན་ནའོ། །
མཚན་ཉིད་ཕྱི་མ་ལྔ་ནི་མིང་ཅུང་ཟད་ཐ་དད་ཀྱང་དོན་ནི་མདོ་འདི་ལས་གསུངས་པ་དང་མཐུན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཐོས་པ་ལས་བྱུང་བའི་ས་གང་ཞེ་ན། འདི་ལྟ་སྟེ་རིག་པའི་གནས་ལྔ་གང་ཡིན་པ་དེ་དག་མིང་དང་ཚིག་དང་ཡི་གེ་ཚད་མེད་པའི་བྱེ་བྲག་ལས་བློ་སྔོན་དུ་བཏང་སྟེ། ཉན་
པ་དང་། འཛིན་པ་དང་། འཆང་བ་དང་། ཁ་ཏོན་བྱེད་པ་དང་། རྗེས་སུ་དྲན་པ་དང་། ཕྱིན་ཅི་མ་ལོག་པར་ཤེས་པའོ་ཞེས་འབྱུང་བས་གོ་རིམས་བཞིན་དུ་མདོ་འདི་ལས་རྣམ་པ་ལྔ་གསུངས་པ་དང་སྦྱར་ཏེ། དེ་ལ་ཉན་པ་ཞེས་བྱ་བ་ནི་ལེགས་པར་ཐོས་པ་ཞེས་གསུངས་པ་ཉིད་དོ། །འཛིན་པ་དང་།
འཆང་བ་ཞེས་བྱ་བ་ནི་ལེགས་པར་བཟུང་བ་ཞེས་གསུངས་པ་ཉིད་དོ། །ཁ་ཏོན་ཤིན་ཏུ་བྱང་བར་བྱས་པ་ཞེས་བྱ་བ་ནི་ཁ་ཏོན་བྱང་བར་བྱས་པ་ཞེས་གསུངས་པ་ཉིད་དོ། །རྗེས་སུ་དྲན་པ་ནི་ཡིད་ཀྱིས་ལེགས་པར་བརྟགས་པ་ཞེས་གསུངས་པ་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཤེས་པ་ཞེས་བྱ་བ་ནི་
མཐོང་བས་ཤིན་ཏུ་རྟོགས་པ་ཞེས་གསུངས་པ་ཉིད་དོ། །ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་གཅིག་ཏུ་དབེན་པར་འདུག་སྟེ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་གཉིས་པ་བསམས་པའི་ཤེས་རབ་བསྟན་པ་སྟེ། བསམས་པའི་ཤེས་རབ་དེ་ནི་ཐོས་པའི་ཤེས་རབ་ཀྱིས་བསམས་པའི་ཆོས་
เล่ม ๑๑๙ · หน้า 98a
དེ་དག་གཅིག་ཏུ་དབེན་པར་འདུག་སྟེ། ཆོས་དང་དོན་ཐོས་པའི་གཟུགས་བརྙན་རྣམ་པ་གཉིས་ཡིད་ལ་བྱེད་ཅིང་སེམས་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསམས་པ་ལས་བྱུང་བའི་ས་གང་ཞེ་ན་འདི་ལྟ་སྟེ་ཇི་ལྟར་ཁ་ཅིག་གཅིག་པུ་དབེན་
པ་ན་འདུག་ཅིང་། ཇི་ལྟར་ཐོས་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་ཀྱི་རིགས་པ་སོ་སོར་བརྟགས་ནས་སེམས་པར་བྱེད་པའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་དབེན་པ་ལ་མོས་པ་གང་ཡིན་པ་དེས་ནི་ནང་གི་སེམས་བདེ་བར་གནས་པ་ཡང་དག་པའི་
ཞི་གནས་དང་རབ་ཏུ་འདྲེན་པར་འགྱུར་རོ། །ཡང་དག་པའི་ཞི་གནས་ལ་སེམས་བདེ་བར་གནས་པ་གང་ཡིན་པ་དེས་ནི་ལྷག་མཐོང་རབ་ཏུ་འདྲེན་པར་འགྱུར་རོ་ཞེས་བཤད་དོ། །གཞན་ཡང་ཡིད་ལ་བྱེད་པའི་སེམས་ནང་དུ་རྒྱུན་ཆགས་སུ་བྱེད་པའི་ཡིད་ལ་བྱེད་པས་སེམས་པར་བྱེད་དོ། །དེ་ལྟར་
ཞུགས་ཤིང་ལན་མང་དུ་གནས་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞི་གནས་དང་ལྷག་མཐོང་གི་སྒོ་རྣམ་པ་གཉིས་ཡང་དག་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ་ཞི་
གནས་བསྟན་པ་དང་། ལྷག་མཐོང་གི་སྒོ་རྣམ་པར་ཕྱེ་སྟེ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ་ཞི་གནས་ཀྱི་སྒོ་ཡང་དག་པར་བསྟན་པ་དང་། མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་བསྟན་པའོ། །སྒོ་དང་པོ་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོའི་ཚིག་འདི་
ཡང་རྣམ་པ་བཞིར་དབྱེ་སྟེ། དམིགས་པར་བྱ་བའི་ཡུལ་དང་དམིགས་པར་བྱེད་པའི་ཞི་གནས་དང་གནས་སྐབས་དང་མིང་བསྟན་པའོ། །དེ་ལ་གཞན་ཡང་ཡིད་ལ་བྱེད་པའི་སེམས་གང་གིས་ཞེས་བྱ་བས་ནི་དམིགས་པར་བྱ་བའི་ཡུལ་བསྟན་ཏེ་མདོའི་ཚིག་འདི་བཤད་པ་ཡང་རྣམ་པ་གཉིས་ཡོད་
པས། ཁ་ཅིག་ན་རེ་ཆོས་དང་དོན་གྱི་ཡུལ་དེ་དག་ལ་ཡང་དག་པར་སེམས་ཤིང་ཐོས་པ་དང་། བསམས་པའི་ཤེས་རབ་རྣམ་པ་གཉིས་དང་རྗེས་སུ་མཐུན་པའི་སེམས་དམིགས་པའི་ཡུལ་དུ་གྱུར་པའོ་ཞེའོ། །ཁ་ཅིག་ན་རེ་ཤེས་རབ་རྣམ་པ་གཉིས་དང་རྗེས་སུ་མཐུན་པའི་སེམས་དམིགས་
เล่ม ๑๑๙ · หน้า 98b
པའི་ཡུལ་དུ་གྱུར་པའོ་ཞེས་ཟེར་ཏེ། དེ་ནི་དོན་དུ་ན་ཞི་གནས་ཀྱི་སྒོས་སེམས་རབ་ཏུ་ཞི་བར་བྱེད་ཅིང་། དམིགས་པ་གཅིག་ལ་གནས་པར་བྱེད་པས་དེའི་ཕྱིར་དམིགས་པའི་སེམས་ལ་ཡུལ་ཞེས་བཤད་ལ་ལྷག་མཐོང་གིས་ནི་སེམས་ཀྱིས་ཤེས་བྱའི་དོན་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར།
ཐོས་པ་དང་བསམས་པའི་ཤེས་རབ་རྣམ་པ་གཉིས་ཀྱིས་ཡོངས་སུ་བསྒྱུར་བའི་རྒྱུ་མཚན་གྱི་རྣམ་པ་ལ་དམིགས་པའི་ཡུལ་ཞེས་བསྟན་པ་ཡིན་ནོ་ཞེས་སྟོན་ཏོ། །སེམས་ནང་དུ་རྒྱུན་ཆགས་སུ་བྱེད་པའི་ཡིད་ལ་བྱེད་པས་སེམས་པར་བྱེད་དོ་ཞེས་བྱ་བས་ནི་དམིགས་པར་བྱེད་པས་ཞི་གནས་བསྟན་
ཏེ། དེ་ལ་སེམས་ནང་དུ་ཞེས་བྱ་བ་ནི་དམིགས་པའི་སེམས་བསྡུས་ནས་ཏིང་ངེ་འཛིན་ལ་གནས་པར་བྱེད་པས་སེམས་ནང་དུ་ཞེས་བསྟན་ཏེ་དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནང་གི་དམིགས་པ་ལ་སེམས་ཉེ་བར་གཏོད་པ་ནི་ཕྱི་རོལ་དུ་རྣམ་པར་མི་གཡེང་བ་ཉིད་ཀྱི་ཕྱིར་རོ་ཞེས་
འབྱུང་སྟེ། འདིས་ནི་སེམས་ནང་དུ་རྒྱུན་ཆགས་སུ་བྱེད་པའི་ཡིད་ལ་བྱེད་པས་སེམས་པར་བྱེད་པ་ཐོས་པ་དང་། བསམས་པ་དང་རྗེས་སུ་མཐུན་པའི་སེམས་བསྟན་ཏོ། །དེ་ལྟར་ཞུགས་ཤིང་ལན་མང་དུ་གནས་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་ཞེས་བྱ་བ་
ནི་གནས་སྐབས་ཏེ། འདི་ལྟར་ཞི་གནས་ནི་ནང་དུ་གནས་པ་ལ་སོགས་པ་ཡང་དག་པའི་སྤྱོད་པ་རྣམ་པ་དགུ་དང་ལྡན་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་ནི་འབྱུང་བར་བྱེད་པས་སོ། །དེ་ལ་ལུས་ཤིན་ཏུ་སྦྱངས་པ་ནི་འབྱུང་བ་ཆེན་པོ་བཞིས་རྒྱུར་བྱས་པའི་ཤིན་ཏུ་སྦྱངས་
པའི་རེག་བྱ་གང་ཡིན་པའོ། །སེམས་ཤིན་ཏུ་སྦྱངས་པ་ནི་བཅུ་གཅིག་དགེ་བ་ལས་ཤིན་ཏུ་སྦྱངས་པའི་གྲངས་སུ་གཏོགས་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ལུས་ཡང་ཞིང་ཟོ་མདོག་བདེ་བའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཤིན་ཏུ་
སྦྱངས་པའི་མཚན་ཉིད་དོ་ཞེས་བཤད་དེ། འདི་ལྟར་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་གནས་སྐབས་ལ་ཞི་གནས་རྣམ་པར་གཞག་པའི་ཕྱིར་རོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལ་སེམས་བདེ་བར་གནས་པ་རྣམ་པ་དགུ་པོ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ནོ་ཞེས་
เล่ม ๑๑๙ · หน้า 99a
བཤད་དེ། སེམས་གནས་པ་རྣམ་པ་དགུ་ནི་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས། རྣམ་པ་དགུའི་མིང་སྨོས་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་གོ་རིམས་བཞིན་དུ་མིང་སྨོས་ནས་རྣམ་པར་བཤད་དེ།
དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཞི་གནས་ནི་འདི་ལྟ་སྟེ། སེམས་ནང་ཁོ་ནར་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། བརླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། འདུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་ཞི་བར་བྱེད་པ་དང་། མཉམ་པར་འཇོག་པ་སྟེ།
རྣམ་པ་དགུ་པོ་འདི་དག་གིས་སེམས་བདེ་བར་གནས་པར་བྱེད་པས་ཞི་གནས་ཞེས་བྱའོ། །དེ་ལ་སེམས་ནང་ཁོ་ནར་འཇོག་པ་ནི་ཕྱི་རོལ་གྱི་དམིགས་པ་རྣམས་ལས་ཕྱིར་བརླན་ནས་ནང་དུ་མི་གཡེང་བར་དང་པོ་ཉིད་དུ་སེམས་ཉེ་བར་འདོགས་པའི་ཕྱིར་རོ། །རྒྱུན་དུ་འཇོག་པ་ནི་དེ་ལྟར་སེམས་གཡོ་བ་རགས་
པ་ཐོག་མ་ཉིད་དུ་ཉེ་བར་བཏགས་པས་དམིགས་པ་དེ་ཉིད་ལ་རྒྱུན་གྱི་ཚུལ་དང་། ཕྲ་བར་བྱེད་པས་མངོན་པར་སྡུད་པའི་ཕྱིར་རོ། །བརླན་ཏེ་འཇོག་པ་ནི་གལ་ཏེ་བརྗོད་ནས་ཕྱི་རོལ་དུ་གཡེངས་པར་གྱུར་ན་ཡང་ཕྱིར་བརླན་པར་བྱེད་པའི་ཕྱིར་རོ། །ཉེ་བར་འཇོག་པ་ནི་དང་པོ་ཉིད་ནས་སེམས་ཕྱི་རོལ་དུ་མི་འཕྲོ་བར་
བྱ་བའི་ཕྱིར་དྲན་པ་ཉེ་བར་གནས་པའི་ཕྱིར་རོ། །འདུལ་བར་བྱེད་པ་ནི་དང་པོ་ཉིད་ནས་རྣམ་པར་གཡེང་བའི་རྒྱུ་གཟུགས་ལ་སོགས་པའི་ཆོས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་ནས་དབང་དུ་བྱེད་པའི་ཕྱིར་དང་། སེམས་རབ་ཏུ་བཏུལ་ནས་འཕྲོར་མི་སྟེར་བའི་ཕྱིར་རོ། །ཞི་བར་བྱེད་པ་ནི་སེམས་
འཁྲུག་པར་བྱེད་པ། ཉེས་པར་རྣམ་པར་རྟོག་པ་ཉེ་བའི་ཉོན་མོངས་པ་རྣམས་ལ་ཉེས་དམིགས་སུ་ལྟ་བས་སེམས་བཏུལ་ནས་འཕྲོར་མི་སྟེར་བའི་ཕྱིར་རོ། །རྣམ་པར་ཞི་བར་བྱེད་པ་ནི་གལ་ཏེ་བརྗེད་ནས་རྣམ་པར་རྟོག་པ་ལ་སོགས་པ་གློ་བུར་དུ་མངོན་དུ་བྱུང་ན་ཡང་དང་དུ་མི་ལེན་ཅིང་ཡང་འབྱུང་བར་
མི་བྱེད་པའི་ཕྱིར་རོ། །རྩེ་གཅིག་ཏུ་བྱེད་པ་ནི་བརྩོན་འགྲུས་ཀྱི་སྦྱོར་བས་སྐབས་མེད་ཅིང་། བར་ཆད་མེད་པར་ཏིང་ངེ་འཛིན་མཆོག་ལ་བདེ་བར་གནས་པའི་ཕྱིར་རོ། །མཉམ་པར་འཇོག་པ་ནི་ཤིན་ཏུ་གོམས་པར་བྱས་པའི་ཕྱིར། མངོན་པར་འདུ་བྱ་བ་མེད་པར་ཏིང་ངེ་འཛིན་གྱི་སེམས་ཀྱི་རྒྱུན་གཡེང་བ་
เล่ม ๑๑๙ · หน้า 99b
མེད་པར་འབྱུང་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། མདོ་སྡེའི་རྒྱན་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ནི་ཞི་གནས་ཞེས་བྱ་སྟེ་ཞེས་བྱ་བ་ནི་མིང་བསྟན་པའོ། །ཁོ་ན་རེ་མདོའི་ཚིག་འདི་ཉིད་ལས་རྣམ་པ་གཉིས་སུ་
དབྱེ་སྟེ། དང་པོ་གཞན་ཡང་ཡིད་ལ་བྱེད་པའི་སེམས་གང་གིས་ཞེས་བྱ་བས་ནི་ཞི་གནས་ཀྱི་ཐབས་བསྟན་ཏོ། །གཉིས་པ་ནི་དེ་ལྟར་ཞུགས་ཤིང་ཞེས་བྱ་བ་ལ་སོགས་པས་ནི་ཞི་གནས་ཉིད་ཡང་དག་པར་བཤད་པ་སྟེ། འདིས་ནི་བསམས་པའི་ཤེས་རབ་ཆེན་པོའི་རྣམ་པ་དེས་ཡང་ཐོས་པ་དང་།
བསམས་པའི་ཤེས་རབ་དམན་པའི་རྣམ་པ་གཉིས་ལ་དམིགས་པར་བྱེད་པས་ནང་གི་སེམས་རྒྱུན་ཆགས་སུ་གྱུར་པ་དམིགས་པ་མེད་པར་བསྟན་ཏོ་ཞེས་ཟེར་ཏེ། ཞི་གནས་ཀྱི་མཚན་ཉིད་ཡང་དག་པར་བཤད་པར་ནི་དོན་གོང་དུ་བསྟན་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་
སུ་ཚོལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་བསྟན་པའོ། །དེ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་གནས་བྱས་པའི་ཕྱིར་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་མོས་
པར་བྱེད། སེམས་ཀྱི་མཚན་མ་ཡོངས་སུ་སྤོང་བར་བྱེད་དེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ལྷག་མཐོང་གི་སྒོ་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ལྷག་མཐོང་གི་སྒོ་ཡང་དག་པར་བསྟན་པ་དང་། མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་བསྟན་པའོ། །སྒོ་དང་པོ་ལ་
ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཏིང་ངེ་འཛིན་གྱི་གནས་སྐབས་ལ་བརྟེན་ནས་མདོའི་ཚིག་འདི་བཤད་པ་རྣམ་པ་གཉིས་སུ་འགྱུར་རོ་ཞེས་ཟེར་བས་རྣམ་པ་གཉིས་སུ་དབྱེ་སྟེ། དམིགས་པར་བྱ་བ་མ་ཡིན་པ་རབ་ཏུ་དབྱེ་བ་དང་ཡུལ་ལ་བརྟེན་ནས་ལྷག་མཐོང་སྐྱེ་བར་བསྟན་པ་སྟེ་འདི་ནི་
དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་དེ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་ཞེས་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གི་གནས་བསྟན་ཏེ། འདི་ལྟར་སྔར་ཤིན་ཏུ་སྦྱངས་པ་ཐོབ་ནས་གནས་བྱས་པའི་ཕྱིར་ལྷག་མཐོང་སྐྱེས་པར་གྱུར་པའོ། །གཉིས་པ་ཇི་ལྟར་
เล่ม ๑๑๙ · หน้า 100a
ལེགས་པར་བསམས་པ་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པར་བྱས་པ་མ་ཡིན་པར་རབ་ཏུ་དབྱེ་བ་སྟེ་འདི་ལྟར་སྔར་བསྟན་པའི་ཐོས་པ་དང་བསམས་པའི་དམིགས་པ་ཡིད་ལ་བྱེད་པའི་ཆོས་དེ་དག་ལ་ནང་གི་ཏིང་ངེ་འཛིན་ཆ་མཚུངས་པའི་གཟུགས་བརྙན་སྣང་བར་
བྱེད་པ་བསྐྱེད་ནས། གཟུགས་བརྙན་དེ་ཉིད་ལ་མོས་པས་ཡིད་ལ་བྱེད་པ་དང་། སོ་སོར་རྟོག་པར་བྱེད་པ་བསྐྱེད་པ་ནི་ལྷག་མཐོང་དང་ཞི་གནས་ཀྱི་དམིགས་པ་སེམས་ཀྱི་མཚན་མ་འབྱུང་བའི་ཕྱིར་རོ། །དེ་ལ་སེམས་ཀྱི་མཚན་མ་ཞེས་བྱ་བ་ནི་སེམས་ཉིད་མཚན་མ་ཡིན་པས་དེའི་ཕྱིར་སེམས་ཀྱི་
མཚན་མ་ཞེས་བྱའོ། །དེ་ལྟར་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་བྱ་བའི་དོན་དེ་དག་ལ་ཡང་དག་པར་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། ཤེས་རབ་དང་། ལྟ་བ་དང་། རྟོག་པ་
གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ་ཞེས་བྱ་བ་ནི་གཉིས་པ་ཡུལ་ལ་བརྟེན་ནས་ལྷག་མཐོང་སྐྱེ་བར་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་བཞིར་ཕྱེ་ནས་བཤད་པར་བྱ་སྟེ། དང་པོ་དེ་ལྟར་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པས་ནི་ཡོངས་སུ་བརྟག་པར་བྱ་བའི་ཡུལ་
བསྟན་ཏེ། སྔར་གོང་དུ་བསྟན་པའི་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཉིད་ཅེས་བྱ་བའི་དོན་ཡིན་པས་ཡོངས་སུ་བརྟག་པའི་ཡུལ་ཞེས་བྱའོ། །གཉིས་པ་ཡང་དག་པར་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་གྱི་མཚན་ཉིད་བསྟན་ཏེ། འདི་ནི་ཤེས་རབ་ཀྱི་མཚན་ཉིད་
རྣམ་པ་བཞིའོ། །མཚན་ཉིད་རྣམ་པ་བཞི་པོ་དེ་དག་ཀྱང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཆོས་རྣམས་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་ཅི་སྙེད་ཡོད་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་རྣམ་པར་འབྱེད་པ་ནི་ཇི་ལྟ་བ་
བཞིན་དུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་རྟོག་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་ཤེས་རབ་དང་བཅས་པས་ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འཇོག་པའི་ཕྱིར་རོ། །ཡོངས་སུ་དཔྱོད་པ་ནི་ཡོངས་སུ་ཚོལ་བ་དང་ལྡན་པའི་ཕྱིར་རོ་ཞེས་འབྱུང་བ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་
เล่ม ๑๑๙ · หน้า 100b
པའི་ས་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ལས་དེ་ལ་ལྷག་མཐོང་རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་གིས་ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས་ཆོས་རྣམ་པར་འབྱེད་པར་བྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་ཡོངས་སུ་རྟོག་པར་བྱེད་པ་དང་། ཡོངས་སུ་
དཔྱོད་པར་བྱེད་པ་གང་ཡིན་པ་དེ་ནི་ལྷག་མཐོང་རྣམ་པ་བཞི་ཞེས་བྱའོ། །དེ་ལ་ཇི་ལྟར་རྣམ་པར་འབྱེད་ཅེ་ན། འདི་ལྟ་སྟེ་སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་མཁས་པའི་དམིགས་པ་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་དོ། །ཇི་ལྟར་
རབ་ཏུ་རྣམ་པར་འབྱེད་ཅེ་ན། འདི་ལྟ་སྟེ། དམིགས་པར་བྱ་བའི་སྤྱོད་ཡུལ་དེ་དག་ཉིད་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །ཇི་ལྟར་ཡོངས་སུ་རྟོག་པར་བྱེད་ཅེ་ན། འདི་ལྟ་སྟེ། དམིགས་པ་དེ་དག་ལ་ཤེས་རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་
པས་དེའི་མཚན་མ་ཡོངས་སུ་བཟུང་ནས་ཡོངས་སུ་རྟོག་པར་བྱེད་དོ། །ཇི་ལྟར་ཡོངས་སུ་དཔྱོད་པར་བྱེད་ཅེ་ན། འདི་ལྟ་སྟེ། དམིགས་པར་བྱ་བའི་སྤྱོད་ཡུལ་དེ་དག་ལ་ཡང་དག་པར་རྟོག་པར་བྱེད་པའི་ཚེ། ཡོངས་སུ་དཔྱོད་པར་བྱེད་དོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་
ཀྱང་བཞི་པོ་འདི་དག་ལ་གོ་རིམས་བཞིན་དུ་ལྷག་མཐོང་རྣམ་པ་བཞི་ཞེས་བཤད་དོ། །གསུམ་པ་བཟོད་པ་ཞེས་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གི་མིང་གི་རྣམ་གྲངས་བསྟན་པ་ཡིན་ཏེ། དེ་ཡང་རྣམ་པ་ལྔའོ། །དེ་ལ་བཟོད་པ་ནི་འདི་ལྟ་སྟེ། ཁོང་དུ་ཆུད་པར་བཟོད་པའོ། །འདོད་པ་ནི་འདི་
ལྟ་སྟེ། མོས་པར་གྱུར་པའོ། །ཤེས་རབ་ནི་རྣམ་པར་འབྱེད་པའོ། །ལྟ་བ་ནི་ཡོངས་སུ་ཚོལ་བའོ། །རྟོག་པ་ནི་འདི་ལྟ་སྟེ། སོ་སོར་རྟོག་པའོ། །རྣམ་པ་ལྔ་པོ་འདི་དག་ཀྱང་དོན་ནི་གཅིག་ལ་མིང་ནི་ཐ་དད་པར་གྱུར་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཤེས་རབ་དང་
ཡེ་ཤེས་དང་མཐོང་བ་དང་རིག་པ་དང་བློ་དང་རྟོག་པ་ལ་སོགས་པ་ནི་མིང་གི་བྱེ་བྲག་ཡིན་ཏེ། ཆོས་མཚན་ཉིད་དང་སེམས་ལས་བྱུང་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ་བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །གཞི་དེ་ནི་ལྷག་མཐོང་ཞེས་བྱ་སྟེ་ཞེས་
เล่ม ๑๑๙ · หน้า 101a
བྱ་བ་ནི་མཇུག་བསྡུ་བའོ། །ཁ་ཅིག་ན་རེ་རྩ་བ་དང་གཟུགས་བརྙན་ལ་བརྟེན་ནས་མདོའི་ཚིག་འདི་བསྟན་པ་ཡིན་ཏེ། དེ་ལ་ཇི་ལྟར་ལགས་པར་བསམས་པ་ཞེས་བྱ་བ་ལ་སོགས་པས་ནི་རྩ་བ་ཉིད་ཀྱི་ཆོས་རབ་ཏུ་སྟོན་ཏེ། ནང་དུ་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པས་ནི་རྩ་བ་
ལ་བརྟེན་ནས་གཟུགས་བརྙན་འབྱུང་བ་བསྟན་ཏེ། གཟུགས་བརྙན་ལ་བརྟེན་ནས་སོ་སོར་རྟོག་པར་བྱེད་པས་སོ། །དེ་ལྟར་ཏིང་ངེ་འཛིན་གྱི་ཞེས་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གི་གཟུགས་བརྙན་གྱི་དབང་གིས་ཞེས་བྱ་བའི་དོན་རྩ་བ་ལས་འབྱུང་བའི་ཡུལ་ཁོང་དུ་ཆུད་པར་བསྟན་ཏེ། དེའི་ཕྱིར་
བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣལ་འབྱོར་པ་དེས་གཟུགས་བརྙན་བརྟག་པའི་ཕྱིར་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རང་བཞིན་དེ་ལ་ཡང་དག་པར་རྟོག་པ་ན་ཡོན་ཏན་དང་སྐྱོན་ངེས་པར་རྟོག་པར་བྱེད་པ་གང་ཡིན་པ་ཞེས་འབྱུང་སྟེ། མདོའི་ཚིག་གཞན་བཤད་པའི་དོན་ནི་སྔར་
བསྟན་པ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་དང་རྣམ་པར་གཡེང་བ་ལས་བརྩམས་ནས། མདོའི་ཚིག་འདི་བསྟན་པ་ཡིན་པས་རྣམ་པ་གཉིས་སུ་དབྱེ་སྟེ། ལྷག་མཐོང་གི་སྦྱོར་བ་བསྟན་པ་དང་། དེ་ལྟར་ཞེས་བྱ་བ་མན་ཆད་ཀྱིས་རྩ་བའི་ལྷག་མཐོང་ཡང་དག་པར་བསྟན་པའོ། །དང་པོ་
ཡང་རྣམ་པ་གཉིས་ཏེ། ལྷག་མཐོང་གི་གནས་བསྟན་པ་དང་། ཇི་ལྟར་ཞེས་བྱ་བ་མན་ཆད་ཀྱིས་སྦྱོར་བ་ཡང་དག་པར་བསྟན་པའོ། །འདི་ལྟར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་གནས་བྱས་པའི་ཕྱིར་དང་། ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་མཐོང་སྐྱེ་བ་ཡང་གདོན་མི་ཟ་བར་ཐོས་པ་དང་
བསམས་པའི་སེམས་རྣམ་པར་གཡེང་བས་སྦྱོར་བར་བྱེད་པའི་ཕྱིར། འདིས་ནི་ཐོས་པ་དང་བསམས་པའི་སྦྱོར་བ་ཉིད་ཡང་དག་པར་བསྟན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཞི་གནས་དང་ལྷག་མཐོང་གཉིས་ཀྱི་རྣམ་པའི་མཚན་ཉིད་ཐ་དད་པའི་ཕྱིར་ཏིང་ངེ་འཛིན་ཐོབ་པར་གྱུར་ཀྱང་ཡང་ཐོས་པ་དང་། བསམས་
པའི་སེམས་རྣམ་པར་གཡེང་བ་འབྱུང་བས་སོ། །ནང་དུ་ཏིང་ངེ་འཛིན་ཞེས་བྱ་བ་ནི་སེམས་བསྡུས་ནས་རྣམ་པར་མི་གཡེང་བས་ནང་ཞེས་བྱ་བའི་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་བྱ་བ་ནི་མ་ཡིན་པས་དེའི་ཕྱིར་ནང་ཞེས་བྱ་བ་གསུངས་ཏེ། གཞན་ནི་སྔར་བཤད་པ་བཞིན་ནོ་ཞེའོ། །སྦྱོར་བ་དང་རྩ་
เล่ม ๑๑๙ · หน้า 101b
བའི་གནས་སྐབས་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་གཟུགས་བརྙན་ཁོ་ན་ལས་བརྩམས་ནས་སོ། །གཉིས་པ་ནི་རྩ་བ་དང་གཟུགས་བརྙན་གཉི་ག་ལ་བརྟེན་ནས་ཏེ་དོན་ནི་སྔར་བཤད་པ་བཞིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་
གཉིས་པ་མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་དུ་གསུངས་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་དམིགས་པའི་སེམས་ཡུལ་དུ་གྱུར་པ་ན་ནང་དུ་ཡིད་ལ་བགྱིད་པའི་སེམས་ཇི་སྲིད་དུ་
ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་མིང་ཅི་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཞི་གནས་དང་ལྷག་མཐོང་དང་རྗེས་སུ་འཇུག་པའི་ཡིད་ལ་བྱེད་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞི་གནས་དང་རྗེས་སུ་
མཐུན་པའི་ཡིད་ལ་བྱེད་པ་བསྟན་པ་དང་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ་ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། གོང་དུ་བསྟན་པ་ལྟར་དམིགས་པའི་སེམས་ཀྱིས་ནང་གི་སེམས་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་
ན་ཡིད་ལ་བྱེད་པ་དེས་ཇི་སྲིད་དུ་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེ་སྲིད་དུ་དེའི་མིང་ཅི་ཞེས་བྱ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཞི་གནས་ཀྱི་ཡིད་ལ་བྱེད་པ་ནི་མ་ཡིན་ཏེ། ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་
ལྡན་པའི་ཡིད་ལ་བྱེད་པ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་བཅོམ་ལྡན་འདས་ཀྱིས་ལན་ཡང་དག་པར་གསུངས་པ་སྟེ། ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་གྱི། ཡང་དག་པའི་ཞི་གནས་ནི་མ་ཡིན་ཏེ། ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་
འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཇི་ལྟར་ལེགས་པར་བསམས་པའི་ཆོས་རྣམས་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་ཡིད་ལ་བགྱིད་ན་ཡིད་ལ་བགྱིད་པ་དེ་ལ་མིང་ཅི་ཞེས་བགྱི་ལགས་ཞེས་བྱ་བ་ལ་སོགས་པས་ནི་
เล่ม ๑๑๙ · หน้า 102a
གཉིས་པ་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་པ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། སྔར་བསྟན་པ་ཇི་ལྟར་ལེགས་པར་བསམས་པའི་ཆོས་རྣམས་ནང་དུ་ཏིང་ངེ་
འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པའི་མོས་པས་སེམས་ཀྱི་མཚན་མ་ཡོངས་སུ་སྤངས་པ་ཡིད་ལ་བྱེད་པ་དེ་དག་ཇི་སྲིད་དུ་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་མིང་ཅི་ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་བུ་ལྷག་མཐོང་གི་ཡིད་ལ་བྱེད་པ་ནི་མ་ཡིན་ཏེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་
མོས་པ་དང་མཚུངས་པར་ལྡན་པའི་ཡིད་ལ་བྱེད་པ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་གྱི་ཡང་དག་པའི་ལྷག་མཐོང་ནི་མ་ཡིན་ཏེ། ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་རོ། །
མདོའི་ཚིག་འདི་དང་སྦྱར་ན་ཞི་གནས་དང་ལྷག་མཐོང་ནི་ཏིང་ངེ་འཛིན་གྱི་གནས་སྐབས་ལ་ཡོད་པ་ཁོ་ན་ཉིད་དུ་རིག་པར་བྱའོ། །གཞན་ཡང་མདོའི་ཚིག་འདིས་ནི་གང་དུ་ནང་གི་སེམས་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ཉིད་ལ་དེའི་སྦྱོར་བ་ཡིན་ནོ་ཞེས་བསྟན་པ་ཡང་ཡང་དག་པའི་དོན་
ཉིད་དུ་གྱུར་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱི་འམ་ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་ཞི་གནས་དང་ལྷག་མཐོང་
གི་ལམ་གཉིས་གཅིག་པ་དང་ཐ་དད་པ་རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ་ཞི་གནས་དང་ལྷག་མཐོང་རྣམ་པ་གཉིས་ནི་རྣལ་འབྱོར་པ་རྣམས་ཀྱིས་བགྲོད་པར་བྱ་བའི་གནས་
དང་འཕགས་པ་རྣམས་ཀྱི་ལམ་གྱི་ཆོས་རབ་ཏུ་འདྲེན་པའི་ཕྱིར་ལམ་ཞེས་བྱ་སྟེ། ལམ་གཉིས་པོ་དེ་དག་གཅིག་པ་ཞིག་ལགས་སམ་ཐ་དད་པ་ཞིག་ལགས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཐ་དད་པ་
เล่ม ๑๑๙ · หน้า 102b
ཡང་མ་ཡིན་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་བཞིན་དུ་མདོར་བསྟན་པ་དང་། དྲིས་པ་དང་ལན་དག་གིས་རྣམ་པར་ཕྱེ་ནས་
བཤད་པ་སྟེ་འདི་ནི་དང་པོའོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན་ལྷག་མཐོང་གི་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེ་ན། རྣམ་པར་རྟོག་པའི་གཟུགས་བརྙན་དམིགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་དྲིས་པ་དང་ལན་དག་གིས་
རྣམ་པར་ཕྱེ་ནས་བཤད་པའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཐ་དད་པ་མ་ཡིན་པ་ཞེས་བྱ་བའི་གཟུགས་གཉིས་ལ་བརྟན་ནས་བསྟན་པ་ཡིན་ཏེ། དེ་ལ་རེ་ཞིག་དཔེར་ན་ཞི་གནས་དང་ལྷག་མཐོང་གཉི་ག་ཅིག་ཅར་འཇུག་པའི་ཚེ་ཐོས་པ་དང་བསམས་པའི་
དམིགས་པའི་རྒྱུ་མཚན་གྱི་རྣམ་པའི་ཡུལ་ལ་མཚུངས་པར་དམིགས་ཤིང་ལྟ་བའི་རྣམ་པའི་སེམས་ལ་གཟུགས་ཀྱི་ཡུལ་ཉིད་དུ་དམིགས་པར་བྱེད་དེ། གཟུགས་ཉིད་དུ་མཚུངས་པའི་ཕྱིར་ཐ་དད་པ་མ་ཡིན་ཞེས་བྱའོ། །ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཟུགས་བརྙན་ལས་བརྩམས་ནས་
གསུངས་པ་ཡིན་ཏེ། འདི་ལྟར་ཞི་གནས་དང་ལྷག་མཐོང་དེ་དག་དམིགས་པར་མཚུངས་པར་གྱུར་པ་ན་གཟུགས་བརྙན་སྤྲུལ་པ་གང་ཡིན་པ་དེ་དག་སོ་སོ་ནས་མི་འདྲ་སྟེ། རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ལ་བྱེ་བྲག་ཡོད་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་
པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཐ་དད་པ་ཡང་མ་ཡིན་པ་ཞེས་བྱ་བ་ནི་འདི་ལྟར་ཞི་གནས་ཀྱི་ལྷག་མཐོང་གི་དམིགས་པ་ཐོས་པ་དང་བསམས་པའི་རྒྱུ་མཚན་གྱི་ཡུལ་ལ་དམིགས་པར་མི་བྱེད་མོད་ཀྱི་འོན་ཀྱང་ཐོས་པ་དང་བསམས་པའི་ཤེས་རབ་རྣམ་པ་གཉིས་པོ་དེ་དག་གི་དམིགས་པའི་ཡུལ་ལ་ཡོད་
པའི་ལྟ་བའི་རྣམ་པའི་སེམས་ལ་དམིགས་པར་བྱེད་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བའི་དོན་ནི་སྔར་བཤད་པ་བཞིན་ནོ་ཞེས་ཟེར་ཏེ། བཤད་པ་རྣམ་པ་གཉིས་ལས་བཤད་པ་ནི་ཕྱི་མ་བཟང་སྟེ། མདོའི་ཚིག་སྔ་མ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །བྱང་ཆུབ་
เล่ม ๑๑๙ · หน้า 103a
སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷག་མཐོང་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམས་ཀྱི་གཟུགས་བརྙན་གང་ལགས་པ་དེ་དག་སེམས་འདི་དང་ཐ་དད་པ་ཞེས་བགྱི་འམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་
བྱ་བ་འདི་མན་ཆད་ནི་དྲུག་པ་ཞི་གནས་དང་ལྷག་མཐོང་རྣམ་པར་རིག་པ་ཙམ་དུ་འབྱེད་པའི་སྒོ་འམ་ཡང་ན་སེམས་དང་ཡུལ་གཅིག་པ་དང་ཐ་དད་པ་ཉིད་དུ་རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་དང་བརྟག་པ་དང་རྣམ་པར་
བཤད་པ་དང་ལན་གསོལ་བ་དང་སྤྱིར་བསྟན་པའོ། །འདི་ནི་དང་པོ་འཕགས་པ་བྱམས་པས་ཞུ་བ་གསོལ་བ་སྟེ། ཞུ་བ་གསོལ་བ་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། །ཁ་ཅིག་ན་རེ་འདིར་ནི་ལྷག་མཐོང་སྨོས་ནས་ཏིང་ངེ་འཛིན་གྱི་དམིགས་པ་ཞུས་པ་ཡིན་ཏེ། བསྟན་བཅོས་ཐེག་པ་ཆེན་
པོ་བསྡུས་པ་ལས་ཇི་སྐད་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་རྣམས་བསྟན་ནས་ལྷག་མཐོང་མ་བཤད་པ་ལྟ་བུ་དང་། མདོ་འདི་ཉིད་ལས་འོག་ནས་ཏིང་ངེ་འཛིན་གྱི་གཟུགས་བརྙན་ལྟ་བུར་སྣང་ངོ་ཞེས་གསུངས་པ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་འདིར་ཏིང་ངེ་འཛིན་སྨོས་ནས་ལྷག་མཐོང་གི་
དམིགས་པ་ཞུས་པ་ཡིན་ཏེ་གཞན་དག་ནས་ཟད་པར་གྱི་སྐྱེ་མཆེད་བཅུའི་རྣལ་འབྱོར་ལ་སོགས་པའི་སྐྱོན་བསྟན་པ་ལྟ་བུ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པ་ལས་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་མཐོང་འབྱུང་བའི་ཕྱིར་ཏིང་ངེ་འཛིན་ཞེས་བྱ་བའི་ཚིག་
བསྟན་པ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དམིགས་པའི་གཟུགས་བརྙན་ཅིག་ཅར་ཞུས་པ་ཡིན་ཏེ། མདོ་འདི་ལས་ལྷག་མཐོང་དང་ཏིང་ངེ་འཛིན་གྱི་དམིགས་པའི་ཡུལ་ཞུ་བའི་ཕྱིར་ཏེ། ཞུས་པ་འདིའི་དོན་ནི་འདི་སྐད་དུ་ལྷག་མཐོང་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སྔོན་པོ་ལ་
སོགས་པ་དེ་དག་སེམས་པ་འདི་དང་གཅིག་པ་ཞིག་ལགས་སམ། ཐ་དད་པ་ཞིག་ལགས་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་མདོ་འདི་དང་མཐུན་པར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་
เล่ม ๑๑๙ · หน้า 103b
ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས། དེ་ལ་ཏིང་ངེ་འཛིན་ཞེས་བྱ་བ་ནི་དམིགས་པ་ལ་སེམས་རྩེ་གཅིག་པའི་ངོ་བོ་ཉིད་དེ། སེམས་ལས་བྱུང་བའི་ཆོས་ཀྱི་བདག་ཉིད་དོ། །འདིས་དམིགས་པའི་ཡུལ་ལ་སྤྱོད་ཡུལ་ཞེས་བྱ་སྟེ། རང་གི་ཡུལ་གང་ཡིན་པ་དེ་ནི་གཟུགས་ཞེས་
བྱའོ། །དེ་དང་འདྲ་བར་སྣང་བ་གང་ཡིན་པ་དེ་ནི་གཟུགས་བརྙན་ཞེས་བྱའོ་ཞེས་བཤད་དོ། །གཟུགས་བརྙན་དེ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་སྦྱར་ན་རྣམ་པར་བསྔོས་པ་དང་རྣམ་པར་བམ་པ་ལ་སོགས་པའི་གཟུགས་བརྙན་ལ་བྱ་བར་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་
པ་མི་མཐུན་པ་རྣམ་པ་གཅིག་ལས་ནི། ཟད་པར་གྱི་སྐྱེ་མཆེད་བཅུ་ལས་སྔ་མ་བརྒྱད་ནི་གཟུགས་ཡིན་ཏེ། འདི་ལྟ་སྟེ་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་དང་། ས་དང་། ཆུ་དང་། མེ་དང་། རླུང་ངོ་། །གཟུགས་རྣམ་པ་བརྒྱད་པོ་དེ་དག་ཀྱང་ཐམས་ཅད་ཡོད་པར་སྨྲ་བའི་
གཞུང་གིས་རྣམ་པ་བརྒྱད་ལས་འབྱུང་བ་ཆེན་པོ་བཞི་ནི་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་སོ། །སྔོན་པོ་ལ་སོགས་པ་རྣམ་པ་བཞི་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པར་བཤད་དེ། དེའི་གཞུང་གིས་ཆོས་ཀྱི་སྐྱེ་མཆེད་ནི་གཟུགས་ལས་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་བསྡུས་པར་འདོད་པའི་
ཕྱིར་རོ། །མདོ་སྡེ་པའི་གཞུང་གིས་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་བསྟན་པ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་ནི་གཟུགས་ཀྱང་མ་ཡིན་སེམས་ཀྱང་མ་ཡིན་པ་ཁོ་ནའོ་ཞེས་སྟོན་ཏེ། ཏིང་ངེ་འཛིན་རྣམས་ཀྱི་སྤྱོད་ཡུལ་གྱི་གཟུགས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པར་འདོད་པ་ཡང་
ཕལ་ཆེར་ཐེག་པ་ཆེན་པོ་དག་དང་ཡང་མཐུན་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་མདོ་སྡེ་པ་དག་ན་རེ་མདོ་དག་ལས། གཟུགས་རྣམ་པ་གསུམ་མོ་ཞེས་གང་གསུངས་པ་དེ་ཡང་། རྣལ་འབྱོར་པ་དག་ན་རེ་བསམ་གཏན་བསྒོམ་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསྐྱེད་པའི་ཏིང་ངེ་འཛིན་གྱི་
སྤྱོད་ཡུལ་གྱི་གཟུགས་བརྙན་གང་ཡིན་པ་དེ་ནི་མིག་གི་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་བསྟན་དུ་མེད་པ་ཞེས་བྱའོ། །གནས་ལ་མི་སྒྲིབ་པའི་ཕྱིར་ཐོགས་པ་མེད་པ་ཞེས་བྱའོ། །གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་གཟུགས་ཞེས་བྱ་ཞེ་ན། དེའི་མིང་བཤད་པ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་བཤད་པ་
เล่ม ๑๑๙ · หน้า 104a
དང་མཐུན་ནོ། །གཞན་ཡང་མདོ་ལས་ཟག་པ་མེད་པའི་གཟུགས་ཞེས་གསུངས་པ་ཡང་རྣལ་འབྱོར་པ་དག་ན་རེ་ཏིང་ངེ་འཛིན་གྱི་མཐུས་བསྐྱེད་པའི་གཟུགས་ལས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཞེས་བཤད་དོ་ཞེས་འབྱུང་ངོ་། །
འདིར་ཐེག་པ་ཆེན་པོའི་ཟད་པར་གྱི་སྐྱེ་མཆེད་རྣམ་པ་བཅུའི་རྣལ་འབྱོར་བསྒོམ་པ་དང་སྦྱར་ན་རྣམ་པར་ཐར་པ་ལ་སོགས་པ་ལས་དམིགས་པའི་ཡུལ་གྱི་གཟུགས་གང་ཡིན་པ་དེ་དག་ནི་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་དག་ཡིན་ནོ། །འདིར་ཅིའི་ཕྱིར་ལྷག་མཐོང་ཁོ་ནའི་དམིགས་པའི་སྤྱོད་ཡུལ་བསྟན་
ཞེ་ན། སྨྲས་པ། སྔར་གོང་དུ་ཞི་གནས་ནི་སེམས་ལ་དམིགས་པ་ཁོ་ནའོ། །ལྷག་མཐོང་ནི་ཡུལ་རྣམས་ལ་དམིགས་པའོ་ཞེས་བཤད་པའི་ཤུགས་ཀྱིས་ཞུ་བ་གསོལ་བ་ཡིན་པས་དེའི་ཕྱིར་ཞི་གནས་མ་བརྗོད་དོ། །དེ་ནི་འདི་སྐད་དུ་དམིགས་པའི་ཡུལ་དང་ལྷག་མཐོང་གཅིག་པ་ཞིག་ལགས་
སམ། ཐ་དད་པ་ཞིག་ལགས་ཞེས་བྱ་བའི་རིགས་ན་ཅིའི་ཕྱིར་སེམས་དང་གཅིག་པ་ཞིག་ལགས་སམ་ཐ་དད་པ་ཞིག་ལགས་ཞེས་བརྗོད་ཅེ་ན། སྨྲས་པ། སེམས་དང་མཚུངས་པར་ལྡན་པའི་ཕྱིར་སེམས་ཞེས་ཀྱང་བརྗོད་དོ། རྣམ་པར་རིག་པ་ཙམ་མོ་ཞེས་བརྗོད་པ་དང་མཚུངས་པའི་ཕྱིར་ཕན་
ཚུན་འགལ་བ་མེད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཐ་དད་པ་མ་ཡིན་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་མདོར་བསྡུས་ཏེ་གསུངས་པའོ། །ཡུལ་སེམས་ལས་གུད་ན་མེད་པའི་ཕྱིར་ཐ་དད་པ་མ་
ཡིན་ཞེས་གསུངས་ཀྱི། ཡང་དག་པར་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་ཡང་ཐ་དད་པ་ཉིད་དུ་འཛིན་པ་རྣམ་པར་གཞིག་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གསུམ་པ་བྱང་ཆུབ་སེམས་དཔས་སླར་བརྟགས་པ་སྟེ། དམིགས་པར་
བྱ་བ་དེ་དམིགས་པར་བྱེད་པའི་སེམས་ལས་གུད་ན་ཡོད་པ་མ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་བརྙན་དེ་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་དེ་བཞིན་གཤེགས་པས་ཡང་དག་པར་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། གཞུང་སྨོས་
เล่ม ๑๑๙ · หน้า 104b
ནས་ཡང་དག་པར་བཤད་པ་དང་། ཕ་རོལ་གྱི་ཐེ་ཚོམ་བསལ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་གཟུགས་བརྙན་དེ་རྣམ་པར་རིག་པ་ལས་གྱུར་པའི་ཕྱིར་རོ། །རིགས་ཀྱི་བུ་ངས་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པར་རིག་པ་ཙམ་ལས་སྣང་བར་བཤད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་ཕ་རོལ་
ཀྱི་ཐེ་ཚོམ་བསལ་བ་སྟེ། ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས་རྣམ་པར་རིག་པ་ཙམ་ལས་ལོགས་ཤིག་ན་དམིགས་པའི་ཡུལ་ཡོད་པ་གང་ཡིན་པ་དེ་ནི་ནང་གི་རྣམ་པར་རིག་པས་རབ་ཏུ་ཕྱེའོ་ཞེས་བཤད་པ་དེ་ནི་དམིགས་པའི་སྤྱོད་ཡུལ་རྣམ་པར་རིག་པའི་ངོ་བོ་ཉིད་ཀྱི་དོན་ཏོ་
ཞེས་འབྱུང་སྟེ། དེ་ནི་འདི་སྐད་དུ། རྣམ་པར་ཤེས་པས་དམིགས་པའི་སྤྱོད་ཡུལ་གང་ཡིན་པ་དེ་ནི་རྣམ་པར་རིག་པ་ཙམ་ལས་སྣང་བའི་གཟུགས་བརྙན་ཡིན་གྱི། ལོགས་ཤིག་ན་བདག་ཉིད་དུ་གྱུར་པ་ནི་མེད་དོ་ཞེས་བསྟན་པར་འགྱུར་རོ། །སློབ་དཔོན་དབྱིག་གཉེན་གྱིས་ཐེག་པ་ཆེན་པོ་བསྡུས་པའི་
འགྲེལ་པ་མཛད་པ་ལས་ཀྱང་འདི་ལྟ་སྟེ། རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པར་རིག་པ་ཙམ་ལས་སྣང་སྟེ་གུད་ན་ཡུལ་གྱི་དོན་དུ་གྱུར་པ་ནི་མེད་དོ། །གཞན་ཡང་རྣམ་པར་ཤེས་པ་སྨོས་པ་ནི་ངས་རྣམ་པར་ཤེས་པའི་སྤྱོད་ཡུལ་ནི་ངེས་པར་རྣམ་པར་རིག་པ་ཙམ་ལ་སྣང་གི་གུད་ན་བདག་ཉིད་དུ་གྱུར་
པ་ནི་མེད་དོ་ཞེས་བཤད་པ་ཡང་རབ་ཏུ་བསྟན་པའོ་ཞེས་འབྱུང་ངོ་། །གཞན་ཡང་འདིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་གསར་རྙིང་རྣམ་པ་གཉིས་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་སངས་རྒྱས་ཀྱི་སའི་འགྲེལ་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་རྣམ་པར་རིག་པ་
ཙམ་དུ་བསྟན་པའི་རིགས་པ་དག་ཀྱང་བརྗོད་པར་བྱའོ།། །།བམ་པོ་སུམ་ཅུ་བདུན་པ། བཅོམ་ལྡན་འདས་གལ་ཏེ་དེའི་སྤྱོད་ཡུལ་གཟུགས་བརྙན་སེམས་དེ་ལས་ཐ་དད་པ་མ་ལགས་ན་ཇི་ལྟར་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་འགྱུར་ལགས་ཞེས་བྱ་བ་ནི་གང་གསོལ་བ་སྟེ། དེ་ནི་
འདི་སྐད་དུ་སེམས་ནི་དམིགས་པར་བགྱིད་པའི་དོན་ལགས། ཡུལ་ནི་བརྟེན་པར་བགྱིད་པའི་དོན་ལགས་ན། བཅོམ་ལྡན་འདས་ཀྱིས་སྤྱོད་ཡུལ་གཟུགས་བརྙན་དེ་དག་སེམས་དང་ཐ་དད་པ་མ་ལགས་པར་བཀའ་སྩལ་པ་ལྟ་ན། ཇི་ལྟར་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་འགྱུར་ཏེ། འོ་ན་ནི་འཇིག་
เล่ม ๑๑๙ · หน้า 105a
རྟེན་པ་དག་མིག་ནི་རང་ཉིད་མི་མཐོང་ངོ་། །མཛུབ་མོ་ནི་རང་ཉིད་མི་འཛུག་གོ། །མཚོན་གྱིས་ནི་རང་ཉིད་ལ་མི་གཅོད་དོ་ཞེས་བརྗོད་པ་དག་དང་འགལ་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་འགྲེལ་པ་ལས། ཇི་ལྟར་སེམས་དེ་
ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་འགྱུར་ཞེས་བྱ་བ་འདི་ནི་བྱེད་པའི་ནུས་པ་དང་བདག་ཉིད་དང་མི་འགལ་བར་བསྟན་ཏོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི་གལ་ཏེ་རྣམ་པར་ཤེས་པ་གཞན་ཞིག་རྣམ་པར་ཤེས་པའི་ཡུལ་གྱི་དངོས་པོ་བྱེད་པ་ཞིག་ཡོད་
ན་ཡང་རྣམ་པར་རིག་པ་ཙམ་གྱི་དོན་འགྲུབ་པར་མི་འགྱུར་ལ། རང་གི་བདག་ཉིད་ལ་དམིགས་པ་ཡུལ་གྱི་དངོས་པོ་བྱེད་ན་ཡང་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་འཇིག་རྟེན་ན་དེ་ལྟ་བུའི་རྣམ་པ་མེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །རིགས་ཀྱི་བུ་འདི་ལ་ཆོས་ཅུང་ཟད་གང་གིས་ཀྱང་ཆོས་ཅུང་ཟད་གང་ཡང་
མཐོང་བར་མི་འགྱུར་མོད་ཀྱི། འོན་ཀྱང་སེམས་དེ་དེ་ལྟར་སྐྱེས་པའི་ཚེ་གཟུགས་བརྙན་དེ་དག་དེ་ལྟར་རབ་ཏུ་སྣང་ངོ་ཞེས་བྱ་བ་ལ་སོགས་པས་ནི་དྲུག་པ་དེ་བཞིན་གཤེགས་པས་སྤྱིར་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སེམས་ལས་གུད་ན་མེད་པར་བསྟན་པ་དང་།
ཞུས་པ་དང་ལེན་དག་གིས་རྣམ་པར་གཡེང་བའི་སེམས་ཀྱི་དམིགས་པ་རྣམ་པར་འབྱེད་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་བས་འདི་ལྟ་སྟེ། དོན་དང་། དཔེ་དང་དོན་དུ་སྦྱར་བའོ། །འདི་ནི་དང་པོ་དོན་བསྟན་པ་སྟེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། ཆོས་ཅུང་ཟད་གང་གིས་ཀྱང་ཆོས་
ཅུང་ཟད་གང་ཡང་མཐོང་བར་མི་འགྱུར་ཞེས་བྱ་བ་འདིས་ནི་བརྒལ་བས་སྔ་མའི་ལན་བསྟན་པ་སྟེ། བྱེད་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་བྱེད་པ་མེད་པ་གང་ཡིན་པ་དེ་ནི་མངོན་པར་འགྲུབ་པར་མི་འགྱུར་བའི་ཕྱིར་རོ་ཞེས་འབྱུང་སྟེ། ཆོས་ཅུང་ཟད་གང་ཡང་མེད་པས་བྱེད་པ་མེད་པར་རབ་ཏུ་བསྟན་ཏོ་
ཞེས་བྱ་བ་ཡང་། ཆོས་ཅུང་ཟད་གང་ཡང་མཐོང་བར་མི་འགྱུར་བ་དེ་ཉིད་ཀྱིས་བྱེད་པ་མེད་པར་བསྟན་པས་སོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི་ཆོས་གང་གིས་ཀྱང་ཆོས་གང་ཡང་འཛིན་པར་བྱེད་པ་མེད་དོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་
เล่ม ๑๑๙ · หน้า 105b
ལང་གི་ཚེ་བསྒྱུར་བ་ལས་ནི་ཆོས་གང་གིས་ཀྱང་ཆོས་གཞན་འཛིན་པར་བྱེད་པ་མེད་དོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་ལས་ནི་ཆོས་གང་ཡང་རྟོག་པར་མི་བྱེད་ཅེས་འབྱུང་སྟེ། དེ་དག་གི་ཚིག་ཐ་དད་ཀྱང་དོན་ནི་མི་མཐུན་པ་མེད་དོ། །གཞན་ཡང་ཆོས་གང་གིས་ཀྱང་ཆོས་གང་
ཡང་འཛིན་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་གཞན་གྱི་དབང་གི་སེམས་ལས་གྱུར་པའི་སེམས་ཀྱི་བདག་ཉིད་མེད་ཅིང་ཡང་དག་པའི་ནུས་པ་གང་ཡང་མེད་པས་སོ། །སེམས་དེ་ལས་ལོགས་ཤིག་ན་ཡོད་དོ་ཞེ་ན། གཞན་དག་ན་རེ་ཡང་དག་པའི་ནུས་པ་ཡོད་པ་མ་ཡིན་ན་ཇི་ལྟར་གཟུང་བ་དང་འཛིན་པ་ཡོད་
པར་འགྱུར་ཞེས་རྒོལ་བས་དེའི་ཕྱིར་ཚིག་འདི་གསུངས་པ་ཡིན་ཏེ། འདི་ལྟར་གཞན་གྱི་དབང་སེམས་ལྟ་བུར་སྐྱེས་པའི་ཚེ། དེ་ལྟ་བུའི་གཟུགས་བརྙན་དག་རབ་ཏུ་སྣང་བས་དེའི་ཕྱིར་སེམས་དེས་ཡུལ་དུ་འཛིན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་འོན་ཀྱང་
སེམས་དེ་དེ་ལྟར་སྐྱེས་པའི་ཚེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཤིན་ཏུ་མཐུ་ཆེ་བའི་ཕྱིར་ངོ་བོ་ཉིད་ཀྱི་རྣམ་པ་གཅིག་ལ་གཟུགས་བརྙན་རྣམ་པ་གཉིས་སྐྱེས་པ་ཕན་ཚུན་ལྟོས་ན་དེ་ཉིད་ཀྱང་མ་ཡིན་ལ། དེ་ཉིད་དང་བྲལ་བ་ཡང་མ་ཡིན་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་
རྐྱེན་གྱི་མཐུ་ལས་དེའི་ངོ་བོ་ཉིད་ཆོས་ཉིད་ཀྱིས་དེ་ལྟར་སྐྱེའོ་ཞེས་འབྱུང་ངོ་། །སེམས་དེ་དག་ཡུལ་ལ་དམིགས་པའི་རིགས་པ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས་ཕྱི་རོལ་གྱི་གཟུགས་ཡང་དག་པར་མེད་ཀྱང་ནང་གི་རྣམ་པར་ཤེས་
པའི་ཡུལ་ཕ་རོལ་གྱི་སེམས་ཡང་དག་པར་ཡོད་པ་མ་ཡིན་ནམ། ཅི་ན་རང་གི་དམིགས་པ་མ་ཡིན་ཞེས་སྨྲས། སུ་ཞིག་གཞན་གྱི་སེམས་རང་གི་རྣམ་པར་ཤེས་པའི་ཡུལ་ལ་མ་ཞེན་ཞེས་ཟེར་ཏེ། དེའི་ཉེ་བའི་དམིགས་པ་ཡིན་པར་མ་བསྟན་པ་ཙམ་དུ་ཟད་དེ་འདི་ལྟར་རྣམ་པར་ཤེས་པ་སྐྱེས་པ་ན་ཡང་
དག་པར་བྱེད་པ་མེད་པས། ཇི་ལྟར་ལག་པ་ལ་སོགས་པ་ལྟར་ཕྱི་རོལ་གྱི་དངོས་པོ་མངོན་སུམ་དུ་འཛིན་པ་དང་། ཉི་མ་ལ་སོགས་པའི་འོད་ཀྱིས་ཕྱི་རོལ་གྱི་ཡུལ་མངོན་སུམ་དུ་གསལ་བར་བྱེད་པ་ལྟ་བུ་མ་ཡིན་གྱི། མེ་ལོང་ལ་སོགས་པ་བཞིན་དུ་ཕྱི་རོལ་གྱི་ཡུལ་ལྟ་བུར་སྣང་བས་གཞན་གྱི་སེམས་ཤེས་པ་
เล่ม ๑๑๙ · หน้า 106a
ཞེས་བྱའི། མངོན་སུམ་དུ་ཁོང་དུ་ཆུད་པ་ནི་མ་ཡིན་ཏེ། མངོན་སུམ་གྱི་དམིགས་པ་ནི་བདག་གི་བདག་ཉིད་ལས་གྱུར་པ་ཡིན་པས་དེའི་ཕྱིར་མདོ་དག་ལས་ཆོས་ཅུང་ཟད་གང་གིས་ཀྱང་ཆོས་གཞན་འཛིན་པར་བྱེད་པ་མེད་ཀྱང་། རྣམ་པར་ཤེས་པ་སྐྱེས་པའི་ཚེ་དེའི་མཚན་
ཉིད་འདྲ་བར་སྣང་བས་དངོས་པོ་དེ་འཛིན་པ་ཞེས་བྱ་སྟེ། གཞན་གྱི་སེམས་ལ་དམིགས་པ་ཇི་ལྟ་བ་བཞིན་དུ་གཟུགས་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་འབྱུང་སྟེ། དྲིས་པ་དང་ལན་དག་གིས་རྒྱ་ཆེར་རྣམ་པར་དབྱེ་བ་ནི་བསྟན་བཅོས་དེ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ་དཔེར་
ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་གཟུགས་ཀྱིས་རྐྱེན་བྱས་པས་གཟུགས་བརྙན་མཐོང་ཡང་བདག་གིས་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཤིང་གཟུགས་ལས་ལོགས་ཤིག་ན་སྤྱོད་ཡུལ་གཟུགས་བརྙན་སྣང་ངོ་སྙམ་དུ་ཡང་སེམས་སོ་ཞེས་བྱ་བ་ནི་གཉིས་པ་དཔེས་
བསྟན་པ་སྟེ། མེ་ལོང་གི་གཟུགས་བརྙན་གྱི་མཚན་ཉིད་ཀྱང་དེ་ཁོང་དུ་ཆུད་པར་དཀའ་བས་དེའི་ཕྱིར་འདིར་སྔར་སོ་སོའི་གཞུང་གི་བཤད་པ་བརྗོད་ནས། དེའི་འོག་ཏུ་མདོའི་ཚིག་འདི་ཉིད་ཡང་དག་པར་བཤད་པར་བྱའོ། །དེ་ལ་རེ་ཞིག་སོ་སོའི་གཞུང་གི་བཤད་པ་དང་སྦྱར་ན་གཟུགས་བརྙན་དང་། གཟུགས་
ཉིད་ན་འབྲེལ་པ་དང་། འབྲེལ་པ་མེད་པ་དང་བཏགས་པ་དང་རྫས་སུ་ཡོད་པ་ལ་བརྟེན་ནས་མདོར་བསྡུ་ན་བཤད་པ་རྣམ་པ་ལྔ་ཡོད་དེ། དང་པོ་ནི་འབྲེལ་པ་མེད་ཅིང་རྫས་སུ་ཡོད་པ་སྟེ། ཇི་ལྟར་གནས་བརྟན་པའི་སྡེ་པ་དག་དཔེ་འདི་ཉིད་ལ་བརྟེན་ནས་སྲིད་པ་བར་མ་རྣམ་པར་མི་གཞག་པ་ལྟ་བུ་དང་། མཛོད་
ཀྱི་བསྟན་བཅོས་དང་། ཡང་དག་པའི་རིགས་དང་རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བྱེ་བྲག་ཏུ་སྨྲ་བ་དག་སྲིད་པ་བར་མ་རྣམ་པར་མི་གཞག་པ་ལྟ་བུ་སྟེ། མེ་ལོང་གི་གཟུགས་བརྙན་ལ་ནི་བར་ཆད་དང་བཅས་པའི་དོན་ཡོད་པས་གནས་བརྟན་པའི་སྡེ་པ་དག་གིས་ཀྱང་དེ་དང་མཐུན་པར་
བཤད་དེ། །གཉིས་པ་ནི་འབྲེལ་པ་མེད་ཅིང་རྫས་སུ་ཡོད་པ་མ་ཡིན་པ་སྟེ། འདི་ལྟར་ཆོས་རྣམས་རྒྱུ་དང་རྐྱེན་འདུས་པའི་མཐུ་ལས་དེ་ལྟར་མཐོང་བས་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ནུས་པའི་བྱེ་བྲག་ནི་ཤིན་ཏུ་དཔག་པར་དཀའ་བ་སྟེ། ཇི་ལྟར་སློབ་དཔོན་དབྱིག་གཉེན་གྱིས་སྲིད་པ་བར་མ་རྣམ་པར་གཞག་པ་
เล่ม ๑๑๙ · หน้า 106b
མཛོད་ཀྱི་བསྟན་བཅོས་ལས་རྒྱ་ཆེར་བསྟན་པ་ལྟ་བུའོ། །གསུམ་པ་ནི་འབྲེལ་པ་དང་བཅས་ཤིང་རྫས་སུ་ཡོད་པ་སྟེ། ཇི་ལྟར་སློབ་དཔོན་འདུས་བཟང་གིས་སྲིད་པ་བར་མ་རྣམ་པར་གཞག་པ་སློབ་དཔོན་དབྱིག་གཉེན་གྱི་གཞུང་རྣམ་པར་འཇིག་པ་ལྟ་བུ་སྟེ། ཞིབ་ཏུ་བསྟན་བཅོས་ཡང་དག་པའི་རིགས་པ་
དང་རྗེས་སུ་མཐུན་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བཞི་པ་ནི་འབྲེལ་པ་དང་བཅས་ཤིང་རྫས་སུ་ཡོད་པ་མ་ཡིན་པ་སྟེ། སོ་སོའི་གཞུང་ལས་ཚིག་འདི་ཡོད་ཀྱང་ཚད་མར་བཟུང་དུ་རུང་བའི་གཏན་ཚིགས་ཉིད་མ་མཐོང་བས་གཏུགས་པར་བྱའོ། །ལྔ་པ་ནི་འབྲེལ་པ་དང་འབྲེལ་པ་མེད་པ་དང་རྫས་
སུ་ཡོད་པ་མ་ཡིན་པ་སྟེ། བཙུན་པ་བར་མ་ལྟ་བུའོ། །འདི་ནི་མདོ་སྡེ་པའི་སློབ་དཔོན་གསུམ་པ་སྟེ། འདི་ལྟར་མདོ་སྡེའི་སློབ་དཔོན་ནི་གསུམ་ཡོད་དེ། ཀུ་མ་ར་ཏ་དང་། ཤི་རི་ར་ཏ་དང་། བཙུན་པ་ར་ཏའོ། །མིག་གི་དབང་པོས་ཡུལ་གཟུགས་ལ་དམིགས་པ་ནི། རང་གི་གདོང་ཉིད་མཐོང་ཡང་གཟུགས་
བརྙན་གཞན་ཞིག་མཐོང་ངོ་སྙམ་དུ་སེམས་པ་སྟེ། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས། དེ་དག་གིས་བརྟགས་པ་རྒྱ་ཆེར་རྣམ་པར་འཇིག་པས། དེར་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བཤད་པ་རྣམ་པ་གཉིས་ཡོད་དེ།
དང་པོ་ནི་མདོ་ཉིད་ཀྱི་ནང་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པའི་ལེའུ་ལས་བསྟན་པ་དང་སྦྱར་ན་མེ་ལོང་གི་ནང་ན་གཟུགས་བརྙན་ཡོད་དེ། དེའི་ཕྱིར་མདོ་འདི་ཉིད་ལས་གཞན་ཡང་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལས་གལ་ཏེ་གཟུགས་ཤིག་འབྱུང་བའི་རྐྱེན་ཉེ་བར་གནས་
པར་གྱུར་ན་གཟུགས་བརྙན་ཡང་གཅིག་ཁོ་ན་འབྱུང་ངོ་། །གལ་ཏེ་གཟུགས་བརྙན་གཉིས་སམ། གལ་ཏེ་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། གཟུགས་བརྙན་ཡང་རབ་ཏུ་མང་པོ་དག་འབྱུང་ངོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་སངས་རྒྱས་ཀྱི་སའི་མདོ་
ལས། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལ་བརྟེན་ནས་གཟུགས་བརྙན་དག་སྣང་ངོ་ཞེས་བྱ་བ་ནས་གཞན་ཡང་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་ཀྱི་རྐྱེན་ལ་ལྟོས་ནས་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གཉིས་པ་ནི་མདོ་འདི་ཉིད་ལས།
เล่ม ๑๑๙ · หน้า 107a
དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་གཟུགས་ཀྱིས་རྐྱེན་བྱས་པས་གཟུགས་ཉིད་མཐོང་ཡང་བདག་གིས་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཤིང་གཟུགས་ལས་ལོགས་ཤིག་ན་སྤྱོད་ཡུལ་གཟུགས་བརྙན་སྣང་ངོ་སྙམ་དུ་སེམས་སོ་ཞེས་གསུངས་
པ་ལ་སོགས་པ་ལ་བརྟེན་ནས་སོ། །ཐེག་པ་ཆེན་པོའི་སློབ་དཔོན་རྣམས་ཀྱི་བཤད་པ་ཡང་རྣམ་པ་གཉིས་སུ་དབྱེའོ། །དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་སྟེ། བཤད་མ་ཐག་པའི་མདོའི་ཚིག་དང་། འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལ་སོགས་པ་ལ་བརྟེན་ཏེ་མེ་ལོང་གི་ནང་ན་གཟུགས་
བརྙན་སྣང་བ་ཡང་བདག་ཉིད་ལོགས་ཤིག་ན་ཡོད་པར་རྣམ་པར་གཞག་ནས། མདོ་སྡེ་པའི་གཞུང་དང་རང་ཉིད་བཞིན་མཐོང་བ་རྣམ་པར་འཇིག་པར་མཛད་དེ། །དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་གྲིབ་མའི་གཟུགས་དང་གཟུགས་བརྙན་གྱི་གཟུགས་ནི་ཐ་དད་
པར་བཤད་པ་ནི་མི་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། མིག་གི་གསལ་བ་མེ་ལོང་ཡོངས་སུ་དག་པ་དང་ཕྲད་པ་དེ་རང་གི་གྲིབ་མ་མཐོང་བས་ཀྱང་འོད་ལ་སྒྲིབ་པའི་ཕྱིར་གཟུགས་བརྙན་སྣང་བར་ཟད་ཀྱི་ཆོས་གཞན་ནི་ཅི་ཡང་མེད་དོ་ཞེ་ན། སྨྲས་པ། དངོས་པོ་དེ་ནི་དེ་ལྟར་མ་ཡིན་ཏེ། དཔེར་ན་འབྲུ་མར་གྱི་
ནང་དུ་གཟུགས་བརྙན་སྣང་བ་དང་པོའི་གཟུགས་ཉིད་མ་ཡིན་པ་དང་། རལ་གྲི་བསྙལ་ཏེ་ལྟ་བའི་ཚེ་ནི་གདོང་ཆེ་ལ་བསྒྲེང་སྟེ་ལྟ་བའི་ཚེ་ནི་གདོང་མཆུ་རིངས་སུ་འགྱུར་བ་ལྟ་བུ་དང་པོ་ནི་བཞིན་ཉིད་མ་ཡིན་པ་དང་ཆུ་ཤེལ་གྱི་ཐིག་ལེ་རེ་རེའི་ནང་ན་གཟུགས་བརྙན་སྣང་བ་ལྟ་བུའི་བཞིན་གྱི་གཟུགས་བརྙན་གཅིག་ཁོ་
ན་མ་ཡིན་ཏེ། རྒྱུ་དང་རྐྱེན་དེའི་ཕྱིར་དང་པོའི་གཟུགས་ཉིད་མཐོང་བ་ནི་མ་ཡིན་ནོ། །གཞན་ཡང་མེ་ལོང་དང་ཡོངས་སུ་འཛིན་པའི་མིང་དང་སྣང་བ་ཡོད་ཅིང་རྐྱེན་མང་པོ་ཚོགས་པའི་ཕྱིར་གཟུགས་བརྙན་འབྱུང་གི། རྐྱེན་མང་པོ་དང་ལྡན་པར་མ་གྱུར་ན་གཟུགས་བརྙན་མི་འབྱུང་ངོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་བསྟན་
པ་བཞིན་ནོ། །བཤད་པ་འདི་དག་དང་རང་གི་གདོང་མཐོང་ཞེས་བྱ་བ་ནི་མདོ་སྡེ་པའི་གཞུང་གིས་དཔེའི་མཚན་ཉིད་རབ་ཏུ་བསྟན་པ་ཡིན་གྱི་ཐེག་པ་ཆེན་པོའི་དོན་ནི་མ་ཡིན་ནོ། །གཉིས་པ་ནི་འཕགས་པ་བྱམས་པའི་གཞུང་སྟེ། འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མེ་ལོང་གི་ནང་
เล่ม ๑๑๙ · หน้า 107b
ན་གཟུགས་བརྙན་གཞན་ཡོད་པས་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་གཟུགས་བརྙན་ལ་དམིགས་ནས་སྐྱེ་བའོ། །གལ་ཏེ་གཟུགས་ཁོ་ནར་ཟད་ཀྱི་གཟུགས་བརྙན་གཞན་མེད་ན་ནི་ལྟ་བའི་རྣམ་པ་འབའ་ཞིག་ཡོད་པར་འགྱུར་བའི་རིགས་ཀྱི། རྒྱུ་མཚན་གྱི་རྣམ་པ་ནི་མེད་པར་འགྱུར་བས་འོ་ན་ནི་དཔེ་དང་
དོན་འདྲ་བ་མེད་པའི་སྐྱོན་དུ་འགྱུར་རོ། །གཞན་ཡང་བསྟན་པ་རྣམས་ལས་མེ་ལོང་གི་གཟུགས་བརྙན་ནི་གཞན་གྱི་དབང་གི་དཔེར་བསྟན་པ་ཡིན་ལ། ནམ་མཁའི་མེ་ཏོག་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དཔེར་བསྟན་པ་ཡིན་པས་དེའི་ཕྱིར་ངེས་པར་གཟུགས་བརྙན་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་ཀྱིས་
བསྡུས་པ་ཡིན་ནོ། །མདོ་འདི་ལས་ནི་ངེས་པར་གཟུགས་ལས་ལོགས་ཤིག་ན་གཟུགས་བརྙན་ཡོད་དོ་ཞེས་འཛིན་པ་རྣམ་པར་གཞིག་པ་ཡིན་པ་དེའི་ཕྱིར་གཟུགས་ཀྱིས་རྐྱེན་བྱས་པས་གཟུགས་ཉིད་མཐོང་ཡང་བདག་གིས་གཟུགས་མཐོང་ངོ་སྙམ་དུ་སེམས་ཤིང་གཟུགས་ལས་ལོགས་ཤིག་ན་སྤྱོད་ཡུལ་
གཟུགས་བརྙན་སྣང་ངོ་སྙམ་དུ་སེམས་སོ་ཞེས་བྱ་བ་གསུངས་ཀྱང་ཡང་དག་པའི་དོན་དུ་ན་གཟུགས་བརྙན་དང་གཟུགས་ཉིད་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ནོ། །གཅིག་པ་ཉིད་མ་ཡིན་པའི་ཕྱིར་ནི་གཟུགས་དང་གཟུགས་བརྙན་མི་མཚུངས་ལ། ཐ་དད་པ་ཡང་མ་ཡིན་པའི་ཕྱིར་ནི་གཟུགས་
གཟུགས་ཉིད་མཐོང་ཞེས་བྱའོ། །ཁ་ཅིག་ན་རེ་གཟུགས་ལས་གུད་ན་གཟུགས་བརྙན་གཞན་མེད་དོ་ཞེས་ཕལ་ཆེར་མདོ་སྡེ་པ་དག་དང་མཚུངས་པར་བདག་ཉིད་ཀྱི་བཞིན་མཐོང་བ་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་རྨོངས་ཤིང་ནོར་བའི་ཕྱིར་བདག་གིས་གཟུགས་བརྙན་མཐོང་སྙམ་དུ་སེམས་ཤིང་གཟུགས་ལས་
ལོགས་ཤིག་ན་སྤྱོད་ཡུལ་གཟུགས་བརྙན་སྣང་ངོ་སྙམ་དུ་སེམས་པར་ཟད་ཀྱི་ཡང་དག་པའི་དོན་དུ་ན་ཅི་ཡང་མེད་དེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཡང་དག་པར་གཟུགས་བརྙན་མེ་ལོང་གི་དཀྱིལ་འཁོར་གྱི་ནང་དུ་ཡོད་པ་མ་ཡིན་ན་ཇི་ལྟར་དཔེར་རུང་ཞེ་ན། གཟུགས་དང་མེ་
ལོང་ཡང་ཡོད་ཅིང་ཚོགས་པ་ལས་རྐྱེན་བྱས་པའི་ཕྱིར་མཚན་མ་དེ་ལྟ་བུར་སྣང་བས་དེའི་ཕྱིར་དཔེར་རུང་སྟེ། འདི་ལྟར་སེམས་ཅན་རྣམས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་གཟུགས་བརྙན་གྱིས་ཡོངས་སུ་བསྒོས་པ་ཡོངས་སུ་སྨིན་པའི་མཐུའི་ཕྱིར་དང་། མེ་ལོང་དང་གདོང་གིས་རྐྱེན་བྱས་པའི་ཕྱིར་རང་གི་རྣམ་
เล่ม ๑๑๙ · หน้า 108a
པར་ཤེས་པ་གྱུར་ནས་བཞིན་གྱི་གཟུགས་བརྙན་ལྟ་བུར་སྣང་བས་དེས་ན་འཇིག་རྟེན་པ་དག་མངོན་པའི་ང་རྒྱལ་བསྐྱེད་ནས་བདག་གིས་མེ་ལོང་གི་ནང་དུ་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཀྱང་གཟུགས་བརྙན་གཞན་མེ་ལོང་གི་ནང་དུ་སྐྱེས་པ་གང་ཡང་མེད་དེ་དེའི་ཕྱིར་
མདོ་ལས་གཟུགས་བརྙན་མང་པོ་སྣང་ངོ་ཞེས་གསུངས་ཀྱི་སྐྱེས་པ་ཞེས་ནི་མ་གསུངས་སོ་ཞེས་བསྟན་པ་ཡིན་ནོ་ཞེའོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་སའི་མདོ་དང་། མདོ་འདི་ཉིད་ཀྱི་ནང་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པའི་ལེའུ་ལས་སྐྱེ་བ་ཞེས་བྱ་བ་གསུངས།
སྨྲས་པ་སྣང་བའི་དབང་དུ་མཛད་ནས་སྐྱེ་བ་ཞེས་གསུངས་སོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། གཞན་ཡང་དཔེར་ན་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་བརྙན་སྣང་བ་གཟུགས་ཉིད་མཐོང་ཡང་བདག་གིས་གུད་ན་གཟུགས་བརྙན་
མཐོང་ངོ་སྙམ་དུ་སེམས་ཏེ། གཟུགས་བརྙན་དེ་ནི་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་འབྱུང་ངོ་། །གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མཛད་པ་ལས། དཔེར་ན་གཟུགས་བརྙན་ནི་ཡང་དག་པར་དོན་ཡོད་པ་མ་ཡིན་ཡང་གཟུགས་དེ་ཉིད་ལ་གཟུགས་བརྙན་
གྱི་བློ་སྐྱེད་པར་བྱེད་དེ། གཟུགས་བརྙན་དེའི་དོན་ལོགས་ཤིག་ན་མི་དམིགས་སོ། །འདི་ཡང་དེ་བཞིན་ཏེ་ཞེས་འབྱུང་ངོ་། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་ཕྱེ་མ་བཟང་སྟེ་བསྟན་པ་རྣམས་དང་རྗེས་སུ་མཐུན་པའི་ཕྱིར་རོ། །གཟུགས་བརྙན་མེད་པར་བསྟན་པ་ལ་ཡང་བཤད་པ་རྣམ་པ་
གཉིས་ཡོད་དོ། །ཁ་ཅིག་ན་རེ་མེ་ལོང་གི་ནང་ན་གཟུགས་བརྙན་ཅི་ཡང་མེད་དོ་ཞེས་སྔ་མ་བཞིན་དུ་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པ་ཁུངས་སུ་བསྟན་ནས། གཟུགས་ཉིད་ལ་གཟུགས་བརྙན་གྱི་བློ་བསྐྱེད་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་མེ་ལོང་གིས་བཞིན་སྣང་བར་བྱེད་པ་ཞེས་བྱ་བ་ཡང་
རྣམ་པ་བཞི་ཡོད་པས། དང་པོ་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་གྱུར་པའི་གཟུགས་སོ། །གཉིས་པ་ནི་མིག་གི་རྣམ་པར་ཤེས་པ་ལས་གྱུར་པའི་རྒྱུ་མཚན་གྱི་རྣམ་པའོ། །གསུམ་པ་ནི་དུས་མཚུངས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མཚན་གྱི་རྣམ་པ་སྟེ། རྣམ་པ་གསུམ་པོ་འདི་དག་གི་གཟུགས་ཉིད་
เล่ม ๑๑๙ · หน้า 108b
དང་གནས་མཚུངས་པའོ། །བཞི་པ་ནི་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མཚན་གྱི་རྣམ་པ་སྟེ། རྣམ་པ་འདི་གཅིག་ནི་མེ་ལོང་དང་བཞིན་ལ་ཡོད་པ་ཡིན་ཏེ། འདི་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཆོས་ཀྱི་སྐྱེ་མཆེད་རྣམ་པ་ལྔས་བསྡུས་པའི་གཟུགས་
ལས་ཀུན་བརྟགས་པའི་གཟུགས་ཉིད་དོ། །དེ་ལ་དང་པོ་རྣམ་པ་ལྔ་ནི་བསྡུས་པ་ལས་གྱུར་པ་དང་། མངོན་པར་སྐབས་ཡོད་པ་དང་ཡང་དག་པར་བླངས་པ་ལས་བྱུང་བ་དང་དབང་འབྱོར་པས་བསྐྱེད་པ་དང་ཀུན་བརྟགས་པའི་གཟུགས་སོ་ཞེའོ། །དེ་ལ་མེ་ལོང་དང་གཟུགས་དང་གཟུགས་བརྙན་བྱེ་བྲག་
ཏུ་གྱུར་པའི་མཚན་ཉིད་ཀྱང་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ན་རེ་མེ་ལོང་ནི་ཏིང་ངེ་འཛིན་གྱི་དཔེར་བསྟན་པའོ། །གཟུགས་ནི་སེམས་ཀྱི་རྒྱལ་པོའི་དཔེར་བསྟན་པའོ། །གཟུགས་བརྙན་ནི་རྒྱུ་མཚན་གྱི་རྣམ་པའི་དཔེར་བསྟན་པའོ་ཞེས་ཟེར་ཏེ། དེ་ནི་འདི་སྐད་དུ་སེམས་ཀྱི་མཐུའི་དབང་གིས་ནི་
ཏིང་ངེ་འཛིན་ལ་བརྟེན་ནས་སྔོན་པོ་ལ་སོགས་པ་ལ་དམིགས་པར་བྱེད་ཀྱང་། གཟུགས་བརྙན་དེ་ནི་སེམས་ཀྱིས་སྤྲུལ་པའི་ཕྱིར་སེམས་དང་བྲལ་བས་དེའི་ཕྱིར་རང་ཉིད་ཀྱིས་སེམས་མཐོང་བ་ཞེས་བཤད་ཀྱི། ལྟ་བའི་རྣམ་པ་ཉིད་ཀྱིས་ལྟ་བའི་རྣམ་པ་མཐོང་བ་ནི་མ་ཡིན་པའི་ཕྱིར་རང་ཉིད་མཐོང་བ་ཞེས་བརྗོད་པ་
ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་ཏིང་ངེ་འཛིན་དང་རྣམ་པར་གཡེང་བ་ཡང་བསྡུས་ནས་དཔེ་འདི་གསུངས་པ་ཡིན་ན་ནི། འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་རྣམ་པར་གཡེང་བའི་གནས་སྐབས་ན་ཡང་ཏིང་ངེ་འཛིན་ཡོད་པའི་ཕྱིར། དོན་ཏིང་ངེ་འཛིན་གྱི་གནས་སྐབས་འདྲའོ་
ཞེའོ། །ཁ་ཅིག་ན་རེ་རྣམ་པར་གཡེང་བའི་ནང་ན་མེ་ལོང་ནི་རྩ་བའི་གཟུགས་ཀྱི་དཔེའོ། །གཟུགས་ནི་ལྟ་བའི་རྣམ་པའི་དཔེའོ། །གཟུགས་བརྙན་ནི་རྒྱུ་མཚན་གྱི་རྣམ་པའི་དཔེའོ་ཞེའོ། །ཁ་ཅིག་ན་རེ་མེ་ལོང་ནི་ལྟ་བའི་རྣམ་པའི་དཔེའོ། །གཟུགས་བརྙན་ནི་རྒྱུ་མཚན་གྱི་རྣམ་པའི་དཔེའོ། །གཟུགས་ནི་བདག་
ཉིད་ཀྱིས་རྟོག་པའི་རྣམ་པའི་དཔེར་བསྟན་ཏོ་ཞེས་ཟེར་ཏེ། དེ་ནི་འདི་སྐད་དུ་བདག་ཉིད་ཀྱིས་རྟོག་པའི་རྣམ་པའི་དབང་གིས་ལྟ་བ་དང་རྒྱུ་མཚན་གྱི་རྣམ་པར་ཡོངས་སུ་གྱུར་པའི་ཕྱིར་ལྟ་བ་རྒྱུ་མཚན་ལ་དམིགས་པར་བྱེད་ཀྱང་རྒྱུ་མཚན་དང་ལྟ་བ་དེ་དག་ནི་བདག་ཉིད་ཀྱིས་རྟོག་པ་དང་མ་བྲལ་བའི་ཕྱིར་རྣམ་པར་རིག་
เล่ม ๑๑๙ · หน้า 109a
པ་ཙམ་དུ་གསུངས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ་སེམས་དེ་སྐྱེས་པ་ན་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཐ་དད་པ་འདྲ་བར་རབ་ཏུ་སྣང་ངོ་ཞེས་བྱ་བ་ནི་གསུམ་པ་དཔེ་དང་དོན་དུ་སྦྱར་བ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་སེམས་དེ་ལྟར་སྐྱེས་པ་ན་རྨོངས་ཤིང་ནོར་
བའི་ཕྱིར་སེམས་ལས་ཕྱི་རོལ་ན་ཐ་དད་པའི་གཟུགས་བརྙན་སྣང་བ་ཞིག་མཐོང་ངོ་སྙམ་དུ་སེམས་ཏེ། ཡང་དག་པའི་དོན་དུ་ནི་སེམས་ཀྱིས་ཡོངས་སུ་བསྒྱུར་བའི་མཚན་མ་དག་ནི་སེམས་ལས་གུད་ན་མེད་པའི་ཕྱིར་སེམས་ཞེས་བཤད་ཀྱི་སེམས་ལས་ལོགས་ཤིག་ན་གཞན་ཞིག་མཐོང་བའི་ཕྱིར་བདག་
ཉིད་ཀྱིས་སེམས་མཐོང་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་རང་བཞིན་དུ་གནས་པ་གཟུགས་ལ་སོགས་པ་ལ་དམིགས་པའི་སེམས་དང་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་དེ་ཡང་སེམས་འདི་དང་ཐ་དད་པ་ལགས་ཞེས་བགྱིའམ་ཞེས་བྱ་བ་
ལ་སོགས་པས་ནི་གཉིས་པ་ཞུས་པ་དང་ལན་དག་གིས་རྣམ་པར་གཡེང་བའི་སེམས་ཀྱི་དམིགས་པ་རྣམ་པར་འབྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། དེ་ལ་ཞུ་བ་གསོལ་བའི་དགོངས་པ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་
དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། སེམས་ཅན་རྣམས་ནི་རྩོལ་བ་མེད་པར་རང་བཞིན་དུ་གནས་པའི་སེམས་ཀྱིས་གཟུགས་ལ་སོགས་པ་ལ་དམིགས་སོ་ཞེས་གསུངས་ན་གཟུགས་བརྙན་རྣམས་ཀྱི་ཡུལ་གང་ལགས་པ་དེ་ཡང་སེམས་འདི་དང་ཐ་དད་པ་མ་ལགས་ཞེས་བགྱི་འམ་ཞེས་བྱ་བའི་ཐ་ཚིག་གོ །
རིགས་ཀྱི་བུ་ཐ་དད་པ་མ་ཡིན་པ་ཡང་བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་གཟུགས་བརྙན་རྣམས་ལ་རྣམ་པར་རིག་པ་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། རྣམ་པར་གཡེང་བའི་སེམས་
ཀྱི་དམིགས་པ་ཡང་སེམས་ལས་གུད་ན་མེད་ཀྱང་འདི་ལྟར་བྱིས་པ་རྣམས་སེམས་ནོར་པར་གྱུར་པའི་ཕྱིར་གཟུགས་བརྙན་སེམས་ལས་ཕྱི་རོལ་དུ་གྱུར་པ་ཡིན་པར་སེམས་སོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་རྣམ་པར་རིག་པ་ཙམ་དུ་གསུངས་པ་ལ་དགོངས་པ་ཅི་ཡོད་ཅེ་ན། སྨྲས་པ། བསྟན་བཅོས་
เล่ม ๑๑๙ · หน้า 109b
ཤིན་ཏུ་རྒྱས་པ་བརྒྱ་པ་ལས། ཇི་སྐད་དུ་མདོ་དག་ལས་རྣམ་པར་རིག་པ་ཙམ་མོ་ཞེས་གསུངས་པ་ནི་རྣམ་པར་རིག་པ་ཙམ་དུ་བསྒོམས་ནས་ཕྱི་རོལ་གྱི་དོན་སྤང་བའི་ཆེད་དུ་སྟེ། ཕྱི་རོལ་གྱི་དོན་སྤངས་ན་ཡང་དག་པ་མ་ཡིན་པའི་སེམས་ཉེ་བར་ཞི་བར་འགྱུར་ལ། ཡང་དག་པ་མ་ཡིན་པའི་སེམས་ཞི་བའི་ཕྱིར་ནི་དབུ་མའི་
ལམ་རྟོགས་པར་འགྱུར་བས་དེའི་ཕྱིར་མདོ་དག་ལས། ཡུལ་ཉིད་སེམས་ཙམ་དུ་ནི་མ་ཤེས་ན། །རྣམ་རྟོག་རྣམ་གཉིས་རབ་ཏུ་འབྱུང་བར་འགྱུར། །ཡུལ་ཉིད་སེམས་ཙམ་དུ་ནི་རྟོགས་གྱུར་ན། །རྣམ་པར་རྟོག་པ་དག་ནི་སྐྱེ་མི་འགྱུར། །ཆོས་རྣམས་སེམས་ཙམ་དུ་ནི་རིག་གྱུར་ན། །ཕྱི་རོལ་དོན་གྱི་མཚན་མ་
སྤོང་འགྱུར་ཏེ། །དེས་ན་རྣམ་པར་རྟོག་པ་རབ་ཞི་ནས། །མཉམ་ཉིད་ཡང་དག་སྟོང་པ་གོ་བར་འགྱུར། །ཞེས་གསུངས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཡུལ་གྱི་རོ་ལ་མངོན་པར་ཞེན་ནས་འདོད་པ་རྣམས་ཀྱི་བདེ་བ་མྱོང་ཞིང་གཏོང་བའི་སེམས་མེད་པས་འཁོར་བར་འཁོར་ཞིང་སྲིད་པ་གསུམ་གྱི་རྒྱ་མཚོར་བྱིང་
ནས་སྡུག་བསྔལ་ཤིན་ཏུ་མི་བཟད་པ་མྱོང་བས་རྣམ་པར་གྲོལ་བར་འགྱུར་བའི་རྒྱུ་མེད་པས་ན་དེ་བཞིན་གཤེགས་པས་ཐུགས་རྗེ་དང་ཐབས་ཀྱིས་ཆོས་རྣམ་པར་རིག་པ་ཙམ་དུ་བསྟན་པས་ཕྱི་རོལ་གྱི་ཡུལ་དུ་འཛིན་པ་སྤོང་བར་མཛད་དོ། །ཕྱི་རོལ་གྱི་ཡུལ་སྤངས་པ་ཉིད་ཀྱིས་ཡང་དག་པ་མ་ཡིན་པའི་རྣམ་པར་ཤེས་པ་
ཡང་ཉེ་བར་ཞི་བར་འགྱུར་ལ། ཡང་དག་པ་མ་ཡིན་པའི་རྣམ་པར་ཤེས་པ་ཉེ་བར་ཞི་བའི་ཕྱིར་ནི་མྱ་ངན་ལས་འདས་པར་འགྱུར་བས་དེའི་ཕྱིར་མདོ་དག་ལས། དཔེར་ན་འཇིག་རྟེན་སྨན་པ་མཁས་པ་དག། །སྨན་རབ་ནད་རྣམས་ཡོངས་སུ་བསལ་བ་ལྟར། །དེ་བཞིན་གཤེགས་པ་རྣམས་ཀྱང་དེ་བཞིན་དུ། །སེམས་
ཅན་དག་གི་ཆེད་དུ་སེམས་ཙམ་བཤད། །ཅེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྣམ་པར་རིག་པ་ཙམ་དུ་རྒྱ་ཆེར་རྣམ་པར་བཤད་པ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་གཅིག་ཏུ་ལྷག་མཐོང་བསྒོམ་པ་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་བདུན་པ་ཞི་གནས་དང་ལྷག་མཐོང་དང་ཟུང་དུ་བསྒོམ་པའི་སྒོ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་
เล่ม ๑๑๙ · หน้า 110a
ལས། དེ་ལ་ཆ་གཅིག་བསྒོམ་པ་ནི་འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་སོ་སོ་ནས་བསྒོམ་པ་གང་ཡིན་པའོ། །ཟུང་དུ་བསྒོམ་པ་ནི་འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་འདྲེས་པར་བསྒོམ་པའོ་ཞེས་འབྱུང་ངོ་། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སྤྱི་དང་བྱེ་བྲག་ཏུ་
བསྒོམ་པ་བསྟན་པ་དང་། བཅོམ་ལྡན་འདས་སེམས་ཀྱི་མཚན་མ་གང་ལགས་ཞེས་བྱ་བ་མན་ཆད་ཀྱིས་དམིགས་པ་གསུམ་གྱི་བྱེ་བྲག་བཟླས་ཏེ་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་སྟེ། གཅིག་ཏུ་ལྷག་མཐོང་བསྒོམ་པ་བསྟན་པ་དང་། གཅིག་ཏུ་ཞི་གནས་བསྒོམ་པ་བསྟན་པ་དང་། ཞི་གནས་
དང་ལྷག་མཐོང་གཉིས་ཅིག་ཅར་འཇུག་པ་བསྟན་པའོ། །རྣམ་པ་གསུམ་པོ་དེ་དག་རེ་རེ་ལ་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་ཡོད་པས་འདི་ནི་དང་པོ་ལྷག་མཐོང་ལས་བརྩམས་ནས་བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་སྟེ། འདི་ནི་ལྷག་མཐོང་བསྒོམ་པའི་སྤྱོད་པ་དང་། ཤེས་
པའི་ཚད་ཞུས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་གང་གིས་སེམས་ཀྱི་མཚན་མ་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། འདི་ལྟར་
རྒྱུན་ཆགས་སུ་ཡིད་ལ་བྱེད་པ་ཐོས་པ་དང་། བསམས་པའི་ཤེས་རབ་དང་བཅས་པའི་སེམས་ཀྱི་རྒྱུ་མཚན་གྱི་རྣམ་པ་གང་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །སྔར་སེམས་ཀྱི་མཚན་མ་སྤངས་པ་ཞེས་གསུངས་པ་དེ་དང་འདི་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། སེམས་ཀྱི་མཚན་མར་མཚུངས་ཀྱང་འདི་ནི་
བདག་པོའི་དབང་དུ་མཛད་ནས་བཤད་པ་ཡིན་ལ། དེ་ནི་ལས་ཡོངས་སུ་འཛིན་པའི་དབང་དུ་མཛད་ནས་བཤད་པ་ཡིན་པའི་ཕྱིར་བྱེ་བྲག་ཡོད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ལྷག་མཐོང་དེའི་རྗེས་སུ་མཐུན་པར་གྱུར་ཅིང་སེམས་ཀྱི་མཚན་མ་རྒྱུན་མི་འཆད་པ་ཞེས་འབྱུང་ངོ་། །
བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའི་གཅིག་ཏུ་ཞི་གནས་བསྒོམ་པ་ལགས་ཞེས་བྱ་བ་ནི་གཉིས་པ་ཞི་གནས་བསྒོམ་པ་ཁོ་ན་ཞུས་པའོ། །རིགས་ཀྱི་བུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་གང་གིས་བར་ཆད་མེད་པའི་སེམས་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་
เล่ม ๑๑๙ · หน้า 110b
རྣལ་འབྱོར་སྤྱོད་པའི་ས་ལས་བར་ཆད་མེད་པར་ཡིད་ལ་བྱེད་པ་ནི་འདི་ལྟ་སྟེ། དུས་ཐམས་ཅད་དུ་བར་ཆད་མེད་པར་རྒྱུན་དུ་འཇུག་པ་གང་ཡིན་པའོ་ཞེས་འབྱུང་བས་དེའི་ཕྱིར་བར་ཆད་མེད་པ་ཞེས་བྱ་བ་ནི་རྒྱུན་ཆགས་ལ་བྱ་བར་རིག་པར་བྱ་སྟེ། འདི་ལྟར་ཞི་གནས་ཀྱིས་སེམས་རྣམ་པར་མི་གཡེང་བར་བྱེད་
པའི་ཕྱིར་སེམས་ལ་དམིགས་པ་ཁོ་ནའོ། །གཞན་ཡང་བར་ཆད་མེད་པའི་སེམས་ཞེས་བྱ་བ་ནི་དེའི་གོང་མ་བར་ཆད་མེད་པའི་སེམས་དམིགས་པར་གྱུར་པའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་བཟང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་སེམས་
ཀྱི་མཚན་མ་རྒྱུན་མི་འཆད་པ་ཞེས་འབྱུང་ངོ་། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ། མཉམ་པར་ཟུང་དུ་འཇུག་པ་ཞེས་བགྱི་ལགས་ཞེས་བྱ་བ་ནི་གསུམ་པ་གཉི་ག་ཅིག་ཅར་དུ་འཇུག་པའི་མཚན་ཉིད་ཞུས་པའོ། །རིགས་ཀྱི་བུ་
གང་གིས་སེམས་རྩེ་གཅིག་པ་ཉིད་ཡང་དག་པར་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། དེ་ལ་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་ཅིག་ཅར་འཇུག་ཅིང་ཡུལ་ལ་དམིགས་པའོ། །ཚིག་འདི་གཅིག་
ཀྱང་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་ཏུ་རྣམ་པར་རིག་པ་ཙམ་ཁོ་ན་སྟེ་ཡུལ་ནི་སེམས་ལས་ལོགས་ཤིག་ན་མེད་པས་སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ། །ཡང་ན་སེམས་རྩེ་གཅིག་པ་ཁོ་ནར་ཟད་པས་སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ། །ཡང་
ན་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་དོན་དམ་པར་ཡང་རྣམ་པར་རིག་པ་ཙམ་ཁོ་ན་སྟེ། འདི་ལྟར་ཆོས་ཐམས་ཅད་ནི་དེ་ཁོ་ན་ཉིད་གཅིག་གི་ངོ་བོ་ཉིད་ཡིན་པས་སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་ཏུ་གཏོགས་པས། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་
དུ་གྲུབ་པ་ལས་འདི་ལྟ་སྟེ། རྣམ་པར་རིག་པའི་ངོ་བོ་ཉིད་དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དང་པོ་ནི་ཀུན་རྫོབ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གཉིས་པ་ནི་དོན་དམ་པ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་འབྱུང་བ་ཡིན་ནོ་ཞེའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་
เล่ม ๑๑๙ · หน้า 111a
སེམས་ལ་སེམས་རྩེ་གཅིག་ཏུ་རྟོག་པ་ཞེས་འབྱུང་ངོ་། །བཅོམ་ལྡན་འདས་སེམས་ཀྱི་མཚན་མ་གང་ལགས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དམིགས་པ་རྣམ་པ་གསུམ་གྱི་བྱེ་བྲག་བཟླས་ཏེ་བསྟན་པ་སྟོན་ཏོ། །འདི་ཡང་དམིགས་པ་རྣམ་པ་གསུམ་བསྟན་པ་ཉིད་ཀྱིས་
རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དམིགས་པ་དང་པོ་ཞུས་པའོ། །རིགས་ཀྱི་བུ་འདི་ལྟ་སྟེ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གི་དམིགས་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟེ། གོང་དུ་ཇི་སྐད་བསྟན་
པའི་སེམས་ཀྱི་མཚན་མ་ཉིད་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཡང་ཡིན་ལ་ལྷག་མཐོང་གི་སེམས་ཀྱི་སྤྱོད་ཡུལ་ཡང་ཡིན་པས་སོ། །བཅོམ་ལྡན་འདས་བར་ཆད་མ་མཆིས་པའི་སེམས་གང་ལགས་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པ་གཉིས་པ་ཞུས་པ་བསྟན་ཏོ། །རིགས་ཀྱི་བུ་འདི་
ལྟ་སྟེ། གཟུགས་བརྙན་དེ་ལ་དམིགས་པའི་སེམས་ཞི་གནས་ཀྱི་དམིགས་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟེ། གཟུགས་བརྙན་དེ་ལ་དམིགས་པ་ཐོས་པ་དང་བསམས་པ་ཤེས་རབ་རྣམ་པ་གཉིས་དང་མཚུངས་པར་ལྡན་པ་རྒྱུ་མཚན་གྱི་རྣམ་པའི་སེམས་
གང་ཡིན་པ་དེ་ནི་ཞི་གནས་ཀྱི་དམིགས་པའི་སྤྱོད་ཡུལ་ཡིན་པས་སོ། །བཅོམ་ལྡན་འདས་སེམས་རྩེ་གཅིག་པ་ཉིད་གང་ལགས་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པ་གསུམ་པ་ཞུས་པ་བསྟན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་ལ་འདི་ནི་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་རྟོགས་
པ་སྟེ་དེ་རྟོགས་ནས་ཀྱང་དེ་བཞིན་ཉིད་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟེ། འདི་ལྟར་དེའི་ཚེ་ཆོས་རྣམས་ནི་རྣམ་པར་རིག་པ་ལས་གུད་ན་མེད་དོ་ཞེས་རྟོགས་པ་སྟེ། དེ་ལྟར་རྟོགས་ནས་ཀྱང་དེ་བཞིན་ཉིད་ཡིད་ལ་བྱེད་དེ། སྔ་མའི་སྒོ་གཉིས་ཀྱིས་
ནི་སེམས་དང་ཡུལ་ཐ་དད་པར་རྟོགས་པས་ཞི་གནས་དང་ལྷག་མཐོང་ཅིག་ཅར་མི་འཇུག་པར་བསྟན་ལ། སྒོ་གསུམ་པ་འདིས་ནི་སེམས་དང་ཡུལ་ལ་འདྲེས་པར་དམིགས་ཤིང་ཞི་གནས་དང་ལྷག་མཐོང་ཅིག་ཅར་འཇུག་པར་བསྟན་པས་སོ། །ཞི་གནས་དང་ལྷག་མཐོང་གི་ལ་གཉི་ག་ཅིག་ཅར་འཇུག་པ་རྒྱ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด