འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๙ · หน้า 111b

ཆེར་བཤད་པ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །སེམས་རྩེ་གཅིག་པ་ཉིད་རྒྱ་ཆེར་བཤད་པ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་

འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷག་མཐོང་ལ་རྣམ་པ་དུ་མཆིས་ཞེས་བྱ་བ་འདི་མན་ཆད་ནི་བརྒྱད་པ་ཞི་གནས་དང་ལྷག་མཐོང་གི་རྣམ་པ་རབ་ཏུ་དབྱེ་བའི་སྒོ་ཞེས་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ལྷག་མཐོང་བསྟན་པ་དང་། ཞི་གནས་བསྟན་པའོ། །ལྷག་མཐོང་བསྟན་

པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་སྟེ། འདི་ནི་དང་པོ་ཞུ་བ་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་མདོར་བསྡུ་ན་རྣམ་པ་གཉིས་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་

གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་སྨོས་པ་དང་། མིང་བཀོད་པ་དང་། རྣམ་པར་ཕྱེ་ནས་བཤད་པ་སྟེ། འདི་ནི་དང་པོའོ། །མཚན་མ་དང་བཅས་པའི་ལྷག་མཐོང་དང་། ཡོངས་སུ་ཚོལ་བའི་ལྷག་མཐོང་དང་། སོ་སོར་རྟོག་པའི་ལྷག་

མཐོང་ངོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །མཚན་མ་དང་བཅས་པའི་ལྷག་མཐོང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་རྣམ་པར་ཕྱེ་ནས་བཤད་པ་སྟོན་ཏོ། །འདི་ཡང་མཚན་ཉིད་རྣམ་པ་གསུམ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའི་མཚན་ཉིད་

ཞུས་པའོ། །འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་དང་པོ་མཚན་ཉིད་ཡང་དག་པར་བཤད་པ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཆོས་དང་དོན་འདྲ་བ་འབའ་ཞིག་

ཡིད་ལ་བྱེད་པས་ན་ཡུལ་ལས་མིང་དུ་བཏགས་པ་ཡིན་པས་མཚན་མ་དང་བཅས་པ་ཞེས་བྱའོ། །ཡོངས་སུ་ཚོལ་བའི་ལྷག་མཐོང་གང་ཞེ་ན་ཞེས་བྱ་བ་ནི་གཉིས་པ་ཞུས་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱིས་དེ་དང་དེར་ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་ཐམས་ཅད་ཤིན་ཏུ་ལེགས་པར་རྟོགས་པར་

เล่ม ๑๑๙ · หน้า 112a

བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པའི་མཚན་ཉིད་ཡང་དག་པར་བཤད་པ་སྟེ། འདི་ལྟར་ཤེས་རབ་ཀྱི་དབང་གི་ཕྱིར་གཟུགས་བརྙན་མཚན་མ་དང་བཅས་པའི་ཡུལ་ལེགས་པར་མ་རྟོགས་པ་དག་ལེགས་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པ་

གང་ཡིན་པའོ། །སོ་སོར་རྟོག་པའི་ལྷག་མཐོང་གང་ཞེ་ན་ཞེས་བྱ་བ་ནི་གསུམ་པ་ཞུས་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱིས་དེ་དང་དེར་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་ཐམས་ཅད་ལ་ལེགས་པར་ཤིན་ཏུ་རྣམ་པར་གྲོལ་བ་མཐོང་བའི་ཕྱིར། ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་ནི་

གསུམ་པའི་མཚན་ཉིད་ཡང་དག་པར་བཤད་པ་སྟེ། འདི་ལྟར་ཡུལ་དེ་དག་ཤིན་ཏུ་ལེགས་པར་རྟོགས་པར་གྱུར་ནས། ཤིན་ཏུ་རྣམ་པར་གྲོལ་བ་ཐོབ་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པ་གང་ཡིན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཕལ་ཆེར་མདོ་འདི་དང་མཐུན་པར་བཤད་དེ། དེའི་ཕྱིར་

བསྟན་བཅོས་དེ་ཉིད་ལས། མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི་ལྷག་མཐོང་གང་ཞེ་ན། འདི་ལྟ་སྟེ། གང་གིས་ཐོས་པ་དང་བཟུང་བའི་ཆོས་སམ། གདམས་ངག་དང་རྗེས་སུ་བསྟན་པའི་ཆོས་རྣམས་ལ་མཉམ་པར་བཞག་པའི་ས་ལས། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད། རྟོག་

པར་མི་བྱེད། འཇལ་བར་མི་བྱེད་ཉེ་བར་རྟོག་པར་མི་བྱེད་པ་སྟེ། དེ་ནི་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི་ལྷག་མཐོང་ཞེས་བྱའོ། །གང་གི་ཚེ་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད་ཉེ་བར་རྟོག་པར་བྱེད་པ་དེའི་ཚེ་ན་ནི་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པའི་ལྷག་མཐོང་ཞེས་བྱའོ། །

གང་གི་ཚེ་དེ་ཉིད་ལ་བསམས་ཤིང་བརྟགས་ལ་གཞལ་ཞིང་ཉེ་བར་བརྟགས་ནས་ཇི་ལྟར་རྣམ་པར་གཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པའི་ཚེ་ན་ནི་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའི་ལྷག་མཐོང་ཞེས་བྱའོ་ཞེས་འབྱུང་བ་ཡིན་ནོ། །ཞི་གནས་དང་ལྷག་མཐོང་དེ་དག་གི་རབ་ཏུ་དབྱེ་བ་ཡང་བསྟན་

བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བཤད་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས། ཞི་གནས་གང་ཞེ་ན་སེམས་གནས་པ་རྣམ་པ་དགུའོ། །ལྷག་མཐོང་གང་ཞེ་ན། དེ་ནི་གཞི་རྣམ་པ་གསུམ་གྱི་ལྷག་མཐོང་དང་། རྣམ་པ་བཞིའི་ལྷག་མཐོང་དང་། གཞི་རྣམ་པ་དྲུག་རབ་ཏུ་དབྱེ་བ་ལ་

เล่ม ๑๑๙ · หน้า 112b

དམིགས་པའི་ལྷག་མཐོང་གང་ཡིན་པའོ། །དེ་ལ་གཞི་རྣམ་པ་གསུམ་གྱི་ལྷག་མཐོང་ནི་མཚན་མ་དང་བཅས་པའི་ལྷག་མཐོང་དང་། ཡོངས་སུ་ཚོལ་བའི་ལྷག་མཐོང་དང་། སོ་སོར་རྟོག་པའི་ལྷག་མཐོང་ངོ་། །རྣམ་པ་བཞིའི་ལྷག་མཐོང་ནི་འདི་ལྟ་སྟེ། ཆོས་རྣམ་པར་འབྱེད་པའི་རྣམ་པའི་ལྷག་མཐོང་དང་།

རབ་ཏུ་རྣམ་པར་འབྱེད་པའི་རྣམ་པའི་ལྷག་མཐོང་དང་། ཡོངས་སུ་རྟོག་པའི་རྣམ་པའི་ལྷག་མཐོང་དང་། ཡོངས་སུ་དཔྱོད་པར་བྱེད་པའི་རྣམ་པའི་ལྷག་མཐོང་ངོ་། །གཞི་རྣམ་པ་དྲུག་རབ་ཏུ་དབྱེ་བ་ལ་དམིགས་པའི་ལྷག་མཐོང་ནི། དོན་ལ་དམིགས་པའི་ལྷག་མཐོང་དང་། དངོས་པོ་ལ་དམིགས་པའི་ལྷག་མཐོང་

དང་། མཚན་ཉིད་ལ་དམིགས་པའི་ལྷག་མཐོང་དང་། ཕྱོགས་ལ་དམིགས་པའི་ལྷག་མཐོང་དང་། དུས་ལ་དམིགས་པའི་ལྷག་མཐོང་དང་། རིགས་ལ་དམིགས་པའི་ལྷག་མཐོང་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏེ། སེམས་གནས་པ་རྣམ་པ་དགུ་དང་གཞི་

རྣམ་པ་གསུམ་གྱི་ལྷག་མཐོང་དང་། རྣམ་པ་བཞིའི་ལྷག་མཐོང་ནི་སྔར་བསྟན་པ་བཞིན་ནོ། །གཞི་རྣམ་པ་དྲུག་གི་ལྷག་མཐོང་གང་ཡིན་པ་དེ་ནི་འདིར་བཤད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལ་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པའི་ལྷག་མཐོང་གང་ཞེ་ན། འདི་

ལྟ་སྟེ། ཡོངས་སུ་ཚོལ་བར་བྱེད་པ་ན་གཞི་རྣམ་པ་དྲུག་ཡོངས་སུ་ཚོལ་བར་བྱེད་དེ། དོན་དང་དངོས་པོ་དང་མཚན་ཉིད་དང་ཕྱོགས་དང་དུས་དང་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅིང་། ཡོངས་སུ་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པར་བྱེད་དོ། །དེ་ལ་ཇི་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ།

འདིའི་དོན་ནི་འདི་ཡིན་ནོ་ཞེས་དེ་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དངོས་པོ་རྣམ་པ་གཉིས་པོ་ནང་གི་དང་ཕྱི་རོལ་གྱི་སྟེ། དེ་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། མཚན་ཉིད་རྣམ་པ་གཉིས་པོ་རང་

གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དེ། དེ་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ཕྱོགས་རྣམ་པ་གཉིས་པོ་ནག་པོའི་ཕྱོགས་དང་། དཀར་པོའི་ཕྱོགས་ཏེ་ནག་པོའི་ཕྱོགས་ནི་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་སོ། །དཀར་པོའི་ཕྱོགས་ནི་ཡོན་ཏན་དང་

เล่ม ๑๑๙ · หน้า 113a

ཕན་ཡོན་གྱི་སྒོ་ནས་ཏེ། དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དུས་རྣམ་པ་གསུམ་པོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ཏེ། འདི་ལྟར་འདས་པའི་དུས་ན་འདི་ལྟ་བུ་ཞིག་བྱུང་བར་གྱུར་ཏོ། །འདི་ལྟར་མ་འོངས་པའི་

དུས་ན་འདི་ལྟ་བུ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟར་ད་ལྟར་བྱུང་བའི་དུས་ན་འདི་ལྟ་བུ་ཞིག་ད་ལྟར་ཡོད་དོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། རིགས་པ་བཞི་པོ་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པས་བསྒྲུབ་པའི་

རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་སྟེ། དེ་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །ཅིའི་ཕྱིར་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་གིས་ལྷག་མཐོང་རྣམ་པར་གཞག་ཅེ་ན། རྟོགས་པ་རྣམ་པ་གསུམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ། སྨྲས་པའི་དོན་རྟོགས་པ་དང་དངོས་པོའི་མཐའ་རྟོགས་པ་དང་། ཡང་དག་

པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་ལ་དོན་ཡོངས་སུ་ཚོལ་བས་ནི་སྨྲས་པའི་དོན་རྟོགས་པ་ཡིན་ནོ། །དངོས་པོ་ཡོངས་སུ་ཚོལ་བ་དང་། རང་གི་མཚན་ཉིད་ཡོངས་སུ་ཚོལ་བས་ནི་དངོས་པོའི་མཐའ་རྟོགས་པ་ཡིན་ནོ། །དེ་ལ་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བ་དང་། ཕྱོགས་ཡོངས་སུ་ཚོལ་བ་དང་། དུས་

ཡོངས་སུ་ཚོལ་བ་དང་། རིགས་པ་ཡོངས་སུ་ཚོལ་བས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ཏེ། རྣལ་འབྱོར་པས་ཤེས་པར་བྱ་བ་ནི་འདི་ལྟ་སྟེ། སྨྲས་པའི་དོན་དང་ཤེས་བྱའི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་

ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །རིགས་པ་རྣམ་པ་བཞི་ནི་ཕྱིས་འོག་ནས་སྟོན་ཏོ།། །།བམ་པོ་སུམ་ཅུ་བརྒྱད་པ། བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་ལ་རྣམ་པ་དུ་མཆིས་ཞེས་བྱ་བ་འདི་མན་ཆད་ནི་

གཉིས་པ་ཞི་གནས་ཀྱི་རྣམ་པ་མང་ཉུང་རྣམ་པར་འབྱེད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ཡང་དག་པར་བཤད་པ་སྟེ། འདི་ནི་དང་པོ་ཞུ་བ་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བར་ཆད་མེད་པའི་སེམས་དེའི་རྗེས་སུ་

เล่ม ๑๑๙ · หน้า 113b

འབྲང་བའི་ཕྱིར། དེ་ཡང་རྣམ་པ་གསུམ་ཡོད་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡང་དག་པར་བཤད་པ་བསྟན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཞི་གནས་རྣམ་པ་གསུམ་བསྟན་པ་དང་། ཞི་གནས་རྣམ་པ་བརྒྱད་བསྟན་པ་དང་། ཞི་གནས་རྣམ་པ་བཞི་བསྟན་པའོ། །འདི་ནི་དང་པོ་མཚན་

མ་དང་བཅས་པ་ལ་སོགས་པ་རྣམ་པ་གསུམ་བསྟན་པ་སྟེ། དེ་ལ་དེའི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་རྗེས་སུ་འབྲང་བར་བྱེད་པ་ལྟ་བའི་རྣམ་པའོ། །དེ་ལ་འདི་སྐད་དུ། སེམས་ཀྱི་མཚན་མ་དེ་ལ་དམིགས་པའི་ལྷག་མཐོང་ལ་རྣམ་པ་གསུམ་ཡོད་པའི་ཕྱིར། བར་ཆད་མེད་པའི་སེམས་ལ་དམིགས་པའི་ཞི་གནས་ཀྱི་

སེམས་ལ་ཡང་རྣམ་པ་གསུམ་ཡོད་དོ་ཞེས་བསྟན་པར་འགྱུར་རོ། །ཡང་རྣམ་པ་བརྒྱད་ཡོད་དེ། འདི་ལྟ་སྟེ། བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་པའི་བར་དུ་རེ་རེ་ལ་ཡང་ཞི་གནས་རྣམ་པ་རེ་རེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་ཏིང་ངེ་འཛིན་རྣམ་པ་བརྒྱད་སྟོན་ཏེ། འདི་ཉིད་

ཞི་གནས་རྣམ་པ་བརྒྱད་ཅེས་བྱའོ། །ཏིང་ངེ་འཛིན་བརྒྱད་པོ་དེ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བསམ་གཏན་བཞི་བསྟན་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྟན་པའོ། །བསམ་གཏན་བཞི་བསྟན་པ་ཡང་སྒོ་རྣམ་པ་གཉིས་ཀྱིས་བསྟན་ཏེ། ངེས་པའི་ཚིག་བསྟན་པ་དང་། ངོ་བོ་ཉིད་

བསྟན་པའོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་སྤྱི་དང་བྱེ་བྲག་གཉིས་ཀྱིས་བསྟན་ཏེ། དེ་ལ་སྤྱི་ནི་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བཤད་པ་རྣམ་པ་གཅིག་ཡོད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཅིའི་ཕྱིར་བཞི་པོ་འདི་དག་ལ་བསམ་གཏན་ཞེས་བྱ་ཞེ་ན།

སྨྲས་པ། རབ་ཏུ་ཞི་ཞིང་བསམ་གཏན་ལ་འབེབས་པས་ས་བཞི་པོ་འདི་དག་ཏུ་ཏིང་ངེ་འཛིན་དང་ཤེས་རབ་མཉམ་པའི་ཕྱིར་བསམ་གཏན་ཞེས་བརྗོད་དེ། གཞན་དག་ལས་ནི་མ་ཚང་བས་མིང་འདི་ཐོབ་པོ་ཞེས་འབྱུང་བ་ཡིན་ནོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ནི་བཤད་

པ་རྣམ་པ་གཉིས་ཡོད་དེ། དེའི་ཕྱིར་དེ་ཉིད་ལས་དོན་གང་གི་ཕྱིར་བསམ་གཏན་ཞེས་བྱ་བའི་མིང་རྣམ་པར་གཞག་ཅེ་ན། སྨྲས་པ། རབ་ཏུ་ཞི་བ་འདི་ལ་བརྟེན་ནས་བསམ་པ་གཏན་ལ་འབེབས་པའི་ཕྱིར་བསམ་པ་གཏན་ལ་འབེབས་པ་ཉིད་ནི་ཡང་དག་པ་ཉིད་དུ་ཁོང་དུ་ཆུད་པའི་དོན་ཏོ་ཞེས་འབྱུང་སྟེ།

เล่ม ๑๑๙ · หน้า 114a

མཛོད་ཀྱི་བསྟན་བཅོས་ལས་ཀྱང་དེ་སྐད་དུ་བཤད་དོ། །གཞན་ཡང་དེ་ཉིད་ལས། ཁ་ཅིག་ན་རེ་ཏིང་ངེ་འཛིན་འདིས་ནི་མཆོག་དང་། ཀུན་དུ་མཆོག་གི་ཚུལ་བཞིན་དུ་སེམས་པ་ཡོངས་སུ་འཛིན་པའི་ཕྱིར་བསམ་གཏན་ཞེས་བྱའོ། །དེ་ལ་མཆོག་ཅེས་བྱ་བའི་ཚིག་གིས་

ནི་འདོད་པའི་ཁམས་ལས་རབ་ཏུ་དབྱེ་བ་ཡིན་ནོ། །ཀུན་དུ་མཆོག་ཅེས་བྱ་བས་ནི་གཟུགས་མེད་པ་ལས་རབ་ཏུ་དབྱེ་བ་ཡིན་ནོ། །ཚུལ་བཞིན་དུ་སེམས་པ་ཞེས་བྱ་བས་ནི་ཐ་དད་པའི་ཕྱིན་ཅི་ལོག་ལས་རབ་ཏུ་དབྱེ་བ་ཡིན་ནོ། །ཏིང་ངེ་འཛིན་འདི་ཡོངས་སུ་འཛིན་པར་བྱེད་པ་ནི་གྱ་ནོམ་པའི་ཏིང་ངེ་འཛིན་

ཡིན་པས་གྱ་ནོམ་པའི་ཏིང་ངེ་འཛིན་དེ་ལ་བསམ་གཏན་ཞེས་བྱའོ་ཞེས་འབྱུང་སྟེ། ཚིག་འདིས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ཕྱིན་ཅི་ལོག་མེད་པའི་ཏིང་ངེ་འཛིན་ལ་བསམ་གཏན་ཞེས་བསྟན་ཏོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་དང་སྦྱར་ན་བཤད་པ་རྣམ་པ་གསུམ་ཡོད་

དེ། ཀུན་དུ་སྦྱོར་བ་གཅོད་པ་དང་། ཡང་དག་པར་རྟོག་པ་དང་། དོན་རྣམ་པ་གཉིས་དང་ལྡན་པའི་ཕྱིར་རོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དོན་གང་གི་ཕྱིར་བསམ་གཏན་ཞེས་བྱ་ཞེ་ན། ཁ་ཅིག་ནི་འདི་སྐད་དུ་སྦྱོར་བ་སྤོང་བའི་ཕྱིར་བསམ་གཏན་ཞེས་བྱའོ་ཞེས་ཟེར་རོ། །གཟུགས་

མེད་པའི་ཏིང་ངེ་འཛིན་རྣམས་ཀྱིས་ཀུན་དུ་སྦྱོར་བ་སྤོང་བས་བསམ་གཏན་ཞེས་བྱ་བའི་རིགས་སོ་ཞེ་ན། སྨྲས་པ། ཏིང་ངེ་འཛིན་གང་གིས་མི་དགེ་བ་དང་། ལུང་དུ་མི་སྟོན་པ་རྣམ་པ་གཉིས་ཀྱིས་ཀུན་དུ་སྦྱོར་བ་སྤོང་བར་ནུས་པ་ནི་བསམ་གཏན་ཞེས་བྱ་བ་ཡིན་ན། གཟུགས་མེད་པའི་ཏིང་ངེ་འཛིན་རྣམས་

ནི་ལུང་དུ་མི་སྟོན་པ་འབའ་ཞིག་སྤོང་གི། །མི་དགེ་བ་ནི་མ་ཡིན་པའི་ཕྱིར་བསམ་གཏན་ཞེས་བྱ་བ་ཞེས་འབྱུང་སྟེ། ཀུན་དུ་སྦྱོར་བ་སྤོང་བ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་པ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །གཞན་ཡང་དེ་ཉིད་ལས་ཁ་ཅིག་ན་རེ་ཡང་དག་པར་རྟོག་པར་བྱེད་པའི་ཕྱིར་

བསམ་གཏན་ཞེས་བྱའོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟ་ན་འདོད་པའི་ཁམས་ཀྱི་ཏིང་ངེ་འཛིན་ཡང་དག་པར་རྟོག་པར་བྱེད་པས་བསམ་གཏན་ཞེས་བྱ་བའི་རིགས་སོ་ཞེ་ན། སྨྲས་པ། ཏིང་ངེ་འཛིན་གང་ཏིང་ངེ་འཛིན་གྱི་མིང་དང་། ནུས་པ་དང་ལྡན་ཞིང་ཡང་དག་པར་རྟོག་པར་བྱེད་པ་ནི་བསམ་གཏན་ཞེས་བྱ་བ་

เล่ม ๑๑๙ · หน้า 114b

ཡིན་ན་འདོད་པའི་ཁམས་ཀྱི་ཏིང་ངེ་འཛིན་གྱི་མིང་དང་ལྡན་ཡང་ཏིང་ངེ་འཛིན་གྱི་ནུས་པ་མེད་པས། དཔེར་ན་འཇིམ་པའི་དྲིལ་བུ་དང་གདུང་མ་ཞེས་བརྗོད་པ་ལྟར་མིང་དང་ལྡན་ཡང་ནུས་པ་མེད་པའི་ཕྱིར་བསམ་གཏན་མ་ཡིན་ནོ་ཞེས་འབྱུང་སྟེ། ཡང་དག་པར་རྟོག་པ་ལ་བཤད་པ་རྣམ་པ་གསུམ་འབྱུང་བ་ནི་

མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །གཞན་ཡང་དེ་ཉིད་ལས་དེ་ལྟར་བཤད་པ་ཡང་དོན་རྣམ་པ་གཉིས་དང་ལྡན་ན་གདོད་བསམ་གཏན་ཞེས་བྱའོ། །འདི་ལྟ་སྟེ། ཀུན་དུ་སྦྱོར་བ་སྤོང་བ་དང་། ཡང་དག་པར་རྟོག་པར་བྱེད་པའོ། །འདོད་པའི་ཁམས་ཀྱི་ཏིང་ངེ་འཛིན་ཡང་དག་པར་རྟོག་པར་

བྱེད་ཀྱང་ཀུན་དུ་སྦྱོར་བ་སྤོང་བར་མི་བྱེད་ལ་གཟུགས་མེད་པའི་ཏིང་ངེ་འཛིན་རྣམ་པ་ཀུན་ཏུ་སྦྱོར་བ་སྤོང་བར་བྱེད་ཀྱང་ཡང་དག་པར་རྟོག་པར་མི་བྱེད་པའི་ཕྱིར་བསམ་གཏན་མ་ཡིན་ནོ། །གཞན་ཡང་གཟུགས་མེད་པའི་ཏིང་ངེ་འཛིན་ནི་དབེན་པ་དང་ལྡན་ཡང་གཏན་ལ་འབེབས་པ་མེད་ལ། འདོད་པའི་ཁམས་

ཀྱི་ཏིང་ངེ་འཛིན་ནི་བསམ་པ་གཏན་ལ་འབེབས་པ་ཡོད་ཀྱང་དབེན་པ་མེད་དོ། །གཟུགས་ཀྱི་ཏིང་ངེ་འཛིན་ནི་གཉི་ག་དང་ལྡན་པའི་ཕྱིར་བསམ་གཏན་ཞེས་བྱའོ་ཞེས་འབྱུང་སྟེ། དོན་རྣམ་པ་གཉིས་དང་ལྡན་པ་ལ་ཡང་བཤད་པ་རྣམ་པ་གཉིས་འབྱུང་བ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། ཐེག་

པ་ཆེན་པོའི་བསྟན་པ་དག་དང་སྦྱར་ན་ཡང་། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་རྣམ་གྲངས་དང་པོས་བསྟན་པ་དང་མཐུན་པར་བཤད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསམ་གཏན་ཞེས་བྱ་བ་ནི་དམིགས་པ་ལ་དྲན་པ་རྩེ་གཅིག་ཏུ་བྱེད་ཅིང་། རབ་

ཏུ་དབེན་པ་དང་ཡང་དག་པར་ཉེ་བར་གཏོད་པའི་ཕྱིར་བསམ་གཏན་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་བྱེ་བྲག་གི་མིང་ནི་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་བྱེ་བྲག་གི་མིང་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསམ་གཏན་

རྣམས་ཀྱི་སྤྱིའི་མཚན་ཉིད་ལ་བྱེ་བྲག་མེད་ཀྱང་སའི་བྱེ་བྲག་རབ་ཏུ་བསྟན་པའི་ཆེད་དུ་གྲངས་ཀྱི་དབང་དུ་བྱས་ནས་ངེས་ཚིག་བསྟན་པའི་ཕྱིར་དང་པོ་ཞེས་བྱ་བ་ནས་བཞི་པ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །གལ་ཏེ་དགེ་བའི་ངོ་བོ་ཉིད་དང་སེམས་རྩེ་གཅིག་ཏུ་བསྡུས་པ་ཉིད་དང་། གྲོགས་ལས་བསམ་

เล่ม ๑๑๙ · หน้า 115a

གཏན་བཞི་རྣམ་པར་གཞག་པ་ཡིན་ན། མཚན་ཉིད་གང་ལས་བརྩམས་ནས་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ཞེས་རྣམ་པར་གཞག་ཅེ་ན། སྨྲས་པ། དཔྱོད་པ་དང་དགའ་བ་དང་བདེ་བ་དང་བཅས་པ་ལས་ནི་དང་པོ་རྣམ་པར་གཞག་གོ། །རིམ་གྱིས་ཡན་

ལག་སྔ་མ་དང་བྲལ་བ་ལས་ནི་གཉིས་པ་དང་། གསུམ་པ་དང་། བཞི་པ་རྣམ་པར་གཞག་སྟེ། འདི་ལྟར་དཔྱོད་པ་སྤངས་ཤིང་རྣམ་པ་གཉིས་དང་ལྡན་པའོ། །བསམ་གཏན་གཉིས་ནི་དཔྱོད་པ་དང་བྲལ་ཞིང་དགའ་བ་དང་བདེ་བ་གཉིས་དང་བཅས་པས་གཉིས་སྤངས་ནས་བདེ་བ་དང་བཅས་པའོ། །

བསམ་གཏན་གསུམ་པ་ནི་དཔྱོད་པ་དང་དགའ་བ་གཉིས་དང་བྲལ་ཞིང་བདེ་བ་ཁོ་ན་དང་བཅས་པའོ། །རྣམ་པ་གསུམ་ཆར་དང་བྲལ་བ་ནི་བསམ་གཏན་བཞི་པ་སྟེ། དཔྱོད་པ་དང་དགའ་བ་དང་བདེ་བ་སྤངས་པ་གསུམ་དང་གོ་རིམས་བཞིན་ནོ། །དེའི་ཕྱིར་དམིགས་པའི་ངོ་བོ་ཉིད་གཅིག་ལ་རྣམ་པ་བཞིར་

ཕྱེ་བ་ཡིན་ནོ། །བསམ་གཏན་རྣམས་ལ་བྱམས་པ་ལ་སོགས་པ་ལྟར་ཐུན་མོང་མ་ཡིན་པའི་མིང་གི་མཚན་ཉིད་མེད་དམ་ཞེ་ན། འདིར་དང་པོ་ལ་སོགས་པའི་གྲངས་བཞི་ལ་བརྟེན་ནས་བྱེ་བྲག་གི་མིང་རྣམ་པར་གཞག་ཅེ་ན། སྨྲས་པ། འདིར་ཐུན་མོང་མ་ཡིན་པའི་མིང་གི་མཚན་ཉིད་མེད་པ་མ་

ཡིན་མོད་ཀྱི། འོན་ཀྱང་མེད་པ་ནི་ས་གཅིག་གི་མིང་ཁོ་ནས་ཀུན་བསྡུས་པར་འགྱུར་བས། དེའི་ཕྱིར་གྲངས་ལ་བརྟེན་ནས་བྱེ་བྲག་གི་མིང་དུ་བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། མཛོད་ཀྱི་བསྟན་བཅོས་ཀྱང་འདི་དང་མཐུན་པར་བཤད་དོ། །གཞན་ཡང་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པ་

ལས། དང་པོ་དག་ནི་དཔྱོད་དང་དགའ་བདེ་བཅས། །ཕྱི་མ་རིམ་གྱིས་ཡན་ལག་སྔ་མ་སྤོང་། །ཞེས་འབྱུང་ངོ་། །ཅིའི་ཕྱིར་ཚིག་ལེའུར་བྱས་པ་ལས་རྟོག་པ་ཚང་བར་མ་སྨོས་ཤེ་ན། སྨྲས་པ། མཛོད་ཀྱི་བསྟན་བཅོས་ལས། དེའི་ཕྱིར་རྟོག་པ་དང་ལྡན་པར་ཡང་བསྟན་ཏེ། གདོན་མི་ཟ་བར་ལྷན་ཅིག་

འཇུག་པའི་ཕྱིར་རོ། །དཔེར་ན་དུད་པ་དང་མེ་ལྟ་བུར་དཔྱོད་པ་དང་ཡང་དགའ་བ་དང་བདེ་བ་ཁོ་ན་དང་ལྡན་ཞིང་། རྟོག་པ་དང་མི་ལྡན་པ་ནི་མ་ཡིན་པས་སོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། བསམ་གཏན་བཞི་ནི་འདི་ལྟ་སྟེ། བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་

เล่ม ๑๑๙ · หน้า 115b

བར་དུ་སྟེ། ཁ་ཅིག་ན་རེ་རྟོག་པ་དང་དགའ་བ་དང་། བདེ་བ་དང་། བཏང་སྙོམས་དང་མཚུངས་པར་ལྡན་པའི་བསམ་གཏན་ནི་གོ་རིམས་བཞིན་དུ་བཞི་པོ་དག་ཡིན་པར་སྦྱར་རོ་ཞེས་ཟེར་རོ་ཞེས་འབྱུང་ངོ་། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཡང་གྲངས་ཀྱི་དབང་དུ་མཛད་ནས་མིང་བཀོད་པ་ནི་བསྟན་

བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསྟན་པ་དག་དང་མཐུན་པས། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གྲངས་ཀྱི་གོ་རིམས་དང་རྗེས་སུ་མཐུན་པའི་དབང་དུ་བྱས་པས། དང་པོ་ཞེས་བྱ་བ་ནས་བཞི་པ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ་ཞེས་བཤད་དོ། །དེ་ལ་

ངོ་བོ་ཉིད་བསྟན་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ། བསམ་གཏན་རྣམ་པ་བཞི་པོ་དག་ནི་ཀུན་ཀྱང་རང་གི་ས་པའི་དགེ་བ་ཉོན་མོངས་པ་ཅན་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཕུང་པོ་ལྔའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །

གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། བསམ་གཏན་གྱི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ་བསྒོམས་ནས་ཐོབ་པ་དང་། སྐྱེས་ནས་ཐོབ་པའོ། །དེ་ལ་བསྒོམས་ནས་ཐོབ་པ་ནི་ས་དེ་ཉིད་ཀྱིས་བསྡུས་པའི་སེམས་རྩེ་གཅིག་པ་ཉིད་དེ། གལ་ཏེ་གྲོགས་སུ་གྱུར་པ་ཡང་བསྡུས་ན་ནི་ཕུང་པོ་ལྔའི་

ངོ་བོ་ཉིད་དོ། །སྐྱེས་ནས་ཐོབ་པ་ནི་གང་དུ་སྐྱེས་པའི་ས་པ་དེ་ཉིད་ཀྱི་དང་ལྡན་པ་གཞན་ཕུང་པོ་ལྔ་པོ་དག་གི་ངོ་བོ་ཉིད་དོ། །མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ཀྱང་དོན་འདི་དང་མཐུན་པར་བཤད་དོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཡང་ཕལ་ཆེར་

བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་དང་མཐུན་པར་སྲིད་པ་ལས་སྐྱེ་བ་དང་། ཏིང་ངེ་འཛིན་ལས་སྐྱེས་པ་ནི་དགེ་བ་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་ཕུང་པོ་ལྔའི་ངོ་བོ་ཉིད་དོ། །དགེ་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཕུང་པོ་ལྔའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །དེ་

ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡང་མདོར་བསྡུ་ན་སྒོ་རྣམ་པ་གཉིས་ཀྱིས་བསྟན་ཏེ། ངེས་ཚིག་བསྟན་པ་དང་། ངོ་བོ་ཉིད་བསྟན་པའོ། །ངེས་ཚིག་བསྟན་པ་ཡང་སྤྱི་དང་བྱེ་བྲག་གཉིས་ཀྱིས་བསྟན་ཏེ། དེ་ལ་སྤྱིའི་མིང་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་བསྟན་བཅོས་

เล่ม ๑๑๙ · หน้า 116a

ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསྟན་པ་བཞིན་དུ་དོན་རྣམ་པ་གསུམ་ཡོད་དེ། །དགག་པའི་དོན་དང་། མཐར་ཐུག་པ་རབ་ཏུ་བསྟན་པའི་དོན་དང་། ཡོད་པ་རབ་ཏུ་བསྟན་པའི་དོན་ཏོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དོན་གང་གི་ཕྱིར་

གཟུགས་མེད་པའི་མིང་རྣམ་པར་གཞག་ཅེ་ན། རཱུ་པ་ཞེས་བྱ་བའི་ཚིག་གིས་ནི་རྣམ་པར་འགྱུར་ཞིང་། བསྟན་དུ་ཡོད་པའི་དོན་རབ་ཏུ་སྟོན་པས། རྣམ་པར་འགྱུར་ཞིང་བསྟན་དུ་ཡོད་པ་ལ་བརྟེན་ནས་གཟུགས་ཞེས་བསྟན་ཏོ། །ཨ་ཞེས་བྱ་བའི་ཚིག་གིས་ནི་དགག་པར་བྱེད་པའི་དོན་རབ་ཏུ་སྟོན་ཏེ།

འཁོར་བའི་རྒྱ་མཚོའི་ནང་ན་ཡང་རེ་ཞིག་ཙམ་དུ་གཟུགས་ཀྱི་སྐྱེ་མཆེད་དགག་པར་ཡོད་དོ་ཞེས་རབ་ཏུ་བསྟན་པའི་ཆེད་དུ། དགག་པའི་དོན་གྱི་དབང་དུ་བྱས་ནས་མེད་པ་ཞེས་བྱ་བ་བསྟན་ཏོ། །འདི་ལྟར་ཁམས་དེ་ན་རྣམ་པར་འགྱུར་ཞིང་བསྟན་དུ་ཡོད་པ་ཟློག་པར་བྱེད་པས་གཟུགས་མེད་པའི་དོན་

ལ་བརྟེན་ནས། ཨ་རཱུ་པ་ཞེས་བྱའོ། །ཡང་ཨ་ཞེས་བྱ་བ་འདི་ནི་མཐར་ཐུག་པའི་དོན་རབ་ཏུ་སྟོན་པ་ཡང་ཡིན་ཏེ། ཁམས་གཞན་ན་ཡང་རྣམ་པར་མི་འགྱུར་ཞིང་བསྟན་དུ་མེད་པའི་ཆོས་ཡོད་ཀྱང་། གཟུགས་མེད་པའི་ཁམས་ནི་རྣམ་པར་འགྱུར་བ་དང་། བསྟན་དུ་མེད་པའི་ནང་ན་མཐར་ཐུག་

པ་ཡིན་ཏེ། འདི་ན་ཡོད་དོ་དེ་ན་ཡོད་དོ་ཞེས་བྱ་བ་བརྟེན་པའི་གཟུགས་མེད་པའི་ཕྱིར་རོ། །ཡང་ན་ཨ་ཞེས་བྱ་བ་འདི་ནི་ཡོད་པའི་དོན་བསྟན་པ་ཡང་ཡིན་ཏེ། འདི་ལྟར་ཁམས་འདི་ནི་གཟུགས་མེད་པ་ཙམ་མོ་ཞེས་དགག་པའི་ཕྱིར། ཨ་ཞེས་བྱ་བས་ནི་གཟུགས་མེད་པ་ཡོད་པར་རབ་ཏུ་བསྟན་ཏེ། འཇིག་རྟེན་

ན་ཡང་ཙམ་ཞེས་བྱ་བ་ནི་དགག་པའི་ཚིག་དང་། དགག་ནས་རབ་ཏུ་བསྟན་པ་ཡང་ཡིན་པར་མཐོང་བ་ནི་ཇི་ལྟར་ཨས་འདི་རབ་ཏུ་བསྟན་ཀྱང་དགག་པ་ཁོ་ན་མ་ཡིན་པ་ལྟ་བུ་ཡིན་པས་དེའི་ཕྱིར་ཨ་ཞེས་བྱ་བས་ནི་དགག་པ་དང་རབ་ཏུ་བསྟན་པ་ཡང་ཡོངས་སུ་རྫོགས་པར་སྟོན་ཏོ་ཞེས་འབྱུང་སྟེ། བསྟན་

བཅོས་གཞུང་རབ་ཏུ་བསྟན་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་ཅིའི་ཕྱིར་འདི་བཞི་ལ་གཟུགས་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། བཞི་པོ་འདི་དག་ནི་གཟུགས་ཅན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་དང་། གཟུགས་ཅན་གྱི་ཆོས་

เล่ม ๑๑๙ · หน้า 116b

ཐམས་ཅད་རབ་ཏུ་ཉམས་པར་བྱས་པའི་ཕྱིར་དང་། གཟུགས་ཀྱི་ཆོས་འདིར་སྐྱེ་བའི་སྐབས་མེད་པའི་ཕྱིར་གཟུགས་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་བྱེ་བྲག་གི་མིང་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས། དང་པོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་

ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ། རྣམ་གྲངས་རྣམ་པ་བཞིས་སྟོན་ཏེ་དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྦྱོར་བའི་དབང་གིས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ཞེས་བྱ་སྟེ། འདི་ལྟར་ལས་དང་པོ་པས་ཐོག་མ་ཁོ་ནར་རྩིག་པ་དང་སྐྱེ་ཤིང་དང་།

བྲག་དང་ཁང་ཁྱིམ་ལ་སོགས་པ་ལ་ཡོད་པའི་ནམ་མཁའ་རྣམས་ཀྱི་མཚན་མ་ཡིད་ལ་བྱེད་དོ། །མཚན་མ་དེ་ཡོངས་སུ་བཟུང་ནས་བརྡའི་འདུ་ཤེས་ཀྱི་མོས་པའི་མཐའ་མེད་པའི་ནམ་མཁའི་མཚན་མ་རྣམས་སོ་སོར་རྟོག་ཅིང་གསལ་བར་ཁོང་དུ་ཆུད་པར་བྱེད་དོ། །སྔར་མཐའ་མེད་པའི་ནམ་མཁའི་

མཚན་མ་ཡིད་ལ་བྱས་ཤིང་སྦྱོར་བ་བསྒོམས་པས། གོང་ནས་གོང་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་པོ་རབ་ཏུ་འདྲེན་པའི་ཕྱིར། འདི་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བཤད་དོ། །གཞན་ཡང་ཆོས་ཉིད་ཀྱིས་དང་པོར་གཟུགས་ཀྱི་ས་དག་དང་བྲལ་བའི་ནམ་མཁའ་མཐའ་

ཡས་སྐྱེ་མཆེད་ཅེས་བྱ་བས་སོ། །གཞན་ཡང་ཆོས་ཉིད་ཀྱིས་དང་པོར་གཟུགས་ཀྱི་ས་པ་དག་ལས་རྣམ་པར་གྲོལ་བ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བས་སོ། །གཞན་ཡང་རྒྱུ་མཐུན་པའི་དབང་དུ་བྱས་པའི་ཕྱིར། ཏིང་ངེ་འཛིན་འདི་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བཤད་དེ།

འདི་ལྟར་རྣལ་འབྱོར་པ་དེ་ཏིང་ངེ་འཛིན་འདི་ལས་ལངས་པ་ན་གདོན་མི་ཟ་བར་ནམ་མཁའ་འདྲ་བའི་འདུ་ཤེས་བསྐྱེད་པ་མངོན་དུ་འགྱུར་ཏེ། ཇི་སྐད་དུ་དགེ་སློང་ཏིང་ངེ་འཛིན་འདི་ལས་ལངས་ནས་ལག་པ་གཉིས་ནམ་མཁའ་ལ་བསྙབས་པ་དང་གཞན་དག་གིས་ཁྱོད་ཅི་ཞིག་ཚོལ་ཞེས་དྲིས་སོ། །དགེ་སློང་

དེས་སྨྲས་པ། བདག་གི་རང་གིས་རང་གི་ལུས་ཚོལ་ལོ། །དེས་སྨྲས་པ་ཁྱོད་ཀྱི་ལུས་ནགས་ཁྲོད་ན་གནས་ན་ཅིའི་ཕྱིར་གཞན་དུ་རང་གི་ལུས་ཚོལ་བར་བྱེད་ཅེས་སྨྲས་སོ་ཞེས་གྲགས་ཏེ། དེའི་ཕྱིར་འདི་ལས་ལངས་ན་ནམ་མཁའི་འདུ་ཤེས་འབྱུང་བར་མངོན་ནོ། །འདུ་ཤེས་འདི་ཉིད་ནི་ཏིང་ངེ་འཛིན་

เล่ม ๑๑๙ · หน้า 117a

སྔ་མ་དེའི་རྒྱུ་མཐུན་པ་ཡིན་པས་དེའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །མཛོད་ཀྱི་བསྟན་བཅོས་ལས་ནི་དོན་གྱིས་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པའི་རྣམ་གྲངས་དང་པོ་བསྟན་

པ་དང་མཐུན་པར་བཤད་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། གཞུང་རབ་ཏུ་བསྟན་པ་ལས་ཀྱང་དོན་གྱིས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྣམ་གྲངས་དང་པོ་གསུམ་གྱིས་བསྟན་པ་དང་མཐུན་པར་བཤད་དོ། །དེ་ལ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་

ནི། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྣམ་གྲངས་གཉིས་ཀྱིས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྦྱོར་བ་ཁོ་ནའི་དབང་གིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ཞེས་བྱ་སྟེ། འདི་ལྟར་ལས་དང་པོ་པའི་རྣལ་འབྱོར་པ་དག་ཐོག་མ་ཁོ་ནར་ཡོངས་སུ་དག་པའི་

མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གི་མཚན་མ་ཡིད་ལ་བྱེད་དོ། །མཚན་མ་ཡོངས་སུ་བཟུང་ནས་བརྡའི་འདུ་ཤེས་ཀྱི་མོས་པས་རྣམ་ཤེས་མཐའ་ཡས་ཀྱི་མཚན་མ་སོ་སོར་བརྟགས་ཤིང་གསལ་བར་ཁོང་དུ་ཆུད་ནས་སྔར་རྣམ་ཤེས་མཐའ་ཡས་ཡིད་ལ་བྱས་ཤིང་སྦྱོར་བ་ལ་བརྟེན་ནས་

གོང་ནས་གོང་དུ་གཟུགས་མེད་པའི་ཏིང་ངེ་འཛིན་གཉིས་པ་རབ་ཏུ་འདྲེན་པའི་ཕྱིར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ། །གཞན་ཡང་རྒྱུ་མཐུན་པའི་དབང་དུ་བྱས་པའི་ཕྱིར་ཏིང་ངེ་འཛིན་ལ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བཤད་དེ། འདི་ལྟར་རྣལ་འབྱོར་པ་དེ་ཏིང་ངེ་འཛིན་འདི་ལས་

ལངས་པ་ན། གདོན་མི་ཟ་བར་རྣམ་པར་ཤེས་པ་འདྲ་བའི་འདུ་ཤེས་བསྐྱེད་པ་མངོན་དུ་འགྱུར་ཏེ། རྣམ་པར་ཤེས་པ་ལ་རབ་ཏུ་དགའ་བས་གནས་པས་དེའི་ཕྱིར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །མཛོད་ཀྱི་བསྟན་བཅོས་ལས་ནི་

བཤད་པའི་རྣམ་གྲངས་དང་པོ་དང་མཐུན་པར་བཤད་དོ། །བསྟན་བཅོས་གཞུང་རབ་ཏུ་བསྟན་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །དེ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱ་བ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྣམ་གྲངས་ལྔས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་འདི་ཅིའི་ཕྱིར་ཅི་

เล่ม ๑๑๙ · หน้า 117b

ཡང་མེད་པའི་སྐྱེ་མཆེད་ཅེས་བྱ་ཞེ་ན། སྨྲས་པ། འདི་ལ་བདག་དང་བདག་གི་བ་མེད་པའི་ཕྱིར་རོ། །ས་ཐམས་ཅད་ལ་ཡང་བདག་དང་བདག་གི་བ་མེད་པ་ཡིན་ན། ཅིའི་ཕྱིར་འདི་འབའ་ཞིག་ལ་ཅི་ཡང་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། གཞན་གང་ལ་ཡང་བདག་ཏུ་འཛིན་པ་དང་། བདག་

གིར་འཛིན་པ་ཉམས་སྨད་པ་དང་། འབིགས་ཤིང་སྲབ་པ་དང་། མཐུ་སྟོབས་འབྲི་བར་བྱེད་པ་ས་འདི་ལྟ་བུའི་ནུས་པ་མེད་པའི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །གཞན་ཡང་ས་འདི་ལ་དེ་ཁོ་ན་རྟག་པར་གནས་པ་རྣམ་པར་མི་འགྱུར་བའི་ཆོས་མེད་ཀྱང་རྟག་པར་ལྟ་བ་ཉམས་སྨད་པར་

བྱེད་པ་ས་གཞན་དག་ལས་ཁྱད་པར་དུ་འཕགས་པའི་ཕྱིར་འདི་འབའ་ཞིག་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །གཞན་ཡང་འདི་ལ་གཞོལ་བ་དང་སྐྱབས་སུ་འགྲོ་བའི་ཁང་ཁྱིམ་མེད་ཀྱང་། མགོན་སྐྱབས་མེད་ཅིང་ང་རྒྱལ་དང་ལེ་ལོ་དང་བག་མེད་པ་རྣམ་པར་གནོན་པ་ས་གཞན་དག་

ལས་ཁྱད་པར་དུ་འཕགས་པའི་ཕྱིར་འདི་འབའ་ཞིག་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །གཞན་ཡང་ས་འདིར་རྣམ་པའི་མཚན་ཉིད་མཐའ་མེད་པ་མེད་ཅིང་དང་པོ་ཁོ་ནར་དེའི་མཚན་ཉིད་སྤངས་པའི་ཕྱིར། འདི་འབའ་ཞིག་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །བཙུན་པ་དབྱིག་གི་

བཤེས་གཉེན་ནི་འདི་སྐད་དུ། ཏིང་ངེ་འཛིན་འདི་ལ་ཡོངས་སུ་འཛིན་པའི་རྣམ་པའི་མཚན་ཉིད་འཇུག་པ་མེད་པའི་ཕྱིར། ཇི་ལྟར་བདག་མ་ཡིན་པ་ནི་གནས་དང་དུས་གང་དུ་ཡང་དངོས་པོ་རྗེས་སུ་འབྲེལ་པ་དང་། གནས་དང་དུས་གང་དུ་ཡང་བདག་དང་རྗེས་སུ་འབྲེལ་པ་མེད་པ་ལྟ་བུ་ཡིན་

པའི་ཕྱིར་འདི་འབའ་ཞིག་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ་ཞེས་ཟེར་ཏེ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ནི། མོས་པའི་དབང་གིས་སྦྱོར་བ་ཐམས་ཅད་སྤངས་པ་ལས་མངོན་པར་གྲུབ་པ་གང་ཡིན་

པ་དེ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །འདི་ལྟར་རྣམ་པ་ཚད་མེད་པ་དག་ལ་རགས་ཤིང་གཡོ་བ་ཉིད་དུ་ལྟ་བས་དེ་ལ་སྐྱོ་ཞིང་སྤང་བའི་ཆེད་དུ་སྦྱོར་བ་འདི་བསྐྱེད་པས་དེའི་ཕྱིར་གནས་འདི་ནི་སྤངས་པ་ཁྱད་པར་ཅན་ཞེས་བྱ་སྟེ། འདི་ཡང་རྣམ་པའི་མཚན་ཉིད་མངོན་པར་འདུ་བྱེད་པ་ལ་མི་མོས་

เล่ม ๑๑๙ · หน้า 118a

པ་དང་། སེམས་ཀྱི་དམིགས་པ་རྣམས་སྤངས་ཤིང་ཞི་བ་ལ་གནས་པའི་ཕྱིར་རོ་ཞེས་འབྱུང་སྟེ། བསྟན་བཅོས་གཞུང་རབ་ཏུ་བསྟན་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །དེ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་ནི། བསྟན་བཅོས་བྱེ་བྲག་ཏུ་བཤད་

པ་ཆེན་པོ་ལས་རྣམ་གྲངས་གཅིག་གིས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་འདི་ལ་ཅིའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་ཞེ་ན། སྨྲས་པ། འདི་ལ་གསལ་བའི་འདུ་ཤེས་མེད་ཅིང་། འདུ་ཤེས་མེད་པའི་མཚན་མ་ཡང་མེད་པའི་ཕྱིར། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་

ཅེས་བྱའོ། །གསལ་བའི་འདུ་ཤེས་མེད་པ་ནི་ས་བདུན་པོ་དག་ལྟར་འདུ་ཤེས་དང་བཅས་པའི་ཏིང་ངེ་འཛིན་མ་ཡིན་པའི་ཕྱིར་རོ། །འདུ་ཤེས་མེད་པའི་མཚན་མ་ཡང་མེད་པ་ནི་འདུ་ཤེས་པ་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །ས་འདིའི་འདུ་ཤེས་མི་གསལ་ཞིང་རྟུལ་

བ་དང་། ཞེན་ཅིང་གསལ་བ་མེད་པ་དང་ངེས་པ་མེད་པའི་ཕྱིར། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ་ཞེས་འབྱུང་སྟེ། མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། གཞུང་རབ་ཏུ་བསྟན་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གཞན་

ཡང་བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་གཟུགས་མེད་པ་བཞི་པོ་འདི་དག་སྐྱེ་མཆེད་ཅེས་བྱ་བ་ནི་སྲིད་པ་རྣམས་བསྐྱེད་པའི་གནས་སུ་གྱུར་པའི་ཕྱིར་ཏེ། སྐྱེ་མཆེད་བཞི་པོ་འདི་དག་ཏུ་ཡོད་པ་དང་མེད་པའི་སྲིད་པ་དག་གིས་ལས་དང་ཉོན་མོངས་པ་རྣམ་པ་སྣ་ཚོགས་སྐྱེད་

ཅིང་འཕེལ་བར་བྱེད་པའི་ཕྱིར་དང་ཡང་དག་པ་མ་ཡིན་པས། དེ་ལ་མྱ་ངན་ལས་འདས་པ་ཉིད་དུ་འཛིན་པ་རྣམ་པར་གཞིག་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་སྲིད་པ་སྐྱེད་པའི་གནས་ཞེས་གསུངས་སོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་

ལས། གཞན་ཡང་རྣམ་པ་དེ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་

เล่ม ๑๑๙ · หน้า 118b

པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་ནམ་མཁར་མོས་པར་བྱེད་པའི་ཕྱིར་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་ལྡན་པའི་འདུ་ཤེས་དེ་དག་མི་སྣང་བའི་ཕྱིར་དང་། སྐྱོ་ཞིང་འདོད་ཆགས་དང་བྲལ་བའི་ཕྱིར་ཡང་

དག་པར་འདས་པས་ན། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་གསུངས་སོ། །ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི་དེ་དག་ལས་ཡང་དག་པར་འདས་ཤིང་མི་སྣང་བར་གྱུར་པའི་རྒྱུས་ཁ་དོག་བསགས་པའི་རྒྱུར་གྱུར་

པའི་སྒྲིབ་པའི་འདུ་ཤེས་རྣམ་པ་དུ་མ་སྣ་ཚོགས་མང་པོ་དག་དང་བྲལ་བས་ན་དེའི་ཕྱིར་ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་ཞེས་བྱ་བ་གསུངས་སོ། །སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ཞེས་བྱ་བས་ནི། དེ་དག་དང་བྲལ་བ་ཐོགས་པ་ཁྱད་པར་ཅན་རྣམ་པ་སྣ་ཚོགས་དེ་དག་ཉིད་ལ་འདི་

ལྟ་སྟེ། ཟས་དང་། སྐོམ་དང་། བཞོན་པ་དང་། གོས་དང་རྒྱན་དང་། ནགས་དང་། སྐྱེད་མོས་ཚལ་དང་། ནགས་ཚལ་དང་། དམག་དང་། རི་ལ་སོགས་པར་ཉེ་བར་འདོགས་པའི་འདུ་ཤེས་འཇུག་པ་གང་ཡིན་པའི་འདུ་ཤེས་དེ་དག་དེ་རྣམས་ལ་གཏད་ཀྱང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་

དུ་དེ་ལ་འབྱུང་བར་མི་འགྱུར་བས་ན། དེའི་ཕྱིར་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི་དེས་དེ་ལྟར་གཟུགས་དང་ཐོགས་པ་དང་སྣ་ཚོགས་ཀྱི་འདུ་ཤེས་དག་རྣམ་པར་བཤིག་ནས། ནམ་མཁའ་མཐའ་ཡས་

པའི་རྣམ་པས་མོས་པར་བྱེད་པས་ན། དེའི་ཕྱིར་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པས། གོང་མ་སྦྱོར་བ་

མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་སྲིད་དུ་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ནི་དེ་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །དངོས་

เล่ม ๑๑๙ · หน้า 119a

གཞི་ལ་སྙོམས་པར་ཞུགས་ནས་ནི་ནམ་མཁའ་དེ་ཉིད་དང་དེ་ལས་གཞན་པ་རང་གི་ས་པའི་ཕུང་པོ་རྣམས་ལ་དམིགས་པར་བྱེད་དོ། །ཉེར་བསྡོགས་ཀྱི་ཚེ་ན་ནི་ས་འོག་མའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ། །གཞན་ཡང་དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་

སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་སྙམ་

ནས་ཞེས་བྱ་བ་ནི་དེ་རྣམ་པར་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་པར་མོས་པར་བྱེད་པ། ནམ་མཁའ་ལ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱིས་རྣམ་ཤེས་མཐའ་ཡས་ལ་སྙོམས་པར་འཇུག་འདོད་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་

ལས་བཟློག་སྟེ། རྣམ་པར་ཤེས་པ་དེ་ཉིད་ལ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་ཅིང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་པས་ན་དེའི་ཕྱིར། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་

པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་གསུངས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང་། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས། གོང་མ་

སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་ན། དེའི་ཕྱིར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་ཏེ། གཞན་ཡང་དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་

མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་ནི། དེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་བསྐྱོད་ཅིང་རྣམ་པར་ཤེས་པ་ལས་གཞན་པའི་དམིགས་པ་ཅི་ཡང་རུང་བ་དང་ལྡན་པ་གཟུགས་ཅན་ནི་གཟུགས་ཅན་མ་ཡིན་པ་ཡོངས་སུ་ཚོལ་བར་བྱེད་པ་ན་མ་རྙེད་དེ། དེས་དམིགས་པ་དེ་མ་རྙེད་

เล่ม ๑๑๙ · หน้า 119b

ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཏེ། དམིགས་པ་གཞན་ཅི་ཡང་མེད་དོ་ཞེས་མོས་པར་བྱེད་ཅིང་། དེ་ཅི་ཡང་མེད་པའི་འདུ་ཤེས་ཁོ་ན་ལ་མོས་པར་འགྱུར་ཏེ། དེས་འདུ་ཤེས་ལ་མོས་པ་དེ་ལ་ལན་མང་དུ་བྱས་པའི་ཕྱིར། ཅི་

ཡང་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཏེ། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་

འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །གཞན་ཡང་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ།

རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ལས་བསྐྱོད་ཅིང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལ་རགས་པར་འདུ་ཤེས་ཤིང་། ཉེས་དམིགས་སུ་འདུ་ཤེས་པའི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལྡོག་པར་བྱེད་

པས་ན་དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་གསུངས་སོ། །འདུ་ཤེས་མེད་ཅེས་བྱ་བ་ནི་དེ་སྔོན་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། ཅི་ཡང་གི་འདུ་ཤེས་ལས་ཡང་དག་པར་འདས་ལ། ད་ལྟར་ཅི་ཡང་མེད་པའི་

འདུ་ཤེས་ལས་ཡང་དག་པར་འདས་པས་ན། དེའི་ཕྱིར་འདུ་ཤེས་མེད་ཅེས་བྱ་བ་གསུངས་ཏེ། འདི་ལྟ་སྟེ། ཅི་ཡང་གི་འདུ་ཤེས་དང་ཅི་ཡང་མེད་པའི་འདུ་ཤེས་མེད་པ་ལ་བྱའོ། །འདུ་ཤེས་མེད་མིན་ཞེས་བྱ་བ་ནི་དེའི་འདུ་ཤེས་དེ་འདི་ལྟ་སྟེ། དཔེར་ན་འདུ་ཤེས་མེད་པ་འམ། འགོག་པའི་སྙོམས་

འཇུག་པ་དག་གི་ལྟར་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པ་མ་ཡིན་ཏེ། འདུ་ཤེས་དེ་ཕྲ་ཞིང་དམིགས་པ་དེ་ལ་མཚན་མ་མེད་པར་འཇུག་པ་ཁོ་ན་ཡིན་པས་ན། དེའི་ཕྱིར་འདུ་ཤེས་མེད་མིན་ཞེས་བྱ་བ་གསུངས་སོ། །སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་དེ་ལྟར་སྐྱེ་མཆེད་

เล่ม ๑๑๙ · หน้า 120a

དེ་ལ་མོས་པར་བྱེད་པ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཤིང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཉེར་བསྡོགས་དང་བཅས་པ་སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས་སྦྱོར་བ་མཐར་

ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་

བསྟན་བཅོས་རྣམ་པར་བཤད་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་ངོ་བོ་ཉིད་བསྟན་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསྟན་པ་བཞིན་དུ་གཟུགས་མེད་པ་བཞིའི་ངོ་བོ་ཉིད་ནི་མདོར་བསྡུ་ན་དགེ་བའི་ངོ་བོ་ཉིད་ཀྱིས་

བསྡུས་ཤིང་སེམས་རྩེ་གཅིག་པའི་ངོ་བོ་ཉིད་དོ། །དེ་ཡང་གྲོགས་ལས་ནི་གཟུགས་ཀྱི་ཕུང་པོ་མ་གཏོགས་ཏེ། གཟུགས་མེད་པ་ལ་རྗེས་སུ་འཇུག་པའི་གཟུགས་མེད་པའི་ཕུང་པོ་བཞིའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་རྣམ་པ་གཉིས་ཡོད་དོ་ཞེས་བཤད་དེ། འདི་

ལྟ་སྟེ། ཏིང་ངེ་འཛིན་དང་སྐྱེས་ནས་ཐོབ་པའོ། །དེ་ལ་ཏིང་ངེ་འཛིན་ནི་འདི་ལྟ་སྟེ། གཟུགས་མེད་པའི་སྙོམས་པར་འཇུག་པའོ། །སྐྱེས་ནས་ཐོབ་པ་ནི་གཟུགས་མེད་པའི་ཁམས་སུ་སྐྱེས་པའོ་ཞེས་བཤད་དེ། དེར་སྐྱེས་པ་གང་ཡིན་པ་དེ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཚོར་བ་དང་། འདུ་ཤེས་

དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ་ཞེས་འབྱུང་སྟེ། ཚིག་འདིས་ནི་ཕུང་པོ་བཞི་པོ་དེ་དག་གི་རྣམ་པར་སྨིན་པའི་ངོ་བོ་ཉིད་དོ་ཞེས་བསྟན་ཏོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། གཟུགས་མེད་པ་བཞི་པོ་དག་གི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཡོད་དེ། བསྒོམས་ནས་ཐོབ་

པ་དང་། སྐྱེས་ནས་ཐོབ་པའོ། །བསྒོམས་ནས་ཐོབ་པ་ནི་ས་དེ་ཉིད་ཀྱིས་བསྡུས་པ་སེམས་རྩེ་གཅིག་པའི་ངོ་བོ་ཉིད་དོ། །གྲོགས་དང་བཅས་པ་ནི་ཕུང་པོ་བཞིའི་ངོ་བོ་ཉིད་དོ། །སྐྱེས་ནས་ཐོབ་པ་ནི་ས་དེ་ཉིད་དང་ལྡན་པ་གཞན་ཕུང་པོ་བཞི་པོ་དག་གི་ངོ་བོ་ཉིད་དོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོའི་

เล่ม ๑๑๙ · หน้า 120b

གཞུང་གིས་ངོ་བོ་ཉིད་བསྟན་པ་ནི་ཐམས་ཅད་ཡོད་པར་སྨྲ་བ་དག་དང་མཐུན་ཏེ། དེ་ལ་བྱེ་བྲག་ཡོད་པ་ནི་གཟུགས་ཀྱི་ཕུང་པོ་ཡང་ཡོད་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་ནི་གཟུགས་མེད་པར་ཡང་གཏོགས་པའི་ཕྱིར་རོ་ཞེས་བཤད་དོ། །ཡང་རྣམ་པ་བཞི་ཡོད་དེ་འདི་ལྟ་སྟེ། བྱམས་པ་དང་།

སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པ་བཞི་པོ་རེ་རེ་ལ་ཡང་། ཞི་གནས་རྣམ་པ་རེ་རེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་གསུམ་པ་ཞི་གནས་རྣམ་པ་བཞི་བསྟན་པ་སྟེ། ཚད་མེད་པ་བཞི་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱི་ཕྱིར་རོ། །ཚད་མེད་པ་བཞི་པོ་དེ་དག་ཀྱང་མདོར་བསྡུ་ན་སྒོ་

རྣམ་པ་གཉིས་ཀྱིས་དབྱེ་བར་བྱ་སྟེ། ངེས་པའི་ཚིག་བསྟན་པ་དང་། ངོ་བོ་ཉིད་བསྟན་པའོ། །ངེས་པའི་ཚིག་བསྟན་པ་ཡང་རྣམ་པ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ། །དེ་ལ་ཚད་མེད་པ་ཞེས་བྱ་བ་ནི་སྤྱིའི་མིང་སྟེ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་

ལས་བསྟན་པ་བཞིན་དུ་རྣམ་གྲངས་རྣམ་པ་བཞིས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དེའི་ཕྱིར་ཚད་མེད་པ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། སྨྲས་པ། སེམས་ཅན་ལ་ཁྱབ་པར་དམིགས་ཤིང་། སྤྲོས་པའི་ཉོན་མོངས་པ་ཚད་མེད་པའི་གཉེན་པོར་གྱུར་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །སྤྲོས་པ་

ཡང་རྣམ་པ་གཉིས་ཏེ། ལྟ་བའི་ཉོན་མོངས་པ་དང་སྲིད་པའི་ཉོན་མོངས་པ་སྟེ། དེའི་ཕྱིར་སྤྲོས་པའི་ཉོན་མོངས་པ་ཞེས་བྱའོ། །གཞན་ཡང་སེམས་ཅན་ལ་ཁྱབ་པར་དམིགས་ཤིང་། བག་མེད་པའི་ཉོན་མོངས་པ་ཚད་མེད་པའི་གཉེན་པོར་གྱུར་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །འདོད་པའི་ཁམས་ཀྱི་ཉོན་

མོངས་པ་ནི་བག་མེད་པའི་ཉོན་མོངས་པ་ཞེས་བྱའོ། །གཞན་ཡང་རྣམ་པ་བཞི་པོ་འདི་དག་ནི་འཕགས་པ་རྣམས་ཀྱིས་རྒྱ་ཆེར་བགྲོད་པའི་གནས་སུ་གྱུར་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །གཞན་ཡང་རྣམ་པ་བཞི་པོ་འདི་དག་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པ་ཡུལ་དུ་གྱུར་པའི་ཕྱིར་དང་། བསོད་

ནམས་ཚད་མེད་པ་སྐྱེད་པའི་ཕྱིར་དང་འབྲས་བུ་ཚད་མེད་པ་རབ་ཏུ་འདྲེན་པའི་ཕྱིར་ཚད་མེད་པའོ་ཞེས་འབྱུང་སྟེ། མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ནི། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པའི་རྣམ་གྲངས་བཞི་པ་དང་མཐུན་པར་འབྱུང་ངོ་། །ཐེག་པ་

เล่ม ๑๑๙ · หน้า 121a

ཆེན་པོའི་གཞུང་གིས་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་བསྟན་པ་བཞིན་དུ། དོན་རྣམ་པ་གསུམ་གྱིས་ཚད་མེད་པ་ཞེས་སྟོན་ཏེ། ཡངས་པ་དང་ཆེ་བ་དང་ཚད་མེད་པའོ། །དེ་ལ་ཡངས་པ་ནི་མཐོང་བའི་སྤྱོད་ཡུལ་ཡིད་ལ་བྱེད་པའི་ཕྱིར་རོ། །ཆེ་བ་ནི་ཐོས་པའི་སྤྱོད་

ཡུལ་ཡིད་ལ་བྱེད་པའི་ཕྱིར་རོ། །ཚད་མེད་པ་ནི་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་ཡིད་ལ་བྱེད་པའི་ཕྱིར་རོ། །འདི་ལྟར་དོན་རྣམ་པ་གསུམ་པོ་དེ་དག་གིས་ཕྱོགས་གཅིག་ལ་ཁྱབ་པར་དམིགས་པ་ནས། དེ་བཞིན་དུ་ཕྱོགས་བཅུའི་བར་གྱི་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་མཐའ་མེད་

པ་དག་ལ་དམིགས་པའི་ཕྱིར་ཚད་མེད་པ་ཞེས་བྱའོ་ཞེས་སྟོན་ཏོ། །དེ་ལ་བྱེ་བྲག་གི་མིང་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཞེས་བྱ་བ་ཉིད་དེ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་མཛོད་ཀྱི་བསྟན་བཅོས་ལས་བསྟན་པ་བཞིན་དུ་བྱམས་པ་ནི་བདེ་བ་སྦྱིན་པའོ། །

སྙིང་རྗེ་ནི་སྡུག་བསྔལ་ལས་འདྲེན་པའོ། །དགའ་བ་ནི་མོས་ཤིང་མགུ་བའོ། །བཏང་སྙོམས་ནི་མཉམ་པ་ཉིད་དོ་ཞེས་བཤད་དོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་ཕན་གདགས་པ་གང་ཡིན་པ་དེ་ནི་བྱམས་པའི་མཚན་ཉིད་དོ། །གནོད་པ་རབ་ཏུ་སེལ་བ་གང་ཡིན་པ་དེ་ནི་སྙིང་རྗེའི་

མཚན་ཉིད་དོ། །རབ་ཏུ་དགའ་ཞིང་བཏང་སྙོམས་ཐོབ་པ་གང་ཡིན་པ་དེ་ནི་དགའ་བའི་མཚན་ཉིད་དོ། །བརྗེད་ངས་པ་འཇིག་ཅིང་མཉམ་པ་ཉིད་དུ་གྱུར་པ་ནི་བཏང་སྙོམས་ཀྱི་མཚན་ཉིད་དོ་ཞེས་བཤད་དོ། །ཐེག་པ་ཆེན་པོའི་གཞུང་གིས་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་བསྟན་པ་བཞིན་དུ་

བྱམས་པ་ཚད་མེད་པ་ནི་འདི་ལྟ་སྟེ། བྱམས་པའི་སེམས་དང་བཅས་པ་གང་ཡིན་པའོ། །བྱམས་པའི་སེམས་དང་བཅས་པར་གྱུར་པ་ནི་སེམས་ཅན་སྡུག་བསྔལ་མེད་པ་དང་། བདེ་བ་མེད་པ་དག་ལ་བདེ་བའི་ཡོ་བྱད་སྦྱིན་པར་འདོད་ཅིང་། ཡིད་ཀྱིས་མོས་པའི་སེམས་དང་མཚུངས་པར་ལྡན་པའི་

ཕྱིར་རོ། །སྙིང་རྗེ་ཚད་མེད་པ་ནི་འདི་ལྟ་སྟེ། སྙིང་རྗེ་དང་བཅས་པའི་སེམས་གང་ཡིན་པའོ། །སྙིང་རྗེ་དང་བཅས་པའི་སེམས་ནི་སེམས་ཅན་སྡུག་བསྔལ་བ་དག་ལ་སྡུག་བསྔལ་གྱི་རྒྱུ་ལས་འདྲོན་པར་འདོད་ཅིང་ཡིད་ཀྱིས་མོས་པའི་སེམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དགའ་བ་ཚད་མེད་

เล่ม ๑๑๙ · หน้า 121b

པ་ནི་འདི་ལྟ་སྟེ། །དགའ་བ་དང་བཅས་པའི་སེམས་གང་ཡིན་པའོ། །དགའ་བ་དང་བཅས་པའི་སེམས་ནི་འདི་ལྟ་སྟེ། སེམས་ཅན་གང་དག་བདེ་བ་དང་ལྡན་པ་དག་ལ་དེའི་དགའ་བའི་རྗེས་སུ་ཡི་རང་ཞིང་ཡིད་ཀྱིས་མོས་པའི་སེམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །བཏང་སྙོམས་ཚད་མེད་པ་

ནི་འདི་ལྟ་སྟེ། བཏང་སྙོམས་དང་བཅས་པའི་སེམས་གང་ཡིན་པའོ། །བཏང་སྙོམས་དང་བཅས་པའི་སེམས་གང་ཡིན་པ་དེ་ནི། ཆགས་པ་མེད་པར་འདུན་ཅིང་ཡིད་ཀྱིས་མོས་པའི་སེམས་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ལ་ངོ་བོ་ཉིད་བསྟན་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་

གཞུང་གིས་ནི། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ལ་བཤད་པ་རྣམ་པ་གཉིས་སུ་བསྟན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཁ་ཅིག་ན་རེ་བྱམས་པ་དང་སྙིང་རྗེ་གཉི་ག་ཡང་ཞེ་སྡང་མེད་པའི་དགེ་བའི་རྩ་བའི་ངོ་བོ་ཉིད་དེ། ཞེ་སྡང་གི་

གཉེན་པོར་གྱུར་པའི་ཕྱིར་རོ། །མཚུངས་པར་ལྡན་པའི་རྗེས་སུ་འཇུག་པ་ཉིད་ཀྱང་བཟུང་ན་ནི། འདོད་པའི་ཁམས་ན་ནི་ཕུང་པོ་བཞིའོ། །གཟུགས་ཀྱི་ཁམས་ན་ནི་ཕུང་པོ་ལྔའོ། །དེ་ལ་བྱེ་བྲག་ཡོད་པ་ཡང་བྱམས་པ་ནི་སྲོག་གཅོད་པའི་ཞེ་སྡང་གི་གཉེན་པོའོ། །སྙིང་རྗེ་ནི་རྡེག་པ་ལ་སོགས་པའི་ཞེ་སྡང་

གི་གཉེན་པོའོ་ཞེའོ། །ཁ་ཅིག་ནི་འདི་སྐད་དུ་བྱམས་པ་ནི་ཞེ་སྡང་མེད་པའི་དགེ་བའི་རྩ་བའི་ངོ་བོ་ཉིད་དོ། །སྙིང་རྗེ་ནི་རྣམ་པར་མི་འཚེ་བའི་དགེ་བའི་རྩ་བའི་ངོ་བོ་ཉིད་དོ། །རྣམ་པར་འཚེ་བའི་གཉེན་པོར་གྱུར་པའི་ཕྱིར་རོ་ཞེའོ། །དགའ་བ་ཚད་མེད་པའི་ངོ་བོ་ཉིད་ལ་ཡང་བཤད་པ་ནི་རྣམ་པ་བཞི་ཡོད་དེ། ཁ་

ཅིག་ན་རེ་དགའ་བ་ནི་དགའ་བའི་དབང་པོའི་ངོ་བོ་ཉིད་དེ། ཕུང་པོ་བཞི་དང་། ཕུང་པོ་ལྔ་ཞེས་བྱ་བ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །གལ་ཏེ་དགའ་བ་ཚད་མེད་པ་དགའ་བའི་དབང་པོའི་ངོ་བོ་ཉིད་ཡིན་ན། བསྟན་བཅོས་རྣམ་པའི་གནས་བསྟན་པ་ལས་བཤད་པ་དེ་ཇི་ལྟར་འཐད་དེ། ཇི་སྐད་དུ་དགའ་

བ་ཚད་མེད་པ་གང་ཞེ་ན། འདི་ལྟ་སྟེ་དགའ་བ་དང་དགའ་བ་དང་མཚུངས་པར་ལྡན་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། དེས་བསླང་བའི་ལུས་དང་ངག་གི་ལས་གཉིས་དང་། དེས་བསླང་བའི་སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ནི་དགའ་བ་

เล่ม ๑๑๙ · หน้า 122a

ཞེས་བྱའོ་ཞེས་བཤད་པ་ལྟ་བུ་སྟེ། འདི་དགའ་བའི་ཚོར་བ་ཚོར་བ་དང་མཚུངས་པར་ལྡན་པ་ཡང་ཡོད་དམ་ཞེ་ན། སྨྲས་པ། ཚིག་འདི་ནི་འདི་སྐད་དུ་དགའ་བ་དང་དགའ་བ་དང་མཚུངས་པར་ལྡན་པའི་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ཞེས་

བརྗོད་པའི་རིགས་ཀྱི་ཚོར་བ་ཞེས་བརྗོད་པའི་མི་རིགས་ཏེ། དེ་ནི་འདོན་པ་དག་གིས་ནོར་ཏོ། །གཞན་ཡང་བསྟན་བཅོས་དེ་ལས་སྤྱིར་ཕུང་པོ་ལྔ་ལ་དགའ་བ་ཚད་མེད་པའི་ངོ་བོ་ཉིད་དུ་བསྟན་པས། དགའ་བའི་ཚོར་བ་ཚོར་བ་དང་མཚུངས་པར་མི་ལྡན་ཡང་། གཞན་ཡང་སེམས་དང་། སེམས་

ལས་བྱུང་བའི་ཆོས་རྣམས་ཚོར་བ་དང་མཚུངས་པར་ལྡན་པའི་ཕྱིར་དེ་སྐད་དུ་བཤད་ཀྱང་འགལ་བ་མེད་དོ་ཞེའོ། །སློབ་དཔོན་ཁ་ཅིག་ནི་འདི་སྐད་དུ་དགའ་བ་ཚད་མེད་པ་འདི་ནི་མོས་པའི་ངོ་བོ་ཉིད་དེ། མོས་པའི་ཚོར་བ་མ་ཡིན་ཡང་སེམས་ལས་བྱུང་བ་གཞན་ཞིག་སེམས་དང་མཚུངས་པར་ལྡན་ནོ་ཞེས་

ཟེར་ཏེ། ལ་ལ་ནི་དགའ་བའི་དབང་པོ་དང་མཚུངས་པར་བཤད་ལ། ལ་ལ་ནི་དགའ་བའི་དབང་པོའི་འོག་ཏུ་སྐྱེའོ་ཞེས་བཤད་པས་དེ་སྐད་དུ་བཤད་པ་དག་དང་སྦྱར་ན། དགའ་བའི་ཚོར་བ་དང་མཚུངས་པར་ལྡན་ན་ཡང་འགལ་བ་མེད་དོ། །བཏང་སྙོམས་ནི་མ་ཆགས་པའི་དགེ་བའི་རྩ་བའི་ངོ་བོ་ཉིད་དེ།

ཕུང་པོ་བཞི་དང་ཕུང་པོ་ལྔ་ཞེས་བྱ་བ་ཡང་གོང་མ་བཞིན་དུ་སྦྱར་བར་རིག་པར་བྱའོ་ཞེས་འབྱུང་ངོ་། །མཛོད་ཀྱི་བསྟན་བཅོས་ལས་ནི་རྣམ་པ་བཞི་ལས། དང་པོ་གཉིས་ཀྱིས་བདག་ཉིད་ཞེ་སྡང་མེད་པ་ཡང་། ཡང་དག་པའི་དོན་དུ་ནི་སྙིང་རྗེ་ནི་རྣམ་པར་མི་འཚེ་བ་ཡིན་པར་བརྗོད་པར་བྱའོ། །

དགའ་བ་ནི་ཚོར་བའོ། །བཏང་སྙོམས་ནི་མ་ཆགས་པའོ། །འཁོར་ནི་ཕུང་པོ་ལྔའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ཀྱང་ཚད་མེད་པ་གསུམ་ནི། མཛོད་ཀྱི་བསྟན་བཅོས་ལས་བསྟན་པ་དག་དང་མཐུན་པར་བཤད་དོ། །དགའ་བ་ནི་བྱེ་བྲག་ཏུ་

བཤད་པ་ཆེན་པོ་ལས་བསྟན་པའི་སློབ་དཔོན་ཁ་ཅིག་གིས་བཤད་པ་དང་མཐུན་པར་མོས་པའི་ངོ་བོ་ཉིད་དོ། །ཡང་ན་མ་ཆགས་པའི་ངོ་བོ་ཉིད་དོ་ཞེས་བསྟན་ཏོ། །དྲིས་ལན་དག་གིས་རྣམ་པར་དབྱེ་བ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱ་སྟེ།

เล่ม ๑๑๙ · หน้า 122b

དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དོན་གང་ལས་དགོངས་པའི་ཕྱིར། མདོ་དག་ལས། ཚད་མེད་པ་བཞི་བསྒོམས་པ་ཡང་བྱམས་པའི་མཐའ་ནི་དགེ་རྒྱས་ཀྱི་བར་དུའོ། །སྙིང་རྗེའི་མཐའ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་བར་དུའོ། །དགའ་བ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་བར་དུའོ། །བཏང་

སྙོམས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ་ཞེས་གསུངས། ཇི་ལྟར་ན་གཟུགས་ཀྱི་ཁམས་ཀྱི་ཆོས་ཀྱིས་གཟུགས་མེད་པ་འབྲས་བུ་འདྲེན་པར་བྱེད། གཞན་ཡང་བསམ་གཏན་བཞི་པོ་དག་ལ་སྙིང་རྗེ་མེད་པ་ནི་གང་ཡང་མེད་ན་ཅིའི་ཕྱིར་བྱམས་པ་བསྒོམས་པའི་མཐའ་ནི་དགེ་རྒྱས་ཁོ་ན་ཡིན་

ཞེ་ན། གཞན་ཁ་ཅིག་ནི་མདོའི་ཚིག་འདི་བྱམས་པའི་གཙོ་བོས་མཁྱེན་པ་ཡིན་ནོ་སྙམ་དུ་བསམས་ནས་དོན་འདི་འཆད་པ་ཡང་ཡོད་དོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུས་སྔོན་དོན་འདི་ཤར་མ་ཏར་ཏ་ལ་དྲིས་པ་དང་། བཙུན་པ་དེས་ཀྱང་བསམས་བཞིན་དུ་རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཕྱི་དེ་ཉིན་

པར་བཤད་པར་བྱས་པ་ལས་དེའི་ཚེ་ཀཱ་ཏྱཱ་ཡ་ནའི་བུ་ཡང་རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་མ་ཕྲད་པར་གཉི་ག་ཡང་མྱ་ངན་ལས་འདས་པས་ན། དེའི་ཕྱིར་དེང་སང་གི་བར་དུ་གང་གིས་ཀྱང་བཤད་པར་མི་ནུས་སོ་ཞེས་གྲག་གོ་ཞེའོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་འདི་སྐད་དུ་མདོ་འདི་ནི་

འདྲ་བ་ཙམ་གྱི་དབང་དུ་མཛད་ནས་གསུངས་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་བདེ་བའི་ཚོར་བའི་ཆོས་ནི་བྱམས་པ་དང་འདྲ་བ་ཡིན་ཏེ། བྱམས་པ་ནི་བདེ་བ་སྦྱིན་པ་ལྟ་བུའི་རྣམ་པར་འཇུག་པའི་ཕྱིར་དང་། བདེ་བ་ནི་དགེ་རྒྱས་ཀྱི་བར་དུ་ཕྱིན་པ་ཡིན་པས་ས་གོང་མ་དག་ལ་མེད་པའི་ཕྱིར། བྱམས་

པ་བསྒོམས་པའི་མཐའ་ནི་དགེ་རྒྱས་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །སྡུག་བསྔལ་གྱི་ཆོས་དང་མ་བྲལ་བ་གང་ཡིན་པ་དེ་ནི་སྙིང་རྗེ་དང་འདྲ་བ་ཡིན་ཏེ། སྙིང་རྗེ་ནི་སྡུག་བསྔལ་ལས་འདྲེན་པ་ལྟ་བུའི་རྣམ་པར་འཇུག་པའི་ཕྱིར་དང་། གཟུགས་ཅན་གྱི་ལུས་ནི་སྡུག་བསྔལ་རགས་པ་

སྤྱོད་པའི་རྒྱུ་བྱེད་པས། ལུས་དང་བཅས་པ་གང་ཡིན་པ་དེ་དག་ལ་ནི་མགོ་གཅད་པ་ལ་སོགས་པ་ཡོད་པའི་ཕྱིར་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ནི་ལུས་གཟུགས་ཅན་དག་ལ་ཡོངས་སུ་སྐྱོ་བ་ཡིན་པའི་ཕྱིར། སྙིང་རྗེ་བསྒོམས་པའི་མཐའ་ནི་ནམ་མཁའ་མཐའ་

เล่ม ๑๑๙ · หน้า 123a

ཡས་སྐྱེ་མཆེད་ཀྱི་བར་དུའོ་ཞེས་གསུངས་པ་ཡིན་ནོ། །ཤིན་ཏུ་སྦྱངས་པའི་བདེ་བའི་ཆོས་ནི་དགའ་བ་དང་འདྲ་བ་ཡིན་ཏེ། དགའ་བ་ནི་བདེ་བའི་རྣམ་པ་འབྱེད་པ་ལྟ་བུར་འཇུག་པའི་ཕྱིར་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཤིན་ཏུ་སྦྱངས་པའི་བདེ་བ་འཕེལ་བ་གང་ཡིན་པ་དེ་ནི་

རང་གི་རྣམ་པར་ཤེས་པ་མཐའ་མེད་པ་ལ་དམིགས་པའི་སྒོར་གྱུར་པའི་ཕྱིར་དང་། མཐའ་མེད་པའི་རྣམ་པར་ཤེས་པའི་མཚན་ཉིད་ཤིན་ཏུ་འཕེལ་བ་དང་བདེ་བར་གྱུར་པའི་ཕྱིར་དགའ་བ་བསྒོམས་པའི་མཐའ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་བར་དུའོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་སྤངས་

པའི་ཆོས་གང་ཡིན་པ་དེ་ནི་བཏང་སྙོམས་དང་འདྲ་བ་ཡིན་ཏེ། བཏང་སྙོམས་ནི་ཡོངས་སུ་སྤངས་པ་ལྟ་བུའི་རྣམ་པ་འཇུག་པའི་ཕྱིར་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ནི་ཉེར་བསྡོགས་ཀྱི་དབང་གིས་མཐའ་མེད་པ་སྤོང་བའི་རྣམ་པ་ཡོངས་སུ་རྫོགས་པའི་ཕྱིར། བཏང་སྙོམས་བསྒོམས་པའི་མཐའ་ནི་

ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བ་ནས། རྣམ་གྲངས་རྣམ་པ་གསུམ་གྱིས་རྒྱ་ཆེར་བཤད་པའི་བར་དུ་འབྱུང་བ་ཡིན་ནོ། །མདོ་སྡེ་དག་ནི་ཚད་མེད་པ་བཞི་པོ་དག་ནི་ཐམས་ཅད་ཀྱང་ཤེས་རབ་ཀྱི་ངོ་བོ་ཉིད་དོ་ཞེས་རྣམ་པར་འཇོག་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་

གྲུབ་པ་ལས། ཅི་གསུམ་པོ་འདི་དག་ཀྱང་བྱམས་པ་ཡིན་ནམ། སྨྲས་པ། བྱམས་པའི་སེམས་ཀྱི་ཁྱད་པར་རྣམ་པ་གསུམ་ཉིད་ཡིན་ཏེ། འདི་ལྟར་སེམས་མཉམ་པ་ཉིད་ཀྱིས་མཛའ་བཤེས་དང་དགྲ་བོའི་སེམས་སྤངས་ནས། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་མཉམ་པར་འཇོག་གོ། །

སྙིང་རྗེ་དང་དགའ་བ་ཡང་དེ་བཞིན་ཏེ། དེའི་ཕྱིར་ངས་སྔར་བྱམས་པའི་སེམས་སྐྱེས་པའི་བྱེ་བྲག་གིས་སྙིང་རྗེ་དང་དགའ་བ་ལ་སོགས་པ་ཚད་མེད་པ་བཞི་པོ་དག་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ་ཞེས་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ་། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། སོ་སོ་ནས་བཤད་པ་མི་མཐུན་

ཏེ། བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། ཚད་མེད་པ་རྣམ་པ་བཞི་པོ་དེ་དག་ཀུན་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཀྱི་ངོ་བོ་ཉིད་དོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས།

เล่ม ๑๑๙ · หน้า 123b

བྱམས་པ་ནི་ཞེ་སྡང་མེད་པའི་དགེ་བའི་རྩ་བའི་བདག་ཉིད་དོ། །སྙིང་རྗེ་ནི་རྣམ་པར་མི་འཚེ་བའི་དགེ་བའི་རྩ་བའི་བདག་ཉིད་དོ། །དགའ་བ་ནི་ཕྲག་དོག་མེད་པའི་དགེ་བའི་རྩ་བའི་བདག་ཉིད་དོ། །བཏང་སྙོམས་ནི་མ་ཆགས་པ་དང་ཞེ་སྡང་མེད་པའི་དགེ་བའི་རྩ་བའི་བདག་ཉིད་དེ། ཐམས་ཅད་ཀྱང་

སེམས་ཅན་ལ་སྙིང་བརྩེ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །རྣམ་པ་བཞི་པོ་དེ་དག་ལས་བྱམས་པ་ནི་ཞེ་སྡང་མེད་པ་ཁོ་ནའོ། །དེའི་འོག་མ་ཚད་མེད་པ་གཉིས་ནི་ཞེ་སྡང་མེད་པའི་ཕྱོགས་གཅིག་གོ། །བཏང་སྙོམས་ནི་མ་ཆགས་པ་དང་ཞེ་སྡང་མེད་པའི་ཕྱོགས་གཅིག་གོ །གཞན་ཡང་དེ་དག་དང་

མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་དེ་དག་གི་འཁོར་དང་བཅས་པ་གང་ཡིན་པ་དེ་དག་ཀྱང་ཚད་མེད་པ་བཞིའི་བདག་ཉིད་ཡིན་ནོ་ཞེས་འབྱུང་ངོ་། རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །

ལེའུ་འདི་ལས་སྔར་གོང་དུ་ནི་ཞི་གནས་སྔར་བསྟན་ལ་ལྷག་མཐོང་ནི་ཕྱིས་བསྟན་ན་ཅིའི་ཕྱིར་སྒོ་གོང་མ་འདི་གཉིས་ལས་སྔར་ལྷག་མཐོང་བསྟན་ལ། ཞི་གནས་ནི་ཕྱིས་བསྟན་ཞེ་ན། སྨྲས་པ། གོ་རིམས་ལ་རྣམ་པ་གཉིས་ཡོད་པས། དང་པོ་ནི་རྣལ་འབྱོར་བསྒོམ་པའི་གོ་རིམས་ཏེ། སྔར་ཞི་གནས་

བསྟན་ལ་ལྷག་མཐོང་ཕྱིས་བསྟན་པའོ། །གཉིས་པ་ནི་ཐ་སྙད་ཀྱི་གོ་རིམས་ཏེ། དོན་ངེས་པ་མེད་པས་དེའི་ཕྱིར་འདིར་ནི་ཐ་སྙད་ཀྱི་དབང་དུ་མཛད་ནས་བསྟན་པའོ། །རྣམ་གྲངས་གཞན་དུ་ན་རྣལ་འབྱོར་བསྒོམ་པ་ལ་དོན་རྣམ་པ་གཉིས་ཡོད་པས། དང་པོ་ནི་ཞི་གནས་ལ་བརྟེན་ནས་ལྷག་མཐོང་

སྐྱེའོ། །གཉིས་པ་ནི་ལྷག་མཐོང་གི་དབང་གིས་ཞི་གནས་རབ་ཏུ་འདྲེན་པ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཞི་གནས་ཀྱིས་རྟེན་བྱས་པའི་ཕྱིར་ནི་ལྷག་མཐོང་མྱུར་དུ་རྣམ་པར་དག་པར་འགྱུར་ལ། ལྷག་མཐོང་གིས་རྟེན་བྱས་པའི་ཕྱིར་ནི་ཞི་གནས་འཕེལ་ཞིང་རྒྱས་པར་འགྱུར་རོ་ཞེས་

འབྱུང་བས། དོན་དེའི་ཕྱིར་ཕན་ཚུན་འགལ་བ་མེད་དོ།། །།བམ་པོ་སུམ་ཅུ་དགུ་པ། བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས།

เล่ม ๑๑๙ · หน้า 124a

གཞན་ཡང་ཆོས་ལ་མི་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས་ན་ཞེས་བྱ་བ་འདི་མན་ཆད་ནི། དགུ་པ་ཆོས་ལ་བརྟེན་པ་དང་མི་བརྟེན་པའི་ཞི་གནས་དང་ལྷག་མཐོང་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཆོས་ལ་གནས་པ་དང་མི་

གནས་པ་བསྟན་པའི་སྒོ་དང་འདྲེས་པ་དང་མ་འདྲེས་པའི་ཆོས་ལ་དམིགས་པའི་བསྟན་པའི་སྒོ་དང་། འདྲེས་པའི་ཆོས་ལ་དམིགས་པའི་བྱེ་བྲག་བསྟན་པའི་སྒོའོ། །འདི་ནི་དང་པོ་སྟེ། འདི་ཡང་རྣམ་པ་གཉིས་སུ་དབྱེ་བས་ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །ཞུ་བ་གསོལ་བ་ཡང་རྣམ་པ་གཉིས་སུ་

དབྱེ་སྟེ། བརྟེན་པའི་མཚན་ཉིད་སྨོས་པ་དང་བསྟན་པ་ཉིད་ལ་བརྟེན་ནས་ཞུ་བ་གསོལ་བ་སྟེ། འདི་ནི་དང་པོའོ། །ཇི་ལྟར་ན་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས། ཇི་ལྟར་ན་ཆོས་ལ་མི་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས་ཞེས་བྱ་བ་ནི་གཉིས་པ་བསྟན་

པ་ཉིད་ལ་བརྟེན་ནས་ཞུ་བ་གསོལ་བ་སྟེ། ཞུ་བ་གསོལ་བ་ལ་དགོངས་པ་རྣམ་པ་གཉིས་ཡོད་པ་ནི་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་གིས་སྔར་ཡོངས་སུ་བཟུང་བ་དང་།

བསམས་པའི་ཆོས་ཀྱི་མཚན་མའི་དོན་དག་ལ་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པ་དེ་ནི་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ།

ཞུས་པ་བཞིན་དུ་ཡང་དག་པར་བཤད་པ་དང་། ཆོས་ལ་བརྟེན་ནས་ཞེས་བྱ་བ་མན་ཆད་ཀྱིས་དང་། དད་པ་ལ་བརྩམས་ནས་ཆོས་ལ་གནས་པ་དང་མི་གནས་པ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཆོས་ལ་གནས་པ་བསྟན་པ་དང་། ཆོས་ལ་མི་གནས་པ་བསྟན་པའོ། །འདི་ནི་ཆོས་ལ་གནས་

པ་བསྟན་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྔར་ཐོས་པའི་ཤེས་རབ་ཀྱིས་ཡོངས་སུ་བཟུང་བ་དང་། བསམས་པའི་ཤེས་རབ་ཀྱིས་བསམས་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་པོ་དག་གི་དོན་ལ་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པ་དེ་ཉིད་ལ་ཆོས་ལ་གནས་པའི་ཞི་གནས་

เล่ม ๑๑๙ · หน้า 124b

དང་ལྷག་མཐོང་ཞེས་བཤད་པའོ། །བྱང་ཆུབ་སེམས་དཔའ་གང་གིས་ཡོངས་སུ་བཟུང་བ་དང་། བསམས་པའི་ཆོས་ཀྱི་མཚན་མ་ལ་མི་ལྟོས་པར་གཞན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ལ་བརྟེན་ནས། དེ་དག་གི་དོན་ལ་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་

པས་ནི་གཉིས་པ་ཆོས་ལ་མི་གནས་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་བསྟན་པ་དང་། རྒྱ་ཆེར་རྣམ་པར་བཤད་པ་དང་སྤྱིའི་མཇུག་བསྡུ་བའོ། །འདི་ནི་དང་པོ་མདོར་བསྟན་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་བརྟུལ་བའི་ཕྱིར་ཡོངས་སུ་བཟུང་བ་དང་བསམས་

པའི་ཆོས་ཀྱི་དོན་ལ་མི་ལྟོས་པར། གཞན་གྱིས་བསྟན་པའི་དབང་གིས་དེ་དག་གི་དོན་ལ་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པའོ། །འདི་ལྟ་སྟེ། རྣམ་པར་བསྔོས་པ་འམ། རྣམ་པར་རྣགས་པ་ལ་སོགས་པ་ལ་སོ་སོར་རྟོག་པ་འམ། འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པ་ཞེས་བྱ་བ་འམ། འདུ་བྱེད་

རྣམས་སྡུག་བསྔལ་ཞེས་བྱ་བ་འམ། ཆོས་ཐམས་ཅད་ལ་བདག་མེད་པ་ཞེས་བྱ་བ་འམ། མྱ་ངན་ལས་འདས་པ་ནི་གཏན་དུ་ཞི་བ་ཞེས་བྱ་བ་ནི་གཉིས་པ་རྒྱ་ཆེར་བཤད་པ་སྟེ། རྗེས་སུ་བསྟན་པའི་མཐུས་དམིགས་པ་ཡོངས་སུ་དག་པ་རྣམ་པ་ལྔ་པོ་དག་ལས་མི་གཙང་བ་ཉིད་དུ་བསྒོམ་པ་ལ་སོ་སོར་རྟོག་

པ་འདི་ལྟ་སྟེ། རྣམ་པར་བསྔོས་པ་དང་རྣམ་པར་རྣགས་པ་ལ་སོགས་པའོ། །སྩོགས་པ་ཞེས་བྱ་བས་ནི་བྱམས་པ་བསྒོམ་པའི་ཡུལ་ནས་དེ་བཞིན་དུ་བྱེ་བྲག་གི་མཚན་ཉིད་དྲན་པ་ཉེ་བར་གཞག་པའི་དམིགས་པའི་ཡུལ་རྣམས་བསྡུ་བའོ། །འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཞེས་བྱ་བ་ནས་བདག་མེད་པ་ཞེས་

བྱ་བའི་བར་གྱིས་ནི་སྤྱིའི་མཚན་ཉིད་ཀྱི་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །གོང་དུ་བསྟན་པའི་རྣལ་འབྱོར་དེ་དག་ནི་དྲན་པ་ཉེ་བར་གཞག་པ་དམིགས་པའི་ཡུལ་ལས་མི་རྟག་པ་ནས་བདག་མེད་པ་ལ་སོགས་པར་སོ་སོར་རྟོག་པ་གང་ཡིན་པ་དེ་དག་ནི་སྤྱིའི་མཚན་ཉིད་ཀྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་

བཞིན་དུ་ཟག་པ་མེད་པའི་རྣལ་འབྱོར་གྱིས་སྡུག་བསྔལ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་བར་དུ་འམ། ཡང་ན་མི་སློབ་པའི་གནས་སྐབས་ཀྱི་མྱ་ངན་ལས་འདས་པ་ལ་ཞི་བའོ་ཞེས་སོ་སོར་རྟོག་པའོ། །ཡང་ན་རྣམ་པར་བསྔོས་པ་ཞེས་བྱ་བ་ལ་སོགས་པ་ནི་མི་གཙང་བ་ཉིད་དུ་བསྒོམ་པའི་རྣལ་

เล่ม ๑๑๙ · หน้า 125a

འབྱོར་ལས། འདུ་ཤེས་རྣམ་པ་དགུའི་རྣལ་འབྱོར་ཏེ། འདུ་ཤེས་རྣམ་པ་དགུའི་རྣལ་འབྱོར་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་རྒྱ་ཆེར་སྟོན་ཏོ། །འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ལ་སོགས་པར་བསྒོམ་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཕྱག་རྒྱ་ཡིན་ཏེ། ཆོས་

ཀྱི་མཚན་ཉིད་ངེས་པ་ཉིད་དུ་རྟོག་ཅིང་རྣམ་པར་འགྱུར་བ་མེད་པའི་དོན་གྱིས་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་ལས། ཆོས་ཀྱི་ཕྱག་རྒྱ་བཞི་ནི་འདུ་བྱེད་ཐམས་ཅད་མི་རྟག་པའི་ཕྱག་རྒྱ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བའི་ཕྱག་རྒྱ་དང་། ཆོས་ཐམས་ཅད་བདག་

མེད་པའི་ཕྱག་རྒྱ་དང་། མྱ་ངན་ལས་འདས་པ་ནི་ཞི་བ་ཞེས་བྱ་བའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཆོས་ཀྱི་ཕྱག་རྒྱ་བཞི་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྡུས་ནས་སྦྱིན་པར་བྱེད་པ་ཞེས་བྱ་བའི་མདོ་ལས་ནི་ཆོས་ཀྱི་མདོ་བཞི་ཞེས་འབྱུང་སྟེ། དེ་ནི་མདོར་བསྟན་པའི་མཚན་ཉིད་དེ་

ཇི་སྐད་དུ་མི་རྟག་པ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་མདོར་བསྡུས་པའི་མཚན་ཉིད་དོ། །སྡུག་བསྔལ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་མདོར་བསྟན་པའི་མཚན་ཉིད་དོ། །བདག་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མདོར་བསྟན་པའི་མཚན་ཉིད་དོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ནི་

འདུས་མ་བྱས་མདོར་བསྟན་པའི་མཚན་ཉིད་དོ་ཞེས་བསྟན་པ་ལྟ་བུའོ། །བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི། ཆོས་ཀྱི་ཕྱག་རྒྱ་གསུམ་ཞེས་འབྱུང་སྟེ། སྡུག་བསྔལ་གྱི་ཕྱག་རྒྱ་བསྟན་པས་སོ། །ཆོས་ཀྱི་མདོ་བཞིའི་དོན་རྒྱ་ཆེར་རྣམ་པར་འབྱེད་

པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་དང་། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པ་དང་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལྟ་བུ་དང་མཐུན་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་ལ་མི་གནས་པའི་ཞི་གནས་

དང་ལྷག་མཐོང་ཞེས་བྱའོ་ཞེས་བྱ་བ་ནི་གསུམ་པ་སྤྱིའི་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དེ། ཆོས་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཐོབ་པའི་ཕྱིར། ངས་ཆོས་ཀྱི་རྗེས་སུ་འབྲང་བའི་བྱང་ཆུབ་སེམས་དཔའ་ནི་དབང་པོ་རྣོན་པོ་ཉིད་དུ་འདོགས་སོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཆོས་དང་

เล่ม ๑๑๙ · หน้า 125b

དད་པ་ལས་བརྩམས་ནས་ཆོས་ལ་གནས་པ་དང་མི་གནས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཆོས་ལ་བརྟེན་པ་རྣམ་པར་བཤད་པ་དང་། ཆོས་ལ་མི་བརྟེན་པ་རྣམ་པར་བཤད་པའོ། །འདི་ནི་དང་པོ་སྟེ་འདི་ལྟར་ཆོས་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པ་དེ་ནི་དབང་པོ་རྣོ་བའི་

ཕྱིར་དེ་བཞིན་གཤེགས་པས་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་སྟོན་པར་མཛད་པས་སོ། །ཆོས་ལ་མི་བརྟེན་པར་ཞི་གནས་དང་ལྷག་མཐོང་ཐོབ་པའི་ཕྱིར། ངས་དད་པས་རྗེས་སུ་འབྲང་བའི་བྱང་ཆུབ་སེམས་དཔའ་ནི་དབང་པོ་རྟུལ་པོ་ཉིད་དུ་འདོགས་སོ་ཞེས་བྱ་བ་ནི་གཉིས་པ་ཆོས་ལ་མི་བརྟེན་པ་རྣམ་པར་

བཤད་པ་སྟེ། གཞན་དག་གི་རྗེས་སུ་བསྟན་པ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཐོབ་པ་གང་ཡིན་པ་དེ་ནི་དབང་པོ་རྟུལ་བའི་ཕྱིར་དེ་བཞིན་གཤེགས་པས་དད་པས་རྗེས་སུ་འབྲང་བ་ཞེས་སྟོན་པར་མཛད་པས་སོ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས། ཐམས་

ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་འདི་སྐད་དུ་མདོ་ལས། གང་ཟག་ནི་རྣམ་པ་བདུན་ཡོད་དོ། དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དང་དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་

པར་གྲོལ་བའོ་ཞེས་གསུངས་ཏེ། མཐོང་བའི་ལམ་གྱི་གནས་སྐབས་ལ་གནས་པ་དབང་པོ་རྟུལ་པོ་གང་ཡིན་པ་དེ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །བསྒོམ་པའི་ལམ་གྱི་གནས་སྐབས་ལ་གནས་པ་དབང་པོ་རྟུལ་པོ་གང་ཡིན་པ་དེ་ནི་

དད་པས་མོས་པ་ཞེས་བྱའོ། །དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་མཐོང་བས་ཐོབ་པ་ཞེས་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་གང་ཡིན་པ་དེ་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །མི་སློབ་པའི་གནས་སྐབས་སུ་འགོག་པའི་སྙོམས་པར་འཇུག་པ་ད་དུང་མ་མཐོང་བ་གང་ཡིན་པ་དེ་ནི་ཤེས་

རབ་ཀྱིས་རྣམ་པར་གྲོལ་བ་ཞེས་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་གང་ཡིན་པ་དེ་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱའོ་ཞེས་ཟེར་ཏེ། ཞིབ་ཏུ་ནི་བསྟན་བཅོས་རྣམས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །མདོ་སྡེ་པའི་གཞུང་གིས་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་

เล่ม ๑๑๙ · หน้า 126a

ནི་མཐོང་བའི་ལམ་གྱི་མདུན་རོལ་པའོ། །མཐོང་བའི་ལམ་ལ་གནས་པ་གང་ཡིན་པ་དེ་ནི་མཚན་མ་མེད་པར་སྤྱོད་པ་ཅན་ཞེས་ཟེར་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས། རྒྱུན་དུ་ཞུགས་པའི་རྗེས་སུ་འབྲང་བའི་གང་ཟག་ནི་རྣམ་པ་གསུམ་ཡོད་དེ། དད་པས་རྗེས་སུ་

འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དང་མཚན་མ་མེད་པར་སྤྱོད་པ་ཅན་ནོ། །དེ་ལ་དད་པས་རྗེས་སུ་འབྲང་བ་ནི་གང་ཟག་གིས་སྟོང་པ་དང་། བདག་མེད་པའི་ཤེས་པ་མ་ཐོབ་པ་གང་ཡིན་པ་སྟེ། སངས་རྒྱས་ཀྱི་གསུང་ལ་མངོན་པར་ཡིད་ཆེས་པའི་ཕྱིར་དང་། སངས་རྒྱས་ཀྱི་གསུང་གི་རྗེས་སུ་འབྲང་

བའི་ཕྱིར་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་གང་ཟག་དེ་བདག་མེད་པའི་ཤེས་པ་ཐོབ་ནས་དགེ་བའི་རྩ་བ་བཞི་ལ་གནས་ཤིང་། ཆོས་ཀྱི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །རྗེས་སུ་འབྲང་བའི་གང་ཟག་འདི་གཉིས་མཐོང་བའི་

ལམ་ལ་ཞུགས་ནས། འགོག་པའི་བདེན་པ་མཐོང་བའི་ཕྱིར་མཚན་མ་མེད་པར་སྤྱོད་པ་ཅན་ཞེས་བྱའོ་ཞེས་འབྱུང་སྟེ། བཤད་པ་འདི་དང་སྦྱར་ན་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ནི་མཐོང་བའི་ལམ་གྱི་མདུན་རོལ་པ་ཡིན་པར་མངོན་ནོ། །འདིར་ཐེག་པ་ཆེན་པོ་པའི་བསྟན་པ་དང་སྦྱར་ན་ཡང་སོ་

སོ་ནས་བཤད་པ་མི་མཐུན་པས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་མཐོང་བའི་ལམ་གྱི་སེམས་བཅོ་ལྔ་པོ་དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །དབང་པོ་རྟུལ་པོ་གང་ཡིན་པ་དེ་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །གང་ཟག་གཉིས་པོ་དེ་

ཉིད་ལ་མཚན་མ་མེད་པར་སྤྱོད་པ་ཅན་ཞེས་ཀྱང་བྱའོ་ཞེས་བཤད་དོ། །བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ནི་ཚོགས་ཀྱི་ལམ་དང་མཐོང་བའི་ལམ་ལ་གནས་པ། སེམས་བཅོ་ལྔ་པ་དབང་པོ་རྟུལ་པོ་གང་ཡིན་པ་དེ་ནི་དད་པའི་རྗེས་སུ་

འབྲང་བ་ཞེས་བྱའོ། །དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །སེམས་བཅུ་དྲུག་པ་ལས་གནས་པ་དེ་ཉིད་ནི་མཐོང་བས་ཐོབ་པ་ཞེས་ཀྱང་བྱའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དད་པས་རྗེས་སུ་འབྲང་བ་ནི་འདི་ལྟ་སྟེ། ཚོགས་བསགས་པ་དབང་པོ་རྟུལ་

เล่ม ๑๑๙ · หน้า 126b

པོ་ཕ་རོལ་གྱིས་བསྟན་པའི་རྗེས་སུ་འབྲང་བ་ནས། བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་འདི་ལྟ་སྟེ། གང་ཚོགས་བསགས་པ་དབང་པོ་རྣོན་པོ་བདག་ཉིད་ཀྱིས་བདེན་པའི་དབང་དུ་བྱ་བའི་ཆོས་ཀྱི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྫོགས་པར་བྱ་བའི་ཕྱིར་སྦྱོར་

བའོ། །དད་པས་མོས་པ་ནི་འདི་ལྟ་སྟེ། དད་པའི་རྗེས་སུ་འབྲང་བ་གང་ཟག་གང་འབྲས་བུའི་གནས་སུ་ཕྱིན་པའི་དུས་ནའོ། །མཐོང་བས་ཐོབ་པ་ནི་འདི་ལྟ་སྟེ། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་འབྲས་བུའི་གནས་སུ་ཕྱིན་པའི་དུས་ནའོ་ཞེས་འབྱུང་སྟེ། འབྲས་བུའི་གནས་སྐབས་ལ་དད་པས་མོས་པ་དང་མཐོང་

བས་ཐོབ་པ་ཞེས་བྱ་བས་དེའི་ཕྱིར་མཐོང་བའི་ལམ་ལ་གནས་པ་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་པའི་གནས་སྐབས་གང་ཡིན་པ་དེ་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་པར་རིག་པར་བྱའོ། །བསྟན་བཅོས་རྣམ་པར་བཤད་པ་དང་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་

པའི་ས་ལས་མཐོང་བའི་ལམ་གྱི་མདུན་རོལ་པ་གང་ཡིན་པ་དེ་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །མཐོང་བའི་ལམ་ལ་གནས་པ་གང་ཡིན་པ་དེ་ནི་མཚན་མ་མེད་པར་སྤྱོད་པ་ཅན་ཞེས་བྱའོ་ཞེས་བསྟན་པ་ཡང་འགལ་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པར་སྤྱོད་པ་ཅན་གྱི་གང་ཟག་དང་། དད་

པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གཉིས་ཀྱང་མཐོང་བའི་ལམ་གྱི་མདུན་རོལ་པ་ཞེས་བསྟན་ན་ནི་འགལ་བར་འགྱུར་རོ། །གལ་ཏེ་དེ་སྐད་མི་སྟོན་ན་ན་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ཡང་མཐོང་བའི་ལམ་དུ་གཏོགས་སོ། །བྱང་ཆུབ་སེམས་དཔའ་ནི་ངེས་པར་བསྟན་པའི་གསུང་རབ་མེད་དེ། དོན་

གྱིས་སའི་མདུན་རོལ་པ་དང་ས་ལ་གནས་པ་དག་དང་སྦྱར་བར་བཤད་ན་ཡང་འགལ་བ་མེད་དེ། ཡང་དད་པས་མོས་པ་ལ་སོགས་པ་ལོགས་ཤིག་ན་རྣམ་པར་གཞག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་

སྐད་དུ་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས། གཞན་ཡང་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་འདྲེས་པ་དང་མ་འདྲེས་པའི་ཆོས་ལ་དམིགས་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་

เล่ม ๑๑๙ · หน้า 127a

ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །ཞུ་བ་གསོལ་བ་ཡང་རྣམ་པ་གཉིས་ཏེ། ཞུ་བ་གླེང་བའི་གནས་བསྟན་པ་དང་བསྟན་པ་བཞིན་དུ་ཞུ་བ་གསོལ་བ་སྟེ། འདི་ནི་དང་པོའོ། །ཇི་ལྟར་ན་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་

དང་ལྷག་མཐོང་ཞེས་བགྱི་བ་ལགས། ཇི་ལྟར་ན་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་བ་ལགས་ཞེས་བྱ་བ་ནི་གཉིས་པ་བསྟན་པ་བཞིན་དུ་ཞུ་བ་གསོལ་བ་སྟེ། ཞུ་བ་གསོལ་བ་ལ་དགོངས་པ་རྣམ་པ་གཉིས་ཡོད་པ་ནི་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་

འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་གིས་མདོའི་སྡེ་ལ་སོགས་པའི་ཆོས་ཇི་ལྟར་གཟུང་བ་དང་། བསམས་པའི་ཆོས་ལ་སོ་སོར་དམིགས་ཤིང་། ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་མ་འདྲེས་པའི་ཆོས་ལ་

དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མ་འདྲེས་པ་དམིགས་པའི་ལན་གསུངས་པ་དང་། མ་འདྲེས་པ་ལ་དམིགས་པ་བསྟན་པ་སྟེ། འདི་ནི་

དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་བཤད་པ་དང་མཇུག་བསྡུ་བའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མ་འདྲེས་པ་ལ་དམིགས་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྟན་པ་དག་སོ་སོ་ནས་ཐ་དད་པའི་ཕྱིར། སོ་

སོར་མ་འདྲེས་པ་ཞེས་བྱའི་སྡེ་རེ་རེ་ལ་སོ་སོ་ནས་རྣམ་པ་མང་བའི་ཕྱིར་མ་འདྲེས་པ་ཞེས་བྱ་བ་ནི་མ་ཡིན་ནོ། །མདོའི་སྡེ་ལ་སོགས་པའི་ཆོས་ཞེས་བྱ་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ་སོའི་ཡུལ་གྱི་བདག་ཉིད་མ་འདྲེས་པ་བསྟན་ཏོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་མ་འདྲེས་པའམ་འདྲེས་

པས་སྡེ་རེ་རེ་ལ་དམིགས་པ་གང་ཡིན་པ་དེ་ནི་མ་འདྲེས་པ་ལ་དམིགས་པ་ཞེས་བྱའོ། །བཤད་པ་འདི་དང་སྦྱར་ན་འདྲེས་པ་ཕྱི་མ་གསུམ་ལས་དང་པོ་འདྲེས་པ་ཆུང་ངུ་ཡང་འདིའི་ནང་དུ་བསྡུས་པར་འགྱུར་རོ། །ཁ་ཅིག་ན་རེ་སོ་སོར་མ་འདྲེས་པ་ལ་དམིགས་པ་ཞེས་བྱ་བ་ནི་སྡེ་རེ་རེ་ལ་ཡང་སོ་སོ་ནས་རྣམ་པ་མང་པོ་ཡོད་

เล่ม ๑๑๙ · หน้า 127b

པ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་པོ་དག་སོ་སོ་ནས་ཐ་དད་པའི་དོན་དང་ལྡན་པའི་ཕྱིར་མ་འདྲེས་པ་ཞེས་བྱའི། ཡན་ལག་བཅུ་གཉིས་ཀྱི་མིང་ཐ་དད་པ་ལ་མ་འདྲེས་པ་ཞེས་བྱ་བ་ནི་མ་ཡིན་ནོ། །མདོ་སྡེ་ལ་སོགས་པའི་ཆོས་ཞེས་བྱ་བས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ་སོའི་མ་འདྲེས་

པའི་ཡུལ་བསྟན་ཏོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་དོན་རྣམ་པ་གཉིས་དང་ལྡན་ན་གདོད་མ་འདྲེས་པ་ལ་དམིགས་པ་ཞེས་བྱ་སྟེ། སྡེ་ཐ་དད་པ་དང་། རྣམ་པ་ཐ་དད་པའོ། །བཤད་པ་འདི་དང་སྦྱར་ན་མ་འདྲེས་པ་ལ་དམིགས་པ་འདིར་ནི་འདྲེས་པ་ཆུང་ངུ་མི་བསྡུ་སྟེ། དེ་ནི་འདི་སྐད་དུ། མདོའི་

སྡེ་ལ་སོགས་པའི་ཆོས་སོ་སོར་མ་འདྲེས་པ་ལ་དམིགས་པས་སྔར་བསྟན་པའི་ཐོས་པའི་ཤེས་རབ་ཀྱིས་ཡོངས་སུ་བཟུང་བ་དང་། བསམས་པའི་ཤེས་རབ་ཀྱིས་བསམས་པའི་ཚིག་དང་དོན་གྱི་ཆོས་དག་ལ་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་མ་འདྲེས་པ་ལ་དམིགས་པའོ་

ཞེས་བསྟན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་གིས་མདོ་སྡེ་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་ཤིང་། གཅིག་ཏུ་བཟླུམ་པ་དང་། གཅིག་ཏུ་བསྡུ་བ་དང་། གཅིག་ཏུ་བརྟུལ་བ་དང་། ཕུང་པོ་གཅིག་ཏུ་བྱས་ནས་འདི་སྙམ་དུ་ཡིད་ལ་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་

འདྲེས་པ་ལ་དམིགས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་རྣམ་པར་བཤད་པ་དང་མཇུག་བསྡུ་བའོ། །རྣམ་པར་བཤད་པ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མ་འདྲེས་པ་འདྲེས་པར་བསྡུ་བའི་ཡིད་ལ་བྱེད་པ་བསྟན་པ་དང་། ཡིད་ལ་བྱེད་པའི་མཚན་ཉིད་བསྟན་པ་དང་། ཞི་གནས་དང་ལྷག་མཐོང་

བསྒོམ་པའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོའོ། མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོའི་སྡེ་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་ཤིང་། གཅིག་ཏུ་བཟླུམ་པ་ཞེས་བྱ་བ་ལ་སོགས་པས་ནི་གསུང་རབ་ཡན་ལག་བཅུ་གཉིས་སྤྱིར་གཅིག་ཏུ་ཟླུམ་པར་བྱེད་

པས། དེའི་ཕྱིར་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། རྣམ་པ་བཅུ་གཉིས་དང་ལྡན་ན་གདོད་ཐམས་ཅད་བྱ་བའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཐམས་ཅད་ཅེས་བྱ་བ་ནི་དོན་རྣམ་པ་གསུམ་དང་ལྡན་ཏེ། དང་པོ་ནི་གསུང་རབ་ཡན་ལག་རེ་རེ་ལ་ཡང་རྣམ་པ་མང་པོ་ཡོད་པའི་ཕྱིར་ཐམས་ཅད་ཅེས་གསུངས་སོ། །

เล่ม ๑๑๙ · หน้า 128a

གཉིས་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་བསྡུས་ནས་གཅིག་ཏུ་བཟླུམས་པའི་ཕྱིར་ཐམས་ཅད་ཅེས་གསུངས་སོ། །གསུམ་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྟན་པ་མེད་པ་རྣམས་བསྡུས་པའི་ཕྱིར་ཐམས་ཅད་ཅེས་གསུངས་ཏེ། དེའི་ཕྱིར་འོག་ནས་མདོ་ལས་འདྲེས་པ་འདི་ཉིད་

ལས་རྣམ་པ་གསུམ་དུ་ཕྱེ་ནས་བསྟན་པ་འདི་ལྟ་སྟེ། འདྲེས་པ་ཆུང་ངུ་ལ་སོགས་པའོ་ཞེས་ཟེར་ཏེ། དེ་ལྟར་བཤད་པ་རྣམ་པ་གཉིས་ཡོད་ཀྱང་བཤད་པ་ནི་ཕྱི་མ་ཡང་དག་པ་ཡིན་ཏེ། ཚིག་དང་དོན་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལ་བཟླུམ་པ་དང་བསྡུ་བ་དང་བརྟུལ་བ་དང་། ཕུང་པོ་ཞེས་བྱ་བ་ཡང་དོན་

ནི་གཅིག་ལ་མིང་ཐ་དད་པར་གྱུར་པའོ། །དེ་ནི་འདི་སྐད་དུ་མདོའི་སྡེ་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་ཤིང་། གཅིག་ཏུ་བཟླུམ་པ་ལ་ཡང་དག་པའི་ཤེས་པ་ཉིད་དུ་བསམས་ནས་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་

མཐོང་ཞེས་བྱའོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། ཅིའི་ཕྱིར་ཡང་རྣམ་པར་རིག་པ་ཙམ་དེ་ལ་འཇུག་ཅེ་ན། འདྲེས་པའི་ཆོས་ལ་དམིགས་པའང་འཇིག་རྟེན་ལས་འདས་པའི་ཞི་གནས་དང་ལྷག་མཐོང་གིས་ཤེས་པའི་ཕྱིར་རོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་

པ་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། འདྲེས་པའི་ཆོས་ལ་དམིགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་འདྲེས་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་དེ་བཞིན་ཉིད་ཡུལ་དུ་གྱུར་པ་ལ་དམིགས་པ་སྟེ། ཐེག་པ་ཆེན་པོའི་བསྟན་པ་ལས་བསྟན་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བྱེད་པའི་ཕྱིར་དེ་བཞིན་ཉིད་ལ་

དམིགས་པའི་ཚེ། དེ་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པ་ཡིན་པས། ཆོས་ཐམས་ཅད་ལ་དམིགས་པ་ཉིད་དེ་བཞིན་ཉིད་ལ་དམིགས་པ་ཡིན་ནོ་ཞེས་འབྱུང་ངོ་། །ཆོས་འདི་དག་ཐམས་ཅད་ནི་དེ་བཞིན་ཉིད་ལ་གཞོལ་བ་དེ་བཞིན་ཉིད་ལ་འབབ་པ། དེ་བཞིན་ཉིད་ལ་བབ་པ་ཞེས་བྱ་བ་ལ་

སོགས་པས་ནི། གཉིས་པ་ཡིད་ལ་བྱེད་པའི་མཚན་ཉིད་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། བསྟན་པ་ལ་ནུས་པ་ཁྱད་པར་ཅན་རྣམ་པ་གསུམ་ཡོད་པར་ཡིད་ལ་བྱེད་པ་བསྟན་པ་དང་འཕགས་པའི་བསྟན་པས་དགེ་བའི་ཆོས་མངོན་པར་བརྗོད་པར་འགྱུར་བའི་ཡིད་ལ་བྱེད་པ་བསྟན་པའོ། །དང་པོ་ཡང་

เล่ม ๑๑๙ · หน้า 128b

རྣམ་པ་གཉིས་ཏེ། དེ་བཞིན་ཉིད་ཀྱི་ཚུལ་ལས་བརྩམས་ནས་ནུས་པ་རྣམ་པ་གསུམ་ཡིད་ལ་བྱེད་པར་བསྟན་པ་དང་། བྱང་ཆུབ་ལ་སོགས་པ་ལས་བརྩམས་ནས་ནུས་པ་རྣམ་པ་གསུམ་ཡིད་ལ་བྱེད་པ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་འདི་སྙམ་དུ་ཡིད་ལ་བྱེད་དེ།

གསུང་རབ་ཡན་ལག་བཅུ་གཉིས་པོ་དག་ལ་ནུས་པ་རྣམ་པ་གསུམ་ཡོད་དེ། དེ་བཞིན་ཉིད་ལ་གཞོལ་བ་དང་། དེ་བཞིན་ཉིད་ལ་འབབ་པ་དང་། དེ་བཞིན་ཉིད་ལ་བབ་པའོ་སྙམ་པ་སྟེ། འཕགས་པའི་བསྟན་པ་དེ་དག་ཡང་དག་པའི་རིགས་པའི་རྗེས་སུ་གཞོལ་བའི་ཕྱིར་དང་། ཡང་དག་པའི་རིགས་

པའི་རྗེས་སུ་འབབ་པའི་ཕྱིར་དང་། ཡང་དག་པའི་རིགས་པའི་རྗེས་སུ་འཇུག་པའི་ཕྱིར་རོ། །བཤད་པའི་རྣམ་གྲངས་གཞན་དུ་ན་འཕགས་པའི་གསུང་རབ་ཀྱི་དབང་གིས་ཤེས་རབ་རྣམ་པ་གསུམ་ཐོབ་པར་འགྱུར་ཏེ། ཐོས་པའི་ཤེས་རབ་ཀྱིས་ནི་གཞོལ་བར་བྱེད་དོ། །བསམས་པའི་ཤེས་

རབ་ཀྱིས་ནི་འབབ་པར་བྱེད་དོ། །བསྒོམས་པའི་ཤེས་རབ་ཀྱིས་ནི་བབ་པར་བྱེད་དོ། །གཞན་ཡང་འཕགས་པའི་གསུང་རབ་ཀྱི་དབང་གིས་སྦྱོར་བ་རྣམ་པ་གསུམ་ཐོབ་པར་འགྱུར་ཏེ། དེ་ལ་གཞོལ་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་ཡུན་རིང་པོ་ནས་སྦྱོར་བའོ། །འབབ་པ་ཞེས་བྱ་བ་ནི་ཉེ་བའི་སྦྱོར་

བའོ། །བབ་པ་ཞེས་བྱ་བ་ནི་ཐ་མའི་སྦྱོར་བའོ། །ཚིག་འདི་གསུམ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་དྲན་པ་ཉེ་བར་གཞག་པའི་སྒོ་དང་། བསམ་གཏན་དང་ཏིང་ངེ་འཛིན་ལས་བརྩམས་ནས་སྟོན་ཏོ། །བྱང་ཆུབ་ལ་གཞོལ་བ་མྱ་ངན་ལས་འདས་པ་ལ་གཞོལ་བ་གནས་གྱུར་

པ་གཞོལ་བ། དེ་དག་ལ་འབབ་པ་དེ་དག་ལ་བབ་པ་དག་སྟེ་ཞེས་བྱ་བ་ནི་གཉིས་པ་བྱང་ཆུབ་ལ་སོགས་པ་ལས་བརྩམས་ནས་ནུས་པ་རྣམ་པ་གསུམ་ཡིད་ལ་བྱེད་པར་བསྟན་པའོ། །མཚན་ཉིད་འདི་གསུམ་ནི་གནས་གསུམ་དུ་འཇུག་སྟེ། བྱང་ཆུབ་དང་། མྱ་ངན་ལས་འདས་པ་དང་། གནས་

གྱུར་པའོ། །གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་དག་ལ་ལྟོས་ན། ཐམས་ཅད་ལ་ཡང་གཞོལ་བ་དང་འབབ་པ་དང་བབ་པའི་ནུས་པ་ཁྱད་པར་ཅན་རྣམ་པ་གསུམ་ཡོད་དེ། གོང་མ་བཞིན་དུ་རིག་པར་བྱའོ། །མྱ་ངན་ལས་འདས་པ་དང་གནས་གྱུར་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། མྱ་ངན་

เล่ม ๑๑๙ · หน้า 129a

ལས་འདས་པ་ནི་དེ་བཞིན་ཉིད་སྒྲིབ་པ་གཉིས་དང་བྲལ་བའི་དོན་ལ་བརྟེན་ནས་བསྟན་པ་ཡིན་ལ་གནས་གྱུར་པ་ནི་བྱང་ཆུབ་དང་མྱ་ངན་ལས་འདས་པ་གཉི་ག་ཡང་བསྡུས་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། གནས་ངན་ལེན་

སྤངས་པའི་ཕྱིར་གནས་གྱུར་པ་ཐོབ་པ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་ཆོས་སྐྱོང་གིས་བཤད་པ་ལས་ཀྱང་བྱང་ཆུབ་དང་མྱ་ངན་ལས་འདས་པའི་གནས་གྱུར་པ་རྣམ་པ་གཉིས་ཐོབ་པར་འགྱུར་རོ་ཞེས་བཤད་དོ། །གཞན་ཡང་བྱང་ཆུབ་ནི་འདུས་བྱས་པའི་འབྲས་བུའོ། །མྱ་ངན་ལས་འདས་པ་ནི་

འདུས་མ་བྱས་པའི་འབྲས་བུའོ། །གནས་གྱུར་པ་ནི་ཆོས་ཀྱི་སྐུའི་འབྲས་བུའོ། །ཆོས་འདི་དག་ཐམས་ཅད་ནི་དགེ་བའི་ཆོས་དཔག་ཏུ་མེད་པ་གྲངས་མེད་པ་དག་མངོན་པར་བརྗོད་པ་ཡིན་ནོ་སྙམ་དུ་ཞེས་བྱ་བ་ནི་གཉིས་པ་འཕགས་པ་བསྟན་པས་དགེ་བའི་ཆོས་མངོན་པར་བརྗོད་པར་འགྱུར་བར་ཡིད་ལ་བྱེད་

པ་བསྟན་པའོ། །ཡང་དག་པའི་དོན་དུ་ནི་འཕགས་པའི་བསྟན་པ་རྣམས་ངོ་བོ་ཉིད་ཡོངས་སུ་རྫོགས་པར་སྟོན་པ་ཡིན་མོད་ཀྱི། ཞི་གནས་དང་ལྷག་མཐོང་ཡིད་ལ་བྱེད་ཅིང་བསྒོམ་པ་ཡོངས་སུ་བསྟན་པར་བཞེད་པའི་ཕྱིར་ཕྱོགས་གཅིག་ཏུ་དགེ་བ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་སེམས་ཤིང་ཞི་གནས་དང་

ལྷག་མཐོང་སྒོམ་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནི་གསུམ་པ་ཞི་གནས་དང་ལྷག་མཐོང་སྒོམ་པའི་མཇུག་བསྡུ་བའོ། །དེ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་འདྲེས་པའི་ཆོས་ལ་དམིགས་པ་བཤད་པ་མཇུག་བསྡུ་བ་སྟེ། མདོ་ཉིད་

ཀྱིས་བརྡ་ཕྲད་པར་ཟད་དོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས། འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་

པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས། འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་ཀྱང་གསུངས་ན་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་འདྲེས་པའི་ཆོས་ལ་དམིགས་པའི་བྱེ་བྲག་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་

เล่ม ๑๑๙ · หน้า 129b

དབྱེ་སྟེ། འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ལ་སོགས་པའི་བྱེ་བྲག་བསྟན་པའི་སྒོ་དང་འདྲེས་པའི་ཆོས་ལ་དམིགས་པ་རྐྱེན་དང་ལྡན་པར་རབ་ཏུ་བསྟན་པའི་སྒོ་དང་རྟོགས་པ་དང་ཐོབ་པའི་གནས་སྐབས་རྣམ་པར་འབྱེད་པའི་སྒོ་སྟེ་འདི་ནི་དང་པོའོ། །དང་པོ་ཡང་རྣམ་པ་གཉིས་སུ་

དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །ཞུ་བ་གསོལ་བ་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བའི་གནས་གསུང་རབ་སྨོས་པ་དང་། བསྟན་པ་ལ་བརྟེན་ནས་ཞུ་བ་གསོལ་བ་སྟེ། འདི་ནི་དང་པོའོ། །ཇི་ལྟར་ན་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་

ཞེས་བགྱི་ལགས། ཇི་ལྟར་ན་འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས། ཇི་ལྟར་ན་འདྲེས་པ་ཚད་མ་མཆིས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས་ཞེས་བྱ་བ་ནི་གཉིས་པ་བསྟན་པ་ལ་བརྟེན་ནས་ཞུ་བ་གསོལ་

བ་སྟེ། ཞུ་བ་གསོལ་བ་གསུམ་ཡོད་པ་ནི་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་གང་གིས་མདོའི་སྡེ་ནས་གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དག་གིས་སོ་སོ་ལ་དམིགས་ཤིང་གཅིག་ཏུ་བཟླུམས་

ནས་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་འདྲེས་པའི་དམིགས་པ་རྣམ་པ་གསུམ་

པ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་ཆུང་ངུའི་ཆོས་ལ་དམིགས་པ་རྣམ་པར་བཤད་པའོ། །འདི་ལྟར་གསུང་རབ་ཡན་ལག་བཅུ་གཉིས་པོ་དག་ལ་སོ་སོར་ཐ་དད་པར་དམིགས་པར་བྱེད་པ་འདི་ལྟ་སྟེ། མདོའི་སྡེ་མང་པོ་རྣམས་གཅིག་ཏུ་སྡུད་པ་ནས་གཏན་ལ་ཕབ་

པར་བསྟན་པའི་སྡེ་མང་པོའི་བར་དག་གཅིག་ཏུ་སྡུད་པར་བྱེད་པས་དེའི་ཕྱིར་འདྲེས་པ་ཆུང་ངུ་ཞེས་བྱའོ། །གང་གིས་མདོ་སྡེ་ལ་སོགས་པའི་ཆོས་ཇི་སྙེད་ཡོངས་སུ་བཟུང་བ་དང་། བསམས་པའི་བར་དག་ལ་དམིགས་ཤིང་གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་ཀྱི་སོ་སོ་ལ་དམིགས་པར་བྱེད་པ་

เล่ม ๑๑๙ · หน้า 130a

མ་ཡིན་པ་གང་ཡིན་པ་དེ་ནི་འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པ་རྣམ་པར་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ།

རྣམ་པར་བཤད་པ་དང་། རབ་ཏུ་དབྱེ་བ་དང་། མཇུག་བསྡུ་བའོ། །རྣམ་པར་བཤད་པ་ལས་གང་གིས་ཞེས་བྱ་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པ་དག་ལ་ཡོངས་སུ་ཚང་བར་གང་གིས་དམིགས་པའོ། །ཡོངས་སུ་བཟུང་བ་ལ་སོགས་པས་ནི་དམིགས་པའི་ཚད་བསྟན་པ་སྟེ། དེ་ནི་

འདི་སྐད་དུ་འདྲེས་པ་ཆེན་པོར་གྱུར་པ་ལ་དམིགས་པ་གང་ཡིན་པ་དེ་ནི་གསུང་རབ་ཡན་ལག་བཅུ་གཉིས་པོ་དག་གི་སྤྱི་ལ་དམིགས་ཤིང་དེ་དག་གི་ཚད་ནས་ཇི་ཙམ་དུ་ཁོང་དུ་ཆུད་པར་གྱུར་པ་ཡོངས་སུ་བཟུང་བ་དང་བསམས་པའི་གནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པའི་བར་དག་གཅིག་ཏུ་བཟླུམས་

ནས་ཡིད་ལ་བྱེད་པ་ནི་འདྲེས་པ་ཆེན་པོ་ཞེས་བསྟན་པར་འགྱུར་རོ། །སོ་སོ་ལ་དམིགས་པར་བྱེད་པ་མ་ཡིན་ཞེས་བྱ་བ་ནི་འདྲེས་པ་ཆུང་ངུ་ལས་རབ་ཏུ་དབྱེ་བ་སྟེ། འདྲེས་པ་ཆུང་ངུ་ལྟར་ཏེ་རེ་རེའི་སོ་སོ་ལ་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཚད་

མེད་པ་དང་། ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་རྣམས་དང་། གོང་ནས་གོང་དུ་ཤེས་རབ་ཀྱིས་བརྟགས་ཤིང་ཁོང་དུ་ཆུད་པ་ལ་དམིགས་ཤིང་གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་ཀྱི་ཡོངས་སུ་བཟུང་བ་དང་བསམས་པའི་བར་དག་ལ་དམིགས་པར་བྱེད་པ་མ་ཡིན་པ་གང་ཡིན་པ་དེ་ནི་འདྲེས་པའི་ཚད་མེད་པའི་

ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་འདྲེས་པ་ཚད་མེད་པ་ལ་དམིགས་པ་རྣམ་པར་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་ཕྱེ་ནས་བཤད་པར་བྱ་སྟེ། རྣམ་པར་བཤད་པ་དང་། རབ་ཏུ་དབྱེ་བ་དང་མཇུག་བསྡུ་བའོ། །རྣམ་པར་བཤད་

པ་ལས་གང་གིས་དེ་བཞིན་གཤེགས་པའི་ཆོས་བསྟན་པའི་ཚད་མེད་པ་ལ་སོགས་པ་ལ་དམིགས་ཞེས་བྱ་བས་ནི། ཚད་མེད་པ་རྣམ་པ་གསུམ་ལ་དམིགས་པར་བསྟན་ཏེ། གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་འདྲེས་པ་ཚད་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཚད་མེད་པ་རྣམ་པ་གསུམ་

เล่ม ๑๑๙ · หน้า 130b

ཡང་དང་པོ་ནི་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཚད་མེད་པ་ལ་དམིགས་པ་སྟེ། འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ནི་ཆོས་བསྟན་པ་ཚད་མེད་པ་ཞེས་བྱ་བ་ནི་འདི་ལྟར་སྒྲ་སྐད་ཚད་མེད་པས་ཆོས་ཚད་མེད་པ་སྟོན་པར་མཛད་པའི་ཕྱིར་ཆོས་བསྟན་པ་ཚད་མེད་པ་ཞེས་བྱའོ། །དེ་བཞིན་

གཤེགས་པས་ཞེས་བྱ་བས་ནི་གསུང་བ་པོ་རབ་ཏུ་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཚད་མེད་པས་ཞེས་བྱ་བས་ནི་གསུང་བ་པོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པས་མང་པོ་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །ཁ་ཅིག་ན་རེ་ཚད་མེད་པ་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་གཏོགས་པ་

ཡིན་ཏེ། འདི་ལྟར་སངས་རྒྱས་དང་བསྟན་པའོ་ཞེའོ། །གཉིས་པ་ནི་ཆོས་ཀྱི་ཚིག་ལ་སོགས་པ་ཚད་མེད་པ་ཞེས་བྱ་བ་ནི་སྒྲ་ལ་བརྟེན་ནས་མིང་དང་ཚིག་དང་ཡི་གེ་འབྱུང་བ་གང་ཡིན་པའོ། །གསུམ་པ་གོང་ནས་གོང་དུ་ཤེས་རབ་ཀྱིས་བརྟགས་ཤིང་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་དམིགས་པར་བྱེད་པའི་ཤེས་པ་

སྨོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དམིགས་པའི་བསྟན་པས་རབ་ཏུ་ཕྱེ་བའི་ཤེས་པ་ནི་གཅིག་ཁོ་ན་མ་ཡིན་པས་དེའི་ཕྱིར་གོང་ནས་གོང་དུ་ཞེས་བྱ་བས་གསུངས་པ་ཡིན་ཏེ། །དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་གོང་མ་གོང་མ་ཞེས་གསུངས་སོ། །བསྟན་བཅོས་རྣམ་

པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་གཅིག་གིས་གཅིག་རྣམ་པར་བཤད་པའི་ཕྱིར་གོང་ནས་གོང་དུ་ཞེས་བྱ་བ་གསུངས་སོ་ཞེས་བཤད་དོ། །ཅིའི་ཕྱིར་ཚད་མེད་པ་རྣམ་པ་གསུམ་པོ་འདི་གཅིག་ཏུ་བཟླུམས་པ་ལ་སོགས་པར་གསུངས་ཤེ་ན། འདིས་ནི་དམིགས་པར་བྱ་བའི་ཡུལ་ཆོས་བསྟན་པ་ལ་དོན་རྣམ་པ་

གསུམ་ཡོད་པར་བསྟན་པ་ཡིན་ཏེ། དང་པོས་ནི་སྟོན་པར་བྱེད་པའི་གང་ཟག་སྨོས་པས། བསྟན་པ་ལས་མངོན་པར་ཞེན་པར་བྱེད་པ་བསྟན་ཏོ། །གཉིས་པས་ནི་མིང་དང་ཚིག་དང་ཡི་གེ་བསྟན་པའི་བདག་ཉིད་ཡང་དག་པ་བསྟན་ཏོ། །གསུམ་པས་ནི་དམིགས་པར་བྱེད་པ་ཤེས་པ་ལ་བརྟེན་ནས་དམིགས་

པར་བྱ་བའི་ཡུལ་བསྟན་པ་ལ་མངོན་པར་ཞེན་པ་བསྟན་ཏེ། དེས་ན་རྣམ་པ་གསུམ་དུ་གསུངས་ཀྱང་ཚད་མེད་པ་རྣམ་པ་གསུམ་པོ་དག་བསྟན་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །རྣམ་པ་གསུམ་པོ་དེ་དག་ལ་བྱེ་བྲག་ཡོད་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་སློབ་དཔོན་ཡང་དག་བདེན་པས་འཕགས་པ་གསེར་

เล่ม ๑๑๙ · หน้า 131a

འོད་དམ་པའི་མདོའི་བརྗེད་བྱང་བྱས་པ་ལས་ཆོས་བསྟན་པ་ཞེས་བྱ་བ་ནི་ཚིག་སོ་སོ་ཡང་དག་པར་རིག་པའི་ཡུལ་ལོ། །ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་ཡུལ་ལོ། །ཤེས་པ་ཚད་མེད་པ་ཞེས་བྱ་བ་ནི་དོན་དང་སྤོབས་པ་སོ་སོ་

ཡང་དག་པར་རིག་པ་གཉིས་ཀྱི་བདག་ཉིད་དེ་དོན་ཁོང་དུ་ཆུད་ནས་ཐབས་མཁས་པ་བཤད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཀུན་དུ་རྨོངས་པ་རྣམ་པ་ཉི་ཤུ་ལས་དང་པོའི་སོ་སོ་ཡང་དག་པར་རིག་པ་གསུམ་པོ་དག་ཉིད་ཡིན་ཏེ། ཆོས་དང་དོན་ཚད་མེད་པ་

བསྟན་པ་ལ་ཐོགས་པ་མེད་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །མིང་དང་ཚིག་དང་ཡི་གེ་ཚད་མེད་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ཞེས་བྱ་བ་ནི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། སྒྲ་སྐད་ཀྱིས་གཅིག་གིས་གཅིག་རྣམ་པར་བཤད་པས་སོ་

ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་གོང་མ་གོང་མའི་ཤེས་རབ་དང་སྤོབས་པ་ཚད་མེད་པ་ཞེས་འབྱུང་སྟེ། མདོ་དེ་དང་སྦྱར་ན་ནི་ཚད་མེད་པ་གསུམ་པ་ནི་སོ་སོ་ཡང་དག་པར་རིག་པ་གཉིས་དང་ལྡན་པར་འགྱུར་ཏེ། །གོང་མ་གོང་མའི་ཤེས་རབ་ཅེས་བྱ་བ་ནི་ཚིག་སོ་

སོ་ཡང་དག་པར་རིག་པའོ། །སྤོབས་པ་ཞེས་བྱ་བ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཡིན་པས་སོ། །མདོ་འདི་ནི་སློབ་དཔོན་ཆོས་སྐྱོང་གིས་བསྟན་པ་དང་དོན་མཐུན་ཏེ། དོན་མདོར་བསྡུ་ན་སོ་སོ་ཡང་དག་པར་རིག་པ་བཞིས་དམིགས་པར་བྱ་བ་འཕགས་པའི་བསྟན་པ་རྣམས་གཅིག་ཏུ་

བཟླུམས་ནས་ཡིད་ལ་བྱེད་དོ་ཞེས་བསྟན་པར་འགྱུར་རོ། །འདྲེས་པ་རྣམ་པ་གསུམ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། །ཁ་ཅིག་ན་རེ་འདྲེས་པ་ཆུང་ངུ་ནི་གསུང་རབ་ཡན་ལག་བཅུ་གཉིས་ལས་སྡེ་རེ་རེའི་ཚིག་མང་པོའི་སོ་སོ་ལ་དམིགས་པར་བྱེད་དོ། །

འདྲེས་པ་ཆེན་པོ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྣམ་པ་གཅིག་ཁོ་ན་ལ་དམིགས་པར་བྱེད་དོ། །འདྲེས་པ་ཚད་མེད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པའི་སྤྱི་ལ་དམིགས་པར་བྱེད་དོ་ཞེའོ། །ཁ་ཅིག་ནི་འདྲེས་པ་ཆུང་ངུ་ནི་སྔ་མ་བཞིན་དུ་བཤད་དོ། །འདྲེས་པ་ཆེན་པོས་ནི་

เล่ม ๑๑๙ · หน้า 131b

སངས་རྒྱས་གཅིག་ཁོ་ནའི་གསུང་རབ་ཡན་ལག་བཅུ་གཉིས་ལ་དམིགས་སོ། །འདྲེས་པ་ཚད་མེད་པས་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པའི་སྤྱི་ལ་དམིགས་པར་བྱེད་དོ་ཞེའོ། །དམིགས་པར་བྱེད་པ་གསུམ་པོ་འདི་དག་གིས་མཚན་མ་ཇི་ལྟ་བུ་ཞིག་

ཡིད་ལ་བྱེད་ཅེ་ན། སྨྲས་པ། འདི་ལ་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་འདྲེས་པ་གསུམ་པོ་འདི་དག་གིས་ནི་བསྟན་པ་ཁོ་ན་ཡིད་ལ་བྱེད་དེ། སྔར་བསྟན་པ་བཞིན་དུ་མདོའི་སྡེ་ལ་སོགས་པ་ལ་དམིགས་ཤིང་གཅིག་ཏུ་བཟླུམས་ནས་ཡིད་ལ་བྱེད་པས་གཞོལ་བ་ལ་སོགས་པ་ནུས་པ་

རྣམ་པ་གསུམ་དང་ལྡན་པ་དང་། དགེ་བའི་ཆོས་ཐམས་ཅད་མངོན་པར་བརྗོད་དོ་ཞེའོ། །ཁ་ཅིག་ན་རེ་འདྲེས་པ་གསུམ་པོ་འདི་དག་ནི་དེ་བཞིན་ཉིད་འབའ་ཞིག་ཡིད་ལ་བྱེད་དེ། ཕྱིས་འོག་ནས་བསྟན་པའི་རྐྱེན་རྣམ་པ་ལྔ་ལས་འབྱུང་བ་བཞིན་དུ་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལས་བརྩམས་ནས་གནས་ངན་

ལེན་ལ་སོགས་པ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་དོན་རྣམ་པ་གཉིས་དང་ལྡན་པས་བསྟན་པ་ལ་དམིགས་པ་དང་། དེ་བཞིན་ཉིད་ལ་དམིགས་པར་བཤད་ཀྱང་དོན་དུ་འགལ་བ་མེད་དོ་ཞེའོ།། །།བམ་པོ་བཞི་བཅུ་པ། བྱང་ཆུབ་སེམས་དཔའ་བྱམས་པས་ཡང་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཐོབ་པར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་གཉིས་པ་འདྲེས་པའི་ཆོས་ལ་དམིགས་པ་རྐྱེན་དང་ལྡན་པ་རབ་ཏུ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏེ། འདྲེས་པའི་ཆོས་

ལ་དམིགས་པ་ཐོབ་པའི་ཚད་བསྟན་པའི་སྒོ་ཞེས་ཀྱང་བྱའོ། །འདི་ཡང་རྣམ་པ་གཉིས་ཏེ་ཞུ་བ་གསོལ་བ་དང་། ཡང་དག་པར་བཤད་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། རྐྱེན་དུ་ཞིག་དང་ལྡན་ན་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བགྱི་ལགས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་

ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྐྱེན་རྣམ་པ་ལྔས་ཐོབ་པར་འགྱུར་བར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གྲངས་སྨོས་ནས་ལན་མདོར་བསྟན་པ་

เล่ม ๑๑๙ · หน้า 132a

དང་། རྐྱེན་རྣམ་པ་ལྔས་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ནི་དང་པོ་སྟེ། རྐྱེན་རྣམ་པ་ལྔ་དང་ལྡན་པའི་ཕྱིར་འདྲེས་པ་ལ་དམིགས་པ་ཐོབ་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རྐྱེན་རྣམ་པ་ལྔ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་བསྒོམ་པ་རྣམ་པ་ལྔས་འབྲས་

བུ་རྣམ་པ་ལྔ་ཐོབ་པར་འགྱུར་རོ་ཞེས་བཤད་པ་ཉིད་དེ། དེ་ལས་ནི་བསྒོམ་པ་ལ་ལྟོས་པའི་ཕྱིར་འབྲས་བུ་ཞེས་བསྟན་ལ། འདིར་ནི་ཞི་གནས་དང་ལྷག་མཐོང་ལ་ལྟོས་ནས་རྐྱེན་གྱི་སྟོབས་ཞེས་ཀྱང་བྱ་སྟེ། བསྒོམ་པ་རྣམ་པ་ལྔ་པོ་དེ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་། ཆོས་མངོན་པ་སྣ་ཚོགས་

ཀུན་ལས་བཏུས་པ་ལས་བསྒོམ་པ་རྣམ་པ་ལྔ་པོ་དག་གི་མིང་བཀོད་པར་ཟད་ཀྱི། རྣམ་པར་བཤད་པ་ནི་མེད་པས་འདིར་ནི་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དང་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་དང་སྦྱར་ན། དེ་ལ་མིང་བཀོད་ནས་རྣམ་

པར་བཤད་པ་ཡང་འབྱུང་བས། དེའི་ཕྱིར་འདིར་རེ་ཞིག་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལ་སོགས་པ་ལ་བརྟེན་ནས་བསྒོམ་པ་ལྔའི་མཚན་ཉིད་བཤད་ནས་དེའི་འོག་ཏུ་མདོ་འདི་ལས་གསུངས་པའི་འབྲས་བུ་ལྔའི་བྱེ་བྲག་བསྟན་པར་བྱའོ། །དེ་ལ་བསྒོམ་པ་རྣམ་པ་ལྔ་ནི། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་

པ་ལས། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་རྣམས་ས་དང་ས་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ན་རྣམ་པ་ལྔས་བསྒོམ་སྟེ། ལྔ་གང་ཞེ་ན་འདི་ལྟ་སྟེ། འདྲེས་པར་བསྒོམ་པ་དང་། མཚན་མ་མེད་པར་བསྒོམ་པ་དང་། ལྷུན་གྱིས་གྲུབ་པར་བསྒོམ་པ་དང་། འབར་བར་བསྒོམ་པ་དང་། ཆོག་པར་མི་

འཛིན་པར་བསྒོམ་པས་སོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ཞི་གནས་ནི་ཏིང་ངེ་འཛིན་ཏེ་རྣམ་པར་གཡེང་བའི་གཉེན་པོའོ། །ལྷག་མཐོང་ནི་ཕྱིན་ཅི་ལོག་གི་གཉེན་པོ་སྟེ་ཤེས་རབ་པོ། །ས་ནས་སར་རྣམ་པ་དེ་ཉིད་བསྒོམ་པ་ཡང་མཚན་ཉིད་རྣམ་པ་ལྔས་ཡང་ནས་ཡང་དུ་སྒོམ་པར་བྱེད་དེ།

མཚན་ཉིད་རྣམ་པ་ལྔ་ནི་འདྲེས་པར་བསྒོམ་པ་ལ་སོགས་པ་ཉིད་དོ། །དེ་ལ་འདྲེས་པར་བསྒོམ་པ་ནི་འདི་ལྟ་སྟེ། འདྲེས་པ་ཐམས་ཅད་ཕུང་པོ་གཅིག་ཏུ་བསྡུས་ཏེ། དོགས་པ་ཉིད་བསལ་ནས་སྒོམ་པར་བྱེད་པས་ཆོས་བསྟན་པའི་དོན་རྣམས་ཀྱིས་འདྲེས་པ་ཕུང་པོ་གཅིག་ཏུ་འདུས་ཤིང་དེ་བཞིན་ཉིད་རབ་

เล่ม ๑๑๙ · หน้า 132b

ཏུ་ཕྱེ་ནས་དགོངས་པ་ཉིད་སྒོམ་པ་གང་ཡིན་པའོ། །གཞན་ཀེང་རུས་ལ་སོགས་པའི་དངོས་པོའི་སྤྱོད་ཡུལ་སྒོམ་པ་ན་ཡང་ཐམས་ཅད་གཅིག་ཏུ་བསྡུས་ཏེ། འདྲེས་པར་སྒོམ་པར་བྱེད་དོ་སྙམ་པ་དེ་བསལ་བའི་ཕྱིར། མཚན་མ་མེད་པར་སྒོམ་པ་ཞེས་བྱ་བ་སྨོས་ཏེ། འདིས་ནི་གཉིས་པ་མཚན་མ་མེད་པར་བསྒོམ་པ་

བསྟན་ཏེ། བསྒོམ་པ་ཕྱི་མ་བཞི་པོ་དག་ནི་འདྲེས་པར་བསྒོམ་པར་དོན་གྱི་བྱེ་བྲག་ཏུ་གྱུར་པ་ཡོད་ཀྱང་མཚན་མ་ཐམས་ཅད་དང་བྲལ་བ་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་དབྱེར་མེད་པར་བསྒོམ་པའི་ཕྱིར་ཏེ། འདིས་ནི་མཚན་མ་མེད་པ་དངོས་པོ་ཡོངས་སུ་བསལ་བའི་བྱེ་བྲག་བསྟན་ཏོ། །མཚན་མ་མེད་པར་

བསྒོམ་པ་ཡང་དོན་ཉིད་མཚན་མ་མེད་པར་བྱེད་ཀྱང་རྩོལ་བ་དང་བཅས་པ་ཡིན་ནོ་སྙམ་ན་སྒོམ་པ་དེ་རྩོལ་བ་ལ་མི་ལྟོས་པར་རང་གི་ངང་གིས་འཇུག་གོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་ལྷུན་གྱིས་གྲུབ་པར་སྒོམ་པ་ཞེས་བྱ་བ་སྨོས་ཏེ་བསྒྲིམ་མི་དགོས་པར་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །འདིས་

ནི་ལྷུན་གྱིས་གྲུབ་པར་བསྒོམ་པ་བསྟན་ཏོ། །བསྒྲིམ་མི་དགོས་པར་རང་གི་ངང་གིས་འཇུག་པར་བསྒོམ་པ་ཡིན་ཡང་། མཆོག་དང་མཆོག་མ་ཡིན་པ་རྣམ་པ་གཉིས་སུ་འགྱུར་རོ་སྙམ་པ་བསལ་བའི་ཕྱིར་དེའི་འོག་ཏུ་བཞི་པ་འབར་བར་སྒོམ་པ་ཞེས་བྱ་བ་སྨོས་ཏེ། འབར་བ་དང་མཆོག་ཅེས་བྱ་བ་ནི་དོན་

གཅིག་གོ། །འདིས་ནི་འབར་བར་བསྒོམ་པ་བསྟན་ཏོ། །ལ་ལ་འབར་བར་བསྒོམ་པ་ཐོབ་ནས་འདི་ཐམས་ཅད་བྱས་ཟིན་ནས་གཞན་གྱིས་ཅི་ཞིག་བྱ་ཞེས་ཆོག་པར་འཛིན་པ་བསལ་བའི་ཕྱིར། ཐ་མར་ཆོག་པར་མི་འཛིན་པར་བསྒོམ་པས་སོ་ཞེས་བྱ་བ་སྨོས་ཏེ། མཚན་མ་མེད་པ་དང་། ལྷུན་གྱིས་གྲུབ་པ་

དང་། འབར་བར་བསྒོམ་པ་ཁོ་ནར་ཟད་པ་མ་ཡིན་གྱི། སངས་རྒྱས་ཀྱི་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། འདིས་ནི་ཆོག་པར་མི་འཛིན་པར་བསྒོམ་པ་བསྟན་ཏོ་ཞེས་འབྱུང་སྟེ། བསྒོམ་པ་རྣམ་པ་ལྔ་པོ་འདི་དག་ནི་ངོ་བོ་ཉིད་ཀྱི་བྱེ་བྲག་

གསུང་རབ་ཚད་མ་ལས་ཡང་དག་པར་བསྟན་པ་མེད་ཀྱང་སྤྱིའི་མཚན་ཉིད་རྣམ་པར་ཕྱེ་སྟེ་བསྟན་ན་ཐམས་ཅད་ཀྱང་ཏིང་ངེ་འཛིན་དང་། ཤེས་རབ་དང་། དེ་དག་ལྷན་ཅིག་འཇུག་པའི་ཆོས་ཀྱི་ངོ་བོ་ཉིད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི་གོ་རིམས་

เล่ม ๑๑๙ · หน้า 133a

བཞིན་དུ་ཤེས་རབ་དང་། མཚན་མ་དང་། ཡང་དག་པའི་ལྟ་བ་དང་། བརྩོན་འགྲུས་དང་། དད་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ། ཞིབ་ཏུ་ནི་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཐེག་པ་བསྡུས་པའི་འགྲེལ་པ་ཧྱན་ཙང་གིས་བསྒྱུར་བ་དང་། དེའི་འགབ་ལོ་ལ་

བསྒྱུར་བ་ལས་ནི་འདི་ལྟ་བུར་རྣམ་པར་ཕྱེ་བ་མེད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་བསྒོམ་པ་རྣམ་པ་ལྔ་པོ་དེ་དག་གི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་འདི་ལྟར་རྣམ་པ་ལྔར་བསྒོམས་པས་འབྲས་བུ་ལྔ་ཐོབ་

པར་འགྱུར་ཏེ་ལྔ་གང་ཞེ་ན། འདི་ལྟ་སྟེ། མཚན་མ་ཉེ་བར་ཞི་བའི་སྒོམ་པ་དང་མཐུན་པའི་སྒོམ་པ་དང་། མཚན་མ་མེད་པར་སྒོམ་པ་དང་། རྩོལ་བ་མེད་པར་སྒོམ་པ་དང་། མཚན་མ་བཟློག་པའི་སྒོམ་པའོ་ཞེས་འབྱུང་སྟེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མཚན་མ་ཉེ་བར་ཞི་བ་སྒོམ་པ་

ཞེས་འབྱུང་བ་ནི་ཐེག་པ་ཆེན་པོ་བསྡུས་པ་ལས་འབར་བར་སྒོམ་པ་ཞེས་བསྟན་པ་ཉིད་དོ། །མཐུན་པའི་སྒོམ་པའོ་ཞེས་འབྱུང་བ་ནི་འདྲེས་པར་སྒོམ་པ་ཞེས་བསྟན་པ་ཉིད་དོ། །མཚན་མ་མེད་པར་སྒོམ་པ་དང་། རྩོལ་བ་མེད་པར་སྒོམ་པ་ཞེས་འབྱུང་བ་ནི་མཚན་མ་མེད་པ་དང་ལྷུན་གྱིས་གྲུབ་པར་སྒོམ་པ་

ཞེས་བསྟན་པ་ཉིད་དོ། །མཚན་མ་བཟློག་པའི་སྒོམ་པ་ཞེས་འབྱུང་བ་ནི་ཆོག་པར་མི་འཛིན་པར་སྒོམ་པ་ཞེས་བསྟན་པ་ཉིད་དོ། །དེ་ལྟར་བསྟན་བཅོས་གཉིས་ཐ་དད་པར་གྱུར་པ་ཡང་། སློབ་དཔོན་རྟོགས་པའི་སེང་གེས་རིགས་པ་ལོགས་ཤིག་ཏུ་རྣམ་པར་གཞག་ནས། བསྒོམ་པ་རྣམ་པ་ལྔའི་གོ་རིམས་

དེ་ལྟར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་རྣལ་འབྱོར་པས་དང་པོ་ཁོ་ནར་རྣལ་འབྱོར་ལ་འཇུག་པ་ན། མཚན་མ་ཉེ་བར་ཞི་བར་བྱེད་ཅིང་འབར་བར་བྱེད་པས། དེའི་ཕྱིར་འབར་བར་བྱེད་པ་དང་པོར་སྨོས་པ་ཡིན་ནོ། །འབྲས་བུ་ལྔ་ཞེས་བྱ་བ་ཡང་མདོ་འདི་ཉིད་ལས་གསུངས་པ་ཉིད་ཡིན་པས། དེའི་

ཕྱིར་སློབ་དཔོན་ཐོགས་མེད་ཀྱིས་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་མཛད་པ་ལས། མདོའི་ཚིག་འདི་རྫོགས་པར་སྨོས་ཀྱི་རྣམ་པར་བཤད་པ་ནི་མ་མཛད་དོ། །སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་ནི་སོ་སོ་ནས་རྣམ་པར་བཤད་པ་མཛད་ནས། དོན་རྣམ་པ་ལྔ་རྣམ་པར་བཤད་

เล่ม ๑๑๙ · หน้า 133b

པས་དེའི་ཕྱིར་བསྟན་བཅོས་གཉིས་ལ་བརྟེན་ནས་མདོའི་ཚིག་ཡང་དག་པར་བཤད་པར་བྱའོ། །ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་རྐྱེན་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ཡང་རྐྱེན་རྣམ་པ་ལྔ་བསྟན་པ་ཉིད་

ཀྱིས་རྣམ་པ་ལྔར་དབྱེ་སྟེ། འདི་ནི་དང་པོ་གནས་ངན་ལེན་འཇིག་པར་བྱེད་པའི་འབྲས་བུ་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་སྐད་ཅིག་སྐད་ཅིག་ལ་ཉོན་མོངས་པའི་ལུས་ཀྱི་རྟེན་ཐམས་ཅད་འགོག་པར་བྱེད་པ་ཞེས་འབྱུང་སྟེ། སློབ་དཔོན་ཐོགས་མེད་ནི་མདོ་

འདི་ཉིད་ལ་བརྟེན་ནས་བསྟན་བཅོས་མཛད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཐོག་མ་མེད་པའི་དུས་ནས་ཡོངས་སུ་བསྒོས་པའི་ས་བོན་གང་ཡིན་པ་དེ་ནི་གནས་ངན་ལེན་ཞེས་གསུངས་ཏེ། སྒྲིབ་པའི་ཕུང་པོ་འདི་གཉིས་

ཀྱང་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་པའི་སྟོབས་ཀྱིས་སྐད་ཅིག་རེ་རེ་ལ་འཇིག་པར་བྱེད་དེ། འདིར་དོན་དུ་སྒྲིབ་པའི་ཕུང་པོ་འཇིག་པར་བྱེད་པ་བཟུང་བའི་ཕྱིར་ཡང་འཇིག་པར་བྱེད་པ་ཞེས་བྱའོ། །ཉོན་མོངས་པ་ཤིན་ཏུ་ཉམས་སྨད་པར་བྱེད་པའི་ཕྱིར་ཡང་འཇིག་

པར་བྱེད་པའོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། ཀུན་གཞི་རྣམ་པར་ཤེས་པ་ནི་གནས་ངན་ལེན་གྱི་རྟེན་ཞེས་བྱ་སྟེ། དེའི་ཚེ་ཚོགས་ཉམས་ཤིང་འཇིག་པར་བྱེད་པའི་ཕྱིར་འཇིག་པར་བྱེད་པའོ་ཞེས་བྱའོ་ཞེས་འབྱུང་སྟེ། འདིར་བསྟན་བཅོས་གཉིས་ཀྱི་དགོངས་པ་བྱེ་

བྲག་བསྟན་ན། སློབ་དཔོན་དབྱིག་གཉེན་ནི་ས་བོན་ལ་གནས་ངན་ལེན་ཞེས་བསྟན་ཏེ། ལས་སུ་རུང་བ་མེད་པའི་ཕྱིར་རོ། །གནས་ཞེས་ཀྱང་བསྟན་ཏེ། གནས་སུ་སྣང་བའི་ཕྱིར་རོ། །ས་བོན་གཏན་དུ་སྤང་བས་འཇིག་པར་བྱེད་པ་ཞེས་བྱའོ། །མངོན་དུ་སྣང་བའི་ས་བོན་རྣམ་པར་གནོན་པས་ཤིན་

ཏུ་ཉམས་སྨད་པར་བྱེད་པ་ཞེས་བྱའོ་ཞེས་བསྟན་ཏོ། །སློབ་དཔོན་ངོ་བོ་ཉིད་མེད་ནི་སྣང་བའི་རྣམ་པར་ཤེས་པ་ལ་རྟེན་དུ་བསྟན་ཏོ། །ས་བོན་དང་སྣང་བ་གཅིག་ཏུ་བསྡུས་པ་ལ་ནི་ཚོགས་ཞེས་བསྟན་ཏོ། །ཚོགས་པའི་ནང་ན་ས་བོན་ཁོ་ན་ཉམས་པར་བྱེད་ཀྱི་སྣང་བ་ནི་མ་ཡིན་པའི་ཕྱིར་ཉམས་ཤིང་འཇིག་

เล่ม ๑๑๙ · หน้า 134a

པར་བྱེད་པ་ཞེས་བསྟན་ཏོ། །ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱི་དགོངས་པ་ཡང་། སློབ་དཔོན་དབྱིག་གཉེན་དང་མཐུན་པར་བཤད་ན་དོན་དུ་འགལ་བ་མེད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དེའི་འགབ་ལོ་ལ་བསྒྱུར་བ་ལས་ནི་སློབ་དཔོན་དབྱིག་གཉེན་གྱིས་

བཤད་པ་དང་མཐུན་པར་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ནི་གནས་ངན་ལེན་ཞེས་བྱ་སྟེ། རྩ་བའི་རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡོངས་སུ་བསྒོས་པའི་ས་བོན་ཡོད་པ་ཐམས་ཅད་

ཀྱིས་ནི་འདི་གཉིས་ཀྱི་རྟེན་གྱི་ཆོས་བྱེད་དོ། །སྐད་ཅིག་མ་དང་པོས་ནི་དེ་མ་ཐག་པའི་ལམ་བྱེད་ལ། སྐད་ཅིག་མ་གཉིས་པས་ནི་རྣམ་པར་གྲོལ་བའི་ལམ་བྱེད་པས་སྐད་ཅིག་མ་དང་པོས་ནི་མངོན་དུ་སྣང་བའི་ཉོན་མོངས་པ་ཉེ་བར་ཞི་བར་བྱེད་ལ་སྐད་ཅིག་མ་གཉིས་པས་ནི་མ་འོངས་པའི་ཉོན་མོངས་པ་མི་སྐྱེ་བར་བྱེད་དོ་ཞེས་

འབྱུང་བས། དེས་ན་ས་ཐམས་ཅད་ལ་ཡང་ཉོན་མོངས་པའི་སྒྲིབ་པ་སྤོང་བར་མངོན་ནོ། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ། ཆོས་ཀྱི་དགའ་བའི་དགའ་བ་ཐོབ་པ་ཞེས་བྱ་བ་ནི་གཉིས་པ་ཆོས་ཀྱི་དགའ་བ་ཐོབ་པའི་འབྲས་བུ་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་འདུ་ཤེས་

སྣ་ཚོགས་རྣམ་པར་སྤངས་ཏེ། ཆོས་ཀྱི་དགའ་བའི་དགའ་བ་ཐོབ་པ་ཞེས་འབྱུང་ངོ་། །སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ལས་ཀྱང་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཞིང་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་

ལས་ནི། རྣམ་གྲངས་གཉིས་ཀྱིས་སྟོན་ཏོ། །རྣམ་གྲངས་དང་པོ་ལས་ནི་མདོའི་སྡེ་ལ་སོགས་པའི་ཆོས་ཀྱི་ངོ་བོ་ཉིད་སྣ་ཚོགས་ལ་གནས་པས། དེ་ལྟར་ངོ་བོ་ཉིད་སྣ་ཚོགས་ཀྱི་འདུ་ཤེས་ཡོངས་སུ་སྤངས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཀུན་དགའི་དགའ་བ་ཐོབ་པ་ཡིན་ཏེ། དེ་གནས་སུ་གྱུར་པའི་ཕྱིར་

ཀུན་དགའ་ཞེས་བྱའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་འདིས་ནི་བསྟན་པ་སྤངས་ནས་དེ་བཞིན་ཉིད་རོ་གཅིག་པ་ཐོབ་པའི་དབང་དུ་མཛད་ནས་ཆོས་ཀྱི་དགའ་བ་ཞེས་བསྟན་ཏོ། །དེ་ལ་མདོའི་སྡེ་ལ་སོགས་པའི་ཆོས་ཀྱི་ངོ་བོ་ཉིད་སྣ་ཚོགས་ལ་གནས་པ་ཞེས་བྱ་བ་ལ་གསུང་རབ་ཡན་ལག་བཅུ་

เล่ม ๑๑๙ · หน้า 134b

གཉིས་ནི། མདོའི་སྡེ་ལ་སོགས་པ་ཞེས་བྱའོ། །བཅུ་གཉིས་མི་མཐུན་པ་ཉིད་ནི་སྣ་ཚོགས་ལ་གནས་པ་ཞེས་བྱའོ། །ཡང་ན་མདོའི་སྡེ་ལ་སོགས་པའི་ཆོས་ནི་རྗོད་པར་བྱེད་པའི་བསྟན་པའོ། །ངོ་བོ་ཉིད་སྣ་ཚོགས་ལ་གནས་པ་ནི་བརྗོད་པར་བྱ་བའི་དོན་དེ། ཆོས་དང་དོན་སྣ་ཚོགས་ཀྱི་ངོ་བོ་ཉིད་ཀྱི་འདུ་ཤེས་

སྤངས་པས་ན་ཆོས་ཀྱི་ཀུན་དགའ་བའི་དགའ་བ་ཐོབ་པ་ཞེས་བཤད་དོ། །རྣམ་གྲངས་གཉིས་པ་ལས་ནི་དོན་གཞན་དུ་ན་ཇི་ལྟར་ན་ཡོངས་སུ་བཟུང་བ་རྟོག་པ་དང་། དཔྱོད་པའི་ཆོས་དག་མྱོང་བ་དང་སོ་སོར་རྟོག་པ་རགས་ཤིང་གསལ་བ་མ་བསྐྱེད་པར་ཡང་ཞི་གནས་དང་ལྷག་མཐོང་གིས་སྣང་བ་ཡིད་

ལ་བྱེད་པའི་དབང་གིས་མྱོང་ཞིང་། སོ་སོར་རྟོག་པ་ཤིན་ཏུ་ཕྲ་མོ་འབྱུང་བ་གང་ཡིན་པའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་འདི་ནི་བསྟན་པའི་དོན་དག་ལ་ཕྲ་བ་ཉིད་དུ་སོ་སོར་རྟོག་པའི་དབང་དུ་མཛད་ནས། ཆོས་ཀྱི་ཀུན་དགའི་དགའ་བ་ཞེས་བསྟན་ཏོ། །འདི་ནི་ལོགས་ཤིག་ནས་རྟོག་པ་དང་

དཔྱོད་པ་དང་བཅས་པ་ལ་སོགས་པ་ཏིང་ངེ་འཛིན་རྣམ་པ་གསུམ་བསྟན་པ་ལས། ཏིང་ངེ་འཛིན་གཉིས་པ་ཉིད་དེ་འདི་ལྟར་མྱོང་བ་དང་། སོ་སོར་རྟོག་པ་རགས་ཤིང་གསལ་བ་དང་བྲལ་ནས་ཤིན་ཏུ་ཕྲ་བའི་སྣང་བ་ཡིད་ལ་བྱེད་པ་དེ་དང་ལྡན་པའི་མྱོང་བ་དང་སོ་སོར་རྟོག་པ་གང་ཡིན་པ་དེ་ནི་བསྟན་པའི་ཆོས་

ལ་བརྟེན་པའི་མྱོང་བ་དང་། སོ་སོར་རྟོག་པ་ཞེས་ཀྱང་བྱ་ཆོས་ཀྱི་ཀུན་དགའི་དགའ་བ་ཞེས་ཀྱང་བྱའོ། །གསུམ་པ་དེ་ནི་ཆོས་རྣམས་ཀྱི་མཚན་མ་ཡིད་ལ་བྱེད་པ་ཅི་ཡང་མེད་པའི་མྱོང་བ་དང་སོ་སོར་རྟོག་པ་ཡིན་པས་དེའི་ཕྱིར་ཆོས་ཀྱི་དགའ་བའི་དགའ་བ་ཞེས་མི་བྱའོ་ཞེས་བཤད་དོ། །ངོ་བོ་ཉིད་མེད་

ཀྱིས་འགྲེལ་པ་ལས་ནི་བདག་དང་ཆོས་དང་སངས་རྒྱས་ལ་སོགས་པའི་མཚན་མའི་འདུ་ཤེས་དང་བྲལ་བའི་ཕྱིར་རོ། །ཀུན་དགའ་ནི་འདི་ལྟ་སྟེ། འདིར་ཀུན་དགའ་བས་ཀུན་དགའ་སྟེ། འདི་ལྟར་ཆོས་ཀྱི་དབྱིངས་ནི་ཀུན་དགའ་ཡིན་པའི་ཕྱིར། ཆོས་ཀྱི་ཀུན་དགའ་ཞེས་བྱ་སྟེ། འདིར་དགའ་

ཞིང་ཚིམ་པ་ཡིན་པ་དེ་ནི་ཆོས་ཀྱི་ཀུན་དགའི་དགའ་བ་ཞེས་བྱའོ། །དེ་ཉིད་ཐོབ་པའི་ཕྱིར་ཆོས་ཀྱི་ཀུན་དགའི་དགའ་བ་ཐོབ་པ་སྟེ། དཔེར་ན་རྒྱལ་པོའི་ཕོ་བྲང་གི་ཕྱི་རོལ་གྱི་ཀུན་དགའ་ར་བའམ་སྐྱེད་མོས་ཚལ་གྱ་ནོམ་པ་དག་ཏུ་དེར་རྩེ་ཞིང་དགའ་བ་ཁྱད་པར་དུ་འཕགས་པ་མྱོང་བ་ལྟར་ཆོས་ཀྱི་དབྱིངས་སུ་ཡང་

เล่ม ๑๑๙ · หน้า 135a

དེ་བཞིན་ནོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བགྲོད་པའི་གནས། ཆོས་ཀྱི་དབྱིངས་ཀྱི་ཀུན་དགའ་ར་བར་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཚུངས་པར་ལྡན་པའི་དགའ་བ་ཐོབ་པ་ཞེས་བཤད་དེ། ཕལ་ཆེར་སློབ་དཔོན་དབྱིག་

གཉེན་གྱིས་བཤད་པའི་རྣམ་གྲངས་དང་པོ་དང་མཐུན་ནོ། །དེ་ལ་བྱེ་བྲག་ཡོད་པ་ཡང་སློབ་དཔོན་དབྱིག་གཉེན་ནི་མདོའི་སྡེ་ལ་སོགས་པའི་འདུ་ཤེས་ཁོ་ན་ལས་སོ། །སློབ་དཔོན་ངོ་བོ་ཉིད་མེད་ནི་དཀོན་མཆོག་གསུམ་གྱི་མཚན་མའི་འདུ་ཤེས་ཚང་བར་སྤང་བ་ལས་སོ། །དེ་ལ་བདག་དང་བྲལ་བ་ཞེས་བྱ་

བ་ནི་འདི་ལྟ་སྟེ། སངས་རྒྱས་དང་དགེ་འདུན་གྱི་མཚན་མ་དང་བྲལ་བའོ། །ཆོས་དང་བྲལ་བ་ཞེས་བྱ་བ་ནི་ཆོས་དཀོན་མཆོག་གི་མཚན་མ་དང་བྲལ་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དེའི་འགབ་ལོ་ལ་བསྒྱུར་བ་ལས་ཀྱང་། ཕལ་ཆེར་ཧྱན་ཙང་གིས་བསྒྱུར་བ་ལས་བསྟན་པ་

དང་མཐུན་པར་བཤད་དོ། །ལང་གི་ཚེ་བསྒྱུར་བ་ལས་ནི་བཤད་པ་ཕྱི་མ་མི་འབྱུང་སྟེ། གཞན་ནི་ཧྱན་ཙང་གིས་བསྒྱུར་བ་ལས་འབྱུང་བ་དང་མཐུན་པར་བཤད་དོ། །ཕྱོགས་བཅུ་བྱེ་བྲག་མེད་པའི་མཚན་ཉིད་དང་ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་དག་པར་ཤེས་པ་ཞེས་བྱ་བ་ནི་གསུམ་པ་ཆོས་ཀྱི་

སྣང་བ་ཡང་དག་པར་ཁོང་དུ་ཆུད་པའི་འབྲས་བུ་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཕྱོགས་བཅུའི་མཐའ་ཚད་མེད་པ་ཤེས་པ་དང་། ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་དག་པར་ཤེས་པ་འབྱུང་ངོ་། །སློབ་དཔོན་ཐོགས་མེད་ཀྱིས་

མཛད་པའི་བསྟན་བཅོས་ལས་ནི། ཆོས་ཀྱི་སྣང་བ་ཆེན་པོ་ཐམས་ཅད་དུ་ཚད་མེད་ཅིང་རྣམ་པ་ཡོངས་སུ་མ་ཆད་པའི་མཚན་ཉིད་ཡང་དག་པར་ཤེས་པ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ཕྱོགས་བཅུ་མཐའ་མེད་པ་རྣམ་པ་ཡོངས་སུ་མ་ཆད་པའི་མཚན་

ཉིད་ཡང་དག་པར་ཤེས་པ་དག་ནི། དཔེར་ན་ཡི་གེའི་སྣང་བ་ལེགས་པར་ཁ་ཏོན་དུ་འདོན་པ་ལྟ་བུ་ཡིན་པས། ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི། ཕྱོགས་བཅུ་འདི་ཙམ་ཞེས་མཐའ་མེད་ཅིང་། རྣམ་པ་ཡོངས་སུ་མ་ཆད་པར་གསལ་བར་

เล่ม ๑๑๙ · หน้า 135b

འཇུག་པའི་ཕྱིར་ཆོས་ཀྱི་སྣང་བ་ཞེས་བྱ་སྟེ། དཔེར་ན། ཡི་གེའི་སྣང་བ་ལེགས་པར་ཁ་ཏོན་དུ་འདོན་པ་ལྟ་བུའོ་ཞེས་འབྱུང་ངོ་། འགྲེལ་པ་གཉིས་ལས་ཆོས་ཀྱི་སྣང་བ་བསྟན་པ་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོའི་སྡེ་ཁ་ཏོན་དུ་བྱེད་པས་ཆོས་ཀྱི་སྣང་བ་འདི་ཐོས་ནས་

སེམས་ལ་སྣང་བ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་མིང་དང་ཚིག་དང་ཡི་གེའི་ཚོགས་མི་བརྗེད་པར་དམིགས་པར་བྱེད་པའི་སེམས་ཀྱིས་གསལ་བར་དྲན་པའི་ཕྱིར་ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེའོ། །གཞན་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཕྱིས་ཐོས་པས་ཤེས་པར་བྱ་བ་རྒྱུ་མཚན་

གྱི་རྣམ་པ་སྣང་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེའོ། ཁ་ཅིག་ན་རེ་མཚན་རྟོགས་པའི་ལྟ་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེའོ། །ཐེག་པ་ཆེན་པོ་བསྡུས་པའི་བསྟན་བཅོས་མི་མཐུན་པ་རྣམ་པ་གཉིས་ལས་ནི། གསལ་བར་མཐོང་བའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྣང་

བ་ཞེས་བྱའོ་ཞེས་བཤད་དེ། དགོངས་པ་ཡོངས་སུ་གྲུབ་པ་དང་མཚུངས་པར་ལྡན་པ་རྣམ་པར་དག་པའི་ཕྱོགས་རྣམ་པར་རྟོག་པ་མེད་པའི་མཚན་མ་རྒྱུན་མི་འཆད་པ་མངོན་སུམ་དུ་འགྱུར་བ་ཞེས་བྱ་བ་ནི་བཞི་པ་རྒྱུ་དང་། ཡེ་ཤེས་མངོན་དུ་སྣང་བའི་འབྲས་བུ་བསྟན་པའོ། །དགོངས་པ་ཟབ་

མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། བྱ་བ་ཡོངས་སུ་གྲུབ་པ་དང་མཚུངས་པར་ལྡན་པ་རྣམ་པར་དག་པའི་ཕྱོགས་རྣམ་པར་རྟོག་པ་མེད་པའི་མཚན་མ་མངོན་སུམ་དུ་གྱུར་པ་ཞེས་འབྱུང་ངོ་། །སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ལས་ནི་རྣམ་པར་དག་པའི་ཆ་མཐུན་པ་

རྣམ་པར་མ་བརྟགས་པའི་མཚན་མ་མེད་པ་ཀུན་དུ་འབྱུང་བ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་འདི་ལྟ་སྟེ། དངོས་པོ་ཡོངས་སུ་གྲུབ་པ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི། རྣམ་པར་དག་པའི་ཆ་དང་མཐུན་པ་མཚན་མ་མེད་པ་ཀུན་དུ་འབྱུང་བ་ཞེས་བྱ་སྟེ།

འདིར་དོན་དུ་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ལ་དངོས་པོ་ཡོངས་སུ་གྲུབ་པ་ཞེས་བྱ་བར་བཟུང་ངོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་ནི་སློབ་དཔོན་ཐོགས་མེད་ཀྱི་དགོངས་པ་ཡོངས་སུ་བཟུང་ནས་རྒྱུ་ཁོ་ན་སྨོས་ཀྱི་འབྲས་བུ་ནི་རྣམ་པར་ཕྱེ་བའི་ཕྱིར་མདོ་ལས་གསུངས་

เล่ม ๑๑๙ · หน้า 136a

པའི་དངོས་པོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་དེ་འགྲེལ་པའི་ཚིག་ཏུ་བསྟན་ནས་བསྟན་བཅོས་དེ་རྣམ་པར་བཤད་པ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་མདོའི་ཚིག་འདི་བཤད་པ་དང་སྦྱར་ན། དགོངས་པ་ཡོངས་སུ་གྲུབ་པ་ཉིད་ནི་སངས་རྒྱས་

སུ་གྲུབ་པའི་འབྲས་བུའོ། །མཚུངས་པར་ལྡན་པ་མན་ཆད་ནི་རྒྱུའི་མིང་བསྟན་པའོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། མ་འོངས་པ་ན་སངས་རྒྱས་ཉིད་དུ་འགྱུར་བ་ནི། རྣམ་པར་དག་པའི་ཆ་ཞེས་བྱའོ། །འདིས་དེ་འདྲེན་པར་བྱེད་པའི་ཕྱིར་རྣམ་པར་མ་བརྟགས་པའི་

མཚན་མ་མེད་པ་ཀུན་དུ་འབྱུང་བ་དང་མཐུན་པ་ཞེས་འབྱུང་སྟེ། ངོ་བོ་ཉིད་མེད་ཀྱིས་སློབ་དཔོན་ཐོགས་མེད་ཀྱིས་བསྟན་པའི་རྣམ་པར་དག་པའི་ཆ་རྣམ་པར་བཤད་པ་གང་ཡིན་པ་དེ་ཉིད་ནི་མདོ་ལས་གསུངས་པའི་དགོངས་པ་ཡོངས་སུ་གྲུབ་པ་ཉིད་དོ། །མཐུན་པ་དང་རྣམ་པར་མ་བརྟགས་པ་ཞེས་བྱ་

བ་ལ་སོགས་པ་ནི་རྒྱུའི་མིང་བསྟན་པ་ཉིད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། མདོའི་ཚིག་འདི་རྣམ་པར་བཤད་པ་དང་སྦྱར་ན། དགོངས་པ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་འབྲས་བུའི་མིང་ངོ་། །མཚུངས་པར་ལྡན་པ་རྣམ་པར་དག་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་ནི་རྒྱུའི་མིང་སྟེ།

རྣམ་པར་དག་པའི་ཕྱོགས་ཞེས་བསྟན་པ་ནི་དངོས་པོ་ཡོངས་སུ་གྲུབ་པ་ཉིད་དོ། །མདོ་ལས་དགོངས་པ་ཡོངས་སུ་གྲུབ་པ་ཞེས་ལོགས་ཤིག་ཏུ་སྨོས་པས། དེའི་ཕྱིར་མཚུངས་པར་ལྡན་པ་རྣམ་པར་དག་པའི་ཕྱོགས་ཞེས་བྱ་བ་ནི་རྒྱུའི་མིང་ཞེས་བསྟན་ཏོ། །དེ་ལྟར་འགྲེལ་པ་རྣམ་པ་གཉིས་མི་མཐུན་པས། འདིར་

མདོའི་ཚིག་འདི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་སྦྱར་ནས་བཤད་པ་ཡིན་ཏེ་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །ཆོས་ཀྱི་སྐུ་ཐོབ་པ་དང་། ཡོངས་སུ་གྲུབ་པ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གོང་མ་བས་ཆེས་གོང་མ་ཁྱད་པར་དུ་འཕགས་པ་གྱ་ནོམ་པའི་རྒྱུ་ཡོངས་སུ་

འཛིན་པར་བྱེད་དོ་ཞེས་བྱ་བ་ནི་ལྔ་པ་གོང་མ་བས་ཆེས་གོང་མའི་རྒྱུའི་འབྲས་བུ་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པ་དང་། རྒྱུ་མཆོག་ཏུ་གྱུར་པ་དང་ཁྱད་པར་དུ་གྱུར་པ་དང་། ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་རོ་ཞེས་འབྱུང་ངོ་། སློབ་

เล่ม ๑๑๙ · หน้า 136b

དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ལས་ནི། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱ་བ་དང་། ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། གོང་མ་བས་ཆེས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་དོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། འདི་ལྟ་སྟེ་ས་

བཅུ་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཡོངས་སུ་རྫོགས་པ་ཞེས་བྱའོ། །བཅུ་གཅིག་པ་སངས་རྒྱས་ཀྱི་སའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པ་ཞེས་བྱའོ། །རྒྱུ་ཐམས་ཅད་ལས་གང་གིས་སངས་རྒྱས་ཀྱི་ས་སྐྱེད་པ་གང་ཡིན་པ་དེ་ནི་མཆོག་དང་ཁྱད་པར་དུ་འཕགས་པ་ཡིན་པས་དེའི་

ཕྱིར་གོང་མ་བས་ཆེས་གོང་མ་ཁྱད་པར་དུ་འཕགས་པའི་རྒྱུ་ཡང་ཡང་དག་པར་ཡོངས་སུ་འཛིན་པར་བྱེད་དོ་ཞེས་བྱ་བ་བསྟན་ཏོ་ཞེས་འབྱུང་ངོ་། །ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་འདི་ལྟ་སྟེ། ས་བཅུ་པ་གང་ཡིན་པ་དེ་ནི་ཡོངས་སུ་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ས་ལ་མངའ་བ་གང་

ཡིན་པ་དེ་ནི་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། འདི་ཐོབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ནི་མཆོག་དང་ཁྱད་པར་དུ་འཕགས་པ་ཡིན་པས། ཁྱད་པར་དུ་འཕགས་པའི་རྒྱུ་ཞེས་བཤད་དེ། རྒྱུ་སྔ་མ་སྔ་མ་ལས་བྱུང་བའི་ཕྱིར། གོང་མ་བས་ཆེས་གོང་མ་ཞེས་བྱ་བ་གསུངས་སོ། །ཁ་ཅིག་ན་རེ་ས་བཅུ་པ་ནི་

ཡོངས་སུ་གྲུབ་པ་ཞེས་བྱ་ལ། སངས་རྒྱས་ཀྱི་ས་ལ་ནི་ཡོངས་སུ་རྫོགས་པ་ཞེས་བྱ་ན་ནི་བསྟན་བཅོས་རྣམས་དང་འགལ་བར་འགྱུར་རོ་ཞེས་ཟེར་རོ་ཞེས་འབྱུང་སྟེ། ཆོས་ཀྱི་སྐུ་ཐོབ་པ་དང་། ཡོངས་སུ་གྲུབ་པ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་ཞེས་གསུངས་པ་ནི་བསྟན་བཅོས་ཐེག་པ་ཆེན་

པོ་བསྡུས་པའི་འགྲེལ་པ་དེའི་འགབ་ལོ་དང་། ལང་གི་ཚེ་བསྒྱུར་བ་ལས་འབྲས་བུ་བཞི་རྣམ་པར་རྟོག་པར་འབྱུང་བས། མདོ་འདི་དང་འགལ་བར་འགྱུར་ལ། གཞན་ནི་ཧྱན་ཙང་གིས་བསྒྱུར་བའི་དཔེ་དང་མཐུན་པར་འབྱུང་ངོ་། །མདོའི་ཚིག་འདི་བཤད་ཟིན་ཏོ། །བསྟན་བཅོས་རྣམས་ལས་ཐ་

དད་པའི་བྱེ་བྲག་ཀྱང་རྣམ་པ་བཞི་ཡོད་པས། དང་པོ་ནི་མིང་རྣམ་པར་བཞག་ནས་འབྲས་བུ་དང་མ་སྦྱར་བ་སྟེ། འབྲས་བུའི་མིང་ལོགས་ཤིག་ཏུ་རྣམ་པར་བཞག་ནས་བསྒོམ་པ་རྣམ་པ་ལྔས་ལོགས་ཤིག་ཏུ་འབྲས་བུ་རྣམ་པ་ལྔ་དང་མ་སྦྱར་བ་ཡིན་ཏེ། བསྟན་བཅོས་མདོ་སྡེའི་རྒྱན་ལས་ཇི་སྐད་དུ་འབྱུང་བ་

เล่ม ๑๑๙ · หน้า 137a

ཕྱིས་འོག་ནས་བསྟན་པ་ལྟ་བུའོ། །གཉིས་པ་ནི་འབྲས་བུ་དང་སྦྱར་ནས་མིང་རྣམ་པར་གཞག་པ་སྟེ། བསྒོམ་པ་རྣམ་པ་ལྔས་ལོགས་ཤིག་ཏུ་འབྲས་བུའི་མིང་རྣམ་པར་གཞག་པ་གང་ཡིན་པ་སྟེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་བཤད་པ་ལྟ་བུའོ། །དེའི་

ཕྱིར་དེ་ཉིད་ལས་དེ་ལྟར་བསྒོམ་པ་རྣམ་པ་ལྔ་པོ་དེ་ཡང་གྲངས་ཀྱི་གོ་རིམས་བཞིན་དུ་འབྲས་བུ་རྣམ་པ་ལྔ་ཐོབ་པར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གསུངས་པ། མིང་ཡང་རྣམ་པར་གཞག་ལ་འབྲས་བུ་དང་ཡང་སྦྱར་བ་སྟེ། འབྲས་བུའི་མིང་ཡང་ལོགས་ཤིག་ཏུ་རྣམ་པར་གཞག་ལ་འབྲས་བུ་རྣམ་པ་ལྔ་དང་

སྦྱར་བ་སྟེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ། །དེའི་ཕྱིར་དེ་ཉིད་ལས་ཉོན་མོངས་པ་ཉེ་བར་ཞི་ནས་མི་སྐྱེ་བའི་འབྲས་བུ་གང་ཡིན་པ་དེ་ནི་འདྲེས་པར་བསྒོམས་པས་ཐོབ་པའོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་གྲུབ་པའི་འབྲས་

བུ་གང་ཡིན་པ་དེ་ནི་མཚན་མ་མེད་པར་བསྒོམས་པས་ཐོབ་པའོ། །ཡེ་ཤེས་གཉིས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་ལྷུན་གྱིས་གྲུབ་པར་བསྒོམས་པས་ཐོབ་པའོ། །ངེས་པར་འབྱུང་བའི་འབྲས་བུ་གང་ཡིན་པ་དེ་ནི་འབར་བར་བསྒོམས་པས་ཐོབ་པའོ། །ཡོངས་སུ་རྫོགས་པའི་འབྲས་བུ་གང་ཡིན་པ་དེ་ནི་

ཆོག་པར་མི་འཛིན་པར་བསྒོམས་པས་ཐོབ་པའོ་ཞེས་འབྱུང་བ་ཡིན་ནོ། །བཞི་པ་ནི་མིང་ཡང་རྣམ་པར་མ་བཞག་ལ་འབྲས་བུ་དང་ཡང་མ་སྦྱར་བ་སྟེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པ་དང་། དེའི་འགབ་ལོ་ལ་བསྒྱུར་བ་

ལས་བསྟན་པ་ལྟ་བུའོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་རྣམ་པ་གཉིས་སུ་བསྔགས་པ་བརྗོད་ནས་འབྲས་བུ་རྣམ་པ་ལྔ་དང་སྦྱར་བ་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཡོན་ཏན་ལྔ་གང་ཞེ་ན། ཚིག་ལེའུར་བྱས་པ་ལས། སྐད་ཅིག་རེ་རེ་བག་ཆགས་ཀུན་སྦྱོང་དང་། །ལུས་དང་

སེམས་ཀྱང་ཤིན་ཏུ་སྦྱངས་པ་དང་། །ཤིན་ཏུ་གསལ་དང་མཚན་མ་མཐོང་བ་སྟེ། །ཡོངས་རྫོགས་རྣམ་པར་དག་པ་ཆོས་ཀྱི་སྐུ། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་ཡོན་ཏན་རྣམ་པ་ལྔ་ནི་བག་ཆགས་ཀུན་སྦྱོང་བ་དང་། ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་དང་

เล่ม ๑๑๙ · หน้า 137b

ཤིན་ཏུ་གསལ་བ་དང་མཚན་མ་མཐོང་བའོ། །དེ་ལ་བག་ཆགས་ཀུན་སྦྱོང་བ་ནི་སྐད་ཅིག་རེ་རེ་ལ་བག་ཆགས་ཀྱི་ཕུང་པོ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའི་ཕྱིར་རོ། །ལུས་ཤིན་ཏུ་སྦྱངས་པ་ནི་ཤིན་ཏུ་སྦྱངས་པ་བསྒོམས་པས་ལུས་ཀུན་ཏུ་ཁྱབ་པའི་ཕྱིར་རོ། །སེམས་ཤིན་ཏུ་སྦྱངས་པ་ཡང་

དེ་བཞིན་ནོ། །ཤིན་ཏུ་གསལ་བ་ནི་སྟོང་པ་ཉིད་ཀྱི་རྣམ་པ་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང་ཆད་དང་གྲངས་དང་བྲལ་བའི་ཕྱིར་རོ། །མཚན་མ་མཐོང་བ་ནི་རྣམ་པར་རྟོག་པ་མེད་པའི་མཚན་མ་མཐོང་བ་སྟེ། རྣམ་པར་དག་པའི་ཕྱི་མའི་རྒྱུ་བྱེད་པའི་ཕྱིར་རོ། །ཡོངས་རྫོགས་རྣམ་པར་དག་

པ་ཆོས་ཀྱི་སྐུ། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་། རྣམ་པར་དག་པར་བྱ་བའི་ཕྱིར་རྟག་པར་རྒྱུ་ལྔ་པོ་འདི་དག་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དུས་གང་གི་ཚེ་ཡོངས་སུ་རྫོགས་ཤིང་དུས་གང་གི་ཚེ་རྣམ་པར་དག་པར་འགྱུར་ཞེ་ན། སྨྲས་པ། ས་བཅུའི་ཚེ་

ནི་ཡོངས་སུ་རྫོགས་པར་འགྱུར་ལ། སངས་རྒྱས་ཀྱི་སའི་ཚེ་ནི་རྣམ་པར་དག་པར་འགྱུར་རོ། །འདིར་ཡོན་ཏན་རྣམ་པ་ལྔ་པོ་དེ་དག་ལས་སྔ་མ་གསུམ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ལ་ཕྱི་མ་གཉིས་ནི་ལྷག་མཐོང་གི་ཕྱོགས་ཡིན་པར་རིག་པར་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་

པོ་བསྡུས་པ་ལས་ནི་ས་བཅུའི་གནས་སྐབས་དང་སྦྱར་ནས་འབྲས་བུ་རྣམ་པ་ལྔ་བསྟན་ན། ཅིའི་ཕྱིར་མདོ་སྡེའི་རྒྱན་ལས་སའི་མདུན་རོལ་པ་དང་སྦྱར་ཏེ་བསྟན་ཞེ་ན། སྨྲས་པ། བསྟན་བཅོས་མདོ་སྡེའི་རྒྱན་ནི་ལས་དང་པོ་པའི་དབང་དུ་མཛད་ནས་སའི་མདུན་རོལ་པ་དང་སྦྱར་ཏེ་བསྟན་ཏོ། །ཐེག་

པ་ཆེན་པོ་བསྡུས་པ་ནི་ཟག་པ་མེད་པའི་དབང་དུ་མཛད་པའི་ཕྱིར་ས་བཅུ་དང་སྦྱར་ཏེ་བསྟན་ཏོ། །བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་རྣམ་པ་གསུམ་དུ་བསྔགས་པ་བརྗོད་ནས་འབྲས་བུ་ལྔ་སྡུད་པར་སྟོན་ཏོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། གཞན་ཡང་ཤིན་ཏུ་རྒྱས་པའི་

ཕྱོགས་ལ་ཏིང་ངེ་འཛིན་དུ་མཁས་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལྟར་རྒྱུ་རྣམ་པ་ལྔའི་ཕྱིར་ཏེ། །སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་དང་། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด