འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑๘ · หน้า 30a

བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པའི་ཕྱིར། སྐྱེ་བ་མེད་པ་འགག་པ་མེད་པའོ། །སྐྱེ་བ་དང་འགག་པ་མེད་པའི་ཕྱིར། རྣམ་པར་འགྱུར་བ་མེད་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་

རྣམས་དང་རྣམ་པར་ཤེས་པ་ཡང་དེ་བཞིན་ནོ་ཞེས་གསུངས་ཏེ། འདི་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ལ་དགོངས་ནས་རང་བཞིན་གྱིས་སྟོང་པ་དང་། སྐྱེ་བ་དང་འགག་པ་མེད་པ་ལ་སོགས་པ་གསུངས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་

སྟོང་པ་ཉིད་གསུངས་ཏེ། རང་བཞིན་གྱིས་སྟོང་པ་དང་སྐྱེ་བ་དང་། འགག་པ་མེད་པ་ལ་སོགས་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པས་དེ་དང་དེ་དག་ངོ་བོ་ཉིད་རྣམ་པ་གསུམ་ལས། ཀུན་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད་དང་།

ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཉིས་ནི་ཡོད་པ་ཉིད་དོ་ཞེས་གསུངས་ཏེ། དེ་ལྟ་བས་ན། སྟོང་པ་ཉིད་དུ་བསྟན་པ་གསུང་རབ་དག་ལ་དགོངས་པ་ཡོད་པས་སྒྲ་ཇི་བཞིན་དུ་ཆོས་རྣམས་མེད་དོ་ཞེས་སྐུར་བར་མི་བྱ་སྟེ། སྒྲ་ཇི་བཞིན་དུ་དོན་འཛིན་པ་གང་ཡིན་པ་དེ་དག་ནི་ཐེག་པ་ཆེན་པོ་ལ་སྐུར་པ་

འདེབས་པ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་མདོ་སྡེ་ལས་རབ་འབྱོར་གཟུགས་ཞེས་བྱ་བའི་གཟུགས་རྣམས་ནི་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ལ་སོགས་པ་རྒྱ་ཆེར་བཤད་པའི་བར་དུ་ཡང་དེ་བཞིན་ནོ་ཞེས་གསུངས་ཏེ།

མདོ་སྡེའི་དགོངས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཀུན་ཏུ་བརྟགས་པའི་གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བ་ཚིག་དང་བྲལ་བའི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་ཕྱིར། ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་གསུངས་སོ་ཞེས་སྟོན་ཏོ། །སློབ་དཔོན་བྷ་བྱས་

གལ་ཏེ་ཚིགས་སུ་བཅད་དེ་སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་གལ་ཏེ་ཡང་དག་པར་ཡོད་པ་མ་ཡིན་ན། འོ་ན་ནི་མདོ་སྡེ་ལས་གསུངས་པ་དང་འགལ་བར་འགྱུར་ཏེ། མདོ་སྡེ་ལས་ནི། ཆོས་རྣམས་རྐྱེན་ལས་བྱུང་བ་སྟེ། །རྐྱེན་དང་ཆོས་གཉིས་མེད་པའོ། །གང་གིས་

เล่ม ๑๑๘ · หน้า 30b

དེ་ལྟར་རབ་ཤེས་ན། །རྟེན་འབྲེལ་རྟོགས་པ་ཞེས་བྱའོ། །གལ་ཏེ་ཆོས་ནི་རྐྱེན་ལས་སྐྱེས། །ཆོས་དེ་ཡོང་གིས་རང་བཞིན་མེད། །གལ་ཏེ་ཆོས་ནི་རང་བཞིན་མེད། །ཆོས་ནི་རྐྱེན་ལས་བྱུང་བ་མིན། །ཞེས་གསུངས་སོ་ཞེའོ། །སློབ་དཔོན་ཆོས་སྐྱོང་གིས་བཤད་པ། དེ་ལྟར་མདོ་

སྡེ་གཉིས་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རང་བཞིན་མེད་དོ་ཞེས་བཤད་ཀྱང་འགལ་བ་མེད་དོ། །འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་ཏུ་བརྟགས་པ་དང་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །འདིར་དགོངས་པས་ཀུན་ཏུ་བརྟགས་པའི་ངོ་

བོ་ཉིད་ཡོད་པ་མ་ཡིན་པར་སྟོན་ཅིང་གཞན་གྱི་དབང་གི་ངོ་བོ་ཉིད་བསྟན་པ་ནི་མ་ཡིན་ནོ། །གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་གཟོད་མ་ནས་རང་བཞིན་མེད་དོ་ཞེས་བཤད་པ་ནི་རྣམ་པར་བྱང་བ་དང་། ཀུན་ནས་ཉོན་མོངས་པའི་ཆོས་གཉིས་ཀྱང་མེད་པར་སྐུར་བར་འགྱུར་བས།

སྟོང་པ་ཉིད་ཉེས་པར་ཟིན་པ་ཞེས་བྱ་སྟེ། བདག་དང་གཞན་གཉི་ག་ལ་གནོད་པར་འགྱུར་རོ་ཞེའོ། །སློབ་དཔོན་བྷ་བྱས་ཡང་སྨྲས་པ། །ཡང་དག་པ་མ་ཡིན་པའི་རྟོག་པ་འདི་སུ་ཞིག་བཟློག་པར་ནུས་ཏེ། ཡང་དག་པའི་ལྟ་བ་ཐོབ་པར་གྱུར་པའི་ཚེ་རང་ཉིད་ཀྱིས་བསལ་བར་འགྱུར་

རོ་ཞེའོ། །སློབ་དཔོན་ཆོས་སྐྱོང་གིས་བཤད་པ། གལ་ཏེ་རྐྱེན་ལས་འབྱུང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་དེ་དག་ཀྱང་ཀུན་བརྟགས་དང་འདྲ་བར་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ན། འོ་ན་ནི་ནམ་མཁའི་མེ་ཏོག་འདྲ་བས། ཇི་ལྟར་སྲིད་པ་གསུམ་གྱི་སེམས་

ཅན་འཆི་ཞིང་སྐྱེ་ཤིའི་འཁོར་བ་བྱེད་པར་ནུས། དེ་ལྟ་བས་ན་གཞན་གྱི་དབང་གི་ངོ་བོ་ཉིད་རང་གི་ངོ་བོ་ཉིད་མེད་པ་མ་ཡིན་ནོ། །བསྟན་བཅོས་མཛད་པའི་དང་པོའི་དགོངས་པ་ཡང་ངེས་པར་དེ་འདྲའོ། །གལ་ཏེ་དེ་ལྟ་མ་ཡིན་ན་ཅིའི་ཕྱིར་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པའི་འཆིང་

བ་དག་ནི་སྟོང་པ་ཉིད་མངོན་པར་རྟོགས་པས་རབ་ཏུ་སེལ་ཏེ་ཞེས་བཤད། རུས་སྦལ་གྱི་སྤུས་འཆིང་བའི་བྱ་བ་བྱེད་པ་དང་། རི་བོང་གི་རྭ་མངོན་སུམ་དུ་རྟོགས་པ་དང་། ཡོངས་སུ་བསལ་བར་བྱེད་ནུས་པར་སུས་མཐོང་སྟེ། དེ་ནས་སེམས་དང་སེམས་ལས་བྱུང་བའི་ཆོས་ནི་ཡོད་

เล่ม ๑๑๘ · หน้า 31a

ལ་སེམས་ལས་ལོགས་ཤིག་ན་ཡུལ་ཡོད་པར་ཡོངས་སུ་བཟུང་བ་དེ་དག་ནི་མེད་པར་ཤེས་པར་བྱ་སྟེ། ཞིབ་ཏུ་བཤད་པ་ནི་དེ་ཉིད་ལས་འབྱུང་བ་བཞིན་ནོ་ཞེའོ། །སྡེ་སྣོད་གསུམ་པ་དག་གིས་བཤད་པ་ལས་འབྱུང་བ། ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་པོ་དེ་

ཡང་། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་ལོན་པ་ན། སྡེ་པ་ཉི་ཤུའི་སློབ་དཔོན་རྣམས་སོ་སོ་ནས་རང་གི་རིག་པས་ཆོས་ཀྱི་འཁོར་ལོ་དང་པོའི་རྣམ་པར་བཤད་པ་དག་བྱས་སོ། །དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལོན་པའི་འོག་ཏུ་བྱང་ཆུབ་

སེམས་དཔའ་ཀླུ་སྒྲུབ་ཀྱིས་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བསྟན་བཅོས་རྣམས་མཛད་དེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། དབུ་མ་ལ་སོགས་པའོ། །དེ་དག་ལས་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྤངས་པས་མཚན་ཉིད་མེད་

པའི་ཚུལ་རབ་ཏུ་བསྟན་ཏོ། །དེ་ནས་འཕགས་པའི་ལྷ་ལ་སོགས་པས་གཞུང་དེ་ཡང་དག་པར་བླངས་ཏེ། གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྤེལ་ཏོ། །སངས་རྒྱས་མྱ་ངན་ལས་འདས་པའི་ལོ་དགུ་བརྒྱ་ལོན་པ་ན་བྱང་ཆུབ་སེམས་དཔའ་བྱམས་པས་མདོ་སྡེ་དགོངས་པ་ཟབ་མོ་ངེས་པར་

འགྲེལ་པ་ལ་སོགས་པ་ལ་བརྟེན་ནས། བསྟན་བཅོས་མཛད་དེ་འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པའི་ས་དང་དབུས་དང་མཐའ་རྣམ་པར་འབྱེད་པ་ལ་སོགས་པའོ། །སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་གྱིས་གཞུང་དེ་ཡང་དག་པར་བླངས་ནས་རབ་ཏུ་སྤེལ་ཏེ། དེའི་ཚེ་སངས་རྒྱས་

ཀྱི་ཆོས་རོ་གཅིག་པས་སྟོང་པ་དང་ཡོད་པར་སྨྲ་བས་དེ་དག་ལ་རྩོད་པར་གྱུར་པ་མེད་དོ། །དེའི་ཕྱིར་སློབ་དཔོན་ཉེ་བའི་འོད་ན་རེ། ལོ་སྟོང་གི་མདུན་རོལ་དུ་ནི་སངས་རྒྱས་ཀྱི་ཆོས་རོ་གཅིག་གོ། །དེ་ཚུན་ཆད་ནས་ནི་དྲན་པ་དང་ཤེས་རབ་ཁད་ཀྱིས་འགགས་པས་སྟོང་པ་དང་ཡོད་པའི་རྩོད་

པར་སྨྲ་བ་རྣམས་འཇིག་རྟེན་ན་རྒྱས་པར་གྱུར་ཏོ་ཞེས་བཤད་དོ་ཞེའོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྩོད་པར་གྱུར་པ་རྣམ་པར་བཤད་པ་ཡང་། དེ་བཞིན་གཤེགས་པའི་གསུང་རབ་ཤིན་ཏུ་ཟབ་པས་དེ་དག་ཕན་ཚུན་བྲག་ཅ་ལྟ་བུའི་ཚུལ་དུ་སངས་རྒྱས་ཀྱི་ཆོས་རབ་ཏུ་

เล่ม ๑๑๘ · หน้า 31b

བསྟན་པ་ཡིན་པར་བསྟན་པའི་ཕྱིར་རོ། །མུ་སྟེགས་གྲངས་ཅན་དག་ཀྱང་དེ་བཞིན་གཤེགས་པས་རྣམ་པར་གྲོལ་བའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྐྱེས་བུ་ཆེན་པོ་གཉིས་ནང་གི་ཆོས་ཀྱི་གང་ཟག་ཤེས་རབ་དང་དབང་པོ་ཤིན་ཏུ་རྣོ་བ་རང་གིས་འཕགས་པའི་གསུང་

རབ་དང་འགྲེལ་པར་མི་མཛད་པ་དང་ལྟ་ཅི་སྨོས་ཏེ་དེ་ལྟ་བས་ན་དེ་དག་གིས་དེ་ལྟར་བཤད་པ་ཡང་། བསྟན་པ་རྒྱ་ཆེར་སྤེལ་བའི་ཕྱིར་ཡིན་པར་རིག་པར་བྱའོ། །མདོ་སྡེ་འདི་ནད་ཐ་དད་པས་རྗེས་སུ་འབྲང་བའི་གཞུང་ལས་ནི་བདེན་པ་གཉིས་དང་ངོ་བོ་ཉིད་གསུམ་དང་ཞི་གནས་དང་།

ལྷག་མཐོང་ལ་སོགས་པ་རྣམ་པར་གཞག་པའི་གཞུང་ངོ་། །སྡེ་ཐ་དད་པས་རབ་ཏུ་ཕྱེ་བའི་གཞུང་ལས་ནི་མཚུངས་པ་མེད་པ་རྣམ་པ་གསུམ་བརྗོད་པར་བྱ་བའི་གཞུང་དུ་སྟོན་ཏོ། །དུས་ཀྱི་དབང་དུ་མཛད་ནས་རྣམ་པར་བཤད་པའི་གཞུང་ལས་ནི་ངེས་པའི་དོན་བསྟན་པའི་གཞུང་ཡིན་ནོ། །

དེ་ལ་གསུམ་པ་གནས་དང་གང་གི་ཆེད་དུ་གསུངས་པ་བསྟན་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། བསྟན་པའི་གནས་བསྟན་པ་དང་། བསྟན་པ་གང་གི་ཕྱིར་གསུངས་པ་བསྟན་པའོ། །བསྟན་པའི་གནས་བསྟན་པ་ནི་འདི་ལྟ་སྟེ། འཕགས་པའི་གསུང་རབ་ལ་སྒོ་མང་དུ་ཡོད་མོད་ཀྱི།

དེ་དག་ཀྱང་མདོར་བསྡུ་ན། སྡེ་སྣོད་གསུམ་དང་སྡེ་སྣོད་གཉིས་དང་གསུང་རབ་ཡན་ལག་བཅུ་གཉིས་སོ། །དེ་ལ་སྡེ་སྣོད་གསུམ་ཞེས་བྱ་བ་ཡང་དང་པོ་ནི་མདོ་སྡེའི་སྡེ་སྣོད་དེ། སཱུ་ཏྲ་ཞེས་བྱ་བའི་སྒྲ་ལས་དྲངས་ནས་མཐུན་པའི་མདོ་སྡེ་ཞེས་འདྲེན་ཏེ། མཐུན་པའི་རིགས་པ་དང་། སེམས་

ཅན་མོས་པ་དང་འཚམ་པར་གྱུར་པའོ། །མདོ་ཞེས་བྱ་བ་ནི་བརྒྱུས་པ་དང་བསྡུས་པ་སྟེ། དོན་རྣམས་བརྒྱུས་ཤིང་སེམས་ཅན་བསྡུས་པས་དོན་འདི་གཉིས་དང་ལྡན་པའི་ཕྱིར་མདོ་སྡེ་ཞེས་བྱའོ། །གཉིས་པ་ནི་འདུལ་བའི་སྡེ་སྣོད་དེ་ལུས་དང་ངག་གི་ལས་མི་དགེ་བ་ཡན་ལག་བདུན་

འདུལ་བར་བྱེད་པའམ། ཡང་ན་ལས་རྣམ་པ་གསུམ་འདུལ་ཞིང་མི་དགེ་བ་ལས་ལོག་པའི་ཕྱིར་འདུལ་བ་ཞེས་བྱའོ། །གསུམ་པ་ནི་ཆོས་མངོན་པའི་སྡེ་སྣོད་དེ། འདིས་ཡུལ་མངོན་དུ་བྱེད་པ་དང་འབྲས་བུ་མངོན་དུ་བྱེད་པའི་ཕྱིར་རོ། །མ་མོ་ཞེས་ཀྱང་བྱ་སྟེ། ཤེས་རབ་

เล่ม ๑๑๘ · หน้า 32a

ཀྱི་རྩ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ལྟར་རྣམ་པ་གསུམ་པོ་ཐམས་ཅད་ཀྱིས་ཡོངས་སུ་ཤེས་པར་བྱ་བའི་དོན་སྡུད་ཅིང་སྦེད་པས་ན་སྡེ་སྣོད་ཅེས་བྱའོ། །དེ་ལ་སྡེ་སྣོད་གཉིས་ཞེས་བྱ་བ་ནི་འདི་ལྟར་སྡེ་སྣོད་གསུམ་པོ་དེ་དག་ཉིད་ལ་ཐེག་པ་འོག་མ་དང་གོང་མའི་

བྱེ་བྲག་ཡོད་པའི་ཕྱིར་ཏེ། དེས་ན་སྡེ་སྣོད་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །སྡེ་སྣོད་རྣམ་པ་འདི་གཉིས་ཀྱི་མཚན་ཉིད་ནི་འོག་ནས་མདོ་འདི་ཉིད་ལས་རྒྱ་ཆེར་རྣམ་པར་འབྱེད་དོ། །དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ཞེས་བྱ་བ་

ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་

དུ་བྱུང་བའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་རྣམས་ཏེ། དེ་དག་གི་མཚན་ཉིད་ཀྱང་མདོ་འདི་ཉིད་ལས་འོག་ནས་རྒྱ་ཆེར་རྣམ་པར་འབྱེད་དོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་རང་གཅིག་གི་གསུང་རབ་དེ་དག་ཀྱང་། རྒྱ་གར་ཡུལ་པའི་སློབ་དཔོན་རྣམས་སོ་སོ་ནས་བཤད་

པ་མི་མཐུན་པས་ཆོས་ཀྱི་ཁ་ཅིག་བསྟན་པ་ནི་རྣམ་པ་གཅིག་སྟེ། འདི་ལྟ་སྟེ། གསུང་གཅིག་གོ་ཞེས་ཟེར་ཏེ། ལ་ཤི་བ་ལ་སོགས་པ་ལྟ་བུའོ། །ཁ་ཅིག་བསྟན་པ་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། ཡོངས་སུ་མ་རྫོགས་པ་དང་། ཡོངས་སུ་རྫོགས་པའོ་ཞེས་བཤད་དེ། ཐམ་བུ་

ཆིམ་ལྟ་བུའོ། །ཁ་ཅིག་བསྟན་པ་ནི་རྣམ་པ་གསུམ་སྟེ། ཇི་ལྟར་སློབ་དཔོན་སྡེ་སྣོད་གསུམ་པ་ཧྱན་ཙང་གིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལ་བརྟེན་ནས་འཕགས་པའི་བདེན་པ་བཞི་དང་། མཚན་ཉིད་མེད་པ་དང་། ངེས་པའི་དོན་ཞེས་བྱ་བ་གོང་དུ་བཤད་

པ་ལྟ་བུའོ། །ཁ་ཅིག་བསྟན་པ་ནི་རྣམ་པ་བཞི་སྟེ་དང་པོ་ནི་འཕགས་པའི་བདེན་པ་བཞིའི་བསྟན་པ་འདི་ལྟ་སྟེ། ལུང་ལ་སོགས་པའོ། །གཉིས་པ་ནི་མཚན་ཉིད་མེད་པའི་བསྟན་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །གསུམ་པ་ནི་ཆོས་ཀྱི་མཚན་ཉིད་བསྟན་པ་

เล่ม ๑๑๘ · หน้า 32b

སྟེ། འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ལྟ་བུའོ། །བཞི་པ་ནི་རྣལ་འབྱོར་སྤྱོད་པའི་བསྟན་པ་སྟེ། འཕགས་པ་སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ལྟ་བུའོ། །སློབ་དཔོན་ཡང་དག་བདེན་པ་ནི་འདི་སྐད་དུ། ཁ་ཅིག་བསྟན་པ་ནི་རྣམ་པ་ལྔའོ་ཞེས་ཟེར་ཏེ། དང་པོ་ནི་

བདེན་པ་བཞིའོ། །གཉིས་པ་ནི་མཚན་ཉིད་མེད་པའོ། །གསུམ་པ་ནི་རྣལ་འབྱོར་སྤྱོད་པ་སྟེ། དོན་སྔར་བཤད་པ་བཞིན་ནོ། །བཞི་པ་ནི་ཤིན་ཏུ་བདེ་བའི་ཐེག་པ་ཆེན་པོའི་སྟེ། ཇི་ལྟར་འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས་ཤིན་ཏུ་བདེ་བ་མྱ་ངན་ལས་འདས་པའི་འབྲས་བུ་བཤད་

པ་ལྟ་བུའོ། །ལྔ་པ་ནི་ཐེག་པ་ཆེན་པོ་ཡོངས་སུ་སྲུང་བ་སྟེ། ཇི་ལྟར་འཕགས་པ་གསེར་འོད་དམ་པ་ལ་སོགས་པ་ལས་ལྷའི་རྒྱལ་པོ་རྣམས་ཡུལ་ཡོངས་སུ་བསྲུང་བར་བཤད་པ་ལྟ་བུའོ་ཞེའོ། །སློབ་དཔོན་སྡེ་སྣོད་གསུམ་པ་པས་མདོ་སྡེ་འདི་ནི་སྡེ་སྣོད་རྣམ་པ་གཉིས་ལས་བྱང་ཆུབ་

སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་སོ། །སྡེ་སྣོད་གསུམ་ལས་ནི་མདོ་སྡེའི་སྡེ་སྣོད་ཀྱིས་བསྡུས་སོ། །ཡང་ན་ཆོས་མངོན་པའི་སྡེ་སྣོད་ཀྱིས་བསྡུས་ཏེ། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་ཅིང་། ཤེས་པ་རབ་ཏུ་བསྐྱེད་པའི་ཕྱིར་རོ། །གསུང་རབ་ཡན་ལག་བཅུ་གཉིས་པ་ནི་གཏན་

ལ་ཕབ་པར་བསྟན་པའི་སྡེས་བསྡུས་སོ། །ཡང་ན་མདོའི་སྡེས་བསྡུས་པར་བལྟའོ་ཞེས་བཤད་དོ། །དེ་ལ་བསྟན་པ་གང་གི་ཕྱིར་གསུངས་པ་བསྟན་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། གསུང་རབ་ཐམས་ཅད་ཀྱི་གང་གི་ཕྱིར་གསུངས་པ་སྤྱིར་བསྟན་པ་དང་། མདོ་སྡེ་འདི་ཉིད་ཀྱི་གང་གི་

ཕྱིར་གསུངས་པ་བསྟན་པའོ། །གསུང་རབ་ཐམས་ཅད་ཀྱི་གང་གི་ཕྱིར་གསུངས་པ་ཡང་ཚད་མེད་མོད་ཀྱི། མདོར་བསྡུ་ན་རྣམ་པ་བཞི་ཁོ་ནའོ། །དེ་ལ་དང་པོ་ཡང་རྣམ་པ་གཉིས་ཏེ། མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་དང་། མྱ་ངན་ལས་འདའ་བའི་ཆོས་ཅན་དག་གོ། །

དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དག་ནི། ས་བོན་ཡོངས་སུ་ཚང་བ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་དག་ནི་བྱང་ཆུབ་སེམས་དཔའ་གསུམ་གྱི་ས་བོན་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །གཉིས་པ་

เล่ม ๑๑๘ · หน้า 33a

ནི་ཁ་ཅིག་ལས་རྣམ་པ་གསུམ་མོ་ཞེས་བཤད་དེ། འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པ་དང་། མ་ངེས་པའི་ཕུང་པོའོ། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་

པའི་ཆོས་ཅན་དག་གོ། །ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་མྱ་ངན་ལས་འདས་པ་ཉིད་ཀྱི་ཆོས་ཅན་མ་ཡིན་པ་དག་གོ་ཞེས་བཤད་དོ། །གསུམ་པ་ནི་ཁ་ཅིག་ལས་རྣམ་པ་བཞིའོ་ཞེས་བཤད་དེ། ཇི་ལྟར་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས། འདུལ་བར་བྱ་བའི་

སེམས་ཅན་ནི་རྣམ་པ་བཞི་ཡོད་དེ། ཉན་ཐོས་ཀྱི་རིགས་ཅན་དག་ཉན་ཐོས་ཀྱི་ལམ་འཐོབ་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་རིགས་ཅན་དག་རང་སངས་རྒྱས་ཀྱི་ལམ་འཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་རིགས་ཅན་དག་སངས་རྒྱས་ཀྱི་ལམ་འཐོབ་པར་འགྱུར་

བ་དང་། ལྷ་དང་མིའི་རིགས་ཅན་དག་ལྷ་དང་མིའི་བདེ་བ་འཐོབ་པར་འགྱུར་བའོ་ཞེས་གསུངས་ཏེ། བསྟན་བཅོས་ཡོངས་སུ་འཛིན་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གསུམ་པ་གང་ཟག་དེ་དག་ཡོངས་སུ་སྨིན་པར་བྱ་བ་དང་། མདོར་བསྡུ་ན་རྣམ་པ་བཞི་ཡོད་དོ། །

ཉན་ཐོས་ཀྱི་རིགས་ཅན་དག་ནི་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། རང་སངས་རྒྱས་ཀྱི་རིགས་ཅན་དག་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་རིགས་ཅན་དག་ནི་བླ་ན་མེད་པའི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། རིགས་

མེད་པ་དག་ནི་བདེ་འགྲོའི་ལམ་གྱིས་ཡོངས་སུ་སྨིན་པར་བྱ་བ་སྟེ། འདི་ལྟར་གང་ཟག་བཞི་པོ་དེ་དག་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཆོས་བཞི་པོ་འདི་དག་གིས་ཡོངས་སུ་སྨིན་པར་མཛད་དེ། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་བསྟན་བཅོས་ཡོངས་སུ་

འཛིན་པ་ལས་འབྱུང་བ་དང་མཐུན་པར་བཤད་དོ། །མ་ངེས་པའི་རིགས་ཅན་དག་ནི་ཐེག་པ་གསུམ་གྱི་རིགས་ཅན་ལས་གུད་ན་མེད་དེ། བྱང་ཆུབ་སེམས་དཔའི་རིགས་ཀྱིས་བསྡུས་པའི་ཕྱིར་ལོགས་ཤིག་ཏུ་མ་བཤད་དོ། །བཞི་པ་ནི་ཁ་ཅིག་ལས་རྣམ་པ་ལྔའོ་ཞེས་བཤད་དེ།

เล่ม ๑๑๘ · หน้า 33b

འདི་ལྟ་སྟེ། སྔ་མ་བཞིའི་སྟེང་དུ་ཡང་རིགས་མ་ངེས་པ་བསྣན་ན་རིགས་རྣམ་པ་ལྔར་འགྱུར་བའི་ཕྱིར་རོ། །གཞན་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། རིགས་ནི་རྣམ་པ་ལྔ་ཡོད་དེ། ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་དང་། རང་སངས་རྒྱས་ཀྱི་ཐེག་

པའི་རིགས་ཅན་དང་། བྱང་ཆུབ་སེམས་དཔའི་ཐེག་པའི་རིགས་ཅན་དང་། ཐེག་པ་མ་ངེས་པའི་རིགས་དང་། རིགས་མེད་པའོ་ཞེས་གསུངས་སོ། །གལ་ཏེ་ཐེག་པ་གསུམ་གྱི་ས་བོན་མ་ཚང་བ་ལ་རིགས་མེད་པ་ཞེས་བྱ་བ་ནས། འཕགས་པ་ལང་ཀར་གཤེགས་པའི་

མདོ་ལས་གསུངས་པའི་རིགས་མེད་པ་སྟེ། ཇི་ལྟར་བརྡ་སྤྲོད་ཅིང་རྣམ་པར་བཤད་པར་བྱས་ཏེ། དེའི་ཕྱིར་མདོ་དེ་ཉིད་བམ་པོ་བཞིར་བྱས་པ་ལས། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་འདི་ལ་གཏན་དུ་མྱ་ངན་ལས་མི་འདའ་བ་གང་

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདོད་ཆེན་པ་ནི་རྣམ་པ་གཉིས་ཡོད་དེ། བྱང་ཆུབ་སེམས་དཔའ་དང་། འདོད་ཆེན་པ་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་འདོད་ཆེན་པ་ནི་ཆོས་ཐམས་ཅད་གཟོད་མ་ནས་མྱ་ངན་ལས་འདས་པར་ཤེས་ནས་

གཏན་དུ་མྱ་ངན་ལས་མི་འདའ་སྟེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་འདོད་ཆེན་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་འདོད་ཆེན་པ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བརྒྱ་ལ་གལ་ཏེ་ན་དགེ་བའི་རྩ་བ་བསྐྱེད་པར་འགྱུར་

རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །དེ་ལྟར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འདོད་ཆེན་པ་རྣམས་ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་གསུངས་སོ་ཞེ་ན། རིགས་མེད་པ་ནི་རྣམ་པ་གཉིས་ཏེ།

དུས་ཀྱི་མཐའ་ལ་ལྟོས་པ་དང་། གཏན་དུ་བའོ། །དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་ལས་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་རྣམ་པ་གཉིས་ཏེ། དུས་ཀྱི་མཐའ་ལ་ལྟོས་པ་དང་། གཏན་དུ་བའོ་ཞེས་འབྱུང་སྟེ། འཕགས་པ་ལང་ཀར་གཤེགས་པ་ནི་དང་པོ་ལས་དགོངས་ཏེ་

เล่ม ๑๑๘ · หน้า 34a

གསུངས་ལ། རྣལ་འབྱོར་སྤྱོད་པའི་ས་ལས་ཕྱི་མ་ལ་བསམས་ཏེ་བསྟན་པ་ནི་འགལ་བ་མེད་དོ། །གཞན་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་རིགས་ཅན་རྣམ་པ་གཉིས་སུ་ཕྱེ་སྟེ། དང་པོ་ནི་དགེ་བའི་རྩ་བ་སྤངས་པ་སྟེ། དེ་དུས་ཀྱི་མཐའ་

ལ་ལྟོས་པའོ། །གཉིས་པ་ནི་གཏན་དུ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཅན་ཡིན་པར་བསྟན་པས། མདོ་སྡེའི་རྒྱན་ལས་གཏན་དུ་རིགས་མེད་པར་བཤད་པ་ལྟ་བུ་ནི་མ་ཡིན་ནོ། །རིགས་ངེས་པའི་ཐེག་པ་གཉིས་པོ་དེ་དག་ལྷག་མ་མེད་པའི་དབྱིངས་སུ་ཞུགས་པའི་ཚེ།

སེམས་ཅན་ཡིན་ནམ། འོན་ཏེ་སེམས་ཅན་མ་ཡིན་པ་ཞེས་བརྗོད། སེམས་ཅན་གྱིས་བསྡུས་པ་མ་ཡིན་ཏེ། མངོན་སུམ་གྱི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་འོ་ན་ནི་སེམས་ཅན་འགྲིབ་པའི་སྐྱོན་དང་ལྡན་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐོག་

མ་མེད་པའི་ཕྱིར་ནི་འཕེལ་བ་མེད་ལ། ཐ་མ་མེད་པའི་ཕྱིར་ནི་འགྲིབ་པ་མེད་དོ། །གལ་ཏེ་འཕེལ་བ་ཡོད་པར་གྱུར་ན་ནི་འགྲིབ་པ་ཡང་ཡོད་པར་འགྱུར་རོ། །གལ་ཏེ་འགྲིབ་པ་ཡོད་ན་ཅིའི་ཕྱིར་མདོ་ལས་སེམས་ཅན་ཐམས་ཅད་ནི་འཕེལ་བ་མེད་པ་དང་། འགྲིབ་པ་མེད་པའོ་ཞེས་

གསུངས། སྔར་འཕེལ་བ་དང་འགྲིབ་པ་ཡོད་དོ་ཞེས་སྨྲས་ན་ནི་ཕྱིས་གདོད་ཀླན་ཀར་བྱ་བ་ཡིན་ན་ཡང་འཕེལ་བ་དང་འགྲིབ་པ་ཞེས་བརྗོད་པ་ནི་བཤད་པ་རྣམ་པ་གཉིས་ཡོད་པ་ཡོད་དེ། དེ་ལ་དང་པོ་ནི་སློབ་དཔོན་ཡང་དག་བདེན་པ་ལ་སོགས་པས་སོ་སོའི་གཞུང་རྣམས་ལ་

བརྟེན་ནས་མུ་རྣམ་པ་བཞིར་བསྟན་ཏེ། དང་པོ་ནི་ཐོག་མ་ཡོད་ལ་ཐ་མ་མེད་པར་འདོད་པ་སྟེ། ཇི་ལྟར་འདུལ་བ་ཕྱོགས་ལྔ་པའི་གཞུང་ལས་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་ཞེས་བཤད་པ་ལྟ་བུའོ། །གཉིས་པ་ནི་ཐོག་མ་མེད་པ་དང་ཐ་མ་ཡོད་པར་འདོད་པ་སྟེ།

ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་ཚད་མར་བྱེད་པ་སྡེ་པའི་གཞུང་ལྟ་བུའོ། །གསུམ་པ་ནི་ཐོག་མ་དང་ཐ་མ་ཡོད་པར་འདོད་པ་སྟེ། འདུལ་བ་ཕྱོགས་ལྔ་པའི་སྡེ་པ་དག་མྱ་ངན་ལས་འདའ་བའི་ཆོས་ཅན་ཞེས་བཤད་པ་ལྟ་བུའོ། །བཞི་པ་ནི་ཐོག་མ་དང་ཐ་མ་མེད་པར་

เล่ม ๑๑๘ · หน้า 34b

འདོད་པ་སྟེ། མདོ་སྡེ་ཚད་མར་བྱེད་པའི་སྡེ་པའི་གཞུང་གི་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་ཞེས་བསྟན་པ་དང་། ཐེག་པ་ཆེན་པོའི་གཞུང་ལས་སེམས་ཅན་ཐམས་ཅད་ནི་ཐོག་མ་དང་ཐ་མ་མེད་པའོ་ཞེས་བསྟན་པ་ལྟ་བུ་སྟེ། དེ་ལྟ་བས་ན་གཞུང་གཞན་དག་ལ་ནི་

འཕེལ་བ་དང་འགྲིབ་པ་ཡོད་པའི་སྐྱོན་ཡོད་ཀྱི། ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན་ནི་འཕེལ་བ་དང་འགྲིབ་པའི་སྐྱོན་མེད་དོ། །ཡང་ན་ཐེག་པ་ཆུང་ངུའི་གཞུང་གིས་མུ་དང་པོ་བཀོལ་བ་ལའོ། །གཉིས་པ་ནི་སློབ་དཔོན་ཧྱན་ཙང་གིས་ཐེག་པ་ཆུང་ངུའི་གཞུང་ལ་བརྟེན་ནས་བཤད་

པའི་དོན་ནི་སྔར་བཤད་པ་བཞིན་ནོ། །ཐེག་པ་ཆེན་པོའི་གཞུང་ལ་བརྟེན་ནས་ནི་མུ་རྣམ་པ་གཉིས་ཏེ། དང་པོ་ནི་ཐོག་མ་མེད་པ་ལ་ཐ་མ་ཡོད་པ་འདི་ལྟ་སྟེ། རིགས་ངེས་པའི་ཐེག་པ་པ་གཉིས་སོ། །གཉིས་པ་ནི་ཐོག་མ་དང་ཐ་མ་མེད་པ་ནི་འདི་ལྟ་སྟེ། རིགས་

མེད་པའི་སེམས་ཅན་དང་། གཞན་རིགས་ངེས་པ་དང་། རིགས་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །མདོའི་སྡེ་ལས་འཕེལ་བ་དང་། འགྲིབ་པ་མེད་པར་གསུངས་པ་ནི་དོན་གྱི་ངོ་བོ་ཉིད་ལ་དགོངས་ཏེ། བསྟན་པའི་ཕྱིར་ཉེས་པ་མེད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་

ས་དང་རྣམ་པར་བཤད་པ་དང་སྦྱར་ན་དེ་དག་ལས་འདི་ལྟར་སྐྱོན་རྣམ་པ་ལྔས་རིགས་ཡོད་པ་དང་མེད་པའི་སེམས་ཅན་རྣམ་པར་གཞག་པར་བསྒྲུབས་ལ། སངས་རྒྱས་ཀྱི་ངོ་བོ་ཉིད་བསྟན་པའི་བསྟན་བཅོས་ལས་ནི་འདི་ལྟར་སྐྱོན་རྣམ་པ་ལྔས་རིགས་མེད་པའི་སེམས་ཅན་རྣམ་པར་གཞག་

པར་སྒྲུབ་ན་ཇི་ལྟར་བརྡ་སྤྲོད་ཅིང་རྣམ་པར་བཤད་པར་བྱ་ཞེ་ན། སློབ་དཔོན་ཧྱན་ཙང་གིས་འདི་སྐད་དུ། སངས་རྒྱས་ཀྱི་ངོ་བོ་ཉིད་བསྟན་པའི་བསྟན་བཅོས་དེ་ལས་རིགས་མེད་པའི་རྣམ་པ་གསུམ་ལ་སོགས་པ་སྟོན་པ་དེ་ཕལ་ཆེར་གཞུང་དང་མཐུན་པ་མ་ཡིན་པའི་ཕྱིར། ཚད་མར་བཟུང་

དུ་མི་རུང་ངོ་ཞེས་བཤད་དེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་རིགས་ལྔ་བསྟན་པ་ལས་འབྱུང་བ་བཞིན་ནོ། །དེ་ལ་མདོ་སྡེ་འདི་ཉིད་ཀྱི་གང་གི་ཕྱིར་གསུངས་པ་བསྟན་པ་ཞེས་བྱ་བ་ཡང་རིགས་ལྔ་ལས་ནི་བྱང་ཆུབ་སེམས་དཔའ་དང་། རིགས་མ་ངེས་པ་དག་གི་ཕྱིར་གསུངས་པ་

เล่ม ๑๑๘ · หน้า 35a

ཡིན་ཏེ། དེའི་ཕྱིར་འོག་ནས་མདོ་ལས། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པ་བཞིན་བཤད་པའི་རྣམ་

གྲངས་གཞན་དུ་ན། མདོ་སྡེ་འདི་ནི་རིགས་རྣམ་པ་བཞིའི་ཆེད་དུ་གསུངས་པས། རིགས་མེད་པ་མ་གཏོགས་ཏེ། འོག་ནས་མདོ་ལས་རིགས་ངེས་པའི་ཐེག་པ་པ་གསུམ་དང་། རིགས་མ་ངེས་པའི་ཐེག་པ་པ་འབའ་ཞིག་བསྟན་པའི་ཕྱིར་རོ། །གཞན་ཡང་ཐེག་པ་ཐམས་

ཅད་ལ་གཞོལ་བ་དག་གི་ཕྱིར། གསུམ་པ་ངེས་པའི་དོན་གྱི་མདོ་འདི་གསུངས་པའམ། ཡང་ན་མདོ་སྡེ་འདི་ནི་རིགས་ལྔ་པོ་ཐམས་ཅད་ཀྱི་ཆེད་དུ་ཡང་གསུངས་པ་ཡིན་ཏེ། ཐེག་པ་པ་ཐམས་ཅད་ལ་རྣམ་པར་ཕྱེ་བ་མྱོང་བའི་ཕྱིར་རོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་

གཉིས་པ་ནི་ཡང་དག་པ་ཡིན་ནོ།། །།བམ་པོ་བཞི་པ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཚིག་གི་དོན་རྣམ་པར་བཤད་པ་ཞེས་བྱ་བ་སྟོན་ཏེ། འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། མདོ་སྡེ་རྣམ་པར་འབྱེད་པ་དང་། ཚིག་གི་དོན་

ཡང་དག་པར་བཤད་དོ། །དེ་ལ་མདོ་སྡེ་རྣམ་པར་འབྱེད་པ་ནི་མདོ་སྡེ་འདི་ལ་དཔེ་རྣམ་པ་གཉིས་བཞུགས་པས། དང་པོ་ནི་དཔེ་རྒྱས་པ་སྟེ། ཤུ་ལོ་ཀ་འབུམ་བཞུགས་སོ། །གཉིས་པ་ནི་བསྡུས་པ་སྟེ། ཤུ་ལོ་ཀ་སྟོང་ལྔ་བརྒྱ་བཞུགས་ཏེ། མདོ་སྡེ་འདིའི་དཔེ་བསྡུས་པ་རྒྱ་གར་

ལ་རྣམ་པ་གཅིག་ལས་མི་བཞུགས་ཀྱང་། སྔ་ཕྱིས་བསྒྱུར་བ་ཐ་དད་པའི་ཕྱིར། དཔེ་མི་མཐུན་པ་བཞིར་གྱུར་ཏེ། དང་པོ་ནི་རྒྱ་རྗེ་སོང་གི་ཚེ། རྒྱ་གར་གྱི་མཁན་པོ་ཡོན་ཏན་བཟང་པོས་མཚམས་སྦྱོར་བའི་རྣམ་པར་དགྲོལ་བའི་མདོ་ཞེས་བྱ་བར་བསྒྱུར་བ་བམ་པོ་གཉིས་

བཞུགས་ཏེ། དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་འདིའི་ཐ་མར་བྱུང་བའི་ལེའུ་གཉིས་པོ་དག་ཉིད་ཡིན་ནོ། །གཉིས་པ་ནི་རྒྱ་རྗེ་འགྲིས་ཕྱི་མའི་ཚེ་རྒྱ་གར་མཁན་པོ་བོ་དེ་ལེའུ་ཅིས་ཟབ་མོ་རྣམ་པར་གྲོལ་བའི་མདོ་ཞེས་བྱ་བ་རྣམ་པ་གཅིག་བསྒྱུར་བ་ལེའུ་བཅུ་གཅིག་

เล่ม ๑๑๘ · หน้า 35b

བཞུགས་ཏེ། དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོ་འདི་ལས་དོན་དམ་པའི་བདེན་པ་བསྟན་པའི་ལེའུ་ལ། ལེའུ་བཞིར་ཕྱེ་བའི་ཕྱིར་བཅུ་གཅིག་ཏུ་གྱུར་ཏེ། གཞན་ནི་བདུན་ནོ། །གསུམ་པ་ནི་རྒྱ་རྗེ་ཚིན་གྱི་ཚེ་རྒྱ་གར་མཁན་པོ་ཡང་དག་བདེན་པས་ཚིག་ངེས་པར་

འགྲེལ་པ་ཞེས་བྱ་བའི་མདོ་བམ་པོ་གཅིག་བསྒྱུར་བའི་ལེའུ་བཞི་བཞུགས་ཏེ། དོན་དམ་པའི་བདེན་པ་བསྟན་པའི་ལེའུ་ལ་རྣམ་པ་བཞི་ཕྱེ་བའི་ཕྱིར་ཏེ། དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོ་འདི་ལས་འབྱུང་བའི་དོན་དམ་པའི་བདེན་པ་བསྟན་པའི་ལེའུ་ཞེས་བྱ་བ་ཉིད་ཡིན་

ནོ། །བཞི་པ་ནི་རྒྱ་རྗེ་ཐང་གི་ཚེ། སློབ་དཔོན་སྡེ་སྣོད་གསུམ་པ་ཧྱན་ཙང་གིས་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ཞེས་བྱ་བའི་མདོ་བམ་པོ་ལྔ་པ་སྟེ་གཅིག་ཏུ་བསྒྱུར་ཏེ། ལེའུ་བརྒྱད་བཞུགས་སོ། །མདོ་སྡེ་འདིའི་དཔེ་དེ་ལྟར་མང་ཉུང་མི་མཐུན་པར་གྱུར་པ་ཡང་། ཚིག་

ངེས་པར་འགྲེལ་བའི་མདོ་ལས། དོན་དམ་པའི་བདེན་པ་བསྟན་པའི་ལེའུ་ཉི་ཚེ་འབྱུང་གི། གཞན་བདུན་མ་ཚང་བ་དང་མཚམས་སྦྱོར་བ་རྣམ་པར་འགྲེལ་བའི་མདོ་ལས་ནི་ཐ་མའི་ལེའུ་གཉིས་འབྱུང་གི། །གཞན་དྲུག་མ་ཚང་བ་དང་། དགོངས་པ་ཟབ་མོ་ངེས་

པར་འགྲེལ་པའི་མདོ་ལས་ནི་ལེའུ་བརྒྱད་ཡོངས་སུ་རྫོགས་པ་དང་། ཟབ་མོ་རྣམ་པར་འགྲེལ་བའི་མདོ་ལས་ནི་ལེའུ་བཅུ་གཅིག་འབྱུང་བའི་ཕྱིར་ཏེ། དོན་དམ་པའི་བདེན་པ་བསྟན་པའི་ལེའུ་ལ། ལེའུ་བཞིར་ཕྱེ་བས་ན་དཔེ་འདི་གཉིས་ནི་ཚིག་དང་དོན་ཡོངས་སུ་རྫོགས་

པ་ཡིན་ནོ། །མདོ་སྡེ་འདི་རྒྱ་གར་གྱི་དཔེ་དང་པོ་གཅིག་པ་ཡིན་ན་ཅིའི་ཕྱིར་མཚན་ཐ་དད་པའི་བྱེ་བྲག་སྤྱོད་པ་ཡོད་པས་གསུངས་པས། དེ་ལྟ་བས་ན་སྔ་མའི་ཕྱོགས་གཉིས་ཡོད་པ་ཁོ་ནའོ་ཞེའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་མོད་ཀྱི། རེ་ཞིག་བཤད་པ་ཕྱི་

མ་ལ་བརྟེན་ནས་བཤད་པར་བྱའོ། །དེ་ལ་རྒྱུ་དང་རྐྱེན་བསྟན་པའི་ཕྱོགས་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཡིད་ཆེས་པར་བྱེད་པའི་ཕྱོགས་དང་། གླེང་བསླང་བའི་ཕྱོགས་སོ། །ཕྱོགས་འདི་གཉིས་ལ་བྱེ་བྲག་ཡོད་པ་ཡང་མདོར་བསྡུ་ན་རྣམ་པ་གསུམ་ཡོད་དོ། །

เล่ม ๑๑๘ · หน้า 36a

དང་པོ་ནི་མིང་ཐ་དད་པ་འདི་ལྟ་སྟེ། ཡིད་ཆེས་པར་བྱེད་པ་དང་། གླེང་བསླང་བའི་གླེང་གཞི་ཞེས་བྱའོ། །ཐུན་མོང་གི་གླེང་གཞི་དང་མཐུན་པ་ཡིན་པའི་གླེང་གཞི་ཞེས་ཀྱང་བྱ་སྟེ། འདི་སྐད་བདག་གིས་ཐོས་པ་ཞེས་ཀྱང་བྱ་བ་ལ་སོགས་པ་

བསྟན་པས། གཞན་དག་ཡིད་ཆེས་པ་བསྐྱེད་པས་ཡིད་ཆེས་པར་བྱེད་པའི་གླིང་གཞི་ཞེས་བྱའོ། །མདོ་ཀུན་ལས་མཐུན་པར་འབྱུང་བའི་ཕྱིར། ཐུན་མོང་གི་གླེང་གཞི་ཞེས་བྱའོ། །འོད་ཟེར་གཏོང་བ་ལ་སོགས་པས་ཡང་དག་པའི་གཞུང་ཉིད་གླེང་སློང་བར་བྱེད་པའི་

ཕྱིར། གླེང་བསླང་བ་ཞེས་བྱའོ། །མདོ་སྡེའི་རྗེས་སུ་སོ་སོ་ནས་མིང་མཐུན་པས་ཐུན་མོང་མ་ཡིན་པའི་གླེང་གཞི་ཞེས་བྱའོ། །གཉིས་པ་ནི་དུས་ཐ་དད་པ་སྟེ། དེ་བཞིན་གཤེགས་པས་གླེང་བསླང་བ་ནི་མདོ་སྡེའི་མདུན་རོལ་གྱི་གླེང་གཞི་ཞེས་བྱའོ། །ཀུན་དགའ་བོས་གསོལ་

བ་བཏབ་པ་ནི་མདོ་སྡེའི་འོག་གི་གླེང་གཞི་ཞེས་བྱའོ། །གླེང་གཞི་དེ་གཉིས་གསུངས་པའི་དུས་ཀྱི་བྱེ་བྲག་ཐ་དད་པའི་ཕྱིར་རོ། །གསུམ་པ་ནི་གང་ཟག་ཐ་དད་པ་སྟེ། དང་པོ་དེ་བཞིན་གཤེགས་པའི་གླེང་གཞི་ནི་མདོ་སྡེ་ལས། དེ་བཞིན་གཤེགས་པས་གླེང་བསླང་བའོ། །

གཉིས་པ་ཀུན་དགའ་བོའི་གླེང་གཞི་ནི་ཀུན་དགའ་བོས་གསོལ་བ་བཏབ་ནས། གླེང་གཞི་འདི་གསུངས་པའི་ཕྱིར་རོ་ཞེའོ། །མདོ་སྡེ་འདི་དང་སངས་རྒྱས་ཀྱི་ས་ལ་སོགས་པ་ཡིད་ཆེས་པར་བྱེད་པ་ཉིད་ཀྱང་གླེང་བསླང་བ་ནི་མེད་དེ་ཡིད་ཆེས་པར་བྱེད་པ་ལ་དོན་གྱིས་གླེང་བ་

ཞེས་བཤད་ཀྱང་འགལ་བ་མེད་དོ། །དེ་ལ་ཡིད་ཆེས་པར་བྱེད་པ་ལ་ཡང་དོན་རྣམ་པ་གསུམ་ཡོད་དེ། དངོས་པོ་མང་ཉུང་རྣམ་པར་འབྱེད་པ་དང་། དངོས་པོ་བཤད་པའི་དགོངས་པ་བསྟན་པ་དང་། དངོས་པོའི་རྗེས་སུ་རྣམ་པར་ཕྱེ་སྟེ་བཤད་པའོ། །དངོས་པོ་མང་ཉུང་རྣམ་

པར་འབྱེད་པ་ལ་ཡང་རྣམ་པ་གསུམ་དུ་བཤད་དེ། དང་པོ་ནི་སློབ་དཔོན་ཡང་དག་བདེན་པས། མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྗེད་བྱང་བྱས་པ་ལས། དངོས་པོ་རྣམ་པ་བདུན་དུ་ཕྱེ་སྟེ། དེ་ལ་འདི་སྐད་ཅེས་བྱ་བ་ནི་ཐོས་པའི་ཆོས་སྨོས་པ་སྟེ། མདོ་སྡེ་སྡེ་གཅིག་

เล่ม ๑๑๘ · หน้า 36b

གི་ཡི་གེ་དང་། དོན་ལ་ངེས་པ་ཁོ་ནར་ཡིད་ཆེས་པར་གྱུར་པའོ། །བདག་གིས་ཞེས་བྱ་བ་ནི་དོན་ངེས་པར་ནུས་པའི་གང་ཟག་བསྟན་པ་དང་། ཀུན་དགའ་བོ་ལ་སོགས་པའོ། །ཐོས་པ་ཞེས་བྱ་བ་ནི་གསུང་མངོན་སུམ་དུ་མནོས་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་ཐོས་

པའི་ཆོས་དེ་ཤིན་ཏུ་དུས་དང་མཚན་མར་གྱུར་པར་བསྟན་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་པའི་སྟོན་པ་བསྟན་པའོ། །རིན་པོ་ཆེ་མཆོག་ཏུ་འབར་བ་ལ་སོགས་པས་ནི་གསུངས་པའི་གནས་ཡོད་པར་བསྟན་ཏོ། །ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ཚད་མེད་པ་ཞེས་བྱ་

བ་ལ་སོགས་པས་ནི་གཅིག་པུས་ཐོས་པ་མ་ཡིན་པར་བསྟན་ཏོ། །དངོས་པོ་བདུན་པོ་དེ་དག་ཀྱང་མདོར་བསྡུ་ན་དགོས་པ་རྣམ་པ་བཞིའི་ཕྱིར་ཏེ། དེ་ལ་དང་པོ་འདི་སྐད་ཅེས་བྱ་བས་ནི་ཐོས་པའི་ཆོས་རབ་ཏུ་བསྟན་ཏོ། །དེའི་འོག་མ་དག་གིས་ཐོས་པ་ཞེས་བྱ་བ་ནི་ཐོས་པར་

ནུས་པའི་གང་ཟག་རྣམ་པར་འབྱེད་དོ། །དེའི་འོག་མ་གཉིས་ཀྱིས་ནི་ཐོས་པའི་ཆོས་དེ་སྒྲུབ་པར་བྱེད་དོ། །ཐ་མ་གཉིས་ཀྱིས་ནི་ཐོས་པའི་གང་ཟག་སྒྲུབ་པར་བྱེད་དོ་ཞེས་བཤད་དེ། རྒྱ་ཆེར་ནི་སློབ་དཔོན་ཡང་དག་བདེན་པས་དངོས་པོ་བདུན་གྱི་བརྗེད་བྱང་བྱས་པ་ལས་

འབྱུང་བ་བཞིན་ནོ། །གཉིས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ན་དེ་དེ་ལས་གླེང་གཞིའི་ཕྱོགས་ལ་དོན་རྣམ་པ་དྲུག་ཏུ་ཕྱེ་ནས་བསྟན་ཏེ། ཡིད་ཆེས་པ་དང་། ཐོས་པ་དང་། དུས་དང་། བདག་པོ་དང་། གནས་དང་། འཁོར་

ཕུན་སུམ་ཚོགས་པའོ། །སློབ་དཔོན་དབྱིག་གཉེན་གྱིས་བསྟན་བཅོས་སྒྲོལ་མ་ཞེས་བྱ་བ་མཛད་པ་ལས་ཀྱང་། དོན་རྣམ་པ་དྲུག་ཏུ་ཡོད་པར་འགྱུར་ཞེ་ན། རྒྱ་གར་སྐད་དུ། སན་དྷི་ནིར་མོ་ཙ་ན་ཞེས་བྱ་བ་ལ། སན་དྷི་ཞེས་བྱ་བ་ནི་དོན་རྣམ་པ་གསུམ་དང་ལྡན་ཏེ།

དང་པོ་ནི་རྒྱ་གར་ཡུལ་པ་དག་དངོས་པོ་གཉིས་མཚམས་སྦྱོར་བ་ལ་ཡང་སན་དྷི་ཞེས་འབོད་དོ། །གཉིས་པ་ནི་རུས་པའི་ཚིགས་འབྲེལ་པ་ལ་ཡང་སན་དྷི་ཞེས་ཟེར་རོ། །གསུམ་པ་ནི་ལམ་ཟབ་མོ་ལ་ཡང་སན་དྷི་ཞེས་ཟེར་བས། དེ་ནས་ལོ་ཙཱ་བ་རྣམས་སོ་སོ་ནས་དོན་རེ་

เล่ม ๑๑๘ · หน้า 37a

རེ་ལ་བརྟེན་ནས་བསྒྱུར་བ་ཡིན་ཏེ། མདོ་སྡེ་འདིའི་མཚན་ནི་ཡང་དག་པར་ན་དགོངས་པ་ཟབ་མོ་ཞེས་བྱ་བ་ཡིན་ནོ། །གཞན་དུ་ན་མདོ་སྡེ་འདི་ནི་དཔེ་ལས་མཚན་དུ་བཏགས་པས་ཚིགས་ཞེས་བྱ་བ་དང་། མཚམས་སྦྱོར་བ་ཞེས་ཀྱང་བྱ་སྟེ། འདི་ལྟར་དོན་

གྱི་ཚིགས་དང་། དངོས་པོ་འབྲེལ་པ་ཇི་ལྟར་རུས་པའི་ཚིགས་ཕན་ཚུན་འབྲེལ་བ་ལྟ་བུར་གྱུར་པའི་ཕྱིར་རོ། །ནིར་མོ་ཙ་ན་ཞེས་བྱ་བ་ནི་རྣམ་པར་འགྲེལ་པ་ལ་བྱ་སྟེ། རྣམ་པར་བཤད་པ་ཞེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར་སློབ་དཔོན་ཡང་དག་བདེན་པས་ཚིགས་ངེས་པར་

འགྲེལ་པའི་མདོའི་བརྗེད་བྱང་བྱས་པ་ལས། ངེས་པར་འགྲེལ་པ་ནི་རྣམ་པར་བཤད་པའོ། །ཚིགས་ནི་སྲ་བ་དང་མདུད་པ་སྟེ། དེ་ལ་སྲ་བ་ནི་བརྟན་པའོ། །མདུད་པ་ནི་འཆིང་བ་སྟེ། ཇི་ལྟར་ཤིང་དང་མིའི་རུས་པའི་ཚིགས་དག་ལས་སྲ་ཞིང་བརྟེན་པའི་དངོས་པོ་དང་། མདུད་

པའི་འཆིང་བ་དག་ཡོད་པ་བཞིན་དུ། མདོ་སྡེ་འདི་ལས་བསྟན་པའི་དགོངས་པ་ཟབ་མོ་ཡང་ཤིན་ཏུ་རྟོགས་པར་དཀའ་ཞིང་ཤིན་ཏུ་དགྲོལ་བར་དཀའ་བས་སོ་སོའི་སྐྱེ་བོ་དང་སྤྱོད་པ་དང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་ཤིང་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་དོན་འདི་སྲ་

བ་དང་མདུད་པ་ཞེས་བྱ་སྟེ། མདོ་སྡེ་འདིས་འགྲོལ་བར་མཛད་པའི་ཕྱིར་ཚིགས་ངེས་པར་འགྲེལ་པ་ཞེས་བྱའོ། །གཞན་ཡང་ཐེག་པ་ཆེན་པོའི་བསྟན་བཅོས་ཐམས་ཅད་ལས་ཤིན་ཏུ་ཕྲ་ཞིང་རྟོགས་པར་དཀའ་བའི་དོན་འབྱུང་བ་དེ་དག་མདོ་སྡེ་འདིར་བསྡུས་ནས། གསལ་བར་

རྣམ་པར་བཤད་པའི་ཕྱིར། མདོ་སྡེ་འདིས་ཚིགས་ངེས་པར་འགྲེལ་པ་ཞེས་བྱའོ་ཞེས་བཤད་དེ། རྒྱ་ཆེར་བཤད་པ་ནི་དེ་ཉིད་ལས་འབྱུང་བ་བཞིན་ནོ། །དེ་ལ་མཚམས་སྦྱོར་བ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མཚམས་སྦྱོར་བའི་དོན་སོ་སོར་འཐོར་བ་རྣམ་པར་བཤད་པའི་ཕྱིར།

མཚམས་སྦྱོར་བ་རྣམ་པར་དགྲོལ་བའི་མདོ་ཞེས་བྱ་སྟེ། ཟབ་མོ་རྣམ་པར་དགྲོལ་བ་ཞེས་བྱ་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ནི་ཚིག་གི་དོན་ཡང་དག་པར་བཤད་པ་ཞེས་བྱ་བ་ནི་མདོ་སྡེ་འདི་རྣམ་པར་བཤད་པ་ཡང་མདོར་བསྡུ་ན་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་

เล่ม ๑๑๘ · หน้า 37b

ནི་མདོ་སྡེ་འདི་ལས་ཕྱོགས་རྣམ་པ་ལྔ་ཡོད་ཏེ། དང་པོ་ནི་བསྟན་པ་འབྱུང་བའི་རྒྱུ་རྐྱེན་གྱི་ཕྱོགས་དེ། གླེང་གཞིའི་ལེའུ་དང་པོ་ཉིད་དོ། །གཉིས་པ་ནི་མཚུངས་པ་མེད་པའི་སྤྱོད་ཡུལ་གྱི་ཕྱོགས་ཏེ། དེའི་འོག་མ་ལེའུ་བཞི་པོ་དག་གོ། །གསུམ་པ་ནི་མཚུངས་པ་མེད་པའི་སྤྱོད་པའི་

ཕྱོགས་ཏེ། དེའི་འོག་མ་ལེའུ་གཉིས་པོ་དག་གོ། །བཞི་པ་ནི་མཚུངས་པ་མེད་པའི་འབྲས་བུའི་ཕྱོགས་ཏེ། ཐ་མའི་ལེའུ་གཅིག་གོ། །ལྔ་པ་ནི་བསྟན་པ་བཞིན་དུ་ཡང་དག་པར་སྤྱོད་པའི་ཕྱོགས་ཏེ། མདོ་སྡེའི་མཇུག་ཏུ་མངོན་པར་བསྟོད་དོ་ཞེས་གསུངས་པ་དག་གོ་

ཞེའོ། །ཁ་ཅིག་ནི་བསྟན་པ་འདི་གཅིག་ལ་ཕྱོགས་རྣམ་པ་གསུམ་ཡོད་དེ། དང་པོ་ནི་གླེང་གཞིའི་ཕྱོགས་ཏེ། གླེང་གཞིའི་ལེའུ་དང་པོ་ཉིད་དོ། །གཉིས་པ་ནི་ཡང་དག་པའི་གཞུང་ཉིད་ཀྱི་ཕྱོགས་ཏེ། ལེའུ་ཕྱི་མ་བདུན་པོ་དག་གོ། །གསུམ་པ་ནི་བསྟན་པ་གནས་

པའི་ཕྱོགས་ཏེ། མདོ་སྡེའི་མཇུག་ཏུ་མངོན་པར་བསྟོད་དོ་ཞེས་པ་དག་ཡིན་ནོ་ཞེའོ། །ཁ་ཅིག་ནི་མདོ་སྡེ་འདི་གཅིག་ལ་ཕྱོགས་རྣམ་པ་གཉིས་ཡོད་དེ། དང་པོ་ནི་ལེའུ་གཅིག་གིས་བསྟན་པ་འབྱུང་བའི་རྒྱུ་དང་རྐྱེན་བསྟན་པའི་ཕྱོགས་སོ། །ལེའུ་ཕྱི་མ་བདུན་ནི་འཕགས་པའི་

གསུང་རབ་ཡང་དག་པར་བཤད་པའི་ཕྱོགས་སོ། །མདོ་སྡེའི་མཇུག་ཏུ་བསྟན་པ་བཞིན་དུ་ཡང་དག་པར་སྤྱོད་པ་གསུངས་པ་ཡོད་མོད་ཀྱི་ལེའུ་རྣམས་ཀྱི་ནང་ན་བཀའ་བཞིན་དུ་ཡང་དག་པར་སྤྱོད་པ་སྨོས་པ་གཅིག་ཁོ་ནར་མ་ཟད་དེ། སྡེ་གཅིག་གི་ནང་དུ་ཀུན་ལ་ཡང་

བཀའ་བཞིན་དུ་བསྟན་ཏེ། དེའི་ཕྱིར་ཚིག་ལེའུར་བྱས་པ་ལས། དང་པོ་གསུམ་པོ་དག་གིས་སློབ་མ་བསྟན། །འོག་མ་གསུམ་ནི་སྟོན་པས་གསུངས་པར་སྒྲུབ། །མདོ་སྡེ་གསུང་རབ་དག་ནི་ཐམས་ཅད་ཀྱིས། །དངོས་པོ་དེ་དག་ཐམས་ཅད་དེ་བཞིན་ནོ། །ཞེས་འབྱུང་ངོ་། །

གསུམ་པ་སློབ་དཔོན་ཉེ་བའི་འོད་ཀྱིས་སངས་རྒྱས་ཀྱི་སའི་འགྲེལ་པ་བྱས་པ་ལས་ནི་རྣམ་པ་ལྔར་བསྡུས་ཏེ། ཐམས་ཅད་བདག་ཉིད་ཀྱིས་ཐོས་པ་དང་། མདོ་སྡེ་གསུངས་པའི་དུས། གསུངས་པའི་བདག་པོ་དང་། གསུངས་པའི་གནས་དང་། ཉན་པའི་འཁོར་བསྟན་པ་

เล่ม ๑๑๘ · หน้า 38a

ཞེས་འབྱུང་ངོ་། །དེ་ལ་དངོས་པོ་བཤད་པའི་དགོངས་པ་བསྟན་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། ཐེ་ཚོམ་རྣམ་པ་གསུམ་བཅད་པའི་ཕྱིར་དང་། སངས་རྒྱས་ཀྱི་བསྟན་པ་བརྟན་པར་བྱ་བའི་ཕྱིར་རོ། །དེ་ལ་ཐེ་ཚོམ་རྣམ་པ་གསུམ་བཅད་པ་ནི་སློབ་དཔོན་

ཡང་དག་བདེན་པས་དངོས་པོ་བདུན་གྱི་བརྗེད་བྱང་བྱས་པ་ལས་འདི་སྐད་དུ། འདུལ་བ་ཕྲ་མོ་ལས་དགེ་སློང་ཀུན་དགའ་བོ་སེང་གེའི་ཁྲི་ལ་འདུག་ནས་ཆོས་ཀྱི་སྡེ་སྣོད་འདོན་པའི་ཚེ། དེའི་ལུས་སངས་རྒྱས་ཇི་ལྟ་བ་བཞིན་དུ་མཚན་དང་དཔེ་བྱད་དང་ལྡན་པར་གྱུར་ཏོ། །སེང་གེའི་ཁྲི་

ལས་བབས་ནས་ནི་སྔ་མ་བཞིན་དུ་གྱུར་པས། འཁོར་རྣམས་མཚན་མ་དེ་མཐོང་ནས་ཐེ་ཚོམ་རྣམ་པ་གསུམ་སྐྱེས་པར་གྱུར་ཏེ། སྟོན་པ་ཆེན་པོ་སངས་རྒྱས་ཤཱཀྱ་ཐུབ་པ་ཐུགས་རྗེའི་དབང་གིས་མྱ་ངན་ལས་འདས་པ་ལས་བཞེངས་ནས་ཡང་ཆོས་ཟབ་མོ་གསུང་བ་མ་ཡིན་སྙམ་དུ་

ཐེ་ཚོམ་ཟ་བ་དང་། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་གཞན་ནས་འདིར་དེ་བཞིན་གཤེགས་པ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་དང་། ཀུན་དགའ་བོ་སངས་རྒྱས་གཅུང་ཡིན་ཏེ། གཅེན་གྱི་ཚབ་མར་འོས་པ་ཡིན་པས་ལུས་གྱུར་ནས་མངོན་པར་སངས་རྒྱས་པ་ཞིག་

མ་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟ་བ་སྟེ། ཐེ་ཚོམ་ཟ་བ་གསུམ་བཅད་པར་དགོངས་པའི་ཕྱིར་འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་ཏེ། དེས་ཀུན་དགའ་བོ་ཉིད་ཀྱིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་པ་ཡིན་གྱི། ཐུགས་རྗེ་ཆེན་པོས་མྱ་

ངན་ལས་འདས་པ་ལས་བཞེངས་པ་མ་ཡིན་པ་དང་། དེ་བཞིན་གཤེགས་པ་གཞན་འཇིག་རྟེན་གྱི་ཁམས་གཞན་ནས་གཤགས་པ་མ་ཡིན་པ་དང་། ཀུན་དགའ་བོ་ལུས་གྱུར་ཏེ་མངོན་པར་སངས་རྒྱས་ནས་བསྟན་པ་ཡང་མ་ཡིན་པར་བསྟན་ཏོ་ཞེས་འབྱུང་བ་ལྟ་བུའོ། །གང་གཞན་

ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་དུས་དང་། ཕྱོགས་དང་གང་ཟག་བསྟན་པ་ནི་སེམས་ཅན་རྣམས་ཡིད་ཆེས་པ་བསྐྱེད་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ལ་སངས་རྒྱས་ཀྱི་བསྟན་པ་བརྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་

เล่ม ๑๑๘ · หน้า 38b

པ་ལས་ཇི་སྐད་དུ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཚེ་གྲོང་ཁྱེར་རྩྭ་ཅན་ཤིང་སཱ་ལ་ཟུང་ཅིག་གི་དྲུང་དུ་དབུ་བྱང་ཕྱོགས་སུ་བསྟན་ཏེ་གཟིམས་ནས་མྱ་ངན་ལས་འདས་པར་བཞུགས་སོ། །དེའི་ཚེ་ཀུན་དགའ་བོ་གཉེན་བཤེས་ལ་སྲེད་པ་མ་སྤངས་འདོད་ཆགས་དང་མ་

བྲལ་བའི་ཕྱིར་སེམས་མྱ་ངན་གྱི་མཚོར་བྱིང་བས་རང་གིས་འབྱུང་བར་མ་ནུས་སོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ཀུན་དགའ་བོ་ལ་སྨྲས་པ། སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྣོད་འཛིན་པ་གང་ཡིན་པ་དེ་དག་ནི་སོ་སོའི་སྐྱ་བོ་བཞིན་དུ་བདག་ཉིད་མྱ་ངན་གྱི་མཚོར་བྱིང་བར་མི་

རིགས་ཏེ། འདུས་བྱས་ཀྱི་ཆོས་རྣམས་ནི་ཐམས་ཅད་ཀྱང་མི་རྟག་པ་ཡིན་ན་ཅིའི་ཕྱིར་མྱ་ངན་བྱེད། གཞན་ཡང་བཅོམ་ལྡན་འདས་ཕྱག་གི་ཆོས་རྣམས་ཁྱོད་ལ་གཏད་ན་དེང་ཁྱོད་མྱ་ངན་གྱིས་གཟིར་བས་ཡང་དག་པར་བླངས་པའི་དངོས་པོ་སྟོར་བར་གྱུར་ཏོ། །ཁྱོད་ཀྱིས་

བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་ཇི་ལྟར་རྣམ་འབྱོར་བསྒོམ་པར་བགྱི། །སྟོན་པ་ནི་གང་གིས་བགྱི། མོས་པ་ཅན་དཀའ་བློ་མི་བདེ་བ་དང་ཇི་ལྟར་གནས་པར་བགྱི། དེ་བཞིན་གཤེགས་པ་རྣམས་ཀྱི་མདོ་སྡེའི་མགོ་བོར་ཚིག་ཇི་

ལྟ་བུ་ཞིག་བཞག་པར་བགྱི་ཞེས་ཞུས་ཤིག་ཅེས་སྨྲས་པ་དང་། དེས་ཀྱང་དངོས་པོ་དེ་དག་བཅོམ་ལྡན་འདས་ལ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པར་བྱའོ། །སོ་སོར་ཐར་པའི་མདོ་ནི་སྟོན་པར་

ལྟོས་ཤིག །དགེ་སློང་མོས་པ་ཅན་ནི་ཚངས་པའི་སྨྲ་བ་ལྟ་བུས་ཆད་པས་གཅད་དོ། །དེ་བཞིན་གཤེགས་པའི་མདོ་སྡེ་རྣམས་ཀྱི་མགོར་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་གཞག་པར་བྱའོ་ཞེས་གསུངས་སོ་ཞེས་བཤད་དོ། །ཆོས་

བསྡུས་པའི་མདོ་དང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང་ཕལ་ཆེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བསྟན་པ་དང་མཐུན་པར་འབྱུང་སྟེ། མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །སྙིང་རྗེ་ཆེན་པོའི་མདོ་ལས་ནི་ཉེ་བར་འཁོར་གྱིས་ཀུན་

เล่ม ๑๑๘ · หน้า 39a

དགའ་བོ་ལ་བཅོལ་ཞེས་གསུངས་ཏེ། དེ་ལྟར་མདོ་སྡེ་དང་བསྟན་བཅོས་ལས་བཤད་པ་མི་མཐུན་པར་གྱུར་པ་ཡང་། གང་ཟག་གཉིས་ཀས་ཀྱང་བཅོལ་བས་སོ་སོ་ནས་དོན་རེ་རེ་ལ་བརྟེན་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །དངོས་པོའི་རྗེས་སུ་རྣམ་པར་ཕྱེ་

སྟེ་བཤད་པ་ཡང་དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནི་དངོས་པོ་བདུན་ལས་ཐོས་པར་བྱ་བ་དང་། ཐོས་པར་ནུས་པ་དང་། གསུང་མངོན་སུམ་དུ་མནོས་པ་ཞེས་བྱ་བའི་དངོས་པོ་གསུམ་དག་གོ། །དོན་རྣམ་པ་དྲུག་ལས་ནི་ཡིད་ཆེས་པ་དང་། ཐོས་པའི་དངོས་པོ་གཉིས་པོ་

དག་གོ། །རྣམ་པ་ལྔ་ལས་ནི་ཐམས་ཅད་བདག་ཉིད་ཀྱིས་ཐོས་པ་ཞེས་བྱའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་མོད་ཀྱི་རེ་ཞིག་སངས་རྒྱས་ཀྱི་སའི་འགྲེལ་པ་དང་སྦྱར་ན། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་རྣམ་པར་བཤད་པ་ལ་དོན་རྣམ་པ་གསུམ་ཡོད་དེ།

འདི་སྐད་བདག་གིས་ཐོས་པ་སྤྱིའི་རྣམ་པར་བཤད་པ་དང་། འདི་སྐད་བདག་གིས་ཐོས་པ་རྣམ་པར་ཕྱེ་སྟེ་བཤད་པ་དང་། དེ་དག་བཤད་པའི་དགོངས་པ་བསྟན་པའོ། །དེ་ལ་སྤྱིའི་རྣམ་པར་བཤད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་བསྟན་པ་བརྒྱུད་པ་འཕགས་པ་འཇམ་

དཔལ་དང་ཀུན་དགའ་བོ་ལ་སོགས་པ་དེ་དག་འདི་སྐད་དུ་ཟབ་མོ་ལ་སོགས་པའི་དོན་འདི་དག་སྔོན་འདི་སྐད་བདག་གིས་ཐོས་པའི་ཞེས་འབྱུང་བའོ། །རྣམ་པར་ཕྱེ་སྟེ་བཤད་པ་ཞེས་བྱ་བ་དེ་ཡང་། སྔར་ནི་འདི་སྐད་ཅེས་བྱ་བ་བཤད་ལ་ཕྱིས་ནི་བདག་གིས་ཐོས་པ་ཞེས་བྱ་བ་རྣམ་པར་

བཤད་པར་བྱ་སྟེ། དེ་ལ་འདི་སྐད་ཅེས་བྱ་བ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས། ཡུལ་འདི་པའི་སློབ་དཔོན་རྣམས་ཀྱིས་བཤད་པ་ཡང་མདོར་བསྡུ་ན་རྣམ་པ་བརྒྱད་དེ། དེ་ལ་ཁ་ཅིག་ནི་ཡིད་ཆེས་པ་དང་མཐུན་པར་བྱེད་པ་ལ་བརྟེན་ནས། རྣམ་པར་བཤད་དེ། དེ་ལ་འདི་སྐད་

ཅེས་བྱ་བ་ནི་ཡིད་ཆེས་པ་དང་རྗེས་སུ་མཐུན་པར་བྱེད་པའི་ཚིག་སྟེ་ཡང་ཡིད་ཆེས་པ་ཡོད་ན་ནི་ཚིག་དང་དོན་གྱི་རྗེས་སུ་འཇུག་པར་འགྱུར་ལ། རྗེས་སུ་འཇུག་པ་ཡོད་ན་ནི། སློབ་དཔོན་དང་སློབ་མའི་ཚུལ་གྱིས་ལམ་མངོན་པར་འགྲུབ་པར་འགྱུར་ཏེ། མདོ་སྡེ་ཡང་ཡིད་

เล่ม ๑๑๘ · หน้า 39b

ཆེས་པ་མ་ཡིན་ན། བརྒྱུད་པར་མི་བྱེད་པའི་ཕྱིར་འདི་སྐད་ཅེས་བྱ་བ་ཚིག་རྣམ་པར་གཞག་པ་ཡིན་ནོ་ཞེའོ། །ཁ་ཅིག་ནི་ཡི་གེ་དང་དོན་ལ་བརྟེན་ནས་བཤད་དེ། དེ་ལ་ཡི་གེ་ནི་འདི་ཞེས་བྱ་བར་འགྱུར་ལ། དོན་ནི་འདི་བཞིན་ཞེས་བྱ་བར་འགྱུར་ཏེ། འདི་ལྟར་ཡི་གེ་ནི་ལེགས་པ་

བརྗོད་པས་འདི་ཞེས་བྱ་བར་འགྱུར་ལ་དོན་ནི་སྐྱོན་མེད་པས་བཞིན་ཞེས་བྱ་བར་འགྱུར་རོ་ཞེའོ། །ཁ་ཅིག་ནི་དོན་དམ་པ་དང་ཀུན་རྫོབ་ལ་བརྟེན་ནས་བཤད་དེ། དོན་དམ་པ་ཀུན་རྫོབ་དང་མི་མཐུན་པ་མེད་པས་འདི་ཞེས་བརྗོད་ལ། ཀུན་རྫོབ་དོན་དམ་པ་དང་རྗེས་སུ་མཐུན་པའི་ཕྱིར་

ནི་བཞིན་ཞེས་བརྗོད་དོ་ཞེའོ། །ཁ་ཅིག་ནི་སློབ་མ་ལ་བརྟེན་ནས་བཤད་དེ། འཕགས་པ་ཀུན་དགའ་བོ་ལ་སོགས་པས་བཤད་པ་དེ་དག་སངས་རྒྱས་ཀྱི་གསུང་ཇི་ལྟ་བ་བཞིན་པའི་ཕྱིར་ནི་འདི་ཞེས་པ་ལ་འདྲ་བའི་དེ་བཞིན་ཉིད་ལས་རྣམ་པར་དབྱེ་བའི་ཕྱིར་ནི་དེ་བཞིན་ཞེས་བརྗོད་དོ་

ཞེའོ། །ཁ་ཅིག་ནི་དེ་བཞིན་གཤེགས་པ་ལ་བརྟེན་ནས་བཤད་དེ། འཕགས་པ་ཀུན་དགའ་བོ་ལ་སོགས་པ་སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་ཟློས་པ་དེ་དག་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་དང་ཐ་དད་པ་མེད་པའི་ཕྱིར་འདི་ཞེས་བསྟན་ལ།

དེ་བཞིན་གཤེགས་པ་རྣམས་ཇི་ལྟ་བ་དེ་བཞིན་དུ་བཤད་པས་ཡང་དག་པ་ཡིན་ཏེ། ལོག་པ་མ་ཡིན་པའི་ཕྱིར་ཚིག་ཕྱི་མ་ལས་བཞིན་ཞེས་བྱ་བ་གསུངས་སོ་ཞེའོ། །ཁ་ཅིག་ནི་སྟོན་པ་དང་སློབ་མ་ལ་བརྟེན་ནས་བཤད་དེ། དེ་ལ་འདི་སྐད་ཅེས་བྱ་བ་ནི་སྐལ་བ་དང་ལྡན་པ་དང་རྗེས་

སུ་མཐུན་པའི་ཚིག་ཡིན་ཏེ། འདི་ཞེས་བྱ་བ་དབང་པོའི་རྗེས་སུ་མཐུན་པས་མི་བླང་བ་ཡིན་ལ། བཞིན་ཞེས་བྱ་བ་ནི་སྐྱོན་མེད་པའི་ཕྱིར་མིང་དུ་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་སེམས་ཅན་སྐྱོན་མེད་པས་ནི་སྐལ་བ་དང་ལྡན་ལ། དེ་བཞིན་གཤེགས་པ་ནི་མོས་པ་ཇི་ལྟ་བ་བཞིན་དུ་མཛད་

པས་རྗེས་སུ་མཐུན་པར་གྱུར་པ་ཡིན་ཏེ། བརྒྱུད་པ་དང་ཉན་པ་པོའི་མིང་ལ་སྐལ་བ་དང་ལྡན་པ་དང་རྗེས་སུ་མཐུན་པ་ཞེས་བྱ་བ་འབྱུང་བའི་ཕྱིར་འདི་སྐད་ཅེས་བྱ་བའི་ཚིག་གསུངས་སོ་ཞེའོ། །ཁ་ཅིག་ན་རེ་འདི་སྐད་ཅེས་བྱ་བ་ནི་མདོ་སྡེ་འདི་གཅིག་བདག་གིས་སྟོན་པ་ལས་མངོན་

เล่ม ๑๑๘ · หน้า 40a

སུམ་དུ་ཐོས་པས་དེས་ན་འདི་སྐད་བདག་གིས་ཐོས་པ་ཞེས་གསུངས་སོ་ཞེའོ། །ཁ་ཅིག་ན་རེ་འདི་སྐད་ཅེས་བྱ་བ་ནི་གསུང་འདི་ལྟ་བུ་འདི་ནི་དེ་བཞིན་གཤེགས་པས་གསུངས་སོ་ཞེས་བསྟན་པའི་ཕྱིར་འདི་སྐད་ཅེས་བྱ་བ་གསུངས་སོ་ཞེའོ། །རྒྱ་གར་

ཡུལ་པའི་སློབ་དཔོན་རྣམས་ཀྱིས་བཤད་པ་ཡང་མདོར་བསྡུ་ན་རྣམ་པ་གསུམ་ཡོད་དེ། དང་པོ་ནི་སློབ་དཔོན་བོ་དེ་ལེའུ་ཅིས་སློབ་དཔོན་རྡོ་རྗེ་དྲང་སྲོང་གིས་བྱས་པ་རྡོ་རྗེ་གཅོད་པའི་འགྲེལ་པའི་བརྗེད་བྱང་བྱས་པ་ལས། ཀུན་རྫོབ་ཀྱི་དབང་དུ་བྱས་ཏེ་བརྗོད་ན་རྣམ་པ་

མང་དུ་ཡོད་མོད་ཀྱི། འདིར་བསྡུ་ན་རྣམ་པ་བཞི་ཡོད་དོ། །སེམས་བསྐྱེད་པ་དེ་བཞིན་པ་དང་། གཞན་ལ་གདམས་པ་དང་། དཔེ་དང་རྣམ་པར་ངེས་པའོ། །དེ་ལ་སེམས་བསྐྱེད་པ་དེ་བཞིན་པ་ནི་བདག་ཉིད་འདི་སྙམ་དུ་བདག་གིས་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ལ།

དགེ་བ་རྣམས་སྤྱད་པར་བྱའོ་ཞེས་བྱ་བ་ལྟ་བུའོ། །གཞན་ལ་གདམས་པ་དེ་བཞིན་པ་ནི་གཞན་དག་ལ་འདི་སྙམ་དུ་ཁྱོད་ཀྱི་འདི་བཞིན་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ལེགས་པའི་སྤྱོད་པ་རྣམ་པར་སྤྱོད་པར་བྱའོ། །ཞེས་འདོམས་པར་བྱེད་པ་ལྟ་བུའོ། །དཔེ་དེ་བཞིན་པ་ནི་གང་

ཟག་འདི་གཟི་བྱིན་ཤིན་ཏུ་རྒྱས་པ་ནི་ཉི་མའི་འོད་བཞིན་ནོ། །ཤེས་རབ་ཟབ་ཅིང་ཡངས་པ་ནི་རྒྱ་མཚོ་བཞིན་ནོ། །བྱད་བཞིན་སྡུག་པ་ནི་ཟླ་བ་ཉ་བ་བཞིན་ནོ་ཞེས་ཟེར་བ་ལྟ་བུའོ། །རྣམ་པར་ངེས་པ་དེ་བཞིན་པ་ནི་བདག་གིས་འདི་བཞིན་དུ་མཐོང་ངོ་ཐོས་སོ་ཞེས་བྱ་བ་ལ་སོགས་

པ་ལྟ་བུའོ། །འདིར་འདི་སྐད་ཅེས་བྱ་བ་ནི་བཞི་པ་དང་སྦྱར་ཏེ། རྣམ་པར་ངེས་པ་དེ་བཞིན་པ་འདིས་ནི་རབ་འབྱོར་གྱིས་དེ་བཞིན་གཤེགས་པ་ལས་བསྟན་པའི་ཚུལ་ཐོས་པ་དང་། བདག་གིས་འདིར་བཤད་པ་འདི་ལས་མང་ཉུང་དང་ནོར་པ་མེད་དེ། ངེས་པར་དེ་ཁོ་ན་

བཞིན་དུ་བཤད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་སྐད་ཅེས་བྱ་བ་གསུངས་སོ་ཞེས་འབྱུང་ངོ་། །གཉིས་པ་ནི་སློབ་དཔོན་སྡེ་སྣོད་གསུམ་པ་རྣ་རིངས་ཀྱིས་དོན་རྣམ་པ་གསུམ་དུ་བཤད་དེ། དང་པོ་ནི་སངས་རྒྱས་ཀྱི་དབང་དུ་བྱས་ནས། དུས་གསུམ་གྱི་སངས་རྒྱས་རྣམས་

เล่ม ๑๑๘ · หน้า 40b

ཀྱི་གསུང་ལ་ཐ་དད་པ་མེད་པའི་ཕྱིར་ནི་འདི་ཞེས་གསུངས་ལ། དེ་ལྟར་གསུངས་པ་མཚུངས་པའི་ཕྱིར་ནི་བཞིན་ཞེས་གསུངས་པ་ཡིན་ནོ་ཞེས་བཤད་དོ། །གཉིས་པ་ནི་ཆོས་ཀྱི་དབང་དུ་བྱས་ནས། ཆོས་རྣམས་ཀྱི་ཡང་དག་པའི་ངོ་བོ་ཉིད་ཀྱི་ཕྱིར་ནི་འདི་ཞེས་གསུངས་ལ། དེ་

བཞིན་ཉིད་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར་ནི་བཞིན་ཞེས་གསུངས་སོ་ཞེས་བཤད་དོ། །གསུམ་པ་ནི་དགེ་འདུན་གྱི་དབང་དུ་བྱས་ནས་འཕགས་པ་ཀུན་དགའ་བོས་བཤད་དེ། སངས་རྒྱས་ཀྱིས་གསུངས་པ་དང་ཐ་དད་པ་མེད་པའི་ཕྱིར་ནི་འདི་ཞེས་གསུངས་ལ། སྐྱོན་རྣམས་

དང་གཏན་དུ་བྲལ་བའི་ཕྱིར་ནི་བཞིན་ཞེས་གསུངས་སོ་ཞེས་བཤད་དོ། །གསུམ་པ་ནི་སློབ་དཔོན་ཡང་དག་བདེན་པས་འདི་སྐད་ཅེས་བྱ་བ་ནི་རྣམ་པར་ངེས་པའི་དོན་ཡིན་ཏེ། དེ་ཡང་རྣམ་པ་གཉིས་སོ། །འདི་ལྟ་སྟེ་ཚིག་འབྲུ་དང་དོན་ཏོ། །དེ་ལ་ཚིག་འབྲུ་ནི་བརྗོད་པར་བྱ་སྟེ།

འཕགས་པ་ཀུན་དགའ་བོས་བརྗོད་པའི་ཚིག་འབྲུ་དང་། དོན་རྣམ་པར་ངེས་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཇི་ལྟ་བ་བཞིན་པའི་ཕྱིར་འདི་སྐད་ཅེས་བྱ་བ་གསུངས་སོ་ཞེས་བཤད་དོ། །གཞན་ཡང་མངོན་སུམ་དུ་ཐོས་པ་ལ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་ལ། བརྒྱུད་དེ་

ཐོས་པ་ལ་ནི་འདི་སྐད་ཐོས་པ་ཞེས་བྱའོ། །གཞན་ཡང་སྡེ་པ་རྣམས་ཀྱི་བརྗེད་བྱང་ལས། མངོན་སུམ་དུ་ཐོས་པ་ལ་ནི་བདག་གིས་ཐོས་པ་ཞེས་བརྗོད་ལ། ཐོས་པ་གཏམས་པ་ལ་ནི་འདི་སྐད་ཐོས་པ་ཞེས་བརྗོད་དོ་ཞེའོ། །བསྟན་བཅོས་རྣམས་ལས་ཀྱང་རྣམ་པ་གསུམ་དུ་བཤད་

དེ། དང་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་འདི་སྐད་ཅེས་བྱ་བའི་དོན་ནི་ཡིད་ཆེས་པར་བྱེད་པ་ཡིན་ཏེ། འདི་ལྟར་སངས་རྒྱས་ཀྱི་ཆོས་ཀྱི་རྒྱ་མཚོ་ཆེན་པོར་ཡིད་ཆེས་པས་འཇུག་པར་ནུས་པས། གང་ཡིད་ཆེས་ཤིང་རྗེས་སུ་འབྲང་བ་དག་ནི་དངོས་པོ་འདི་དེ་བཞིན་

ནོ་ཞེས་ཟེར་ལ་གང་ཡིད་མ་ཆེས་པ་དེ་དག་ནི་དངོས་པོ་འདི་དེ་ལྟ་བུ་མ་ཡིན་ནོ་ཟེར་རོ་ཞེས་བཤད་དེ། རྒྱ་ཆེར་ནི་དེ་ཉིད་ལས་བྱུང་བ་བཞིན་ནོ། །གཉིས་པ་ནི་སློབ་དཔོན་ཡོན་ཏན་བྱིན་གྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་བྱས་པ་ལས། དེ་ལ་

เล่ม ๑๑๘ · หน้า 41a

འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནི་མདོ་སྡེ་འདི་བཅོམ་ལྡན་འདས་བློ་མངོན་སུམ་དུ་གྱུར་པས་གསུངས་པ་ཡིན་གྱིས། བདག་ཉིད་ཀྱིས་བྱས་པ་ནི་མ་ཡིན་པར་སྟོན་ཏོ་ཞེས་འབྱུང་ངོ་། །གསུམ་པ་ནི་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་

རྣམ་པ་བཞིར་བཤད་དེ། དེ་ལས་འདི་སྐད་ཅེས་བྱ་བ་ནི་དོན་རྣམ་པ་བཞིའི་རྗེས་སུ་འཇུག་པས་དེ་ལ་དཔེ་ནི་འདི་ལྟ་སྟེ། ད་ལྟར་བཤད་པའི་ཚིག་འབྲུ་འདི་དག་གིས་བདག་གིས་སྔོན་ཐོས་པ་བཞིན་ནོ་ཞེས་བྱ་བའོ། །ལུང་འབོགས་པ་ནི་འདི་ལྟ་སྟེ། འཁོར་རྣམས་ལ་འདི་

བཞིན་དུ་བདག་གིས་སྔོན་ཐོས་པ་རྣམས་ཉོན་ཅིག་ཅེས་བྱ་བ་ལྟ་བུའོ། །དྲིས་པ་རྣམ་པར་ངེས་པ་ནི་འདི་ལྟ་སྟེ། ཁ་ཅིག་འདི་སྐད་དུ་ཁྱོད་ཀྱིས་དེ་ལྟར་བཤད་པའི་དོན་འདི་ངེས་པར་སྔོན་ཐོས་པ་ཡིན་ནམ་ཞེས་དྲིས་ན། དེའི་ཕྱིར་ལན་དུ་འདི་བཞིན་དུ་བདག་གིས་ཐོས་སོ་ཞེས་

བྱ་བ་ལྟ་བུའོ། །ཚིག་གི་ལན་ནི་འདི་ལྟ་སྟེ། ཡང་དག་པར་སྡུད་པའི་ཚེ། བྱང་ཆུབ་སེམས་དཔའི་འཁོར་རྣམས་ཀྱིས་ཁྱོད་ཀྱིས་ཇི་ལྟར་ཐོས་པ་བཞིན་དུ། དེ་བཞིན་དུ་བཤད་པར་གསོལ་ཞེས་གསོལ་བ་བཏབ་པ་དང་། བྱང་ཆུབ་སེམས་དཔའ་ཆོས་བརྒྱུད་པས་དེ་དག་

ལ་གནང་བའི་ཚིག་ཏུ་དེ་བཞིན་དུ་བཤད་པར་བྱ་སྟེ། ཇི་ལྟར་བདག་གིས་ཐོས་པ་བཞིན་ནོ་ཞེས་བྱ་བའོ། །དོན་རྣམ་པ་འདི་བཞི་ལ་སློབ་དཔོན་གསུམ་གྱིས་འདི་སྐད་དུ་བཤད་དེ། ཁ་ཅིག་ནི་རྣམ་པ་བཞི་ལས་ཐ་མ་དང་སྦྱར་རོ་ཞེའོ། །ཁ་ཅིག་ནི་རྣམ་པ་གཉིས་དང་སྦྱར་རོ་

ཞེའོ། །ཁ་ཅིག་ནི་དོན་བཞི་ཆར་དང་སྦྱར་ཏེ་བཤད་པར་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །དེ་ལ་བདག་གིས་ཐོས་པ་རྣམ་པར་ཕྱེ་སྟེ་བཤད་པ་ཡང་ཆོས་བརྒྱུད་པའི་བྱང་ཆུབ་སེམས་དཔའ་དང་ཀུན་དགའ་བོ་ལ་སོགས་པ་ཕུང་པོ་ལྔའི་ལུས་ལ་བཏགས་

པ་ཙམ་དུ་བདག་ཅེས་རྣམ་པར་གཞག་སྟེ། རྣ་བའི་དབང་པོས་རྣམ་པར་ཤེས་པ་བསྐྱེད་ནས། བཤད་པ་ཉན་པའི་ཕྱིར་བདག་གིས་ཐོས་པ་ཞེས་བརྗོད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བདག་ཅེས་བྱ་བ་ནི་འདི་ལྟ་སྟེ། ཕུང་པོ་རྣམས་ལ་ཀུན་རྫོབ་ཏུ་བཏགས་

เล่ม ๑๑๘ · หน้า 41b

པའོ། །ཐོས་པ་ནི་འདི་ལྟ་སྟེ་རྣ་བའི་དབང་པོས་རྣམ་པར་ཤེས་པ་བསྐྱེད་ནས་ཉན་པར་བྱེད་པའོ། །གཞན་སྤངས་པས་སྤྱིའི་དབང་དུ་མཛད་པའི་ཕྱིར་བདག་གིས་ཐོས་པ་ཞེས་གསུངས་སོ་ཞེས་འབྱུང་ངོ་། །སངས་རྒྱས་ཀྱི་ཆོས་ལ་གང་ཟག་མེད་དོ། །བདག་མེད་དོ་ཞེས་

གསུངས་ན་ཅིའི་ཕྱིར་མདོ་སྡེ་ཀུན་ལས་བདག་གིས་ཐོས་པ་ཞེས་གསུངས། དོན་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་གིས་ནི་གྲུབ་པའི་མཐའ་རྣམ་པ་བཞི་ལ་བརྟེན་ནས་བདག་གིས་ཐོས་པ་ཞེས་བྱ་བ་རྣམ་པར་བཤད་དེ། གྲུབ་པའི་མཐའ་

རྣམ་པ་བཞིའི་དོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཇི་སྐད་དུ། དང་པོ་ནི་འཇིག་རྟེན་པའི་གྲུབ་པའི་མཐའ་སྟེ། ཇི་ལྟར་ཕུང་པོ་རྣམས་ཀྱི་གང་ཟག་མངོན་པར་འགྲུབ་པར་བྱེད་པ་དེ་བཞིན་དུ་བདག་གིས་ཐོས་པ་ཞེས་བྱ་བ་ཡང་འཇིག་རྟེན་པའི་ཕྱིར་ནི་ཡོད་པའོ། །

དོན་དམ་པའི་ཕྱིར་ནི་མེད་པའོ་ཞེས་བཤད་པ་དག་གོ། །གཉིས་པ་ནི་གང་ཟག་སོ་སོའི་གྲུབ་པའི་མཐའ་སྟེ། གང་ཟག་གི་སེམས་ཀྱི་སྤྱོད་པ་སོ་སོར་བརྟགས་ནས། ཆོས་བཤད་པའི་ཚེ་དངོས་པོ་གཅིག་ལ་ཁ་ཅིག་ནི་ཉན་པར་བྱེད། ཁ་ཅིག་ནི་ཉན་པར་མི་བྱེད་པས་ཆད་པར་

ལྟ་བ་དག་གི་ཕྱིར་ནི་མཚམས་སྦྱོར་བའི་སེམས་ཅན་ཡོད་དོ་ཞེས་བཤད་ལ། རྟག་པར་ལྟ་བ་དག་གི་ཕྱིར་ནི་གང་ཟག་མེད་དོ་ཞེས་བཤད་པ་དག་གོ། །གསུམ་པ་ནི་གཉེན་པོ་གྲུབ་པའི་མཐའ་སྟེ། ཇི་ལྟར་མི་གཙང་བར་བསྒོམ་པ་འདོད་ཆགས་སྤྱོད་པ་དག་གིས་ནི་གཉེན་པོར་

གྱུར་པ་ལ། ཞེ་སྡང་སྤྱོད་པ་དག་ལ་ནི་མ་ཡིན་པ་ལྟ་བུའོ། །བཞི་པ་ནི་དོན་དམ་པའི་གྲུབ་པའི་མཐའ་སྟེ། འདི་ལྟར་ཆོས་རྣམས་ཀྱི་དེ་ཁོ་ནའི་མཚན་ཉིད་ནི་ཚིག་གི་ལམ་ཆད་པ། སེམས་ཀྱི་སྤྱོད་ཡུལ་འགགས་པའོ་ཞེས་བཤད་དོ། །ཚིགས་སུ་བཅད་པ་ལས་ཀྱང་། ཐམས་

ཅད་ཡང་དག་ཉིད་ཡིན་ཏེ། །ཡང་དག་ཉིད་ཀྱང་ཡང་དག་མིན། །ཐམས་ཅད་ཡང་དག་མ་ཡིན་པའང་མིན། །དེ་ནི་ཆོས་རྣམས་ཡང་དག་མཚན་ཉིད་དོ། །ཞེས་འབྱུང་ངོ་། །ཡང་བསྟན་བཅོས་དེ་ཉིད་ལས་གཞན་ཡང་འཇིག་རྟེན་གྱི་ཐ་སྙད་ནི་གསུམ་ཡོད་དེ། འདི་ལྟ་སྟེ་ལོག་

เล่ม ๑๑๘ · หน้า 42a

པ་དང་ང་རྒྱལ་དང་མིང་ངོ་། །གཉིས་པའི་དབང་དུ་བྱས་པའི་ཕྱིར་བདག་ཅེས་བྱའོ་ཞེས་འབྱུང་སྟེ། འདི་ནི་རྣལ་འབྱོར་སྤྱོད་པའི་ས་ལས་བཏགས་པ་ཙམ་དུ་བདག་ཅེས་བཤད་དོ་ཞེས་བསྟན་པ་ཉིད་དོ། །དབུ་མའི་བསྟན་བཅོས་ལས། དེ་ཁོ་ནའི་

མཚན་ཉིད་ཀྱི་སྒོ་ནས་བདག་ཀྱང་མ་ཡིན། བདག་མེད་པ་ཡང་མ་ཡིན་ནོ་ཞེས་བསྟན་ནམ་ཞེ་ན། ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བདག་མེད་དོ་ཞེས་བཤད་ལ། འགལ་བ་མེད་དེ་འཇིག་རྟེན་པའི་གྲུབ་པའི་དབང་དུ་བྱས་ན་ནི་བདག་ཅེས་བཤད་ལ།

དོན་དམ་པའི་དབང་དུ་བྱས་ན་ནི་བདག་མེད་ཅེས་བཤད་དོ། །གང་ཟག་སོ་སོའི་དབང་དུ་བྱས་ན་ནི་བདག་ཡོད་པའམ། ཡང་ན་བདག་མེད་པ་ཞེས་བཤད་དེ། འཛིན་པ་གཉི་ག་ཅིག་ཅར་ཡོངས་སུ་བསལ་བའི་ཕྱིར་བདག་ཀྱང་མ་ཡིན་བདག་མེད་པ་ཡང་མ་ཡིན་ནོ་ཞེས་ཀྱང་བསྟན་ཏེ།

དེའི་ཕྱིར་བསྟན་བཅོས་དབུ་མའི་ཚིག་ལེའུར་བྱས་པ་ལས། སངས་རྒྱས་རྣམས་ཀྱིས་རེས་འགའ་བདག །རེས་འགའ་བདག་མེད་པར་ཡང་གསུངས། །ཆོས་རྣམས་ཡང་དག་མཚན་ཉིད་ལ། །བདག་མེད་བདག་མེད་པའང་མིན། །ཞེས་འབྱུང་སྟེ། གལ་ཏེ་ཕྱོགས་གཅིག་ཏུ་

བདག་ཏུ་འཛིན་པ་ལ་ལྟོས་ན་ནི། བདག་མེད་པར་བཤད་པ་སྟེ། དེ་ཁོ་ནའི་མཚན་ཉིད་ཡིན་ལ། གལ་ཏེ་འཛིན་པ་ཅིག་ཅར་ཡོངས་སུ་བསལ་ན་ནི་བདག་ཀྱང་མ་ཡིན་བདག་མེད་པ་ཡང་མ་ཡིན་པར་བསྟན་པ་སྟེ། དེ་ཁོ་ནའི་མཚན་ཉིད་ཡིན་ཏེ། སོ་སོ་ནས་དོན་རེ་རེའི་དབང་དུ་བྱེད་པས་

འགལ་བ་མེད་དོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་སྦྱར་ནས། ཡང་དག་པའི་བདག་ཉིད་ནི་དེ་ཁོ་ནའི་མཚན་ཉིད་དོ་ཞེས་གསུངས་སོ། །འཕགས་པ་བྱམས་པའི་གཞུང་དང་སྦྱར་ན་དོན་རྣམ་པ་བཞིའི་ཕྱིར་ཕུང་པོ་རྣམས་ལ་བཏགས་པ་ཙམ་དུ་བདག་ཅེས་བརྗོད་པ་ཡིན་ནོ་ཞེས་

འབྱུང་སྟེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་རྒྱུ་རྣམ་པ་བཞིའི་ཕྱིར་འདུ་བྱེད་རྣམས་ལ་སེམས་ཅན་དོགས་པར་རིག་པར་བྱ་སྟེ། ཐ་སྙད་ལ་བདེ་བར་བྱ་བ་དང་། འཇིག་རྟེན་པ་དང་མཐུན་པར་བྱ་བ་དང་། སེམས་ཅན་གྱི་དངོས་

เล่ม ๑๑๘ · หน้า 42b

པོ་རྣམ་པ་ཐམས་ཅད་ཀྱིས་མེད་དོ་སྙམ་པའི་སྐྲག་པ་བསལ་བ་དང་། བདག་དང་ཕ་རོལ་ལ་ཐ་སྙད་ཀྱིས་ཡོན་ཏན་དང་ལྡན་པ་དང་། སྐྱོན་དང་ལྡན་པར་ཡིད་ཆེས་པ་བསྐྱེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་དང་། ཆོས་མངོན་པ་ལས་ཀྱང་འདི་དང་མཐུན་

པར་བཤད་དེ། དེ་ལ་ཐོས་པ་ཞེས་བྱ་བ་ནི་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་རྣ་བས་ཐོས་པ་ཡིན་གྱིས། རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །སློབ་དཔོན་ཆོས་སྐྱོང་གིས་རྣམ་པར་ཤེས་པས་ཐོས་ཀྱིས། རྣ་བས་ནི་མ་

ཡིན་ནོ་ཞེས་ཟེར་ཏེ། བྱེ་བྲག་ཏུ་བཤད་པ་ཆེན་པོ་བམ་པོ་བཅུ་གསུམ་པ་ལས་བཤད་པ་བཞིན་ནོ། །མདོ་སྡེའི་གཞུང་གིས་ཀྱང་། རྣམ་པར་ཤེས་པས་ཐོས་ཀྱིས་རྣ་བས་ནི་མ་ཡིན་ནོ་ཞེས་ཟེར་ཏེ། བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་བཤད་པ་བཞིན་ནོ། །སློབ་དཔོན་

དཔེ་ཅན་གྱིས་འདུས་པ་ལས་ཐོས་སོ་ཞེས་ཟེར་ཏེ། བྱེ་བྲག་ཏུ་བཤད་པ་ཆེན་པོ་བམ་པོ་བཅུ་གསུམ་པ་ལས་བཤད་པ་བཞིན་ནོ། །འདིར་ཐེག་པ་ཆེན་པོ་དག་གིས་བཤད་པ་དང་སྦྱར་ན་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱིས་བཤད་པ་ཡང་རྣམ་པ་གཉིས་ཡོད་དེ། དང་པོ་ནི་རྣ་བས་

ཐོས་ཀྱིས། རྣམ་པར་ཤེས་པས་ནི་མ་ཡིན་ནོ་ཞེས་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཇི་སྐད་དུ་ལྷའི་མིག་གིས་སངས་རྒྱས་མཐོང་ངོ་། །ལྷའི་རྣ་བས་ཆོས་ཐོས་སོ་ཞེས་བསྟན་པ་ལྟ་བུའོ། །གཉིས་པ་ནི་འདུས་པ་ལས་ཐོས་སོ་ཞེས་བཤད་དེ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཇི་སྐད་དུ་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་འདུས་པ་ནི་ཡང་དག་པ་ཡིན་ཏེ། ཐོས་པ་ཡང་དག་པའི་དོན་དུ་རྣམ་པར་བཤད་པ་ལས་འདུས་པ་ལས་ཐོས་སོ་ཞེས་བཤད་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུའོ། །འཕགས་པ་བྱམས་

པའི་གཞུང་དང་སྦྱར་ན་བཤད་པ་གསུམ་ཡོད་དེ། ཁ་ཅིག་ལས་ནི་རྣ་བས་ཐོས་ཀྱིས་རྣམ་པར་ཤེས་པས་ནི་མ་ཡིན་ནོ་ཞེས་བཤད་དེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། རྣ་བའི་ཁམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་སྒྲ་ཐོས་པའོ་ཞེས་འབྱུང་བ་དང་།

เล่ม ๑๑๘ · หน้า 43a

རྣལ་འབྱོར་སྤྱོད་པའི་ས་ལས་འདི་ལ་གྲག་པ་རྣམས་དམིགས་ཤིང་། འདི་ལ་གྲག་པ་རྣམས་དམིགས་པས་ན་རྣ་བའོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ལས་ནི་རྣམ་པར་ཤེས་པས་ཐོས་ཀྱིས་རྣ་བས་ནི་མ་ཡིན་ནོ་ཞེས་བཤད་དེ། རྣལ་འབྱོར་སྤྱོད་པའི་

ས་ལས་ཇི་སྐད་དུ་ཐོས་པ་ནི་འདི་ལྟ་སྟེ། མཉན་ནས་ཐོས་པའོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ནི་རྣ་བའི་དབང་པོས་རྣ་བའི་རྣམ་པར་ཤེས་པ་བསྐྱེད་ནས་ཚིག་གིས་བསྟན་པ་ཐོས་པའི་ཕྱིར་རོ། །གཞན་ཡང་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཐོས་པ་ནི་འདི་ལྟ་སྟེ། རྣ་བའི་

དབང་པོས་རྣམ་པར་ཤེས་པ་བསྐྱེད་ནས་ཉན་པར་བྱེད་པའོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣམ་པ་གཉིས་ལས་རྣ་བས་ཐོས་ཀྱིས། རྣམ་པར་ཤེས་པས་ནི་མ་ཡིན་ནོ་ཞེས་བསྟན་པ་ཡང་རྣམ་པར་ཤེས་པ་བསྐྱེད་པའི་རྣ་བའི་དབང་པོ་ཐོབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཁ་ཅིག་

ལས་ནི་འདུས་པ་ལས་ནུས་པར་ཐོས་སོ་ཞེས་བཤད་དོ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ་མིག་གིས་གཟུགས་མཐོང་ངམ། འོན་ཏེ་རྣམ་པར་ཤེས་པ་ལ་སོགས་པ་ཡིན་ན། མིག་གིས་གཟུགས་མཐོང་བ་ཡང་མ་ཡིན། རྣམ་པར་ཤེས་པ་ལ་

སོགས་པས་ཀྱང་མ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ལ་བྱེད་པ་མེད་པའི་ཕྱིར་རོ། །འདུས་པ་ཡོད་པའི་དབང་གིས་བཏགས་པ་ཡོད་པ་ཙམ་དུ་མཐོང་བ་ཞེས་འདོགས་པར་ཟད་དེ། རྣ་བ་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་ནི་དེ་ཉིད་ལས་

བཤད་པ་བཞིན་ནོ། །དེ་ལྟར་བསྟན་བཅོས་རྣམས་ལས་ཐ་དད་པར་གྱུར་པ་ཡང་སྒྲ་ཉན་པ་དང་རྟེན་ཁྱད་པར་ཅན་དུ་གྱུར་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་ལས་རྣ་བས་ཐོས་སོ་ཞེས་བཤད་ལ། དོན་རྣམ་པར་འབྱེད་པའི་དབང་དུ་བྱས་པའི་ཕྱིར་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་

ལ་སོགས་པ་ལས་རྣམ་པར་ཤེས་པས་ཐོས་སོ་ཞེས་བཤད་དོ། །ཆོས་རྣམས་ལ་ཡང་དག་པར་བྱེད་པ་མེད་པའི་ཕྱིར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཐོས་སོ་ཞེས་བཤད་དེ། སོ་སོ་ནས་དོན་རེ་རེའི་

เล่ม ๑๑๘ · หน้า 43b

དབང་དུ་བྱས་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །རྣམ་པར་རིག་པ་ཙམ་གྱིས་རིགས་པས་ཐོས་པ་བྱ་བ་རྣམ་པར་འབྱེད་པ་ཡང་། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་སློབ་དཔོན་གཉིས་ཀྱིས་བཤད་པའི་དོན་འབྱུང་སྟེ། དེ་ལ་དང་པོས་ནི་འདི་སྐད་དུ་དེ་བཞིན་གཤེགས་

པའི་ཐུགས་རྗེ་དང་། སྔོན་གྱི་སྨོན་ལམ་དང་། རྐྱེན་གྱི་མཐུ་ཅན་གྱི་དབང་གིས་ཉན་པ་པོའི་རྣམ་པར་རིག་པ་ལ་ཡི་གེ་དང་དོན་གྱི་རྣམ་པར་སྐྱེ་སྟེ། ཡི་གེ་དང་དོན་གྱི་རྣམ་པ་དེ་ཡང་རང་གི་དགེ་བའི་རྩ་བའི་མཐུ་ལས་མངོན་དུ་བྱུང་བ་ཡིན་ཡང་། རྐྱེན་མཐུ་ཅན་གྱི་དབང་

དུ་མཛད་ནས་སངས་རྒྱས་ཀྱིས་གསུངས་སོ་ཞེས་བཤད་ལ། རྣ་བའི་དབང་པོ་དང་རང་གི་སེམས་གྱུར་པ་ལས་སྣང་བའི་ཕྱིར་ན་བདག་གིས་ཐོས་པ་ཞེས་བཤད་དོ་ཞེའོ། །གཉིས་པ་ནི་འདི་སྐད་དུ་ཉན་པ་པོའི་དགེ་བའི་རྩ་བ་དང་། སྨོན་ལམ་ཆེན་པོ་དང་། རྐྱེན་མཐུ་ཅན་གྱི་དབང་

གིས་དེ་བཞིན་གཤེགས་པའི་རྣམ་པར་རིག་པ་ལ། ཡི་གེ་དང་དོན་གྱི་རྣམ་པ་སྐྱེ་སྟེ། ཡི་གེ་དང་དོན་གྱི་རྣམ་པ་དེ་ཡང་དེ་བཞིན་གཤེགས་པས་གཞན་ལ་ཕན་བཏགས་པའི་དགེ་བའི་རྩ་བ་ལས་བྱུང་བས། སངས་རྒྱས་ཀྱིས་གསུངས་པ་ཞེས་པ་བསྟན་ལ། ཉན་པ་པོའི་རྣམ་པར་རིག་

པའི་སེམས་ཀྱིས་བླངས་ནས་ཐོབ་པ་མ་ཡིན་མོད་ཀྱི། རྣམ་པ་དེ་དང་འདྲ་བར་གསལ་བར་གནང་བའི་དབང་དུ་མཛད་ནས། བདག་གིས་ཐོས་པ་ཞེས་གསུངས་སོ་ཞེའོ། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས་སློབ་དཔོན་གཉིས་ཀྱིས་བཤད་པ་དེ་ཡང་། དང་པོ་ནི་

སློབ་དཔོན་ཀླུའི་སྡེ་སངས་རྒྱས་ཀྱི་སའི་གནས་སྐབས་སུ་གཟུགས་དང་སྒྲ་ལ་སོགས་པ་ཡོད་པར་མི་འདོད་དོ། །སློབ་དཔོན་གཉིས་པ་ནི་དོན་གྱི་སངས་རྒྱས་ཀྱི་སའི་གནས་སྐབས་སུ་ཡང་གཟུགས་དང་སྒྲ་ལ་སོགས་པ་དང་ལྡན་པར་འདོད་དོ། །སློབ་དཔོན་ཧྱན་

ཙང་དང་། ཆོས་སྐྱོང་ཡང་དག་བསྟན་པའི་ཕྱི་མ་ལྟར་བཤད་དེ། གོང་དུ་ངོ་བོ་ཉིད་དང་གཟུགས་བརྙན་ཡོད་མེད་བསྟན་པའི་སྐབས་སུ་བཤད་པ་བཞིན་ནོ། །འཕགས་པ་ཀུན་དགའ་བོ་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཉིན་པར་བཙས་

เล่ม ๑๑๘ · หน้า 44a

པས་ལོ་ཉི་ཤུ་ལོན་ནས་གདོད་ཞམ་རིང་བ་བྱས་ཏེ། སྔར་གསུངས་པའི་མདོ་སྡེ་རྣམས་མངོན་སུམ་དུ་ཐོས་པ་མེད་ན་ཅིའི་ཕྱིར་མདོ་སྡེ་ཐམས་ཅད་ལས་བདག་གིས་ཐོས་པ་ཞེས་གསུངས། འཕགས་པ་དྲིན་ལན་གྱི་མདོའི་འགྲེལ་པ་ལས་དོན་རྣམ་པ་གསུམ་དུ་

བཤད་དེ། བརྒྱུད་དེ་ཐོས་པ་དང་། དེ་བཞིན་གཤེགས་པའི་འཇིག་རྟེན་པའི་ཐུགས་བསྐྱེད་པ་ཤེས་པ་དང་། བཅོམ་ལྡན་འདས་ཀྱིས་ཡང་བཟླས་ཏེ་བཤད་པའོ། །དེའི་ཕྱིར་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་གསུངས་པའི་ཕྱིར་ཆོས་རྣམས་ཀུན་

དགའ་བོས་མ་ཐོས་ན། ཅིའི་ཕྱིར་བདག་གིས་ཐོས་ཞེས་བརྗོད། སྨྲས་པ། ལྷ་རྣམས་ཀྱིས་ཀུན་དགའ་བོ་ལ་སྨྲས་པས་སོ། །ཡང་ན་དགེ་སློང་རྣམས་ལས་ཐོས་པས་སོ། །ཡང་ན་བཅོམ་ལྡན་འདས་འཇིག་རྟེན་པའི་ཐུགས་བསྐྱེད་པས་ཀུན་དགའ་བོས་ཤེས་པར་གྱུར་པའི་ཕྱིར་རོ། །

ཡང་ན་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ལོ་བཅུ་གཉིས་ཀྱི་བར་དུ་གསུངས་པའི་ཆོས་རྣམས་མ་ལུས་པར་བདག་ལ་ཡང་བཤད་པར་གསོལ་བ་བཏབ་པའི་ཕྱིར་རོ། །ཡང་ན་བཅོམ་ལྡན་འདས་ཐབས་ལེགས་པར་ཐུགས་སུ་ཆུད་པས་ཆོས་ཀྱི་ཚིག་ལས་ཆོས་ཚད་མེད་པ་གསུངས་

པ་དང་། ཆོས་ཚད་མེད་པ་ཆོས་ཀྱི་ཚིག་གཅིག་ཏུ་གསུངས་པར་མཛད་པས། བཅོམ་ལྡན་འདས་ཀྱིས་མདོ་ཙམ་དུ་སྨོས་པ་ཀུན་དགའ་བོས་མ་ལུས་པར་ཁོང་དུ་ཆུད་དེ། མྱུར་ཞིང་རྣོ་བ་དང་། འཛིན་པའི་མཐུ་ཆེ་བའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་རྡོ་རྗེ་གཅོད་པ་ལ་

སོགས་པའི་འགྲེལ་པ་ལས། དགེ་སློང་ཀུན་དགའ་བོ་ནི་ཆོས་ཀྱི་ངོ་བོ་ཉིད་བློ་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པས། ཏིང་ངེ་འཛིན་གྱི་མཐུས་སྔར་གསུངས་པ་རྣམས་མ་ལུས་པར་འཛིན་པར་ནུས་པས་མངོན་སུམ་དུ་ཐོས་པ་དང་ཐ་དད་པ་མེད་དེ། ཇི་ལྟར་མངོན་

པར་ཤེས་པ་དག་གིས་འདས་པའི་དངོས་པོ་རྣམས་གསལ་བར་རྟོགས་པ་དང་། ཀཱ་ཏྱཱ་ཡ་ནའི་བུ་ཆེན་པོ་སྨོས་ནས་ཤེས་པའི་མཐུ་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་མ་ལུས་པར་འཛིན་ནུས་པ་བཞིན་དུ། ཀུན་དགའ་བོ་ཡང་དེ་བཞིན་ནོ་ཞེས་འབྱུང་ངོ་། །

เล่ม ๑๑๘ · หน้า 44b

འཕགས་པ་ཀུན་དགའ་བོ་ཉན་ཐོས་ཡིན་ན་ཇི་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཡོངས་སུ་འཛིན་པར་ནུས། ཐེག་པ་ཆེན་པོའི་ཆོས་བསྡུས་པ་ལ་སོགས་པ་མདོ་སྡེ་མང་པོ་ལས། ཀུན་དགའ་བོ་ནི་རྣམ་པ་གསུམ་ཡོད་དེ། དང་པོ་ནི་ཀུན་དགའ་བོ་སྟེ་ཉན་ཐོས་ཀྱི་ཆོས་ཡོངས་སུ་

འཛིན་པའོ། །གཉིས་པ་ནི་དགའ་བོ་བཟང་པོ་སྟེ། རང་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པའོ། །གསུམ་པ་ནི་དགའ་བོ་རྒྱ་མཚོ་སྟེ། ཐེག་པ་ཆེན་པོའི་ཆོས་ཡོངས་སུ་འཛིན་པའོ་ཞེས་གསུངས་ཏེ། འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་དྲང་སྲོང་རྡོ་རྗེས་བྱས་པ་

ལས་ཀྱང་འདི་དང་མཐུན་པར་འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པས་བྱས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། རྒྱལ་པོ་མ་སྐྱེས་དགྲས་སྡིག་པ་བཤགས་པའི་མདོ་ཁུངས་བསྟན་པ་ལས་གསུངས་པ་དགའ་བོ་རྣམ་པ་གསུམ་ལས། དགའ་བོ་གསུམ་པ་ནི་ཐེག་པ་ཆེན་

པོའི་མདོ་སྡེ་ཡོངས་སུ་འཛིན་པའོ་ཞེས་གསུངས་པའི་ཕྱིར་འགལ་བ་མེད་དོ། །དེ་ལ་གསུམ་པ་དེ་དག་བཤད་པའི་དགོངས་པ་བསྟན་པ་ཞེས་བྱ་བ་ཡང་། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་འདིས་ནི་ཡན་ལག་གཞན་གྱིས་སྒྲོ་འདོགས་

པ་དང་། སྐུར་པ་འདེབས་པའི་ཉེས་པ་དང་བྲལ་བར་བསྟན་ཏེ་ཞེས་འབྱུང་ཡོངས་སུ་སྤོངས་པར་རིགས་པར་བྱ་སྟེ། འདི་ལྟར་ཆོས་འདི་ནི་བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཀྱིས་གུད་ནས་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན་ཏེ། ཉན་པ་པོ་ནུས་པ་དང་ལྡན་པས་

ཐོས་པ་རྣམས་ཀྱང་ཡན་ལག་གཞན་གྱིས་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་ཉེས་པ་དང་བྲལ་བར་བསྟན་ཏོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །དུས་གཅིག་ན་ཞེས་བྱ་བས་ནི་རྣམ་པ་ལྔར་ཕྱེ་བ་ལས་གཉིས་པ་འབྱུང་བའི་དུས་ཀྱི་ཕྱོགས་ཞེས་བྱ་བ་

སྟོན་ཏེ། དུས་གཅིག་ན་ཞེས་བྱ་བ་འདི་ཡང་ཡུལ་འདི་པའི་སློབ་དཔོན་རྣམས་ཀྱིས་རྣམ་པ་བཞིར་བསྟན་ཏེ། དེ་བཞིན་གཤེགས་པ་རིང་གཅིག་གིས་ལོ་ལྔ་བཅུའི་བར་དུ་བསྟན་པ་གསུངས་པའི་དུས་དང་མདོ་སྡེ་གཅིག་གསུངས་པའི་དུས་དང་། འཁོར་ལོ་ཡོངས་སུ་སྨིན་

เล่ม ๑๑๘ · หน้า 45a

པའི་དུས་དང་། འཆད་པ་དང་། ཉན་པ་ཕན་ཚུན་ཕྲད་པར་གྱུར་པའི་དུས་སོ། །རྒྱ་གར་ཡུལ་པའི་སློབ་དཔོན་གྱིས་བཤད་པ་ཡང་མི་མཐུན་པ་རྣམ་པ་གསུམ་ཡོད་དེ། དེ་ལ་དང་པོ་ནི་སློབ་དཔོན་བོ་དེ་ལེའུ་ཅིས་འདི་སྐད་དུ་དུས་གཅིག་ན་ཞེས་བྱ་བ་ཡང་། རྣམ་པ་མང་

བས་འདི་ལྟ་སྟེ། སྐད་ཅིག་མའི་དུས་ཀྱང་ཡོད། ཉིན་མཚན་གྱི་དུས་ཀྱང་ཡོད། ལོ་བརྒྱའི་དུས་ཀྱང་ཡོད། ཐམས་ཅད་ཀྱི་དུས་ཀྱང་ཡོད། དཔྱིད་དང་སྟོན་དང་། དགུན་དང་། དབྱར་གྱི་དུས་ཀྱང་ཡོད་དེ། འདིར་དུས་གཅིག་ན་ཞེས་བྱ་བ་ནི་འདི་ལྟ་བུ་ལ་སོགས་པའི་དུས་མ་ཡིན་གྱི།

དེ་བཞིན་གཤེགས་པས་ལྡན་པར་མདོ་འདི་གསུངས་པའི་དུས་སོ་ཞེས་བཤད་དོ། །གཉིས་པ་ནི་སློབ་དཔོན་རྣ་རིངས་ཀྱིས་འདི་སྐད་དུ་དུས་གཅིག་ཅེས་བྱ་བ་ཡང་རྣམ་པ་གཉིས་ཡོད་དེ། དང་པོ་ནི་ཡོངས་སུ་མ་རྫོགས་པའི་དུས་ཏེ། དམིགས་པ་མ་ཁྱབ་པ་ལ་ལྟོས་ནས་སོ། །གཉིས་པ་ནི་

གསུང་ཡོངས་སུ་རྫོགས་པའི་དུས་ཏེ། དམིགས་པ་ཁྱབ་པ་ལ་ལྟོས་ནས་སོ། །དང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་ནས། ཐ་མ་ཤིང་སཱ་ལ་ཟུང་ཅིག་གི་དྲུང་དུ་མྱ་ངན་ལས་འདས་པའི་བར་དུ་གསུང་རྣམ་པ་གཉིས་སུ་གསུངས་པས་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་

རྫོགས་པ་གཉིས་ཀ་ཡང་གསུངས་ཏེ། ཆུང་ངུའི་ཕྱོགས་ཅན་གཟིགས་པ་ལ་ནི་ཡོངས་སུ་མ་རྫོགས་པའི་གསུང་གི་དུས་ཞེས་བྱའོ། །ཡོངས་སུ་རྫོགས་པའི་ཕྱོགས་ཅན་གཟིགས་པ་ལ་ནི་ཡོངས་སུ་རྫོགས་པའི་གསུང་གི་དུས་ཞེས་བྱའོ། །གཞན་ཡང་དུས་ནི་རྣམ་པ་གསུམ་ཡོད་དེ།

དངོས་པོ་ཅན་འཁོར་བར་འཇུག་པའི་དུས་དང་། བསམ་གྱིས་མི་ཁྱབ་པའི་རྣམ་པར་གྱུར་པའི་དུས་དང་། བཏགས་པ་ཙམ་དུ་གདགས་པའི་དུས་ཏེ། སྔ་མ་གཉིས་ནི་སྐྱེ་ཤི་རྣམ་པ་གཉིས་ཀྱི་དུས་སོ། །བཏགས་པའི་དུས་དེ་ཡང་རྣམ་པ་གསུམ་སྟེ། སྔ་མ་གཉིས་ནི་ཤེས་པར་གྱུར་

པའི་དུས་དང་། ལོག་པར་ལྟ་བ་འཇིག་པའི་དུས་དང་། འཇིག་རྟེན་ན་གནས་པའི་དུས་སོ། །དེ་ལ་ཤེས་པར་གྱུར་པའི་དུས་ནི་དེ་བཞིན་གཤེགས་པའི་འདུལ་བ་རྣམས་བསྙེན་པར་རྫོགས་པའི་ཚེ་ནི་ཐོས་སུ་གནང་ལ། བསྙེན་པར་མ་རྫོགས་པའི་ཚེ་ཐོས་སུ་མི་གནང་བ་དང་།

เล่ม ๑๑๘ · หน้า 45b

རབ་ཏུ་བྱུང་བའི་ཚེ་ནི་ཐོས་སུ་གནང་ལ། ཁྱིམ་པའི་ཚེ་ཐོས་སུ་མི་གནང་བ་དང་། རྒྱལ་པོ་ནི་ཐོས་སུ་གནང་ལ། གཞན་རྣམས་ཐོས་སུ་མི་གནང་བའོ། །ལོག་པར་ལྟ་བ་འཇིག་པའི་དུས་ནི་འདི་ལྟ་སྟེ། ལུང་སྡེ་ལྔ་དང་། ཆོས་མངོན་པ་ཡན་ལག་དགུ་པོ་དག་ནག་པོ་དང་དཀར་པོའི་

ཕྱོགས་མི་དབྱེ་བར་ཐམས་ཅད་ཐོས་སུ་གནང་བའོ། །འཇིག་རྟེན་ན་གནས་པའི་དུས་ནི་ཇི་སྐད་དུ་བཅོམ་ལྡན་འདས་དུས་གཅིག་ན་ཆུ་བོ་གང་གཱའི་འགྲམ་ན་བཞུགས་སོ། །དུས་གཅིག་ན་ཚལ་འཇིགས་སུ་རུང་བ་ན་བཞུགས་སོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་དུས་གཅིག་ན་ཞེས་བྱ་བའི་རི་

ཞིག་ཕྱི་མ་གཉིས་དང་སྦྱར་རོ་ཞེའོ། །གསུམ་པ་ནི་སློབ་དཔོན་ཡང་དག་བདེན་པས་འདི་སྐད་དུ་དུས་ཞེས་བྱ་བའི་དོན་ནི་རྣམ་པ་བཅུ་ཡོད་དོ་ཞེས་བཤད་དེ། །ཞིབ་ཏུ་དངོས་པོ་བདུན་གྱི་བརྗེད་བྱང་བྱས་པ་ལས་འབྱུང་སྟེ། མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །འདིར་བསྟན་

བཅོས་རྣམས་དང་སྦྱར་ན་བཤད་པ་རྣམ་པ་གསུམ་ཡོད་དེ། དེ་ལ་དང་པོ་ནི་སློབ་དཔོན་ཡོན་ཏན་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་བྱས་པ་ལས་དུས་གཅིག་ན་ཞེས་བྱ་བ་ནི་མདོ་སྡེ་འདི་གསུངས་པའི་དུས་གཅིག་གི་ཚེ་སྟེ། དུས་གཞན་ན་ནི་མདོ་སྡེ་ཚད་

མེད་པ་གཞན་གསུངས་པའི་ཕྱིར་རོ་ཞེས་བཤད་དོ། །གཉིས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤད་པ་དང་སྦྱར་ན། དུས་ནི་རྣམ་པ་གཉིས་ཡོད་དེ། དང་པོ་ནི་ཤེས་པའི་དུས་ཏེ། བཏགས་པ་དང་རྫས་སུ་ཡོད་པའི་ཕྱི་ནང་གཉིས་ཀ་དང་སྦྱར་བའོ། །གཉིས་པ་ནི་ལོག་པར་ལྟ་བ་

འཇིག་པའི་དུས་ཏེ། བཏགས་པ་ཁོ་ན་ཡིན་གྱི། རྫས་སུ་ནི་མ་ཡིན་ནོ་ཞེས་ཆོས་འདི་པའི་གཞུང་གིས་འདི་ལ་བརྟེན་ནས་བཤད་པ་ཡིན་ནོ་ཞེས་འབྱུང་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་དྲིས་པ། རྒྱ་གར་ཡུལ་པ་རྣམས་དུས་ནི་རྣམ་པ་གཉིས་ཡོད་དེ།

ཤེས་པའི་དུས་དང་། ལོག་པར་ལྟ་བ་འཇིག་པའི་དུས་སོ་ཞེས་བཤད་ན། བཅོམ་ལྡན་འདས་ཅིའི་ཕྱིར་ཤེས་པའི་དུས་ཀྱི་ཆ་མི་གསུང་བར། ལོག་པར་ལྟ་བ་འཇིག་པའི་དུས་འབའ་ཞིག་གསུང་བ་མཛད། སྨྲས་པ། གལ་ཏེ་ཤེས་པ་དང་གཉི་ག་གསུང་ན་ཡང་ཐེ་ཚོམ་ཡོད་པར་

เล่ม ๑๑๘ · หน้า 46a

འགྱུར་རོ། །ཡང་དྲིས་པ། འདིར་ཤེས་པ་ཞེས་གསུངས་པའི་རིགས་ཏེ། འདི་ལྟར་ཡི་གེ་གཉིས་པོ་དེ་ཡང་ཞིང་བཤད་སླ་བའི་ཕྱིར། ལོག་པར་ལྟ་བ་འཇིག་པའི་དུས་ཞེས་ཐད་ཀར་གསུང་བའི་མི་རིགས་ཏེ། འདི་ལྟར་ཡི་གེ་གསུམ་པོ་དེ་ལྕི་ཞིང་སྨྲ་དཀའ་བའི་ཕྱིར་

རོ་ཞེ་ན། སྨྲས་པ་འདིར་ལོག་པར་ལྟ་བ་བསལ་བའི་ཕྱིར། ལོག་པར་ལྟ་བ་འཇིག་པར་གསུངས་ཀྱི་ཤེས་པ་ནི་མ་གསུངས་སོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་འབྱུང་བ་བཞིན་ནོ། །གསུམ་པ་ནི་སློབ་དཔོན་ཉེ་བའི་ཡིད་ཀྱིས་དུས་ནི་རྣམ་པ་གསུམ་ཡོད་དེ། དང་པོ་ནི་བཤད་པ་དང་ཉན་པ་མཐར་

ཕྱིན་པ་ལ་དུས་གཅིག་ཅེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། དུས་གཅིག་ཅེས་བྱ་བ་ནི་འདི་ལྟ་སྟེ། བཤད་པ་དང་ཉན་པའི་དུས་ཏེ། འདི་ནི་སྐད་ཅིག་མ་གཅིག་ལ་རྒྱུན་ཆགས་སུ་བར་ཆད་མེད་པར་བཤད་པ་དང་ཉན་པ་མཐར་ཕྱིན་པའི་དབང་དུ་མཛད་ནས་

སྤྱིར་དུས་གཅིག་ཅེས་བསྟན་ཏོ། །དེ་ལྟ་མ་ཡིན་ན་ཡི་གེ་དང་མིང་དང་ཚིག་ལ་སོགས་པ་ཉན་པ་དང་། བཤད་པའི་དུས་དང་ཐ་དད་པས་ཇི་ལྟར་གཅིག་ཏུ་འགྱུར་ཞེས་བཤད་དོ། །གཉིས་པ་ནི་སྐད་ཅིག་མ་གཅིག་ལ་འཛིན་པ་དང་བཤད་པ་དང་གོ་བ་དང་། ཡོངས་སུ་བཟུང་བར་ནུས་

པའི་ཕྱིར། དུས་གཅིག་ཅེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། ཡང་ན་ཉན་པ་པོ་གཟུངས་ཐོབ་པས་ཡི་གེ་འབྲུ་གཅིག་ལ། སྐད་ཅིག་མ་གཅིག་གིས་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཡང་དག་པར་འཛིན་པའི་ཕྱིར། ཡང་ན་ཉན་པ་པོའི་རྣ་བའི་དབང་པོ་རྣམ་པར་

དག་པ་ཐོབ་པས་སྐད་ཅིག་མ་གཅིག་ལ་ཡི་གེ་འབྲུ་གཅིག་ཡོངས་སུ་བཅད་པ་ན་གཞན་ཐམས་ཅད་ལ་ཐོགས་པ་མེད་པར་ཡང་དག་པར་འཛིན་པའི་ཕྱིར་དུས་གཅིག་ཅེས་བྱའོ་ཞེས་འབྱུང་ངོ་། །གསུམ་པ་ནི་ཕན་ཚུན་ཚོགས་ཤིང་ཕྲད་པར་གྱུར་པ་ལ་དུས་གཅིག་ཅེས་བྱའོ་ཞེས་བཤད་དེ།

དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། ཡང་ན་ཕན་ཚུན་ཚོགས་ཤིང་ཕྲད་པར་གྱུར་ནས། དུས་ཀྱི་ཆ་ཐ་དད་པ་མེད་པའི་ཕྱིར་དུས་གཅིག་ཅེས་བྱའོ་ཞེས་འབྱུང་སྟེ། འདི་ནི་འཆད་པ་དང་ཉན་པ་ཕན་ཚུན་ཚོགས་ཤིང་དུས་མཚུངས་པར་གྱུར་པའི་དོན་ཏོ། །དུས་དང་གཅིག་ཅེས་བྱ་བའི་

เล่ม ๑๑๘ · หน้า 46b

ངོ་བོ་ཉིད་ཇི་ལྟ་བུ་ཡིན། དེ་ལ་དུས་ནི་དུས་ཀྱི་ཆའོ། །གཅིག་ནི་གྲངས་སོ། །ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་པ་དག་ནི་གུད་ན་ཆོས་མེད་ཀྱི་ཕུང་པོ་ལྔ་ཉིད་ཀྱི་ངོ་བོ་ཉིད་བྱེད་དོ། །ཁམས་དང་སྐྱེ་མཆེད་ཀྱི་སྒོ་ནས་ནི་འདུས་བྱས་ཀྱི་ངོ་བོ་ཉིད་བྱེད་དོ་ཞེས་བཤད་དོ། །འདིར་ཐེག་

པ་ཆེན་པོའི་གཞུང་དང་སྦྱར་ན་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་གིས་གྲངས་དང་དུས་ལ་སོགས་པ་ལ་རང་གི་ངོ་བོ་ཉིད་མེད་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་གིས་བསྡུས་པ་མ་ཡིན་ནོ་ཞེས་བཤད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པའི་འགྲེལ་པ་ལས། གྲངས་དང་དུས་ལ་སོགས་པའི་ཆོས་ནི་ཡང་དག་པར་ཡོད་པ་མ་ཡིན་པས། ཕུང་པོ་དང་སྐྱེ་མཆེད་དང་། འཛིན་པ་དག་གིས་མ་བསྡུས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་དེ་ཉིད་ལས་འདི་ལྟ་སྟེ། དུས་དང་ཕྱོགས་ལ་བྲལ་བ་དང་

འདུས་པ་དང་། གཅིག་པ་དང་ཐ་དད་པ་དང་། རིང་པོ་དང་ཐུང་ངུའི་མིང་དང་ཡི་གེ་ཡོད་པས་སོ་སོའི་སྐྱེ་བོ་རྣམས་སེམས་ཀྱིས་མངོན་པར་ཞེན་ནས་ཡང་དག་པ་ཉིད་དུ་སེམས་སོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །གཉིས་པ་ནི་འཕགས་པ་བྱམས་པའི་གཞུང་

གིས་དུས་དང་གཅིག་ཅེས་བྱ་བ་ནི་འདུས་བྱས་ཡིན་ཏེ། ཡིད་ཆེས་པའི་གནས་སྐབས་བཏགས་པ་ཙམ་དུ་རྣམ་པར་གཞག་པ་སྟེ། འདི་ནི་མཚུངས་པར་ལྡན་པ་མ་ཡིན་པ་ཉི་ཤུ་རྩ་བཞི་ལས་གྲངས་དང་དུས་ཞེས་བྱ་བ་ཉིད་ཡིན་ནོ། །ཕུང་པོ་ལྔ་ལས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །

ཁམས་དང་སྐྱེ་མཆེད་ལས་ནི་ཆོས་ཀྱི་ཁམས་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ནི་ཡང་ན་སེམས་ཀྱི་གནས་སྐབས་ཀྱི་གཟུགས་བརྙན་ཡིན་ཏེ། འདི་

ནི་མཚུངས་པར་ལྡན་པ་མ་ཡིན་པའོ་ཞེས་འབྱུང་སྟེ། འདི་ནི་རྣམ་པར་རིག་པ་ཙམ་གྱི་དབང་དུ་བྱས་ནས་བཤད་པའོ། །ཅིའི་ཕྱིར་གཞུང་གཉིས་ཡོད་པ་དང་མེད་པ་མི་མཐུན་པར་གྱུར། སློབ་དཔོན་ཀླུ་སྒྲུབ་ནི་ཆོས་སྟོང་པ་ཉིད་དུ་བསྟན་ཅིང་མུ་སྟེགས་ཅན་ལ་སོགས་པ་ནི་གྲངས་

เล่ม ๑๑๘ · หน้า 47a

དང་དུས་རྫས་སུ་ཡོད་པར་འདོད་པ་གཞིག་པའི་ཕྱིར་ངོ་བོ་ཉིད་མེད་པར་བཤད་ལ་འཕགས་པ་བྱམས་པ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་མཚན་ཉིད་ཀྱི་རིགས་པ་བསྟན་པའི་ཕྱིར། ལོགས་ཤིག་ཏུ་མཚུངས་པར་ལྡན་པ་མ་ཡིན་པ་རྣམ་པར་གཞག་པ་ཡིན་ནོ། །ཡང་

སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་ལྔའི་ནང་དུ་མཚུངས་པར་ལྡན་པ་མ་ཡིན་པ་བདུན་བརྒྱ་བསྡུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སེམས་ལ་སོགས་པའི་ཆོས་ལྔ་ཞེས་བཤད་ལ། གནས་པ་བཅུའི་བཤད་པ་ལས་ནི་མཚུངས་པར་ལྡན་པ་མ་ཡིན་པ་བདུན་བརྒྱ་རྣམ་

པར་གཞག་པའི་ཕྱིར་ཅིའི་ཕྱིར་ཉི་མ་དང་པོ་ཤར་བའི་དུས་དང་། དེ་བཞིན་དུ་ནམ་གྱི་གུང་ཐུན་གྱི་དུས་ལ་མདོ་སྡེ་འདི་གསུངས་ཞེས་མ་བསྟན་པའི་གནས་པ་ལ་སོགས་པ་ནི་ལོགས་ཤིག་ཏུ་གནས་ཁྱད་པར་ཅན་དག་ཏུ་བསྟན་ལ། མདོ་སྡེ་འདི་ལས་ནི་དུས་གཅིག་ན་ཞེས་བྱ་བ་འབའ་ཞིག་

གསུངས། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཉིན་མཚན་དང་དུས་ཚོད་ཀྱི་ཡུལ་སོ་སོ་ནས་ངེས་པ་མེད་པས་ལོགས་ཤིག་ན་བཤད་དུ་མི་རུང་ངོ་ཞེས་འབྱུང་ངོ་།། །།བམ་པོ་ལྔ་པ། བཅོམ་ལྡན་འདས་ཞེས་བྱ་བ་འདིས་ནི་རྣམ་པ་ལྔ་ལས་གསུམ་པ་བསྟན་པ་གསུངས་

པའི་བདག་པོ་ཞེས་བྱ་བ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་སྦྱར་ན། སངས་རྒྱས་ཀྱི་ཆོས་འཆད་པའི་གང་ཟག་ནི་རྣམ་པ་ལྔ་ཡོད་དོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་བཤད་པ་ལས་ཆོས་བཤད་པ་ནི་རྣམ་པ་ལྔ་ཡོད་དེ། སངས་རྒྱས་ཉིད་ཀྱིས་གསུངས་པ་

དང་། སློབ་མས་བཤད་པ་དང་། དྲང་སྲོང་གིས་བཤད་པ་དང་། ལྷ་རྣམས་ཀྱིས་བཤད་པ་དང་། སྤྲུལ་པས་བཤད་པ་སྟེ་གཞན་རྣམ་པ་བཞི་བཀོད་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་གསུངས་སོ་ཞེས་འབྱུང་ངོ་། །མདོ་སྡེ་འདི་དང་པོ་ཁོ་ནར་བྱང་ཆུབ་སེམས་དཔའ་དོན་ཟབ་མོ་དགོངས་

པ་ངེས་པར་འགྲེལ་པས་ཀྱང་གཉིས་སུ་མེད་པའི་དོན་བཤད་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་འབའ་ཞིག་གསུངས། དོན་རྣམ་པ་གསུམ་གྱི་ཕྱིར་ཏེ། ཉུང་ངུ་མང་པོའི་རྗེས་སུ་འཇུག་པའི་ཕྱིར་དང་། མཆོག་ཏུ་གྱུར་པའི་དབང་དུ་མཛད་ནས་བཤད་པའི་ཕྱིར་དང་། སངས་རྒྱས་

เล่ม ๑๑๘ · หน้า 47b

ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །མདོ་སྡེ་རྣམས་ཀྱི་མགོར་མཚན་སྨོས་པ་ཡང་མི་མཐུན་པ་རྣམ་པ་བཞི་ཡོད་དེ། ཁ་ཅིག་ལས་ནི་སངས་རྒྱས་ཞེས་བྱ་བ་འབའ་ཞིག་སྨོས་ཏེ། མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་ལྟ་བུའོ། །ཁ་ཅིག་ལས་ནི་བཅོམ་ལྡན་འདས་ཞེས་བྱ་བ་ཉི་ཚེ་སྨོས་

ཏེ། ལེའུ་ཆེན་པོ་ལ་སོགས་པ་ལྟ་བུའོ། །ཁ་ཅིག་ལས་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་མཚན་གཉི་ག་སྨོས་པ་ཡང་ཡོད་དེ། བླ་ན་མེད་པའི་གནས་བསྟན་པའི་མདོ་ལ་སོགས་པ་ལྟ་བུའོ། །ཁ་ཅིག་ལས་ནི་གཉི་ག་སྨོས་པ་ཡང་ཡོད་དེ། མཚམས་སྦྱོར་བ་རྣམ་པར་གྲོལ་

བའི་མདོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལ་སོགས་པ་ལྟ་བུའོ། །དེ་ལྟར་མདོ་སྡེ་རྣམས་ཀྱི་དཔེ་མི་མཐུན་པར་གྱུར་པ་ཡང་མཚམས་རྣམ་པར་དགྲོལ་བ་ནི་སྡེ་གཅིག་གི་ནང་ན་ཐ་མའི་ལེའུ་གཉིས་ཡིན་པའི་ཕྱིར་མཚན་མ་སྨོས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་

པོ་ནི་དཔེ་རྒྱས་པ་ལས་སྡུད་པ་པོ་དག་གིས་བསྡུས་པའི་ཕྱིར་མཚན་མ་སྨོས་སོ། །ཚིག་གཞན་གསུམ་པ་དག་ནི་རྒྱ་གར་ཡུལ་པའི་སློབ་དཔོན་རྣམས་ཀྱིས་བཤད་པ་རྣམ་པ་གསུམ་ཡོད་དེ། དེ་ལ་དང་པོ་ནི་སློབ་དཔོན་ཡང་དག་བདེན་པས་དངོས་པོ་བདུན་གྱི་བརྗེད་བྱང་བྱས་པ་ལས་རྣམ་པ་

གཉིས་སུ་བཤད་དེ། དང་པོ་ནི་བསྟན་བཅོས་དེ་ཁོ་ན་ཉིད་བསྟན་པ་ལས། སངས་རྒྱས་ནི་དོན་རྣམ་པ་བཅུ་དང་ལྡན་པའི་ཕྱིར་མདོ་སྡེ་རྣམས་ཀྱི་མགོར་མཚན་རྣམ་པ་བཅུ་ལས་སངས་རྒྱས་ཞེས་བྱ་བ་ཉི་ཚེ་རྣམ་པར་གཞག་པ་ཡིན་ནོ་ཞེས་བཤད་དེ། དེའི་ཕྱིར་དངོས་པོ་བདུན་གྱི་བརྗེད་བྱང་ཉིད་

ལས་སྟོན་པ་ཆེན་པོ་ལ་མཚན་རྣམ་པ་བཅུ་མངའ་ན་མདོ་སྡེ་ལས་ཅིའི་ཕྱིར་གཞན་དགུ་པོ་དག་མི་སྨོས་པར་སངས་རྒྱས་ཞེས་བྱ་བ་འབའ་ཞིག་བརྗོད་ཅེ་ན། དོན་རྣམ་པ་བཅུ་ལས་དེ་སད་པར་མཛད་པ་ལྷའི་རྔ་ལས་མཆོག་ཏུ་གྱུར་པ་དང་། གཞན་གྱི་དབང་གིས་རྟོགས་པ་མ་ཡིན་པ་དང་།

མི་ཤེས་པ་གཉིས་དང་བྲལ་བ་དང་། གཉིས་ལས་ཤིན་ཏུ་འདས་པ་དང་། པདྨ་ལྟ་བུར་གྱུར་པ་དང་། རང་བཞིན་གྱི་མངོན་པར་ཞེན་པ་མི་མངའ་བ་དང་། དོན་རྣམ་པ་གསུམ་ཕུན་སུམ་ཚོགས་པ་དང་། ཡོན་ཏན་གསུམ་དང་ལྡན་པ་དང་། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད་དང་ལྡན་པ་

เล่ม ๑๑๘ · หน้า 48a

དང་། བདག་ཉིད་ཐུགས་སུ་ཆུད་ཅིང་གཞན་དག་ཀྱང་ཁོང་དུ་ཆུད་པར་མཛད་པའོ་ཞེས་འབྱུང་སྟེ་རྒྱ་ཆེར་དེ་ཉིད་ལས་བཤད་པ་གཉིས་པ་ནི་སློབ་དཔོན་ཡང་དག་བདེན་པ་ཉིད་ཀྱིས་དབུ་མའི་རིག་པ་མུ་རྣམ་པ་བཞིར་ཕྱེ་ནས། མདོ་སྡེ་ཐམས་ཅད་ཀྱི་མགོར་མཚན་རྣམ་པ་གཉིས་ཅིག་

ཅར་སྨོས་པ་ཡིན་ནོ་ཞེས་བཤད་དེ། དེའི་ཕྱིར་དངོས་པོ་བདུན་གྱི་བརྗེད་བྱང་ལས། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་མུ་རྣམ་པ་བཞི་ཡོད་དེ། སངས་རྒྱས་ཡིན་ལ། བཅོམ་ལྡན་འདས་མ་ཡིན་པ་ཡོད་དེ། དེ་ནི་ཐེག་པ་འོག་མ་པ་གཉིས་པོ་དག་བདེན་པ་བཞི་བསྒོམས་པས།

ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ནས་རང་གི་གནས་པ་ལ། བདག་ཀྱང་སངས་རྒྱས་ཞེས་བྱ་བའི་མིང་ཐོབ་སྟེ། སྤྱད་པ་མི་སྤྱོད་པའི་ཕྱིར་བཅོམ་ལྡན་འདས་ནི་མ་ཡིན་པའོ། །བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་མ་ཡིན་པ་ཡང་ཡོད་དེ། དེ་ནི་བྱང་ཆུབ་སེམས་དཔའ་

རྣམས་ཡོན་ཏན་གྱི་སྤྱོད་པ་སྤྱད་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་ལ། རྒྱུའི་གནས་སྐབས་གནས་ཤིང་ཤེས་རབ་ཡོངས་སུ་མ་རྫོགས་པས་སངས་རྒྱས་ཞེས་བྱ་བའི་མིང་མི་ཐོབ་པའོ། །སངས་རྒྱས་ཀྱང་མ་ཡིན་ལ་བཅོམ་ལྡན་འདས་ཀྱང་མ་ཡིན་པ་ཡང་ཡོད་དེ། དེ་ནི་སོ་སོའི་སྐྱེ་

བོ་རྣམས་ཡོན་ཏན་མི་འགྲུབ་པའི་ཕྱིར་ནི་བཅོམ་ལྡན་འདས་མ་ཡིན་ལ། ཤེས་རབ་མི་བསྒོམ་པའི་ཕྱིར་ནི་སངས་རྒྱས་ཞེས་མི་བརྗོད་པའོ། །སངས་རྒྱས་ཀྱང་ཡིན་ལ་བཅོམ་ལྡན་འདས་ཀྱང་ཡིན་པ་ཡང་ཡོད་དེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཁྱེན་པ་ཡོངས་སུ་རྫོགས་པའི་ཕྱིར་

ནི་སངས་རྒྱས་ཞེས་བརྗོད་ལ། ཡོན་ཏན་ཕུན་སུམ་ཚོགས་པའི་ཕྱིར་ནི་བཅོམ་ལྡན་འདས་ཀྱང་ཡིན་ཞེས་འབྱུང་སྟེ། དེ་བཞིན་དུ་དེ་ཉིད་ལས་གལ་ཏེ་སངས་རྒྱས་ཞེས་བྱ་བ་ཉི་ཚེ་སྨོས་ན་ནི། ཐེག་པ་འོག་མ་པ་གཉིས་ཀྱང་དེར་བསྡུ་བར་འགྱུར་ལ། བཅོམ་ལྡན་འདས་ཞེས་བྱ་བ་འབའ་ཞིག་

སྨོས་ན་ཡང་། བྱང་ཆུབ་སེམས་དཔའ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དག་ཀྱང་བསྡུ་བར་འགྱུར་བའི་ཕྱིར། གཅིག་ཏུ་བསྡུས་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེའི་ཕྱིར་བླ་ན་མེད་པའི་གནས་བསྟན་པ་དང་། ཚིག་ངེས་པར་འགྲེལ་པའི་མདོ་ལ་སོགས་པ་ལས། སངས་

เล่ม ๑๑๘ · หน้า 48b

རྒྱས་བཅོམ་ལྡན་འདས་ཞེས་སྨོས་པ་ཡིན་ནོ་ཞེས་འབྱུང་ངོ་། །སྡེ་པ་རྣམས་ཀྱི་ལྟ་བ་བཤད་པའི་བརྗེད་བྱང་ལས་ཀྱང་དངོས་པོ་བདུན་གྱི་བརྗེད་བྱང་ལས་འབྱུང་བ་དང་མཐུན་པར་བཤད་དོ། །གཉིས་པ་ནི་སློབ་དཔོན་བོ་དེ་ལེའུ་ཅི་དང་དྲང་སྲོང་རྡོ་རྗེས་བྱས་པའི་བསྟན་བཅོས་ལས། རྒྱ་གར་

ཡུལ་པའི་དཔེ་མ་ནོར་བ་དང་གཏུགས་ནས་མདོ་ཐམས་ཅད་ཀྱི་མགོར་བཅོམ་ལྡན་འདས་འབྱུང་ངོ་། །ཡུལ་འདི་པའི་མདོ་སྡེ་རྣམས་ཁ་ཅིག་ལས་སངས་རྒྱས་ཞེས་སྨོས། ཁ་ཅིག་ལས་བཅོམ་ལྡན་འདས་སྨོས། ཁ་ཅིག་ལས་སངས་རྒྱས་བཅོམ་ལྡན་འདས་ཞེས་སྨོས་པ་ནི་ལོ་ཙཱ་དག་གིས་དེ་

ལྟར་བྱས་སོ་ཞེས་བཤད་དོ། །གསུམ་པ་ནི་སློབ་དཔོན་ཉེ་བའི་འོད་ཀྱིས་སངས་རྒྱས་ཀྱི་སའི་འགྲེལ་པ་བྱས་པ་ལས། སངས་རྒྱས་ནི་ཡོན་ཏན་རྣམ་པ་བཅུ་དང་ལྡན་པའི་མཚན་མངའ་ན། ཅིའི་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་བརྒྱུད་པ་དག་གིས་མདོ་སྡེ་ཐམས་ཅད་ཀྱི་མགོར་འདི་

ལྟར་བཅོམ་ལྡན་འདས་ཞེས་བྱ་བ་སྨོས། འདི་ལྟར་མཚན་འདི་འཇིག་རྟེན་ཀུན་གྱིས་བཀུར་བའི་ཕྱིར་རོ། །མུ་སྟེགས་ཅན་རྣམས་ཀྱང་སོ་སོ་ནས་རང་གི་སྟོན་པ་ལ་བཅོམ་ལྡན་འདས་ཞེས་བརྗོད་པས་སོ། །གཞན་ཡང་མཚན་འདི་གཅིག་གིས་ཡོན་ཏན་ཐམས་ཅད་བསྡུས་པ་ཡིན་གྱི། མཚན་

གཞན་དག་ན་དེ་ལྟ་མ་ཡིན་པས། དེའི་ཕྱིར་མདོ་སྡེ་ཐམས་ཅད་ཀྱི་མགོར་མཚན་འདི་སྨོས་པ་ཡིན་ནོ་ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་། སངས་རྒྱས་ཀྱི་སའི་འགྲེལ་པ་དང་དོན་མཐུན་པར་འབྱུང་སྟེ། དེའི་ཕྱིར་བམ་པོ་གཉིས་པ་ལས། བཅོམ་

ལྡན་འདས་ལ་མཚན་འདི་གཅིག་མངའ་བར་ཟད་དམ། མཚན་གཞན་ཡང་མངའ། སྨྲས་པ། སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པས་མཚན་ཡང་ཚད་མེད་དོ། །མཚན་འདི་ཕལ་ཆེར་སྨོས་པ་ནི་མང་པོ་ཀུན་གྱིས་ཤེས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་

དང་སྦྱར་ན། བཤད་པ་རྣམ་པ་གཉིས་ཡོད་དེ། སྡིག་པ་འཇོམས་པ་དང་། ཡོན་ཏན་དྲུག་དང་ལྡན་པའོ། །དེ་དག་གཅིག་ཏུ་བསྡུས་ནས་དོན་རྣམ་པ་བདུན་དུ་འགྱུར་ཏེ། དེའི་ཕྱིར་མདོ་སྡེ་དེ་ཉིད་ལས་བཅོམ་ལྡན་འདས་ཞེས་བྱ་བ་ལ། བཅོམ་པ་ནི་འཇིག་པའོ། །ལྡན་པ་ནི་ཉོན་མོངས་པ་སྟེ།

เล่ม ๑๑๘ · หน้า 49a

ཉོན་མོངས་པ་ནི་འཇིག་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །གཞན་ཡང་དགེ་བའི་ཆོས་མངོན་པར་གྲུབ་པར་མཛད་པའི་ཕྱིར་དང་། ཆོས་རྣམས་ཀྱི་དོན་ལེགས་པར་ཐུགས་སུ་ཆུད་པའི་ཕྱིར་དང་། ཡོན་ཏན་ཆེན་པོ་མངའ་བས་དཔེ་ཟླ་མེད་པའི་ཕྱིར་དང་། གྲགས་

པ་ཆེན་པོ་དང་ལྡན་པས་ཕྱོགས་བཅུ་ཀུན་དུ་ཁྱབ་པའི་ཕྱིར་དང་། གཏོང་བ་ཆེན་པོས་རྣམ་པ་སྣ་ཚོགས་ཡོངས་སུ་བཏང་བའི་ཕྱིར་དང་། བསྐལ་པ་ཚད་དང་གྲངས་མེད་པ་ནས་བུད་མེད་ཀྱི་དབང་པོ་བོར་བ་བསྒྲུབས་པའི་ཕྱིར་རོ་ཞེས་གསུངས་སོ། །ཡོན་ཏན་དྲུག་པོ་འདི་དག་ཀྱང་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་སྦྱར་ན་དོན་རྣམ་པ་བཞི་དང་ལྡན་ཏེ། དེའི་ཕྱིར་དེ་ཉིད་ལས་བྷ་ག་ནི་ཡོན་ཏན་ཞེས་བྱ་བ་ན་ནི་ཡོད་པ་ཞེས་བྱ་སྟེ། འདི་ནི་ཡོན་ཏན་མངའ་བ་ཞེས་བྱའོ། །གཞན་ཡང་བྷ་ག་ནི་རྣམ་པར་འབྱེད་པའོ། །བན་ནི་ལེགས་པར་སྤྱོད་པ་སྟེ། སྤྱིའི་མཚན་ཉིད་དང་།

བྱེ་བྲག་གི་མཚན་ཉིད་ལེགས་པར་རྣམ་པར་འབྱེད་པའི་ཕྱིར་རོ། །གཞན་ཡང་བྷ་ག་ནི་སྒྲ་ལ་བྱའོ། །བན་ནི་ཡོད་པ་ལ་བྱ་སྟེ། འདི་ནི་སྒྲ་དང་གྲགས་པ་དང་ལྡན་པའོ། །གཞན་ཡང་བྷ་ག་ནི་བཅོམ་པའོ། །བན་ནི་ནུས་པ་སྟེ། དུས་གསུམ་བཅོམ་པར་སྤྱོད་པས་ན། བཅོམ་ལྡན་འདས་ཞེས་

བྱའོ། །ཐེག་པ་འོག་མ་དག་སྤངས་པ་ཡིན་པར་བག་ཆགས་དང་བཅས་པས། དེའི་ཕྱིར་བཅོམ་ལྡན་འདས་ཞེས་མི་བྱའོ་ཞེས་འབྱུང་ངོ་། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བཅོམ་ལྡན་འདས་ཞེས་བྱ་བའི་མཚན་ཉིད་འདི་ནི་དོན་རྣམ་པ་གཉིས་དང་ལྡན་ཏེ། ཡོན་ཏན་དྲུག་དང་

ལྡན་པ་དང་བདུད་བཞི་བཅོམ་པའོ། །དེ་ལ་ཡོན་ཏན་དྲུག་དང་ལྡན་པ་ནི་དེ་ཉིད་ལས་བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་ནི་དོན་རྣམ་པ་དྲུག་གི་རྗེས་སུ་འཇུག་སྟེ། དང་པོ་ནི་རང་དབང་དང་ལྡན་པའི་དོན་ཏེ། ཉོན་མོངས་པ་རྣམས་ཀྱི་དབང་དུ་མ་གྱུར་པའི་ཕྱིར་རོ། །གཉིས་པ་ནི་རབ་ཏུ་

སྦྱངས་པའི་དོན་ཏེ། ཡེ་ཤེས་མེའི་གདུང་བས་ཡོངས་སུ་སྦྱངས་པའི་ཕྱིར་རོ། །གསུམ་པ་ནི་ཤིན་ཏུ་མཛེས་པའི་དོན་ཏེ། སྐྱེས་བུ་ཆེན་པོའི་མཚན་མཆོག་སུམ་ཅུ་རྩ་གཉིས་ལ་སོགས་པས་རབ་ཏུ་བརྒྱན་པའི་ཕྱིར་རོ། །བཞི་པ་ནི་གྲགས་པའི་དོན་ཏེ། ཡོན་ཏན་གྱི་ཁྱད་པར་ཐམས་

เล่ม ๑๑๘ · หน้า 49b

ཅད་ཕུན་སུམ་ཚོགས་པས་ཀུན་གྱིས་ཤེས་པའི་ཕྱིར་རོ། །ལྔ་པ་ནི་དཔལ་གྱི་དོན་ཏེ། འཇིག་རྟེན་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ཅིང་བསྔགས་པ་བརྗོད་པའི་ཕྱིར་རོ། །དྲུག་པ་ནི་བདག་ཉིད་ཆེན་པོའི་དོན་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་རྣམ་པ་

ཐམས་ཅད་དུ་ཕན་པ་དང་། བདེ་བ་མཛད་པའི་སྦྱོར་བ་ཉམས་པ་མི་མངའ་བའི་ཕྱིར་ཏེ། ཚིགས་སུ་བཅད་པ་ལས་ཇི་སྐད་དུ། རང་དབང་རབ་དབྱངས་མཛེས་པ་དང་། །གྲགས་དང་དཔལ་དང་བདག་ཉིད་ཆེ། །འདི་ལྟར་དོན་དྲུག་ཁྱད་པར་ལ། །བཅོམ་ལྡན་ཞེས་ནི་རིག་པར་

བྱ། །ཞེས་གང་བཤད་པའོ་ཞེས་འབྱུང་ངོ་། །དེ་ལ་བདུད་བཞི་བཅོམ་པ་ཞེས་བྱ་བ་ལ། ཉོན་མོངས་པའི་བདུད་ནི་རྩ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་བརྒྱ་ཉི་ཤུ་རྩ་བརྒྱད་ལ། ཉོན་མོངས་པའི་བདུད་ཅེས་བྱའོ། །ཟག་པ་དང་བཅས་པའི་ཕུང་པོ་ལྔ་ནི་ཕུང་པོའི་བདུད་ཅེས་

བྱའོ། །ཟག་པ་དང་བཅས་པའི་ཕུང་པོ་ལྔ་མི་རྟག་པའི་མཚན་ཉིད་རྣམས་ནི་འཆི་བདག་གི་བདུད་ཅེས་བྱའོ། །གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་ལྷའི་བུ་དབང་ཕྱུག་ལ་དབང་ཐོབ་པ་དག་ནི་ལྷའི་བུའི་བདུད་ཅེས་བྱའོ། །འདི་ལྟར་བཞི་པོ་དེ་དག་དགེ་བའི་ཆོས་ཉམས་པར་བྱེད་

པའི་ཕྱིར་བདུད་ཅེས་བྱའོ། །བདུད་བཞི་དང་བྲལ་བའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་སྟེ། བདུད་བཞི་བཅོམ་པའི་དོན་ཕྱིས་རྣམ་པར་འབྱེད་དོ། །འདིར་རྒྱ་གར་ཡུལ་པའི་སྡེ་སྣོད་གསུམ་པ་རྣམས་ཀྱི་དགོངས་པ་བརྟགས་ན། སློབ་དཔོན་ཐམ་བུ་ཆིམ་ལ་སོགས་པ་ནི་བསྟན་

བཅོས་དེ་ཁོ་ན་ཉིད་བསྟན་པ་ལ་བརྟེན་ནས། སངས་རྒྱས་ཞེས་བྱ་བའི་མཚན་ཉི་ཚེ་སྨོས་སོ། །སྡེ་སྣོད་གསུམ་པ་ཡང་དག་བདེན་པ་ནི་བསྟན་བཅོས་དེ་ཁོ་ན་ཉིད་བསྟན་པ་དང་། མུ་བཞི་པའི་དོན་ལ་བརྟེན་ནས་མཚན་རྣམ་པ་གཉིས་སྨོས་སོ། །སྡེ་སྣོད་གསུམ་པ་ཧྱན་ཙང་དང་པོ་དེ་ལེའུ་ཅི་

གཉིས་ནི་སོ་སོ་ནས་བསྟན་བཅོས་རེ་རེ་ལ་བརྟེན་ནས། བཅོམ་ལྡན་འདས་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ལྟར་སོ་སོ་ནས་བཤད་པ་ཡོད་ཀྱང་འདིར་རེ་ཞིག་བཅོམ་ལྡན་འདས་ཞེས་བྱ་བ་ལས་བརྩམས་ནས། བརྗོད་པ་ཡོད་པར་གྱུར་པ་ཡིན་ནོ། །རིན་པོ་ཆེ་སྣ་བདུན་མཆོག་ཏུ་

เล่ม ๑๑๘ · หน้า 50a

འབར་བ་བཀོད་པ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་ལྔ་ལས་བཞི་པ་མདོ་སྡེ་གསུངས་པའི་གནས་བརྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་བཞུགས་པའི་གནས་ཀྱི་བཀོད་པ་བསྟན་པ་དང་བཅོམ་ལྡན་འདས་ཀྱི་ཡོན་

ཏན་གྱི་སྤྱི་དང་ཁྱད་པར་རབ་ཏུ་བསྟན་པའོ། །གནས་པ་བསྟན་པ་ལ་ཡང་རྣམ་པ་གཉིས་ཏེ། བཞུགས་པའི་གནས་གཅིག་པ་དང་། ཐ་དད་པའི་བཤད་པ་དང་། མདོ་སྡེའི་ཚིག་གི་དོན་ཡང་དག་པར་བཤད་པའོ། །དེ་ལ་བཞུགས་པའི་གནས་གཅིག་པ་དང་། ཐ་དད་པའི་

བཤད་པ་ཞེས་བྱ་བ་དང་། ཚིག་ངེས་པར་འགྲེལ་པའི་མདོ་དང་སྦྱར་ན་སྤྲུལ་པའི་སྐུའི་དེ་བཞིན་གཤེགས་པས་ཞིང་ཡོངས་སུ་མ་དག་པར་འདི་གསུངས་པ་ཡིན་ཏེ། དེའི་ཕྱིར་ཚིག་ངེས་པར་འགྲེལ་པའི་མདོ་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སངས་རྒྱས་བཅོམ་

ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་ཞེས་འབྱུང་ངོ་། །ཟབ་མོ་རྣམ་པར་གྲོལ་བའི་མདོ་དང་སྦྱར་ན་ཞིང་ཡོངས་སུ་དག་པར་བཞུགས་པར་འབྱུང་བས་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས་མཐུན་ནོ། །ལི་ཡུལ་གྱི་སྡེ་གསུམ་པའི་དཔེ་ལས་ནི་སངས་

རྒྱས་ཀྱི་སྤྱོད་ཡུལ་ཞེས་འབྱུང་གི །ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པ་རྣམ་པར་ཕྱེ་བ་མེད་པས་གསུང་རབ་འདི་དང་སྦྱར་ན། གཅིག་ཏུ་ངེས་པར་དཔྱད་དུ་ཡང་མི་རུང་ངོ་། །ཚིག་ངེས་པར་འགྲེལ་པའི་མདོ་དང་། སློབ་དཔོན་ཡང་དག་བདེན་པས་བྱས་པའི་འགྲེལ་པའི་དཔེ་

གཉིས་ཕན་ཚུན་འགལ་བའི་ཕྱིར་ཚད་མར་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི། རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ་ཞེས་བྱ་བ་འབྱུང་སྟེ། འགྲེལ་པ་དེ་ལས་ནི་ཡངས་པ་ཅན་གྱི་གྲོང་ཁྱེར་རི་དྭགས་ཀྱི་རྒྱལ་པོའི་ཕོ་བྲང་ན་

བཞུགས་ཏེ། བྱང་ཆུབ་སེམས་དཔའ་ཡང་དག་འཕགས་ལ་བཤད་པ་འབྱུང་བའི་ཕྱིར་རོ། །གཞན་ཡང་ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་གླེང་གཞི་དང་ཡང་དག་པའི་གཞུང་ཉིད་དང་། བསྟན་པ་གནས་པའི་ཕྱོགས་རྫོགས་པར་འབྱུང་ལ། འགྲེལ་པ་དེ་ཉིད་ལས་

เล่ม ๑๑๘ · หน้า 50b

ནི་བར་གྱི་ལེའུ་བཞི་ཉི་ཚེ་རྣམ་པར་བཤད་པའི་ཕྱིར་རོ། །སློབ་དཔོན་ཡང་དག་བདེན་པས་མདོ་སྡེ་རྣམས་ཀྱི་མཚན་གྱི་བརྗེད་བྱང་བྱས་པ་ཡང་། མདོ་སྡེའི་འགྲེལ་པ་དང་མཐུན་པའི་དང་པོ་དང་ཐ་མའི་ཕྱོགས་གཉིས་རྒྱ་གར་གྱི་དཔེ་ཡང་དག་པ་ནི་ཡིན་ནོ། །སངས་རྒྱས་སའི་འགྲེལ་པ་

ལས་ནི་རྣམ་པ་གསུམ་ཡོད་དེ། དེའི་ཕྱིར་བམ་པོ་དང་པོ་ལས་བཅོམ་ལྡན་འདས་འདི་ལྟར་གཞལ་མེད་ཁང་ཆེན་པོ་ན་བཞུགས་ཏེ། མདོ་སྡེ་འདི་གསུངས་ན་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སངས་རྒྱས་གཉིས་ཀྱི་ཞིང་ལས་ཞིང་ཡོངས་སུ་དག་པ་ནི་འདི་གང་གིས་ཡོངས་སུ་བསྡུས།

མདོ་སྡེ་འདི་གསུངས་པའི་སངས་རྒྱས་ནི་སྐུ་གང་དག་གིས་བསྡུས་ཤེ་ན། ཁ་ཅིག་ལས་ཞིང་འདི་ནི་སྤྲུལ་པའི་ཞིང་གིས་བསྡུས་སོ། །མདོ་སྡེ་འདི་གསུངས་པའི་སངས་རྒྱས་ཀྱང་སྤྲུལ་པའི་སྐུ་ཡིན་ཏེ། ཉན་ཐོས་ལ་སོགས་པའི་འཁོར་རྣམས་ཞིང་འདིར་གནས་ནས། དེ་བཞིན་གཤེགས་

པ་ལས་མངོན་སུམ་དུ་མདོ་སྡེ་འདི་ཐོས་པས་རབ་ཏུ་དགའ་ཞིང་མངོན་པར་ཡིད་ཆེས་ནས་གུས་པས་ཉམས་སུ་བླངས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཐུགས་ལས་སྣང་བའི་ཕྱིར་ཁམས་གསུམ་ལས་འདས་པ་ཤིན་ཏུ་རྣམ་པར་དག་པའི་རྣམ་པར་རིག་པའི་མཚན་ཉིད་དེ། ཆོས་ཁྱད་པར་ཅན་

གསུངས་པ་དག་གིས་སའི་མདུན་རོལ་གྱི་སེམས་ཅན་གྱི་རྣམ་པ་རྣམས་བཏུལ་ནས་མོས་པ་བསྐྱེད་དེ། དེའི་རྒྱུ་སྒྲུབ་ཏུ་གཞུག་པར་མཛད་པའི་ཕྱིར། རེ་ཞིག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སྤྲུལ་པའི་སྐུའི་ཁྱད་པར་ཅན་སྤྲུལ་ནས་བྱིན་གྱི་རླབས་ཀྱིས་དེ་དག་རེ་ཞིག་

མཐོང་བ་ཉིད་དུ་མཛད་དོ། །དེ་ལྟ་མ་ཡིན་ན་ཉན་ཐོས་ལ་སོགས་པའི་འཁོར་ཐམས་ཅད་ཀྱིས་མཐོང་བར་གྱུར་པ་མི་རིགས་སོ་ཞེའོ། །ཁ་ཅིག་ལས་ཞིང་འདི་ནི་ལོངས་སྤྱོད་རྫོགས་པའི་ཞིང་གིས་བསྡུས་སོ། །མདོ་སྡེ་འདི་གསུངས་པའི་སངས་རྒྱས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་

ཡིན་ཏེ། ཞིང་ཡོངས་སུ་དག་པའི་དེའི་ཚད་དང་མཐའ་མེད་པའི་ཕྱིར་དང་ལམ་དང་བཞོན་པ་དང་། སྒོ་ལ་སོགས་པ་ཡང་དག་པའི་ཡོན་ཏན་ཡིན་པའི་ཕྱིར་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འདི་ལྟ་བུ་ལ། ཡོངས་སུ་ལོངས་སྤྱོད་པ་ནི་གཅིག་ཏུ་གྱ་ནོམ་པ་དང་། གཅིག་ཏུ་བདེ་བ་དང་།

เล่ม ๑๑๘ · หน้า 51a

གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་དང་། གཅིག་ཏུ་དབང་ཐོབ་པ་དང་། གཞན་ལས་བཤད་པའི་ཕྱིར་དང་། དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས་ས་གསུམ་པ་ཡན་ཆད་ཀྱིས་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང་། མདོ་སྡེ་འདི་གསུངས་པའི་

སངས་རྒྱས་འོག་ནས་བཤད་པའི་ཡོན་ཏན་ཡང་དག་པ་ཉི་ཤུ་རྩ་གཅིག་དང་ལྡན་པའི་ཕྱིར་དང་། མདོ་སྡེ་གཞན་གསུངས་པའི་ཚེ་སངས་རྒྱས་ཀྱི་ཡོན་ཏན་འདི་ལྟ་བུ་མ་བཀོད་པའི་ཕྱིར་རོ། །གལ་ཏེ་རེ་ཞིག་འདི་ལྟ་བུའི་ཞིང་ཡོངས་སུ་དག་པ་དང་། འདི་ལྟ་བུའི་སྐུ་གྱ་ནོམ་པ་སྤྲུལ་ནས་

འཁོར་རྣམས་བྱིན་གྱིས་བརླབས་ཏེ། མཐོང་བར་མཛད་པ་ཡིན་ན། མདོ་སྡེ་གཞན་དག་བཞིན་དུ་གསལ་བར་རབ་ཏུ་དབྱེ་བར་རིགས་ན། བཤད་པ་དེ་ལྟ་བུ་ཡང་མེད་པའི་ཕྱིར། ལོངས་སྤྱོད་རྫོགས་པའི་ཞིང་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་མངོན་ནོ། །ཉན་ཐོས་ལ་

སོགས་པའི་འཁོར་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ནོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ལུས་དེ་ལྟ་བུར་བསྒྱུར་ནས་སངས་རྒྱས་ཀྱི་ཞིང་དང་ཆོས་བཤད་པའི་འཁོར་མཛེས་པར་བྱ་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་འདི་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་

མཐོང་ཞིང་ཐོས་པར་འགྱུར་བ་ཡིན་ན། ཅིའི་ཕྱིར་སྤྲུལ་པའི་སངས་རྒྱས་ཀྱི་ཞིང་འདིར་བསྡུས་ཤིང་གནས་པར་འགྱུར་ཞེ་ན། ཆོས་བརྒྱུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་དང་། དེ་བཞུགས་ནས་འཇིག་རྟེན་པའི་ཆོས་ཐམས་ཅད་ལས་འདས་པར་

རབ་ཏུ་བསྟན་པའི་ཕྱིར་རོ། །དེ་ལྟར་བསྟན་པ་ཡང་གདུལ་བར་བྱ་བ་རྣམས་ལ་མོས་པ་བསྐྱེད་པའི་ཕྱིར་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་ལྟ་བུར་སྐྱེས་ནས། སངས་རྒྱས་དེ་ལྟ་བུར་མཐོང་བ་དང་། ཆོས་དེ་ལྟ་བུ་ཐོས་པར་སྨོན་ལམ་འདེབས་ཤིང་། དེའི་རྒྱུ་བསྒྲུབ་ཏུ་

གཞུག་པའི་ཕྱིར་དང་། རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་དང་བྱང་ཆུབ་སེམས་དཔའ་རྣམས་མགུ་བ་ཁྱད་པར་ཅན་རབ་ཏུ་བསྐྱེད་པའི་ཕྱིར་དང་། ལྷག་པའི་བསམ་པ་ལ་མོས་པ་རྣམས་ལྷག་པའི་བསམ་པའོ། །ཁམས་བསྟན་པར་བྱ་བའི་ཕྱིར་འདིར་བསྡུས་ཤིང་གནས་པར་

เล่ม ๑๑๘ · หน้า 51b

གྱུར་པ་ཡིན་ནོ། །གཞན་ཡང་ཆོས་ཁྱད་པར་ཅན་ཡིན་པས་འདིར་ཐོས་པར་འོས་ཏེ། འོན་ཀྱང་གནས་མཆོག་ཏུ་གྱུར་པ་ནི་མ་ཡིན་ནོ། །སྤྲུལ་པའི་སྐུའི་མཚན་ཉིད་ནི་རགས་པས་དེར་གསུང་བར་མི་རུང་བའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ལོངས་སྤྱོད་རྫོགས་པའི་ཞིང་དུ་

བཞུགས་ནས། ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་པས་འདིར་ཆོས་བརྒྱུད་པ་དག་གིས་བསྡུས་ཤིང་གནས་པར་གྱུར་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་དེར་གསུངས་པའི་ཆོས་ཞེས་མ་བསྟན། གལ་ཏེ་གནས་དང་འཆད་པ་པོ་མ་བསྟན་ན། ཆོས་

འདི་གང་དུ་གང་གིས་བཤད་པ་མི་ཤེས་པས་ཐམས་ཅད་ཐེ་ཚོམ་སྐྱེ་བའི་ཕྱིར་ཞིབ་ཏུ་བཤད་དགོས་ཤེ་ན། ཡང་དག་པའི་དོན་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་མདོ་སྡེ་འདི་གསུངས་པའི་ཚེ། སའི་མདུན་རོལ་གྱི་འཁོར་རྣམས་ཀྱིས་སྤྲུལ་པའི་སྐུ་ཞིང་ཡོངས་སུ་མ་དག་པ་འདིར་

བཞུགས་ནས། དེ་དག་ལ་ཆོས་བཤད་པར་མཐོང་ལ། ས་ལ་གནས་པའི་འཁོར་རྣམས་ཀྱིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བཞུགས་ནས་དེ་དག་ལ་ཆོས་བཤད་པར་མཐོང་སྟེ། ཐོས་པར་མཚུངས་ཀྱང་ལྟ་བ་ཐ་དད་དོ། །ཐམས་ཅད་དགའ་

བ་དང་། མངོན་པར་ཡིད་ཆེས་པ་དང་། ལེན་ཅིང་སྤྱོད་པར་འདྲ་ཡང་ཤེས་པ་ཟབ་མི་ཟབ་དང་། སྤྱོད་པ་ནི་ཐ་དད་དོ། །ཆོས་བརྒྱུད་པ་དག་གིས་སེམས་ཅན་མཆོག་ཐོས་པས་བརྩོན་འགྲུས་ཀྱིས་དེའི་རྒྱུ་སྤྱད་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་སྨོན་ལམ་འདེབས་

པ་དང་། སངས་རྒྱས་ཀྱི་ཡོན་ཏན་དུ་མ་མངོན་དུ་བྱ་བའི་ཕྱིར་ཁྱད་པར་ཅན་དག་གིས་མཐོང་བའི་དབང་དུ་མཛད་ནས་བསྡུས་པས་ན། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ་ན་བཞུགས་ཏེ་ཞེས་བྱ་བ་ནས། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་ཆེར་བསྟན་པའི་བར་དུ་གསུངས་སོ་

ཞེས་འབྱུང་སྟེ། འདིར་མདོ་སྡེ་འདི་ཡང་དག་པའི་དོན་དང་སྦྱར་ཏེ་བཤད་ན་ཡང་འགལ་བ་མེད་དོ། །མདོ་སྡེ་འདིའི་དཔེ་རྣམས་མཐུན་མི་མཐུན་པའི་བཤད་པ་ནི་གོང་དུ་བཤད་པ་བཞིན་ནོ། །ད་ནི་གནས་ཀྱི་དོན་ཡང་དག་པར་བཤད་པ་སྟོན་ཏེ། གནས་ཀྱི་དོན་བསྟན་པ་དེ་ཡང་། དམ་པའི་

เล่ม ๑๑๘ · หน้า 52a

ཆོས་པདྨ་དཀར་པོའི་མདོ་ལས། ཆོས་ཁྱད་པར་ཅན་དུ་བསྟན་པའི་ཕྱིར་བཅོམ་ལྡན་འདས་གནས་ཁྱད་པར་ཅན་ན་བཞུགས་སོ་ཞེས་གསུངས་སོ། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། སེམས་ཅན་བསོད་ནམས་ཅན་དག་འདིར་སྨོས་པར་བྱ་བའི་ཕྱིར་དང་།

དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཕྱིར་སྔར་བཞུགས་པའི་གནས་བསྟན་པ་ཡིན་ནོ་ཞེས་གསུངས་ཏེ། ཡོན་ཏན་བྱིན་གྱིས་རྡོ་རྗེ་གཅོད་པའི་འགྲེལ་པ་བྱས་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་དུས་དང་ཕྱོགས་དང་གང་ཟག་སྨོས་པ་ནི་སེམས་

ཅན་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་ཞེས་འབྱུང་བས་གནས་བསྟན་པ་ཡིན་ནོ། །དེ་ལ་དུས་ནི་མདོ་སྡེ་གསུངས་པའི་དུས་སོ། །ཕྱོགས་ནི་འདི་ལྟ་སྟེ། མདོ་སྡེ་གསུངས་པའི་གནས་སོ། །གང་ཟག་ནི་ཆོས་ཉན་པའི་ཕྱིར་ཏེ། ཉན་ཐོས་ལ་སོགས་པའོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་རྣམ་པ་

གསུམ་གྱིས་བཞུགས་པའི་དོན་བསྟན་ཏེ། སྤྱོད་ལམ་གྱིས་བཞུགས་པ་དང་། འཕགས་པའི་གནས་པས་བཞུགས་པ་དང་། སངས་རྒྱས་ཀྱི་གནས་པས་བཞུགས་པ་སྟེ། དེའི་ཕྱིར་དེ་ཉིད་ལས་བཞུགས་པ་ཇི་ལྟ་བུ་ཞེ་ན། སྐུའི་ལམ་རྣམ་པ་བཞི་སྟེ། བཞུགས་པ་དང་གཟིམས་པ་དང་།

གཤེགས་པ་དང་། བཞེངས་པའི་ཕྱིར་ཡང་བཞུགས་པ་ཞེས་བྱའོ། །གཞན་ཡང་གནས་པ་རྣམ་པ་གསུམ་མོ། །དང་པོ་ནི་ལྷའི་གནས་པ་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་ལྷ་དྲུག་པོ་དག་ནི་གནས་པའི་ཆོས་སོ། །གཉིས་པ་ནི་ཚངས་པའི་གནས་པ་འདི་ལྟ་སྟེ། གཟུགས་དང་གཟུགས་མེད་པའི་

ལྷ་རྣམས་ཀྱི་གནས་པའི་ཆོས་སོ། །གསུམ་པ་ནི་འཕགས་པའི་གནས་པ་འདི་ལྟ་སྟེ། སངས་རྒྱས་དང་རང་སངས་རྒྱས་དང་། དགྲ་བཅོམ་པ་རྣམས་ཀྱི་གནས་པའི་ཆོས་ཏེ། གནས་པ་རྣམ་པ་གསུམ་ལས་དེ་བཞིན་གཤེགས་པ་རྣམས་ནི་འཕགས་པའི་གནས་པ་ལ་བཞུགས་སོ། །གཞན་ཡང་

སྦྱིན་པ་དང་། ཚུལ་ཁྲིམས་དང་དགེ་བའི་སེམས་ཀྱི་དངོས་པོ་གསུམ་ནི་ལྷའི་གནས་པ་ཞེས་བྱའོ། །ཚད་མེད་པའི་སེམས་བཞི་ནི་ཚངས་པའི་གནས་པ་ཞེས་བྱའོ། །སྟོང་པ་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་འཕགས་པའི་གནས་པ་ཞེས་བྱའོ། །གནས་པ་ལས་སངས་

เล่ม ๑๑๘ · หน้า 52b

རྒྱས་ཀྱི་གནས་པ་རྣམ་པ་བཞིར་འགྱུར་ཏེ། ལྷ་དང་ཚངས་པ་དང་། འཕགས་པ་དང་སངས་རྒྱས་ཀྱི་གནས་པ་སྟེ། གནས་པ་གསུམ་ནི་སྔ་མ་བཞིན་ནོ། །དེ་ལ་སངས་རྒྱས་ཀྱི་གནས་པ་ནི་དཔའ་བར་འགྲོ་བ་ལ་སོགས་པ་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་ཚད་མེད་པ་དང་། སྟོབས་བཅུ་དང་

མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཤེས་རབ་སྣ་ཚོགས་པ་དང་ཆོས་ཀྱི་སྡེ་སྣོད་བརྒྱད་ཁྲི་བཞི་སྟོང་སེམས་ཅན་སྒྲོལ་བའི་སྒོ་རྣམས་དང་འདི་ལ་སོགས་པ་ཡོན་ཏན་རྣམ་པ་སྣ་ཚོགས་ནི་སངས་རྒྱས་གནས་པར་བྱ་བ་

ཡིན་པས། སངས་རྒྱས་དེར་བཞུགས་པའི་ཕྱིར་སངས་རྒྱས་ཀྱི་གནས་པ་ཞེས་བྱའོ་ཞེས་འབྱུང་བའོ། །སློབ་དཔོན་ཡང་དག་བདེན་པས་དངོས་པོ་བདུན་གྱི་བརྗེད་བྱང་བྱས་པ་ལ་ནི་དོན་རྣམ་པ་བརྒྱད་ཀྱིས་བཞུགས་པར་བཤད་དེ། དེ་ལ་སྤྱོད་ཡུལ་ལ་བཞུགས་པ་ནི་འདི་ལྟ་སྟེ། ཡུལ་ཆེན་

པོ་བཅུ་དྲུག་པ་ཐམས་ཅད་ཀྱིས་ཡོ་བྱད་རྣམ་པ་བཞིས་མཆོད་པ་བྱས་པའི་གནས་རྣམས་ནི་དེ་བཞིན་གཤེགས་པས་བགྲོད་པའི་ཡུལ་ཡིན་པའི་ཕྱིར་སྤྱོད་ཡུལ་ཞེས་བྱའོ། །རྟེན་གྱི་གནས་སུ་བཞུགས་པ་ནི་འདི་ལྟ་སྟེ། དགེ་འདུན་གྱི་ཀུན་དགའ་ར་བ་ཐམས་ཅད་དང་། བྱ་རྒོད་ཕུང་པོའི་རི་

དང་། ཀ་ལན་ད་ཀའི་ཚལ་ལ་སོགས་པའི་གནས་ན་བཞུགས་པའོ། །སྤྱོད་ལམ་གྱིས་བཞུགས་པ་ནི་འདི་ལྟ་སྟེ། གཤེགས་པ་དང་། བཞེངས་པ་དང་། བཞུགས་པ་དང་། གཟིམས་པའི་སྤྱོད་ལམ་གྱིས་བཞུགས་སོ། །སྐུ་ཚེ་མ་སྤངས་པའི་བཞུགས་པ་ནི་འདི་ལྟ་སྟེ། མངོན་སུམ་དུ་

བཞུགས་ཤིང་མྱ་ངན་ལས་མ་འདས་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་པ་ལ་སོགས་པ་ཆ་རྣམ་པ་ལྔའི་ཆོས་ཀྱི་སྐུ་ལ་གནས་པའོ། །ཚངས་པའི་བཞུགས་པ་ནི་འདི་ལྟ་སྟེ། ཚད་མེད་པ་རྣམ་པ་བཞིའི་སེམས་ཏེ། དེ་བཞིན་གཤེགས་པ་ནི་ཐུགས་རྗེ་ཆེན་པོའི་སེམས་ལ་གནས་

པའི་ཕྱིར། ཚངས་པའི་གནས་པ་ཞེས་བྱའོ། །ལྷའི་བཞུགས་པ་ནི་འདི་ལྟ་སྟེ། བསམ་གཏན་བཞི་པོ་རྣམས་ཏེ། བསམ་གཏན་བཞི་པོ་མཆོག་ཏུ་གྱུར་པའི་དེ་བཞིན་གཤེགས་པ་ནི་དེ་ལ་གནས་སོ། །འཕགས་པའི་བཞུགས་པ་ནི་འདི་ལྟ་སྟེ། རྣམ་པར་ཐར་པའོ། །རྣམ་པར་ཐར་པ་ཡང་

เล่ม ๑๑๘ · หน้า 53a

རྣམ་པ་བཞི་ཡོད་དོ། དང་པོ་ནི་སེམས་མེད་པའི་ཏིང་ངེ་འཛིན་དུ་བཞུགས་པ་སྟེ། རེ་ཞིག་སྡུག་བསྔལ་བཀག་པའོ། །གཉིས་པ་ནི་སྟོང་པ་ཉིད་ཏིང་ངེ་འཛིན་དུ་བཞུགས་པ་སྟེ། ལྟ་བ་རྣམས་བཀག་པའོ། །གསུམ་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་དུ་བཞུགས་

པ་སྟེ། འདོད་ཆགས་བཀག་པའོ། །བཞི་པ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་དུ་བཞུགས་པ་སྟེ། སྐུར་པ་རྣམ་པ་བཞི་བཀག་པའོ། །བཅོམ་ལྡན་འདས་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ། སེམས་ཀྱི་ཉོན་མོངས་པ་གཏན་ནས་ཟད་པའོ། །སངས་རྒྱས་ཀྱི་བཞུགས་པ་ནི་

འདི་ལྟ་སྟེ། སངས་རྒྱས་ནི་སྐྱེ་བ་མེད་པ་འགག་པ་མེད་པ་གནས་པ་མེད་པའི་ཆོས་ལ་གནས་པའི་ཕྱིར་སངས་རྒྱས་ཀྱི་གནས་པ་ཞེས་བྱའོ། །སྐུ་གསུམ་དང་སྦྱར་ཏེ་རྣམ་པར་དབྱེ་ན། གནས་པ་སྔ་མ་གསུམ་ནི་སྤྲུལ་པའི་སྐུའོ། །བར་མ་གསུམ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐ་མ་

གཉིས་ནི་ཆོས་ཀྱི་སྐུའོ། །དེ་ལ་སྐུ་སྔ་མ་གཉིས་ནི་གནས་པའོ། །ཕྱི་མ་ཆོས་ཀྱི་སྐུ་ནི་གནས་པར་བྱ་བ་སྟེ། མདོ་སྡེ་ཐམས་ཅད་ཕལ་ཆེར་གནས་པ་བརྒྱད་པོ་དེ་དག་ལས་སྔ་མ་གཉིས་པོ་སྤྱོད་ཡུལ་ལ་བཞུགས་པས་ནི་ཁྱིམ་པ་རྣམས་འདུལ་བར་མཛད་དོ། །རྟེན་གྱི་གནས་སུ་བཞུགས་

པས་ནི་རབ་ཏུ་བྱུང་བ་རྣམས་འདུལ་བར་མཛད་དོ་ཞེས་གསུངས་ཏེ། སྤྱི་དང་བྱེ་བྲག་གི་གནས་གཉིས་སྨོས་པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་གནས་ཀྱི་ཚིག་ནི་དོན་རྣམ་པར་བཤད་པ་ཡང་ཚིག་བཅུ་དགུར་ཞིང་ཡོངས་སུ་དག་པ་དེའི་ཕུན་སུམ་ཚོགས་པ་རྣམ་པ་བཅོ་བརྒྱད་སྟོན་པར་མཛད་

དེ། ཕུན་སུམ་ཚོགས་པ་བཅོ་བརྒྱད་པོ་དེ་དག་ཉིད་ཀྱིས་རྣམ་པ་བཅོ་བརྒྱད་དུ་དབྱེའོ། །རྣམ་པ་བཅོ་བརྒྱད་ནི་སངས་རྒྱས་སའི་འགྲེལ་པ་ལས་ཇི་སྐད་དུ་འདིས་ནི་དེ་བཞིན་གཤེགས་པའི་གནས་ཕུན་སུམ་ཚོགས་པ་བསྟན་ཏེ། འདི་ལྟ་སྟེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །འདི་ལྟར་

ཞིང་ཡོངས་སུ་དག་པ་འདི་ཡང་ཕུན་སུམ་ཚོགས་པའི་དངོས་པོ་བཅོ་བརྒྱད་ཀྱི་དབང་གིས་ན་ཕུན་སུམ་ཚོགས་པ་ཞེས་བྱའོ། །འདི་ལྟ་སྟེ་ཁ་དོག་ཕུན་སུམ་ཚོགས་པ་དང་། དབྱིབས་ཕུན་སུམ་ཚོགས་པ་དང་། ཚད་ཕུན་སུམ་ཚོགས་པ་དང་། ཡུལ་ཕུན་སུམ་ཚོགས་པ་དང་། རྒྱུ་

เล่ม ๑๑๘ · หน้า 53b

ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། བདག་པོ་ཕུན་སུམ་ཚོགས་པ་དང་། ཕྱོགས་ཕུན་སུམ་ཚོགས་པ་དང་། ཞབས་འབྲིང་བ་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། ཕྲིན་ལས་ཕུན་སུམ་ཚོགས་པ་དང་། ཕན་འདོགས་པ་ཕུན་སུམ་

ཚོགས་པ་དང་། མི་འཇིགས་པ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། ལམ་ཕུན་སུམ་ཚོགས་པ་དང་། བཞོན་པ་ཕུན་སུམ་ཚོགས་པ་དང་། སྒོ་ཕུན་སུམ་ཚོགས་པ་དང་། གཞི་ཕུན་སུམ་ཚོགས་པ་དང་། དེ་ཡང་ཚིག་བཅུ་དགུ་གོ་རིམས་བཞིན་དུ་ཕུན་སུམ་ཚོགས་

པ་བཅོ་བརྒྱད་ཡོངས་སུ་སྟོན་ཏོ། འདི་ནི་ཡུལ་ཕུན་སུམ་ཚོགས་པའོ། །རབ་ཏུ་བརྒྱན་པ་ནི་གཞལ་མེད་ཁང་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱ་སྟེ། བཅོམ་ལྡན་འདས་དེ་ལྟ་བུའི་གཞལ་མེད་ཁང་ཆེན་པོ་ན་བཞུགས་ནས་མདོ་སྡེ་འདི་གསུངས་སོ། །བསྟན་བཅོས་རྣམས་

ལས་ཀྱང་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མཛད་པ་ལས། མདོ་སྡེ་ལས་འབྱུང་བའི་ཕུན་སུམ་ཚོགས་པ་བཅོ་བརྒྱད་རྣམ་པར་བཤད་དེ། ཡི་གེ་ཐད་ཀར་བབ་པའི་ཚེ་བཤད་པར་བྱའོ། །དེ་ལ་ཕུན་སུམ་ཚོགས་པ་དང་པོ་ཡང་མདོ་ཚིག་

གཉིས་ཀྱིས་བསྟན་ཏེ། དང་པོ་ཁ་དོག་གི་གཟུགས་བསྟན་པ་ནི། རིན་པོ་ཆེ་སྣ་བདུན་བཀོད་པ་ཞེས་གསུངས་པའོ། །གཉིས་པ་འོད་ཟེར་འབྱུང་བ་ནི་འཇིག་རྟེན་གྱི་ཁམས་རྒྱས་པར་འགེངས་པའོ་ཞེས་གསུངས་པའོ། །དེ་ལ་ཚིག་ཅེས་བྱ་བ་ནི་དོན་ཡོངས་སུ་རྫོགས་པར་བསྟན་པ་ལ་ཚིག་

བྱའི་ཡི་གེའི་གྲངས་ལ་ཚིག་ཅེས་བྱ་བ་ནི་མ་ཡིན་ཏེ། ཚིག་གཞན་བཅོ་བརྒྱད་པོ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་རིག་པར་བྱའོ། །མདོའི་ཚིག་དང་པོ་དེ་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་རྣམ་པ་གཉིས་སུ་བཤད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། འདི་ལྟར་གཞལ་མེད་ཁང་ཆེན་

པོ་དེ་མཆོག་ཏུ་འབར་བའི་རིན་པོ་ཆེ་སྣ་བདུན་དག་གིས་བཀད་པ་བརྒྱན་པའོ། །ཡང་ན་གཞལ་མེད་ཁང་ཆེན་པོའི་ཁྱད་པར་རིན་པོ་ཆེ་སྣ་བདུན་པོ་དེ་དག་མཆོག་ཏུ་འབར་བའོ་ཞེས་འབྱུང་སྟེ། ངོ་བོ་ཉིད་མེད་ཀྱིས་བྱས་པའི་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །སློབ་དཔོན་དབྱིག་

เล่ม ๑๑๘ · หน้า 54a

གཉེན་རྣམ་པར་མ་བཤད་པ་ནི་གོ་སླ་བའི་ཕྱིར་རོ། །དེ་ལ་རིན་པོ་ཆེ་སྣ་བདུན་ནི་སངས་རྒྱས་ཀྱིས་ཡོངས་སུ་དག་པའི་བསྔགས་པ་བརྗོད་པའི་མདོ་ལས་ཇི་སྐད་དུ། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། སྤུག་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། ཀེ་ཀེ་རུ་

ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་མདོ་འདི་དང་མཐུན་པར་འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པའི་བཤད་པ་ལས་གསེར་ནི་རིན་པོ་ཆེ་ཁ་དོག་སེར་པོའོ། །དངུལ་ནི་རིན་པོ་ཆེ་ཁ་དོག་དཀར་པོའོ། །བཻ་ཌཱུརྱ་ནི་རིན་པོ་ཆེ་ཁ་དོག་སྔོན་པོའོ། །བསྲེགས་

ན་ཡང་མི་འཇིག་སྟེ། ལྷ་མ་སྲིན་མཐུ་དང་ལྡན་པ་དག་གིས་གདོད་བཞུ་ནས་སྣོད་སྤྱད་དག་ཏུ་བྱེད་པར་ནུས་སོ། །ཡང་ན་བྱ་གསེར་འདབ་ཅན་གྱི་སྒོ་ང་བཞི་ཡིན་ནོ། །སྤུག་ནི་རིན་པོ་ཆེ་ཁ་དོག་ལྗང་སེར་ཅན་ནོ་ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་ལོ་སྟོང་འདས་

པའི་ཆབ་རོམ་ནི་སྤུག་ཏུ་འགྱུར་རོ་ཞེས་བཤད་དོ། །མུ་ཏིག་དམར་པོ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་སྲོག་ཆགས་དམར་པོ་ལས་བྱུང་བའི་ཕྱིར། མུ་ཏིག་དམར་པོ་ཞེས་བྱ་སྟེ། ངོ་བོ་ཉིད་དམར་བའི་ཕྱིར་མུ་ཏིག་དམར་པོ་ཞེས་བཤད་དོ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བཤད་པ་ལས་ཀྱང་འདི་དང་

མཐུན་པར་འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པས་བཤད་པ་ལས་ནི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞེས་འབྱུང་ངོ་། །རྡོའི་སྙིང་པོ་ནི་སློབ་དཔོན་ཡང་དག་བདེན་པས་རིན་པོ་ཆེ་ཁ་དོག་དམར་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས།

རྡོའི་སྙིང་པོ་ནི་ཨནྡ་རྙིལ་དང་། མཐོན་ཀ་ཆེན་པོ་ལ་སོགས་པའོ་ཞེས་འབྱུང་སྟེ། དེ་ལ་ཨནྡ་རྙིལ་ནི་ལྷའི་དབང་པོའི་རིན་པོ་ཆེ་ཁ་དོག་སྔོན་པོའོ། །མཐོན་ཀ་ཆེན་པོ་ནི་ལྷའི་དབང་པོའི་རིན་པོ་ཆེ་ཁ་དོག་སྔོན་པོ་མཆོག་ཏུ་གྱུར་པའོ། །ཀེ་ཀེ་རུ་ནི་སློབ་དཔོན་ཡང་དག་བདེན་པས་རིན་པོ་ཆེ་ལྗང་སྔོན་ནོ་ཞེས་བཤད་དོ། །

གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། རིན་པོ་ཆེ་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། མིའི་རིན་པོ་ཆེ་དང་། ལྷའི་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའི་རིན་པོ་ཆེའོ། །དེ་ལ་མིའི་རིན་པོ་ཆེ་ནི་མཐུ་ཆུང་སྟེ། ཡོངས་སུ་དག་པའི་ཁ་དོག་དང་ལྡན་པས། དུག་དང་གདོན་དང་

เล่ม ๑๑๘ · หน้า 54b

མུན་པ་དང་བཀྲེས་པ་དང་། སྐོམ་པ་དང་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་སེལ་བར་བྱེད་དོ། །ལྷའི་རིན་པོ་ཆེ་ནི་ཆེན་པོ་ཡང་ཡིན། མཆོག་ཀྱང་ཡིན་པས་རྟག་པར་ལྷའི་ལུས་ཀྱི་རྗེས་སུ་འབྲང་བ་དང་། མངགས་པ་དང་། སྨྲར་རུང་བ་དང་། ཡང་ཞིང་མི་ལྕི་བའོ། །བྱང་ཆུབ་སེམས་

དཔའི་རིན་པོ་ཆེ་མིའི་རིན་པོ་ཆེ་ལས་མཆོག་ཏུ་གྱུར་པ་དང་། གཞན་ཡང་ལྷའི་རིན་པོ་ཆེ་ལས་མཆོག་ཏུ་གྱུར་པ་དང་། གཞན་ཡང་ལྷའི་དང་མིའི་རིན་པོ་ཆེ་ནི་གཉིས་ཀྱིས་ནུས་པ་དང་ལྡན་པ་དང་། གཞན་ཡང་སེམས་ཅན་དག་འཆི་བར་འགྱུར་བ་རྟོགས་ཤིང་འདི་དེའི་རྒྱུ་དང་རྐྱེན་གྱི་ཐོག་མ་

དང་ཐ་མའོ་ཞེས་ཤེས་པར་བྱེད་པ་དང་། གཞན་ཡང་ཆོས་ཀྱི་སྒྲ་སྐད་རྣམ་པ་སྣ་ཚོགས་འབྱུང་ངོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །གཞན་ཡང་དེ་ཉིད་ལས་རིན་པོ་ཆེ་དེ་དག་གང་ནས་བྱུང་ཞེ་ན། སྨྲས་པ་གསེར་ནི་རི་དང་རྡོ་དང་བྱེ་མ་དང་ཟངས་དམར་པོ་ལས་འབྱུང་ངོ་། །མུ་ཏིག་

ནི་ཉའི་ཁོག་པ་དང་། རྒྱུ་མ་དང་སྦྲུལ་གྱི་གླད་པའི་ནང་ནས་འབྱུང་ངོ་། །ཀླུའི་ནོར་བུ་ནི་ཀླུའི་གླད་པའི་ནང་ནས་འབྱུང་ངོ་། །བྱི་རུ་ནི་རྒྱ་མཚོའི་ནང་ནས་འབྱུང་ངོ་། །དངུལ་ནི་རྡོ་བསྲེགས་པ་ལས་འབྱུང་ངོ་། །བཻ་ཌཱུརྱ་དང་སྤུག་ལ་སོགས་པ་གཞན་དག་ནི། རིའི་ཕུག་ནས་འབྱུང་ངོ་། །ཡིད་

བཞིན་གྱི་ནོར་བུ་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་ལས་འབྱུང་སྟེ། ནམ་ཆོས་ནུབ་པར་གྱུར་པའི་ཚེ། རིང་བསྲེལ་རྣམས་ཡིད་བཞིན་གྱི་ནོར་བུར་འགྱུར་ཏེ། ཇི་ལྟར་ལོ་སྟོང་འདས་པའི་ཆབ་རོམ་སྤུག་ཏུ་འགྱུར་བ་བཞིན་ནོ། །འདི་ལྟ་བུ་ལ་སོགས་པའི་རིན་པོ་ཆེ་རྣམས་ནི་མིའི་རིན་པོ་ཆེ་ཕལ་

ཆེ་བའོ། །འདིར་ཡོངས་སུ་བརྒྱན་པ་དག་ནི་ཤིན་ཏུ་ཁྱད་པར་ཅན་དུ་གྱུར་པ་དག་ཡིན་པས། ལྷ་རྣམས་ཀྱིས་ཐོབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་ཆེན་པོ་ལས་རབ་ཏུ་བྱུང་བའི་ཕྱིར་རོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པའི་དཔེ་མི་མཐུན་པ་ཁ་ཅིག་ལས་རིན་པོ་

ཆེ་སྣ་བདུན་པོ་ཐམས་ཅད་ནི་རྡོའི་རིགས་སུ་གཏོགས་པ་ཡིན་ནོ་ཞེས་བཤད་དོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ་ཞེས་བྱ་བས་ནི་ཚིག་གཉིས་པོ་འོད་ཟེར་རྒྱས་པར་འགེངས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་

เล่ม ๑๑๘ · หน้า 55a

ལས། གཞན་ཡང་ལོངས་སྤྱོད་པའི་ཞིང་ནི་རང་གི་ངོ་བོ་ཉིད་ཀུན་དུ་ཁྱབ་པ་མ་ཡིན་ཡང་། འདིར་འོད་ཟེར་གྱིས་ཀུན་དུ་འགེངས་པར་བྱེད་ལ། ཉིད་ཀྱིས་ལོངས་སྤྱོད་པའི་ཞིང་ནི་རང་གི་ངོ་བོ་ཀུན་དུ་ཁྱབ་པའི་ཕྱིར། འོད་ཟེར་གྱིས་ཀུན་དུ་གསལ་བར་བྱེད་དོ་ཞེས་འབྱུང་

ངོ་། །སློབ་དཔོན་དབྱིག་གཉེན་གྱིས་འགྲེལ་པ་ལས་ནི་འདི་ལྟར་སྔར་བསྟན་པའི་རིན་པོ་ཆེ་སྣ་བདུན་ལས་འོད་ཟེར་འབྱུང་བས་ཀུན་དུ་གསལ་བར་གྱུར་པ་ཡིན་ནོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་གོང་མའི་རྣམ་པར་བཤད་པ་གསུམ་ཆར་དང་ལྡན་

ནོ། །གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པར་རྣམ་པར་གནས་པ་ཞེས་བྱ་བས་ནི་གཉིས་པ་དབྱིབས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་གནས་ཐ་དད་པ་ཞེས་བྱ་བ་ནི་ཟབ་དར་གྱི་གུར་ལ་སོགས་པ་ལྟ་བུའོ། །ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་མེ་ཏོག་གི་རི་མོའི་རྣམ་པ་ལ་

སོགས་པ་ལྟ་བུའོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདི་ལྟར་གཞལ་མེད་ཁང་ཆེན་པོའི་ཤིན་ཏུ་རྣམ་པར་ཕྱེ་བ་དག་གིས་གནས་ཐ་དད་པ་ཚད་མེད་པར་ཕྱེ་བའམ། ཡང་ན་གཞལ་མེད་ཁང་ཆེན་པོ་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་མེད་པ་དག་གནས་ཐ་དད་པ་རབ་ཏུ་དབྱེ་

བའོ། །ཚད་མེད་པ་ཞེས་བྱ་བ་ནི་གྲངས་ཚད་མེད་པ་མངའ། ཡང་ན་གནས་ཚད་མེད་པའོ་ཞེས་བཤད་དེ། འདིར་གྲངས་ཚད་མེད་པ་ཞེས་བྱ་བས་ནི་སྔ་མ་བཞིན་དུ་རྣམ་པར་ཕྱེ་བ་ཚད་མེད་པ་བཟླས་ཏེ་བཤད་པའོ། །གནས་ཚད་མེད་པ་ཞེས་བྱ་བས་ནི་སྔ་མའི་གནས་ཚད་མེད་པ་ཐ་དད་པ་

བཟླས་ཏེ་བཤད་པའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཀྱང་ཉེ་བའི་འོད་དང་མཐུན་པར་བཤད་དོ། །དེ་ཡན་ཆད་དུ་ཁ་དོག་དང་དབྱིབས་རྣམ་པ་སྣ་གཉིས་བཤད་ཟིན་ཏེ། གཟུགས་འདི་གཉིས་ལ་བྱེ་བྲག་ཡོད་པ་ཡང་མཛོད་ཀྱི་བསྟན་བཅོས་ལ་སོགས་པ་ལས་སྒོ་རྣམ་པ་གཉིས་ཀྱིས་

རྣམ་པར་འབྱེད་དེ། གཟུགས་རྣམ་པ་ཉི་ཤུ་རྩ་གཅིག་དང་སྦྱར་ནས། ཁ་དོག་དང་དབྱིབས་ཕན་ཚུན་ལྟོས་པའི་མུ་བཞིས་རྣམ་པར་དབྱེ་བའོ། །དེ་ལ་གཟུགས་རྣམ་པ་ཉི་ཤུ་ཁ་དོག་དང་དབྱིབས་བསྟན་པ་ནི་མཛོད་ཀྱི་བསྟན་བཅོས་ཚིག་ལེའུར་བྱས་པ་ལས་ཇི་སྐད་དུ། གཟུགས་རྣམ་

เล่ม ๑๑๘ · หน้า 55b

གཉིས་དང་རྣམ་པ་ཉི་ཤུ་ཞེས་འབྱུང་བ་སྟེ། དེ་ཉིད་ཀྱི་འགྲེལ་པ་ལས། དེ་ལ་གཟུགས་རྣམ་པ་གཉིས་ཞེས་བྱ་བ་ནི་འདི་ལྟ་སྟེ། ཁ་དོག་དང་དབྱིབས་རྣམ་པ་གཉིས་སོ། །ཁ་དོག་དང་གཟུགས་ཀྱང་རྣམ་པ་བཞི་ཡོད་དེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ། །

ཁ་དོག་བཞི་ནི་གཟུགས་འདི་བཞིའི་དབྱེ་བ་ལས་སོ། །དབྱིབས་ནི་རྣམ་པ་བརྒྱད་དེ། འདི་ལྟ་སྟེ། རིང་པོ་དང་། ཐུང་ངུ་དང་། ལྷམ་པ་དང་། ཟླུམ་པོ་དང་། མཐོ་བ་དང་། དམའ་བ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པའོ། །གཞན་ཡང་རྣམ་པ་ཉི་ཤུ་འདི་ལྟ་སྟེ། སྔོན་པོ་དང་།

སེར་པོ་དང་། དམར་པོ་དང་། དཀར་པོ་དང་། འོད་དང་། གྲིབ་མ་དང་། སྣང་བ་དང་། མུན་པ་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། རིང་པོ་དང་ཐུང་ངུ་དང་། ལྷམ་པ་དང་། ཟླུམ་པོ་དང་། མཐོ་བ་དང་། དམའ་བ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པའོ་ཞེས་

བཤད་དོ། །སློབ་དཔོན་ཁ་ཅིག་ནི་ནམ་མཁའ་ཁ་དོག་གཅིག་པའི་གཟུགས་སོ་ཞེས་ཀྱང་བཤད་དོ། །བམ་པོ་ཉི་ཤུ་རྩ་གཅིག་པ་ལས་གཟུགས་རྣམས་ཀྱི་མཚན་ཉིད་རྒྱ་ཆེར་རྣམ་པར་བཤད་དེ། དེ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་མུ་བཞིས་བསྟན་པ་ནི་བསྟན་

བཅོས་དེ་ཉིད་ལས་ཇི་སྐད་དུ་གཟུགས་ཀྱི་སྐྱེ་མཆེད་ཁ་ཅིག་ནི་ཁ་དོག་ཡོད་ལ། དབྱིབས་མེད་པ་ཡང་ཡོད་དེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། གྲིབ་མ་དང་། འོད་དང་། སྣང་བ་དང་མུན་པ་རྣམས་སོ། །གཟུགས་ཀྱི་སྐྱེ་མཆེད་ཁ་ཅིག་ནི་དབྱིབས་

ཡོད་ལ་ཁ་དོག་མེད་པ་ཡང་ཡོད་དེ། འདི་ལྟ་སྟེ་རིང་བ་ལ་སོགས་པ་དང་། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ལས་ཀྱི་ངོ་བོ་ཉིད་ཀྱི་ཕྱོགས་གཅིག་གོ། །གཟུགས་ཀྱི་སྐྱེ་མཆེད་ཁ་ཅིག་ནི་ཁ་དོག་དང་དབྱིབས་གཉི་ག་ཡོད་པ་ཡང་ཡོད་དེ། འདི་ལྟ་སྟེ། དེ་ལས་གཞན་པའི་གཟུགས་རྣམས་

སོ། །མུ་བཞི་པོ་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། དེ་ལ་དང་པོ་ནི་སློབ་དཔོན་ཡང་དག་བདེན་པས་འདི་སྐད་དུ་ཁ་དོག་ཡིན་ལ་དབྱིབས་མ་ཡིན་པ་ནི་རི་རབ་ཀྱི་ངོས་བཞིའི་ནམ་མཁའ་ཁ་དོག་སྔོན་པོ་ལ་སོགས་པའི་ཁ་དོག་གི་གཟུགས་རྣམས་སོ། །དབྱིབས་ཡིན་ལ་ཁ་དོག་མ་ཡིན་

เล่ม ๑๑๘ · หน้า 56a

པ་ནི་འདི་ལྟ་སྟེ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་སོ། །ཁ་དོག་ཀྱང་ཡིན་ལ་དབྱིབས་ཀྱང་ཡིན་པ་ནི་རྩིག་པ་ལ་སོགས་པའི་སྔོན་པོ་དང་སེར་པོ་ལ་སོགས་པའི་གཟུགས་རྣམས་སོ། །ཁ་དོག་ཀྱང་མ་ཡིན་དབྱིབས་ཀྱང་མ་ཡིན་པ་ནི་རྣམ་པར་རིག་བྱེད་མ་

ཡིན་པའི་གཟུགས་སོ་ཞེས་བཤད་དོ། །གཉིས་པ་ནི་སློབ་དཔོན་ཧྱན་ཙང་གིས་ཤེས་པ་སྐྱེ་བའི་དབང་དུ་བྱས་ནས་མུ་བཞིར་རྣམ་པར་འབྱེད་དེ་ཇི་ལྟར་རས་དཀར་པོ་ཡུག་གཅིག་སྔོན་པོར་འཇེར་བའི་ཚེ། དབྱིབས་ལས་གྱུར་པ་མེད་པས། ཁ་དོག་གི་ཤེས་པ་བསྐྱེད་མོད་ཀྱི་དབྱིབས་ཀྱི་ཤེས་

པ་ཡང་སྐྱེ་སྟེ། འདི་ལྟ་བུ་ནི་ཁ་དོག་ཡིན་ལ་དབྱིབས་མ་ཡིན་པ་ཞེས་བྱའོ། །གལ་ཏེ་དྲངས་ནས་འཚེར་བར་མི་བྱེད་ན་ནི་དབྱིབས་ཁོ་ནའི་ཤེས་པ་སྐྱེའི། ཁ་དོག་གི་ཤེས་པ་ནི་མི་སྐྱེ་སྟེ། འདི་ལྟ་བུའི་དབྱིབས་ཡིན་ལ་ཁ་དོག་མ་ཡིན་པའོ། །གལ་ཏེ་ཁ་དོག་བསྒྱུར་ཏེ་འདྲ་བར་ཡང་

བྱེད་ན་ནི་དབྱིབས་དང་ཁ་དོག་གཉི་གའི་ཤེས་པ་སྐྱེས་ཏེ། བསྟན་བཅོས་ཡང་དག་པའི་རིགས་པ་ལས་ཇི་སྐད་དུ། རྒྱང་ནས་རྩིག་པ་ནག་པོ་མཐོང་ནས་འདི་སྙམ་དུ་འདི་ནི་བྱ་རོག་ཡིན་གྱི། རྩིག་པ་ནི་མ་ཡིན་ཏེ། རྩིག་པ་ནི་བྱ་རོག་ལ་སོགས་པ་མ་ཡིན་ནོ་སྙམ་དུ་སེམས་སོ་ཞེས་བཤད་

པ་འདི་ལྟ་བུ་ནི་ཁ་དོག་ཀྱང་ཡིན་དབྱིབས་ཀྱང་ཡིན་པའོ་ཞེས་བྱའོ། །ཁ་དོག་ཀྱང་མ་ཡིན་དབྱིབས་ཀྱང་མ་ཡིན་པ་ནི་ནམ་མཁའི་ཁམས་ཀྱི་གཟུགས་ལ་སོགས་པའོ་ཞེས་བཤད་དོ། །མུ་བཞི་པོ་དེ་དག་ཀྱང་སོ་སོ་ནས་བཤད་པ་མི་མཐུན་པས་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བཤད་

པ་རྣམ་པ་གཉིས་ཡོད་དོ། །ཁ་ཅིག་ནི་འདི་སྐད་དུ་ནམ་མཁའི་ཁམས་ཀྱི་གཟུགས་ནི་མུ་བཞི་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ནི་ཁ་དོག་ཀྱང་མ་ཡིན་པ་དབྱིབས་ཀྱང་མ་ཡིན་པ་ནི་མེད་དོ་ཞེས་བཤད་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་སྦྱར་ན། སྒྲ་དང་དྲི་དང་རོ་དང་

རེག་བྱ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་མུ་བཞི་པ་ཡིན་ནོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་ཤེས་པའི་ཆོས་ཀྱི་གནས་ཞེས་བྱ་བ་ལས། དབང་པོ་ལྔ་དང་ཡུལ་རྣམ་པ་བཞི་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་མུ་བཞི་པ་ཡིན་ནོ་ཞེས་བཤད་དོ། །

เล่ม ๑๑๘ · หน้า 56b

གཞན་ཡང་མཛོད་ཀྱི་བསྟན་བཅོས་ལས་སློབ་དཔོན་ཁ་ཅིག་འདི་སྐད་དུ། འོད་དང་སྣང་བའི་གཟུགས་ཁོ་ན་འབའ་ཞིག་ལ་ཁ་དོག་ཡོད་ཀྱི་དབྱིབས་ནི་མེད་དེ། འདི་ལྟར་འཇིག་རྟེན་ན་སྔོན་པོ་ལ་སོགས་པའི་གཟུགས་ལ་རིང་པོ་ལ་སོགས་པའི་མངོན་སུམ་དུ་དམིགས་པའི་ཕྱིར་རོ་

ཞེས་བཤད་དོ། །ཐམས་ཅད་ཡོད་པར་སྨྲ་བ་དབྱིབས་དང་ཁ་དོག་གི་ངོ་བོ་ཉིད་རྣམ་པར་བཤད་པ་ལས་ཁ་དོག་ཀྱང་ཡིན་དབྱིབས་ཀྱང་ཡིན་ཞེས་བྱ་བ་དེས་ཇི་ལྟར་བཤད། མཛོད་ཀྱི་བསྟན་བཅོས་ལས་འདིའི་དྲིས་པ་དང་ལྡན་པ་ཡོད་དེ། དེའི་ཕྱིར་བསྟན་བཅོས་དེ་ལས་ཇི་ལྟར་དངོས་

པོ་གཅིག་པ་ཁ་དོག་དང་དབྱིབས་གཉི་ག་དང་ལྡན་པ་ཡོད། འདི་གཉི་ག་དམིགས་པའི་ཕྱིར་ཏེ། དེ་ལ་ཡོད་ཅེས་བྱ་བ་ཡང་ཤེས་པ་ཡོད་པའི་དོན་གྱིས་ཡིན་གྱི། ཡུལ་ཡོད་པའི་དོན་གྱིས་ནི་མ་ཡིན་ནོ་ཞེས་འབྱུང་སྟེ། ཐམས་ཅད་ཡོད་པར་སྨྲ་བ་ལས་ལན་དུ་གནས་གཅིག་ཏུ་

ཤེས་པར་འདྲེན་མར་སྐྱེ་བའི་ཕྱིར། ཁ་དོག་དང་དབྱིབས་ཞེས་བྱའི། དངོས་པོ་གཅིག་ལ་ཡུལ་གཉིས་ཡོད་པའི་དོན་གྱིས་ནི་མ་ཡིན་ནོ་ཞེས་བཤད་དེ། སློབ་དཔོན་ཧྱན་ཙང་གིས་ཀྱང་འདི་ལ་བརྟེན་ནས་འདི་སྐད་དུ་བཤད་པ་ཡིན་ནོ། །མུ་བཞི་ཞིབ་ཏུ་བཤད་པ་ནི་བྱེ་བྲག་ཏུ་བཤད་པ་

ཆེན་པོ་ལས་འབྱུང་བ་བཞིན་ནོ། །འདིར་ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན་གྲངས་མང་ཉུང་གིས་བསྟན་པ་ཡང་བསྟན་བཅོས་རྣམས་ལས་མི་མཐུན་ཏེ། རྣལ་འབྱོར་སྤྱོད་པའི་ས་ལས་ནི་གཟུགས་རྣམ་པ་ཉི་ཤུ་རྩ་བཞི་ཡོད་དོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་དེ་ཡང་རྣམ་པ་དུ་

མར་ཡོད་དེ། མདོར་ན་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ། །ཁ་དོག་ནི་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན་པ་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། ནམ་མཁའ་

ཁ་དོག་གཅིག་པའོ། །དབྱིབས་ནི་འདི་ལྟ་སྟེ། རིང་པོ་དང་། ཐུང་ངུ་དང་། ལྷམ་པ་དང་། ཟླུམ་པོ་དང་། རྡུལ་ཕྲ་མོ་དང་། རགས་པ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པ་དང་། མཐོན་པོ་དང་། དམའ་བའོ། །རྣམ་པར་རིག་བྱེད་ནི་འདི་ལྟ་སྟེ། ལེན་པ་དང་། འཇོག་པ་དང་། བསྐུམ་པ་དང་།

เล่ม ๑๑๘ · หน้า 57a

བརྐྱང་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། འགྲོ་བ་དང་། ལྡོག་པ་དང་། དེ་ལ་སོགས་པའོ་ཞེས་འབྱུང་སྟེ། དེ་ལྟར་ཉི་ཤུ་རྩ་བཞི་ཡོད་མོད་ཀྱི་མུ་རྣམ་པ་བཞིར་རྣམ་པར་དབྱེ་ན། མུ་རྣམ་པ་གསུམ་ཁོ་ནར་འགྱུར་ཏེ། ཁ་དོག་ལ་དབྱིབས་

མ་ཡིན་པ་ཡང་བཅུ་གསུམ་པོ་དག་གོ། །དབྱིབས་ཡིན་ལ་ཁ་དོག་མ་ཡིན་པ་ནི་བཅུ་པོ་དག་གོ། །ཁ་དོག་ཀྱང་མ་ཡིན་ལ་དབྱིབས་ཀྱང་མ་ཡིན་པ་ནི་འདི་ལྟ་སྟེ། རྣམ་པར་རིག་བྱེད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་རྣམ་པ་ཉི་ཤུ་རྩ་བཞིའོ་ཞེས་བཤད་དོ། །དེའི་ཕྱིར་

དེ་ཉིད་ལས་ཁ་དོག་གམ། དབྱིབས་སམ་རྣམ་པར་རིག་བྱེད་དོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྔོན་པོ་དང་སེར་པོ་དང་། དམར་པོ་དང་། དཀར་པོའོ། །དེ་ལྟ་བུ་ལ་སོགས་པ་འདི་ལྟ་སྟེ། རིང་པོ་དང་ཐུང་ངུ་དང་། ལྷམ་པ་དང་། ཟླུམ་པོ་དང་། རགས་པ་དང་། ཕྲ་བ་དང་།

མཐོ་བ་དང་། དམའ་བ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པ་དང་། དུ་བ་དང་སྤྲིན་དང་། རྡུལ་དང་། ཁུག་རྣ་དང་། འོད་དང་། གྲིབ་མ་དང་། སྣང་བ་དང་། མུན་པ་དང་། ནམ་མཁའ་ཁ་དོག་གཅིག་པ་འམ། གཟུགས་བརྙན་གྱི་གཟུགས་སོ་ཞེས་འབྱུང་སྟེ། རྣམ་པར་བཤད་པ་

ལས་ཚིག་ཐ་དད་པ་འདྲ་ཡང་དོན་རྣལ་འབྱོར་སྤྱོད་པའི་ས་དང་མཐུན་ཏེ། དེའི་ཕྱིར་དེ་ལས་འདི་ལྟ་བུ་ལ་སོགས་པ་ཞེས་བྱ་བའི་ཚིག་སྨོས་ཏེ། སྩོགས་པ་ཞེས་བྱ་བས་ནི་ཕྱི་མ་དུ་བ་དང་སྤྲིན་ལ་སོགས་པའི་ཚིག་བསྡུས་པའོ། །གཟུགས་བརྙན་གྱི་གཟུགས་ནི་རྣམ་པར་རིག་བྱེད་ཀྱི་གཟུགས་

སོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། གཟུགས་ནི་ཉི་ཤུ་རྩ་ལྔ་ཡོད་དོ་ཞེས་བཤད་དེ། མངོན་པར་སྐབས་ཡོད་པས་བསྣན་ནའོ། །གཞན་ནི་རྣལ་འབྱོར་སྤྱོད་པའི་ས་དང་མཐུན་ཏེ། མུ་རྣམ་པ་བཞིར་དབྱེ་བ་མེད་པ་ཡང་། རྣལ་འབྱོར་སྤྱོད་པའི་ས་དང་

མཐུན་པས་དོན་ལ་འགལ་བ་མེད་དོ། །རྒྱ་ཡོངས་སུ་མ་ཆད་པས་དེའི་ཚད་ཤིན་ཏུ་དཔག་པར་དཀའ་བ་ཞེས་བྱ་བ་འདིས་ནི་གསུམ་པ་ཚད་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་སྔར་དོན་རྣམ་པ་གསུམ་གྱིས་དེའི་ཚད་ཤིན་ཏུ་དཔག་པར་དཀའ་བར་བཤད་ལ། ཕྱིས་ནི་

เล่ม ๑๑๘ · หน้า 57b

ཞིང་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་དཔག་པར་དཀའ་བ་རྣམ་པར་འབྱེད་དེ། དེ་ལ་དོན་རྣམ་པ་གསུམ་ཞེས་བྱ་བ་ཡང་ཁ་ཅིག་ནི་དེའི་ཚད་ཀྱི་རྒྱ་མཐའ་མེད་པའི་ཕྱིར་དཔག་པར་དཀའོ་ཞེས་ཟེར་རོ། །ཁ་ཅིག་ནི་དེའི་ཚད་ཀྱི་མཐའ་མེད་པས་རྒྱ་ཡང་ཤིན་ཏུ་དཔག་པར་དཀའོ་ཞེས་ཟེར་རོ། །དོན་

གསུམ་པ་ནི་ཕྱོགས་བཅུ་ལ་བརྟེན་ནས་དཔག་པར་དཀའ་བར་བཤད་དེ། དེའི་ཕྱིར་སངས་རྒྱས་སའི་འགྲེལ་པ་ལས་འདི་ལྟ་སྟེ། གཞལ་མེད་ཁང་དེའི་ཚད་ཀྱི་རྒྱ་མཐའ་མེད་པས་དཔག་པར་དཀའ་བའམ། ཡང་ན་གཞལ་མེད་ཁང་ཆེན་པོ་དེའི་ཚད་ཀྱི་མཐའ་མེད་པས། རྒྱ་ཡང་ཤིན་ཏུ་དཔག་

པར་དཀའོ། །གཞན་ཡང་ཤར་ཕྱོགས་ལ་སོགས་པའི་ཕྱོགས་ཆ་མེད་པའི་ཕྱིར། རིང་པོ་དང་ཐུང་ངུ་ལ་སོགས་པའི་མཚན་ཉིད་ཀྱང་དཔག་པར་དཀའོ་ཞེས་འབྱུང་ངོ་། །དེ་ལ་ཞིང་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་དཔག་པར་དཀའ་བར་བསྟན་པ་ཡང་། སློབ་དཔོན་གསུམ་གྱིས་བཤད་

པ་ཡང་ཡོད་དེ། དེའི་ཕྱིར་སངས་རྒྱས་སའི་འགྲེལ་པ་ལས་ཁ་ཅིག་ནི་འདི་སྐད་དུ། དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ནི་གདུལ་བའི་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ། རེས་འགའ་རྒྱ་ཆེན་པོ་རེས་འགའ་རྒྱ་ཆུང་ངུ་སྟོན་པར་མཛད་པས་དེའི་ཚད་ངེས་པ་ཡང་མེད་དོ། །

ཡངས་ཤིང་རྒྱ་ཆེན་པོ་སྟོན་པར་མཛད་ཀྱང་། མཐའ་མེད་པ་མ་ཡིན་གྱི། འོན་ཀྱང་སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་ལ་སོགས་པའི་དབང་དུ་མཛད་ནས། མཐའ་མེད་པ་དང་། དེའི་ཚད་དཔག་པར་དཀའོ་ཞེས་གསུངས་པ་ཡིན་ནོ་ཞེའོ། །ཡང་ཁ་ཅིག་ན་རེ་དེ་བཞིན་

གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་དགེ་བའི་རྩ་བ་མཐའ་མེད་པ་བསྒྲུབ་པ་ལས་མངོན་པར་བསྒྲུབས་པས་ན། ཆོས་ཀྱི་དབྱིངས་དང་མཉམ་སྟེ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་དེའི་ཚད་

དཔག་པར་མི་སྤྱོད་དོ། །འདི་ལྟར་མཐའ་མེད་པའི་ཕྱིར་ཐོག་མ་མེད་པའི་དུས་ཇི་ལྟ་བ་བཞིན་ནོ། །ཡང་དག་པའི་དོན་དུ་ན་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཡོད་དེ། །དང་པོ་ནི་ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་ཞིང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་

เล่ม ๑๑๘ · หน้า 58a

བསྐལ་པ་གྲངས་མེད་པ་གསུམ་དུ་དགེ་བའི་རྩ་བ་མཐའ་མེད་པ་ཡོངས་སུ་བསྒོམས་པ་ལས་མངོན་པར་གྲུབ་པས་ན། ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་སྟེ། ཉིད་ཀྱི་ཆོས་ཀྱི་དགྱེས་པ་ཆེན་པོ་བསྟན་པའི་ཕྱིར། དང་པོར་མངོན་པར་རྫོགས་པར་སངས་རྒྱས་པ་ནས་ཕྱི་མའི་མཐའ་

ཇི་སྲིད་པར་རྒྱུན་མི་འཆད་ཅིང་འགྱུར་བ་མེད་དེ། ཡོན་ཏན་རྣམས་ཇི་ལྟ་བ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་མཐོང་བར་མི་ནུས་ཀྱི། ཐོས་པ་ཙམ་དུ་ཟད་དོ། །འདི་ལྟར་ཞིང་ཡོངས་སུ་དག་པ་དེ་ཚད་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་

ཀྱིས་གཟིགས་མོད་ཀྱི། དེའི་ཚད་མཐའ་ནི་དཔག་པར་མི་སྤྱོད་དོ། །གཉིས་པ་ནི་གཞན་ལོངས་སྤྱོད་རྫོགས་པའི་ཞིང་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ཀྱིས་ཆོས་ཀྱི་དགའ་བ་ཆེན་པོ་ལ་ལོངས་སྤྱོད་ཅིང་སྤྱོད་པ་ཁྱད་པར་ཅན་སྒྲུབ་

ཏུ་གཞུག་པའི་ཕྱིར། མོས་པ་ཇི་ལྟ་བ་བཞིན་དུ་རེས་འགའ་ཁྱད་པར་ཅན་དང་། རེས་འགའ་དམན་པ་དང་རེས་འགའ་རྒྱ་ཆེན་པོ་དང་། རེས་འགའ་རྒྱ་ཆུང་ངུ་སྟོན་པར་མཛད་དེ། འགྱུར་ཞིང་ངེས་པ་མེད་པས་སྤྲུལ་པའི་ཞིང་ཇི་ལྟ་བ་བཞིན་ནོ། །འདི་ལྟར་ཞིང་ཡོངས་སུ་དག་པ་དེ་མཐའ་

མེད་པའི་ཕྱིར། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་དེའི་ཚད་དཔག་པར་མི་སྤྱོད་དོ། །སའི་མདུན་རོལ་པ་རྣམ་པ་གཉིས་ཀྱི་དབང་དུ་མཛད་ནས་ནི་དཔག་པར་མི་ནུས་སོ་ཞེས་གསུངས་སོ། །དེ་ལྟར་རྣམ་པ་གཉིས་ཀྱི་བྱེ་བྲག་གི་ཕྱིར་རྒྱ་

ཡོངས་སུ་མ་ཆད་པས་དེའི་ཚད་ཤིན་ཏུ་དཔག་པར་དཀའོ་ཞེས་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཀྱང་། སངས་རྒྱས་སའི་འགྲེལ་པ་ལས་འབྱུང་བའི་རྣམ་པ་གསུམ་ལས་རྣམ་གྲངས་དང་པོའི་གཉིས་དང་མཐུན་པར་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་ནི་

བཤད་པ་མ་མཛད་དེ། དོན་གོ་སླ་བའི་ཕྱིར་རོ། །ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཞེས་བྱ་བ་འདིས་ནི་བཞི་པ་ཡུལ་ཕུན་སུམ་ཚོགས་པ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་བྱས་པའི་འགྲེལ་པ་ལས་འདི་ལྟར་གཞལ་མེད་ཁང་ཆེན་པོ་དེའི་གནས་དང་། ཕྱོགས་དང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด