འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๑๘ · หน้า 58b
ཡུལ་ཁམས་གསུམ་པོའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པས་ཇི་ལྟར་ཁམས་གསུམ་པ་དག་པ་ལྟར་རང་གི་སའི་སྲིད་པ་དག་གིར་བྱས་པ་དང་། དམིགས་པ་དང་མཚུངས་པར་ལྡན་པས་འཆིང་བ་གཉིས་བརྟས་པར་བྱེད་པ་དང་། དེའི་རྣམ་པར་སྨིན་པར་བྱེད་པ་དང་། དབང་གི་འབྲས་བུ་གྱུར་པ་
ལྟ་བུ་ནི་མ་ཡིན་ཏེ། འདི་ལྟར་ཡོངས་སུ་དག་པ་དེ་ཁམས་གསུམ་པའི་སྲེད་པའི་དབང་གིས་ཡོངས་སུ་བཟུང་བ་མ་ཡིན་པའི་ཕྱིར་དང་། འཆིང་བ་གཉིས་དང་བྲལ་བའི་ཕྱིར་དང་། དེའི་རྣམ་པར་སྨིན་པ་དང་། དབང་གི་འབྲས་བུ་མ་ཡིན་པའི་ཕྱིར། མྱ་ངན་ལས་འདས་པ་ལ་སོགས་པ་བཞིན་
དུ། ཁམས་གསུམ་པའི་རྣམ་པར་སྨིན་པའི་ས་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་བཤད་དེ། ཁམས་བཅོ་བརྒྱད་དང་སྦྱར་ནས་ཕན་ཚུན་འདྲི་ཞིང་རྣམ་པར་དབྱེ་བ་དང་། ལྡན་མི་ལྡན་པ་ལ་སོགས་པ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་དང་། ཞིང་ཡོངས་སུ་དག་པ་བསྟན་པ་ལས་རྒྱ་ཆེར་བཤད་པ་བཞིན་
དུ་རིག་པར་བྱའོ། །འཇིག་རྟེན་ལས་འདས་པ་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཞེས་བྱ་བ་འདིས་ནི་ལྔ་པ་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས། འདི་ལྟ་སྟེ། གཞལ་མེད་ཁང་ཆེན་པོ་དེ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་
ཤེས་ཀྱི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་ལས་རྒྱུ་བྱས་པ་ལས་མངོན་པར་བྱུང་བས་རྒྱུ་མེད་པ་ཡང་མ་ཡིན། དབང་ཕྱུག་ཆེན་པོ་ལ་སོགས་པའི་རྒྱུ་ལས་ཀྱང་མ་ཡིན་ནོ། །ཇི་ལྟར་ན་ཞིང་ཡོངས་སུ་དག་པ་ཁམས་གསུམ་པ་ལས་ཤིན་ཏུ་དག་པ། འཇིག་རྟེན་ལས་འདས་པ་རྣམ་པར་མི་
རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཆོས་ཀྱི་རྣམ་པར་སྨིན་པའི་རྒྱུ་བྱེད་ཅེ་ན། དེའི་རྣམ་པར་སྨིན་པའི་རྒྱུ་བྱེད་དོ་ཞེས་ནི་མི་བརྗོད་དོ། །རྒྱུ་གཞན་ལས་དེ་འབྱུང་བར་བསྟན་ཏེ། ཇི་ལྟར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཕྱོགས་འཇིག་རྟེན་པའི་ཆོས་ཀྱི་
མཆོག་གི་རྒྱུ་བྱེད་པ་བཞིན་ནོ། །འདི་ནི་རང་བཞིན་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཟག་པ་མེད་པའི་དགེ་བའི་ཆོས་ཀྱི་ས་བོན་བསྐལ་པ་གྲངས་མེད་པ་གསུམ་དུ་མངོན་པར་བསྒྲུབས་ནས་འཕེལ་ཞིང་རྒྱ་ཆེན་པོར་གྱུར་པས་ཞིང་ཡོངས་སུ་དག་པ་འདི་མངོན་དུ་སྣང་བར་
เล่ม ๑๑๘ · หน้า 59a
འགྱུར་བའི་རྒྱུ་བྱེད་དོ། །དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །རྗེས་ལས་ཐོབ་པའི་སྔ་མ་ལས་འདས་པའི་ཕྱིར་བླ་མ་ཞེས་བརྗོད་དེ། འཇིག་རྟེན་ལས་འདས་པའི་བླ་མའི་གང་ཟག་པ་མེད་པའི་དགེ་བའི་རྩ་བས་འདིར་འབྱུང་བའི་
རྒྱུ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་རྣམ་པ་གཅིག་ཏུ་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་འཕགས་པའི་ལམ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱ་ལ། དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ནི་དེ་དག་ལས་འདས་པའི་ཕྱིར་བླ་མ་ཞེས་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཞིང་ཡོངས་སུ་དག་
པ་འདི་ནི་དེ་བཞིན་གཤེགས་པའི་རྣམ་པར་རིག་པ་ལ་མངའ་བའི་ཟག་པ་མེད་པའི་དགེ་བའི་རྩ་བའི་རྒྱུ་བྱས་ནས་རབ་ཏུ་སྐྱེའོ། །ཁ་ཅིག་ནི་བདག་པོའི་རྐྱེན་ལས་འབྱུང་སྟེ། འདི་ལྟར་ཕྱི་རོལ་གྱི་ཆོས་ཅན་གྱི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་རྒྱུའི་རྐྱེན་གྱིས་འབྱུང་སྟེ། ཉེ་བར་བསྐྱེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་
མ་ཡིན་ན་རྒྱུ་དང་རྐྱེན་མེད་པ་ཉིད་དུ་འགྱུར་ཏེ། ཕྱི་རོལ་གྱི་ཆོས་མ་ཡིན་པ་རྣམས་ཕན་ཚུན་ལྟོས་ན། རྒྱུ་དང་རྐྱེན་མ་ཡིན་པའི་ཕྱིར། ཕྱི་རོལ་གྱི་ཆོས་ཐམས་ཅད་ནི་ནང་གི་ཆོས་ཡོངས་སུ་བསྒོས་པས་རྒྱུ་བྱེད་དེ། གལ་ཏེ་དེ་ལྟར་ཕྱི་རོལ་གྱི་ཆོས་རྣམས་ཐུན་མོང་དུ་ཡོད་པ་ཡིན་ན། ཇི་ལྟར་སེམས་ཅན་སོ་སོའི་
ས་བོན་གྱིས་ལྷན་ཅིག་ཏུ་རྒྱུ་དང་རྐྱེན་བྱས་ནས་ཐུན་མོང་དུ་འབྲས་བུ་གཅིག་སྐྱེད་པར་བྱེད་ཅེ་ན། འདི་ལྟར་སེམས་ཅན་རྒྱུ་ཆུང་ངུས་ཆོས་རྒྱ་ཆེན་པོ་དཔག་པར་མི་ནུས་ཏེ། ཅིའི་ཕྱིར་ཕྱི་རོལ་གྱི་དངོས་པོ་རྣམས་རྡུལ་ཕྲ་རབ་ལ་སོགས་པ་ལས་མངོན་པར་གྲུབ་ཅིང་ཡང་དག་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ན།
དེ་ནི་རྒྱུ་མང་པོ་ལས་ཐུན་མོང་དུ་མངོན་པར་འགྲུབ་པ་ཡིན་ཏེ། སེམས་ཅན་གྱི་རྣམ་པར་རིག་པ་ཐ་དད་པ་སོ་སོ་ནས་གནས་གཅིག་པ་ལྟ་བུར་གྱུར་ནས་གཅིག་ལ་གཅིག་སྒྲིབ་པར་མི་བྱེད་དེ། ཇི་ལྟར་མར་མེ་མང་པོའི་འོད་དང་། སྐྱེ་བོ་མང་པོའི་རྨི་ལམ་ལྟ་བུར་རྒྱུའི་རྣམ་པ་མཚུངས་པས་འབྲས་བུའི་
མཚན་ཉིད་དང་འདྲ་ཡང་གནས་ནི་ཐ་དད་དེ། བཏགས་པ་ཙམ་དུ་ཐུན་མོང་ངོ་ཞེས་བརྗོད་ཀྱང་ཡང་དག་པར་སོ་སོ་ཐ་དད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞིང་ཡོངས་སུ་དག་པ་ཡང་དེ་བཞིན་ཏེ། སོ་སོའི་རྣམ་པར་རིག་པ་གྱུར་ནས་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་ཅིང་གནས་གཅིག་འདྲ་བར་སྣང་
เล่ม ๑๑๘ · หน้า 59b
བས་ཐུན་མོང་ཞེས་བརྗོད་པ་ཡིན་ནོ་ཞེས་འབྱུང་ངོ་། །ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅེས་བྱ་བ་འདིས་ནི་དྲུག་པ་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས་འདི་ལྟར་གཞལ་མེད་ཁང་ཆེན་པོ་དེ་ནི་ཤིན་ཏུ་
རྣམ་པར་དག་ཅིང་དབང་བསྒྱུར་བ། དེ་བཞིན་གཤེགས་པའི་ཟག་པ་མེད་པའི་ཐུགས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་བྱེད་དེ། རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་རྣམ་པར་རིག་པ་ལས་མ་གཏོགས་པར་རིན་པོ་ཆེ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་
ཡོངས་སུ་དག་པའོ། །དེ་ལྟར་རིན་པོ་ཆེ་ལ་སོགས་པ་ལྟ་བུར་སྣང་བ་ཡང་། དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཚུངས་པར་ལྡན་པའི་རྣམ་པར་རིག་པ་ཡོངས་སུ་དག་པ་སྔོན་བདག་ལ་ཕན་འདོགས་པའི་ཟག་པ་མེད་པའི་ཞིང་ཡོངས་སུ་དག་པའི་ས་བོན་མངོན་པར་བསྒྲུབ་
པའི་རྒྱུ་དང་རྐྱེན་གྱི་མཐུའི་ཕྱིར། དུས་ཐམས་ཅད་དང་། གནས་ཐམས་ཅད་དུ་མངོན་པར་འདུ་མཛད་པ་ལ་མི་ལྟོས་པར་རང་གི་ངང་གིས་རིན་པོ་ཆེ་སྣ་ཚོགས་ཀྱི་བཀོད་པ། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཞིང་དང་ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་གནས་བྱེད་པ་ལྟ་བུར་གྱུར་པར་སྣང་
ངོ་། །གཞན་ལ་ཕན་བཏགས་པའི་ཟག་པ་མེད་པའི་ཞིང་ཡོངས་སུ་དག་པའི་ས་བོན་གྱི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱི་ཕྱིར་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་ཇི་ལྟར་འོས་པ་བཞིན་དུ་ཞིང་ཡོངས་སུ་དག་པ་རྒྱ་ཆེན་པོ་འམ། རྒྱ་ཆུང་ངུའམ། ཁྱད་པར་ཅན་ནམ་ཁྱད་པར་ཅན་མ་ཡིན་
པ་དག་སྟོན་པར་མཛད་པས་ཀྱང་གཞན་ལོངས་སྤྱོད་རྫོགས་པའི་སྐུའི་གནས་བྱེད་པ་ལྟ་བུར་སྣང་ངོ་། །འདི་ལྟར་ས་དང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་ནི་ཇི་ལྟར་འོས་པ་བཞིན་དུ་རྒྱ་ཆུང་ངུ་དང་། དམན་པ་དག་སྟོན་པར་མཛད་ལ། དེ་བཞིན་དུ་གོང་ནས་གོང་དུ་ས་བཅུ་པ་དག་ལ་ནི་
རྒྱ་ཆེན་པོ་དང་ཁྱད་པར་ཅན་དག་སྟོན་ཏེ། ས་དེའི་དང་པོ་དང་བར་མ་དང་། ཐ་མ་ལ་སོགས་པ་ཡང་དེ་བཞིན་དུ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་ཀྱང་། དེ་ལས་རྣམ་པ་གཞན་དུ་བཤད་པ་མེད་དོ། །དེ་བཞིན་གཤེགས་པའི་གནས་ཞེས་བྱ་བ་འདིས་ནི་བདུན་པ་
เล่ม ๑๑๘ · หน้า 60a
བདག་པོ་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས་འདི་ལྟར་གཞལ་མེད་ཁང་ཆེན་པོ་དེ་སངས་རྒྱས་བཅོམ་ལྡན་འདས་མངའ་བདག་ཡིན་གྱིས་གཞན་ནི་མ་ཡིན་ཏེ། ཁྱད་པར་དུ་གྱུར་པའི་ཕྱིར་བཅོམ་ལྡན་འདས་ཉག་གཅིག་མངའ་
བ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་ཉག་གཅིག་གིས་བྱིན་གྱིས་བརླབས་ནས་བཞེས་པ་ཡིན་གྱིས་གཞན་གྱིས་ནི་མ་ཡིན་ནོ། །ཉིད་ཀྱིས་ལོངས་སྤྱོད་པའི་ཞིང་ཆོས་ཀྱི་དབྱིངས་ཀུན་དུ་ཁྱབ་པ་ཡིན་མོད་ཀྱི། རང་རང་གིས་སྤྲུལ་པ་ཡིན་པས་སོ་སོ་ནས་མངའ་བདག་མཛད་དེ། གཅིག་ལ་གཅིག་
སྒྲིབ་པ་ཡང་མེད་དོ། །གཞན་ལོངས་སྤྱོད་པའི་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པ་ཡིན་ཡང་། མཚན་ཉིད་གཅིག་ཏུ་གྱུར་པས་མཚན་ཉིད་ཀྱི་སྐུ་གཅིག་གིས་ཡོངས་སུ་བཞེངས་ནས་མངའ་བདག་མཛད་དེ། ཕན་ཚུན་སྒྲིབ་པ་ཡང་མེད་དོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་དང་ངོ་
བོ་ཉིད་མེད་ཀྱིས་རྣམ་པ་གཞན་དུ་བཤད་པ་ནི་མེད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ཡོངས་སུ་འདུས་པ་ཞེས་བྱ་བ་འདིས་ནི་བརྒྱད་པ་ཕྱོགས་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས་འདི་ལྟར་གཞལ་མེད་ཁང་ཆེན་པོ་དེ་ན་རྟག་པར་རྒྱུན་དུ་
བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ཚད་མེད་པ་དག་ལྷན་ཅིག་ཏུ་འདུས་ནས་འགྲོ་བར་འོས་པ་གང་ཡིན་པ་དེ་དག་ནི་ཕྱོགས་ཞེས་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་གྲངས་མེད་པ་རྟག་པར་འོང་ཞིང་ཕྱོགས་བྱེད་པ་ཉིད་ཀྱི་ཕྱིར། དགྲ་བོ་རྣམས་ཀྱིས་གནོད་པར་བྱེད་
པའང་མི་མངའ་སྟེ། ཉན་ཐོས་ལ་སོགས་པ་ལ་ནི་དེ་ལྟ་བུ་མེད་དོ། །འདི་ལྟར་ས་དང་པོའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་ཕན་འདོགས་པའི་ལོངས་སྤྱོད་པའི་ཞིང་ཡོངས་སུ་དག་པར་མི་ནུས་མོད་ཀྱི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་
རྗེའི་དབང་གིས་རང་གི་རྣམ་པར་རིག་པ་ལས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཇི་ལྟ་བ་བཞིན་དུ། ཞིང་རགས་པ་གྱ་ནོམ་པ་བྱང་ཆུབ་སེམས་དཔའ་རང་གི་དགེ་བའི་རྩ་བ་དང་། སྨོན་ལམ་གྱི་སྟོབས་ཇི་ལྟ་བ་བཞིན་དུ་རང་གི་རྣམ་པར་རིག་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐྱེད་པ་
เล่ม ๑๑๘ · หน้า 60b
འདྲ་བའི་ཞིང་ཡོངས་སུ་དག་པའི་རྒྱུ་མཚན་རབ་ཏུ་སྣང་ངོ་། །སོ་སོ་ནས་རང་གི་སེམས་དེ་ལྟར་སྣང་ཡང་གནས་གཅིག་ཏུ་དབྱིབས་ཀྱི་མཚན་ཉིད་མཚུངས་པ་དང་ཞིང་གཅིག་ཏུ་ལྷན་ཅིག་ཏུ་འདུས་པར་གྱུར་ཏོ་སྙམ་དུ་སེམས་སོ་ཞེས་འབྱུང་སྟེ། འདི་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་ཞིང་ཡོངས་སུ་དག་པ་དེ་ཟག་པ་དང་བཅས་པ་དང་། འོན་ཏེ་ཟག་པ་མེད་པ་ཞིག་ཡིན་ཞེས་བྱ་བ་ལ་སོགས་པའི་དོན་ནི་ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་དེ་ལས་རྣམ་པ་གཞན་དུ་བཤད་པ་ནི་མེད་དོ།། །།བམ་
པོ་དྲུག་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་ལ་སོགས་པ་ཚད་མེད་པ་རྟག་པར་རྣམ་པར་རྒྱུ་བ་ཞེས་པ་འདིས་ནི་དགུ་པ་ཞབས་འབྲིང་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་འགྲེལ་པ་དང་སྦྱར་ན། ལྷ་ནི་རྣམ་པ་གསུམ་ཡོད་དོ་ཞེས་བཤད་དེ། དེ་ལ་མིང་གི་ལྷ་ནི་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའོ། །སྐྱེ་བའི་ལྷ་ནི་འདི་ལྟ་སྟེ། རྒྱལ་ཆེན་རིགས་བཞིའི་ལྷ་ནས་སྲིད་པའི་རྩེ་མོའི་བར་གྱི་ལྷ་རྣམས་སོ། །རྣམ་པར་དག་པའི་ལྷ་
ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་རྣམས་སོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་ལྷ་ནི་རྣམ་པ་བཞི་ཡོད་དེ། མིང་གི་ལྷ་ནི་ཇི་ལྟར་ད་ལྟར་གྱི་མིའི་རྒྱལ་པོ་ལ་ལྷའི་བུ་ཞེས་བརྗོད་པ་ལྟ་བུའོ། །སྐྱེ་བའི་ལྷ་ནི་
རྒྱལ་ཆེན་རིས་བཞིའི་ལྷ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་གྱི་ལྷ་རྣམས་སོ། །རྣམ་པར་དག་པའི་ལྷ་ནི་འདི་ལྟ་སྟེ། མིའི་གནས་འདིར་འཕགས་པ་རྣམས་འབྱུང་བ་གང་ཡིན་པའོ། །སྐྱེ་བ་ཡོངས་སུ་དག་པའི་ལྷ་ནི་ཁམས་གསུམ་པའི་ལྷའི་ནང་ནས་འཕགས་པ་རྣམས་འབྱུང་བ་གང་
ཡིན་པའོ་ཞེས་འབྱུང་ངོ་། །ལྷ་རྣམ་པ་གསུམ་དང་རྣམ་པ་བཞི་ལས་མི་དང་སྐྱེ་བའི་ལྷ་རྣམས་ནི་ལྷ་ཞེས་བྱ་སྟེ། དེའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། ང་ཡི་ཞིང་འདི་ཤིན་ཏུ་བདེ། །ལྷ་རྣམས་ཀྱིས་ནི་རྟག་ཏུ་གང་། །ཞེས་གསུངས་པ་དང་། གཞན་ཡང་སྔོན་གྱི་ལས་བསྟན་པའི་
เล่ม ๑๑๘ · หน้า 61a
མདོ་ལས། གཟུགས་མེད་པའི་ལྷ་རྣམས་འཁོར་འདུས་པར་སོང་བའི་ཕྱིར་ཡང་ལྷའི་འཁོར་ཞེས་བྱའོ་ཞེས་གསུངས་པ་དང་། གཞན་ཡང་ཤཱ་རིའི་བུས་ཞུས་པའི་མདོ་ལས་ལྷ་རྣམས་བསྲུང་བའི་ལྷ་ལ་ཡང་ལྷ་ཞེས་གསུངས་སོ། །ཀླུ་ནི་རྣམ་པ་བཞི་སྟེ། ལྷའི་ཀླུ་
ནི་ལྷའི་གཞལ་མེད་རྣམས་འཛིན་ཅིང་ལྷུང་བར་མི་བྱེད་པའོ། །མིའི་ཀླུ་ནི་སྤྲིན་འབྱིན་ཅིང་ཆར་འབེབས་པའོ། །སྦྲུལ་གྱི་ཀླུ་ནི་ས་དང་རྒྱ་མཚོ་ཡོངས་སུ་འཛིན་པའོ། །རྒྱལ་པོའི་ཀླུ་ནི་རྒྱལ་པོའི་རིན་པོ་ཆེའི་བང་མཛོད་བསྲུང་བའོ། །གནོད་སྦྱིན་ཞེས་བྱ་བ་ནི་ཁྲོ་གཏུམ་ཆེ་བ་འམ། དཔའ་བ་འམ། འཇིགས་
སུ་རུང་བ་ཞེས་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། ས་ལ་གནས་པ་དང་། ནམ་མཁའ་ལ་གནས་པ་དང་། ལྷའི་ནང་ན་གནས་ཤིང་ལྷའི་གཡོག་བྱེད་པའོ། །དྲི་ཟ་ཞེས་བྱ་བ་ནི་རོལ་མོ་བྱེད་པ་སྟེ། དྲིས་འཚོ་བའི་ཕྱིར་དྲི་ཟ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་
འདི་ནི་ལྷའི་རོལ་མོ་མཁན་རྣམས་ཀྱི་རྗེས་སུ་འབྲང་བ། སེམས་མཉེན་དེས་ཤིང་བསོད་ནམས་ལྷ་རྣམ་པས་ཆུང་བ་སྟེ། རིན་པོ་ཆེ་སྣ་བདུན་གྱི་རིའི་བར་ན་གནས་པའོ། །ལྷ་མ་ཡིན་ནི་སྒྱུ་ཆེ་ཞིང་ལྷའི་ཡང་དག་པའི་སྤྱོད་པ་མེད་པའི་ཕྱིར་ལྷ་མ་ཡིན་ཞེས་བྱ་སྟེ། ཇི་ལྟར་མི་འགའ་ཞིག་ཉེས་
པར་སྤྱོད་པ་ལ་མི་མ་ཡིན་པ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་ལྷ་མ་ཡིན་རྣམས་ཀྱང་ལྷའི་འགྲོ་བས་བསྡུས་པར་བལྟ་བར་བྱའོ། །འོན་ཀྱང་དེ་དག་ནི་སྒྱུ་ཅན་འདྲིད་པའི་བསམ་པ་དང་ལྡན་པ་སྒྱུ་དང་གཡོའི་སྤྱོད་པ་ཤས་ཆེ་བ་ཡིན་ཏེ། དེ་བས་ན་འདི་ལྟ་སྟེ། ལྷ་རྣམས་བཞིན་
དུ་དཀར་པོའི་ཆོས་རྣམས་ཀྱི་སྣོད་དུ་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་ཆེད་འགའ་ཞིག་མདོ་གཞན་དག་ལས་འགྲོ་བ་ཐ་དད་པའི་བསྟན་པས་བསྟན་ཏོ། །དེ་དག་ལྷ་ཉིད་ཡིན་ན་ལྷའི་ཆོས་ཡང་དག་པར་བླངས་ཏེ། གནས་པ་མ་ཡིན་པས་དེའི་ཕྱིར་ལྷ་མ་ཡིན་རྣམས་ཞེས་བྱའོ་ཞེས་འབྱུང་ངོ་། །ཡང་ན་ཐེ་
ཚོམ་སྐྱེ་བའི་ལྷ་ཞེས་བྱ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ལྷ་མ་ཡིན་ནི་ལྷའི་བདེ་བ་ཉམས་སུ་མྱོང་བ་མི་ཉམས་པ་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་པས་སྤྲུལ་པ་རྣམས་དགའ་མགུར་བྱེད་པས། དེའི་ཕྱིར་མི་རྣམས་ཐེ་ཚོམ་ཟ་བའི་ཚིག་ཏུ་འདི་ལྷ་ཡིན་ནམ་མ་
เล่ม ๑๑๘ · หน้า 61b
ཡིན་ཞེས་ཟེར་བའི་ཕྱིར་རོ་ཞེས་བཤད་དོ། །ཡང་ན་ལུས་པོ་ཆེ་ཞེས་ཀྱང་བྱ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ལྷ་མ་ཡིན་རྒྱ་མཚོའི་ནང་དུ་འགྲེང་བའི་ཚེ། པུས་མོ་མི་ནུབ་པར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་བལྟའོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་མི་སྡུག་
པ་ཞེས་ཀྱང་བྱ་སྟེ། བུ་མོ་ཤ་ཙི་འབའ་ཞིག་བྱད་བཞིན་བཟང་གི་ཕ་མིང་དང་ཉེ་བཤེས་བཞིན་མི་སྡུག་གོ། །ཡང་ན་སྐྱེས་པ་མི་སྡུག་ལ་བུད་མེད་བྱད་བཞིན་བཟང་བའི་ཕྱིར་ཡང་མི་སྡུག་པ་ཞེས་བྱའོ་ཞེས་འབྱུང་ངོ་། །རྣལ་འབྱོར་སྤྱོད་པའི་ས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་སྦྱར་
ན་ལྷ་མ་ཡིན་ནི་ལྷའི་འགྲོ་བས་བསྡུས་པར་བཤད་དོ། །བསྟན་བཅོས་ཆོས་མངོན་པའི་མ་མོ་ལས་ནི་ཡི་དགས་ཀྱིས་བསྡུས་པར་འབྱུང་ངོ་། །ཆོས་ཡང་དག་པར་དྲན་པའི་མདོ་ལས་ནི་ཡི་དགས་དང་དུད་འགྲོའི་འགྲོ་བས་བསྡུས་པར་གསུངས་སོ། །ག་ཡའི་མདོ་ལས་ནི་ལྷ་དང་ཡི་དགས་དང་
དུད་འགྲོ་རྣམ་པ་གསུམ་གྱིས་བསྡུས་པར་བཤད་དོ། །ལྷ་མ་ཡིན་དེ་ཡང་གནས་ཀྱི་བྱེ་བྲག་གིས་རྣམ་པ་ལྔ་ཡོད་དེ། གནས་བསྟན་པའི་མདོ་ལས་ཇི་སྐད་དུ། དེ་ལ་དང་པོའི་སའི་སྟེང་དུ་གནས་པ་སྟེ། མཚན་མ་སྣ་ཚོགས་ཀྱི་རི་ལ་ལག་ན་མཚོན་ཐོགས་ནང་གི་འོག་ན་གནས་སོ། །གཉིས་པ་ནི་
རི་རབ་ཀྱི་བྱང་ཕྱོགས་རྒྱ་མཚོའི་འོག་དཔག་ཚད་སྟོང་འདས་པ་ན། ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་ཟིན་གནས་སོ། །གསུམ་པ་ནི་སྒྲ་གཅན་གྱི་འོག་དཔག་ཚད་ཉི་ཁྲི་ཆིག་སྟོང་འདས་པ་ན་ལྷ་མ་ཡིན་གྱི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་གནས་སོ་ཞེས་གསུངས་པ་ལྟ་བུའོ། །རབ་བརྟན་གྱི་མ་ནི་
དང་པོ་ལྷ་ལས་བྱུང་བ་ཡིན་པའི་ཕྱིར་ལྷ་དམན་པ་ཞེས་བྱ་སྟེ། བསྐལ་པ་དང་པོ་ཆགས་པའི་ཚེ་ལྷའི་བུ་མོ་རྣམས་རྒྱ་མཚོའི་ནང་དུ་ལུས་བཀྲུས་པ་ལས། ཆུས་དེ་དག་གི་ལུས་ལ་རེག་པ་དང་། ཁུ་ཆུ་ཤོར་ནས་ཆུའི་ནང་དུ་ལྷུང་བ་ཤའི་སྒོ་ང་གཅིག་ཏུ་གྱུར་ཏོ། །དེ་ལོ་བརྒྱ་སྟོང་ལོན་པ་དང་དེ་ལས་བུ་མོ་
ཞིག་བྱུང་སྟེ། མགོ་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དོ། །མགོ་ལ་མིག་སྟོང་དང་། ཁ་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དོ། །ཁ་ལ་ནི་སོ་བཞི་ཡོད་སོའི་སྟེང་དུ་མེ་བྱུང་བ་ནི་ལྕེ་འབབ་པ་འདྲའོ། །ལག་པ་ནི་ཉི་ཤུ་རྩ་བཞིའོ། །རྐང་པ་ནི་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དོ། །བུ་མོ་དེ་དུས་གཞན་ཞིག་ན་
เล่ม ๑๑๘ · หน้า 62a
རྒྱ་མཚོའི་ནང་དུ་ཞུགས་ཏེ། རྩེད་མོ་བྱས་པ་ལས་ཆུ་དངས་མ་དེ་ཁུང་དུ་ཞུགས་པས། ཤའི་སྒོ་ང་གཅིག་བཙས་སོ། །ལོ་བརྒྱ་སྟོང་ལོན་པ་དང་། རབ་བརྟན་ཞེས་བྱ་བ་བྱུང་སྟེ། མགོ་ནི་དགུ་ཡོད་དོ། །མགོ་ལ་མིག་ནི་དགུ་སྟོང་ཡོད་དོ། །ཁ་ནས་ནི་མེ་འབར་རོ། །ལག་
པ་ནི་དགུ་བརྒྱ་དགུ་བཅུའོ། །རྐང་པ་ནི་བརྒྱད་ཡོད་དོ། །ལུས་ཀྱི་ཚད་ནི་རི་རབ་པས་ཕྱེད་ཀྱིས་རིང་སྟེ། ཟས་སུ་ས་ཞག་དང་པདྨའི་རྩ་བ་ཟའོ། །ཕལ་ཆེར་ནི་ལྷ་རྣམས་རྩོད་དོ་ཞེས་བཤད་དེ། ཞིབ་ཏུ་ནི་ཆོས་ཡང་དག་པར་དྲན་པའི་མདོ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །དེ་ལ་ནམ་མཁའ་
ལྡིང་ནི་བྱ་གསེར་འདབ་ཅེས་ཀྱང་བྱ། བྱ་འདབ་བཟངས་ཞེས་ཀྱང་བྱ་སྟེ། བྱ་དེའི་འདབ་མ་རིན་པོ་ཆེ་སྣ་ཚོགས་ཀྱི་བཀོད་པ་དང་ལྡན་པས་གཅིག་ཏུ་གསེར་ཡིན་པར་ངེས་པ་མ་ཡིན་ནོ། །སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཆོས་ཀྱི་སྐུ་གསེར་འདབ་ཅན་ནི་དྲན་པ་ཉེ་བར་གཞག་པ་བཞིའི་རྐང་པ་
དང་། བྱམས་པ་དང་། སྙིང་རྗེ་དང་། རིག་པ་ཡོངས་སུ་དག་པའི་མིག་དང་ལྡན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཤིང་ལ་གནས་སོ། །བྱང་ཆུབ་སེམས་དཔའ་གསེར་འདབ་ཅན་ནི་འཁོར་བའི་རྒྱ་མཚོ་ཆེན་པོའི་ནང་དུ་ལྷ་དང་མིའི་ཀླུ་རྣམས་སྤར་མོས་བླངས་ནས། མྱ་ངན་ལས་
འདས་པའི་འགྲམ་དུ་འཇོག་པར་བྱེད་པ། འདི་ནི་ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་གྱི་གསེར་འདབ་ཅན་གྱི་ཆོས་ཀྱི་སྒོ་མོ་ཞེས་གསུངས་སོ། །ཡང་མདོ་གཞན་དག་ལས་འདབ་མ་གཉིས་ཀྱི་བར་དུ་དཔག་ཚད་ཁྲི་ཕྲག་སུམ་བརྒྱ་སུམ་ཅུ་རྩ་དྲུག་ཡོད་དེ། འཛམ་བུའི་གླིང་དུ་དེའི་རྐང་པ་གཅིག་
ལས་མི་ཤོང་ངོ་། །དེའི་འགྲམ་པ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པས་དེའི་ཕྱིར་ཡིད་བཞིན་ཞེས་ཀྱང་བྱའོ་ཞེས་ཀྱང་བཤད་དོ། །ཡང་ཁ་ཅིག་ལས་དེ་ནི་བྱའི་རྒྱལ་པོ་ཡིན་པས། བྱའི་ནང་ན་གསེར་འདབ་ཅན་ཞེས་བྱ་བ་ཀླུ་འབའ་ཞིག་ཟས་སུ་ཟ་བ་ཡོད་དེ། དེ་ཡང་སྐྱེ་བ་རྣམ་པ་བཞིའི་བྱེ་
བྲག་གིས་ཐ་དད་དོ། །དེ་ལ་རྫུས་ཏེ་སྐྱེ་བ་ནི་རྣམ་པ་བཞིའི་ཀླུ་དག་ཟ་བར་བྱེད་དོ། །མངལ་ནས་སྐྱེ་བ་ནི་སྐྱེ་བ་རྣམ་པ་གསུམ་གྱི་ཀླུ་དག་ཟ་བར་བྱེད་དེ། རྫུས་ཏེ་སྐྱེས་པ་མ་གཏོགས་སོ། །སྒོ་ང་ལས་སྐྱེ་བ་ནི་སྐྱེ་བ་རྣམ་པ་གཉིས་ཀྱི་ཀླུ་དག་ཟ་བར་བྱེད་དེ། རྫུས་ཏེ་སྐྱེ་བ་དང་མངལ་ནས་
เล่ม ๑๑๘ · หน้า 62b
སྐྱེ་བ་མ་གཏོགས་སོ། །དྲོད་གཤེར་ལས་སྐྱེ་བ་ནི་དྲོད་གཤེར་ལས་སྐྱེ་བ་འབའ་ཞིག་ཟ་བར་བྱེད་དོ། །གླིང་བཞི་པོ་འདིར་རྫུས་ཏེ་སྐྱེ་བའི་ནམ་མཁའ་ལྡིང་གི་རྒྱལ་པོ་ཡང་དག་དབྱངས་ཞེས་བྱ་བ་ཚེ་ལོ་བརྒྱད་སྟོང་ཐུབ་པ་ཉིན་རེ་ཞིང་ཀླུའི་རྒྱལ་པོ་ཆེན་པོ་གཅིག་དང་ཀླུ་ཕྲ་མོ་ལྔ་བརྒྱ་ཟ་བར་ནུས་པ་
ཅིག་ཡོད་དེ། གླིང་བཞི་པོ་རྣམས་སུ་རིམ་གྱིས་མཐར་ཆགས་སུ་ཟ་བར་བྱེད་དོ། །འཆི་ཀའི་དུས་ཀྱི་ཚེ་ཀླུ་རྣམས་བཟུང་ཞིང་བཟར་མི་བཏུབ་སྟེ། བཀྲེས་པའི་གདུང་བས་བསྲེགས་པས་འདབ་མའི་ཤུགས་ཀྱིས་རླུང་གི་དཀྱིལ་འཁོར་ལ་ཐུག་པའི་བར་དུ་བབས་པ་ལས་རླུང་གིས་བུས་
པས་སླར་ཡང་གྱེན་དུ་ཐུག་གོ། །དེ་ལྟར་ལན་བདུན་ཡན་མན་འདས་པས་རྐང་པ་བཞག་པའི་གནས་ཀྱང་མི་རྙེད་དེ། དེ་ནས་རྡོ་རྗེའི་འཁོར་ལོའི་རིའི་རྩེ་མོར་ཕྱིན་ནས་དེར་ཚེ་འདའོ། །ཀླུ་མང་པོའི་ཤ་ཟོས་པའི་དུག་གདུག་པའི་དབང་གིས་ལུས་ལ་མེ་རབ་ཏུ་འབར་བ་འབྱུང་ངོ་། །ཀླུའི་རྒྱལ་
པོ་དགའ་བོ་དང་། ཉེ་དགའ་བོ་གཉིས་རིན་པོ་ཆེའི་རི་རབ་རྣམས་ཚིག་ཏུ་དོགས་ནས། ཆར་ཆེན་པོའི་རྒྱུན་ཐིགས་པ་ཤིང་རྟའི་འཕང་ལོ་ཙམ་ཕབ་ནས་མེ་གསོད་པར་བྱེད་དོ། །དེའི་ལུས་ཀྱི་ཤ་གཞན་ཞིག་ཞུ་ནས་སྙིང་འབའ་ཞིག་ལུས་པ་ཚད་མིའི་བརླ་ཙམ་བཻ་ཌཱུརྱ་སྔོན་པོ་ཉིད་དུ་འགྱུར་
ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་ན་ནི་ནོར་བུ་རིན་པོ་ཆེར་བྱེད་དོ། །བརྒྱ་བྱིན་ལྷའི་དབང་པོ་ཐོབ་ན་ནི་གཙུག་གི་ནོར་བུ་བྱེད་དོ་ཞེས་བཤད་དོ། །དེ་ལ་མིའམ་ཅི་ཞེས་བྱ་བ་ནི་ལྷ་གླུ་མཁན་ཞེས་བྱ་བ་སྟེ། གླུ་ལ་མཁས་ཞིང་དྲི་ཟ་རྣམས་དང་ལྷན་ཅིག་ཏུ་ལྷ་རྣམས་ཀྱི་གཡོག་བྱེད་དོ། །
ལྷ་རྣམས་ནམ་དགོས་པ་ན་རེས་ཀྱིས་འགྲོ་བར་བྱེད་དོ། །ཡང་ཐེ་ཚོམ་སྐྱེ་བའི་ལྷ་ཞེས་བྱ་སྟེ། ལུས་དུད་འགྲོ་ཡིན་ལ་དབྱིབས་མི་འདྲ་ཞིང་བྱད་བཞིན་བཟང་བ་དང་། མགོ་བོ་ལ་རྭ་གཅིག་ཡོད་པས་མིས་མཐོང་བའི་ཚེ། ཐེ་ཚོམ་སྐྱེས་ནས་ཅི་འདི་མི་ཡིན་ནམ་འོན་ཏེ་ཡི་དགས་དང་དུད་འགྲོ་
གང་ཡིན་པ་མི་ཤེས་སོ་ཞེས་ཟེར་བའི་ཕྱིར། ཐེ་ཚོམ་སྐྱེ་བའི་ལྷ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོ་ནི་སྦྲུལ་ཆེན་པོའོ། །རྐང་པ་མེད་དེ་ལྟོས་འཕྱེ་ཞིང་འགྲོ་བའི་ཕྱིར་ལྟོ་འཕྱེ་ཞེས་བྱའོ། །ཡང་གཅིག་ཏུ་ན་སྦྲུལ་ཀླུ་ཞེས་ཀྱང་བྱ་སྟེ། འདི་ནི་འཇིག་རྟེན་པའི་ཆབ་ཁུང་སའི་ལྷ་མི་རྣམས་ཀྱིས་ཤ་ཆང་
เล่ม ๑๑๘ · หน้า 63a
ལེན་ཅིང་ཟ་བའོ། །ལྟོའི་ནང་ན་ཀླུ་དང་སྦྲུལ་ཡོད་དེ་ངོ་ཤེས་པར་དཀའ་ཞིང་ཅུང་ཟད་ཀླུ་འདྲ་བའི་ཕྱིར་ལོགས་ཤིག་ཏུ་སྨོས་པ་ཡིན་ནོ། །མི་འམ་ཅི་ཞེས་བྱ་བ་ནི་མིའི་གཟུགས་སུ་བསྒྱུར་ནས་ཆོས་ཉན་དུ་འོངས་པའི་ཕྱིར་མི་འམ་ཅི་ཞེས་བྱའོ། །ཤཱ་རིའི་བུས་ཞུས་པའི་
མདོ་ལས། ལྷ་འདྲེ་སྡེ་བརྒྱད་ནི་ཐམས་ཅད་ཀྱང་མིའམ་ཅི་ཞེས་གསུངས་སོ། །དེ་ལ་མི་ཞེས་བྱ་བ་ནི་མི་ཐམས་ཅད་བསྡུ་བའོ། །མི་མ་ཡིན་པ་ཞེས་བྱ་བ་ནི་མི་མ་ཡིན་པ་ཐམས་ཅད་བསྡུ་བའོ། །ཡང་ན་མི་དང་མི་མ་ཡིན་པ་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བའི་ཚིག་ཏུ་ཅི་འདི་མི་ཡིན་ནམ། འོན་ཏེ་མི་མ་
ཡིན་ཞེས་སྨྲ་བའི་ཕྱིར་རོ་ཞེའོ། །ཤཱ་རིའི་བུས་ཞུས་པའི་མདོ་ལས་སྡེ་བརྒྱད་ཀྱི་རྒྱུ་ཞུས་པ་འབྱུང་སྟེ། དེའི་ཕྱིར་དེ་ལ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་གསོལ་པ་བཅོམ་ལྡན་འདས་ལྷ་འདྲེ་སྡེ་བརྒྱད་རྣམས་རྐྱེན་གང་གིས་ལས་ངན་པར་སྐྱེས་ཀྱང་རྟག་པར་ཆོས་ཡང་དག་པར་ཐོས་པར་གྱུར་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་རྣམ་པ་གཉིས་ཀྱིས་ཏེ་འདི་ལྟར་ལས་ངན་པར་སྐྱེས་སོ། །འདི་ལྟར་ལས་དགེ་བས་ནི་བདེ་བ་ཆེར་མྱོང་བར་འགྱུར་བ་ཡིན་ཏེ། སྡེ་བརྒྱད་པོ་འདི་དག་ཐམས་ཅད་ཀྱང་མི་དང་མི་མ་ཡིན་པ་ཞེས་བྱའོ། །དེ་ལ་ལྷ་ནི་ཚེ་རབས་སྔ་མ་
ལ་ཤིང་རྟ་དང་ཁྱོགས་ལ་སོགས་པས་དཀོན་མཆོག་གསུམ་དང་ཕ་མ་དང་། སྐྱེས་བུ་དམ་པ་རྣམས་མཆོད་པ་བྱས་མོད་ཀྱི། འོན་ཀྱང་སེར་སྣ་དང་སྒྱུ་དང་ཕྲག་དོག་དང་བཅས་པའི་ཕྱིར་ལུས་འདི་བླངས་པ་ཡིན་ཏེ། ལྷའི་བུ་ཀུན་ཏུ་འོད་དང་གཙང་མཆོག་ལ་སོགས་པ་ལྟ་བུའོ། །ཀླུ་ནི་ཚེ་སྔ་
མ་ལ་ཡོན་ཏན་རྣམས་ཀྱི་རྒྱུ་བསགས་པ་དང་། སྦྱིན་པ་རྒྱ་ཆེར་བཏང་ཡང་ཡང་དག་པའི་དྲན་པ་ལ་མི་གནས་ཤིང་སྤྲོ་ཐུང་བ་དང་ཁྲོ་བ་ལ་དགའ་བའི་ཕྱིར་ལུས་འདི་བླངས་པ་ཡིན་ཏེ། ཀླུའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་ལྟ་བུའོ། །གནོད་སྦྱིན་ནི་ཚེ་སྔ་མ་ལ་སྦྱིན་པ་ཆེན་པོ་
ལེགས་པར་བཏང་བ་འམ། ཡང་ན་སྔར་གནོད་པ་བྱས་ལ་དེའི་འོག་ཏུ་ཕན་བཏགས་པ་ལས་མཐོ་དམན་གྱི་དབང་གིས་ལུས་བླངས་པ་ཡིན་ནོ། །དྲི་ཟ་ནི་ཚེ་རབས་སྔ་མ་ལ་ཞེ་སྡང་ཅུང་ཟད་དང་བཅས་ལ་རྟག་པར་སྦྱིན་པའི་ལེགས་པར་བསྟབ་པ་དང་། པདྨ་སྔོན་པོས་བདག་ཉིད་བརྒྱན་ཏེ།
เล่ม ๑๑๘ · หน้า 63b
རོལ་མོ་རྣམ་པ་སྣ་ཚོགས་མང་པོ་བྱས་པའི་ཕྱིར། ལུས་འདི་བླངས་པ་ཡིན་ནོ། །ལྷ་མ་ཡིན་ནི་སེམས་ཁེངས་ཤིང་དགེ་བའི་བཤེས་གཉེན་གྱི་རྗེས་སུ་ཡོངས་སུ་དག་པའི་བསོད་ནམས་བྱེད་དུ་མི་བཏུབ་ལ། གང་ཟག་གཡོ་སྒྱུ་ཅན་གྱི་རྗེས་སུ་འབྲང་ཞིང་བསོད་ནམས་ཡང་དག་པ་མ་ཡིན་པ་ལ་
དགའ་བ་དང་། ལོག་པར་སྟོན་པའི་མཁན་པོ་ལ་བརྟེན་ཅིང་སྦྱིན་པ་ཡང་ལེགས་པར་བཏང་བ་དང་། གཞན་ཡང་གཞན་དག་འཐབ་མོ་བྱེད་པ་ལ་ལྟ་བར་མོས་པའི་ཕྱིར་ལུས་འདི་བླངས་པ་ཡིན་ནོ། །ནམ་མཁའ་ལྡིང་ནི་ཚེ་རབས་སྔ་མ་ལ་སྦྱིན་པ་ཆེན་པོ་བཏང་བ་དང་། སེམས་མཐོ་ཞིང་
གཞན་དག་ལ་བརྙས་པའི་ཕྱིར་ལུས་འདི་བླངས་པ་ཡིན་ནོ། །མི་འམ་ཅི་ནི་ཚེ་རབས་སྔ་མ་ལ་གཞན་དག་ལེགས་པར་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པ་ལས། དེ་སེམས་ཡང་དག་པ་ཉིད་དུ་མ་གྱུར་པར་ལོག་པར་སྟོན་པ་རྣམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ལུས་འདི་བླངས་པ་ཡིན་ནོ། །
ལྟོ་འཕྱེ་ཆེན་པོ་ནི་སྦྱིན་པ་ཡང་བཏང་། དམ་པའི་ཆོས་ཀྱང་བསྡུས་མོད་ཀྱི། ཁོང་ཁྲོ་བ་ལ་དགའ་བའི་ཕྱིར་ལུས་འདི་བླངས་པ་ཡིན་ནོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཞིང་ཡོངས་སུ་དག་པ་འདི་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་
ཡིན་ན། ལྷ་ལ་སོགས་པའི་ཞམ་རིང་བ་ཇི་ལྟར་སྲིད་དེ་ལྷ་ལ་སོགས་པ་དེ་དག་ཐམས་ཅད་ནི་ཁམས་གསུམ་པས་བསྡུས་པའི་ཕྱིར་རོ་ཞེ་ན། ཡོངས་སུ་དག་པའི་རྣམ་པར་རིག་པས་བཟུང་ནས་ཞིང་ཡོངས་སུ་དག་པ་བརྒྱན་པའི་ཕྱིར་སྣང་བས་འགལ་བ་མེད་དོ། །ཡང་ན་འདུལ་བར་བྱ་བའི་སེམས་
ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྤྲུལ་པའི་རྣམ་པའི་རྣམ་པ་དེ་ལྟ་བུ་སྟོན་ཏེ། ཇི་ལྟར་རྒྱལ་པོ་བཀའ་བྱིན་ན་འདུལ་བའི་ཕྱིར། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་སྟོང་དང་བྱས་པ་སྤྲུལ་ནས་བསྟན་པ་བཞིན་ནོ་ཞེས་འབྱུང་སྟེ། འདི་ནི་གླེང་གཞི་ཞིབ་ཏུ་ནི་སངས་རྒྱས་ཀྱི་སའི་
བརྗེད་བྱང་ལས་བཤད་པ་བཞིན་ནོ། །གཞན་ཡང་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ལྷ་དང་ཀླུ་ལ་སོགས་པའི་ལུས་ཚད་མེད་པ་དག་ཏུ་སྤྲུལ་ནས། ཞིང་ཡོངས་སུ་དག་པ་དེར་གནས་ཤིང་སངས་རྒྱས་རྣམས་ལ་མཆོད་པ་བྱེད་པ་འམ།
เล่ม ๑๑๘ · หน้า 64a
ཡང་ན་བདག་ཉིད་ཀྱི་ལུས་ལྷ་དང་ཀླུ་ལ་སོགས་པའི་ལུས་སུ་སྤྲུལ་ནས་དེ་བཞིན་གཤེགས་པའི་ཞམ་རིང་བྱེད་པ་ཡིན་པའི་ཕྱིར་འགལ་བ་མེད་དོ་ཞེས་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པའི་རྣམ་པ་གཅིག་ལས་ཞིང་ཡོངས་སུ་དག་པ་དེར་
ཡང་དག་པར་ལྷ་དང་ཀླུ་ལ་སོགས་པ་འདི་ལྟ་བུ་མེད་མོད་ཀྱི། སྟོང་པ་ཉིད་དུ་མི་འཛིན་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་ཀྱིས་འདི་ལྟ་བུའི་རྣམ་པ་འདྲེན་པ་སྣ་ཚོགས་སྤྲུལ་པ་ཡིན་ནོ་ཞེས་བཤད་དོ། །ཆོས་རྒྱ་ཆེན་པོ་རོའི་དགའ་བ་དང་བདེ་བ་བསྟེན་པ་ཞེས་བྱ་བ་འདིས་ནི་བཅུ་པ་
རྟོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས་འདི་ལྟར་དེ་ན་ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བ་དང་བདེ་བའི་ཟས་ཀྱིས་བསྟེན་ནས་གནས་པར་བྱེད་པ་ནི་སྟོན་པའི་དོན་ཡིན་ནོ། །ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་
ཞེས་བཤད་ན། ཇི་ལྟར་ཟས་ཡོད་པར་འགྱུར། ཟག་པ་མེད་པའི་ཆོས་ནི་ཟས་ཞེས་བརྗོད་པར་མི་རིགས་ཏེ། ཟས་ནི་སྲིད་པ་གསུམ་གྱི་སེམས་ཅན་གསོ་བར་བྱེད་པ་ཡིན་ལ། འདི་ནི་སྲིད་པ་གཅོད་པ་ཡིན་པའི་ཕྱིར་ཟས་བརྗོད་པ་ནི་མི་རིགས་སོ་ཞེ་ན། ཟག་པ་མེད་པ་ཡིན་ཡང་སྟོན་
པའི་རྒྱུ་ཡིན་པའི་ཕྱིར་ཡང་ཟས་ཞེས་བརྗོད་དེ། ཇི་ལྟར་ཁྱེད་ཀྱི་གཞུང་ལས་གཟུགས་མེད་པ་ལ་སོགས་པར་སྐྱེས་པ་རྣམས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་ཡང་ཟས་ཞེས་བརྗོད་པ་དང་འདྲའོ། །འདས་པའི་ཟས་ལ་ཟས་ཞེས་བརྗོད་པ་ཡང་མ་ཡིན་ཏེ། འདས་པ་
མེད་པའི་ཕྱིར་རོ། །འདི་ཡང་དོན་བཞིན་ཏེ་སྟོན་པའི་རྒྱུ་ཡིན་པའི་ཕྱིར་ཟས་ཞེས་བརྗོད་དོ། །ཇི་ལྟར་ཟག་པ་དང་བཅས་པའི་ཆོས་ཟག་པ་མེད་པ་ལ་སྒྲིབ་པ་ཡིན་མོད་ཀྱི་འོན་ཀྱང་ཟག་པ་དང་བཅས་པ་ཡོངས་སུ་འཛིན་པས་ཟས་ཞེས་བྱའོ་ཞེས་བརྗོད་པ་དེ་བཞིན་དུ་ཟག་པ་
མེད་པ་ཡང་དེ་བཞིན་ནོ། །ཟག་པ་དང་བཅས་པ་སྤངས་མོད་ཀྱི། འོན་ཀྱང་ཟག་པ་མེད་པ་ཡོངས་སུ་འཛིན་པས་ཅིའི་ཕྱིར་ཟས་མ་ཡིན་ཏེ་ཞིང་ཡོངས་སུ་དག་པ་དེར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྗེས་ལ་བརྙེས་པའི་ཟག་པ་མེད་པའི་ཐེག་པ་ཆེན་པའི་ཆོས་ཀྱི་རོའི་དགའ་
เล่ม ๑๑๘ · หน้า 64b
བ་འཆད་པ་ཡང་སྤྱོད། བསྟར་བ་ཡང་སྤྱོད་པས་དགྱེས་པ་ཆེན་པོ་སྐྱེ་ལ། གཞན་ཡང་ཡང་དག་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཀྱིས་དེ་བཞིན་ཉིད་ཀྱི་རོ་བསྟར་ཞིང་དགྱེས་པ་ཆེན་པོ་སྐྱེ་བ་དང་། སྐུ་ཡོངས་སུ་འཛིན་ཅིང་འཇིག་པར་མི་འགྱུར་བ་དང་། དགེ་བའི་ཆོས་རྣམས་གསོ་བའི་ཕྱིར་
ཟས་ཞེས་བརྗོད་དོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་རྣམ་པ་གཞན་དུ་བཤད་པ་ནི་མེད་དོ། །གཞན་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། ཞིང་དེའི་སེམས་ཅན་ནི་རྟག་པར་ཟས་རྣམ་པ་གཉིས་ཀྱིས་གནས་པར་བྱེད་དེ། ཆོས་ཀྱི་དགའ་བའི་
ཟས་དང་། བསམ་གཏན་གྱི་དགའ་བའི་ཟས་སོ་ཞེས་གསུངས་ཏེ། དེ་ཉིད་ཀྱི་འགྲེལ་པ་ལས། །ཆོས་དང་བསམ་གཏན་དགའ་བའི་ཟས། །ཟས་གཞན་འདུ་ཤེས་ཅི་ཡང་མེད། །ཅེས་གསུངས་སོ། །སེམས་ཅན་གྱི་དོན་དང་ཕན་པ་ཐམས་ཅད་བྱེད་པར་གནས་པ་ཞེས་བྱ་བ་འདིས་
ནི་བཅུ་གཅིག་པ་ཕྲིན་ལས་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས། འདི་ལྟར་དེ་ན་དེ་ཉིད་ཀྱིས་མངོན་སུམ་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་ཐམས་ཅད་མཛད་པ་འམ། ཡང་ན་སེམས་ཅན་ཐམས་ཅད་རང་ཉིད་ཀྱི་དོན་དང་ཕན་པ་
ཐམས་ཅད་བྱེད་པར་འགྱུར་བའོ། །དེ་ལ་ཚེ་འདི་ལ་ཕན་འདོགས་པའི་དོན་ཏོ། །ཚེ་ཕྱི་མ་ལ་ཕན་འདོགས་པར་འགྱུར་བ་ནི་ཕན་པའོ། །གཞན་ཡང་འཇིག་རྟེན་པ་ནི་དོན་ཞེས་བྱའོ། །འཇིག་རྟེན་ལས་འདས་པ་ནི་ཕན་པ་ཞེས་བྱའོ། །གཞན་ཡང་སྡིག་པ་དང་བྲལ་བ་ནི་དོན་ཞེས་བྱའོ། །
དགེ་བ་སྡུད་པ་ནི་ཕན་པ་ཞེས་བྱའོ། །གཞན་ཡང་བསོད་ནམས་དང་ཡོན་ཏན་ནི་དོན་ཞེས་བྱའོ། །ཡེ་ཤེས་དང་ཤེས་རབ་ནི་ཕན་པ་ཞེས་བྱ་སྟེ། འདི་ལྟ་བུ་ལ་སོགས་པ་ཐ་དད་དོ། །ཏིང་ངེ་འཛིན་རབ་ཏུ་ཞི་བ་ལ་བཞུགས་ཀྱང་སྔོན་སྦྱོར་བ་མངོན་པར་བསྒྲུབས་པ་དང་། སྨོན་ལམ་གྱི་
མཐུའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་ཕན་པར་མཛད་པར་སྤྱོད་དོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་རྣམ་པ་གཞན་དུ་བཤད་པ་ནི་མེད་དོ། །ཉོན་མོངས་པ་འཆིང་བ་དང་དྲི་མ་ཐམས་ཅད་རབ་ཏུ་བསལ་བ་ཞེས་བྱ་བ་འདིས་ནི་བཅུ་གཉིས་པ་ཕན་འདོགས་པ་
เล่ม ๑๑๘ · หน้า 65a
ཕུན་སུམ་ཚོགས་པ་བསྟན་ཏོ། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཉོན་མོངས་པའི་འཆིང་བའི་དྲི་མ་ཡང་རྣམ་པ་གཉིས་ཀྱིས་ཐ་དད་དོ་ཞེས་རྣམ་གྲངས་གསུམ་གྱིས་བཤད་དེ། དེའི་ཕྱིར་དེ་ཉིད་འགྲེལ་པ་དེ་ཉིད་ལས་ཉོན་མོངས་པ་དེ་དག་ཉིད་ལ་འཆིང་བ་དང་
དྲི་མ་ཞེས་བྱའོ། །ཡང་ན་ཉོན་མོངས་པ་ནི་འདི་ལྟ་སྟེ། རྩ་བའི་ཉོན་མོངས་པ་བརྒྱ་ཉི་ཤུ་རྩ་བརྒྱད་དོ། །འཆིང་བ་ནི་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ལ་སོགས་པའོ། །དྲི་མ་ནི་གཡོ་དང་སྒྱུ་ལ་སོགས་པའོ། །གཞན་ཡང་ཤེས་བྱའི་སྒྲིབ་པ་དང་བག་ལ་ཉལ་རྣམས་ནི་ཉོན་མོངས་པ་ཞེས་བྱའོ། །
དེ་ཉིད་མངོན་སུམ་དུ་བྱུང་བ་ནི་འཆིང་བ་དང་དྲི་མ་ཞེས་བརྗོད་དེ། དེ་ལ་རྩ་བའི་ཉོན་མོངས་པ་རྣམས་ནི་འཆིང་བ་ཞེས་བྱའོ། །ཉེ་བའི་ཉོན་མོངས་པ་རྣམས་ནི་དྲི་མ་ཞེས་བྱ་སྟེ། དེ་ལྟར་ཉོན་མོངས་པའི་འཆིང་བ་དང་དྲི་མ་ཡོངས་སུ་སྤངས་པ་ནི་ཕན་འདོགས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །མདོའི་
ཚིག་འདི་ཡང་མི་མཐུན་པ་རྣམ་པ་གསུམ་ཡོད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་མདོ་སྡེའི་ཚིག་ཁུངས་སུ་བསྟན་པ་ལས་གནོད་པ་ཞེས་འབྱུང་གིས། འཆིང་བ་དང་དྲི་མ་ཞེས་མི་འབྱུང་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཉོན་མོངས་པའི་གནོད་པ་ཐམས་ཅད་རབ་ཏུ་
བསལ་བ་ཞེས་འབྱུང་བ་ཡིན་ནོ། །མདོ་སྡེ་འདི་ལས་ནི་འཆིང་བ་དང་དྲི་མ་ཞེས་འབྱུང་གི །གནོད་པ་ཞེས་བྱའི་ཚིག་ནི་མ་གསུངས་སོ། །སངས་རྒྱས་ཀྱི་སའི་མདོ་ལས་ནི་གཉི་ག་སྨོས་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས་ཉོན་མོངས་པའི་གནོད་པ་དང་འཆིང་བ་དང་དྲི་མ་ཐམས་ཅད་དང་བྲལ་བ་
ཞེས་གསུངས་པ་ཡིན་ཏེ། གནོད་པའི་དོན་ནི་འོག་ནས་བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པའི་སྐབས་ནས་བཤད་པ་བཞིན་ནོ། །བདུད་ཐམས་ཅད་ཡོངས་སུ་སྤངས་པ་ཞེས་བྱ་བ་འདིས་ནི་བཅུ་གསུམ་པ་མི་འཇིགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་བདུད་ཐམས་ཅད་ཅེས་བྱ་བ་ནི།
སྔར་གོང་དུ་ཉོན་མོངས་པ་དང་ཕུང་པོ་དང་འཆི་བདག་དང་ལྷའི་བུའི་བདུད་དོ་ཞེས་བསྟན་པ་ཉིད་དོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ཇི་སྐད་དུ་འདི་ལྟར་རྣམ་པ་བཞི་པོ་འདི་དག་དགེ་བའི་ཆོས་རྣམས་ལ་གནོད་པ་བྱེད་པའི་ཕྱིར་བདུད་ཅེས་བྱའོ་ཞེས་བཤད་པ་ལྟ་བུའོ། །བདུད་བཞི་
เล่ม ๑๑๘ · หน้า 65b
སྤངས་པའི་བྱེ་བྲག་ཀྱང་ཐམས་ཅད་ཡོད་པར་སྨྲ་བ་དང་། ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན་བྱང་ཆུབ་ཀྱི་ཤིང་དྲུང་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། བར་ཆད་མེད་པའི་ལམ་གྱིས་ནི་ཉོན་མོངས་པའི་བདུད་བཅོམ་མོ། །ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཞུགས་
ནས་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པའི་ཚེ་ནི་ཕུང་པོའི་བདུད་བཅོམ་མོ། །ཟླ་བ་གསུམ་དུ་སྐུ་ཚེ་སླར་བསྲིང་བ་ནི་འཆི་བདག་གི་བདུད་བཅོམ་པ་ཡིན་ནོ། །བྱམས་པའི་ཏིང་ངེ་འཛིན་ལ་གནས་པའི་ཚེ་ནི་ལྷའི་བུའི་བདུད་བཅོམ་པ་ཡིན་ནོ་ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་བཤད་པ་འདི་དང་ཅུང་ཟད་ཐ་དད་དེ། དེའི་ཕྱིར་དེ་ཉིད་ལས་བདུད་ཐམས་ཅད་སྤངས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ཕུང་པོ་དང་། འཆི་བདག་དང་ལྷའི་བུའི་བདུད་དང་བྲལ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མྱ་ངན་
ལས་འདས་པའི་ལམ་ཐོབ་པའི་ཕྱིར་ནི་ཉོན་མོངས་པའི་བདུད་བཅོམ་མོ། །ཆོས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་ཕྱིར་ནི་ཕུང་པོའི་བདུད་བཅོམ་མོ། །ལམ་དང་ཆོས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་ཕྱིར་ནི་འཆི་བདག་གི་བདུད་བཅོམ་མོ། །སེམས་རྩེ་གཅིག་པའི་ཕྱིར་ཐམས་ཅད་དུ་སེམས་
མངོན་པར་ཞེན་པ་མེད་པའི་ཕྱིར་དང་མི་གཡོ་བའི་ཏིང་ངེ་འཛིན་ལས་རབ་ཏུ་ཞུགས་པའི་ཕྱིར་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུའི་བདུད་བཅོམ་པའོ། །ཤེས་རབ་ཀྱི་སྲོག་འཕྲོག་པ་དང་། ལམ་གྱི་ཆོས་དང་ཡོན་ཏན་དང་དགེ་བའི་རྩ་བ་རྣམས་འཇིག་པར་བྱེད་པའི་ཕྱིར་བདུད་ཅེས་
བྱ་བའོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་འབྱུང་བ་བཞིན་ནོ། །ཐེག་པ་ཆེན་པོ་ཡང་དག་པའི་དོན་དང་སྦྱར་ན། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཇི་སྐད་དུ་ས་དང་པོ་ཡན་ཆད་ནི་བདུད་རགས་པ་རྣམ་པ་བཞི་སྤངས་པའོ། །སངས་རྒྱས་སའི་ཚེ་ནི་གཏན་དུ་སྤངས་པའོ་ཞེས་
བཤད་པ་ལྟ་བུའོ། །དོན་གྱི་རྗེས་སུ་རྣམ་པར་དབྱེ་ན་དད་པ་བཅུ་ལ་གནས་པ་ཡན་ཆད་ཀྱང་ས་རྣམས་སུ་རིམ་གྱིས་ཡོངས་སུ་སྤོང་བར་བྱེད་དེ་ཅི་རིགས་སུ་སྦྱར་རོ། །ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བཀོད་པའི་གནས་ཞེས་བྱ་བ་འདིས་ནི་བཅུ་བཞི་པ་གནས་
เล่ม ๑๑๘ · หน้า 66a
ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས་འདི་ལྟར་དེ་ནི་སངས་རྒྱས་བཞུགས་པའི་གནས་ཡིན་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གཞན་དག་གིས་བཀོད་པའི་གནས་གང་ཡིན་པ་དེ་དག་པས་ལྷག་ཅིང་དེ་
བཞིན་གཤེགས་པ་འབའ་ཞིག་གིས་བཀོད་པ་ཁྱད་པར་ཅན་གྱིས་བརྒྱན་པའི་གནས་སུ་གྱུར་པ་དེས་ན་ཐམས་ཅད་ཀྱིས་བཀོད་པའི་གནས་ལས་མཆོག་ཏུ་གྱུར་པའི་ཕྱིར། གནས་ཕུན་སུམ་ཚོགས་པ་ཞེས་བཤད་དོ་ཞེས་འབྱུང་ངོ་། །དྲན་པ་དང་བློ་གྲོས་དང་སྤྱོད་པ་ཆེན་པོ་རྣམ་པར་རྒྱུ་བའི་
ལམ་དུ་གྱུར་པ་ཞེས་བྱ་བ་འདིས་ནི་བཅོ་ལྔ་པ་ལམ་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདི་ལྟར་དེ་ནི་དྲན་པ་ཆེན་པོ་དང་བློ་གྲོས་ཆེན་པོ་དང་སྤྱོད་པ་ཆེན་པོ་རྣམས་རྣམ་པར་རྒྱུ་བའི་ལམ་དུ་གྱུར་པ་ཡིན་ཏེ། བགྲོད་པར་བྱ་བ་ཡིན་པའི་ཕྱིར་རྣམ་པར་རྒྱུ་
བའི་ལམ་ཞེས་བྱ་སྟེ། ལམ་གྱི་རྣམ་གྲངས་སོ། །ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་དྲན་པ་ཆེན་པོ་ཞེས་བྱ་སྟེ། འདི་ལྟར་ཐོས་ནས་མི་བརྗེད་པར་འཛིན་པར་བྱེད་དོ། །དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་ཕྱིར་རོ། །བསམས་པ་ལས་བྱུང་བའི་ཤེས་རབ་ནི་བློ་གྲོས་ཆེན་པོ་ཞེས་བྱ་སྟེ།
དོན་ཇི་ལྟ་བ་བཞིན་དུ་ལེགས་པར་བསམས་ནས་ངེས་པར་ཐོབ་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་སྤྱོད་པ་ཆེན་པོ་ཞེས་བྱ་སྟེ། བསྒོམས་པའི་སྟོབས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །དེ་ལ་ཆེན་པོ་ནི་དྲན་པ་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་ལ་དམིགས་པ་ལས་
བྱུང་བའི་ཕྱིར་དང་། དེའི་འབྲས་བུ་ཡིན་པའི་ཕྱིར་དང་དེ་བསྡུས་པའི་ཕྱིར་རོ། །ཤེས་རབ་གྱ་ནོམ་པ་རྣམ་པ་གསུམ་གྱིས་ཞིང་ཡོངས་སུ་དག་པར་ཕན་ཚུན་དུ་བགྲོད་པའི་ཕྱིར་རྣམ་པར་རྒྱུ་བའི་ལམ་ཞེས་བྱའོ། །འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་གྱ་ནོམ་པ་གསུམ་གྱི་རྒྱུས་
ཞིང་ཡོངས་སུ་དག་པར་འཇུག་པའི་ཕྱིར། རྣམ་པར་རྒྱུ་བའི་ལམ་ཞེས་བྱའོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་དྲན་པ་ཆེན་པོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། དྲན་པའི་དབང་གིས་དེ་ཁོ་ན་ཉིད་ཀྱི་དོན་ལ་རབ་ཏུ་གནས་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་ནི་རྗེས་ལས་
เล่ม ๑๑๘ · หน้า 66b
ཐོབ་པའི་ཡེ་ཤེས་ཡིན་ཏེ། ཆོས་རྣམས་ཀྱི་དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་རྣམ་པར་འབྱེད་པའི་ཕྱིར་རོ། །འདི་གཉི་ག་ཡང་ཞིང་ཡོངས་སུ་དག་པའི་མངོན་པར་འདུ་བྱེད་པའི་ལས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་གཉི་ག་ཡང་སྤྱོད་པ་ཞེས་བྱའོ། །ཤེས་པ་འདི་གཉིས་ཀྱི་དབང་
གིས་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་བའི་ཕྱིར་རྣམ་པར་རྒྱུ་བའི་ལམ་ཞེས་བྱའོ། །ཡང་ནི་དྲན་པ་ཆེན་པོའི་སྤྱོད་པ་ནི་བདག་ལ་ཕན་འདོགས་པའི་སྤྱོད་པ་ཡིན་ཏེ། ནང་དུ་བསྡུས་ནས་མངོན་པར་རྫོགས་པའི་ཕྱིར་རོ། །བློ་གྲོས་ཆེན་པོའི་སྤྱོད་པ་ནི་གཞན་ལ་ཕན་འདོགས་པའི་
སྤྱོད་པ་ཡིན་ཏེ། ཕྱི་རོལ་དུ་རྣམ་པར་འབྱེད་པའི་ཕྱིར་རོ། །གོ་རིམས་བཞིན་དུ་དེ་བཞིན་གཤེགས་པའི་ཞིང་ཡོངས་སུ་དག་པ་རྣམ་པ་གཉིས་སུ་སྐྱེ་བར་འགྱུར་བའི་ཕྱིར་རྣམ་པར་རྒྱུ་བའི་ལམ་ཞེས་བྱའོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ཐོས་
པ་དང་བསམས་པ་དང་། བསྒོམས་པའི་ཤེས་རབ་ནི་གོ་རིམས་བཞིན་དུ་དྲན་པ་དང་བློ་གྲོས་དང་སྤྱོད་པ་ཆེན་པོས་བགྲོད་པའི་ལམ་བྱེད་དོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་འགྲེལ་པ་ལས་བསམས་པ་ལས་བྱུང་བའི་ཤེས་རབ་ནི་དྲན་པ་ཆེན་པོ་ཞེས་བྱའོ། །
ཐོས་པ་ལས་བྱུང་བའི་ཤེས་རབ་ནི་བློ་གྲོས་ཆེན་པོ་ཞེས་བྱའོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་སྤྱོད་པ་ཆེན་པོ་ཞེས་བྱ་སྟེ། བགྲོད་པར་བྱ་བའི་ལམ་དུ་གྱུར་པ་ནི་ལམ་གྱི་གྲངས་སོ་ཞེས་བཤད་དོ། །ཞི་གནས་དང་ལྷག་མཐོང་ཆེན་པོའི་བཞོན་པ་ཡིན་པ་ཞེས་བྱ་བ་འདིས་ནི་
བཅུ་དྲུག་པ་བཞོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས་ཞི་གནས་ནི་ཏིང་ངེ་འཛིན་ཏོ། །ལྷག་མཐོང་ནི་ཤེས་རབ་པོ། །ཆེན་པོའི་དོན་ནི་སྔ་མ་བཞིན་ནོ། །དེ་ཉིད་རང་གི་ངང་གིས་འཇུག་པ་ནི་བཞོན་པ་སྟེ། ཞི་གནས་དང་ལྷག་
མཐོང་ལ་ཞོན་ནས། ཅི་རིགས་པར་མདུན་གྱི་ལམ་དུ་འགྲོ་བའོ། །དེ་ལ་ལམ་ནི་སྤྱིའི་གནས་ཡིན་ལ་གནས་ལས་ཞི་གནས་དང་ལྷག་མཐོང་བྱེ་བྲག་ཏུ་བཞོན་པ་ཞེས་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ཞི་གནས་དང་ལྷག་
เล่ม ๑๑๘ · หน้า 67a
མཐོང་ལ་ཞོན་ནས་རྣམ་པར་རྒྱུ་ཞིང་འགྲོ་བའི་ཕྱིར་རོ་ཞེས་བཤད་དོ། །ངོ་བོ་ཉིད་མེད་ཀྱིས་བྱས་པའི་འགྲེལ་པ་ལས་ནི་ཞི་གནས་དང་ལྷག་མཐོང་ལ་ཞོན་ནས་ཤེས་རབ་རྣམ་གསུམ་གྱིས་ལམ་དུ་རྒྱུ་ཞིང་བགྲོད་པར་བྱ་བའི་ལམ་དུ་འགྲོ་བའོ། །ཉན་ཐོས་དང་རང་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞོན་པའི་ཞི་གནས་དང་ལྷག་མཐོང་ལས་མཆོག་ཏུ་གྱུར་པའི་ཕྱིར་ཆེན་པོ་ཞེས་བྱའོ་ཞེས་བཤད་དོ། །རྣམ་པར་ཐར་པ་ཆེན་པོའི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་འཇུག་པའི་སྒོར་གྱུར་པ་ཞེས་བྱ་བ་འདིས་ནི་བཅུ་བདུན་པ་
སྒོ་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས་འདི་ལྟར་གཞལ་མེད་ཁང་ཆེན་པོ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་འཇུག་པའི་གནས་བྱེད་དེ། དེ་ལ་རྣམ་པར་ཐར་པ་ནི་ངེས་པར་འབྱུང་བ་མྱ་ངན་ལས་འདས་པའོ། །སྟོང་པ་ལ་སོགས་
པ་ནི་རྣམ་པར་ཐར་པའི་སྒོ་ཡིན་ཏེ། སྒོ་མོ་དེ་ལ་བརྟེན་ནས་ཞིང་ཡོངས་སུ་དག་པར་འཇུག་པའོ། །ཀུན་བརྟགས་པའི་སེམས་ཅན་དང་ཆོས་བདག་མེད་པ་ནི་སྟོང་པ་ཞེས་བྱའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡིན་ནོ། །མཚན་མ་ནི་འདི་ལྟ་སྟེ།
མཚན་མ་བཅུ་པོ་རྣམས་ཏེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། སྐྱེས་པ་དང་བུད་མེད་དང་སྐྱེ་བ་དང་རྒ་བ་དང་འཆི་བ་སྟེ། མྱ་ངན་ལས་འདས་པ་འདི་ལ་མཚན་མ་ནི་བདག་མེད་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་
པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ནོ། །སྨོན་པ་ནི་སྨོན་ཅིང་རྩོལ་བ་སྟེ། ཁམས་སྡུག་བསྔལ་ཉིད་དུ་ལྟ་ན་སྨོན་ཅིང་རྩོལ་བར་བྱ་བ་མེད་པའི་ཕྱིར་སྨོན་པ་མེད་པ་ཞེས་བྱའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡིན་ནོ། །སྟོང་པ་ཉིད་ལ་
སོགས་པའི་རྣམ་པར་ཐར་པའི་སྒོའི་དབང་གིས་ཞིང་ཡོངས་སུ་དག་པར་འཇུག་པ་ཐོབ་པའི་ཕྱིར་སྒོ་ཞེས་བྱའོ། །ཆེན་པོ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །ཞིང་ཡོངས་སུ་དག་པ་དེར་དོན་གཉེར་བ་ཡོད་པས་ལམ་དང་བཞོན་པ་དང་སྒོ་ལ་སོགས་པ་བསྟན་པ་ནི་སེམས་ཅན་རྣམས་
เล่ม ๑๑๘ · หน้า 67b
ཡང་དག་པའི་ཡོན་ཏན་ལ་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་སྤྱོད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ་། །ཡོན་ཏན་གྱི་ཚོགས་མཐའ་ཡས་པར་རབ་ཏུ་བརྒྱན་པ་རིན་པོ་ཆེ་པདྨའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་རྣམ་པར་གཞག་པའི་གཞལ་མེད་ཁང་ཆེན་པོ་ན་བཞུགས་ཏེ་
ཞེས་བྱ་བ་འདིས་ནི་བཅོ་བརྒྱད་པ་གཞི་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདི་ལྟ་སྟེ། ཇི་ལྟར་ས་ལ་སོགས་པ་རླུང་གི་དཀྱིལ་འཁོར་ལ་སོགས་པ་ལ་བརྟེན་པ་བཞིན་དུའམ། ཡང་ན་འཇིག་རྟེན་པའི་གཞལ་མེད་ཁང་ས་ལ་བརྟེན་པ་དེ་
བཞིན་དུ། ཞིང་ཡོངས་སུ་དག་པ་དེ་ཡང་ཡོན་ཏན་གྱི་ཚོགས་ཚད་མེད་པས་རབ་ཏུ་བརྒྱན་པ་རིན་པོ་ཆེ་ལེ་བརྒན་གྱི་པདྨའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་རྣམ་པར་གཞག་པ་ཡིན་ནོ་ཞེས་འབྱུང་སྟེ། དེ་ལ་དོན་རྣམ་པ་གསུམ་གྱིས་ཆེན་པོ་དང་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །དང་པོ་ནི་འདི་
ལྟར་པདྨ་ལེ་བརྒན་དེ་རིན་པོ་ཆེ་ཆེན་པོ་ལས་མངོན་པར་གྲུབ་པ་ཡིན་ལ། རིན་པོ་ཆེ་ཆེན་པོ་དེ་ཡང་ཡོན་ཏན་དང་དགེ་བའི་ཚོགས་ཚད་མེད་པ་ལས་བྱུང་བས། རིན་པོ་ཆེ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར་ཆེན་པོ་ཞེས་བྱའོ། །རིན་པོ་ཆེའི་པདྨ་ལེ་བརྒན་དེ་པདྨ་རྣམས་ཀྱི་ནང་ན་
མཆོག་དང་ཁྱད་པར་དུ་གྱུར་པའི་ཕྱིར་པདྨའི་རྒྱལ་པོ་ཞེས་བྱའོ། །གཉིས་པ་ནི་ཡང་ན་རིན་པོ་ཆེའི་པདྨ་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ལས་བྱུང་བ་ལས་ལྟོས་ན་པདྨ་ལེ་བརྒན་དེ་དག་མཆོག་ཏུ་གྱུར་པའི་ཕྱིར་ཆེན་པོ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་ཆོས་ཀྱི་རྒྱལ་
པོ་ཡིན་ལ་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་མཆོག་ལས་བྱུང་བའི་ཕྱིར། པདྨའི་རྒྱལ་པོ་ཞེས་བྱའོ། །གསུམ་པ་ནི་རིན་པོ་ཆེའི་པདྨ་དེ་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་ན་རིན་པོ་ཆེ་ཆེན་པོ་ཞེས་བྱ་ལ། པདྨའི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར། པདྨའི་རྒྱལ་པོ་ཞེས་བྱའོ། །པདྨ་དེ་
གཅིག་ཁོ་ན་མ་ཡིན་པ་འམ། ཡང་ན་པདྨའི་འདབ་མ་མངའ་བའི་ཕྱིར་རྣམ་ཤེས་གསུངས་སོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཚིག་འདི་གཅིག་གིས་གཞི་ཕུན་སུམ་ཚོགས་པ་བསྟན་ཏེ། ཇི་ལྟར་ས་ཆེན་པོ་ལ་སོགས་རླུང་གི་དཀྱིལ་
เล่ม ๑๑๘ · หน้า 68a
འཁོར་ལ་སོགས་པ་ལ་བརྟེན་ཅིང་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འདིར་ཡང་ཅི་ཞིག་གཞི་བྱེད་ཅེ་ན། ཡོན་ཏན་གྱི་ཚོགས་ཚད་མེད་པས་རབ་ཏུ་བརྒྱན་པ་པདྨ་ལེ་བརྒན་གྱི་རྒྱལ་པོ་ཆེན་པོས་རྣམ་པར་གཞག་པ་ཞེས་གསུངས་པ་ཡིན་ནོ་
ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་པདྨ་ལེ་བརྒན་འདི་པདྨ་རྣམས་ཀྱི་ནང་ན་འདི་མཆོག་དང་ཁྱད་པར་ཅན་དུ་གྱུར་པའི་ཕྱིར། རིན་པོ་ཆེའི་པདྨའི་རྒྱལ་པོ་ཞེས་གསུངས་སོ། །ཡང་ན་དེ་བཞིན་གཤེགས་པ་ནི་རྒྱལ་པོ་ཆེན་པོ་ཞེས་བརྗོད་ལ། པདྨ་ལེ་བརྒན་འདི་
ནི་དེ་བཞིན་གཤེགས་པའི་རྟེན་པའི་གནས་ཡིན། བདག་པོའི་དབང་དུ་མཛད་ནས་མིང་འདི་སྐད་ཅེས་བྱའོ། །རྣམ་པར་གཞག་ཅེས་བྱ་བ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་པདྨའི་རྒྱལ་པོ་འདི་ལ་བརྟེན་ནས་རྟག་པར་རྒྱུན་དུ་བར་ཆད་མེད་པ་སྟེ། ཚིག་འདིས་ནི་
གཞི་ཕུན་སུམ་ཚོགས་པ་བསྟེན་ཏོ་ཞེས་འབྱུང་ངོ་། །གཞན་ཡང་ཐེག་པ་ཆེན་པོ་བསྡུས་པ་ལས་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ལོངས་སྤྱོད་ནི་ཤིན་ཏུ་དག་པ་དང་། ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་དང་། ཤིན་ཏུ་དབང་བསྒྱུར་བ་ཅན་ནོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་
འགྲེལ་པ་ལས། དེ་ལ་ཤིན་ཏུ་དག་པ་ཞེས་བྱ་བ་ནི་མ་དག་པ་མེད་པའི་ཕྱིར་དང་། གཅིན་རྐྱག་དང་བྲལ་བའི་ཕྱིར་རོ། །ཤིན་ཏུ་བདེ་བ་ནི་སྡུག་བསྔལ་གྱི་ཚོར་བ་དང་། ཚོར་བ་བར་མེད་པའི་ཕྱིར་རོ། །ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ནི་མི་དགེ་བ་དང་ལུང་མ་བསྟན་པ་མེད་
པའི་ཕྱིར་རོ། །ཤིན་ཏུ་དབང་བསྒྱུར་བ་ཅན་ནི་ཕྱི་རོལ་གྱི་རྐྱེན་ལ་མི་ལྟོས་པའི་ཕྱིར་དང་། སེམས་བསྐྱེད་པ་ཙམ་གྱིས་བྱ་བ་རྣམས་འབྱོར་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བཅོམ་ལྡན་འདས་ཤིན་ཏུ་རྣམ་པར་དག་པའི་བློ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཡན་ཆད་དུ་
གནས་ཀྱི་བཀོད་པ་རྣམ་པར་བཤད་ནས། འདི་མན་ཆད་གཉིས་པ་ཡོན་ཏན་གྱི་སྤྱི་དང་ཁྱད་པར་རབ་ཏུ་བསྟན་པ་ཞེས་བྱ་བ་བསྟན་ཏོ། །འདིར་ཅིའི་ཕྱིར་གནས་སྔར་བསྟན་ལ། ཡོན་ཏན་ཕྱིས་བསྟན་ཞེ་ན། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། བཅོམ་ལྡན་འདས་
เล่ม ๑๑๘ · หน้า 68b
སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ན་བཞུགས་ཤིང་ཡོན་ཏན་འདི་ལྟ་བུ་དང་ལྡན་པས་མདོ་སྡེ་འདི་གསུངས་སོ་ཞེས་བསྟན་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ལ་ཡོན་ཏན་རྣམ་པར་བཤད་པ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཡོན་ཏན་གྱི་སྤྱིའི་རྣམ་པར་བཤད་པ་དང་། ཡོན་ཏན་
གྱི་ཁྱད་པར་རྣམ་པར་བཤད་པའོ། །ཡོན་ཏན་འདི་གཉིས་བསྟན་པ་ལ་དོན་ཅི་ཡོད་ཅེ་ན་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་དོན་རྣམ་པ་གཉིས་ཀྱི་ཕྱིར་ཞེས་བཤད་དེ། དེ་བཞིན་གཤེགས་པ་རྣམས་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་
ཀྱི་ཡོན་ཏན་ཁྱད་པར་ཅན་གསུངས་པ་དང་། གཞན་དག་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་ཏོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་བློ་ལས་མཆོག་ཏུ་གྱུར་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བས་གང་ཟག་ཡོན་ཏན་ཅན་ཡིན་པར་བསྟན་ལ། ཤིན་ཏུ་རྣམ་པར་དག་པའི་བློ་དང་ལྡན་པ་ཞེས་བྱ་བས་ནི་ཡོན་ཏན་མཆོག་ཏུ་གྱུར་པར་ཡང་དག་པར་བསྟན་ཏོ་ཞེས་བཤད་དོ། །ཡོན་ཏན་མཆོག་
ཏུ་གྱུར་པ་དེ་ཡང་སངས་རྒྱས་ཀྱི་སའི་འགྲེལ་པ་དང་སྦྱར་ན་དོན་རྣམ་པ་གསུམ་དུ་བཤད་དེ། འདུས་བྱས་དང་འདུས་མ་བྱས་ཐུགས་སུ་ཆུད་པར་བྱ་བ་ཇི་སྙེད་པ་ཡོད་པ་ཐམས་ཅད་ཡང་དག་པར་ཐུགས་སུ་ཆུད་པའི་བློ་མངའ་བའི་ཕྱིར་དང་། ཐུགས་སུ་ཆུད་པར་བྱ་བ་ཐམས་ཅད་
ལེགས་པར་རྫོགས་པར་ཡང་དག་པར་ཐུགས་སུ་ཆུད་པའི་བློ་མངའ་བའི་ཕྱིར་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་དང་ཇི་སྙེད་ཡོད་པ་ཐམས་ཅད་ཡང་དག་པར་ཐུགས་སུ་ཆུད་པའི་བློ་མངའ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །རྣམ་པ་གསུམ་དུ་བཤད་པ་ལ་བྱེ་བྲག་ཡོད་པར་བསྟན་པ་ཡང་
སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་དང་པོ་ནི་ཆོས་ཀྱི་རྣམ་གྲངས་ཀྱི་དབང་དུ་བྱས་ནས་ཤིན་ཏུ་རྣམ་པར་དག་པའི་བློ་བསྟན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཤེས་བྱ་མཐའ་དག་མ་ལུས་པར་བསྡུས་པའི་ཕྱིར་རོ། །གཉིས་པ་ནི་ལེགས་པར་རྫོགས་པའི་དབང་དུ་བྱས་
เล่ม ๑๑๘ · หน้า 69a
ནས་ཤིན་ཏུ་རྣམ་པར་དག་པའི་བློ་བསྟན་ཏེ། སྒྲིབ་པ་སྤངས་པ་ཤིན་ཏུ་གྱ་ནོམ་པ་ཡང་ཡོངས་སུ་རྫོགས་པའི་ཕྱིར་རོ། །གསུམ་པ་ནི་རང་གི་ངོ་བོ་ཉིད་དང་བྱེ་བྲག་གི་དབང་དུ་བྱས་ནས་ཤིན་ཏུ་རྣམ་པར་དག་པའི་བློ་བསྟན་ཏེ། རང་གི་ངོ་བོ་ཉིད་ཐུགས་སུ་ཆུད་པ་ནི་ཇི་
སྙེད་ཡོད་པ་ཞེས་བྱའོ། །བྱེ་བྲག་ཏུ་ཐུགས་སུ་ཆུད་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཞེས་བྱའོ། །ཁ་ཅིག་ན་རེ་དང་པོ་ནི་ཆོས་ཀྱི་རྣམ་གྲངས་ཀྱི་དབང་དུ་བྱས་ནས་ཤིན་ཏུ་རྣམ་པར་དག་པའི་བློ་བསྟན་པ་ཡིན་ནོ་ཞེས་བཤད་དེ་སྔ་མ་དང་མཐུན་ནོ། །གཉིས་པ་ནི་མཁྱེན་པ་གཉིས་ཀྱི་དབང་དུ་བྱས་
ནས་ཤིན་ཏུ་རྣམ་པར་དག་པའི་བློ་བསྟན་ཏེ། འདི་ལྟར་སེམས་ཅན་སྟོང་པ་ཉིད་དུ་མཁྱེན་པ་ནི་ཡོངས་སུ་དག་པ་གྱ་ནོམ་པའི་བློ་ཞེས་བྱ་བ་ལ་ཆོས་སྟོང་པ་ཉིད་མཁྱེན་པ་ནི་ཡོངས་སུ་རྫོགས་པའི་བློ་ཞེས་བྱའོ། །གསུམ་པ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་ཤེས་བྱའི་དབང་དུ་བྱས་ནས་ཤིན་ཏུ་
རྣམ་པར་དག་པའི་བློ་བསྟན་ཏེ། ཀུན་རྫོབ་ཀྱི་ཡུལ་ལ་དམིགས་པ་ནི་ཇི་སྙེད་ཡོད་པ་ཞེས་བྱའོ། །དོན་དམ་པའི་ཡུལ་ལ་དམིགས་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཞེས་བྱ་སྟེ། དེའི་ཕྱིར་འོག་ནས་མདོ་ལས་ཇི་སྙེད་ཡོད་པ་ཉིད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པའོ། །ཇི་ལྟ་བ་
བཞིན་དུ་ཡོད་པ་ནི་དེ་བཞིན་ཉིད་བདུན་ལ་སོགས་པའོ་ཞེས་གསུངས་པ་ཡིན་ནོ་ཞེའོ། །ཚིག་གཉིས་ཀྱི་བཤད་པ་ནི་ཡི་གེ་ཐད་ཀར་བབ་པ་ན་བཤད་པར་བྱའོ། །ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡོན་ཏན་གྱི་ཁྱད་པར་བསྟན་ཏོ། །ཡོན་ཏན་འདི་
དག་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། གྲངས་ཀྱི་རྣམ་པ་མང་ཉུང་དང་དཔེ་གསར་རྙིང་མཐུན་མི་མཐུན་བསྟན་པ་དང་། བསྟན་བཅོས་རྣམས་དང་སྦྱར་ནས་མདོ་སྡེའི་ཚིག་རྣམ་པར་དགྲོལ་བའོ། །དེ་ལ་མཐུན་མི་མཐུན་ཞེས་བྱ་བ་ཡང་ཐེག་པ་ཆེན་པོ་བསྡུས་པའི་དཔེ་མི་མཐུན་པ་
གཞན་ཁ་ཅིག་ལས་མདོ་སྡེའི་ཚིག་ཉི་ཤུ་ལས་མེད་དོ། །མདོ་ཚིག་ཕྱི་མའི་མཐའི་མུར་ཐུག་པ་ཞེས་བྱ་བ་མ་ཚང་བ་དང་བྱེ་བྲག་མེད་པར་ཡོན་ཏན་ཉི་ཤུ་རྩ་གཅིག་གི་མིང་ཙམ་ཞིག་སྨོས་པ་ཁོ་ནར་ཟད་དོ། །དེའི་འགྲེལ་པ་ལས་ཀྱང་མགོར་ནི་རིགས་པ་རྣམ་པ་ཉི་ཤུའི་དབང་གིས་དེ་བཞིན་
เล่ม ๑๑๘ · หน้า 69b
གཤེགས་པའི་བློ་ཤིན་ཏུ་རྣམ་པར་དག་པར་མངོན་པར་འགྲུབ་པའི་ཕྱིར་རོ་ཞེས་འབྱུང་ངོ་། །མཇུག་ཏུ་ནི་ཚིག་དང་པོ་ནི་མདོར་རྣམ་པར་གཞག་པའོ། །གཞན་ཉི་ཤུ་རྩ་གཅིག་གིས་ནི་དེ་སྒྲུབ་པར་བྱེད་དོ་ཞེས་འབྱུང་ངོ་། །དཔེ་རྙིང་འགྱུར་དེ་ལ་སྐྱོན་རྣམ་པ་གཉིས་ཡོད་དེ། མདོའི་ཚིག་ཕྱི་
མའི་མཐའི་མུར་ཐུག་པ་ཞེས་བྱ་བ་མ་ཚང་བ་དང་། འགྲེལ་པ་ལས་རིགས་པ་རྣམ་པ་ཉི་ཤུ་ཞེས་འབྱུང་སྟེ། འོག་ནས་ཚིག་ཉི་ཤུ་རྩ་གཅིག་ཅེས་འབྱུང་བ་དང་མི་མཐུན་པའི་ཕྱིར། སློབ་དཔོན་དེ་དག་གིས་བསྒྱུར་ཅིང་བཤད་པ་ལ་ནོར་བ་ཡོད་དོ། །སློབ་དཔོན་ཡང་དག་བདེན་པས་ནི་ཡོན་
ཏན་གྱི་ཁྱད་པར་བསྟན་པ་ལ་ཚིག་ཉི་ཤུ་ཡོད་དེ་མཇུག་བསྡུས་པའི་ཚིག་ཀྱང་དེར་བསྡུ་ན་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ་ཞེས་བཤད་དོ། །དེ་ལ་གཉིས་པ་བསྟན་བཅོས་རྣམས་དང་སྦྱར་ནས་མདོ་སྡེའི་ཚིག་རྣམ་པར་དགྲོལ་བ་ཡང་ཡོན་ཏན་གྱི་ཁྱད་པར་འདི་རྣམ་པར་བཤད་པ་བསྟན་བཅོས་ལས་མི་
མཐུན་ཏེ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་སྔར་ནི་མདོ་སྡེ་ལས་གསུངས་པའི་ཚིག་ཉི་ཤུ་རྩ་གཅིག་བཀོད་པ་དེའི་འོག་ཏུ་ནི་རིགས་པ་དང་སྦྱར་ནས་མདོ་སྡེའི་ཚིག་གི་གོ་རིམས་བཞིན་དུ་ཡོན་ཏན་གྱི་མིང་རྣམ་པར་གཞག་གོ། །དེ་དག་གི་
རྣམ་པར་བཤད་པ་ནི་མེད་དོ། །ཡོན་ཏན་དེ་དག་གི་མིང་ཡང་ཐེག་པ་ཆེན་པོ་བསྡུས་པ་ལས་ཇི་སྐད་དུ་ཤེས་བྱ་ལ་ཤིན་ཏུ་སྒྲིབ་པ་མེད་པར་འཇུག་པའི་ཡོན་ཏན་དང་། ཡོད་པ་དང་མེད་པའི་དེ་བཞིན་ཉིད་མཆོག་ཏུ་རྣམ་པར་དག་པར་འཇུག་པར་མཛད་པའི་ཡོན་ཏན་དང་། སངས་རྒྱས་ཀྱི་
མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པར་གནས་པའི་ཡོན་ཏན་དང་། ཆོས་ཀྱི་སྐུ་ལ་གནས་པ་དང་། དགོངས་པ་དང་། ཕྲིན་ལས་མཛད་པ་ཐ་དད་པ་མི་མངའ་བའི་ཡོན་ཏན་དང་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་དང་མུ་སྟེགས་ཅན་ཐམས་ཅད་བཏུལ་བའི་ཡོན་
ཏན་དང་། འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་དང་། ཆོས་ཡང་དག་པ་རྣམ་པར་གཞག་པའི་ཡོན་ཏན་དང་། ལུང་སྟོན་པའི་ཡོན་ཏན་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་སྟོན་པའི་ཡོན་ཏན་དང་།
เล่ม ๑๑๘ · หน้า 70a
ཐེ་ཚོམ་གཅོད་པའི་ཡོན་ཏན་དང་སྤྱོད་པ་སྣ་ཚོགས་ཀྱིས་འཇུག་པར་མཛད་པའི་ཡོན་ཏན་དང་། ཕྱི་མ་ལ་ཆོས་འབྱུང་བ་རབ་ཏུ་མཁྱེན་པའི་ཡོན་ཏན་དང་། མོས་པ་ཇི་ལྟ་བ་བཞིན་སྟོན་པའི་ཡོན་ཏན་དང་། རྟེན་ཚད་མེད་པས་སེམས་ཅན་འདུལ་བར་སྦྱོར་བའི་ཡོན་ཏན་
དང་། ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་གྲུབ་པའི་ཡོན་ཏན་དང་། མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐ་དད་པ་སྟོན་པའི་ཡོན་ཏན་དང་། སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་དང་། འཁོར་བའི་མཐའ་ཇི་སྙམ་པར་སེམས་
ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་ཡོན་ཏན་དང་། མི་ཟད་པའི་ཡོན་ཏན་ལ་སོགས་པའོ་ཞེས་བསྟན་པའོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། ཡོན་ཏན་ཉི་ཤུ་རྩ་གཅིག་པོ་འདི་དག་མདོ་ཙམ་དུ་རྣམ་པར་འགྲེལ་ཏོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་
འགྲེལ་པ་ལས་ནི་ཡོན་ཏན་ཉི་ཤུ་རྩ་གཅིག་པོ་འདི་དག་རྒྱ་ཆེར་འཆད་དེ། ཡོན་ཏན་རྣམས་མཚམས་སྦྱོར་བའི་གོ་རིམས་ཀྱང་སྟོན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ནི་རྣམ་གྲངས་གཉིས་ཀྱིས་ཡོན་ཏན་ཉི་ཤུ་རྩ་གཅིག་རྣམ་པར་བཤད་དེ། དེ་
རྣམ་གྲངས་དང་པོ་ལས་ནི་རང་ཉིད་ཀྱི་ཡོན་ཏན་གྱི་མིང་རྣམ་པར་གཞག་ནས་མདོའི་ཚིག་རྣམ་པར་འཆད་དོ། །རྣམ་གྲངས་གཉིས་པ་ལས་ནི་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་འགྲེལ་པ་ལས་འབྱུང་བའི་ཡོན་ཏན་གྱི་མིང་རྣམ་པར་གཞག་པ་ལ་བརྟེན་ནས་མདོའི་ཚིག་རྣམ་པར་འཆད་དེ།
བསྟན་བཅོས་གཞན་དང་མཐུན་ནོ། །ཚིག་གི་དོན་རྣམ་པར་བཤད་པ་ཡང་ཡོན་ཏན་ཉི་ཤུ་རྩ་གཅིག་ཡོད་པ་དེ་ཉིད་ཀྱིས་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་རྣམ་པར་དབྱེ་སྟེ། རྣམ་པ་རེ་རེ་ཡང་སྔར་ནི་སྨོས་པ་བསྟན་ལ། ཕྱིས་ནི་ཡོན་ཏན་དང་སྦྱར་བས་བསྟན་པར་རིག་པར་བྱའོ། །དེ་ལ་ཀུན་ཏུ་
སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བས་ནི་ཡོན་ཏན་དང་པོ་བསྟན་ཏེ། འདི་ནི་ཤེས་བྱ་ལ་ཤིན་ཏུ་སྒྲིབ་པ་མེད་པར་འཇུག་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་པ་ལྟར་ཁ་ཅིག་ཏུ་ནི་ཐོགས་པ་དང་
เล่ม ๑๑๘ · หน้า 70b
བཅས་ལ། ཁ་ཅིག་ཏུ་ནི་ཐོགས་པ་མེད་པ་ལྟ་བུ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་དེ། ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །འདི་ལྟར་ཐེག་པ་གཉིས་ཀྱི་ཡེ་ཤེས་ཀྱིས་ཐག་ཉེ་བ་ནི་ཤེས་ལ། ཐག་རིང་པོ་མི་ཤེས་པའི་ཕྱིར་ཐོགས་པ་དང་བཅས་པའི་ཀུན་ཏུ་སྤྱོད་པ་
གཉིས་དང་ལྡན་ནོ། །དེ་བཞིན་གཤེགས་པ་ནི་ཐག་རིང་པོ་དང་ཉེ་བ་ཀུན་མཁྱེན་ཅིང་གཅིག་ཏུ་ཐོགས་པ་མི་མངའ་བའི་ཕྱིར་ཀུན་ཏུ་སྤྱོད་པ་གཉིས་མི་མངའོ། །གཞན་ཡང་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། ཡང་ན་གནས་གཉིས་ཀྱི་ཀུན་ཏུ་སྤྱོད་པ་འདི་ལ་མི་མངའ་བས། ཀུན་ཏུ་སྤྱོད་པ་གཉིས་
མི་མངའ་བ་ཞེས་བྱའོ་ཞེས་འབྱུང་སྟེ། ཇི་ལྟར་མངོན་པར་ཤེས་པ་མ་ཐོབ་པའི་གང་ཟག་ནི་ཐག་ཉེ་བ་དང་ཐག་རིང་བ་གནས་གཉིས་ལ་ཐོགས་པ་དང་བཅས་པའི་ཀུན་ཏུ་སྤྱོད་པ་ཡོད་མོད་ཀྱི། བཅོམ་ལྡན་འདས་ནི་ཐག་ཉེ་བ་དང་རིང་བ་ཐམས་ཅད་ལ་ཐོགས་པ་མི་མངའ་བས་ཀུན་ཏུ་སྤྱོད་པ་གཉིས་
མི་མངའ་བ་ཞེས་བྱ་བའོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདི་ལྟར་ཉན་ཐོས་ལ་སོགས་པ་ནི་སྤྱོད་ཡུལ་རྣམས་ལ་ཤེས་པ་ཐོགས་པ་དང་བཅས་པས་ཤིན་ཏུ་ཐག་རིང་བའི་དུས་དང་ཕྱོགས་དང་རྣམ་པ་ཚད་མེད་པའི་སངས་རྒྱས་ཀྱི་ཆོས་རྣམས་ལ་ཤེས་པ་འཇུག་པ་མེད་པའི་ཕྱིར་རོ། །
དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། དུས་དང་ཕྱོགས་ཐམས་ཅད་དང་རྣམ་པ་ཚད་མེད་པའི་སངས་རྒྱས་ཀྱི་ཡུལ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཐོགས་པ་མི་མངའ་བར་འཇུག་པས་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁྱེན་པ་དང་མི་མཁྱེན་པའི་ཀུན་ཏུ་སྤྱོད་པ་གཉིས་
མི་མངའ་བའི་ཕྱིར། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་འདི་ནི་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་སྒྲིབ་པ་མི་མངའ་བས་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འཁོར་བ་ལས་རབ་ཏུ་ཆགས་ལ།
ཐེག་པ་གཉིས་ཀྱིས་འཕགས་པ་དག་ནི་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་ཏེ། དེ་ལྟ་བུའི་སྒྲིབ་པ་གཉིས་བཅོམ་ལྡན་འདས་ལ་མི་མངའ་བའི་ཕྱིར་ཞེས་བཤད་དོ། །བསྟན་བཅོས་རྣམས་ལས་བཤད་པ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་འགྱུར་ཏེ། དང་པོས་ནི་ཐོགས་པ་དང་བཅས་
เล่ม ๑๑๘ · หน้า 71a
པ་དང་ཐོགས་པ་མེད་པས་ཀུན་ཏུ་སྤྱོད་པ་གཉིས་བསྟན་ཏོ། །གཉིས་པས་ནི་གནས་གཉིས་ལ་ཐོགས་པ་སྤྱོད་པར་ཀུན་ཏུ་སྤྱོད་པ་གཉིས་བསྟན་ཏོ། །གསུམ་པས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པས་ཀུན་ཏུ་སྤྱོད་པ་གཉིས་བསྟན་ཏེ། བཅོམ་ལྡན་འདས་
ལ་འདི་ལྟ་བུའི་ཀུན་ཏུ་སྤྱོད་པ་རྣམ་པ་གསུམ་མི་མངའ་བའི་ཕྱིར་ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱའོ། །མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་བྱ་བས་ནི་ཡོན་ཏན་གཉིས་བསྟན་ཏེ། འདི་ནི་ཡོད་པ་དང་མེད་པ་གཉིས་སུ་མེད་པའི་མཚན་ཉིད་དེ་བཞིན་ཉིད་མཆོག་
ཏུ་རྣམ་པར་དག་པར་འཇུག་པར་མཛད་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཡོངས་སུ་དག་པའི་དེ་བཞིན་ཉིད་ནི་མཚན་ཉིད་མེད་པའི་ཆོས་ཞེས་བྱའོ། །གཞོལ་བ་ནི་འཇུག་པར་གཞོལ་བའོ། །འདི་ལྟར་དེ་བཞིན་ཉིད་ནི་མཚན་ཉིད་ཡོད་པ་མ་
ཡིན་ཏེ། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པས་མཚན་ཉིད་བྱེད་པའི་ཕྱིར་རོ། །མཚན་ཉིད་མེད་པ་ཡང་མ་ཡིན་ཏེ། རང་གི་མཚན་ཉིད་བྱེད་པའི་ཕྱིར་རོ་ཞེས་བཤད་དོ། །ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་འདི་ལྟར་དེ་བཞིན་ཉིད་དེ་ལ་ནི་ཡོངས་སུ་གྲུབ་པ་ཁོ་ནའི་མཚན་ཉིད་ཁོ་ན་ཡོད་ཀྱིས། ཀུན་བརྟགས་
པའི་མཚན་ཉིད་ནི་མེད་དེ། རིགས་པ་དེས་ནི་གཉིས་སུ་མེད་པའི་མཚན་ཉིད་ཅེས་བྱའོ། །མཚན་ཉིད་མེད་པ་ཡང་མ་ཡིན་ཏེ། ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །མཚན་ཉིད་ཡོད་པ་ཡང་མ་ཡིན་ཏེ། བརྟགས་པ་དག་མེད་པའི་ཕྱིར་རོ། །དེ་བཞིན་ཉིད་དེ་ནི་མཆོག་ཏུ་གྱུར་པར་དག་པ་
ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར་དང་། གློ་བུར་གྱི་དྲི་མ་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་རོ། །དེ་བཞིན་ཉིད་དེ་ལ་ཉིད་ཀྱི་འཇུག་པ་མཛད་པ་དེ་བཞིན་དུ་གཞན་དག་ཀྱང་འཇུག་པར་མཛད་པའི་ཕྱིར་དེ་བཞིན་ཉིད་མཆོག་ཏུ་རྣམ་པར་དག་པར་འཇུག་པར་
མཛད་པའི་ཡོན་ཏན་ཞེས་གསུངས་སོ་ཞེས་འབྱུང་སྟེ། ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ཀྱང་དོན་འདི་དང་མཐུན་པར་བཤད་དོ། །གཞན་ཡང་དེ་ཉིད་ལས་འདིས་ནི་བཅོམ་ལྡན་འདས་ཀྱིས་གདུལ་བའི་ཐབས་ཀྱིས་ཡོན་ཏན་ཁྱད་པར་དུ་འཕགས་པ་བསྟན་ཏེ། མཚན་ཉིད་མེད་པའི་ཆོས་ནི་མྱ་
เล่ม ๑๑๘ · หน้า 71b
ངན་ལས་འདས་པ་ཡིན་པར་བཞེད་ལ། བཅོམ་ལྡན་འདས་ཐེག་པ་གསུམ་གྱིས་གང་ཟག་གི་སྐལ་བ་ཇི་ལྟ་བ་བཞིན་དུ་འདུལ་བའི་ཐབས་ཡོངས་སུ་མཁྱེན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་ནས་དེ་དག་མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་འགྲོ་བར་མཛད་པའི་ཕྱིར་རོ་ཞེས་བཤད་དོ། །དེ་དག་
ཀྱང་མདོར་བསྡུ་ན་བཤད་པ་གཉིས་སུ་འགྱུར་ཏེ། དང་པོས་ནི་དེ་བཞིན་ཉིད་ལ་མཚན་ཉིད་མེད་པ་ཞེས་བྱ་བ་བསྟན་ཏེ། ཡོད་པ་དང་མེད་པ་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གཉིས་པས་ནི་མྱ་ངན་ལས་འདས་པ་ལ་མཚན་མ་མེད་པ་ཞེས་བྱ་སྟེ། གཟུགས་ལ་སོགས་པའི་
མཚན་མ་རྣམ་པ་བཅུ་མེད་པའི་ཕྱིར་རོ།། །།བམ་པོ་བདུན་པ། སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བས་ནི་ཡོན་ཏན་གསུམ་པ་བསྟན་ཏེ། འདིས་ནི་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པར་གནས་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་དབྱིག་གཉེན་
གྱིས་མཛད་པའི་འགྲེལ་པ་ལས། སངས་རྒྱས་ཀྱི་གནས་པ་ཞེས་བྱ་བ་ནི་གནས་པ་མེད་པ་སྟེ། འདི་ལྟར་གནས་འདིར་རྟག་པར་སངས་རྒྱས་ཀྱི་མཛད་པ་རྒྱུན་མ་ཆད་པའོ་ཞེས་བཤད་དོ། །དེ་ལ་གནས་པ་མེད་པ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེའི་ཕྱིར་ཐེག་པ་ཆེན་
པོ་བསྡུས་པའི་འགྲེལ་པ་ལས། སངས་རྒྱས་ཀྱི་གནས་པ་མེད་པ་ནི་མྱ་ངན་ལས་འདས་པར་བྱོན་ནས། གནས་པ་མེད་པར་གནས་པའོ་ཞེས་འབྱུང་བས། དེ་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པའོ། །མཛད་པ་ལྷུན་གྱིས་གྲུབ་པའོ་ཞེས་བྱ་བ་ནི་མངོན་པར་འདུ་མཛད་པ་ལ་
མི་ལྟོས་པར་མཛད་པ་ཐམས་ཅད་མཛད་པ་སྟེ། དཔེར་ན་འཇིག་རྟེན་པའི་ཡིད་བཞིན་གྱི་ནོར་བུ་དང་ལྷའི་རྔ་ལྟ་བུའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། འདི་ལྟར་སྒྲིམ་མི་དགོས་པར་སངས་རྒྱས་ཀྱི་མཛད་པ་རྣམས་དང་། སེམས་ཅན་གྱི་དོན་ལ་སོགས་པ་ལ། འཕགས་
པ་དང་ལྷ་དང་ཚངས་པའི་གནས་པ་རྣམས་ཀྱིས་རྒྱུན་མི་འཆད་པར་ཇི་ལྟར་མཐུན་མཐུན་དུ་གནས་པས་ཉན་ཐོས་ལྟར་བསྒྲིམས་ཏེ་གནས་པ་མ་ཡིན་པ་དང་། མུ་སྟེགས་ཅན་ལྟར་གནས་པ་ཡོད་པས། ཁྱད་པར་དུ་འཕགས་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་ཉེ་བའི་འོད་ཀྱིས་
เล่ม ๑๑๘ · หน้า 72a
འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ལ་སོ་སོར་རྟོག་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། ཐུགས་རྗེ་ཆེན་པོས་ཉིན་མཚན་ལན་དྲུག་
ཏུ་འཇིག་རྟེན་ལ་གཟིགས་པའི་ཕྱིར་རོ་ཞེས་བཤད་དོ། །དེ་དག་ཀྱང་མདོར་བསྡུ་ན་བཤད་པ་རྣམ་པ་གསུམ་དུ་འགྱུར་ཏེ། དང་པོ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལས་གནས་པས་སོ། །གཉིས་པ་ནི་འཕགས་པ་དང་ལྷ་དང་ཚངས་པའི་གནས་པས་སོ། །གསུམ་པ་ནི་ཐུགས་རྗེ་ཆེན་
པོ་ལ་གནས་པས་སོ། །སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་བྱ་བས་ནི་ཡོན་ཏན་བཞི་པ་བསྟན་ཏེ། འདི་ནི་ཆོས་ཀྱི་སྐུ་ལ་གནས་པ་དང་། དགོངས་པ་དང་། ཕྲིན་ལས་མཛད་པ་ཐ་དད་པ་མི་མངའ་བའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་
པའི་དཔེ་མི་མཐུན་པ་རྣམ་པ་གཅིག་ལས་དེ་ལ་གནས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །དགོངས་པ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཕྲིན་ལས་མཛད་པ་ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །འདི་ལྟར་གསུམ་པོ་དེ་དག་ནི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་
ཅད་མཚུངས་ཤིང་ཐ་དད་པ་མེད་པས་དེ་དག་བརྙེས་པར་གྱུར་པའོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་གནས་ཐ་དད་པ་མི་མངའ་བ་ནི་ཐམས་ཅད་ཀྱང་ཡེ་ཤེས་རྣམ་པར་དག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དགོངས་པ་ཐ་དད་པ་མི་མངའ་བ་ཐམས་ཅད་
ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མཛད་པར་ཤིན་ཏུ་དགོངས་པའི་ཕྱིར་རོ། །ཕྲིན་ལས་ཐ་དད་པ་མི་མངའ་བ་ནི་ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་གཉིས་ཀྱིས་གཞན་གྱི་དོན་སྒྲུབ་པའི་ཕྱིར་ཏེ། ཉན་ཐོས་ལ་སོགས་པ་ལྟར་བསམས་པ་ཙམ་འབའ་ཞིག་ནི་མ་
ཡིན་ནོ་ཞེས་འབྱུང་ངོ་། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གཞན་ཡང་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདི་ནི་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐམས་ཅད་དང་། ཕྲིན་ལས་མཛད་པ་འདྲ་བ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ།
เล่ม ๑๑๘ · หน้า 72b
འདི་ལྟར་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་འདྲ་བར་མཛད་པའི་མཉམ་པ་ཉིད་བརྙེས་པའི་ཕྱིར་རོ་ཞེས་བཤད་དེ། སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་ཕྲིན་ལས་འདྲ་བའི་ཕྱིར་མཉམ་པ་ཉིད་ཅེས་བྱའོ། །བརྙེས་པར་གྱུར་པའི་ཕྱིར་བརྙེས་པ་ཞེས་བྱའོ། །དེ་དག་ཀྱང་མདོར་བསྡུ་ན་
བཤད་པ་རྣམ་པ་གསུམ་དུ་འགྱུར་ཏེ། དང་པོ་ནི་སངས་རྒྱས་རྣམས་ཀྱི་སྐུ་གསུམ་མཉམ་པ་ཉིད་ཀྱིས་སོ། །གཉིས་པ་ནི་སངས་རྒྱས་ཀྱི་རྣམ་པར་དག་པའི་ཡེ་ཤེས་དང་། ཐུགས་རྗེ་ཆེན་པོ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གཉིས་མཉམ་པ་ཉིད་ཀྱིས་སོ། །གསུམ་པ་
ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་ཕྲིན་ལས་འདྲ་བ་མཉམ་པ་ཉིད་ཀྱིས་སོ། །སྒྲིབ་པ་མི་མངའ་བའི་གནས་སུ་བྱོན་པ་ཞེས་བྱ་བ་ནི་ཡོན་ཏན་ལྔ་པ་བསྟན་ཏེ། འདི་ནི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་
པའི་འགྲེལ་པ་ལས་འདི་ལྟར་དུས་ཐམས་ཅད་དུ་ཤེས་རབ་ཡོངས་སུ་སྦྱངས་པས་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་འདི་ལྟར་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་འཕགས་པའི་
ལམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཏིང་ངེ་འཛིན་ལ་དབང་བའི་བདག་ཉིད་གོམས་པར་བྱས་པས་བག་ཆགས་ཐམས་ཅད་དང་གཏན་དུ་བྲལ་བའི་གནས་སུ་བྱོན་པའོ་ཞེས་འབྱུང་སྟེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གཞན་ཡང་
དེ་ཉིད་ལས་འདི་ནི་བཅོམ་ལྡན་འདས་ཀྱིས་མི་མཐུན་པའི་ཕྱོགས་ཡོངས་སུ་སྤངས་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཡེ་ཤེས་མངོན་དུ་མཛད་པའི་ཕྱིར་དང་། སྒྲིབ་པ་ཐམས་ཅད་མ་ལུས་པར་
སྤངས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དེ་དག་ཀྱང་མདོར་བསྡུ་ན་འདི་སྐད་དུ་སྒྲིབ་པ་གཉིས་ལས་དབེན་པའི་ཡེ་ཤེས་བསྒོམས་ཏེ། སྒྲིབ་པ་ཐམས་ཅད་སྤངས་པས་མྱ་ངན་ལས་འདས་པ་སྒྲིབ་པ་མེད་པའི་གནས་སུ་བྱོན་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་
เล่ม ๑๑๘ · หน้า 73a
ཞེས་བྱ་བས་ནི་ཡོན་ཏན་དྲུག་པ་བསྟན་ཏེ། འདི་ནི་མུ་སྟེགས་ཅན་ཐམས་ཅད་བཏུལ་བའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ལྷའི་བུའི་བདུད་དང་མུ་སྟེགས་ཅན་གང་གིས་ཀྱང་དེ་བཞིན་གཤེགས་པས་ཡང་
དག་པར་གསུངས་པའི་ཆོས་འཇིག་པར་ནུས་པ་མེད་པའོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། བསྟན་པ་དང་ཐུགས་སུ་ཆུད་པའི་ཆོས་གཉིས་གཞན་གྱིས་ཕྱིར་བཟློག་མི་ནུས་པ་སྟེ། དེ་ལ་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར་རོ་ཞེས་འབྱུང་
སྟེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདིས་ནི་བཅོམ་ལྡན་འདས་མུ་སྟེགས་ཅན་ཟིལ་གྱིས་གནོན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཏེ། འདི་ལྟར་སངས་རྒྱས་ཀྱིས་གསུངས་པའི་
ཆོས་ཡང་དག་པ་མུ་སྟེགས་ཐམས་ཅད་ཀྱིས་ཕྱིར་བཟློག་མི་ནུས་ཏེ་དེ་དག་ཟིལ་གྱིས་མནན་ནས་ཡང་དག་པའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ནི་འདི་སྐད་དུ་དེ་བཞིན་གཤེགས་པས་གསུངས་པའི་ཡང་དག་པའི་ཆོས་རྣམས་ནི་ལྷའི་བུའི་བདུད་དང་། མུ་སྟེགས་ཅན་དག་གིས་
ཕྱིར་མི་བཟློག་གོ་ཞེས་འབྱུང་བའི་ཐ་ཚིག་གོ། །སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་བྱ་བས་ནི་ཡོན་ཏན་བདུན་པ་བསྟན་ཏེ། འདི་ནི་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། གང་ལ་སུ་སྤྱོད་
པ་དེ་ནི་དེའི་སྤྱོད་ཡུལ་ཞེས་བྱ་སྟེ། འཇིག་རྟེན་ན་རྣམ་པར་རྒྱུ་ཡང་འདིར་རྙེད་པ་དང་མ་རྙེད་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་འཇིག་རྟེན་པའི་ཆོས་ཀྱིས་འཕྲོགས་པར་ནུས་པ་མ་ཡིན་ཏེ་ཇི་སྐད་དུ། སངས་རྒྱས་རྟག་པར་འཇིག་རྟེན་རྣམ་རྒྱུ་ཞིང་། །སེམས་ཅན་རྣམ་པ་
ཐམས་ཅད་ཕན་འདོགས་ཀྱང་། །ཆོས་བརྒྱད་རྩ་རླུང་ལོག་པར་རྟོགས་དག་གིས། །བསྐྱོད་པར་མི་ནུས་འགྲོགས་པར་ནུས་མ་ཡིན། །ཞེས་བཤད་པ་ལྟ་བུའོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་དང་། ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ཀྱང་དོན་འདི་དང་མཐུན་པར་བཤད་དོ། །གཞན་
เล่ม ๑๑๘ · หน้า 73b
ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་བཅོམ་ལྡན་འདས་ཀྱིས་བདུད་ཟིལ་གྱིས་གནོན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། དེ་ལ་སྤྱོད་ཡུལ་ནི་གཟུགས་ལ་སོགས་པའི་ཡུལ་ཏེ། སྤྱོད་ཡུལ་དེ་ཉིད་སེམས་འཁྲུལ་པར་བྱེད་པའི་ཕྱིར་དང་། དགེ་བའི་བར་
ཆད་བྱེད་པ་ཉིད་ཀྱི་ཕྱིར་བདུད་ཅེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་ལེགས་པར་ཏིང་ངེ་འཛིན་ལ་གཞག་པས་ཡུལ་ཤིན་ཏུ་ཡིད་དུ་འོང་བས་ཀྱང་བར་ཆད་བྱ་བར་མི་ནུས་ལ། ཡོན་ཏན་ཇི་སྙེད་པ་དེ་དག་ལེགས་པར་ཡོངས་སུ་རྫོགས་པས་སྤྱོད་ཡུལ་ངན་པ་ཐམས་ཅད་
ཀྱིས་ཀྱང་འཕྲོག་པར་མི་ནུས་ཏེ། སྤྱོད་ཡུལ་ཐམས་ཅད་ཟིལ་གྱིས་གནོན་པ་དང་། སྤྱོད་ཡུལ་ཐམས་ཅད་ཀྱིས་འཕྲོག་པར་མི་ནུས་པའི་ཕྱིར། སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་བྱའོ་ཞེས་བཤད་དོ། །བཤད་པ་དེ་དག་ཀྱང་རྣམ་པ་གཉིས་སུ་འགྱུར་ཏེ། དང་པོ་ནི་ཆོས་བརྒྱད་ཀྱི་
རླུང་གིས་མི་བསྐྱོད་པས་སོ། །གཉིས་པ་ནི་བདུད་ཀྱི་སྤྱོད་ཡུལ་གྱིས་མི་འཕྲོགས་པས་སོ། །རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བས་ནི་ཡོན་ཏན་བརྒྱད་པ་བསྟན་ཏེ། འདི་ནི་ཆོས་ཡང་དག་པར་རྣམ་པར་གཞག་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་དབྱིག་
གཉེན་གྱིས་མཛད་པའི་འགྲེལ་པ་ལས། འདི་ལྟར་མདོ་ལ་སོགས་པ་ཡང་དག་པའི་ཆོས་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པ་དེ་དག་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་འབྱུང་སྟེ། བསྟན་པའི་ཆོས་རྣམས་སངས་རྒྱས་ལ་ལྟོས་པས་རྣམ་པར་གཞག་པ་ཞེས་
བྱ་ལ། བྱིས་པ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་པས་ན། བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དཔེ་མི་མཐུན་པ་རྣམ་པ་གཅིག་ལས་གསུང་རབ་ཡན་ལག་བཅུ་གཉིས་པོ་བསམ་གྱིས་མི་ཁྱབ་པས་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་
པར་བྱ་བ་མ་ཡིན་ལ། དེ་བཞིན་གཤེགས་པ་ཆོས་འདི་རྣམ་པར་གཞག་པས། དེ་བཞིན་དུ་བྱིས་པ་ཆུང་ངུ་ལ་སོགས་པས་ཀྱང་ཁོང་དུ་ཆུད་པར་འགྱུར་བའོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། མདོ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་
เล่ม ๑๑๘ · หน้า 74a
གཉིས་པོ་དག་ནི་རྣམ་པར་གཞག་པ་ཞེས་བྱ་སྟེ། དེ་དང་དེ་དག་གིས་རང་དང་སྤྱིའི་མཚན་ཉིད་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ལྟར་རྣམ་པར་གཞག་པ་དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་
ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་འབྱུང་སྟེ། གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་འདི་དག་དེ་བཞིན་གཤེགས་པ་ལ་ལྟོས་པས་རྣམ་པར་གཞག་པ་ཞེས་བྱ་སྟེ། གསུང་རབ་ཀྱི་ཆོས་དེ་དག་གིས་རང་དང་སྤྱིའི་མཚན་ཉིད་རྣམ་པར་འཇོག་པའི་ཕྱིར་རྣམ་པར་གཞག་པ་
ཞེས་བྱའོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་རྣམ་པར་གཞག་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་ཐམས་ཅད་རྣམ་པར་གཞག་པ་དེ་རྟོག་གེའི་སྤྱོད་ཡུལ་ལས་
ཤིན་ཏུ་འདས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དེ་དག་ཀྱང་མདོར་བསྡུ་ན་བཅོམ་ལྡན་འདས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པས་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དུས་གསུམ་མཉམ་པའི་ཆོས་ཉིད་
ལ་གཤེགས་པ་ཞེས་བྱ་བས་ནི་ཡོན་ཏན་དགུ་པ་བསྟན་ཏེ། འདི་ནི་ལུང་སྟོན་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། འདི་ལྟར་དུས་གསུམ་མཉམ་པའི་ཆོས་ཉིད་དུ་ཀུན་དུ་ཁྱབ་པར་བགྲོད་ཅིང་གཤེགས་པ་འམ། དུས་གསུམ་མཉམ་པའི་
ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས་འདས་པ་དང་། མ་འོངས་པའི་དོན་རྣམས་འབྱུང་ངོ་། །འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ད་ལྟར་གྱི་བཞིན་དུ་ལུང་སྟོན་པའི་ཕྱིར་རོ་ཞེས་འབྱུང་སྟེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །
དེ་ལ་ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་ཉིད་དོ། །དེ་ལྟར་དུས་གསུམ་གྱི་ཆོས་རྣམས་ཀྱི་མཉམ་པ་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཕྱིར་འདས་པ་ལ་སོགས་པ་ཡང་ད་ལྟར་གྱི་བཞིན་དུ་ཐུགས་སུ་ཆུད་པར་གྱུར་པའོ། །ཡང་ན་དུས་གསུམ་གྱི་ཆོས་ཉིད་ཅེས་བྱ་སྟེ། དེ་དག་གསལ་བར་ཐུགས་
เล่ม ๑๑๘ · หน้า 74b
སུ་ཆུད་ཅིང་དབྱེར་མེད་པའི་ཕྱིར་མཉམ་པ་ཉིད་ཅེས་བྱའོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདིས་ནི་བཅོམ་ལྡན་འདས་ཀྱིས་དུས་གསུམ་ལུང་སྟོན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། ད་ལྟར་བྱུང་བའི་དུས་བཞིན་དུ་འདས་པ་དང་མ་འོངས་
པའི་དུས་ལུང་སྟོན་པ་ཐོགས་པ་མི་མངའ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །དེ་ནི་འདི་སྐད་དུ་མཁྱེན་པས་དུས་གསུམ་ལུང་སྟོན་པར་ཡུལ་གྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་མཉམ་པའི་དེ་བཞིན་ཉིད་ཡིན་པ་འམ། ཡང་ན་དུས་གསུམ་ཉིད་ཆོས་ཉིད་ཅེས་བྱ་སྟེ། བྱེ་བྲག་མེད་པར་ཐུགས་སུ་
ཆུད་པའི་ཕྱིར་མཉམ་པ་ཉིད་ཅེས་བྱའོ་ཞེས་བསྟན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བས་ནི་ཡོན་ཏན་བཅུ་པ་བསྟན་ཏེ། འདི་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་སྟོན་པའི་ཡོན་ཏན་ཞེས་
བྱ་བ་ཉིད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་འདི་ལྟར་གདུལ་བྱ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་པར་སྐུ་གཉིས་སྟོན་པས་དེ་དག་ལ་ཕན་འདོགས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །
གཞན་ཡང་དེ་ཉིད་ལས། འདིས་ནི་བཅོམ་ལྡན་འདས་དགའ་ལྡན་གྱི་གནས་ནས་གཤེགས་པ་ཀུན་ཏུ་སྟོན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདི་སྤྲུལ་པའི་སྐུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡུམ་གྱི་ལྷུམས་སུ་འཇུག་པ་ཀུན་ཏུ་ཅིག་ཅར་སྟོན་པའི་ཕྱིར་རོ་ཞེས་
འབྱུང་ངོ་། །དེ་དག་ཀྱང་མདོར་བསྡུ་ན་བཤད་པ་རྣམ་པ་གཉིས་སུ་འགྱུར་ཏེ། དང་པོ་ནི་སྐུ་གཉིས་ཀྱི་དབང་དུ་བྱས་སོ། །གཉིས་པ་ནི་སྤྲུལ་པའི་སྐུའི་དབང་དུ་བྱས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པར་བསྟན་ཏོ། །ཆོས་ཐམས་ཅད་ལ་མཁྱེན་པ་ཐེ་ཚོམ་མི་མངའ་བ་ཞེས་བྱ་བས་
ནི་ཡོན་ཏན་བཅུ་གཅིག་པ་བསྟན་ཏེ། འདི་ནི་ཐེ་ཚོམ་གཅོད་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཡུལ་ཐམས་ཅད་ལ་ངེས་པར་ལེགས་པར་བརྙེས་པའི་ཕྱིར་དང་། ཆོས་རྣམས་ལ་བདག་ཉིད་ཀྱིས་གཏན་ལ་ཕེབས་པ་མེད་པ་གཞན་གྱི་ཐེ་ཚོམ་ཆོད་
เล่ม ๑๑๘ · หน้า 75a
པར་འགྱུར་བ་ཡང་མ་ཡིན་པ་ངེས་པ་དང་བྲལ་བས་ཐེ་ཚོམ་གཅོད་པ་ཡང་མ་ཡིན་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདི་དང་དོན་མཐུན་པར་བཤད་དོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདིས་ནི་བཅོམ་ལྡན་
འདས་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། ཆོས་ཐམས་ཅད་ལ་ཐེ་ཚོམ་མ་ལུས་པར་བསལ་བའི་ཡེ་ཤེས་ངེས་པར་བརྙེས་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ནི་འདི་སྐད་དུ་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་ཐེ་ཚོམ་མི་མངའ་བའི་ཕྱིར།
གཞན་གྱི་ཐེ་ཚོམ་གཅོད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གཞན་ཡང་མི་འཇིགས་པ་བཞི་བརྙེས་པའི་ཕྱིར་བདག་ཉིད་ངེས་པར་ཐེ་ཚོམ་མི་མངའ་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་བརྙེས་པའི་ཕྱིར། གཞན་གྱི་ཐེ་ཚོམ་གཅོད་པར་བྱེད་པས་དེའི་ཕྱིར་ཡོན་ཏན་ཞེས་
བྱའོ། །སྤྱོད་པ་ཐམས་ཅད་ཀྱི་བློ་ཆེན་པོ་ཡོངས་སུ་གྲུབ་པ་ཞེས་བྱ་བས་ནི་ཡོན་ཏན་བཅུ་གཉིས་པ་བསྟན་ཏེ། འདི་ནི་སྤྱོད་པ་སྣ་ཚོགས་ཀྱིས་འཇུག་པར་མཛད་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདི་ལྟར་འདུལ་བའི་སེམས་ཅན་གྱི་རྗེས་སུ་ཇི་
ལྟར་འོས་པ་བཞིན་དུ་སྐལ་བ་མཉམ་པའི་ལུས་བསྟན་པས་དེ་དག་འཇུག་པར་མཛད་པའི་ཕྱིར་རོ། །འདིས་ནི་བཅོམ་ལྡན་འདས་ཐེག་པ་ཐམས་ཅད་ཀྱིས་འདུལ་བའི་སེམས་ཅན་དག་ལ་དེ་དང་འདྲ་བའི་སྐུ་ཀུན་ཏུ་སྟོན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། སེམས་ཅན་ཐམས་
ཅད་ཀྱི་རང་བཞིན་དང་། སྤྱོད་པ་ཐ་དད་པ་ཡོངས་སུ་མཁྱེན་པས་ཇི་ལྟ་བ་བཞིན་དུ་ཉིད་ཀྱི་སྐུ་ཡང་ཀུན་ཏུ་སྟོན་པའི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ནི་འདི་སྐད་དུ་བཅོམ་ལྡན་འདས་ཐེག་པ་གསུམ་མམ། ཡང་ན་ཐེག་པ་ལྔས་རང་བཞིན་དང་སྤྱོད་པ་ཐ་དད་པ་རྣམས་ལ་དེ་དང་འདྲ་བའི་སྐུ་
ཀུན་ཏུ་སྟོན་པས། བློ་བྱེ་བ་མངོན་པར་བསྒྲུབ་ཅིང་སོ་སོ་ནས་འཇུག་པར་མཛད་པ་ཐེག་པ་གཞན་གཉིས་པོ་དག་ལ་ཁྱད་པར་དུ་གྱུར་པའི་ཕྱིར། སྤྱོད་པ་ཐམས་ཅད་ཀྱི་བློ་ཆེན་པོ་ཡོངས་སུ་གྲུབ་པ་ཞེས་བྱའོ། །ཆོས་མཁྱེན་པ་ལ་ནེམ་ནུར་མི་མངའ་བ་ཞེས་བྱ་བས་ནི་ཡོན་ཏན་བཅུ་
เล่ม ๑๑๘ · หน้า 75b
གསུམ་པ་བསྟན་ཏེ། འདི་ནི་ཕྱི་མ་ལ་ཆོས་འབྱུང་བ་རབ་ཏུ་མཁྱེན་པ་ཞེས་བྱ་བ་ཉིད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། མ་འོངས་པའི་དུས་ན་ཆོས་འདི་ལྟ་བུས་དེ་བཞིན་གཤེགས་པའི་གྱ་ནོམ་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ་ཞེས་མཁྱེན་པའོ་ཞེས་བཤད་
དོ། །ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། འདི་ལྟར་འཕགས་པ་ཉན་ཐོས་རྣམས་ཀྱིས་གང་ལ་འདི་ནི་གཅིག་ཏུ་དགེ་བའི་རྩ་བ་ཅུང་ཟད་ཀྱང་མེད་པའོ་ཞེས་སྤངས་པ་གང་ཡིན་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་དགེ་བའི་ཆོས་སྐྱེ་བར་འགྱུར་བ་ཡང་རབ་ཏུ་
མཁྱེན་ལ། དེའི་ཚེ་རབས་གཞན་དང་འབྲེལ་པའི་ས་བོན་དགེ་བའི་རྩ་བ་ཤིན་ཏུ་ཕྲ་མོ་ཡང་མངོན་སུམ་དུ་མཁྱེན་པའི་ཕྱིར་ཞེས་འབྱུང་སྟེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདི་དང་དོན་མཐུན་པར་བཤད་དོ། །མདོ་ལས་ཇི་སྐད་དུ་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་
ཀྱི་ཚལ་ན་བཞུགས་པའི་ཚེ། སྤྲང་པོ་ཞིག་དགེ་སློང་གི་ཐད་དུ་ཕྱིན་ནས་རབ་ཏུ་འབྱུང་བར་གསོལ་བ་བཏབ་པ་དང་། དགེ་སློང་དག་གིས་སྔོན་གྱི་གནས་དྲན་པའི་ཤེས་པས་བརྟགས་ན། བསྐལ་པ་བརྒྱད་ཁྲི་ཚུན་ཆད་དུ་དགེ་བའི་རྩ་བ་ལ་ཕྱོགས་པའི་སེམས་ཅུང་ཟད་ཀྱང་མེད་པར་མཐོང་
བའི་ཕྱིར་གང་གིས་ཀྱང་རབ་ཏུ་མ་བྱུང་ངོ་། །མི་དེ་ངུ་ཞིང་ཕྱིར་བྱུང་བ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་སླར་ཁྲིད་དེ་དགེ་སློང་རྣམས་ལ་ཅིའི་ཕྱིར་འདི་རབ་ཏུ་མ་ཕྱུང་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཞིབ་ཏུ་གསོལ་ཏོ། །དེ་ནས་དུས་གཞན་ཞིག་ན་བཅོམ་ལྡན་འདས་ཀྱིས་དེ་
རབ་ཏུ་ཕྱུང་སྟེ། ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་སྔོན་སངས་རྒྱས་མར་མེ་མཛད་ཀྱི་ཚེ་ཤིང་ཐུན་ཞིག་ཏུ་གྱུར་ཏེ། གྲོང་ཁྱེར་གྱི་
སྒོར་མི་མང་པོ་རྣམས་ལམ་འཕྱག་ཅིང་སངས་རྒྱས་མར་མེ་མཛད་ལ་སྡོད་པ་ཤིང་ཐུན་དེས་མཐོང་ནས་མང་པོ་རྣམས་ལ་ལམ་འཕྱག་པ་འདི་ཅིའི་ཕྱིར་ཞེས་དྲིས་སོ། །མི་མང་པོ་རྣམས་ཀྱིས་དེང་སངས་རྒྱས་མར་མེ་མཛད་གྲོང་ཁྱེར་འདིར་གཤེགས་པའི་ཕྱིར་ལམ་འཕྱག་ཅིང་སྡོད་པ་ཡིན་
เล่ม ๑๑๘ · หน้า 76a
ནོ་ཞེས་སྨྲས་པ་དང་། དེ་སངས་རྒྱས་ཞེས་བྱ་བའི་མཚན་ཐོས་པས་ལུས་ཀྱི་སྤུ་ཟིང་ཞེས་བྱེད་ནས་མཆི་མ་བླགས་ཏེ་ངུས་སོ། །བཅོམ་ལྡན་འདས་གཤེགས་པ་ལས་བསྡད་དུ་ཡང་གོས་ཟས་དག་གིས་ཕོངས་པས་མཐར་གྱིས་རི་ལ་སོང་བ་ལས། ལམ་དུ་སྟག་ཅིག་
དང་ཕྲད་ནས་དེས་བཟུང་སྟེ་ཁར་བཅུག་པའི་ཚེ་སངས་རྒྱས་ཞེས་བྱ་བའི་མཚན་བརྗོད་ནས་གྲོང་ཁྱེར་གྱི་སྒོའི་མི་ཞེས་ཚིག་ཏུ་བརྗོད་པ་ལས་སྟག་གིས་བསད་དེ་ཟོས་སོ། །མི་འདི་ལ་སངས་རྒྱས་ཞེས་བརྗོད་པའི་དགེ་བའི་རྩ་བ་འདི་འབའ་ཞིག་ཡོད་པས་སོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་
བཞིན་གཤེགས་པ་མར་མེ་མཛད་ནི་སངས་རྒྱས་འདིའི་བསྐལ་པ་གྲངས་མེད་པ་གཉིས་པ་ན་བྱུང་སྟེ་དེའི་ཚེ་སངས་རྒྱས་རྗེས་སུ་དྲན་པའི་དགེ་བའི་རྩ་བ་འདི་བསྐྱེད་དེ། ཕྱིས་བསྐལ་པ་གྲངས་མེད་པ་གསུམ་པ་ཡང་རྫོགས། བསྐལ་པ་བཅུ་དགུ་ཡང་འདས་ནས་གདོད་དགེ་བའི་རྩ་བ་
ཡོངས་སུ་སྨིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་འདི་ལ་བརྟེན་ནས་རབ་ཏུ་ཕྱུང་སྟེ། ཆོས་བཤད་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་པ་འདི་ལྟ་བུའི་ས་བོན་ཤིན་ཏུ་ཕྲ་བ་ཐེག་པ་འོག་མ་གཉིས་ཀྱིས་མི་ཤེས་ཀྱི་དེ་བཞིན་གཤེགས་པ་ཉག་གཅིག་གིས་ཐུགས་
སུ་ཆུད་པའོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་བཅོམ་ལྡན་འདས་ཆོས་ཐམས་ཅད་ཤིན་ཏུ་མཁྱེན་པའི་ཡེ་ཤེས་ཀྱིས་ཅི་རིགས་པར་གདམས་ངག་ཡང་དག་པར་སྦྱིན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟར་ཆོས་རྣམས་ལ་ནེམ་ནུར་
དང་ལྡན་པས་ནི་ཅི་རིགས་པར་གདམས་ངག་སྦྱིན་པར་མི་ནུས་ཀྱི། སངས་རྒྱས་བཅོམ་ལྡན་འདས་འབའ་ཞིག་གིས་ཆོས་རྣམས་ཐུགས་སུ་ཆུད་ཅིང་མཁྱེན་པས་ཤིན་ཏུ་རྣམ་པར་ངེས་པས་ཅི་རིགས་སུ་ཕྱིན་ཅི་མ་ལོག་པར་གདམས་ངག་སྦྱིན་པ་ལ་རྒྱུན་ཆད་པ་མི་མངའོ་ཞེས་འབྱུང་ངོ་། །
བཤད་པ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་སུ་འགྱུར་ཏེ་དང་པོས་ནི་སེམས་ཅན་རྣམས་ཀྱིས་ཡུན་རིང་པོར་ལོན་པའི་རྒྱུ་ཤིན་ཏུ་ཕྲ་བས་མ་འོངས་པའི་དུས་ན། ཆོས་རྣམས་ཐོབ་པར་འབྱུང་བ་རབ་ཏུ་མཁྱེན་པའི་ནེམ་ནུར་མི་མངའ་བར་བསྟན་ཏོ། །གཉིས་པས་ནི་སེམས་ཅན་རྣམས་
เล่ม ๑๑๘ · หน้า 76b
ཀྱི་རྒྱུ་དང་འབྲས་བུའི་ཆོས་རབ་ཏུ་མཁྱེན་པའི་ཕྱིར་ཅི་རིགས་སུ་གདམས་ངག་སྦྱིན་པས་ནེམ་ནུར་མི་མངའ་བར་བསྟན་ཏོ། །རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་བྱ་བས་ནི་ཡོན་ཏན་བཅུ་བཞི་པ་བསྟན་ཏོ། །འདི་ནི་མོས་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་
དཔོན་ངོ་བོ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས། སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་གསེར་ལ་སོགས་པའི་རང་བཞིན་དུ་སྣང་ཡང་སྐུ་ལ་རྣམ་པར་རྟོག་པ་མི་མངའ་སྟེ། ནོར་བུ་དང་སིལ་སྙན་ལ་སོགས་པ་ལྟ་བུའོ་ཞེས་འབྱུང་ངོ་། །རྣམ་པར་རྟོག་པ་མི་མངའ་ཡང་སྐུ་སྟོན་པར་
མཛད་པའི་ཕྱིར་རྣམ་པར་མ་བརྟགས་པ་ཞེས་བྱའོ། །ཡང་ན་སྐུ་སྣང་བ་དེ་ཡང་རྣམ་པར་མི་རྟོག་པའི་དབང་ལས་བྱུང་བའི་ཕྱིར་གཞན་དག་གིས་རྣམ་པར་མ་བརྟགས་པའོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། ཡང་ན་དེ་དག་དང་འདྲ་བ་ཉིད་དུ་སྟོན་པས་རྣམ་པར་བརྟག་ཏུ་
མེད་པའི་ཞེས་བཤད་དོ། །གཞན་ནི་ངོ་བོ་ཉིད་མེད་ཀྱིས་བཤད་པ་དང་མཐུན་ནོ། །དེ་ལ་དེ་དག་དང་འདྲ་བ་ཉིད་དུ་ཞེས་བྱ་བ་ནི་གདུལ་བར་བྱ་བའི་སེམས་ཅན་གྱི་ལོག་པར་སྤྱོད་པ་དང་ཡང་དག་པར་སྤྱོད་པ་དང་། གཉི་གའི་སྤྱོད་པ་མཚུངས་ཤིང་ཡོངས་སུ་བསྟན་པའི་མཚན་མ་དེ་དག་
དབྱེར་མེད་པའོ། །ཡང་ན་འགྲོ་བ་དྲུག་པོའི་རྣམ་པ་དང་མཚུངས་པ་ཉིད་དུ་འགྲོ་བ་དྲུག་པོ་དག་གི་ལུས་སྟོན་ཀྱང་འདི་ནི་འགྲོ་བ་དྲུག་པོ་དག་གི་ནང་ན་འདི་ཡིན་ནོ་ཞེས་དབྱེར་མེད་པའོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་སྤྲུལ་པའི་སྐུ་བསྟན་པ་
དེའི་གྲངས་དང་ཚད་དང་། རྣམ་པ་དང་དུས་དང་དུས་ཚིགས་དང་གནས་རྣམ་པར་བརྟག་ཏུ་མེད་པའོ་ཞེས་བཤད་དོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་འདིས་ནི་བཅོམ་ལྡན་འདས་ཀྱིས་ཀུན་ནས་ཉོན་མོངས་པ་མི་མངའ་བའི་སྐུ་ཡོངས་སུ་འཛིན་པ་ཁྱད་པར་དུ་
འཕགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ལས་འཁྲུངས་པ་ནི་མ་ཡིན་ཏེ། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཉོན་མོངས་པ་མི་མངའ་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྐུ་ནི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་
เล่ม ๑๑๘ · หน้า 77a
རྣམ་པར་བརྟགས་པ་མ་ཡིན་པའི་ཕྱིར་རོ། །རྣམ་པར་མ་བརྟགས་པའོ་ཞེས་འབྱུང་སྟེ། ཇི་ཙམ་དུ་སྐུ་སྟོན་པ་དེ་དག་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ལས་མ་འཁྲུངས་པའི་ཕྱིར་རྣམ་པར་མ་བརྟགས་པའོ། །ཡང་སྐུ་བསྟན་པ་དེ་དག་ཡང་དག་པ་ཡིན་པ་
རྣམ་པར་རྟོག་པ་ལས་འཁྲུངས་པ་མ་ཡིན་པའི་ཕྱིར་གཞན་དག་གིས་རྣམ་པར་བརྟག་ཏུ་མེད་པའོ། །དེ་དག་ཀྱང་མདོར་བསྡུ་ན་བཤད་པ་རྣམ་པ་བཞིར་འགྱུར་ཏེ། དང་པོས་ནི་སྐུ་སྟོན་པར་མཛད་ཀྱང་རྣམ་པར་རྟོག་པ་མི་མངའ་བའི་ཕྱིར་རྣམ་པར་མ་བརྟགས་པ་ཉིད་དུ་སྟོན་ཏོ། །གཉིས་
པས་ནི་དེ་དང་འདྲ་བ་ཉིད་དུ་སྟོན་པར་མཛད་པས་ཤེས་པར་མི་ནུས་པའི་ཕྱིར་རྣམ་པར་མ་བརྟགས་པ་ཉིད་དུ་བསྟན་ཏོ། །གསུམ་པས་ནི་སྤྲུལ་པའི་སྐུའི་གྲངས་དང་། ཚད་ལ་སོགས་པ་ཤེས་པར་མི་ནུས་པའི་ཕྱིར་རྣམ་པར་མ་བརྟགས་པ་ཉིད་དུ་བསྟན་ཏོ། །བཞི་པས་ནི་ཇི་ཙམ་དུ་སྐུ་
སྟོན་པ་དག་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པ་ལས་འཁྲུངས་པ་མ་ཡིན་པའི་ཕྱིར་རྣམ་པར་མ་བརྟགས་པ་ཉིད་དུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་གཉེར་བ་མཁྱེན་པ་མངའ་བ་ཞེས་བྱ་བས་ནི་ཡོན་ཏན་བཅོ་ལྔ་པ་སྟོན་ཏེ། འདི་ནི་རྟེན་ཚད་མེད་པས་
སེམས་ཅན་གདུལ་བར་སྦྱོར་བའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་ཚད་མེད་པའི་རྟེན་དུ་གྱུར་པས་སེམས་ཅན་གདུལ་བའི་བྱ་བ་མཛད་པ་ཡིན་གྱི། དེ་བཞིན་གཤེགས་པ་རྣམས་བདག་དང་
གཞན་མཉམ་པ་ཉིད་བརྙེས་པས། ཡང་ཡེ་ཤེས་འདི་ཡོངས་སུ་ཚོལ་བ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པས་དེ་ལྟ་བུའི་གདུལ་བའི་བྱ་བ་མཆོག་སྔར་མཛད་པས་སོ་ཞེས་བཤད་དེ། དེ་ནི་འདི་སྐད་དུ་དེ་བཞིན་གཤེགས་པའི་གདུལ་བའི་མཁྱེན་པ་ནི་བྱང་ཆུབ་སེམས་དཔའ་
ཚད་མེད་པ་རྣམས་ཀྱི་རྟེན་དུ་གྱུར་པས་བྱང་ཆུབ་སེམས་དཔའ་རྣམས་སྦྱོར་བའི་རིམ་གྱིས་ཐོབ་པར་བྱ་བ་ཡིན་གྱི། དེ་བཞིན་གཤེགས་པ་གཉེར་བར་མཛད་པ་མ་ཡིན་ཏེ། སེམས་ཅན་གདུལ་བའི་མཁྱེན་པའི་མཆོག་བརྙེས་པར་གྱུར་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །ཡང་
เล่ม ๑๑๘ · หน้า 77b
ན་རྟེན་ཚད་མེད་པའི་ཡེ་ཤེས་ཀྱིས་སེམས་ཅན་གདུལ་བའི་ཐབས་ཀྱི་བྱ་བ་མཛད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་འདི་ཡོངས་སུ་གཉེར་བའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའི་རྟེན་དཔག་ཏུ་མེད་པས་སེམས་ཅན་
གདུལ་བའི་ཕྱིར་སྦྱོར་བ་བསྐྱེད་པ་དེ་སངས་རྒྱས་ཀྱི་དབང་གིས་ཆོས་མཉེན་པ་སྔོན་དུ་བཏང་བས་ཡེ་ཤེས་གྱ་ནོམ་པ་འཐོབ་སྟེ། རྣམ་པ་ཐ་དད་པའི་བྱང་ཆུབ་སེམས་དཔའ་རྣམ་པ་རྗེས་སུ་གཟུང་ཞིང་ཡོངས་སུ་གཏད་པས་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པར་འཇུག་པ་དེས་བྱང་ཆུབ་སེམས་
དཔའ་ཐམས་ཅད་ཀྱིས་མཚུངས་པར་གཉེར་བའི་ཡེ་ཤེས་ཐོབ་པར་འགྱུར་བའོ་ཞེས་འབྱུང་ངོ་། །སློབ་དཔོན་ཉེ་བའི་འོད་ཀྱིས་ཀྱང་དོན་འདི་དང་མཐུན་པར་བཤད་དོ། །འགྲེལ་པ་འདི་ལས་སྔར་ནི་ཡོན་ཏན་བཤད་ལ། དེའི་འོག་ཏུ་ནི་མདོའི་ཚིག་རྣམ་པར་བཤད་དེ། དེ་ལ་བྱང་
ཆུབ་སེམས་དཔའི་རྟེན་དཔག་ཏུ་མེད་པ་ཞེས་བྱ་བས་ནི་གོང་མའི་རྟེན་ཚད་མེད་པ་ཞེས་བྱ་བའི་བཤད་པ་ཡིན་ཏེ། རྟེན་མེད་པ་ནི་སངས་རྒྱས་ཀྱི་འབྲས་བུ་རྟོག་པའི་ཡེ་ཤེས་སོ། །ཁ་ཅིག་ན་རེ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། སེམས་
ཅན་རྣམས་ཀྱིས་ཡོངས་སུ་འཛིན་པའི་སེམས་གདུལ་བའི་ཕྱིར་སྦྱོར་བའི་ཤེས་པ་བསྐྱེད་ནས་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་བའོ། །ཡང་ན་བྱང་ཆུབ་སེམས་དཔའི་ཤེས་རབ་པོ་ཞེས་བཤད་དོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་
སུ་ཚོལ་བ་ཞེས་བཤད་པ་དེ་བཟང་ངོ་། །སེམས་ཅན་གདུལ་བའི་སྦྱོར་བའི་ཡོན་ཏན་ཞེས་བྱ་བ་མན་ཆད་ཀྱིས་མདོའི་ཚིག་རྣམ་པར་བཤད་པ་ཡིན་ཏེ། སངས་རྒྱས་ཀྱི་དབང་གི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་མཉན་པ་ཡོད་པར་གྱུར་ནས། ས་དང་པོའི་ཡེ་ཤེས་གྱ་ནོམ་པ་
འཐོབ་པའོ། །ཡང་ན་སངས་རྒྱས་ཀྱི་ཡེ་ཤེས་གྱ་ནོམ་པ་འཐོབ་པར་འགྱུར་རོ། །དཔེར་ན་མར་མེ་གཅིག་གིས་མར་མེ་བརྒྱ་སྟོང་འབར་བར་བྱེད་པ་དེ་བཞིན་དུ་སའི་མདུན་རོལ་གྱི་རྣམ་པ་ཐ་དད་པའི་བྱང་ཆུབ་སེམས་དཔའ་དང་། རིགས་མ་ངེས་པའི་ཉན་ཐོས་དང་། རང་སངས་རྒྱས་
เล่ม ๑๑๘ · หน้า 78a
རྣམས་སངས་རྒྱས་ཉིད་ཀྱིས་རྗེས་སུ་གཟུང་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ། དེ་བཞིན་གཤེགས་པ་གཞན་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་ལ་ཡོངས་སུ་གཏད་པས་དགེ་བ་སྤྱོད་པའི་གང་ཟག་ཐམས་ཅད་ཀྱིས་རིམ་གྱིས་ཐོས་པ་དང་། བསམས་
པ་དང་། བསྒོམས་པའི་ཤེས་རབ་ཐོབ་པར་མཛད་པས་དེའི་དབང་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མཚུངས་པར་གཉེར་བའི་ཡེ་ཤེས་ཐོབ་ནས་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བའོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་བཅོམ་
ལྡན་འདས་ཀྱི་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་སྦྱོར་བ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར། སྦྱོར་བ་ལ་བརྩོན་པར་བྱེད་ཀྱི་ཉན་ཐོས་ལ་སོགས་པ་ནི་མ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་
ཀྱི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་ཡང་དག་པར་ཡོངས་སུ་བཙལ་བར་བྱ་བ་ཡིན་ནོ། །བཤད་དེ་སངས་རྒྱས་ཀྱི་ཡེ་ཤེས་འདི་འབའ་ཞིག་ཡོངས་སུ་གཉེར་བར་བྱ་བ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་ནི་གཉེར་བར་བྱ་བ་མ་ཡིན་པའོ། །དེ་དག་ཀྱང་མདོར་
བསྡུ་ན་བཤད་པ་རྣམ་པ་གཉིས་སུ་འགྱུར་ཏེ། དང་པོས་ནི་སངས་རྒྱས་རྣམས་ལས་ཐ་དད་པར་དགར་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཁོ་ནས་གཉེར་བར་བྱེད་ཀྱི། སངས་རྒྱས་རྣམས་ཀྱིས་གཉེར་བར་མཛད་པ་ནི་མ་ཡིན་པའོ། །གཉིས་པས་ནི་ཐེག་པ་འོག་མ་གཉིས་ལས་དགར་བ་
སྟེ། ཐེག་པ་གཉིས་ཀྱིས་གཉེར་བར་བྱ་བའི་ཡེ་ཤེས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ཀྱིས་གནས་པ་གཉིས་སུ་མེད་པ་བརྙེས་པས་དམ་པའི་ཕ་རོལ་ཏུ་བྱོན་པའོ་ཞེས་བྱ་བས་ནི་ཡོན་ཏན་བཅུ་དྲུག་པ་བསྟེན་ཏེ། འདི་ནི་ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་
སུ་གྲུབ་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། འདི་ལྟར་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ནི་མཉམ་པས་མཉམ་པ་ཞེས་བྱ་སྟེ། གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ལས་ཤིན་ཏུ་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་བརྙེས་པར་གྱུར་པའོ་ཞེས་
เล่ม ๑๑๘ · หน้า 78b
འབྱུང་སྟེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་དང་སྦྱར་ན་ཡོངས་སུ་གྲུབ་པའི་ཆོས་དང་། ཡོན་ཏན་བཞིའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཡོན་ཏན་གྱི་ངོ་བོ་ཉིད་བྱེད་པའི་ཕྱིར་རོ་ཞེས་བཤད་དོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དེ་བཞིན་གཤེགས་པའི་ཆོས་ཀྱི་
སྐུ་ནི་གནས་པ་ཞེས་བྱའོ། །ཡོན་ཏན་བཞི་མཐར་ཕྱིན་པ་ནི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པའི་ཕྱིར་མཉམ་པ་ཞེས་བྱའོ། །ཆོས་ཀྱི་སྐུ་མཉམ་པ་ལ་བརྟེན་ནས། ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཡོན་ཏན་
མངོན་པར་འགྲུབ་པའི་ཕྱིར་རོ་ཞེས་འབྱུང་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ཕྱིར་མཉམ་པ་ཞེས་བྱའོ། །ཡོངས་སུ་མཉམ་པའི་ཆོས་ཀྱི་སྐུ་འདི་ལ་བརྟེན་ནས། རྟག་པ་དང་བདེ་བ་དང་དེ་དང་ཡོངས་སུ་བཙལ་བའི་ཕ་རོལ་ཏུ་བྱོན་པ་རྣམས་སངས་རྒྱས་ཀྱི་གནས་
སྐབས་ཀྱི་ཚེ་གདོད་མངོན་པར་འགྲུབ་པའོ། །ཡང་ན་ཆོས་ཀྱི་སྐུ་མཉམ་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ལ། ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་གནས་སྐབས་ཀྱི་ཚེ་གདོད་མངོན་པར་འགྲུབ་པའོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས།
འདི་ལྟར་སངས་རྒྱས་ཀྱི་ས་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ལས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཉམ་པ་ཉིད་དུ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་འདིས་ནི་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་སྐུའི་ཕྱོགས་ཁྱད་པར་དུ་འཕགས་
པའི་ཡོན་ཏན་བསྟན་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཐ་དད་པའི་མཚན་ཉིད་མི་མངའ་བའི་ཕྱིར་གཉིས་སུ་མེད་པ་ཞེས་བྱའོ། །སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་ནི་ཆོས་ཀྱི་སྐུ་སྟེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་བྱེད་དོ། །མཚན་ཉིད་ཐ་དད་པ་མེད་པས་དེར་གཉིས་སུ་རྣམ་
པར་རྟོག་པ་ཐམས་ཅད་མངོན་དུ་མི་འབྱུང་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་རྟག་ཏུ་གནས་པའི་ཕྱིར་གནས་པ་ཞེས་བྱ་སྟེ། གཉིས་སུ་མེད་པའི་གནས་པ་དེ་ཉིད་ནི་དམ་པའི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། །དེ་བཞིན་གཤེགས་པས་དེའི་ཕྱི་རོལ་དུ་བྱོན་པའི་ཕྱིར་བརྙེས་
เล่ม ๑๑๘ · หน้า 79a
པ་ཞེས་བྱའོ་ཞེས་འབྱུང་ངོ་། །སློབ་དཔོན་ཉེ་བའི་འོད་ཀྱིས་བཤད་པ་འདི་ལ་མི་མཐུན་པ་རྣམ་པ་གསུམ་དུ་བཤད་དེ། །ཁ་ཅིག་ནི་ཏིང་ངེ་འཛིན་ལ་གནས་པའི་དབང་དུ་བྱས་ནས་གནས་པར་བྱ་བའི་ཡུལ་ཆོས་ཀྱི་སྐུ་མཉམ་པ་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ནི་དེ་
ལྟར་གནས་པར་བྱ་བའི་ཡུལ་སྨོས་ཀྱང་། དོན་གྱིས་ན་ཏིང་ངེ་འཛིན་ལ་གནས་པ་ཞེས་བཟུང་ངོ་ཞེའོ། །ཁ་ཅིག་ནི་གནས་པར་བྱ་བ་དང་གནས་པ་ལས་ཡོན་ཏན་གྱི་མིང་རྣམ་པར་གཞག་པ་ཡིན་ནོ་ཞེའོ། །དེ་དག་ཀྱང་མདོར་བསྡུ་ན་བཤད་པ་རྣམ་པ་གཉིས་སུ་འགྱུར་ཏེ། དང་པོ་ནི་
ཆོས་ཀྱི་སྐུ་གཅིག་པའི་ཕྱིར་གཉིས་སུ་མེད་པ་ཞེས་བྱའོ་ཞེས་བསྟན་ཏོ། །གཉིས་པས་ནི་ཆོས་ཀྱི་སྐུ་ལ་རྣམ་པ་སྣ་ཚོགས་ཀྱི་གཉིས་མེད་པའི་ཕྱིར་གཉིས་སུ་མེད་པའོ་ཞེས་བསྟན་ཏོ། །དོན་གཞན་ནི་བརྡ་ཕྲད་པར་ཟད་དོ། །ཡོངས་སུ་མ་འདྲེས་པས་དེ་བཞིན་གཤེགས་པའི་རྣམ་པར་
ཐར་པའི་ཡེ་ཤེས་དམ་པ་མཐར་ཕྱིན་པ་ཞེས་བྱ་བས་ནི་ཡོན་ཏན་བཅུ་བདུན་པ་བསྟན་ཏེ། འདི་ནི་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐ་དད་པ་སྟོན་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །དེ་ལ་ཡོངས་སུ་མ་འདྲེས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མོས་པས་སངས་རྒྱས་
ཀྱི་ཞིང་བསྟན་པ་རྣམས་ཡོངས་སུ་མ་འདྲེས་པའོ། །དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྟན་པའི་མོས་པ་ཉིད་དོ། །ཡོངས་སུ་བསྟན་པར་མཛད་པ་ལ་མི་མཁྱེན་པ་ཅི་ཡང་མེད་པའི་ཕྱིར་ཡེ་ཤེས་དམ་པ་མཐར་
ཕྱིན་པ་ཞེས་བྱ་སྟེ། འདི་ནི་མདོའི་ཚིག་གི་དོན་རྣམ་པར་བཤད་པའོ། །འདི་ཉིད་དང་སྦྱར་ཏེ་ཡོན་ཏན་གྱི་མིང་བཤད་ན་དེ་བཞིན་གཤེགས་པའི་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་དང་། སངས་རྒྱས་ཀྱི་ཞིང་ཐ་དད་པར་བསྟན་པ་རྣམས་ཡོངས་སུ་མ་འདྲེས་པར་གྱུར་པའོ། །སློབ་དཔོན་
དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། ཡོངས་སུ་མ་འདྲེས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ལས་མོས་པ་མཐར་ཕྱིན་པ་སྟེ། དེ་ལ་འདིར་སྨོས་པ་ནི་རྣམ་པར་ཐར་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཡོངས་སུ་མ་འདྲེས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ལས་སེམས་ཅན་
เล่ม ๑๑๘ · หน้า 79b
ལ་ཕན་འདོགས་པའི་མོས་པ་མཐར་ཕྱིན་པའི་ཕྱིར། སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམ་པ་སྣ་ཚོགས་བསྟན་པ་ཡང་ཡོངས་སུ་མ་འདྲེས་པ་ཡིན་ཏེ། མཁྱེན་པ་ལ་འདྲེས་པ་མི་མངའ་བའི་དབང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྟན་
པ་རྣམས་ཀྱང་ཡོངས་སུ་མ་འདྲེས་པར་གྱུར་པའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་སེམས་ཅན་རྣམས་ཀྱི་མོས་པ་ཐ་དད་པ་ལ་ལྟོས་ནས། གསེར་དང་དངུལ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམ་པ་སྣ་ཚོགས་ཡོངས་སུ་མ་འདྲེས་པར་སྟོན་ཏེ། བཅོམ་ལྡན་འདས་
ཀྱིས་མོས་པ་མངོན་དུ་གྱུར་པས་ན་འཁོར་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་སྟོན་པར་མཛད་དེ་མི་མཁྱེན་པ་མི་མངའ་བས། དེའི་ཕྱིར་དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་ཡེ་ཤེས་དམ་པ་མཐར་ཕྱིན་པ་ཞེས་གསུངས་སོ། །དེ་ལ་འདིར་མོས་པ་ལ་རྣམ་པར་ཐར་པ་ཞེས་བྱ་བར་བཞེད་
དོ་ཞེས་བྱ་བར་བཤད་དོ། །སློབ་དཔོན་ཉེ་བའི་འོད་ཀྱིས་ཀྱང་དོན་མིང་དང་མཐུན་པར་བཤད་དོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཕྱོགས་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདིར་
ལོངས་སྤྱོད་རྫོགས་པའི་སྐུ་ནི་མ་འདྲེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་སོ་སོ་ཐ་དད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་དམ་པས་སེམས་ཅན་ཐམས་ཅད་རྣམ་པར་ཐར་པར་མཛད་པའི་ཕྱིར་རོ། །དེ་བཞིན་གཤེགས་
པའི་རྣམ་པར་ཐར་པ་ཡེ་ཤེས་དམ་པ་ཞེས་བྱའོ། །དེ་བཞིན་གཤེགས་པས་ཡེ་ཤེས་འདིའི་མཐར་ཕྱིན་པ་བརྙེས་པས་འདི་ཉིད་དེ་བཞིན་གཤེགས་པའི་ཡེ་ཤེས་དམ་པ་མ་འདྲེས་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ལོངས་སྤྱོད་པའི་སྐུ་སྟོན་པར་མཛད་ཀྱང་། ཕན་
ཚུན་འདྲེས་པར་མི་འགྱུར་ལ། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྐུ་རྣམ་པ་སྣ་ཚོགས་བསྟན་ནས། བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་ཀྱི་དགྱེས་པ་བསྟར་བར་མཛད་ཀྱང་། ཕན་ཚུན་འདྲེས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་ཡེ་ཤེས་ལས་སྣང་བའི་སྐུ་འདིའི་
เล่ม ๑๑๘ · หน้า 80a
མཐར་ཡང་བྱོན་པའོ་ཞེས་འབྱུང་ངོ་། །འདིར་བསྟན་བཅོས་དེ་དག་ལས་བཤད་པའི་དོན་ཡང་མདོར་བསྡུ་ན་བཤད་པ་རྣམ་པ་ལྔར་འགྱུར་ཏེ། དང་པོས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་དམ་པ་མ་འདྲེས་པར་བསྟན་ཏོ། །གཉིས་པས་ནི་སངས་རྒྱས་ཀྱི་ཞིང་བསྟན་པ་
རྣམས་ཀྱིས་མ་འདྲེས་པར་བསྟན་ཏོ། །གསུམ་པས་ནི་ཉིད་ཀྱི་ལོངས་སྤྱོད་པའི་སྐུ་མ་འདྲེས་པར་བསྟན་ཏོ། །བཞི་པས་ནི་གཞན་ལོངས་སྤྱོད་པའི་སྐུ་མ་འདྲེས་པར་བསྟན་ཏོ། །ལྔ་པས་ནི་ཆོས་ཀྱི་སྐུ་དགྱེས་པ་བསྟར་བ་མ་འདྲེས་པར་བསྟན་ཏོ། །དབུས་དང་མཐའ་མེད་པའི་སངས་
རྒྱས་ཀྱི་ས་མཉམ་པ་ཉིད་ཐུགས་སུ་ཆུད་པ་ཞེས་བྱ་བས་ནི་ཡོན་ཏན་བཅོ་བརྒྱད་པ་བསྟན་ཏེ། འདི་ནི་སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པ་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། འདི་ལྟར་སངས་རྒྱས་ཀྱི་ཆོས་ཀྱི་
སྐུའི་ཡུལ་དང་། ཕྱོགས་ཀྱི་ཁྱོན་ནི་འདི་ཙམ་མོ་ཞེས་བྱ་བར་ཡོངས་སུ་ཆད་པ་མེད་ལ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་འཇིག་རྟེན་གྱི་ཁམས་ཀྱང་འདི་ཙམ་མོ་ཞེས་བརྗོད་པར་མི་ནུས་སོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་རྣམ་པ་
གཅིག་ལས་དེ་བཞིན་གཤེགས་པའི་སྐུ་རྣམ་པ་གསུམ་ལས། ཆོས་ཀྱི་སྐུ་ཡུལ་ལ་བརྟེན་ནས་ཚད་དཔག་པར་ཡང་མི་ནུས་སོ། །ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་རྣམ་པ་གཉིས་ཀྱང་འཇིག་རྟེན་གྱི་ཁམས་འདི་ན་ནི་ཡོད་ལ་འདི་ན་ནི་མེད་དོ་ཞེས་བརྗོད་པར་ཡང་མི་
ནུས་ཏེ། ཆོས་འགའ་ཡང་ཆོས་ཀྱི་སྐུ་ལས་གུད་ན་མེད་ལ། སེམས་ཅན་གང་ཡང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ལས་གུད་ན་མེད་དོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཇི་ལྟར་འཇིག་རྟེན་གྱི་ཁམས་ལ་དབུས་དང་མཐའ་མེད་པ་དེ་
བཞིན་དུ་སངས་རྒྱས་ཀྱི་སའི་ཡོན་ཏན་ཡང་དེ་བཞིན་ཏེ། ཡུལ་དང་ཕྱོགས་ཀྱི་ཚད་ཡོངས་སུ་མ་ཆད་པའོ། །ཡང་ན་འཇིག་རྟེན་གྱི་ཁམས་ཀྱི་ཕྱོགས་མཐའ་མེད་པས་དེ་བཞིན་གཤེགས་པའི་སྐུ་རྣམ་པ་གསུམ་དེར་འཇིག་རྟེན་གྱི་ཚད་དང་འཚམ་པ་མཉམ་པར་ཀུན་ཏུ་ཁྱབ་ཅིང་
เล่ม ๑๑๘ · หน้า 80b
གང་བ་སྟེ། འདི་ལྟར་ཆོས་ཀྱི་སྐུ་ལ་སོགས་པས་འཇིག་རྟེན་གྱི་ཁམས་དེ་ལྟ་བུ་དག་ཏུ་ཞུགས་ཀྱི། གཞན་དག་ཏུ་ནི་མ་ཡིན་པའི་ཕྱིར་རོ། །ཡང་ན་ཆོས་ཀྱི་སྐུ་ལ་སོགས་པ་སངས་རྒྱས་ཀྱི་སར་མཉམ་པར་ཀུན་ཏུ་ཁྱབ་ཅིང་གང་བས་དབུས་དང་མཐའ་མེད་ཅིང་ཚད་ཡོངས་སུ་ཆད་པ་
མེད་པའོ། །ཆོས་ཀྱི་སྐུ་ལ་སོགས་པ་དེ་དག་ཐམས་ཅད་ཀུན་ཏུ་ཁྱབ་ཅིང་སེམས་ཅན་གྱི་ཆེད་དུ་ཕན་འདོགས་པ་མངོན་སུམ་དུ་མཛད་ཀྱང་རང་གི་ངོ་བོ་ཉིད་ལ་དབུས་དང་མཐའ་མེད་པ་ནི་མ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ཀྱང་དོན་འདི་དང་མཐུན་པར་
བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་དབུས་དང་མཐའ་མེད་པར་བཤད་པ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ། དང་པོ་ནི་དཔེའི་ཆོས་ཅན་ལ་བརྟེན་ནས་དབུས་དང་མཐའ་མེད་པར་བསྟན་ཏོ། །གཉིས་པ་ནི་ཡང་ན་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་མན་ཆད་ཀྱིས་བརྟེན་པར་བྱ་བ་དང་།
རྟེན་པའི་དབང་དུ་བྱས་ནས་དབུས་དང་མཐའ་མེད་པ་བསྟན་ཏོ། །གསུམ་པ་ནི་ཡང་ན་ཆོས་ཀྱི་སྐུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་སའི་དབང་དུ་བྱས་ནས། དབུས་དང་མཐའ་མེད་པ་བསྟན་ཏོ། །བཞི་པ་ནི་ཆོས་ཀྱི་སྐུ་ལ་སོགས་པ་དེ་དག་ཅེས་བྱ་བ་མན་ཆད་ཀྱིས་
སེམས་ཅན་གྱི་ཆེད་དུ་སྐུ་སྟོན་པར་མཛད་པས། དབུས་དང་མཐའ་མེད་པ་བསྟན་ཏེ། འོན་ཀྱང་རང་གི་ངོ་བོ་ཉིད་ལ་དབུས་དང་མཐའི་སྐུ་མེད་པ་ནི་མ་ཡིན་ཏེ། སེམས་ཅན་ལ་ཕན་འདོགས་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་
བཅོམ་ལྡན་འདས་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་མཚན་ཉིད་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟར་དེ་བཞིན་ཉིད་མཚན་ཉིད་ལ་མཐའ་དང་དབུས་མེད་དེ། འདུས་བྱས་དང་འདུས་མ་བྱས་ཀྱི་དབུས་དང་མཐའི་མཚན་ཉིད་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་དང་།
ཡུལ་གྱི་དབུས་དང་མཐའི་མཚན་ཉིད་ཡོངས་སུ་སྤངས་པའི་ཕྱིར་རོ། །དེ་བཞིན་ཉིད་དེ་ནི་སངས་རྒྱས་ཀྱི་སའི་མཉམ་པའི་ཆོས་ཉིད་ཡིན་ཏེ། སངས་རྒྱས་ཀྱི་སའི་མཉམ་པའི་ངོ་བོ་ཉིད་འདི་ཐུགས་སུ་ཆུད་པའི་ཕྱིར། འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་ཐམས་ཅད་ཀུན་ཏུ་
เล่ม ๑๑๘ · หน้า 81a
ཁྱབ་ཅིང་དེར་ཡང་མངོན་པར་ཞེན་པ་མི་མངའ་བ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་དབུས་དང་མཐའི་མཚན་ཉིད་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་ཞེས་བྱ་བ་ནི། གང་འདུས་བྱས་ལ་ངེས་པར་ཡོད་དོ་ཞེས་འཛིན་པ་ནི་རྟག་པའི་
མཐའོ། །སྟོང་པ་ཉིད་མེད་པའོ་ཞེས་འཛིན་པ་ནི་ཆད་པའི་མཐའོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་དབུ་མའི་ལམ་མོ། །དབུ་མའི་དོན་དེ་ཡང་མཐའ་ལ་ལྟོས་ནས་རྣམ་པར་གཞག་པ་ཡིན་ཏེ། མཐའི་ངོ་བོ་ཉིད་ཀྱང་རང་ཉིད་ཀྱིས་བྲལ་བ་ཡིན་ན། དབུས་ལ་ལྟོས་ཏེ་
དབུས་ཞེས་བྱ། །དེའི་ཕྱིར་དེ་བཞིན་གཤེགས་པ་ནི་མཉམ་པ་ཉིད་ཐུགས་སུ་ཆུད་པས་དབུས་དང་མཐའ་གཉི་ག་ཡང་སྤངས་པ་ཡིན་ཏེ། འདུས་བྱས་ཇི་ལྟ་བ་བཞིན་དུ་འདུས་མ་བྱས་ལ་ཡང་དེ་བཞིན་ནོ། །ཀུན་རྫོབ་ཀྱི་དབང་དུ་བྱས་ཏེ་བརྗོད་ན་ཡུལ་དང་ཕྱོགས་ལ་དབུས་དང་མཐའ་ཡོད་དེ།
ཇི་ལྟར་དབུས་ཀྱི་ཡུལ་ལ་ནི་དབུས་ཞེས་བརྗོད་ལ་ཡུལ་གཞན་ལ་ནི་མཐའ་ཞེས་བརྗོད་པ་ལྟ་བུ་སྟེ། དེ་བཞིན་གཤེགས་པའི་མཉམ་པ་ཉིད་ཐུགས་སུ་ཆུད་དེ། ཡུལ་དང་ཕྱོགས་མི་མངའ་བའི་ཕྱིར། ཡུལ་དང་ཕྱོགས་ཀྱི་དབུས་དང་མཐའི་མཚན་ཉིད་ཡོངས་སུ་སྤངས་པའོ། །
ཡང་ན་འདུས་བྱས་དང་འདུས་མ་བྱས་ནི་མཐའ་གཉིས་ཡིན་ལ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་དབུས་ཡིན་ཏེ། མཐའ་ཡང་ཡོད་པ་མ་ཡིན། དབུས་ཀྱང་ཅི་ལ་དབུས་ཞེས་བྱ་སྟེ། ཡུལ་གྱི་དབུས་དང་མཐའ་ཡང་དེ་ཁོ་ན་བཞིན་དུ་བཤད་པར་བྱའོ། །ཆོས་ཀྱི་དབྱིངས་
ཀྱིས་ཀླས་པ་ཞེས་བྱ་བས་ནི་ཡོན་ཏན་བཅུ་དགུ་པ་བསྟན་ཏེ། འདི་ནི་འཁོར་བའི་མཐའ་ཇི་ཙམ་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་ཉེ་བར་གནས་པ་ཞེས་བྱ་བའི་ཡོན་ཏན་ཉིད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། འདི་ལྟར་རྣམ་པར་
དག་པའི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། འདི་ལྟར་ཆོས་ཀྱི་དབྱིངས་དེ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། རྒྱུ་མཐུན་པར་མདོ་ལ་སོགས་པའི་ཆོས་རྣམས་ཀྱིས་ཆོས་དབྱིངས་དེ་ལས་ཀླས་པས།
เล่ม ๑๑๘ · หน้า 81b
མ་འོངས་པ་ན་སེམས་ཅན་ཐམས་ཅད་ལ་ཇི་ལྟར་འོས་པ་བཞིན་དུ་རྟག་པར་ཕན་པ་དང་བདེ་བ་ཉེ་བར་གནས་པའོ་ཞེས་འབྱུང་སྟེ། སློབ་དཔོན་ཉེ་བའི་འོད་ཀྱིས་ཀྱང་འདི་དང་མཐུན་པར་བཤད་དོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལས་ནི་ཡང་དག་པར་ཡེ་ཤེས་འབྱུང་ངོ་། །
ཡང་དག་པའི་ཡེ་ཤེས་ཀྱི་དབང་གིས་ནི་རྗེས་ལ་བརྙེས་པའི་ཡེ་ཤེས་འབྱུང་ངོ་། །རྗེས་ལ་བརྙེས་པའི་ཡེ་ཤེས་ཀྱི་དབང་གིས་ནི་ཐུགས་རྗེ་ཆེན་པོ་སྐྱེའོ། །ཐུགས་རྗེ་ཆེན་པོའི་དབང་གིས་ནི་མདོ་ལ་སོགས་པའི་གསུང་རབ་ཡན་ལག་བཅུ་གཉིས་གསུང་བར་འགྱུར་རོ། །ཆོས་ཀྱི་དབྱིངས་
འདི་རྟག་པར་གནས་པའི་དབང་གིས་ནི་མ་འོངས་པ་ན་ཕན་འདོགས་པ་ཉེ་བར་གནས་སོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་བཅོམ་ལྡན་འདས་འབྲས་བུའི་མཚན་ཉིད་བརྙེས་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟར་ཆོས་ཀྱི་
དབྱིངས་ཤིན་ཏུ་རྣམ་པར་དག་པ་བརྙེས་པའོ། །ཆོས་ཀྱི་དབྱིངས་དེ་ནི་ལམ་བསྒོམས་པའི་འབྲས་བུ་ཡིན་ནོ་ཞེས་འབྱུང་ངོ་། །ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པ་ཞེས་བྱ་བས་ནི་ཡོན་ཏན་ཉི་ཤུ་པ་བསྟན་ཏེ། འདི་ནི་མི་ཟད་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་
དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་འདི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཟད་པ་མེད་དེ། ནམ་མཁའ་དང་མཚུངས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་ཇི་ལྟར་ནམ་མཁའ་དེ་མཐའ་མེད་པ། མུ་མེད་པ། ཟད་པ་མེད་པ།
འགྲིབ་པ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། འགྱུར་བ་མེད་པ། དུས་ཐམས་ཅད་དུ་གཟུགས་ཅན་ཐམས་ཅད་ལ་སྐབས་དབྱེ་བ་དེ་བཞིན་དུ། ཆོས་ཀྱི་སྐུ་ཡང་རྟག་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མཛད་པ་ཉེ་བར་གནས་པའི་མཚན་ཉིད་དེ། སེམས་ཅན་གྱི་
ཁམས་ཇི་སྲིད་པར་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པ་རྒྱུན་ཆད་མེད་དོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །ཕྱི་མའི་མཐའི་མུར་ཐུག་པ་ཞེས་བྱ་བས་ནི་ཡོན་ཏན་ཉི་ཤུ་རྩ་གཅིག་པ་བསྟན་ཏེ། འདི་ནི་མཐར་བྱོན་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་
เล่ม ๑๑๘ · หน้า 82a
དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། དེ་བཞིན་གཤེགས་པའི་མཁྱེན་པས་ཕྱི་མའི་མཐའ་མུ་མཐར་བྱོན་པ་ལ་རྒྱུན་ཆད་པ་མི་མངའ་བའོ་ཞེས་འབྱུང་ངོ་། །ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། ཡོན་ཏན་འདི་དག་ཕྱི་མའི་མཐའི་བར་དུ་རྟག་
པར་རྒྱུན་མི་འཆད་པའོ། །ཕྱི་མའི་མཐའི་མུར་ཐུག་པ་ཞེས་པས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་མི་ཟད་པར་བསྟན་ཏེ། གདུལ་བར་བྱ་བའི་སེམས་ཅན་གཏན་དུ་མི་ཟད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ནི་བཤད་པ་ཕྱི་མ་འདི་གཉིས་
གཅིག་ཏུ་བསྡུས་ནས་སྟོན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་འདིས་ནི་བཅོམ་ལྡན་འདས་ཀྱི་ཟད་པ་མི་མངའ་བའི་ཕྱིར་བྱོན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟ་སྟེ། ཇི་ལྟར་ནམ་མཁའ་རྟག་པར་གཏན་དུ་མི་ཟད་པ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་དབྱིངས་
ལས་འབྱུང་བའི་ཡོན་ཏན་རྣམས་ཀྱང་དེ་བཞིན་ཏེ། གཏན་དུ་མི་ཟད་པ་ཉིད་ཀྱི་ཕྱིར་དང་། ཇི་ལྟར་ཕྱི་མའི་མཐའ་ཟད་པའི་དུས་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སྦྱོར་བ་ཡང་རྒྱུན་ཆད་པ་མི་མངའ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །གཞན་ཡང་སློབ་དཔོན་ཉེ་
བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་བཅོམ་ལྡན་འདས་བདག་དང་གཞན་ལ་ཕན་འདོགས་པའི་ཡོན་ཏན་རྣམ་པ་གཉིས་ཟད་པ་མི་མངའ་བ་ཁྱད་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། ཇི་ལྟར་ནམ་མཁའ་བསྐལ་པ་འཇིག་པ་དང་འཆགས་པ་དག་ནི་ངོ་བོ་ཉིད་རྟག་པར་མི་
ཟད་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་ཐམས་ཅད་ཀྱང་དེ་བཞིན་དེ་རྟག་པར་ཟད་པ་མི་མངའ་བའོ། །ཇི་ལྟར་ཕྱི་མའི་མཐའ་ཟད་པ་མེད་པ་དེ་བཞིན་དུ་གཞན་ལ་ཕན་འདོགས་པའི་ཡོན་ཏན་རྣམས་ཀྱང་དེ་བཞིན་ཏེ། ཕྱི་མའི་མཐའི་མུར་ཐུག་པའི་
བར་དུ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕན་པ་དང་། བདེ་བའི་དངོས་པོ་རྟག་པར་མཛད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གསུམ་ལས། ཡོན་ཏན་རྣམས་བསྟན་པ་ཡང་དོན་ཕལ་ཆེར་མཐུན་ཏེ། གོང་དུ་
เล่ม ๑๑๘ · หน้า 82b
བཤད་པ་རྣམས་ནི་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་དང་། སངས་རྒྱས་ཀྱི་སའི་འགྲེལ་པ་དང་སྦྱར་ནས་བསྟན་པ་ཡིན་ཏེ། འཆད་པར་འདོད་པ་རྣམས་ཀྱིས་འཕྲལ་ལ་བླང་བ་དང་དོར་བ་ཅི་དགར་བྱོས་ཤིག། །།བམ་པོ་བརྒྱད་པ། དེ་ཉན་ཐོས་ཆེན་པོའི་དགེ་
འདུན་ཚད་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པ་གསུང་རབ་ཉན་པའི་འཁོར་བསྟན་པ་ཞེས་བྱ་བ་སྟོན་ཏེ། རྣམ་པ་དྲུག་ལས་ནི་དྲུག་པ་འཁོར་ཕུན་སུམ་ཚོགས་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཉན་ཐོས་ཀྱི་འཁོར་བསྟན་པ་དང་། བྱང་ཆུབ་སེམས་དཔའི་
འཁོར་བསྟན་པའོ། །འཁོར་རྣམ་པ་འདི་གཉིས་ཀྱང་སྔར་སྒོ་རྣམ་པ་བཞིས་རྣམ་པར་ཕྱེ་ནས། དེའི་འོག་ཏུ་ཚིག་གི་དོན་བཤད་པར་བྱའོ། །དེ་ལ་སྒོ་རྣམ་པ་བཞི་ནི་ཡོད་པ་དང་མེད་པ་རྣམ་པར་འབྱེད་པ་དང་། སྔ་ཕྱིའི་རྣམ་པར་བཤད་པ་དང་། རེ་ཞིག་པ་དང་། གཏན་དུ་བ་བསྟན་
པ་དང་། འཁོར་གཞན་ཡོད་པ་དང་། མེད་པ་བསྟན་པའོ། །དེ་ལ་ཡོད་པ་དང་མེད་པ་རྣམ་པར་འབྱེད་པ་ནི་མུ་རྣམ་པ་བཞི་ཡོད་དེ། དང་པོ་ནི་མདོ་སྡེ་ལ་སོགས་པ་ལས་དམན་པ་ཁོ་ན་སྨོས་ལ། ཆེན་པོ་སྨོས་པ་མ་ཡིན་པ་སྟེ། འཕགས་པ་རྡོ་རྗེ་གཅོད་པ་དང་། ལུང་རིང་པོ་ལ་
སོགས་པ་ལས་བཤད་པ་ལྟ་བུའོ། །གཉིས་པ་ནི་ཆེན་པོ་ཁོ་ན་སྨོས་ལ་དམན་པ་མི་སྨོས་པ་སྟེ། འཕགས་པ་སངས་རྒྱས་ཕལ་པོ་ཆེ་དང་། ཚུལ་བརྒྱ་ལྔ་བཅུ་པའི་མདོ་ལ་སོགས་པ་ལྟ་བུའོ། །གསུམ་པ་ནི་ཆེ་ཆུང་གཉིས་ཀ་སྨོས་པ་སྟེ། འཕགས་པ་དམ་པའི་ཆོས་པདྨ་
དཀར་པོའི་མདོ་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལ་སོགས་པ་ལྟ་བུའོ། །བཞི་པ་ནི་ཆེ་ཆུང་གཉི་ག་མི་སྨོས་པ་སྟེ། འཕགས་པ་ཕྲེང་ལྡན་མའི་མདོ་ལ་སོགས་པ་ལྟ་བུའོ། །གལ་ཏེ་མུ་རྣམ་པ་བཞི་ཡོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་
པ་ལས་བྱུང་བ་ཇི་ལྟར་བརྡ་སྤྲོད་ཅིང་བཤད་པར་བྱ་སྟེ། དེ་ལས་ཉན་ཐོས་ཀྱི་སྡེ་སྣོད་ལས་ནི་ཉན་ཐོས་ཁོ་ན་སྨོས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གཉི་ག་ཚང་བར་སྨོས་པ་ཡིན་ནོ་ཞེས་འབྱུང་ངོ་ཞེ་ན། འདི་ལ་བཤད་པ་
เล่ม ๑๑๘ · หน้า 83a
རྣམ་པ་གཉིས་ཡོད་དེ། ཁ་ཅིག་ནི་ཡང་དག་པའི་དོན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བཤད་པ་ཁོ་ན་བཞིན་ཏེ། མུ་བཞི་སྨོས་པ་ནི་མདོ་སྡེ་སྡུད་པ་དག་གི་མོས་པ་ཐ་དད་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་ཡང་དག་པའི་དོན་དུ་ན་མུ་བཞི་ཚང་བར་
སྨོས་པ་ཉིད་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྡེ་སྣོད་གཉིས་ཀྱི་མཆོག་དང་དམན་པ་ཐ་དད་པར་བསྟན་པའི་ཕྱིར། རེ་ཞིག་མུ་གཉིས་བསྟན་པ་ཡིན་ཏེ། སྔོན་བརྒྱུད་པའི་བཤད་པ་ལས། ཡང་དག་པར་ཡོད་པ་དང་། མེད་པའི་ཕྱིར་དང་། ཡང་ན་རྒྱས་པ་
དང་བསྡུས་པའི་ཕྱིར་རོ་ཞེའོ། །དེ་ལ་སྔ་ཕྱིའི་རྣམ་པར་བཤད་པ་ཡང་ངེས་པ་མེད་དེ། མདོ་སྡེ་ཁ་ཅིག་ལས་སྔར་ཆེན་པོ་སྨོས་ལ། དེའི་འོག་ཏུ་དམན་པ་སྨོས་པ་ཡོད་དེ་འཕགས་པ་སྙིགས་མ་ལྔ་བསྟན་པའི་མདོ་ལྟ་བུའོ། །ཁ་ཅིག་ལས་ནི་སྔར་དམན་པ་སྨོས་ལ། དེའི་འོག་ཏུ་ཆེན་
པོ་སྨོས་པ་ཡང་ཡོད་དེ། མདོ་སྡེ་འདི་ཉིད་ལ་སོགས་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཉན་ཐོས་སྔར་སྨོས་པ་བཤད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་འདི་སྐད་དུ།
སངས་རྒྱས་ཀྱི་ཆོས་ནི་རྣམ་པ་གཉིས་ཏེ། ཤིན་ཏུ་གསང་བ་དང་། བསྟན་པར་བྱ་བའོ་ཞེས་བཤད་པ་ལྟ་བུ་སྟེ། བསྟན་པར་བྱ་བའི་སྒོ་ནས་སྔར་ཉན་ཐོས་སྨོས་པ་ཡིན་ཏེ། འདི་ལྟར་དེ་དག་ཉོན་མོངས་པ་སྤངས་པས་ལུས་པ་མེད་པའི་ཕྱིར་རོ། །ཤིན་ཏུ་གསང་བའི་སྒོ་ནས་ནི་བྱང་ཆུབ་
སེམས་དཔའ་སྔར་སྨོས་པ་ཡིན་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །དེ་ནས་མདོ་སྡེ་རྣམ་པ་གཉིས་སོ་སོ་ནས་དོན་རེ་རེའི་དབང་དུ་མཛད་པས་ཕན་ཚུན་འགལ་བ་མེད་དོ། །ཉན་ཐོས་སྔར་སྨོས་པ་དེ་ཡང་སངས་རྒྱས་ཀྱི་སའི་འགྲེལ་པ་ལས།
དོན་རྣམ་པ་བརྒྱད་ཀྱི་ཕྱིར་རོ་ཞེས་བཤད་དེ། ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཟ་བ་དག་གི་ཐེ་ཚོམ་རབ་ཏུ་བསལ་བའི་ཕྱིར་དང་། རིགས་མ་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་ངེས་པའི་དང་བ་རབ་ཏུ་བསྐྱེད་པར་དྲན་པའི་ཕྱིར་དང་། ཡོངས་སུ་དག་པའི་ཉན་ཐོས་ཆེན་པོ་རྣམས་
เล่ม ๑๑๘ · หน้า 83b
བདག་ཅག་གི་ལུས་ནི་བཙུན་པ་ཡིན་ནོ་སྙམ་པའི་ང་རྒྱལ་སྤང་བར་བྱ་བའི་ཕྱིར་དང་། གཞན་ཡང་ཉན་ཐོས་རྣམས་རྟག་པར་དེ་བཞིན་གཤེགས་པའི་ཞམ་རིང་བ་བྱེད་པའི་ཕྱིར་དང་། ཆ་བྱད་མཚུངས་པའི་ཕྱིར་དང་། ནང་གི་འཁོར་ཡིན་པའི་ཕྱིར་དང་། བྱང་ཆུབ་སེམས་
དཔའ་རྣམས་ཉན་ཐོས་ཀྱི་འཁོར་ལ་གུས་པ་བསྐྱེད་པའི་ཕྱིར་དང་། གཞན་དག་ཀྱང་ཉན་ཐོས་ཀྱི་འཁོར་རྣམས་ལ་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་རྣམ་གྲངས་ཀྱིས་སྟོན་ཏེ། དེའི་ཕྱིར་དེ་ལས་གལ་ཏེ་ཡས་བགྲང་
ན་ནི་སྔར་བྱང་ཆུབ་སེམས་དཔའ་སྨོས་པར་རིགས་སོ། །གལ་ཏེ་མས་བགྲང་ན་ནི་སྔར་དགེ་བསྙེན་མ་སྨོས་པའི་རིགས་ན། ཅིའི་ཕྱིར་སྔར་ཉན་ཐོས་ཀྱི་འཁོར་རྣམ་པ་བཞི་བསྟན་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་སྨོས་ཤེ་ན། སྨྲས་པ་བྱང་ཆུབ་སེམས་དཔའ་ཤེས་པ་ཆེ་མོད་ཀྱི།
སངས་རྒྱས་ཀྱིས་དེའི་འོག་ཏུ་གསུངས་ཏེ། འདི་ལྟར་ཉོན་མོངས་པ་ད་དུང་མ་ཟད་པས་དེའི་ཕྱིར་འོག་ཏུ་སྨོས་སོ། །དགྲ་བཅོམ་པ་རྣམས་ཤེས་པ་ཆུང་ཡང་ཉོན་མོངས་པ་ཟད་པས་དེའི་ཕྱིར་གོང་དུ་སྨོས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཐབས་ཀྱི་སྟོབས་ཀྱིས་འགྲོ་བ་ལྔ་པོ་དག་
ཏུ་འདོད་པ་ལྔ་ཉམས་སུ་ལེན་ཅིང་སེམས་ཅན་འདྲེན་པར་བྱེད་ལ། གལ་ཏེ་དགྲ་བཅོམ་པས་དེ་ལྟར་བྱས་ན་ལྷ་དང་མི་རྣམས་ཐེ་ཚོམ་སྐྱེ་ཞིང་ཡ་མཚན་དུ་འཛིན་པས། དེའི་ཕྱིར་འོག་ཏུ་བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །དེ་ལ་རེ་ཞིག་པ་
དང་། གཏན་དུ་བ་བསྟན་པ་ནི་མདོ་སྡེ་འདི་ཡང་སྔར་གོང་དུ་བཤད་པ་བཞིན་དུ་ཡང་དག་པའི་དོན་དུ་ན་གནས་གཉིས་སུ་གསུངས་པ་ཡིན་ཏེ། ཞིང་ཡོངས་སུ་དག་པ་དང་། ཞིང་ཡོངས་སུ་མ་དག་པའོ། །མདོ་སྡེ་འདི་གལ་ཏེ་ཞིང་ཡོངས་སུ་དག་པར་གསུངས་པ་ཡིན་ན་ནི། བྱང་ཆུབ་སེམས་
དཔའ་རྣམས་ནི་གཏན་དུ་བ་ཡིན་ལ། ཐེག་པ་གཉིས་ནི་རེ་ཞིག་པ་ཡིན་ཏེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས། སེམས་ཅན་ཇི་ལྟ་བུ་དག་ཞིང་ཡོངས་སུ་དག་པར་སྐྱེ་བར་མི་འགྱུར་རོ་ཞེ་ན། སོ་སོའི་སྐྱེ་བོ་དང་ཐེག་པ་གཉིས་དང་། སའི་མདུན་རོལ་གྱི་བྱང་ཆུབ་སེམས་
เล่ม ๑๑๘ · หน้า 84a
དཔའ་རྣམས་སོ་ཞེས་བཤད་པས་དེའི་ཕྱིར་ཐེག་པ་གཉིས་ནི་སྤྲུལ་པ་ཡིན་པས། གཏན་དུ་བ་མ་ཡིན་ནོ། །གལ་ཏེ་ཞིང་ཡོངས་སུ་མ་དག་པར་གསུངས་པ་ཡིན་ན་ནི་ཐེག་པ་གཉིས་ནི་གཏན་དུ་བ་ཡིན་ལ། བྱང་ཆུབ་སེམས་དཔའ་དག་ནི་རེ་ཞིག་པ་
ཡིན་ཏེ། འགྱུར་བའི་ལུས་ལེན་པས་མཐོང་བར་མི་ནུས་པའི་ཕྱིར་དང་། ས་བདུན་པ་མན་ཆད་དངོས་པོ་ཅན་ལེན་པའི་ཕྱིར་དང་ཡང་དག་པའི་ལུས་ཀྱི་དོན་དང་ལྡན་པས་ཉེས་པ་མེད་པའི་ཕྱིར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ས་བདུན་པ་མན་ཆད་ད་དུང་སྲིན་
བུ་དང་བཅས་པའི་ལུས་དང་ཤའི་ལུས་མ་སྤངས་པ་ཡིན་ནོ་ཞེས་བཤད་དོ། །དེ་ལ་འཁོར་གཞན་ཡོད་པ་དང་། མེད་པ་བསྟན་པ་ནི་གལ་ཏེ་ཞིང་ཡོངས་སུ་མ་དག་པའི་དབང་དུ་བྱས་ནས་ནི་ཡང་དག་པའི་ཀླུ་ལ་སོགས་པ་ཡང་ཡོད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་
ལས། འཁོར་འདུས་པ་དེར་འཁོར་གཞན་ཡང་ཡོད་མོད་ཀྱི། སྡུད་པ་པོ་རྣམས་ཀྱིས་མདོར་བསྡུས་ནས་རྣམ་པ་གཉིས་བསྟན་པ་ནི་དེ་དག་མཆོག་ཏུ་གྱུར་པའི་ཕྱིར་ཏེ། འོག་ནས་མདོ་ལ་ཇི་སྐད་དུ་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་
འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་གསུངས་པ་ལྟ་བུ་ཞེས་འབྱུང་ངོ་། །གལ་ཏེ་ཞིང་ཡོངས་སུ་དག་པར་བཞུགས་པ་ཡིན་ན་ནི། སྤྲུལ་པའི་ཀླུ་ལ་སོགས་པ་ཡོད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་སྤྲུལ་པ་ཡིན་ན་ཡང་ཉེས་པ་མེད་དེ། ཆོས་བཤད་
པའི་དཀྱིལ་འཁོར་རབ་ཏུ་བརྒྱན་པའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀྱི་སྤྲུལ་པ་འམ། བྱང་ཆུབ་སེམས་དཔའ་དག་གི་སྤྲུལ་པ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་མཛད་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་འདི་དང་མཐུན་
པར་བཤད་དོ། །དེ་ལ་ཚིག་གི་དོན་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཉན་ཐོས་ཀྱི་འཁོར་བསྟན་པ་དང་། བྱང་ཆུབ་སེམས་དཔའི་འཁོར་བསྟན་པའོ། །ཉན་ཐོས་ཀྱི་འཁོར་བསྟན་པ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དང་པོ་ནི་གྲངས་སྨོས་ཤིང་
เล่ม ๑๑๘ · หน้า 84b
རྣམ་པ་རྣམ་པར་འབྱེད་པའོ། །གཉིས་པ་ནི་ཐམས་ཅད་ཀྱང་ཞེས་བྱ་བ་མན་ཆད་ཀྱིས་ཡོན་ཏན་རྣམས་རྒྱ་ཆེར་རྣམ་པར་བཤད་པའོ། །གསུམ་པ་ནི་དེ་བཞིན་གཤེགས་པའི་བཀའ་ཞེས་བྱ་བ་མན་ཆད་ཀྱིས་བཀའ་བཞིན་བྱེད་པ་བསྟན་པ་སྟེ། འདི་ནི་གྲངས་སྨོས་ཤིང་རྣམ་པར་འབྱེད་
པའོ། །འདི་ལྟར་འཁོར་རྣམ་པ་གཉིས་ལས། བྱང་ཆུབ་སེམས་དཔའ་ལས་ཐ་དད་པ་དབྱེ་བའི་ཕྱིར་ཉན་ཐོས་ཞེས་བྱ་བ་གསུངས་སོ། །འདི་ཡང་རྣམ་པ་ལྔས་བསྟན་ཏེ། ཐབས་ཅིག་ཏུ་བཞུགས་པ་རྣམ་པར་འབྱེད་པ་དང་། ཚད་མེད་པ་རྣམ་པར་བཤད་པ་དང་། ཆེན་པོ་རྣམ་པར་
བཤད་པ་དང་། ཉན་ཐོས་ཀྱི་དོན་བསྟན་པ་དང་། དགེ་འདུན་གྱི་དོན་བསྟན་པའོ། །དེ་ལ་ཐབས་ཅིག་ཅེས་བྱ་བ་ནི་འཁོར་དང་བདག་ཉིད་མངོན་སུམ་དུ་གྱུར་པའི་ཕྱིར་དེ་དག་དང་ལྷན་ཅིག་པའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཆེན་པོ་ལས་ནི་དགེ་འདུན་ཆེན་པོ་དང་ལྷན་ཅིག་
ཅེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གནས་གཅིག་པ་དང་། དུས་གཅིག་པ་དང་། སེམས་གཅིག་ཏུ་གྱུར་པའམ། ཡང་ན་ལྟ་བ་གཅིག་པ་དང་། ལམ་གཅིག་པ་དང་། རྣམ་པར་གྲོལ་བ་གཅིག་ཏུ་གྱུར་པ་ནི་ལྷན་ཅིག་པ་ཞེས་བྱའོ་ཞེས་འབྱུང་སྟེ།
མདོ་སྡེ་འདི་ལས་ཐབས་ཅིག་ཅེས་གསུངས་པ་དང་དོན་གཅིག་གོ། །དེ་ལ་ཚད་མེད་པ་ཞེས་བྱ་བ་ནི་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། དེའི་གྲངས་ཤིན་ཏུ་མང་སྟེ། བགྲང་བར་དཀའ་བའི་ཕྱིར་ཚད་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་ཆེན་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་འགྲེལ་པ་ལས། དོན་རྣམ་པ་གསུམ་གྱི་ཕྱིར་ཏེ། ཆེ་བ་དང་མང་བ་དང་མཆོག་ཏུ་གྱུར་པའོ། །མང་པོའི་ནང་ན་གཙོ་བོར་གྱུར་པའི་ཕྱིར་དང་། སྒྲིབ་པ་རྣམས་སྤངས་པའི་ཕྱིར་དང་། རྒྱལ་པོ་ལ་སོགས་པས་ཤིན་ཏུ་བཀུར་བའི་ཕྱིར་ཆེ་བ་ཞེས་བྱའོ། །གྲངས་ཤིན་ཏུ་མང་བའི་ཕྱིར་མང་བ་ཞེས་
བྱའོ། །མུ་སྟེགས་ཅན་དགུ་བཅུ་རྩ་དྲུག་གི་སྨྲ་བ་རྣམས་འཇིག་པའི་ཕྱིར་མཆོག་ཏུ་གྱུར་པའོ་ཞེས་འབྱུང་ངོ་། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ནི་རྣམ་པ་བཞིར་བསྟན་ཏེ། དབང་པོ་རྣོ་བ་དང་། མི་སློབ་པ་དང་། མ་ངེས་པ་དང་། འཁོར་མང་པོའོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་
เล่ม ๑๑๘ · หน้า 85a
ཐམས་ཅད་ཀྱང་དབང་པོ་ཤིན་ཏུ་རྣོ་བ་ཕ་རོལ་ཏུ་ཕྱིན་པའི་རིགས་ཅན་གྱི་ཉན་ཐོས་ཡིན་པའི་ཕྱིར་ཆེན་པོ་ཞེས་བྱའོ། །གཞན་ཡང་མི་སློབ་པའི་འབྲས་བུའི་གནས་སྐབས་ལ་གནས་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ཡང་དག་པའི་དོན་དུ་ན་ཐམས་ཅད་ཀྱང་མ་ངེས་པའི་
རིགས་ཅན་གྱི་ཉན་ཐོས་ཡིན་པས། འབྲས་བུ་ཆུང་ངུ་ཐོབ་ནས་བྱང་ཆུབ་ཆེན་པོར་གཞོལ་བའི་ཕྱིར་ཆེན་པོ་ཞེས་བྱའོ། །ཡང་ན་འཁོར་གྲངས་མང་བའི་ཕྱིར་ཆེན་པོ་ཞེས་བྱ་སྟེ། ད་ལྟར་གྱི་འཁོར་མང་པོ་བཞིན་ནོ་ཞེས་འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པས་བྱས་པའི་བརྗེད་བྱང་
ལས། ཆེན་པོ་ཞེས་བྱ་བ་ནི་དོན་རྣམ་པ་གསུམ་ཡོད་དོ། །དང་པོ་ནི་གྲངས་མང་བ་སྟེ། ཇི་ལྟར་དམག་ཆེན་པོ་ཞེས་བརྗོད་པ་ལྟ་བུ་གྲངས་མང་བའི་ཕྱིར་ཆེན་པོ་ཞེས་བྱའོ། །གཉིས་པ་ནི་ཚད་ཆེ་བ་སྟེ་ཇི་ལྟར་རིན་པོ་ཆེ་ཞེས་བརྗོད་པ་ལྟར་གྲངས་མང་བའི་ཕྱིར་ཆེན་པོ་ཞེས་བྱ་བ་མ་ཡིན་གྱི་
དབྱིབས་ཀྱི་ཚད་མཐོ་ཞིང་རྒྱ་ཆེ་བའི་ཕྱིར་ཆེན་པོ་ཞེས་བརྗོད་པའོ། །གསུམ་པ་ནི་མཆོག་ཏུ་གྱུར་པས་ཆེ་བ་སྟེ། རྒྱལ་པོ་ཆེན་པོ་ཞེས་བརྗོད་པ་ལྟ་བུ་གྲངས་མང་བ་དང་། དབྱིབས་ཀྱི་ཚད་མཐོ་ཞིང་རྒྱ་ཆེ་བ་ལ་བྱ་བ་མ་ཡིན་གྱི། ཡོན་ཏན་མཆོག་ཏུ་གྱུར་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ཉན་ཐོས་
རྣམས་ཀྱང་དེ་བཞིན་ཏེ་གྲངས་གཅིག་ཁོ་ན་མ་ཡིན་པའི་ཕྱིར་དེ་ནི་གྲངས་ཆེན་པོ་ཞེས་བྱའོ། །སངས་རྒྱས་ཀྱི་འབྲས་བུ་ཚོལ་བར་སེམས་གྱུར་ནས་བྱང་ཆུབ་ཀྱི་ལམ་བསྒྲུབ་སྟེ། ཤིན་ཏུ་མཐོ་ཞིང་བླ་ན་མེད་པར་གྱུར་པ་ནི་མཆོག་ཏུ་ཆེ་བ་ཡིན་ནོ། །རྒྱ་ཆེ་ཞིང་གཏིང་མེད་དེ་དཔག་པར་མི་
ནུས་པ་ནི་ཚད་མེད་པ་ཞེས་བྱའོ་ཞེས་བཤད་དོ། །དེ་ལ་ཉན་ཐོས་ཞེས་བྱ་བ་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་བསྟན་པ་ལས། ཆོས་ཐོས་པས་གོ་བར་གྱུར་པའི་ཕྱིར་ཉན་ཐོས་ཞེས་བྱའོ་ཞེས་འབྱུང་ངོ་། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས། སངས་རྒྱས་ཀྱི་གསུང་གི་སྒྲ་ཐོས་པས་འཕགས་
པའི་ལམ་ལ་འཇུག་པའི་ཕྱིར་ཉན་ཐོས་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་གཞན་དག་ལས་ཡང་དག་པའི་ཆོས་ཀྱི་གསུང་གི་སྒྲ་ཐོས་པ་དང་། གཞན་དག་ཡང་དག་པའི་ཆོས་ཀྱི་སྒྲ་ཐོས་པར་བྱེད་པའི་ཕྱིར་ཉན་ཐོས་ཞེས་བྱའོ་ཞེས་བཤད་དོ། །ཉན་ཐོས་
เล่ม ๑๑๘ · หน้า 85b
ཀྱི་སྒྲ་རྒྱ་ཆེར་བཤད་པ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་དང་། གནས་པ་བཅུའི་བཤད་པ་དང་། མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འདུས་པ་ཆེན་པོ་ལ་སོགས་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་དགེ་འདུན་ཞེས་བྱ་བ་ནི་སཾ་གྷའི་སྒྲ་ལས་དྲངས་ནས་མཐུན་
པའི་འཁོར་ཞེས་བྱ་བར་འདྲེན་ཏེ། དོན་དང་དངོས་པོ་གཉིས་མཐུན་པར་གྱུར་པའི་ཕྱིར་དགེ་འདུན་ཞེས་བྱའོ། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཐམས་ཅད་ཀྱང་རབ་ཏུ་བྱུང་བའི་དགེ་འདུན་ཡིན་པའི་ཕྱིར་དགེ་འདུན་ཞེས་བྱའོ་ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་འགྲེལ་པ་ལས་ནི། དགེ་སློང་མང་པོ་གཅིག་ཏུ་འདུས་ནས་མཐུན་པར་གྱུར་པ་ནི་དགེ་འདུན་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །ཐམས་ཅད་ཀྱང་ཤིན་ཏུ་དུལ་བ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡོན་ཏན་རྣམས་རྒྱ་ཆེར་བཤད་པ་ཞེས་བྱ་བ་བསྟན་
ཏོ། །འདི་ཡང་ཡོན་ཏན་རྣམ་པ་བཅུ་གསུམ་ཡོད་པ་ཉིད་ཀྱིས་སྒོ་རྣམ་པ་བཅུ་གསུམ་དུ་དབྱེ་སྟེ། འདིས་ནི་དང་པོ་ཤིན་ཏུ་དུལ་བའི་ཡོན་ཏན་བསྟན་ཏོ། །འདི་ཡང་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། བཤད་པ་རྣམ་པ་གསུམ་ཡོད་དེ། དེའི་ཕྱིར་དེ་ཉིད་ལས་ཐམས་ཅད་ཀྱང་ཤིན་
ཏུ་དུལ་བ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་སློབ་པ་དང་བཅས་པ་དག་གིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གནས་ངན་ལེན་ཀུན་དུ་བརྟགས་པ་བརྒྱ་རྩ་བཅུ་གཉིས་ཀྱི་རྣམ་པ་དང་བྲལ་བ་དམུ་རྒོད་མ་ཡིན་པའི་ཕྱིར་རྟ་ཅང་ཤེས་བཞིན་པས་ན་ཤིན་ཏུ་དུལ་བ་ཞེས་བྱའོ་ཞེའོ། །ཁ་
ཅིག་ནི་མི་སློབ་པ་དག་གིས་མཐོང་བ་དང་། བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་བརྒྱ་ཉི་ཤུ་རྩ་བརྒྱད་དང་བྲལ་བས་མ་དུལ་བ་མ་ཡིན་པའི་ཕྱིར། གསེར་བཙོ་མ་བཞིན་པས་ན་དུལ་བ་ཞེས་བྱའོ། །ཡང་དག་པའི་དོན་དུ་ཀུན་ཀྱང་བྱང་ཆུབ་ཆེན་པོར་ཡོངས་སུ་
བསྔོས་པའི་རིགས་ཅན་དག་ཡིན་པས་ཐམས་ཅད་ཀྱང་འབྲས་བུ་ཆེན་པོ་ལ་གཞོལ་བ་དང་། དེ་བཞིན་གཤེགས་པའི་ཐུགས་ཇི་ལྟ་བ་བཞིན་དུ་འགྱུར་ཞིང་། གླང་པོ་ཆེ་ཅང་ཤེས་བཞིན་པས་ན་ཤིན་ཏུ་དུལ་བ་ཞེས་བྱ་སྟེ། ཤིན་ཏུ་དུལ་བ་རྒྱ་ཆེར་བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด