དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) མ་དྷྱནྣ་ཏ་བི་བྷཾ་ག་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๔ · หน้า 216b
རང་བཞིན་ཞེས་བཤད་དོ། །འདི་ཇི་ལྟ་བུ་ཞེ་ན་དེའི་ཕྱིར་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ངོ་བོ་ཉིད་ནི་ཐོག་མ་མེད་པའི་དུས་ཅན་ཏེ། གློ་བུར་དུ་བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་ལ་ལ་ནི་སེམས་དང་བཅས། ལ་ལ་ནི་སེམས་མེད་པ་དེ་བཞིན་དུ་
འདིར་ཡང་སྐྱེ་མཆེད་དྲུག་པོ་ཁ་ཅིག་ནི་སངས་རྒྱས་ཀྱི་རིགས། ཁ་ཅིག་ནི་ཉན་ཐོས་ལ་སོགས་པའི་རིགས་ཞེས་བྱའོ། །རིགས་ནི་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་འོངས་པས་སེམས་དང་སེམས་མེད་པའི་བྱེ་བྲག་བཞིན་ཏེ། གློ་བུར་དུ་བྱུང་བ་མ་ཡིན་ནོ། །གཞན་དག་ན་རེ་སེམས་ཅན་ཐམས་ཅད་
དེ་བཞིན་གཤེགས་པའི་རིགས་ཡིན་པས། འདིར་རིགས་ཞེས་བྱ་བ་ནི་དེ་བཞིན་དུ་ཤེས་པར་བྱའོ་ཞེའོ། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །ཞེས་བྱ་བ་ནི། དེའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་རྣམས་དཔེ་བྱད་བཟང་པོ་རྣམས་དང་བཅས་པའི་སྟོང་པ་ཉིད་ནི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །གཞན་ཡང་།
སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །སྒྲུབ་པར་བྱེད་པ་ཐ་མར་བརྗོད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་ཐམས་ཅད་དང་
སྦྱར་རོ། །སངས་རྒྱས་ཀྱི་ཆོས་དེ་གང་དག་ཡིན་ཞེ་ན། དེའི་ཕྱིར་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའོ་ཞེས་བྱ་བ་སྨོས་སོ། །མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བདག་གིས་འབད་པར་བྱའོ་ཞེས་སྒྲུབ་པར་བྱེད་པས་དེའི་ཕྱིར་རྣམ་པར་བསྒོམ་པ་ཞེས་
བྱ་སྟེ། དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །འདིར་རྣམ་པར་བསྒོམ་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཤེས་པར་བྱ་བ་ལ་ཤེས་པ་བར་ཆད་མེད་པར་འཇུག་པ་སྟེ། དེ་ལྟར་རེ་ཞིག་ནང་སྟོང་པ་ཉིད་ལ་སོགས་པ་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཐུག་གི་བར་དུ་སྟོང་པ་ཉིད་བཅུ་བཞི་
རྣམ་པར་གཞག་པར་ཤེས་པར་བྱའོ། །ཟ་བ་པོ་ལ་སོགས་པ་འདི་ལ་སྟོང་པ་ཉིད་གང་ཡིན། ངོ་བོ་ཉིད་ནི་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ལ་དེ་ཉིད་སྟོང་ཉིད་གཞན། །ཞེས་བྱ་བ་གསུངས་སོ། །
เล่ม ๑๒๔ · หน้า 217a
དེ་ལ་ཇི་སྐད་དེ་བཤད་པའི་ཟབ་པོ་ལ་སོགས་པ་ལ་གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ཡང་སྟོང་པ་ཉིད་དོ། །དེ་ལ་གང་ཟག་དང་ཆོས་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་
ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་དག་གི་ནང་ནས་སྟོང་པ་ཉིད་རྣམ་པ་གཉིས་ཅིའི་ཕྱིར་ཐ་མར་རྣམ་པར་གཞག་ཅེ་ན། དེའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །སྟོང་པ་ཉིད་བསྟན་པ་ཡང་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང་།
དེའི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་བའི་ཕྱིར་གོ་རིམས་བཞིན་ཞེས་བྱ་བ་སྨོས་ཏེ། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་བསལ་བའི་དོན་དུ་དངོས་པོ་མེད་པ་སྟོང་པ་ཉིད་རྣམ་པར་གཞག་གོ། །དེའི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་བའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །
གལ་ཏེ་དངོས་པོ་མེད་པ་སྟོང་པ་ཉིད་མ་བརྗོད་ན། ཀུན་བརྟགས་པའི་ངོ་བོ་ཆོས་དང་གང་ཟག་གཉིས་ཡོད་པར་འགྱུར་རོ། །གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཤད་ན། སྟོང་པ་ཉིད་ཀྱི་དངོས་པོ་མེད་པར་འགྱུར་རོ། །དེ་མེད་ན་ཡང་གང་ཟག་དང་ཆོས་གཉིས་སྔ་མ་བཞིན་དུ་དངོས་པོར་
འགྱུར་རོ། །དེ་ལ་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་རང་བཞིན་ནང་གི་སྐྱེ་མཆེད་བྱིས་པ་རྣམས་ཀྱིས་ཟ་བར་བསམས་པ་རྣམས་ལ། ཟ་བའི་གང་ཟག་དང་། བརྟགས་པའི་མཚན་ཉིད་མིག་ལ་སོགས་པ་རྣམས་མེད་པ་དང་དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ནང་སྟོང་པ་ཉིད་དོ། །ཕྱིའི་སྐྱེ་
མཆེད་གཟུགས་ལ་སོགས་པ་རྣམ་པར་རིག་པ་སྣང་བའི་ངོ་བོ་ཉིད་བྱིས་པ་རྣམས་ཀྱིས་སྤྱད་པར་བྱ་བར་བསམས་པ་རྣམས་ལ་བདག་གིས་ཟ་བ་དང་། ཡོངས་སུ་བརྟགས་པའི་མཚན་ཉིད་གཟུགས་ལ་སོགས་པའི་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཕྱི་སྟོང་པ་ཉིད་དོ། །དེའི་ལུས་
ཏེ་ཁོག་པ་ལ་ཟ་བའི་གང་ཟག་དང་། བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་དང་། ལུས་ཀྱི་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཕྱི་ནང་སྟོང་པ་ཉིད་དོ། །སྣོད་ཀྱི་འཇིག་རྟེན་ལ་སེམས་ཅན་གྱི་འཇིག་རྟེན་གྱི་དངོས་པོ་མེད་པ་དང་། ཀུན་བརྟགས་པ་
เล่ม ๑๒๔ · หน้า 217b
དེ་རང་གི་ངོ་བོས་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཆེན་པོ་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཤེས་པ་དང་དོན་དམ་པའི་རྣམ་པ་ལ་ཡང་། ཤེས་པ་པོ་དང་རྣམ་པ་འཛིན་པ་པོའི་གང་ཟག་དང་། ཀུན་བརྟགས་པའི་མཚན་ཉིད་སྟོང་པ་ཉིད་ཤེས་པ་དང་། དོན་དམ་པའི་རྣམ་པའི་
དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དེ་གོ་རིམས་བཞིན་ནོ། །དེ་ནི་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་འདུས་བྱས་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐུག་གི་བར་དུ་བྱང་ཆུབ་སེམས་
དཔའ་བསྒྲུབ་དགོས་པ་རྣམས་ལ། གང་ཟག་དང་ཀུན་བརྟགས་པའི་མཚན་ཉིད་ཆོས་རྣམས་ཀྱི་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་འདུས་པས་སྟོང་པ་ཉིད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའི་བར་དུ་གོ་རིམས་བཞིན་ཏེ། འདི་ལྟར་འདུས་བྱས་ལ་བདག་པོའམ་སྦྱོར་
བ་པོའི་གང་ཟག་ཀྱང་མེད་དེ། འདུས་བྱས་ཀྱང་བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་བདག་ཉིད་དུ་མེད་དོ། །མདོར་བསྡུས་ན་རྣམ་པར་རྟོག་པའི་འཛིན་པ་ཐམས་ཅད་ཀྱི་གཉེན་པོ་དང་། མདོ་སྡེའི་དགོངས་པ་ཐམས་ཅད་ལུང་བསྟན་པའི་ཕྱིར། ཉན་ཐོས་དང་ཐུན་མོང་མ་ཡིན་པ། བྱང་ཆུབ་སེམས་དཔའ་
རྣམས་ཀྱི་སྟོང་པ་ཉིད་བཅུ་དྲུག་པོ་འདི་དག་བཤད་དོ། །འདིར་ནི་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ཀྱི་ཡུལ་དང་། སྟོང་པ་ཉིད་ཀྱི་རང་བཞིན་དང་སྟོང་པ་ཉིད་བསྒོམ་པའི་དགོས་པ་ཡང་རབ་ཏུ་བསྟན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཡུལ་ནི་ཟ་བ་ལ་སོགས་པའི་དོན་ནས་སངས་རྒྱས་ཀྱི་ཆོས་ལ་ཐུག་གི་བར་དུའོ། །དེ་རབ་
ཏུ་བསྟན་པ་ཡང་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པར་ཤེས་པར་བྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། དངོས་པོ་མེད་པའི་དངོས་པོའི་ངོ་བོ་ཉིད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་རབ་ཏུ་བསྟན་པ་ཡང་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་གཉེན་པོར་ལྟ་བ་ཐམས་ཅད་ལས་
ངེས་པར་འབྱུང་བའི་བདག་ཉིད་དུ་ཤེས་པར་བྱེད་པའི་ཕྱིར་རོ། །སྟོང་པ་ཉིད་བསྒོམ་པའི་དགོས་པ་ནི་དགེ་བ་གཉིས་ཐོབ་པར་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་བར་དུའོ། །དེ་བསྟན་པ་ཡང་བདག་དང་གཞན་གྱི་གཟུགས་དང་། ཆོས་ཀྱི་སྐུ་ཕུན་སུམ་ཚོགས་པའི་མཆོག་ནི་སྟོང་པ་ཉིད་
เล่ม ๑๒๔ · หน้า 218a
བསྒོམ་པ་ལས་འཐོབ་པོ་ཞེས་རབ་ཏུ་བསྟན་པའི་ཐ་ཚིག་གོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པར་བྱའོ་ཞེས་བྱ་བ་ནི་དྲི་མ་དང་བཅས་པའི་དུས་ན་ཀུན་ནས་ཉོན་མོངས་པ་དང་། དྲི་མ་མེད་པའི་དུས་ན་རྣམ་པར་དག་གོ་ཞེས་བྱ་བ་དང་། ནང་སྟོང་པ་ཉིད་ལ་སོགས་པ་བཅུ་དྲུག་ཏུ་གྱུར་
པའི་དབྱེ་བ་བཤད་མ་ཐག་པའི་རྣམ་པ་ཡིན་པར་ཤེས་པར་བྱའོ། །དབྱེ་བ་སྨོས་པའི་འོག་ཏུ་དེ་སྒྲུབ་པ་སྨོས་པས་དབྱེ་བ་བཤད་པའི་འོག་ཏུ། སྒྲུབ་པ་ཇི་ལྟར་ཤེས་པར་བྱ་ཞེ་ན་ཞེས་དྲིས་སོ། །འདིར་ཅི་ཞིག་པ་སྒྲུབ་པར་བྱ་ཞེ་ན། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཉིད་དང་།
རང་བཞིན་གྱིས་རྣམ་པར་དག་པ་ཉིད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཉིད་བསྒྲུབ་པའི་དབང་དུ་མཛད་དེ། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །ཞེས་བྱ་བ་གསུངས་སོ། །རྣམ་པར་གྲོལ་བ་ནི་ཀུན་ནས་ཉོན་མོངས་པ་སྤངས་པའོ། །ཀུན་ནས་ཉོན་མོངས་
པ་སྤངས་པ་དེ་ཡང་ལམ་བསྒོམས་པས་སོ། །དེ་ལ་གལ་ཏེ་གཉེན་པོ་མ་སྐྱེས་པར་ཡང་ཆོས་རྣམས་ཀྱི་སྟོང་པ་ཉིད་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་སྐྱེས་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུར་ན། དེ་ལྟར་གྱུར་ན་ནི་ཀུན་ནས་ཉོན་མོངས་པ་མེད་པས་
འབད་པ་མེད་པར་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། །འབད་པ་མེད་པར་ཞེས་བྱ་བ་ནི་གཉེན་པོ་མེད་པ་ཉིད་དུ་སྟེ། གཉེན་པོ་མེད་པར་ནི་སྲོག་ཆགས་རྣམས་ཐར་པ་མེད་དོ། །དེའི་ཕྱིར་སོ་སོའི་སྐྱེ་བོའི་དུས་ན། དེ་བཞིན་ཉིད་ལ་གློ་བུར་གྱི་དྲི་མ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ཉིད་དུ་གདོན་མི་ཟ་བར་
ཁས་བླང་དགོས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཀུན་ནས་ཉོན་མོངས་པ་བསྒྲུབས་པ་ཡིན་ནོ། །ད་ནི་རབ་ཏུ་དབྱེ་བ་རྣམ་པར་དག་པ་སྒྲུབ་པའི་ཕྱིར། གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ལུས་ཅན་རྣམས་དང་སྦྱར་བར་བྱའོ། །
ཅི་སྟེ་གཉེན་པོ་སྐྱེས་ཀྱང་ཞེས་བྱ་བ་ལ། ཀྱང་གི་སྒྲ་ནི་མ་སྐྱེས་པ་དང་འདྲ་བར་རྣམ་པར་དག་པར་མི་འགྱུར་ན། དེ་ལྟར་གྱུར་ན་ནི་ཐར་པར་བྱ་བའི་ཕྱིར་རྩོམ་པ་འབྲས་བུ་མེད་པར་འགྱུར་ཏེ། གཉེན་པོ་བསྒོམས་ཀྱང་དྲི་མ་དེ་དང་བྲལ་བར་མི་འགྱུར་བ་དང་། དྲི་མ་དང་བཅས་པ་ནི་གྲོལ་བར་མི་འཐད་པའི་
เล่ม ๑๒๔ · หน้า 218b
ཕྱིར་རོ། །ཐར་པར་བྱ་བའི་ཕྱིར་འབྲས་བུ་མེད་པར་མི་འདོད་པས། དེའི་ཕྱིར་གཉེན་པོ་གོམས་པར་བྱས་ན། གློ་བུར་གྱི་ཉེ་བའི་ཉོན་མོངས་པ་དང་བྲལ་བས། སྟོང་པ་ཉིད་ཀྱི་རྣམ་པར་དག་པ་གདོན་མི་ཟ་བར་ཁས་བླང་དགོས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར་དག་པ་བསྒྲུབས་པ་
ཡིན་ནོ། །འདིར་ཀུན་ནས་ཉོན་མོངས་པའི་ཆོས་ཉེ་བར་བཟུང་བས་ཀུན་ནས་ཉོན་མོངས་པ་ལ། རྣམ་པར་དག་པའི་ཆོས་ཉེ་བར་བཟུང་བ་རྣམ་པར་དག་གི། སྟོང་པ་ཉིད་ལ་མངོན་དུ་ཀུན་ནས་ཉོན་མོངས་པའམ། རྣམ་པར་དག་པར་ནི་མི་འདོད་དེ། །ཆོས་ཉིད་ནི་ཆོས་ཀྱི་ཁ་ན་ལས་པས། དེའི་ཕྱིར།
ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །ཞེས་གསུངས་ཏེ། འདིར་ལུས་ཅན་ཞེས་བྱ་བ་ནི་དེའི་རྒྱུ་ཉིད་དུ་བཤད་པ་ཡིན་ནོ། །གཞན་དུ་ན་གལ་ཏེ་སྟོང་པ་ཉིད་ལ་མངོན་དུ་ཀུན་ནས་ཉོན་མོངས་པའམ། རྣམ་པར་དག་པར་གྱུར་དུ་ཟིན་ན་ནི། དེའི་ཕྱིར་ལུས་ཅན་རྣམས་དང་འབྲེལ་པ་ཅི་ཡོད་ན། འདི་ལྟར་
སྟོང་པ་ཉིད་རྣམ་པར་དག་པས་ལུས་ཅན་རྣམས་རྣམ་པར་དག་པ་དང་། སྟོང་པ་ཉིད་ཀུན་ནས་ཉོན་མོངས་པས་ཀྱང་། ཀུན་ནས་ཉོན་མོངས་པ་ཞེས་བྱ། གལ་ཏེ་སོ་སོའི་སྐྱེ་བོའི་དུས་ན། སྟོང་པ་ཉིད་ཉོན་མོངས་ལ། འཕགས་པའི་དུས་ན་དག་པ་ཡིན་ན་ནི། དེའི་ཕྱིར། ཉོན་མོངས་མ་ཡིན་མི་མོངས་
མིན། །དེ་ནི་དག་དང་མ་དག་མིན། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ཇི་ལྟར་ཉོན་མོངས་པར་གྱུར་པ་མ་ཡིན་ལ་མ་དག་པ་ཡང་མ་ཡིན་ཞེ་ན། དགག་པ་གཉིས་ཀྱིས་སྐབས་སུ་ཁོང་དུ་ཆུད་པར་བྱེད་པས་དག་པ་ཉིད་དེ། འདིར་ལུས་དང་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །
འདིར་ནི་སེམས་ཀྱི་ཆོས་ཉིད་ལ་སེམས་ཀྱི་སྒར་བཤད་དེ། སེམས་ཉིད་ནི་དྲི་མའི་མཚན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པར་མ་གྱུར་པ་མ་ཡིན་པ་ཡང་མ་ཡིན་ལ་རྣམ་པར་དག་པ་ཡང་མ་ཡིན་ཞེ་ན། ཉོན་མོངས་པ་ཉིད་ཡིན་པར་དགག་པ་གཉིས་ཀྱིས་ཁོང་དུ་ཆུད་པར་བྱེད་དོ། །དེ་ཡང་གློ་བུར་གྱི་ཉོན་
མོངས་པས་ཉོན་མོངས་པ་ཡིན་གྱི་རང་བཞིན་གྱིས་ནི་མ་ཡིན་ཞེས་སྟོན་ཏོ། །དེ་ཡང་ལུང་ལས་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་སོ་ཞེས་འབྱུང་ངོ་། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་གཉིས་སུ་ཕྱེ་སྟེ་བཤད་ན། ཅིའི་ཕྱིར་དབྱེ་བ་རྣམ་པ་བཞིར་བཤད་ཅེ་ན།
เล่ม ๑๒๔ · หน้า 219a
ཁ་ཅིག་ན་རེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ལས་ཁྱད་པར་དུ་བསྟན་པའི་ཕྱིར་ཏེ། འཇིག་རྟེན་གྱི་ལམ་ནི་རང་གི་སའི་དྲི་མ་རྣམས་ཀྱི་ཉོན་མོངས་ཀྱི། དེའི་གཉེན་པོའི་ཕྱིར་འོག་མས་ནི་མ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ནི་ཆུང་
ངུ་དང་། འབྲིང་པོ་ལ་སོགས་པའི་བྱེ་བྲག་གིས་ནི་མ་དག་གི། ཟག་པ་མེད་པས་ནི་དག་པ་སྟེ། སྟོང་པ་ཉིད་ནི་དེ་ལྟ་མ་ཡིན་ནོ་ཞེའོ། །ཀུན་ནས་ཉོན་མོངས་པ་མ་ཡིན་ནོ་ཞེས་བཤད་པ་ལ། གཞན་དག་ན་རེ་མིག་ལ་སོགས་པ་དང་བྱེ་བྲག་ཡོད་པས་མ་དག་པ་ཡིན་ནོ། །མིག་ལ་
སོགས་པ་ནི་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཡིན་པས་ཉོན་མོངས་པ་མ་ཡིན་ལ། དེ་དག་གི་ཟག་པ་དང་བཅས་པས་རང་བཞིན་གྱིས་རྣམ་པར་དག་པ་མ་ཡིན་པས། མ་དག་པ་ཡང་མ་ཡིན་ཞེས་བཤད་དོ། །དེ་བཞིན་དུ་ཉོན་མོངས་པ་མེད་པ་ཡང་མ་ཡིན་ཞེས་བཤད་པ་ལ། དག་པ་
མ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དགེ་བ་དང་བྱེ་བྲག་ཡོད་པའི་ཕྱིར་ཏེ། ཟག་པ་དང་བཅས་པའི་དགེ་བ་ནི་འཁོར་བར་གཏོགས་པས་ཉོན་མོངས་པ་མེད་པ་མ་ཡིན་ལ། རྣམ་པར་སྨིན་པ་ཡིད་དུ་འོང་བས་དག་པ་སྟེ། ཆོས་ཉིད་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་ཉོན་མོངས་པའི་དུས་ན་ཉོན་
མོངས་པ་ཅན་ཡིན་ལ་མ་དག་པ་ཉིད་ཅེས་བཤད་དོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་བསྟན་པ་འདི་བསྒྲུབས་པ་ཡིན་ནོ། །སྟོང་པ་ཉིད་ཀྱི་དོན་བསྡུས་པ་ནི། མཚན་ཉིད་དང་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མཚན་ཉིད་ནི་
དངོས་པོ་མེད་པའི་མཚན་ཉིད་དང་དངོས་པོའི་མཚན་ཉིད་དོ་ཞེས་བྱ་བ་ལ་གཉིས་ཀྱི་དངོས་པོ་མེད་དོ་ཞེས་བཤད་པས་དངོས་པོ་མེད་པའི་མཚན་ཉིད་དོ། །དངོས་པོ་མེད་པའི་དངོས་པོ་ཞེས་བཤད་པས་དངོས་པོའི་མཚན་ཉིད་དོ། །དངོས་པོའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་མེད་པའང་མ་ཡིན་ཞེས་བཤད་
པས། དངོས་པོ་ཡོད་པ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་དང་། དེ་ཉིད་དང་གཞན་ལ་རྣམ་པར་གྲོལ་བའི་མཚན་ཉིད་དེ་འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་བས་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་ཐ་དད་གཅིག་པའི་མཚན་ཉིད་མིན་ཞེས་བཤད་དོ། །དེ་ལྟར་ན་མཚན་
เล่ม ๑๒๔ · หน้า 219b
ཉིད་ཀྱི་དོན་བསྡུས་པའོ། །རྣམ་པར་གཞག་པའི་དོན་བསྡུས་པ་ཇི་ལྟར་གཞག་པར་བྱ་ཞེ་ན། དེའི་ཕྱིར་རྣམ་པར་གཞག་པ་ནི་རྣམ་གྲངས་ལ་སོགས་པ་རྣམ་པར་གཞག་པར་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། རྣམ་གྲངས་དང་དེའི་དོན་དང་དེའི་དབྱེ་བ་དང་དེ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་
ཉིད་ལ་སོགས་པ་རྣམ་པ་བཞི་པོ་འདི་དག་བསྟན་པས་ཉེ་བའི་ཉོན་མོངས་པ་རྣམ་པ་བཞིའི་གཉེན་པོར། རང་གི་མཚན་ཉིད་དང་། ལས་ཀྱི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་དང་། རིགས་པའི་མཚན་ཉིད་བརྗོད་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་
པའི་གཉེན་པོར་རང་གི་མཚན་ཉིད་དེ། དེ་ནི་དངོས་པོ་དང་། དངོས་པོ་མེད་པ་དང་གཉི་ག་དང་། ཐ་དད་གཅིག་པ་ཉིད་དུ་འཛིན་པའི་བདག་ཉིད་དོ། །སྟོང་པ་ཉིད་ཀྱི་མཚན་ཉིད་ཐོས་ནས་མ་མོས་པ་རྣམས་ཀྱིས་སྐྲག་པར་འགྱུར་བ་དེའི་གཉེན་པོར་ལས་ཀྱི་མཚན་ཉིད་དེ། མ་ནོར་བ་དེ་
བཞིན་ཉིད་ཀྱི་ལས་དང་། ཕྱིན་ཅི་མ་ལོག་པའི་ལས་དང་། མཚན་མ་ཐམས་ཅད་སྤངས་པའི་ལས་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐམས་ཅད་ཀྱི་ཡུལ་ཉིད་དུ་གནས་པའི་ལས་དང་། དམིགས་ན་འཕགས་པའི་ཆོས་ཀྱི་རྒྱུའི་དངོས་པོའི་ལས་སོ། །དེ་ལྟར་སྟོང་པ་ཉིད་
ཀྱི་རང་གི་ངོ་བོ་དང་ལས་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་ལེ་ལོ་ཅན་རྣམས་ཀྱི་ལེ་ལོ་བསལ་བའི་ཕྱིར། རབ་ཏུ་དབྱེ་བའི་མཚན་ཉིད་དོ། །དེ་ཇི་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་རྣམ་པར་དག་པར་འགྱུར་སྙམ་པའི་སོམ་ཉི་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་རིགས་པའི་མཚན་ཉིད་དོ། །
བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་མཚན་ཉིད་ཀྱི་ལེའུར་བཅད་པ་སྟེ་དང་པོའི་འགྲེལ་བཤད་དོ།། །།མཚན་ཉིད་བཤད་པའི་འོག་ཏུ་སྒྲིབ་པ་བཤད་པའི་སྐབས་ཡིན་ཏེ། དེའི་འོག་ཏུ་སྣོས་པས་དེའི་ཕྱིར་སྒྲིབ་པའི་དབང་དུ་མཛད་དེ་ཞེས་བྱ་བ་སྨོས་སོ། །
ཁྱབ་དང་ཉི་ཚེ་ལྷག་པ་དང་། །མཉམ་དང་ལེན་དང་སྤོང་བ་ནི། །གཉིས་ཀྱི་སྒྲིབ་པར་བསྟན་པ་ཡིན། །གཉིས་པོ་དག་གི་སྒྲིབ་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་དང་། ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་སྒྲིབ་པའོ། །བསྒྲིབ་པར་བྱ་བའི་དོན་ཐ་དད་པས་སྒྲིབ་པ་ཐ་
เล่ม ๑๒๔ · หน้า 220a
དད་པར་རབ་ཏུ་བསྟན་པའི་ཕྱིར་ལེའུ་འདི་བརྩམས་སོ། །དེ་ལ་ཁྱབ་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པས་ཁྱབ་པ་སྟེ། དོན་མཐའ་དག་ལ་སྒྲིབ་པའི་ཕྱིར་རོ། །དོན་མཐའ་དག་གི་
དོན་དང་གཞན་གྱི་དོན་ཏོ། །ཡང་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་གཉིས་བཏགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་ལ་ཁྱབ་པར་བྱེད་པས་ཁྱབ་པ་ཞེས་བྱའོ། །ཉོན་མོངས་པ་ཉིད་སྒྲིབ་པས་ན་སྒྲིབ་པའོ། །ཉོན་མོངས་པ་ཉིད་ཀྱི་ཆོས་ཁོ་ནར་འདྲ་བས། འདིར་ནི་ཉེ་བའི་
ཉོན་མོངས་པ་ཡང་ཉོན་མོངས་པའི་སྒྲར་གཟུང་ངོ་། །གཞན་དུ་ན་ནི་ཉོན་མོངས་པའི་མཚན་ཉིད་རྣམ་པ་དགུ་ཞེས་བྱ་བར་ཕྲག་དོག་དང་སེར་སྣ་གཉིས་གཟུང་བར་མི་འགྱུར་ཏེ། དེ་གཉིས་ཉེ་བའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །ཤེས་བྱ་ལ་སྒྲིབ་པས་ཤེས་བྱའི་སྒྲིབ་པ་སྟེ། དེས་ཤེས་བྱ་རབ་ཏུ་
བསྒྲིབས་པས་ཤེས་པའི་ཡུལ་དུ་མི་འགྱུར་རོ། །ཡང་ན་ཤེས་བྱ་ལ་ཡེ་ཤེས་ཀྱི་སྒྲིབ་པ་ཡིན་ཏེ། ཤེས་པར་བྱ་བ་ལ་ཡེ་ཤེས་སྐྱེ་བའི་བགེགས་བྱེད་པའི་ཕྱིར་རོ། །ཤེས་བྱ་དང་སྒྲིབ་པའི་བར་གྱི་ཚིག་མ་སྨོས་པར་མར་གྱི་བུམ་པ་བཞིན་ནོ། །དེ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་
པའོ། །བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱིས། བདག་དང་གཞན་གྱི་དོན་ཕུལ་དུ་བྱུང་བ་ཐོབ་པས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་ཐམས་ཅད་ཀུན་ལ་ནན་ཏན་དུ་བྱ་བ་དེ་ལ་གཉི་ག་ཡང་བགེགས་སུ་གྱུར་པས་དེའི་ཕྱིར་དེ་བྱང་ཆུབ་
སེམས་དཔའི་རིགས་ཅན་རྣམས་ཀྱི་སྒྲིབ་པར་རྣམ་པར་གཞག་གོ། །དེ་ལ་ཁྱབ་པ་ནི་ཐམས་ཅད་ཡུལ་ཡིན་ལ་མཐའ་དག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་ལ་བྱ་ན། ཇི་ལྟར་མཐའ་དག་གིས་ཁྱབ་པར་ཤེས་པར་བྱེད་པར་འགྱུར་ཞེ་ན། མཐའ་དག་གི་ཕྱིར་དེ་ཁྱབ་པའི་སྒྲིབ་པར་བརྗོད་དེ་རྒྱུར་
བསྟན་པས་འགྱུར་རོ། །ཡང་ན་ཁྱབ་པའི་སྒྲ་ནི་མ་ལུས་པའི་དོན་དུ་བསྟན་པའི་ཕྱིར་མཐའ་དག་གི་ཕྱིར་རོ་ཞེས་སྨོས་སོ། །ཉི་ཚེ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པའོ་ཞེས་བྱ་བ་ནི། བདག་གི་དོན་ཙམ་ལ་སྒྲིབ་པས་སྒྲིབ་པར་བཏགས་པ་དང་ཁྱབ་པ་
เล่ม ๑๒๔ · หน้า 220b
མ་ཡིན་པའི་ཕྱིར་ཉི་ཚེ་བ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་མེད་དམ་ཞེ་ན། འདི་ལྟར་དེ་དག་ལ་ཉོན་མོངས་པའི་སྒྲིབ་པ་ཉིད་རྣམ་པར་གཞག་ཅེ་ན། ཡོད་མོད་ཀྱི་དེ་ནི་དེ་དག་གི་སྒྲིབ་པ་མ་ཡིན་ཏེ། དེ་ཡོད་བཞིན་དུ་ཉན་ཐོས་དང་
རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་ཕྱིར་རོ། །མི་ཤེས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ལ། ཉན་ཐོས་ལ་སོགས་པའི་ཤེས་པ་སྐྱེ་བའི་བགེགས་སུ་གྱུར་པ་ཡང་མ་ཡིན་ནམ། དེ་བས་ན་དེ་དག་ལ་ཡང་སྒྲིབ་པ་གཉི་ག་ཡོད་པར་འགྱུར་རོ། །དེའི་ཕྱིར་ཉན་ཐོས་ལ་སོགས་པ་
ལ་ནི་ཉོན་མོངས་པའི་སྒྲིབ་པ་ཁོ་ནའོ་ཞེས་བརྗོད་པར་མི་བྱའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་མ་རིག་པ་ནི་ཉོན་མོངས་པར་གྱུར་པ་དང་། རིག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དང་། འཁོར་བའི་རྩ་བར་གྱུར་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་ཉིད་དུ་རྣམ་པར་གཞག་གི །ཤེས་བྱའི་སྒྲིབ་
པ་ནི་མ་ཡིན་ཏེ། སོམ་ཉི་བཞིན་ནོ། །དཔེར་ན་སྡུག་བསྔལ་གྱི་བདེན་པ་ལ་སོགས་པའི་ཡུལ་ལ་སོམ་ཉི་ཟ་བ་ནི་ཐེ་ཚོམ་དང་ཉོན་མོངས་པ་ཞེས་བྱའི་ཡུལ་གཞན་ལ་ནི་མ་ཡིན་ནོ། །ཡུལ་གཞན་ལ་ནི་སོམ་ཉི་ཉིད་དེ། ཉོན་མོངས་པ་ཡང་མ་ཡིན་ཐེ་ཚོམ་ཡང་མ་ཡིན་ནོ། །དེ་བཞིན་དུ་
སྡུག་བསྔལ་གྱི་བདེན་པ་ལ་སོགས་པའི་ཡུལ་ཉིད་ལ་མི་ཤེས་པ་ནི་མ་རིག་པ་དང་ཉོན་མོངས་པ་ཞེས་བྱའི་ཡུལ་གཞན་ལ་མ་ཡིན་ནོ། །ཡུལ་གཞན་ལ་ནི་མི་ཤེས་པ་ཉིད་ཡིན་ཏེ། མ་རིག་པའང་མ་ཡིན་ཉོན་མོངས་པའང་མ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་ཤེས་པར་བྱ་བ་ལ་ཡེ་ཤེས་ཙམ་འཇུག་
པ་ལ་སྒྲིབ་པའི་ཕྱིར། ཤེས་བྱའི་སྒྲིབ་པ་ཞེས་བྱ་སྟེ། མ་རིག་པ་ལྟར་ཉོན་མོངས་པ་དང་ལས་དང་ཚེ་རྣམས་ཀྱང་འབྱུང་བ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པར་རྣམ་པར་མི་གཞག་གོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཐོས་པའི་
ཚོགས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། དེ་དག་གི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། དེ་སྐད་དུ། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་ཅིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་གཅོད་རྗེས་སུ་གཟུང་ཕྱིར་རམ། །རང་གིས་ཤེས་པར་བྱ་
เล่ม ๑๒๔ · หน้า 221a
ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་བཤད་དོ། །ལྷག་པ་ནི་འདོད་ཆགས་ལ་སོགས་པའི་དངོས་པོ་ཆུང་ཡང་བྱང་ཆུབ་སེམས་དཔའི་རིགས་ཅན་དང་། ཉན་ཐོས་ལ་སོགས་པའི་རིགས་ཅན་དེ་དག་ལ་ཤས་ཆེ་བ་དང་རྒྱུན་དུ་འབྱུང་བའོ། །འདོད་ཆགས་ལ་སོགས་པ་སྤྱོད་པ་
རྣམས་ཀྱི་སྒྲིབ་པའོ་ཞེས་བྱ་བ་ནི། སུ་དག་ཡུལ་ངན་པ་ལ་ཡང་འདོད་ཆགས་ལ་སོགས་པ་གང་ཡང་རུང་བ་ཤས་ཆེ་བ་དང་། རྒྱུན་དུ་འབྱུང་བ་དེ་དག་ནི་འདོད་ཆགས་ལ་སོགས་པ་སྤྱོད་པའོ། །མཉམ་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་དང་། ཉན་ཐོས་ལ་སོགས་པའི་རིགས་ཅན་དེ་
དག་ཉིད་ཀྱི་སྒྲིབ་པ་སྟེ། མཉམ་པ་ནི་དེ་གཉི་གའི་རྣམ་པ་ཡང་མེད་པའི་ཕྱིར་རོ། །ཆ་མཚུངས་པར་སྤྱོད་པ་རྣམས་ཀྱི་སྒྲིབ་པའོ་ཞེས་བྱ་བ་ནི། སུ་དག་ཡུལ་དང་འདྲ་བར་ཉོན་མོངས་པ་སྐྱེའི། རྒྱུན་དུ་ནི་མ་ཡིན་པ་དེ་དག་ནི་ཆ་མཚུངས་པར་སྤྱོད་པའོ། །འཁོར་བ་ལེན་པ་དང་གཏོང་བའི་སྒྲིབ་
པ་ནི་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེའི་དབང་གིས་འཁོར་བ་ཉེ་བར་ལེན་པ་དང་། ཤེས་རབ་ཀྱི་དབང་གིས་འཁོར་བའི་ཉེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་སྟེ། སྟོང་པས་དེའི་ཕྱིར་ཉོན་མོངས་པ་མེད་པར་སེམས་ཅན་ལ་ལྟ་བས་སྐྱེ་བ་ཡོངས་སུ་འཛིན་པ་ནི།
མི་གནས་པའི་མྱ་ངན་ལས་འདས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པའི་ཕྱིར་རོ། །དེའི་སྒྲིབ་པ་ནི་ཉོན་མོངས་པས་ནོན་བཞིན་དུ་འཁོར་བ་ཉེ་བར་ལེན་པ་དང་། ཉེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་སྙིང་རྗེ་མེད་པར་འཁོར་བ་ཡོངས་སུ་གཏོང་བའོ། །
གཞན་དག་ན་རེ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་བགེགས་སུ་གྱུར་པའི་ཕྱིར་མི་ཤེས་པ་ནི་འདིར་སྒྲིབ་པ་ཞེས་བྱའོ་ཞེའོ། །ཡང་ན་ཇི་ལྟར་དཀོན་མཆོག་བརྩེགས་པ་ཆེན་པོ་ལས། དེའི་བསམ་པ་མྱ་ངན་ལས་འདས་པ་ལ་ཡང་གནས་ལ། འཁོར་བ་ན་ཡང་སྦྱོར་བར་གནས་པ་ཞེས་བསྟན་
པ་ལྟ་བུ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལ་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་བལྟས་པའི་ཕྱིར། བསམ་པ་དང་སྦྱོར་བས་འཁོར་བ་ལ་ལེན་ཏེ། རིགས་མེད་པའི་སེམས་ཅན་བཞིན་ནོ། །དེ་བཞིན་དུ་འཁོར་བ་ལ་རྒྱབ་
เล่ม ๑๒๔ · หน้า 221b
ཀྱིས་བལྟས་པའི་ཕྱིར། མྱ་ངན་ལས་འདས་པར་སོང་བའི་བསམ་པ་དང་། སྦྱོར་བ་གཉིས་ཀྱིས་འཁོར་བ་ཡང་ཡོངས་སུ་གཏོང་སྟེ། ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཇི་ལྟ་བ་བཞིན་ནོ། །དེ་ལྟར་འཁོར་བ་ལེན་པ་དང་དེ་གཏོང་བ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་
པའི་མྱ་ངན་ལས་འདས་པ་ལ་སྒྲིབ་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་མཐའ་གཅིག་ཏུ་ལྟུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པར་གྱུར་པའི་དུས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་འཁོར་བ་ལ་མི་གནས་པ་དང་། ཕུང་
པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་ཆོས་ཀྱི་སྐུ་རྒྱུན་མི་འཆད་པའི་ཕྱིར། ཉན་ཐོས་ལ་སོགས་པ་བཞིན་དུ་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། དེ་ལྟར་ན་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ལ་ཡང་མི་གནས་སོ། །འདིར་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་
ལ་སོགས་པའི་ལམ་དང་། དེ་གཉིས་ཀྱི་སྦྱོར་བ་དང་། འབྲས་བུ་དང་མི་གནས་པའི་མྱ་ངན་ལས་འདས་པ་ལ་བགེགས་བྱེད་པའི་ཕྱིར་སྒྲིབ་པ་རྣམ་པ་ལྔ་པོ་འདི་དག་གྲངས་བཞིན་ནོ། །དེ་ལྟར་འདི་དག་ནི་ཅི་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་མཐུན་མཐུན་དུའོ། །དེ་ལ་དང་པོ་དང་ཐ་མ་
ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱི་སྒྲིབ་པའོ། །དང་འོག་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་སྒྲིབ་པའོ། །གཞན་གཉིས་ནི་གཉི་གའི་སྒྲིབ་པའོ། །དེ་ལ་ཤེས་བྱའི་སྒྲིབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པར་བཤད་དེ། དེ་ཡང་ཉོན་མོངས་པ་ཅན་མ་
ཡིན་པའི་མི་ཤེས་པའོ་ཞེས་བྱ་བར་ཤེས་སོ། །གཉི་གའི་སྒྲིབ་པའི་ཉོན་མོངས་པའི་སྒྲིབ་པ་ལ་རྣམ་པ་དུ་ཡོད་པ་དང་། རང་བཞིན་ཇི་ལྟ་བུ་དང་གང་གི་བགེགས་སུ་གྱུར་པ་མི་ཤེས་ཏེ། དེའི་ཕྱིར། ཉོན་མོངས་མཚན་ཉིད་རྣམ་དགུའོ། །ཞེས་བྱ་བ་གསུངས་ཏེ། སྒྲིབ་ཅེས་བྱ་བ་དང་
སྦྱར་རོ། །ཉོན་མོངས་པའི་མཚན་ཉིད་ནི་ཉོན་མོངས་པའི་རང་བཞིན་ནོ། །རྣམ་པ་དགུ་པོ་དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཀུན་དུ་སྦྱོར་རྣམས་ཞེས་བྱ་བ་གསུངས་སོ། །སྡུག་བསྔལ་སྣ་ཚོགས་ལ་ཀུན་དུ་སྦྱོར་བས་ཀུན་དུ་སྦྱོར་བ་རྣམས་སོ། །སྡུག་བསྔལ་སྣ་ཚོགས་ཀྱང་འདོད་པ་དང་། གཟུགས་
เล่ม ๑๒๔ · หน้า 222a
དང་གཟུགས་མེད་པར་གཏོགས་པའི་ལུས་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ་ཁམས་གསུམ་དང་ཅི་རིགས་སུ་སྦྱར་རོ། །དེ་ཡང་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ནས། སེར་སྣའི་ཀུན་དུ་
སྦྱོར་བའི་བར་དུའོ། །དེ་ལ་ཁོང་ཁྲོ་བ་ནི་ཞེ་སྡང་ངོ་། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པའོ། །སེར་སྣ་ནི་ཡོ་བྱད་ཀུན་འཛིན་པ་སྟེ། དེ་གསུམ་ནི་འདོད་པར་གཏོགས་པའོ། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ནི་ཁམས་གསུམ་གྱི་སྲེད་པའོ། །དེ་བཞིན་དུ་ང་རྒྱལ་དང་
མ་རིག་པ་དང་ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་རྣམས་ནི་ཁམས་གསུམ་པ་དག་ཉིད་དོ། །འཇིག་ཚོགས་དང་མཐར་འཛིན་པའི་ལྟ་བ་དང་། ལོག་པར་ལྟ་བ་རྣམས་ནི་ལྟ་བའི་ཀུན་དུ་སྦྱོར་བའོ། །ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་
ནི། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བའོ། །ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས་ཟ་བའོ། །གཞན་ཁོང་ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ཀྱང་ཉོན་མོངས་པའི་རྒྱུ་མཐུན་པ་དང་། ཉོན་མོངས་པར་གྱུར་པའི་ཕྱིར། ཉོན་མོངས་པའི་སྒྲིབ་
པ་ཉིད་དོ། །ཕྲག་དོག་དང་སེར་སྣ་ནི་གཙོ་བོ་ཡིན་པས་ཀུན་དུ་སྦྱོར་བར་བཟུང་ངོ་། །མདོ་སྡེ་ལས་ཀྱང་འདི་སྐད་ཅེས། ཀཽ་ཤི་ཀ་ལྷ་དང་མི་རྣམས་ནི་ཕྲག་དོག་དང་སེར་སྣའི་ཀུན་དུ་སྦྱོར་བའོ་ཞེས་གསུངས་སོ། །དེ་དག་ཀྱང་གང་ལ་སྒྲིབ་པ་ཡིན་ཞེ་ན་དེའི་ཕྱིར། སྐྱོ་བ་དང་ནི་བཏང་སྙོམས་དང་།
དེ་ཁོ་ན་ནི་མཐོང་བ་དང་། །ཞེས་བྱ་བ་གསུངས་སོ། །སྐྱོ་བ་ནི་ཡིད་འབྱུང་བའི་རྣམ་གྲངས་སུ་གཏོགས་པ་སྟེ། དེ་བས་ན་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ནི་ཀུན་དུ་སྐྱོ་བ་ལ་སྒྲིབ་པོ་ཞེས་བྱ་བ་སྨོས་ཏེ། དེས་ལུས་དང་འཚོ་བ་དང་། ལོངས་སྤྱོད་དང་བུ་སྨད་ལ་སོགས་པ་དང་།
བསམ་གཏན་དང་གཟུག་མེད་པ་རྣམས་ལ་ཡང་རྗེས་སུ་ཆགས་པས། འཁོར་བའི་སྡུག་བསྔལ་རྣམས་ཀྱིས་ཉེན་ཡང་ཁམས་གསུམ་ལ་མི་སྐྱོའོ། །ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་ནི་བཏང་སྙོམས་ལ་སྒྲིབ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། དེས་ནི་མི་མཐུན་པ་ཞེས་རྒྱ་ཆེར་སྨོས་སོ། །ཡིད་
เล่ม ๑๒๔ · หน้า 222b
མི་བདེ་བའི་རྒྱུ་ཡིན་པས་མི་མཐུན་པའོ། །ཁོང་ཁྲོ་བའི་གཞི་སྟེ་ཁོང་ཁྲོ་བའི་རྒྱུ་ལ་བཏང་སྙོམས་སུ་བྱེད་ཅིང་མངོན་དུ་མི་བྱེད་པར་མི་ནུས་སོ། །རྗེས་སུ་ཆགས་པའི་གཞི་ནི་མི་མཐུན་པ་མེད་པས་བཏང་སྙོམས་སུ་མི་ནུས་པ་ནི། རིགས་ཀྱི་ཁོང་ཁྲོ་བའི་གཞི་ནི་མི་མཐུན་པ་ལ་ཡང་ཁོང་ཁྲོ་
བ་སྟེ། བཏང་སྙོམས་སུ་བྱེད་མི་ནུས་པས་དེའི་ཕྱིར། རྗེས་སུ་ཆགས་པ་བས་སྡིག་ཆེ་བར་བསྟན་པའི་ཕྱིར་ཡང་ཞེས་བྱ་བ་སྨོས་སོ། །མཉམ་པར་འཇོག་པ་ན་གལ་ཏེ་འདུ་བྱེད་ཀྱི་བཏང་སྙོམས་ཐོབ་ན། དེ་ལྟར་དེའི་སེམས་མཉམ་པར་འགྱུར་རོ། །གལ་ཏེ་དེའི་ཁོང་ཁྲོ་བའི་
ཀུན་དུ་སྦྱོར་བ་ཤས་ཆེ་བར་འགྱུར་ན་ནི། དེའི་དབང་གིས་ཁོང་ཁྲོ་བའི་རྒྱུ་དེ་ལ་བཏང་སྙོམས་མི་ཐོབ་སྟེ། དེ་བྱུང་ན་བདག་གི་དམིགས་པ་ལ་གདོན་མི་ཟ་བར་དམིགས་པར་འགྱུར་རོ། །དེ་ལྟར་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བས་ནི་དབེན་པ་ཉིད་མི་འཐོབ་པོ། །ཁོང་ཁྲོ་བའི་ཀུན་དུ་སྦྱོར་བས་
ནི་དབེན་པར་གྱུར་ཀྱང་ཏིང་ངེ་འཛིན་མི་འཐོབ་པོ། །ལྷག་མ་བདུན་པོ་ནི་དེ་ཁོ་ན་མཐོང་བ་ལ་སྒྲིབ་ཅེས་བྱ་བ་ནི། མ་ནོར་བར་མཐོང་བ་ལ་སྒྲིབ་པོ། །ཇི་ལྟ་ཞེ་ན་ཞེས་བྱ་བ་ནི་མི་ཤེས་ཏེ་དྲི་བའོ། །དེའི་ཕྱིར་དེ་དག་ནི་གོ་རིམས་བཞིན་དུ། འཇིག་ཚོགས་ལྟ་དང་དེའི་གཞི་དང་། །ཞེས་བྱ་བ་རྒྱ་
ཆེར་གསུངས་སོ། །ང་རྒྱལ་གྱི་ཀུན་དུ་སྦྱོར་བ་ནི་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པ་ལ་བསྒྲིབ་པ་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་ནི་ང་རྒྱལ་ཏེ། དེ་ཡང་ང་རྒྱལ་ལས་ཀྱང་ང་རྒྱལ་ལ་སོགས་པ་རྣམ་པ་བདུན་ནོ། །འཇིག་ཚོགས་ལ་ལྟ་བ་ལ་
བདག་དང་བདག་གི་དང་གཟུང་བ་དང་འཛིན་པ་ལས་དབེན་པ་དང་། བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་ཆོས་ཀྱི་རང་བཞིན་གྱིས་དབེན་པར་མཐོང་བ་གང་ཡིན་པ་དེ་ནི། འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ། །དེའི་སྒྲིབ་པ་ནི་ང་རྒྱལ་གྱི་ཀུན་དུ་སྦྱོར་བ་ཡིན་ཏེ། དེ་སྐྱེ་བ་ལ་
བགེགས་བྱེད་པའི་ཕྱིར་རོ། །དེ་ཡང་གང་གི་ཚེ་ཇི་ལྟ་ཞེ་ན་དེའི་ཕྱིར། མངོན་པར་རྟོགས་པའི་དུས་ན་ངའོ་སྙམ་པའི་ང་རྒྱལ་བར་ཆད་དང་བཅས་པ་དང་། བར་ཆད་མེད་པར་ཀུན་དུ་འབྱུང་བའི་དབང་གིས་དེ་མ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བདེན་པ་མངོན་པར་རྟོགས་
เล่ม ๑๒๔ · หน้า 223a
པའི་དུས་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དུས་སོ། །དེ་ལ་བར་ཆད་དང་བཅས་པ་ནི་གཉེན་པོས་བར་དུ་ཆོད་པའོ། །བར་ཆད་མེད་པ་ནི་གཉེན་པོས་བར་དུ་མ་ཆོད་པ་སྟེ། དེ་ཡང་གཉེན་པོ་ཆེ་བ་དང་ཆུང་བར་རིག་པར་བྱའོ། །ཇི་སྲིད་དུ་ངའོ་
སྙམ་པའི་ང་རྒྱལ་བར་ཆད་དང་བཅས་པ་དང་། བར་ཆད་མེད་པ་ཀུན་དུ་འབྱུང་བ་དེ་སྲིད་དུ་འཇིག་ཚོགས་ལ་ལྟ་བ་སྤོང་བ་མེད་དེ། འཇིག་ཚོགས་ལ་ལྟ་བའི་སྟོབས་ཀྱིས་ངའོ་སྙམ་པའི་ང་རྒྱལ་འབྱུང་བའི་ཕྱིར་རོ། །མ་རིག་པའི་ཀུན་དུ་སྦྱོར་བ་ནི། འཇིག་ཚོགས་ལ་ལྟ་བའི་གཞི་ཡོངས་
སུ་ཤེས་པ་ལ་སྒྲིབ་པོ། །འཇིག་ཚོགས་ལ་ལྟ་བའི་གཞི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། དེ་ལ་དམིགས་པ་ལས་བྱུང་བའི་ཕྱིར་རོ། །མདོའི་སྡེ་ལས་ཀྱང་ཇི་སྐད་དུ། དགེ་སྦྱོང་བྲམ་ཟེ་གང་ལ་ལ་བདག་དང་བདག་གི་རྗེས་སུ་ལྟ་བ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཉིད་
ལ་བརྟེན་ནས་རྗེས་སུ་བལྟའོ། །མངོན་པར་ཞེན་པ་ན་མངོན་པར་ཞེན་ཏོ་ཞེས་གསུངས་སོ། །ཡོངས་སུ་ཤེས་པ་དེ་ཡང་ཇི་ལྟ་བུ་ཞེ་ན། ཕུང་པོ་རྣམས་ལ་བདག་དང་བདག་གིས་སྟོང་པ་ཉིད་དང་། བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་ཆོས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་དུ་མཐོང་བ་གང་ཡིན་
པ་དང་། མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། བདག་མེད་པ་ཉིད་དང་། ཀུན་འབྱུང་བ་ལ་སོགས་པར་མཐོང་བ་གང་ཡིན་པ་དེ་ནི་དེ་དག་ཡོངས་སུ་ཤེས་པའོ། །འདིར་རྒྱུ་སྨོས་པ་དེས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཡོངས་སུ་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བའོ། །མ་རིག་པས་བརྟག་པ་
ལ་སོགས་པའི་རྣམ་པ་རྣམས་ཀྱིས་བསྒྲིབས་པའི་ཕུང་པོ་རྣམས་ལ་དེ་ཡོངས་སུ་ཤེས་པ་མེད་པའི་ཕྱིར། མ་རིག་པ་ནི་ཕུང་པོ་ཡོངས་སུ་ཤེས་པ་ལ་སྒྲིབ་པོ། །ལྟ་བའི་ཀུན་དུ་སྦྱོར་བ་ནི། འགོག་པའི་བདེན་པ་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །ལྟ་བའི་ཀུན་དུ་སྦྱོར་བ་ནི་ལྟ་བ་ལ་གསུམ་
སྟེ། འཇིག་ཚོགས་དང་། མཐར་འཛིན་པ་དང་། ལོག་པར་ལྟ་བ་རྣམས་སོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་གམ་བདག་གིར་ལྟ་བའོ། །མཐར་འཛིན་པར་ལྟ་བ་ནི་བདག་ཏུ་མངོན་པར་བརྟག་པའི་དངོས་པོ་དེ་ཉིད་ལ་རྟག་པར་ལྟ་བའམ།
เล่ม ๑๒๔ · หน้า 223b
ཆད་པར་ལྟ་བའོ། །ལྟ་བ་གང་གི་རྒྱུའམ་འབྲས་བུའམ་བྱེད་པའམ། ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་དང་། ལོག་པར་ཀུན་དུ་རྟོག་པ་དེ་ནི་ལོག་པར་ལྟ་བའོ། །འགོག་པའི་བདེན་པ་ཡོངས་སུ་ཤེས་པ་ནི་ཞི་བ་ལ་སོགས་པའི་རྣམ་པ་རྣམས་སོ། །ཇི་ལྟར་དེ་ནི་དེ་ལ་སྒྲིབ་ཅ་ན།
དེའི་ཕྱིར་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་གཉིས་ཀྱིས་དེ་ལ་སྐྲག་པ་དང་། ལོག་པར་ལྟ་བས་དེ་ལ་སྐུར་པ་འདེབས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དག་གིས་བདག་དེར་མེད་པར་འགྱུར་རོ་ཞེས་འགོག་པ་ལ་སྐྲག་པར་འགྱུར་
རོ། །ལོག་པར་ལྟ་བས་ཀྱང་འགོག་པ་མེད་དོ་ཞེས་སྐུར་པ་འདེབས་སོ། །དེ་ལ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བདག་གིས་ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བར་ཡོངས་སུ་མི་ཤེས་ལ། ལོག་པར་ལྟ་བས་འགོག་པར་ཡོངས་སུ་མི་ཤེས་ཏེ་དེ་ལྟར་ལྟ་བའི་ཀུན་དུ་
སྦྱོར་བ་ནི་འགོག་པ་ཡོངས་སུ་ཤེས་པ་ལ་སྒྲིབ་པོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ནི། ལམ་གྱི་བདེན་པ་ལ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ་ཞེས་བྱ་བ་དེ་ལ་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ནི། ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་
པའོ། །དེ་ལ་ལྟ་བ་མཆོག་ཏུ་འཛིན་པ་ནི། ལྟ་བ་དང་ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་མཆོག་ལ་སོགས་པར་ལྟ་བ་གང་ཡིན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། དེ་གཉི་གའམ།
དེ་དག་གི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ། དག་པ་དང་གྲོལ་བ་དང་། ངེས་པར་འབྱིན་པར་ཡང་དག་པར་རྗེས་སུ་ལྟ་བའི་ལྟ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ལམ་ཡོངས་སུ་ཤེས་པ་ཡང་ངེས་པར་འབྱིན་པ་ལ་སོགས་
པའི་རྣམ་པ་རྣམས་སུ་ཤེས་པའོ། །ཇི་ལྟར་ན་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ལམ་ཡོངས་སུ་ཤེས་པ་ལ་སྒྲིབ་ཅེ་ན། དེའི་ཕྱིར་རྣམ་པ་གཞན་གྱིས་དག་པར་མཆོག་ཏུ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་སམ། འདོད་པའི་བདེ་བའི་
เล่ม ๑๒๔ · หน้า 224a
གནས་ཀྱིས་སམ། དཀའ་བ་སྤྱོད་པས་སམ། གྲངས་ཅན་ལ་སོགས་པའི་ཤེས་པས་དག་པར་མཆོག་ཏུ་འཛིན་པའི་ཕྱིར་རོ། །ལྟ་བ་ལ་མཆོག་ཏུ་འཛིན་པས་ཀྱང་གང་གིས་དག་པར་ཡིད་ཆེས་པ་དེ་ཉིད་དམ་པར་མཆོག་ཏུ་འཛིན་ཏོ། །དེ་ལྟར་ན་མཆོག་ཏུ་
འཛིན་པའི་ཀུན་དུ་སྦྱོར་བས་ལམ་བོར་ཏེ་རྣམ་པ་གཞན་གྱིས་དག་པར་མཆོག་ཏུ་འཛིན་ཏོ། །ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་ནི་དཀོན་མཆོག་གསུམ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། དེའི་ཡོན་ཏན་ལ་མངོན་པར་ཡིད་མི་ཆེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཐེ་ཚོམ་
གྱི་ཀུན་དུ་སྦྱོར་བ་ནི་བདེན་པ་དེ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས་ཟ་བ་སྟེ། སངས་རྒྱས་དཀོན་མཆོག་ལ་ཡོན་ཏན་དང་ཉེས་པ་ཐམས་ཅད་ཕུལ་དུ་ཕྱིན་པ་དང་། བསལ་བའི་མཐར་ཐུག་པའི་གནས་སུ་ཡོངས་སུ་ཤེས་པའོ། །ཆོས་དཀོན་མཆོག་ལ་འཁོར་བའི་རྒྱ་མཚོ་
ལས་སྒྲོལ་བ་དང་། རྒྱུ་དང་བཅས་པའི་སྡུག་བསྔལ་དང་གཏན་དུ་བྲལ་བའི་བདག་ཉིད་དེ། དེ་ཁོང་དུ་ཆུད་པར་བྱེད་པར་ཡོངས་སུ་ཤེས་པའོ། །དགེ་འདུན་དཀོན་མཆོག་ལ་དགེ་སྦྱོང་གི་འབྲས་བུ་ལ་གནས་པ་དང་། དེར་ཞུགས་པ་དང་། བླ་ན་མེད་པའི་སྦྱིན་གནས་ཀྱི་ཞིང་ཡིན་པར་
ཡོངས་སུ་ཤེས་པའོ། །བདེན་པ་དང་མཐོང་བ་དང་ཐེ་ཚོམ་སྤང་བའི་ཕྱིར་ཤེས་ནས་དད་པ་རྙེད་པས་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་མངོན་པར་ཡིད་ཆེས་ཀྱི་ཐེ་ཚོམ་མ་སྤངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་ནི་དཀོན་མཆོག་གསུམ་ཡོངས་སུ་ཤེས་པ་ལ་སྒྲིབ་
ཅེས་བྱའོ། །ཕྲག་དོག་གི་ཀུན་དུ་སྦྱོར་བ་ནི་རྙེད་པ་དང་བཀུར་སྟི་ཡོངས་སུ་ཤེས་པ་ལ་སྒྲིབ་ཅེས་བྱའོ། །འདིར་རྒྱུ་སྨོས་པ། དེའི་ཉེས་པ་མི་མཐོང་བའི་ཕྱིར་རོ་ཞེས་བྱའོ། །ཕྲག་དོག་གི་ཀུན་དུ་སྦྱོར་བ་ནི་རྙེད་པ་དང་། བཀུར་སྟི་ལ་ཆགས་པ་སྟེ། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཞེ་
སྡང་གི་ཆར་གཏོགས་པས་སེམས་ཁོང་ནས་འཁྲུག་པའོ། །རྙེད་པ་དང་བཀུར་སྟི་ལ་གནོད་པ་ཐམས་ཅད་ཀྱི་གནས་ཡིན་པར་ཁོང་དུ་ཆུད་པ་ནི་ཡོངས་སུ་ཤེས་པར་བྱའོ། །ཕྲག་དོག་གིས་ནི་རྙེད་པ་དང་བཀུར་སྟི་ཡོན་ཏན་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དང་། གནོད་པ་སྣ་
เล่ม ๑๒๔ · หน้า 224b
ཚོགས་ཀྱི་རྩ་བར་གྱུར་པར་མི་ཤེས་པས། དེའི་ཕྱིར་ཕྲག་དོག་གི་ཀུན་དུ་སྦྱོར་བ་ནི་རྙེད་པ་དང་བཀུར་སྟི་ཡོངས་སུ་ཤེས་པ་ལ་སྒྲིབ་བོ། །སེར་སྣའི་ཀུན་དུ་སྦྱོར་བ་ནི་ཡོ་བྱད་བསྙུངས་པ་ཡོངས་སུ་ཤེས་པ་ལ་སྒྲིབ་པོ། །ཇི་ལྟ་ཞེ་ན་དེའི་ཕྱིར་ཡོ་བྱད་ལ་ལྷག་པར་ཞེན་པའི་ཕྱིར་རོ་ཞེས་བྱ་
བ་སྨོས་སོ། །སེར་སྣ་ནི་ཡོ་བྱད་རྣམས་ལ་ལྷག་པར་ཆགས་པ་སྟེ། འདོད་ཆགས་ཀྱི་ཆར་གཏོགས་པས་འཚོག་ཆས་རྣམས་ལ་སེམས་ཀུན་དུ་འཛིན་པའོ། །ཡོ་བྱད་བསྙུངས་པ་ནི་ཡོ་བྱད་རྣམས་ལས་ལྷག་པར་དབེན་པའོ། །དེ་ལ་ཡོན་ཏན་ཐམས་ཅད་ཀྱི་གནས་ཀྱི་དངོས་པོར་
ཡོངས་སུ་རྟོགས་པ་ནི་ཡོངས་སུ་ཤེས་པའོ། །སེར་སྣ་ནི་ཡོ་བྱད་རྣམས་ལ་ལྷག་པར་ཆགས་པས། ཡོན་ཏན་ཐམས་ཅད་ཀྱི་གནས་སུ་ཡོངས་སུ་མི་ཤེས་ཏེ། དེའི་ཕྱིར་ཡོ་བྱད་བསྙུངས་པ་ལ་སྒྲིབ་པོ་ཞེས་བཤད་དོ། །དེ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་ནི་དེ་ཁོ་
ན་རྟོགས་པར་བྱེད་པར་སྦྱོར་བ་ན་སྒྲིབ་ཀྱི། ལྷག་མ་རྣམས་ནི་མ་ཡིན་ནོ། །ལྷག་མ་རྣམས་ནི་དེ་ཁོ་ན་རྟོགས་པར་བྱེད་པར་ཞུགས་པར་བྱེད་པ་ལ་སྒྲིབ་པོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་གོ་རིམས་ནི་འདི་ལྟ་སྟེ། ཐར་པ་འདོད་པས་ཐོག་མ་ཉིད་དུ་གདོན་མི་ཟ་བར་འཁོར་བ་ལ་སེམས་སྐྱོ་བར་
བྱའོ། །དེ་ནས་ཐམས་ཅད་ལ་བཏང་སྙོམས་སུ་བྱའོ། །དེ་ནས་གནོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པར་བྱའོ། །དེའི་འོག་ཏུ་དེའི་གཞི་ལ་སྡུག་བསྔལ་དང་ཀུན་འབྱུང་བའི་བདག་ཉིད་དུ་ཡོངས་སུ་ཤེས་པར་བྱའོ། །དེ་ནས་དེ་འགོག་
པ་ཤེས་པར་བྱའོ། །དེའི་འོག་ཏུ་ཐོབ་པའི་ལམ་ཤེས་པར་བྱའོ། །དེ་ནས་བདེན་པ་མཐོང་བ་དང་ཡོན་ཏན་དེ་དག་རྟོག་པའི་ཕྱིར་དཀོན་མཆོག་ལ་ཤེས་ནས་དད་པ་འཐོབ་པོ། །བདེན་པ་མཐོང་བའི་སྟོབས་ཉིད་ཀྱིས་ཀྱང་རྙེད་པ་དང་བཀུར་སྟི་དང་། ཡོ་བྱད་བསྙུངས་པ་གཉིས་ཀྱི་ཉེས་པ་
དང་ཡོན་ཏན་མཐོང་བ་ཡིན་ནོ། །དེ་ལྟར་བསྒྲིབ་པར་བྱ་བའི་ཆོས་ཀྱི་གོ་རིམས་ཀྱི་རྒྱུས་དེའི་སྒྲིབ་པའི་གོ་རིམས་ཀྱང་རིག་པར་བྱའོ། །ཐམས་ཅད་ལ་ཡང་ཐམས་ཅད་སྒྲིབ་པ་ཉིད་དུ་སྲིད་པའི་ཕྱིར། གཞི་སོ་སོར་ངེས་པས་སྒྲིབ་པར་བཤད་པ་ནི་མི་རིགས་པ་མ་ཡིན་ནམ་ཞེ་ན།
เล่ม ๑๒๔ · หน้า 225a
འདིར་གཞི་སོ་སོར་ངེས་པར་བྱ་བ་ནི་མ་ཡིན་གྱི། སོ་སོར་ཉེ་བར་གནས་པའི་ཕྱིར་གཙོ་བོར་བྱས་ཏེ་འདི་བསྟན་ཏོ། །ཅི་སྒྲིབ་པ་དེ་ཟད་དམ་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་སྤྱི་ཐུན་ནོ། །བྱང་ཆུབ་སེམས་དཔའ་རྣམས་
ཀྱི་སྒྲིབ་པ་ནི། དགེ་བ་ལ་སོགས་པ་བཅུ་ལ་གཞན་སྒྲིབ་པ་གང་ཡིན་པ་དང་། དགེ་བ་ལ་སོགས་པ་ཡང་གང་ཡིན་མི་ཤེས་ཏེ། དེའི་ཕྱིར། སྦྱོར་བ་མེད་དང་སྐྱེ་མཆེད་མིན། །རྣལ་འབྱོར་མིན་པས་གང་བསྐྱེད་དང་། །ཞེས་གསུངས་པ་ལ་སོགས་པ་ནི་སྒྲིབ་པའོ། །
དགེ་བ་ལ་སོགས་པ་ནི། དགེ་དང་བྱང་ཆུབ་ཡང་དག་འཛིན། །ཞེས་བྱ་བ་ལ་སོགས་པ་དོན་བཅུའོ། །དེ་ལ་དགེ་བ་ནི་བྱང་ཆུབ་ཀྱི་རྒྱུར་གྱུར་པ་སྟེ་དགེ་བའི་རྩ་བ་ཐམས་ཅད་དོ། །བྱང་ཆུབ་ནི་དེའི་འབྲས་བུའོ། །དེ་ལ་དགེ་བ་ནི་སྤྱིར་བསྟན་པས་རབ་ཏུ་དབྱེ་བ་དང་། རང་བཞིན་
མི་ཤེས་ནས་དེའི་ཕྱིར་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྩོམ་སྟེ། ཡང་དག་འཛིན། བློ་ལྡན་འཁྲུལ་མེད་སྒྲིབ་པ་མེད། །བསྔོ་དང་མི་སྐྲག་སེར་སྣ་མེད། །ཅེས་བྱ་བ་དེ་དག་ནི་དགེ་བ་ཞེས་བྱའོ། །བྱང་ཆུབ་ཀྱང་སྨོས་པ་ཙམ་གྱིས་རང་བཞིན་མི་ཤེས་ཏེ། དེའི་ཕྱིར་དེ་ནི་དབང་ངོ་ཞེས་
སྟོན་ཏོ། །ཁ་ཅིག་ན་རེ་དགེ་བ་དང་བྱང་ཆུབ་དང་། ཡང་དག་པར་འཛིན་པ་ལ་སོགས་པ་བཞིན་དུ་སྒྲིབ་པ་རང་གི་རྒྱུད་ཡོད་པར་བཤད་པས། འདིར་རང་གི་རྒྱུད་ཡོད་པ་ཉིད་དུ་ཤེས་ཀྱི། བསྟན་པ་དང་བཤད་པའི་དངོས་པོར་ནི་མ་ཡིན་ནོ་ཞེའོ། །སྐྱེ་བ་ལ་སྒྲིབ་པ་ནི་དགེ་བ་ལ་རྣམ་
པར་གཞག་གོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རྣམས་ཀྱི་སྤྱི་ཐུན་ཡིན་གྱི། དགེ་བ་ནི་བསྐྱེད་པར་བྱ་བའི་ཕྱིར་རོ། །ཡང་དག་པར་འཛིན་པ་ལ་སོགས་པ་ལ་སྒྲིབ་པ་དང་རྟེན་ལ་སོགས་པ་ལ་སྒྲིབ་པ་ནི་ཡང་དག་པར་འཛིན་པ་ལ་སོགས་པ་རྣམས་ཀྱི་སྒྲིབ་པ་སྟེ་
ཐ་དད་དོ། །བྱང་ཆུབ་ནི་མི་འཁྲུག་པ་དང་། ཐོབ་པར་བྱ་བ་ཡིན་པས་དེའི་ཕྱིར། དེའི་གནས་པ་ལ་སྒྲིབ་པ་དང་། ཐོབ་པར་བྱ་བ་ལ་སྒྲིབ་པ་རྣམ་པར་གཞག་སྟེ། དེ་བས་ན་དེ་རང་གི་རྒྱུད་དུ་ཡོད་པར་མི་འགྱུར་རོ། །དེ་དག་གི་གོ་རིམས་ཀྱང་མདོར་ན་དགེ་བའི་རྩ་བ་མ་ལུས་
เล่ม ๑๒๔ · หน้า 225b
པར་བསྒྲུབས་ནས་བྱང་ཆུབ་ཐོབ་པར་བྱའོ། །རྒྱས་པར་ནི་ཐོག་མ་ཉིད་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི་ཕྱིར་རོ། །དེ་ནས་སེམས་བསྐྱེད་པ་དང་མཐུན་པར་སྦྱིན་པ་ལ་སོགས་པ་བསྒྲུབ་པར་བྱ་སྟེ། དེས་བྱང་
ཆུབ་སེམས་དཔར་མངོན་ནོ། །དེ་ནས་བསྐལ་པ་གྲངས་མེད་པར་གོམས་པར་བྱས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་བསམ་པ་རྣམ་པར་སྦྱང་བའི་ཕྱིར། གང་ཟག་དང་ཆོས་ལ་ནོར་བའི་གཉེན་པོར་མ་ནོར་བའི་བདག་ཉིད་མཐོང་བའི་ལམ་བསྐྱེད་པར་བྱའོ། །དེ་
ནས་རྣམ་པར་དག་པའི་ཁྱད་པར་དང་ལྡན་པར་བྱ་བའི་ཕྱིར་སྒྲིབ་པ་དང་བྲལ་བས་རབ་ཏུ་ཕྱེ་བ་བསྒོམ་པའི་ལམ་མཐར་ཕྱིན་པར་བྱའོ། །དེ་ནས་ཉན་ཐོས་ལ་སོགས་པ་ལས་འདའ་བར་སྦྱོར་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཇི་ལྟར་བསགས་པ་དེ་དག་ཐམས་ཅད་
བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་གནས་དེ་ཐོབ་པ་དང་། བྱང་ཆུབ་ཆེན་པོར་བསམ་པར་མི་བྱེད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་པ་ཟབ་ཅིང་རྒྱ་ཆེ་བ་རྣམས་ལ་སྐྲག་པར་མི་འགྱུར་རོ། །དེ་ནས་མང་དུ་ཐོས་པ་དང་། རྟོགས་པ་དང་
ལྡན་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་རྒྱ་ཆེར་སྟོན་ཏོ། །དེ་ནས་འདུལ་བ་ཡོངས་སུ་སྨིན་ནས་དེ་དག་རྣམ་པར་དགྲོལ་བའི་ཕྱིར་དབང་སྟེ། སངས་རྒྱས་ཉིད་ཐོབ་བོ། །འདིར་སྒྲིབ་པ་སུམ་ཅུ་དང་། བསྒྲིབ་པར་བྱ་བ་དགེ་བ་ལ་སོགས་པའི་དོན་བཅུ་བཤད་
པས་དེའི་ཕྱིར་དགེ་བ་ལ་སོགས་པ་དེ་རྣམས་ལ་གང་ལ་སྒྲིབ་པ་དུ་ཡོད་པ་མི་ཤེས་ནས་དྲིས་པ་དང་དེའི་ཕྱིར། དེ་དག་གི་ནི་སྒྲིབ་པ་རྣམས། །གསུམ་གསུམ་དག་ཏུ་ཤེས་པར་བྱ། །ཞེས་བྱ་བ་གསུངས་སོ། །དེ་ལ་སྒྲིབ་པ་གསུམ་ཞེས་བྱ་བ་ལ་སྦྱོར་བ་མེད་པ་ནི་རྩོམ་པ་མེད་པའོ། །
འདི་ལ་སྒྲིབ་པ་གང་ཞེ་ན། བག་མེད་པའང་ལེ་ལོའི་ཉོན་མོངས་པ་གང་གིས་མི་སྦྱོར་བ་སྟེ། ཉོན་མོངས་པའི་ས་བོན་དང་ལྡན་པ་ལུང་དུ་མ་བསྟན་པའམ། ཉོན་མོངས་པར་གྱུར་པའི་གནས་སྐབས་ཀྱི་བྱེ་བྲག་གང་དུ་མི་སྦྱོར་བའོ། །རྒྱུན་དུ་མ་ཆུད་པའམ་གུས་པར་མི་
เล่ม ๑๒๔ · หน้า 226a
སྦྱོར་བ་སྟེ། ཆུང་བས་ན་སྦྱོར་བ་མེད་པ་ཞེས་བྱའི། སྦྱོར་བ་མེད་པ་ནི་མ་ཡིན་ཏེ། དེ་ལ་སྒྲིབ་པར་མི་འཐད་པའི་ཕྱིར་རོ། །སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་བ་ནི། བྱང་ཆུབ་དང་བྱང་ཆུབ་ཐོབ་པར་བྱེད་པའི་དགེ་བའི་རྩ་བ་རྣམས་སྐྱེ་བའི་སྒོ་གསུང་རབ་གང་
ཡིན་པ་དེ་སྐྱེ་མཆེད་དེ། དེ་ལས་གཞན་པ་ནི་སྐྱེ་མཆེད་མ་ཡིན་ནོ། །དེར་སྦྱོར་བ་ནི་འདི་ལས་ཕྱི་རོལ་པ་རྣམས་སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་བའོ། །དེ་ལ་སྒྲིབ་པ་གང་ཞེ་ན། མི་ཤེས་པའམ་ལྟ་བའི་ཉོན་མོངས་པ་གང་གིས་སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་བ་སྟེ། སྦྱོར་བ་དེ་ཉིད་
ལ་ནི་སྒྲིབ་པའོ། །ཚུལ་བཞིན་མ་ཡིན་པ་ལ་སྦྱོར་བའོ་ཞེས་བྱ་བ་ལ་ཚུལ་བཞིན་ནི་ཐབས་ཏེ། གང་གི་ཐབས་གང་ཡིན་པ་དེ་ལས་གཞན་དུ་སྦྱོར་བ་ནི། ཚུལ་བཞིན་མ་ཡིན་པ་ལ་སྦྱོར་བའོ། །བསྟན་པ་འདི་ཉིད་ལས་འདི་ལྟ་སྟེ། འདོད་ཆགས་སྤྱོད་པ་ལ་བྱམས་པ་བསྒོམ་པ་ནི་
འདོད་ཆགས་སྤོང་བའི་ཐབས་མ་ཡིན་པ་དང་། ཞེ་སྡང་སྤྱོད་པ་ལ་མི་སྡུག་པ་བསྒོམ་པ་ཞེས་འབྱུང་བའོ། །འདིར་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའམ། དེའི་རྒྱུ་ནི་སྦྱོར་བའི་སྒྲིབ་པའོ། །བྱང་ཆུབ་ཀྱི་སྒྲིབ་པ་གསུམ་ནི་ཞེས་བྱ་བ། བྱང་ཆུབ་ནི་དོན་ཇི་ལྟ་བ་
བཞིན་དུ་ཐུགས་སུ་ཆུད་པའོ། །དགེ་བ་མི་སྐྱེ་བ་ཞེས་བྱ་བ་ནི་གོང་དུ་བཤད་པ་ཉིད་དོ། །མི་སྐྱེ་བ་ཇི་ལྟར་སྒྲིབ་ཅེ་ན། དགེ་བ་མེད་ན་བྱང་ཆུབ་ཏུ་མི་འགྱུར་ཏེ། དེའི་ཕྱིར་དགེ་བ་མི་སྐྱེ་བ་ནི་བྱང་ཆུབ་ཀྱི་སྒྲིབ་པའོ། །ཡང་ན་གནས་སྐབས་ཀྱི་བྱེ་བྲག་གི་ཚེ་དགེ་བ་ལ་སྐྱེ་བ་ལ་སྒྲིབ་པའི་
ཉོན་མོངས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཀྱི་སྒྲིབ་པ་ཡང་ཡིན་ཏེ། གང་ཚོགས་གང་གིས་སྒྲིབ་པར་ངེས་པ་དེ་ནི་དེའི་འབྲས་བུའི་སྒྲིབ་པ་ཡང་ཡིན་ནོ། །སྐྱེས་ཟིན་པ་ཡང་ཡིད་ལ་མི་བྱེད་པ་ནི་མི་བསྒོམ་པ་སྟེ། སྤེལ་བར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལེ་ལོ་ལ་སོགས་
པའི་ཉོན་མོངས་པ་གང་གིས་གནས་སྐབས་ཀྱི་བྱེ་བྲག་གང་ལ་དགེ་བ་སྐྱེས་ཀྱང་ཡང་དང་ཡང་ཡིད་ལ་མི་བྱེད་པ་དེ་ནི་འདིར་སྒྲིབ་པའོ། །ཚོགས་ཡོངས་སུ་མ་རྫོགས་པའོ་ཞེས་བྱ་བ་ནི། ཚོགས་ཇི་སྙེད་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་བའི་བསོད་ནམས་དང་། ཡེ་ཤེས་ཀྱི་
เล่ม ๑๒๔ · หน้า 226b
ཚོགས་དེ་སྙེད་མ་རྫོགས་པ་དང་། གོང་མ་ལྟ་བུའི་གནས་སྐབས་ཀྱི་ཉོན་མོངས་པའམ་ཚོགས་ཆུང་བའོ། །གཞན་དག་ན་རེ་བྱེ་བྲག་ཏུ་མ་བཤད་ཀྱང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་སྒྲིབ་པ་ནི་འདིར་མི་སྐྱེ་བ་ལ་བྱ་བར་འདོད་དེ། གཞན་དག་གི་ནི་མ་ཡིན་ནོ། །
དེ་དག་སྐྱེས་པ་ཡིད་ལ་མི་བྱེད་པ་དང་། ཡིད་ལ་བྱེད་ཀྱང་ཚོགས་མ་བསགས་པ་ནི་སྒྲིབ་པ་ཞེས་བྱའོ་ཞེའོ། །ཡང་དག་པར་འཛིན་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟེ་ཞེས་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་དང་། དེའི་འབྲས་བུ་སངས་
རྒྱས་ཉིད་དང་། སེམས་ཅན་ཐམས་ཅད་ཀྱང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་བླ་ན་མེད་པར་གཞག་པར་བྱ་བ་ཉིད་དུ་འདིས་ཡང་དག་པར་འཛིན་ཅིང་ཡོངས་སུ་ལེན་པས་ན། ཡང་དག་པར་འཛིན་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །
དེ་ཡང་བདག་དང་གཞན་ལ་ཕན་པར་བྱེད་པའི་བསམ་པ་སྟེ། སེམས་པ་འདུན་པ་དང་བཅས་པའོ། །དེའི་སྒྲིབ་པ་གསུམ་ལ་རིགས་དང་མི་ལྡན་པ་ནི་རིགས་མེད་པའམ། ཉན་ཐོས་ལ་སོགས་པའི་རིགས་སོ། །དགེ་བའི་བཤེས་གཉེན་དང་མི་ལྡན་པ་ཞེས་བྱ་བ་ནི་
རིགས་ཡོད་ཀྱང་དེ་གང་དག་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡང་དག་པར་འཛིན་དུ་འཇུག་པ་དེ་དག་དང་མི་ཕྲད་པ་སྟེ། གང་ལ་བརྟེན་ནས་བྱང་ཆུབ་ལས་རྣམ་པར་ལྡོག་པའམ། དགེ་བའི་ཆོས་རྣམས་ཀྱིས་མི་འཕེལ་བའོ། །དགེ་བའི་བཤེས་གཉེན་དང་ཕྲད་དུ་ཟིན་ཀྱང་
འཁོར་བའི་སྡུག་བསྔལ་རྣམས་ཀྱིས་སེམས་ཡོངས་སུ་སྐྱོ་སྟེ། སེམས་ཅན་ལོག་པར་ཞུགས་པ་རྣམས་ལ་སེམས་སྐྱོ་ནས་མྱུར་དུ་མྱ་ངན་ལས་འདའ་བར་སེམས་སོ། །འདི་ལ་སྒྲིབ་པ་གང་ཞེ་ན། རྒྱུ་དང་མི་ལྡན་པ་དང་རྐྱེན་དང་མི་ལྡན་པ་དང་། སེམས་ཅན་རྣམས་ལ་
སྙིང་མི་རྗེ་བ་དང་ལེ་ལོ་སྟེ། སྙིང་རྗེ་མེད་པ་ནི་སེམས་ཅན་གྱི་དོན་གྱིས་སྐྱོ་བར་འགྱུར་བའམ་སྒྱིད་ལུག་པར་འགྱུར་རོ། །བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཉིད་དེ་ཞེས་བྱ་བ་ནི། རང་བཞིན་གྱིས་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམ་པས་དབང་པོ་རྣོ་བ་དང་། ཤེས་པར་བྱ་
เล่ม ๑๒๔ · หน้า 227a
བ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ་ཉེ་བར་རྟོག་པའི་སྐབས་ཡིན་པ་དང་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པས། བྱང་ཆུབ་སེམས་དཔའ་ཉིད་བློ་ལྡན་ཡིན་གྱི་གཞན་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཉིད་ནི་གཞན་གྱི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་
པའོ། །སྒྲུབ་པ་དང་མི་ལྡན་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་མི་འཇུག་པའོ། །སྒྲུབ་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔར་ཤེས་སོ། །སྐྱེ་བོ་ངན་པ་ནི་སྐྱེ་བོ་བླུན་པོའོ་ཞེས་བྱ་བ་ནི་ཡོངས་སུ་མི་རྟོག་པའི་སྐྱེ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། སྐྱེ་བོ་ངན་པ་ནི་སྒྲུབ་པ་དང་
ལྡན་པའི་བྱང་ཆུབ་སེམས་དཔའ་ལ་འདིའོ་ཞེས་མི་ཤེས་པའོ། །སྐྱེ་བོ་སྡང་བ་ནི་ཞེ་འགྲས་པ་རྣམས་སོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བ་རྣམས་ཏེ། དེ་དག་གླགས་ཚོལ་བས་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡང་དག་པ་རྣམས་ནི་མི་མཐོང་ལ། ཉེས་པ་
མེད་པ་ནི་མཐོང་བའམ་ཞེ་སྡང་གིས་གནོད་པར་སེམས་པས་ཡོན་ཏན་ཡང་དག་པ་རྣམས་བཅབས་ཏེ། སྒྲོ་བཏགས་ནས་མེད་པའི་ཉེས་པ་སྒྲོགས་པའོ། །འདི་ལ་སྒྲིབ་པ་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང་མི་ཤེས་པ་དང་ཞེ་
སྡང་བའོ། །འཁྲུལ་པ་མེད་པའི་སྒྲིབ་པ་གསུམ་ནི་ཞེས་བྱ་བ་ནི། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ཕྱིར་འཁྲུལ་པའོ། །གཉེན་པོ་ནི་འཁྲུལ་པ་མེད་པ་སྟེ། མཐོང་བའི་ལམ་མོ། །ཁ་ཅིག་ན་རེ་ཕྱིན་ཅི་ལོག་གི་གནས་ངན་ལེན་ནི་གཟུང་བ་དང་འཛིན་པ་ལ་
མངོན་པར་ཞེན་པའི་བག་ཆགས་བརྟས་པའོ་ཞེའོ། །གཞན་དག་ན་རེ་མཐོང་བས་སྤང་བར་བྱ་བའི་བག་ལ་ཉལ་ཐམས་ཅད་དམ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བར་ཁོང་དུ་ཆུད་པར་བྱ་བའི་གེགས་སུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་ས་བོན་ཀུན་
གཞི་རྣམ་པར་ཤེས་པ་ལ་གནས་པ་ཡོངས་སུ་གསོས་པའོ་ཞེའོ། །གཞན་དག་ན་རེ་བདག་ལ་སོགས་པ་མེད་པར་བདག་ལ་སོགས་པར་རྣམ་པར་རྟོག་པ་ནི་ཕྱིན་ཅི་ལོག་གོ་ཞེའོ། །ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་གསུམ་ལས་ལྷག་མ་གང་ཡང་རུང་བ་ཞེས་བྱ་བ་དེ་ལ།
เล่ม ๑๒๔ · หน้า 227b
ཉོན་མོངས་པའི་སྒྲིབ་པ་ནི་ཤས་ཆེ་བ་དང་ཡུན་རིང་པོ་ནས་འདོད་ཆགས་ལ་སོགས་པ་ཀུན་དུ་འབྱུང་བ་སྟེ། དེའི་གཉེན་པོ་ལ་སྦྱོར་བའི་སྐབས་མི་འབྱེད་པས་འཁྲུལ་པ་མེད་པ་ལ་སྒྲིབ་པོ། །ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལ་སོགས་པའི་ལས་ངན་སོང་དུ་ངེས་པ་གང་ཡིན་པའོ། །
རྣམ་པར་སྨིན་པའི་སྒྲིབ་པ་ནི་ངན་སོང་ལ་སོགས་པ་སྟེ། དེར་སྐྱེས་པ་ལ་འཕགས་པའི་ཆོས་སྐྱེ་བའི་སྐལ་བ་མེད་དོ། །ཉོན་མོངས་པ་དང་ལས་དང་ཚེ་དེ་དག་ལས་ལྷག་མ་གང་ཡང་རུང་བ་ཞིག་སྒྲིབ་པ་ཡིན་གྱི་ཟད་པར་ནི་མ་ཡིན་ནོ། །རྣམ་པར་གྲོལ་བའི་ཡོངས་སུ་སྨིན་པར་བྱེད་
པའི་ཤེས་རབ་ཡོངས་སུ་མ་སྨིན་པའོ་ཞེས་བྱ་བ་ནི། རྣམ་པར་གྲོལ་བ་ཐོབ་པར་བྱེད་པའི་ཤེས་རབ་ལས་སུ་མི་རུང་བའོ། །ཁ་ཅིག་ན་རེ་དེ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་མ་ཐོབ་པའི་ཕྱིར་ཞེའོ། །གཞན་དག་ན་རེ་རྣམ་པར་མི་རྟོག་པ་དང་དེ་ལ་སྦྱོར་བ་ཅན་གཉིས་ནི། འདིར་
རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་པོ། །དེ་གཉིས་ཡོངས་སུ་མ་སྨིན་པ་ནི་ཚོགས་ཡོངས་སུ་མ་རྫོགས་པའི་ཕྱིར་དེ་ཁོ་ན་རྟོགས་པའི་འོས་མ་ཡིན་པ་དང་། དེའི་རྒྱུའི་དངོས་པོའི་འོས་མ་ཡིན་པ་སྟེ་གོ་རིམས་བཞིན་ནོ་ཞེའོ། །འདི་ལ་སྒྲིབ་པ་གང་ཞེ་ན།
མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ཆགས་བརྟས་པ་དང་། ཉོན་མོངས་པའི་སྒྲིབ་པ་ལ་སོགས་པའི་ལྷག་མ་གཞན་གང་ཡང་རུང་བ་དང་། ཤེས་རབ་ཡོངས་སུ་སྨིན་པའི་གེགས་སུ་གྱུར་པ་མི་ཤེས་པ་དང་ཚོགས་ཡོངས་སུ་མ་རྫོགས་པའོ། །སྒྲིབ་པ་སྤངས་པ་ནི་
སྒྲིབ་པ་མེད་པ་ཞེས་བྱ་བ་ནི་འདིས་སྒྲིབ་པ་སྤོང་བར་བྱེད་པས་སྒྲིབ་པ་སྤོང་བ་སྟེ། སྒྲིབ་པའི་གཉེན་པོ་ཡིན་པས་སྒྲིབ་པ་མེད་པ་ནི་བསྒོམ་པའི་ལམ་མོ། །དེའི་སྒྲིབ་པ་གསུམ་ནི་ལྷན་ཅིག་སྐྱེས་པའི་གནས་ངན་ལེན་ཞེས་བྱ་བ་ནི། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་
བག་ལ་ཉལ་ལོ། །ཡང་ན་བདག་ཏུ་ལྟ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པ་རྣམས་དང་། ཆོས་ཀྱི་དབྱིངས་མཆོག་གི་དོན་ལ་སོགས་པ་རྟོགས་པའི་གེགས་བྱེད་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ཡོངས་སུ་གསོས་
เล่ม ๑๒๔ · หน้า 228a
པའོ། །ལེ་ལོ་ནི་སྙོམ་ལས་ཏེ་གཏི་མུག་གི་ཆར་གཏོགས་པས་སེམས་མངོན་པར་མི་སྤྲོ་བའོ། །བག་མེད་པས་ནི་ཡུལ་ལ་རྣམ་པར་ཆགས་པ་དང་། དགེ་བ་ལ་མི་འཇུག་པའོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་གྱི་རོ་མྱང་བ་ནི་བག་མེད་པའོ་ཞེའོ། །
དེ་ལ་གནས་ངན་ལེན་དང་ལེ་ལོས་ནི་ལམ་མི་བསྒོམ་མོ། །བག་མེད་པས་ནི་མི་དགེ་བ་ལས་སེམས་མི་སྲུང་བའོ། །འདི་ལ་སྒྲིབ་པ་གང་ཞེ་ན། གསུམ་པོ་དེ་ཉིད་དོ། །ཡོངས་སུ་བསྔོ་བའི་སྒྲིབ་པ་གསུམ་ནི་གང་དག་གིས་སེམས་གཞན་དུ་སྔོ་བར་བྱེད་ཀྱི་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་མི་བསྔོ་ཞེས་བྱ་བ་དེ་ལ་བསྔོ་བ་དེ་ནི་དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བ་རྣམས་སངས་རྒྱས་ཉིད་དུ་སེམས་ཀྱིས་ངེས་པར་བྱེད་པའོ། །དེ་ལ་སྒྲིབ་པ་གསུམ་སྟེ། གསུམ་གང་ཞེ་ན། གང་དག་གིས་སངས་རྒྱས་ཉིད་ལས་གཞན་དུ་འཁོར་བའམ། ཉན་ཐོས་
ལ་སོགས་པའི་བྱང་ཆུབ་ཏུ་སེམས་ཡོངས་སུ་སྔོ་བར་བྱེད་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་བསྔོའོ། །དེ་དག་ཀྱང་སྲིད་པ་ལ་ཆགས་པ་དང་། ལོངས་སྤྱོད་ལ་ཆགས་པ་དང་། སེམས་ཞུམ་པ་དང་། །སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །སྤྱད་
པར་བྱ་བ་ན། ལོངས་སྤྱོད་དེ་གཟུགས་ལ་སོགས་པ་ཡུལ་རྣམས་སོ། །དེ་དག་ལ་རྣམ་པར་ཆགས་པ་ནི་ཆགས་པའོ། །སེམས་ཞུམ་པ་ནི་སེམས་རྒྱ་ཆུང་བ་སྟེ། སངས་རྒྱས་ཉིད་དུ་ག་ལ་འགྲུབ། བདག་ལྟ་བུས་ག་ལ་ཞིག་ཅེས་བདག་ལ་མི་སྲིད་པར་སེམས་སོ། །དེ་ལ་
སྲིད་པ་ལ་ཆགས་པ་དང་། ལོངས་སྤྱོད་ལ་ཆགས་པས་ནི་བདེ་འགྲོར་སེམས་སྔོ་བར་བྱེད་དོ། །སེམས་ཞུམ་པས་ནི་ཉན་ཐོས་ཀྱི་ཐེག་པར་སྔོ་བར་བྱེད་དོ། །འདི་ལ་སྒྲིབ་པ་གང་ཞེ་ན། སྲིད་པ་དང་། ལོངས་སྤྱོད་ལ་སྲེད་པ་དང་། ལེ་ལོ་དང་སྙིང་རྗེ་མེད་པའོ། །མི་སྐྲག་པའི་
སྒྲིབ་པ་གསུམ་ནི་ཞེས་བྱ་བ་ལ། མི་སྐྲག་པ་གང་ཞེ་ན། སྟོང་པ་ཉིད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་ཤིང་མི་འཇིགས་པའོ། །གང་ཟག་ལ་མི་སྲིད་སྙམ་པ་ནི་ཐེག་པ་ཆེན་པོའི་ཚུལ་མངོན་པར་བརྗོད་པའི་གང་ཟག་ལ་མ་ནོར་བར་ཁོང་དུ་ཆུད་ཅིང་
เล่ม ๑๒๔ · หน้า 228b
འཆད་པ་དང་། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་ལ་སོགས་པ་ཡོན་ཏན་ལ་ཡིད་མི་ཆེས་པའོ། །ཆོས་ལ་མི་མོས་པ་ནི་སངས་རྒྱས་ཀྱི་གསུང་རབ་ལ་ཚུལ་ཟབ་ཅིང་རྒྱ་ཆེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། དོན་མ་ལོག་པའོ་ཞེས་ཡིད་མི་ཆེས་པའོ། །དོན་
ལ་སྒྲ་བཞིན་དུ་སྤྱོད་པ་ནི་མ་སྐྱེས་པ་དང་། མ་འགགས་པ་དང་། གཟོད་མ་ནས་ཞི་བ་ལ་སོགས་པའི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་རྟོག་པར་བྱེད་ཅིང་དགོངས་པའི་དོན་གྱི་དེ་ཁོ་ན་ཁོང་དུ་མི་ཆུད་པ་སྟེ། དེའི་ཕྱིར་མ་སྐྱེས་པ་ལ་སོགས་པའི་དོན་ལ་མི་མོས་སོ། །འདི་ལ་སྒྲིབ་
པ་གང་ཞེ་ན། ཐེ་ཚོམ་དང་། ཤེས་རབ་དང་། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་མི་ཤེས་པ་དང་། དགོངས་པའི་དོན་ལ་སྤྱོད་པ་མི་མཐུན་པའི་ཕྱོགས་སུ་གྱུར་པའོ། །སེར་སྣ་མེད་པའི་སྒྲིབ་པ་གསུམ་ནི་ཞེས་བྱ་བ་ལ། སེར་སྣ་མེད་པ་ནི་གང་གིས་དམ་
པའི་ཆོས་གནས་པར་བྱ་བའི་ཕྱིར་རམ། གཞན་རྗེས་སུ་གཟུང་བའི་ཕྱིར་ཆོས་སྟོན་པར་བྱེད་པའོ། །དམ་པའི་ཆོས་ལ་ཆེད་ཆེར་མི་འཛིན་པ་ནི་གཅེས་སུ་མི་འཛིན་པ་སྟེ། དེས་གཞན་གྱི་སེམས་ཀྱི་རྒྱུད་ལ་གོ་བར་མི་བྱེད་པ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་
པར་མི་བྱེད་པའོ། །རྙེད་པ་དང་བཀུར་སྟི་དང་མཆོད་པ་ལ་ཆེད་ཆེར་མི་འཛིན་པ་ནི་གཅེས་སུ་མི་འཛིན་པའོ། །དམ་པའི་ཆོས་ལ་ཆེད་ཆེར་འཛིན་ཀྱང་། བདག་དང་གཞན་མཚུངས་སམ་ལྷག་གི་དོགས་ཏེ། དེའི་ཕྱིར་རྙེད་པ་ལ་སོགས་པའི་བར་ཆད་དུ་འགྱུར་བས་འཇིགས་
ནས་ཆོས་མི་འཆད་པའོ། །རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པ་མེད་ཀྱང་སེམས་ཅན་རྣམས་ལ་སྙིང་རྗེ་མེད་པ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་སྙིང་རྗེ་མེད་པས་ཆོས་མི་འཆད་དེ། སྙིང་རྗེ་མེད་པ་ནི་སེམས་ཅན་གྱི་སྡུག་བསྔལ་གྱི་གནོད་པར་མི་འགྱུར་རོ། །འདི་ལ་སྒྲིབ་
པ་གང་ཞེ་ན། ཆེད་ཆེར་མི་འཛིན་པ་དང་། རྙེད་པ་དང་བཀུར་སྟི་ལ་ཆགས་པ་དང་སྙིང་རྗེ་མེད་པའོ། །དབང་གི་སྒྲིབ་པ་གསུམ་ནི་ཞེས་བྱ་བ་ལ། དབང་ནི་སེམས་ཀྱི་དབང་རྣམ་པ་ཐམས་ཅད་ཐོབ་པས་སངས་རྒྱས་ཉིད་དབང་ངོ་། །དེའི་སྒྲིབ་པ་གསུམ་པོ་དག་མི་ཤེས་པས་དེའི་
เล่ม ๑๒๔ · หน้า 229a
ཕྱིར། གང་དག་གིས་དབང་བྱེད་པ་མི་འཐོབ་པ་སྟེ་ཞེས་བྱ་བ་སྨོས་སོ། །དབང་བྱེད་པ་ནི་སེམས་ཀྱི་དབང་ལ་རག་ལུས་པའི་ཕྱིར། གང་དག་གིས་དབང་བྱེད་པ་མི་འཐོབ་པ་དེ་ཉིད་དབང་གིས་སྒྲིབ་པའོ་ཞེས་བརྗོད་དོ། །དབང་བྱེད་པ་ནི་ཡེ་ཤེས་དང་སྤོང་བ་
དང་མཐུ་ཕུན་སུམ་ཚོགས་པའོ། །ཡང་ན་གང་དག་གིས་དབང་བྱེད་པ་མི་འཐོབ་པ་ཞེས་བྱ་བ་ནི་དབང་གི་རྣམ་གྲངས་སུ་བསྟན་པ་སྟེ། སངས་རྒྱས་ཉིད་མི་འཐོབ་ཅེས་བྱ་བའི་ཐ་ཚིག་གོ། །ཐོས་པས་ཕོངས་པ་ནི་དམ་པའི་ཆོས་ཉན་པ་དང་གཏན་དུ་བྲལ་བ་སྟེ། རྩ་ལག་རྣམས་དང་
གཏན་དུ་བྲལ་བ་ལ་རྩ་ལག་གིས་ཕོངས་པའོ་ཞེས་བྱ་བ་ལྟ་བུའོ། །ཐོས་པས་ཕོངས་པ་དེ་ཡང་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་སྐྱེས་པས་འགྱུར་ཏེ། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པའི་ཕྱིར་རམ། མི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཕྱིར། འགྱོད་པ་
མེད་པ་གང་དག་གིས་ཐེག་པ་ཆེན་པོའི་མདོ་སྡེ་ལ། འདི་ནི་བདུད་ཀྱིས་སྨྲས་པ་དང་། ངན་སོང་གི་རྒྱུ་སྟེ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྤོང་བ་དང་། གཞན་དག་ཀྱང་དེ་ལ་མོས་པ་བཟློག་པ་དང་། ཡི་གེར་བྲིས་པ་འཕྱི་བ་དང་། སྲེག་པ་དང་ཆུར་སྐྱུར་བ་
ལ་སོགས་པའི་རྣམ་པ་རྣམས་ཀྱིས་དམ་པའི་ཆོས་ཉན་པ་དང་མི་ལྡན་པའི་ལས་ཀྱི་ས་བོན་ཡོངས་སུ་གསོས་པས། དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་རབ་ཏུ་སྐྱེའོ། །ཐོས་པས་ཕོངས་པར་མ་གྱུར་ན་ཡང་ཐོས་པ་ཉུང་སྟེ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་མ་རྫོགས་
པས་སྒྲིབ་པོ་ཞེས་སྦྱར་རོ། །ཐོས་པ་ཉུང་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་མི་ནུས་སོ། །མང་དུ་ཐོས་པར་གྱུར་ཀྱང་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བ་མ་བྱས་པ་ཉིད་ཀྱང་སྒྲིབ་པོ་ཞེས་སྦྱར་རོ། །འདུན་པ་ལ་སོགས་པ་ལས་གང་ཡང་རུང་བ་ཞིག་མེད་པའི་ཕྱིར་རམ། སྤོང་བའི་
འདུ་བྱེད་བརྒྱད་པོ་དག་ལས་གང་ཡང་རུང་བ་ཞིག་མེད་པས། བསྒོམ་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་མ་བྱས་པའོ། །ཡང་ན་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུ་ལ་སོགས་པ་ཡོངས་སུ་མི་སྒྲུབ་པ་ནི་ཡོངས་སུ་སྦྱང་བ་མ་བྱས་པའོ། །འདི་
เล่ม ๑๒๔ · หน้า 229b
ལ་སྒྲིབ་པ་གང་ཞེ་ན། ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་དང་ཐོས་པ་ཉུང་སྟེ། འཆལ་པའི་ཤེས་རབ་དང་ཏིང་ངེ་འཛིན་དང་མི་མཐུན་པའི་བྱིང་བ་དང་རྒོད་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པའོ། །སྒྲིབ་པ་འདི་ནི་ཞེས་བྱ་བ་ནི་སྦྱོར་བ་མེད་པ་ལ་སོགས་པའོ། །དགེ་བ་ལ་
སོགས་པ་ཞེས་བྱ་བ་ནི། དབང་ལ་ཐུག་གི་བར་དུ་དངོས་པོ་རྣམ་པ་བཅུའོ། །དོན་གང་ལ་བྱེད་རྒྱུ་རྣམ་པ་བཅུར་འགྱུར་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་ནས། འཐོབ་པ་ལ་ཐུག་གི་བར་གྱི་དོན་གང་ལ་སྒྲིབ་པ་དེ་བཟློག་ན། སྦྱོར་བ་ལ་སོགས་པ་ནས་ཏིང་ངེ་འཛིན་ཡོངས་སུ་སྦྱང་
བ་བྱས་པ་ལ་ཐུག་པ་རྣམས་ནི་བྱེད་རྒྱུ་བཅུར་འགྱུར་རོ། །འདིར་ནི་སོ་སོ་ཐ་དད་ཀྱང་སྐྱེ་བ་ལ་སོགས་པའི་རྒྱུ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་བྱེ་བྲག་མེད་པར་བསྟན་ཏོ། །དོན་དེའི་སྐབས་ཀྱིས་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་དོན་གྱི་དབང་དུ་བྱས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་
དགེ་བ་ལ་སོགས་པ་དེ་དག་སྐྱེ་བ་ལ་སོགས་པའི་རྒྱུ་ལ་གེགས་སུ་གྱུར་པའི་ཚེ་ན། སྐྱེ་བ་ལ་སོགས་པ་ལ་སྒྲིབ་པོ་ཞེས་བྱ་སྟེ། དཔེར་ན་རྩིག་པ་ལ་སོགས་པས་སྣང་བ་བསྒྲིབས་ན། དེའི་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་ཡང་སྒྲིབ་པོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་བྱས་ན་
ཆོས་བཅུ་པོ་དེ་དག་གི་སྒྲིབ་པ་སུམ་ཅུ་པོ་བཟློག་ན་བྱེད་རྒྱུ་སུམ་ཅུ་བསྟན་པ་ཡིན་ནོ། །དེ་ལ་དགེ་བ་སྐྱེ་བའི་བྱེད་རྒྱུ་གསུམ་ནི་སྦྱོར་བ་དང་། སྐྱེ་མཆེད་ལ་སྦྱོར་བ་དང་། ཚུལ་བཞིན་ལ་སྦྱོར་བའོ། །འདི་ལྟ་སྟེ། མིག་ལ་སོགས་པ་ཞེས་བྱ་བ་ནི་འདིར་དཔེ་སྟེ། མིག་ལ་སོགས་
པ་ནི་རྣམ་པར་ཤེས་པ་འབྱུང་བའི་བྱེད་རྒྱུ་ཉིད་ཡིན་གྱི། གནས་པ་ལ་སོགས་པའི་བྱེད་རྒྱུ་ནི་མ་ཡིན་ནོ། །དེ་ལ་སྦྱོར་བ་མེད་པ་ལ་སོགས་པ་སྦྱོར་བ་ལ་སོགས་པ་ལ་མངོན་དུ་གེགས་སུ་གྱུར་པ་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་དགེ་བ་སྐྱེ་བ་ལ་ཡང་གེགས་བྱེད་པས་དེ་བཞིན་དུ་སྐྱེ་
བ་ལ་སྒྲིབ་པ་ནི་དགེ་བ་ལ་སྒྲིབ་པ་སྟེ། དེའི་ཕྱིར་དེ་བསྐྱེད་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དགེ་བ་ལ་གནས་པ་ལ་སོགས་པ་མི་སྲིད་པས་སྐྱེ་བའི་སྒྲིབ་པ་ཉིད་ཡིན་ནོ་ཞེས་སྟོན་ཏོ། །བྱང་ཆུབ་ལ་ནི་གནས་པའི་བྱེད་རྒྱུ་ཡོད་དེ། བྱང་ཆུབ་ནི་གནས་གྱུར་པའོ། །དེ་བཞིན་ཉིད་
เล่ม ๑๒๔ · หน้า 230a
དྲི་མ་མེད་པ་ནི་གནས་པའོ། །འདིར་རྒྱུ་སྨོས་པ། མི་འཁྲུགས་པའི་ཕྱིར་རོ་ཞེས་བྱ་བའོ། །འཇིག་རྟེན་ཇི་སྲིད་པ་དེ་སྲིད་དུ་གནས་པས་མི་འཁྲུགས་པ་སྟེ། གཞན་དུ་མི་འགྱུར་བ་དང་རྣམ་པར་མི་ལྡོག་པའོ། །ཉན་ཐོས་ལ་སོགས་པའི་བྱང་ཆུབ་ནི་བདག་གི་
རྒྱུ་ཉིད་ཀྱི་དོན་བྱས་ནས་རྣམ་པར་ལྡོག་གོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བའི་ལྷག་པའི་བསམ་པས་ཚོགས་རྣམས་ལ་འཇུག་པ་ན། གནས་པར་གྱུར་པའི་མཚན་ཉིད་བྱང་ཆུབ་སེམས་ཇི་སྲིད་པ་དེ་སྲིད་དུ་གནས་པར་སྨོན་ཏེ།
ཉན་ཐོས་ལ་སོགས་པ་ལྟར་མི་སྐྱེ་བ་ཙམ་གྱི་ཕྱིར་ནི་མ་ཡིན་ནོ། །གནས་པ་ནི་སྐྱེ་བ་མེད་པར་མི་འགྱུར་བས་འདིར་ཡང་སྐྱེ་བ་ཡོད་པར་འགྱུར་རོ། །དེ་བས་ན་བྱང་ཆུབ་ཀྱི་གནས་པའི་བྱེད་རྒྱུ་ཉིད་བརྗོད་ཀྱི་སྐྱེ་བའི་བྱེད་རྒྱུ་ནི་མ་ཡིན་ནོ། །དེ་མ་གཏོགས་པར་གཞན་གནས་པའི་བྱེད་
རྒྱུ་མེད་པས་དེའི་ཕྱིར་དེ་ཉིད་བཤད་དོ། །ཡང་ན་དེ་བཞིན་ཉིད་རྣམ་པར་དག་པ་ནི་བྱང་ཆུབ་སྟེ། དེ་བཞིན་ཉིད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་སྐྱེ་བ་མེད་དེ། གློ་བུར་གྱི་དྲི་མ་མེད་པར་གྱུར་ན་བྱེད་རྒྱུ་དེ་དག་གིས་གཏན་དུ་གནས་པ་ཉིད་ཅེས་བརྗོད་ཀྱི་སྐྱེ་བ་ནི་མ་ཡིན་ནོ། །བྱང་ཆུབ་ཀྱི་
གནས་པའི་བྱེད་རྒྱུ་ནི་དགེ་བའི་རྩ་བ་སྐྱེ་བ་དང་། ཡིད་ལ་བྱེད་པ་དང་ཚོགས་ཡོངས་སུ་རྫོགས་པའོ། །འདིར་ཡང་དགེ་བ་ལ་མི་སྐྱེ་བ་ལ་སོགས་པ་ནི། དགེ་བ་སྐྱེ་བ་ལ་སོགས་པའི་གེགས་སུ་གྱུར་པས་བྱང་ཆུབ་ཀྱི་གནས་པ་ལ་གནོད་པ་བྱེད་པའི་ཕྱིར་གནས་པའི་སྒྲིབ་པ་ཞེས་
བཤད་དོ། །གནས་པའི་བྱེད་རྒྱུ་ནི་དཔེར་ན་སེམས་ཅན་རྣམས་ཀྱི་ཟས་གཞི་ལྟ་བུའོ་ཞེས་བྱ་བ་ནི། འདིར་དཔེའོ། །ཁམ་གྱིས་ཟ་བའི་ཟས་ལ་སོགས་པ་སྔ་ན་མེད་པའི་སེམས་ཅན་སྐྱེད་པར་བྱེད་པ་ནི་མ་ཡིན་གྱི། སྔར་སྐྱེས་པ་རྣམས་གནས་པར་བྱེད་པ་ཉིད་དོ། །རྟེན་པའི་བྱེད་རྒྱུ་
ཞེས་བྱ་བ་ལ་རྟེན་ནི་བྱང་ཆུབ་ཀྱི་སེམས་ཏེ། དགེ་བའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །གང་གི་གནས་སུ་གང་གྱུར་པ་དེ་ནི་དེའི་རྟེན་ཏེ། འདིས་འཛིན་པས་དཔེར་ན་སེམས་ཅན་གྱི་འཇིག་རྟེན་གྱི་སྣོད་ཀྱི་འཇིག་རྟེན་ལྟ་བུའོ་ཞེས་བྱ་བ་ནི་འདིར་དཔེའོ། །དེའི་བྱེད་རྒྱུ་ནི་
เล่ม ๑๒๔ · หน้า 230b
རིགས་དང་བཤེས་གཉེན་ཕུན་སུམ་ཚོགས་པ་དང་། སེམས་ཡོངས་སུ་མི་སྐྱོ་བའོ། །དེ་ལ་རིགས་དང་མི་ལྡན་པ་ལ་སོགས་པ་ནི་རྟེན་པའི་བྱེད་རྒྱུ་དང་འགལ་བས་རྟེན་ལ་ཡང་སྒྲིབ་པར་བཤད་དོ། །དེའི་ཕྱིར་རྟེན་གྱི་སྒྲིབ་པ་ནི་ཡང་དག་པར་འཛིན་པ་ལ་སྒྲིབ་སྟེ། བྱང་ཆུབ་ཀྱི་
སེམས་རྒྱུར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གསལ་བའི་བྱེད་རྒྱུ་ནི་བློ་ལྡན་བྱང་ཆུབ་སེམས་དཔའི་སྒྲིབ་པ་སྟེ། རབ་ཏུ་བསྟན་པར་བྱ་བའི་ཕྱིར་རོ། །དེ་ཡང་སྒྲུབ་པ་ཕུན་སུམ་ཚོགས་པ་དང་། སྐྱེ་བོ་རུང་བ་དང་འགྲོགས་པ་དང་། སྐྱེ་བོ་གནོད་པར་མི་སེམས་པ་
དང་འགྲོགས་པའོ། །འདིར་སྒྲུབ་པ་དང་མི་ལྡན་པ་ལ་སོགས་པ་ནི་བློ་ལྡན་གསལ་བའི་བྱེད་རྒྱུ་དང་འགལ་བས་གསལ་བའི་སྒྲིབ་པ་ཞེས་བྱ་སྟེ། དེའི་ཕྱིར་གསལ་བ་ལ་སྒྲིབ་པ་ནི་བློ་དང་ལྡན་པ་ལ་སྒྲིབ་པ་སྟེ། དེ་བསྟན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དཔེར་ན་
གཟུགས་ཀྱི་སྣང་བ་ལྟ་བུའོ་ཞེས་བྱ་བ་ནི་འདིར་དཔེའོ། །སྣང་བ་ནི་གཟུགས་འབའ་ཞིག་གསལ་བའི་བྱེད་རྒྱུ་ཉིད་ཡིན་ཏེ། སྐྱེ་བ་ལ་སོགས་པའི་བྱེད་རྒྱུ་ནི་མ་ཡིན་ནོ། །འགྱུར་བའི་བྱེད་རྒྱུ་ནི་འཁྲུལ་བ་མེད་པའི་རྒྱུ་སྟེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་འཁྲུལ་པ་ལྡོག་
པའི་བདག་ཉིད་ཡིན་པས་འཁྲུལ་པ་མེད་པ་ནི་མཐོང་བའི་ལམ་མོ། །འཁྲུལ་པ་མེད་པའི་འགྱུར་བ་ཞེས་བྱ་བ་སྟེ། དཔེར་ན་ཤིང་ཤ་པ་ལ་སོགས་པའི་ཐལ་བ་ལ་སོགས་པ་ལྟ་བུའོ། །དེའི་བྱེད་རྒྱུ་གསུམ་ནི་ཕྱིན་ཅི་ལོག་གི་གནས་ངན་ལེན་བཅོམ་བ་དང་། ཉོན་མོངས་པ་
ལ་སོགས་པའི་སྒྲིབ་པ་གསུམ་མེད་པ་དང་། རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་སྨིན་པའོ། །དཔེར་ན་བཙོ་བ་ལ་སོགས་པའི་མེ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པ་དང་མི་འདྲ་བ་སྟེ། དེའི་རྒྱུད་དུ་གཏོགས་པའོ། །
འབྲས་ལ་སོགས་པར་འགྱུར་རོ་ཞེས་བྱ་བ་དེའི་བྱེད་རྒྱུ་ནི་མེ་ལ་སོགས་པའོ། །འབྲལ་བའི་བྱེད་རྒྱུ་ནི་སྒྲིབ་པ་མེད་པའི་རྒྱུ་སྟེ། མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་སྒྲིབ་པ་ལས་ལྷག་མ་དག་འདིས་སྤོང་བས་སྒྲིབ་པ་མེད་པ་ནི་བསྒོམ་པའི་ལམ་མོ། །དེའི་བྱེད་རྒྱུ་གསུམ་ནི་ལྷན་
เล่ม ๑๒๔ · หน้า 231a
ཅིག་སྐྱེས་པའི་གནས་ངན་ལེན་བཅོམ་པ་དང་། བརྩོན་འགྲུས་དང་བག་ཡོད་པའོ། །དེ་དག་ཀྱང་འབྲལ་བའི་བྱེད་རྒྱུ་སྟེ། མི་འབྲལ་བའི་བྱེད་རྒྱུའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འབྲལ་བ་ལ་སྒྲིབ་པ་ནི་སྒྲིབ་པ་མེད་པ་ལ་སྒྲིབ་སྟེ་ཞེས་བྱ་བ་
སྨོས་སོ། །དེ་ཡང་འབྲལ་བའི་བྱེད་རྒྱུའི་གཉེན་པོའི་དངོས་པོར་སྒྲིབ་སྟེ། འདིར་རྒྱུ་སྨོས་པ། དེ་སྒྲིབ་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའོ། །འདིས་འབྲལ་བར་བྱེད་པས་འབྲལ་བའོ། །བསྒྱུར་བའི་བྱེད་རྒྱུ་ནི་བསྔོ་བའི་རྒྱུ་སྟེ། དེས་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་སྦྱོར་བའི་
མཚན་ཉིད་ཀྱི་ཕྱིར་རོ། །དེ་ཡང་སྲིད་པ་དང་ལོངས་སྤྱོད་ལས་ཕྱིར་ཕྱོགས་པ་དང་སེམས་ཞུམ་པ་མེད་པའོ། །དེའི་ཕྱིར་བསྒྱུར་བ་ནི་བྱེད་རྒྱུའི་གེགས་ནི་བསྔོ་བའི་སྒྲིབ་པར་བལྟ་བར་བྱའོ། །ཅིའི་ཕྱིར་ཞེ་ན་བསྔོ་བ་ནི་བྱང་ཆུབ་ཆེན་པོར་སེམས་ཡོངས་སུ་བསྔོ་བའི་མཚན་ཉིད་ཀྱི་ཕྱིར་
རོ་ཞེས་བྱ་བ་ནི། ཡིད་ཆེས་པའི་བྱེད་རྒྱུ་ནི་མི་སྐྲག་པའི་རྒྱུ་སྟེ། དེ་ཡང་གང་ཟག་ལ་སྲིད་དོ་སྙམ་པ་དང་། ཆོས་ལ་མོས་པ་དང་། དགོངས་པའི་དོན་ཁོང་དུ་ཆུད་པའོ། །ཆོས་དེ་རྣམས་ཀྱི་ཡིད་ཆེས་པར་འགྱུར་བས་དེའི་ཕྱིར་ཡིད་ཆེས་པའི་བྱེད་རྒྱུའི་གེགས་ཡིན་པས་ཡིད་
ཆེས་པ་ལ་སྒྲིབ་པ་ནི་མི་སྐྲག་པ་ལ་སྒྲིབ་སྟེ། འདིར་རྒྱུ་སྨོས་པ། ཡིད་མི་ཆེས་པས་སྐྲག་པའི་ཕྱིར་རོ་ཞེས་བྱའོ། །ཡིད་མི་ཆེས་པས་ནི་ཆོས་ལ་སྐྲག་པར་འགྱུར་རོ། །ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི། སེར་སྣ་མེད་པའི་རྒྱུ་སྟེ། དེ་ནི་དམ་པའི་ཆོས་ཆེར་འཛིན་པ་དང་རྙེད་
པ་དང་བཀུར་སྟི་དང་། མཆོད་པ་ལ་མི་ལྟ་བ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་བའོ། །ཡིད་ཆེས་པར་བྱེད་པའི་རྒྱུ་དང་འགལ་བས་ཡིད་ཆེས་པར་བྱེད་པ་ལ་སྒྲིབ་པ་ནི། སེར་སྣ་མེད་པ་ལ་སྒྲིབ་པར་རྣམ་པར་གཞག་སྟེ། འདིར་རྒྱུ་སྨོས་པ་ཆོས་ལ་སེར་སྣ་མེད་པས་གཞན་
ཡིད་ཆེས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བའོ། །དམ་པའི་ཆོས་ཆེད་ཆེར་མི་འཛིན་པ་ལ་སོགས་པས་ཆོས་ལ་སེར་སྣ་བྱེད་པར་འགྱུར་རོ། །ཆོས་ལ་སེར་སྣ་བྱེད་པས་ཀྱང་གཞན་རྣམས་ལ་ཆོས་འཆད་པར་མི་བྱེད་པས་དེའི་ཕྱིར། ཡིད་ཆེས་པར་བྱེད་པ་ལ་སྒྲིབ་པས་ནི་སེར་སྣ་མེད་པ་
เล่ม ๑๒๔ · หน้า 231b
ལ་སྒྲིབ་པའོ། །འཐོབ་པའི་བྱེད་རྒྱུ་གསུམ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མེད་པ་དང་། མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱས་པའོ། །དེ་དང་འགལ་བས་ཐོས་པས་ཕོངས་པ་ལ་སོགས་པ་ནི་དབང་གི་སྒྲིབ་པར་རྣམ་པར་གཞག་སྟེ། འདིར་རྒྱུ་སྨོས་པ།
དབང་དེ་ལ་དབང་བྱེད་པ་འཐོབ་པའི་མཚན་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའོ། །ཁ་ཅིག་ན་རེ་དགེ་བ་ལ་སོགས་པའི་གོ་རིམས་ཀྱི་རྒྱུ་ནི་འདི་ལྟ་བུ་སྟེ། དགེ་བའི་ཆོས་ཀྱི་སེམས་ཀྱི་རྒྱུད་ཉེ་བར་བསྟན་པས་བྱང་ཆུབ་འཐོབ་པའི་སྐལ་བ་ཡོད་དེ། དེའི་ཕྱིར་ཐོག་མར་དགེ་བ་བཤད་དོ། །དེའི་འོག་
ཏུ་བྱང་ཆུབ་བཤད་དོ། །བྱང་ཆུབ་ཀྱི་སེམས་ནི་ཆོས་དགེ་བའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པས་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས། བྱང་ཆུབ་ལ་ཐུག་གི་བར་དུ་དེ་གཉི་ག་སྒྲུབ་ནུས་པར་འགྱུར་ཏེ། དེའི་ཕྱིར་དེའི་འོག་ཏུ་བྱང་ཆུབ་ཀྱི་སེམས་བཤད་དོ། །བྱང་ཆུབ་ཀྱི་
སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་སྦྱོར་བ་དང་། སྐྱེ་བོ་ངན་པ་དང་སྐྱེ་བོ་སྡང་བ་ཡོངས་སུ་སྤོང་སྟེ། དེ་ལྟར་འདིའི་བྱང་ཆུབ་སེམས་དཔའི་དངོས་པོ་བསྟན་པ་ཡིན་ནོ། །དེའི་ཕྱིར་ཡང་དག་པར་འཛིན་པའི་འོག་ཏུ་བློ་དང་ལྡན་པ་བཤད་དོ། །དེ་ལྟར་རབ་
ཏུ་སྦྱོར་བ་ན་ཕྱིན་ཅི་ལོག་སྤོང་ཞིང་ཕྱིན་ཅི་ལོག་མེད་པའི་ཡེ་ཤེས་ཀྱང་སྐྱེད་པར་བྱེད་དེ། དེའི་ཕྱིར་བློ་ལྡན་གྱི་འོག་ཏུ་འཁྲུལ་པ་མེད་པ་བཤད་དོ། །དེ་ནི་མཐོང་བའི་ལམ་སྟེ། དེ་ལ་གོམས་པས་སྒྲིབ་པ་རྣམས་སྤོང་བས་དེའི་ཕྱིར། དེའི་འོག་ཏུ་སྒྲིབ་པ་སྤོང་བའི་སྒྲིབ་པ་
མེད་པ་བཤད་དོ། །སྒྲིབ་པ་མེད་ན་སྲིད་པ་དང་ལོངས་སྤྱོད་ལ་ཆགས་པ་མེད་པའི་ཕྱིར། སངས་རྒྱས་ཉིད་དུ་ཡིད་ཀྱིས་ཡོངས་སུ་སྔོ་བར་བྱེད་ཀྱི་གཞན་དུ་མ་ཡིན་ནོ། །དེའི་ཕྱིར་དེའི་འོག་ཏུ་བསྔོ་བ་བཤད་དོ། །དེ་ལྟ་བུར་ནི་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཟབ་མོ་རྣམས་
ལ་མཆོག་ཏུ་དགའ་བ་སྐྱེ་སྟེ། མི་སྐྲག་པས་དེའི་ཕྱིར་དེའི་འོག་ཏུ་མི་སྐྲག་པ་བཤད་དོ། །དེ་ལྟར་ཆོས་མངོན་སུམ་དུ་གྱུར་པ་ཐབས་གང་དང་གང་གིས་སེམས་ཅན་འདུལ་བར་མཐོང་བའི་ཐབས་དེ་དང་དེ་ལ་བརྟེན་པས། དེ་ལ་སེར་སྣ་འབྱུང་བར་ག་ལ་འགྱུར་བས། མི་སྐྲག་པའི་
เล่ม ๑๒๔ · หน้า 232a
འོག་ཏུ་སེར་སྣ་མེད་པ་བཤད་དོ། །དེ་ལྟར་སྒྲིབ་པ་སྤངས་པ་དང་དཀར་པོའི་ཆོས་རྣམས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ལ་དབང་བར་འགྱུར་བས་དེའི་ཕྱིར་དེའི་འོག་ཏུ་དབང་བཤད་དེ། གོ་རིམས་ནི་འདིའོ་ཞེའོ། །ལེའུར་
བཅད་པ་འདིར་སྒྲིབ་པའི་སྐབས་ཡིན་པས་དེའི་ཕྱིར་དགེ་བ་ལ་སོགས་པའི་སྐྱེ་བའི་བྱེད་རྒྱུ་རྣམས་ནི། སྒྲིབ་པ་བཞིན་དུ་མདོར་མཛད་པས་སྐབས་ནས་འབྱུང་བ་རྣམས་བར་གྱི་ཚིགས་སུ་བཅད་པས་སྡུད་པར་མཛད་དོ། །བྱེད་རྒྱུ་བཅུ་ནི་སྐྱེ་བ་དང་། །གནས་པ་བརྟེན་དང་བསྟན་བྱ་
དང་། །འགྱུར་དང་འབྲལ་དང་གཞན་དུ་དང་། །ཡིད་ཆེས་གོ་བྱེད་འཐོབ་རྣམས་ལ། །དེ་ནི་དཔེར་བརྗོད་བསྡུ་བའི་ཕྱིར། །བར་གྱི་ཚིགས་བཅད་གཉིས་པ་སྟེ། །མིག་དང་ཟས་སམ་མར་མེ་དང་། །མེ་ལ་སོགས་པ་དེ་ཡི་དཔེ། །ཟོར་བ་བཟོ་ཤེས་དུ་བ་དང་། །རྒྱུ་དང་
ལམ་ལ་སོགས་པ་གཞན། །ཞེས་བྱ་བའོ། །ཕྱོགས་དང་ཕ་རོལ་ཕྱིན་ས་ལ། །སྒྲིབ་པ་དག་ནི་གཞན་ཡིན་ནོ། །སྔར་ནི་དགེ་བ་དང་དེའི་སྒྲིབ་པ་བྱེ་བྲག་ཏུ་མ་ཕྱེ་བར་བཤད་དོ། །ད་ནི་ཕྱོགས་དང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་
བྲག་གིས་ནི་དགེ་བ་བཤད་དོ། །གཞི་ལ་མི་མཁས་ལེ་ལོ་དང་། །ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་གིས་ནི་ཕྱོགས་ལ་སོགས་པའི་དགེ་བ་ལ་སྒྲིབ་པ་བཤད་དོ། །དེར་གཏོགས་པས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉི་གའི་བྱ་བ་བྱེ་བྲག་མེད་པའི་ཕྱིར། དེ་ལ་བྱང་ཆུབ་
ཀྱི་ཕྱོགས་ནི་ཐུན་མོང་བའོ། །ཕ་རོལ་ཏུ་ཕྱིན་པ་དང་ས་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཐུན་མོང་མ་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཉིད་དེ་ལ་ལྷག་པར་བྱེད་པའི་ཕྱིར་རོ། །སྔར་ནི་དགེ་བ་ལ་སོགས་པའི་རྒྱུ་ལ་སྒྲིབ་པའི་སྒོ་ནས་འབྲས་བུ་ལ་སྒྲིབ་པར་
བཤད་དོ། །འདིར་ནི་འབྲས་བུ་ལ་དངོས་སུ་སྒྲིབ་པ་ཉིད་དེ། དེ་བས་ན་སྔ་མ་ལས་གཞན་ཞེས་བྱ་བའོ། །ཡང་ན་སྦྱོར་བ་མེད་པ་ལ་སོགས་པ་ལས་གཞི་ལ་མི་མཁས་པ་ལ་སོགས་པ་གཞན་ཉིད་དེ། དེ་གཞན་ཞེས་བྱ་བའོ། །ཡང་ན་དགེ་བ་དང་བྱང་ཆུབ་ཅེས་
เล่ม ๑๒๔ · หน้า 232b
བྱ་བ་ནི། འདིར་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཐབས་དང་བཅས་པའི་སྤྱོད་པ་དང་། འབྲས་བུ་ལ་སྦྱོར་བ་མེད་པ་ལ་སོགས་པ་སྒྲིབ་པོ་ཞེས་བཤད་དོ། །འདིར་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་འབྱེད་པས། གཞི་ལ་མི་མཁས་པ་ལ་སོགས་པ་ནི། སྦྱོར་བ་
མེད་པ་ལ་སོགས་པ་ལས། དགེ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒྲིབ་པ་གཞན་དུ་རིག་པར་བྱའོ། །དེ་ལ་ཉན་ཐོས་ལ་སོགས་པ་ཐ་དད་པས་བྱང་ཆུབ་གསུམ་སྟེ། དེ་དག་དང་མཐུན་པས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་ལམ་ལ་ཐུག་གི་བར་དག་ནི་བྱང་
ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་རྣམས་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །གཞི་ལ་མི་མཁས་པ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྒྲིབ་པོ་ཞེས་བྱ་བ་ལ། དེ་དག་ནི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་
གཞག་པ་དང་བཞིའོ། །དེ་དག་གི་གཞི་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ཏེ། དེའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ལ་གནས་སུ་མངོན་པར་ཞེན་པའི་གཞི་ནི་ལུས་སོ། །བདག་གི་ལོངས་སྤྱོད་དུ་མངོན་པར་ཞེན་པའི་གཞི་ནི་ཚོར་བའོ། །བདག་ཏུ་མངོན་པར་ཞེན་པའི་
གཞི་ནི་སེམས་སོ། །བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མངོན་པར་ཞེན་པའི་གཞི་ནི་ཆོས་རྣམས་སོ། །ལུས་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་མ་ཆུད་པ་གང་ཡིན་པ་དེ་ནི་དེ་ལ་མི་མཁས་པའོ། །དེ་ལ་ལུས་ཀྱི་རང་གི་མཚན་ཉིད་ནི་མི་གཙང་བ་
དུ་མའི་རྫས་འདུས་པའི་བདག་ཉིད་དོ། །ཚོར་བའི་ནི་བདེ་བ་ལ་སོགས་པའི་རང་བཞིན་ནོ། །རྣམ་པར་ཤེས་པ་ནི་ཡུལ་ལས་སོ་སོར་རྣམ་པར་རིག་པའོ། །ཆོས་རྣམས་ཀྱི་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་
དང་བདག་མེད་པའི་རྣམ་པའོ། །ཡང་ན་ལུས་ལ་སོགས་པ་ལ་མི་གཙང་བ་དང་། སྡུག་བསྔལ་བ་དང་མི་རྟག་པ་དང་། བདག་མེད་པའི་རྣམ་པར་མ་རྟོགས་པའམ། གཙང་བ་དང་བདེ་བ་དང་རྟག་པ་དང་། བདག་གི་རྣམ་པར་རྟོག་པ་ནི་གཞི་ལ་མི་མཁས་པ་སྟེ། འདི་ལྟར་
เล่ม ๑๒๔ · หน้า 233a
མི་ཤེས་པའམ། ལྟ་བ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྒྲིབ་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཤེས་རབ་དང་དྲན་པའི་རང་བཞིན་ཡིན་ན། ཅིའི་ཕྱིར་གཞི་ལ་མི་མཁས་པ་ནི་སྒྲིབ་པ་ཞེས་བརྗོད་ཀྱི། གཞི་མི་དྲན་པ་ནི་མ་ཡིན་ཞེ་ན། ཤེས་རབ་ཀྱི་
ཁ་ན་ལས་ཏེ་འབྱུང་བའི་ཕྱིར་རོ། །འདི་ལྟར་ཤེས་རབ་ནི་མཐོང་བའི་བདག་ཉིད་ཀྱི་ཕྱིར་ཏེ། ཤེས་རབ་ཀྱི་རྗེས་ལས་ཐོབ་པའི་དམིགས་པ་ལ་དྲན་པ་ལ་སོགས་པ་རབ་ཏུ་འཇུག་གི། ཤེས་རབ་བཞིན་དུ་རང་གི་རྒྱུད་ཡོད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མི་དྲན་པ་ནི་སྒྲིབ་པ་ཞེས་མི་བཤད་དོ། །
ལེ་ལོ་ནི་ཡང་དག་པར་སྤོང་བ་རྣམས་ལ་སྒྲིབ་བོ། །བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སྐྱེས་པ་དང་མ་སྐྱེས་པ་སྤོང་བ་དང་། མི་སྐྱེད་པ་དང་། གཉེན་པོ་སྐྱེས་པ་དང་། མ་སྐྱེས་པ་ཕྱིར་ཞིང་འབྱུང་བ་དང་། སྐྱེད་པའི་ཕྱིར་འཇུག་པ་ནི་ཡང་དག་པར་སྤོང་བ་ཞེས་བྱ་བའི་མིང་འཐོབ་
བོ། །དེ་ནི་དབྱེར་མེད་ཀྱང་འབྲས་བུ་ཐ་དད་པའི་ཕྱིར་རྣམ་པ་བཞིར་གཞག་གོ། །དེ་བས་ན་ཡང་དག་པར་སྤོང་བ་རྣམས་བརྩོན་འགྲུས་ཀྱི་བདག་ཉིད་ཡིན་པས་ལེ་ལོ་ནི་སྒྲིབ་པར་བཤད་དོ། །གཉིས་ཀྱིས་ཏིང་ངེ་འཛིན་ཉམས་པ་དང་ཞེས་བྱ་བ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྒྲིབ་པོ། །
འདིས་རྫུ་འཕྲུལ་བྱེད་པས་རྫུ་འཕྲུལ་ཏེ། དེ་ཡང་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ཉིད་རྫུ་འཕྲུལ་གྱི་རྐང་པ་སྟེ། ནམ་མཁའ་ལ་འགྲོ་བ་དང་། སྤྲུལ་པ་ལ་སོགས་པ་རྫུ་འཕྲུལ་གྱི་གནས་སུ་གྱུར་པའི་ཕྱིར་རོ། །ཡང་ན་འགྲོ་
བས་རྫུ་འཕྲུལ་ཏེ། ནམ་མཁའ་ལ་འགྲོ་བ་ལ་སོགས་པ་འབྱོར་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྐང་པ་ནི་རྫུ་འཕྲུལ་གྱི་རྐང་པ་སྟེ། དེའི་གཞི་ཡིན་པའི་ཕྱིར་རོ། །འདུན་པའི་ཏིང་ངེ་འཛིན་ལ་སོགས་པ་རྣམ་པ་བཞི་པོ་དེ་ཉིད་ནི་ཏིང་ངེ་འཛིན་ཏོ། །དེ་ལ་འདུན་པའི་ཏིང་ངེ་འཛིན་ལ་
འདུན་པ་གཙོ་བོ་སྟེ། དེའི་སྒོ་ནས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །བརྩོན་འགྲུས་ལ་སོགས་པ་ཡང་དེ་ན་མེད་པ་ནི་མ་ཡིན་ཏེ། འདུན་པའི་གྲོགས་བྱེད་པའི་ཕྱིར། དེ་དག་ནི་དེར་གཙོ་བོ་མ་ཡིན་པས་དེ་དག་མི་བཤད་དོ། །དེ་བཞིན་དུ་བརྩོན་འགྲུས་དང་། སེམས་དང་དཔྱོད་
เล่ม ๑๒๔ · หน้า 233b
པའི་ཏིང་ངེ་འཛིན་རྣམས་ཀྱང་བརྗོད་པར་བྱའོ། །གཉིས་ཀྱིས་ཏིང་ངེ་འཛིན་ཉམས་པ་སྒྲིབ་པར་བཤད་པ་དེ་མི་ཤེས་ཏེ། དེའི་ཕྱིར་འདུན་པ་དང་། བརྩོན་འགྲུས་དང་སེམས་དང་། དཔྱོད་པ་རྣམས་ལས་གང་ཡང་རུང་བ་ཞིག་མ་ཚང་བ་ཡོངས་སུ་མ་རྫོགས་པ་དང་། སྤོང་བའི་འདུ་
བྱེད་བསྒོམ་པ་མ་ཚང་བས་ཞེས་བྱ་བ་སྨོས་སོ། །དེ་ལ་འདུན་པ་དང་བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་དེ་དག་ལས་གང་ཡང་རུང་བ་ཞིག་མ་ཚང་བས་ཡོངས་སུ་བསྐང་བ་ཉམས་ཏེ། དེའི་དབང་གིས་ཏིང་ངེ་འཛིན་མེད་པའི་ཕྱིར་རོ། །སྒོམ་པ་ཉམས་པ་ནི་སྤོང་བའི་འདུ་བྱེད་
བརྒྱད་པོ་དག་ལས་མ་ཚང་བའི་ཕྱིར་རོ། །དེ་དག་ནི་དད་པ་དང་། འདུན་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་ཀྱི་བདག་ཉིད་དོ། །སྤོང་བའི་འདུ་བྱེད་འདི་དག་བསྒོམས་ན་ཏིང་ངེ་འཛིན་ལ་དབང་
ཐོབ་སྟེ། གཞན་དུ་མ་ཡིན་ནོ། །དེ་བས་ན་དེ་དག་མ་ཚང་ན་སྒོམ་པ་ཉམས་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་ལ་དབང་མི་ཐོབ་པོ། །འདི་ལ་སྒྲིབ་པ་གང་ཞེ་ན། འདུན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང་སྤོང་བའི་འདུ་བྱེད་ཀྱི་མི་མཐུན་པའི་ཕྱོགས་ཉེ་བའི་ཉོན་མོངས་པའོ། །
འདི་ལྟ་སྟེ། ལེ་ལོ་དང་། དམིགས་པ་བརྗེད་པ་དང་། བྱིང་བ་དང་། རྒོད་པ་དང་། འདུ་མི་བྱེད་པ་དང་། འདུ་བྱེད་པའོ། །ཐར་པའི་ཆ་དང་མཐུན་པ་རྣམས་མི་སྐྱེད་པ་ནི་དབང་པོ་རྣམས་ལ་སྒྲིབ་པོ་ཞེས་བྱ་བ་ནི་འཁོར་བས་སྐྲག་སྟེ། ཐར་པའི་དབང་དུ་བྱས་ནས་དགེ་བའི་རྩ་
བ་གང་མངོན་པར་འདུ་བྱེད་པ་དེས་ཐར་པ་རྙེད་པར་ངེས་པས། ཐར་པའི་ཆ་དང་མཐུན་པ་ཞེས་བྱའོ། །དེ་བསྐྱེད་ན་དད་པ་ལ་སོགས་པ་དབང་པོའི་མིང་འཐོབ་པར་འགྱུར་ཏེ། གཞན་དུ་མ་ཡིན་པས་ཐར་པའི་ཆ་དང་མཐུན་པ་མི་སྐྱེད་པ་ནི་དབང་པོ་རྣམས་ལ་སྒྲིབ་པར་བཤད་དོ། །དེ་
ལ་སྒྲིབ་པ་གང་ཞེ་ན། ཉེ་བའི་ཉོན་མོངས་པ་གང་གིས་ཐར་པའི་ཆ་དང་མཐུན་པ་མི་སྐྱེད་པ་སྟེ། དེ་ནི་ཡང་སྲིད་པ་ལ་ཆགས་པ་དང་། མྱ་ངན་ལས་འདས་པས་འཇིགས་པའོ། །དབང་པོ་དེ་དག་གི་ཉམ་ཆུང་བ་ནི་སྟོབས་རྣམས་ལ་སྒྲིབ་པོ། །དབང་པོ་རྣམས་ཀྱི་ཉམ་ཆུང་བ་ཇི་ལྟ་བུ་
เล่ม ๑๒๔ · หน้า 234a
ཞེ་ན། དེའི་ཕྱིར་མི་མཐུན་པའི་ཕྱོགས་དང་འདྲེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མི་མཐུན་པའི་ཕྱོགས་མ་དད་པ་དང་། ལེ་ལོ་དང་། བརྗེད་ངས་པ་དང་། གཡེང་བ་དང་འཆལ་བའི་ཤེས་རབ་ཀྱི་བདག་ཉིད་ཀྱིས་ཟིལ་གྱིས་མི་གནོན་ཞེས་བྱ་བའི་ཐ་ཚིག་གོ། །དྲོ་
བར་གྱུར་པ་དང་། རྩེ་མོས་རབ་ཏུ་ཕྱེ་བ་དག་ནི་དབང་པོ་རྣམས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་གཉིས་པོ་འདི་ནི་མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་པས་ཟིལ་གྱིས་ནོན་པའི་ཕྱིར་ཉམ་ཆུང་བ་སྟེ། དེའི་ཕྱིར་འདི་ལས་ཡོངས་སུ་ཉམས་པ་སྲིད་དོ། །མི་མཐུན་
པའི་ཕྱོགས་ཐུལ་བས་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་དུས་ན་དད་པ་ལ་སོགས་པ་སྟོབས་ཀྱིས་མིང་འཐོབ་པོ། །དེའི་ཕྱིར་དད་པ་ལ་སོགས་པ་དེ་དག་ཉིད་དྲོ་བར་གྱུར་པ་དང་། རྩེ་མོའི་དུས་ན་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་ནོན་ནས་ཉམ་ཆུང་བ་གང་ཡིན་པ་དེ་ནི་
སྟོབས་རྣམས་ལ་སྒྲིབ་སྟེ། དེ་ཡོད་ན་སྟོབས་ཀྱི་བྱེ་བྲག་མི་སྲིད་དོ། །འདི་ལ་སྒྲིབ་པ་གང་ཞེ་ན། མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དེ་ཉིད་དོ། །ལྟ་བའི་ཉེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྒྲིབ་པོ། །བྱང་ཆུབ་ནི་འདིར་མཐོང་བའི་ལམ་ལ་དགོངས་པ་སྟེ། དེའི་
དྲན་པ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་དུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཀྱི་བདག་ཉིད་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་དག་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་དུས་ན་འབྱུང་བས་ཡན་ལག་རྣམས་
ཞེས་བྱའོ། །གལ་ཏེ་བྱང་ཆུབ་དང་མཐུན་པས་ཡན་ལག་ཏུ་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་བྱང་ཆུབ་ཀྱི་ཡན་ལག་ཉིད་དུ་ཐལ་བར་འགྱུར་རོ། །ལྟ་བའི་ཉེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྒྲིབ་པོ་ཞེས་བྱ་བ་དེ་ཇི་ལྟ་ཞེ་ན། དེའི་ཕྱིར་དེ་དག་མཐོང་
བའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ལམ་དུ་རྣམ་པར་གཞག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བའི་ཉེས་པ་འདི་གང་ཞེ་ན། ཀུན་བརྟགས་པའི་ལྟ་བ་རྣམ་པ་ལྔ་དང་། ཐེ་ཚོམ་དང་མ་རིག་པ་དང་། དེ་ལ་དམིགས་པའི་འདོད་ཆགས་ལ་སོགས་
เล่ม ๑๒๔ · หน้า 234b
པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་སོ། །ཐེ་ཚོམ་ལ་སོགས་པ་ཡང་འདིར་སྒྲིབ་པ་མ་ཡིན་ནམ་ཞེ་ན། སྒྲིབ་པ་ཡིན་དུ་ཟིན་ཀྱང་འདིར་གཙོ་བོར་བརྗོད་པར་བཞེད་པས་ལྟ་བའི་སྐྱོན་སྨོས་པའི་ཕྱིར་དེ་དག་མ་སྨོས་ཀྱང་འགལ་བ་མེད་དོ། །ལྟ་བ་
ལ་སོགས་པ་དེ་རྣམས་ཀྱི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ཉིད་མཐོང་བའི་ལམ་གྱིས་སྤོང་བའི་ཕྱིར་དེའི་སྒྲིབ་པ་ཞེས་བྱའོ། །གནས་ངན་ལེན་གྱི་ཉེས་པ་ནི་ལམ་གྱི་ཡན་ལག་ཡང་དག་པར་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་
དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་རྣམས་ལ་སྒྲིབ་སྟེ། འདིར་རྒྱུ་སྨོས་པ། ལམ་གྱི་ཡན་ལག་དེ་དག་བསྒོམ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་སྟེ། བསྒོམ་པའི་ལམ་ལ་རྣམ་པར་གཞག་པའི་ཕྱིར་རོ། །གནས་ངན་ལེན་གྱི་ཉེས་པ་དེ་གང་ཞེ་ན། རྒྱས་པར་
བྱ་བ་ན་ནི་འཇིག་ཚོགས་དང་མཐར་འཛིན་པའི་ལྟ་བ་ལྷན་ཅིག་སྐྱེས་པ་མཚུངས་པར་ལྡན་པ་དང་བཅས་པ་དང་དེ་ལ་ཡང་དམིགས་པ་ཡུལ་ལ་ཡང་དམིགས་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་ཏེ། དེ་དག་གི་
ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་གང་ཡིན་པ་དེ་ནི་གནས་ངན་ལེན་ཏོ། །མདོར་བསྡུ་ན་ནི་མཐོང་བས་སྤང་བར་བྱ་བ་ལས་གཞན་པ་ཟག་པ་དང་བཅས་པ་སྟེ། དེའི་ནུས་པ་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ནི་གནས་ངན་ལེན་ཏོ། །དེ་ནི་བསྒོམ་པའི་ལམ་གྱིས་སྤང་བར་
བྱ་བ་ཡིན་པས་ལམ་གྱི་ཡན་ལག་གི་སྒྲིབ་པར་རྣམ་པར་གཞག་གོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་སྒྲིབ་པ་ནི་བཤད་ཟིན་ཏོ། །དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་བཤད་དགོས་པས་དེའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་ནི། ཕྱུག་པོ་དང་ནི་བདེ་འགྲོ་དང་། །སེམས་ཅན་
མི་གཏོང་སྒྲིབ་པ་དང་། །ཞེས་རྒྱ་ཆེར་སྨོས་སོ། །འདི་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གི་ཕ་རོལ་ཏུ་ཕྱིན་པ་གང་གི་འབྲས་བུ་གང་ཡིན་པ་དེ་ལ་སྒྲིབ་པས་དེའི་སྒྲིབ་པ་ཞེས་བརྗོད་པ་ཡིན་ནོ། །འདི་ལ་སེར་སྣ་ལ་སོགས་པ་སྦྱིན་པ་ལ་སོགས་པ་ལ་དངོས་སུ་གེགས་བྱེད་པ་བཞིན་དུ་
เล่ม ๑๒๔ · หน้า 235a
ཅིའི་ཕྱིར་དེའི་འབྲས་བུ་ལ་སྒྲུབ་པར་བརྗོད་ལ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པར་ནི་མ་བཤད་ཅེ་ན། དེའི་འབྲས་བུའི་དོན་དུ་སྦྱིན་པ་ལ་སོགས་པ་ལ་ཐམས་ཅད་འཇུག་སྟེ། དེ་བས་ན་སེར་སྣ་ལ་སོགས་པ་སྤང་བར་ནན་ཏན་བསྐྱེད་པའི་ཕྱིར་འབྲས་བུ་
ལ་སྒྲིབ་པར་བཤད་དེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པར་ནི་མ་ཡིན་ནོ། །ཡང་ན་སེར་སྣ་ལ་སོགས་པ་སྒྲིབ་པ་ཕྱུག་པོ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དབུལ་པོ་ལ་སོགས་པའི་འབྲས་བུ་བསྐྱེད་པ་ན་ཕྱུག་པོ་ལ་སོགས་པའི་འབྲས་བུ་ལ་གེགས་བྱེད་པས་དེའི་
སྒྲིབ་པ་ཞེས་བྱའོ། །དེ་དག་གི་འབྲས་བུ་གང་ཞེ་ན། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་གཙོ་བོར་ནི་ཕྱུག་པོ་དང་བདག་པོའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བདེ་འགྲོའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་སེམས་ཅན་ཡོངས་སུ་མི་གཏོང་བའོ། །
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ཉེས་པ་དང་ཡོན་ཏན་འབྲི་བ་དང་འཕེལ་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བསྟན་པ་ལ་སེམས་ཅན་འཛུད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བཙུད་པ་དེ་རྣམས་རྣམ་པར་གྲོལ་བར་བྱེད་པའོ། །
ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་དགེ་བ་མི་ཟད་པའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་དགེ་བ་རྒྱུན་མི་འཆད་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་དགེ་བའི་ཆོས་ངེས་པར་འབྱེད་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་
ཕྱིན་པའི་འབྲས་བུ་ནི་ཆོས་ལ་ལོངས་སྤྱོད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །ཕྱུག་པོ་དང་བདག་པོ་ལ་སྒྲིབ་ཅེས་བྱ་བ་ལ། དེ་ལ་ཕྱུག་པོ་ནི་ནོར་དང་ཡོ་བྱད་མང་བའོ། །བདག་པོ་ནི་ལོངས་སྤྱོད་དེ་ལ་དབང་བའོ། །དེ་གཉི་ག་ལ་སྒྲིབ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་སྟེ། དེའི་འབྲས་
བུ་ཡིན་པའི་ཕྱིར་རོ། །དེ་གང་ཞེ་ན་སེར་སྣའོ། །བདེ་འགྲོ་ལ་སྒྲིབ་ཅེས་བྱ་བ་ལ། མཛེས་པར་འགྲོ་བ་ནི་བདེ་འགྲོ་སྟེ་མི་དང་ལྷའོ། །དེ་ལ་སྒྲིབ་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་སྟེ། དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ནི་འཆལ་པའི་ཚུལ་ཁྲིམས་ཏེ། ལུས་དང་ངག་གི་ལས་
เล่ม ๑๒๔ · หน้า 235b
ངན་པའོ། །སེམས་ཅན་ཡོངས་སུ་མི་གཏོང་བ་ཞེས་བྱ་བ་ནི་སེམས་ཅན་གནོད་པར་བྱེད་པ་ལ་ཡང་ཕན་འདོགས་པ་བཞིན་དུ་འཛིན་པ་སྟེ། དེ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ། །དེའི་སྒྲིབ་པ་ནི་ཁྲོ་བའོ། །ཉེས་པ་དང་ཡོན་ཏན་འབྲི་ཞིང་འཕེལ་བ་ཞེས་བྱ་བ་ལ། བདག་དང་གཞན་
ལ་གནོད་པ་རབ་ཏུ་ཞུགས་པ་སྐྱེས་པ་རྣམས་སྤོང་བ་དང་། མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་ཉེས་པ་རྣམས་འབྲི་བའོ། །བདག་དང་གཞན་ལ་ཕན་པར་ཞུགས་པ་སྐྱེས་པ་རྣམས་ཕྱིར་ཞིང་འབྱུང་བ་དང་། མ་སྐྱེས་པ་རྣམས་སྐྱེད་པ་ནི་ཡོན་ཏན་རྣམས་འཕེལ་བའོ། །འདི་ལ་སྒྲིབ་པ་གང་ཞེ་ན་
ལེ་ལོའོ། །འདུལ་བ་འཛུད་པ་ལ་སྒྲིབ་ཅེས་བྱ་བ་ལ། འདུལ་བ་རྣམས་བསྟན་པ་ལ་འཛུད་པ་ནི་མཐོ་རིས་དང་། བྱང་གྲོལ་རྙེད་པའི་རྒྱུར་ཁས་ལེན་པའི་ཕྱིར་རོ། །ཉེ་བར་ཞི་བས་གུས་པ་སྐྱེ་སྟེ་སེམས་ཅན་ཀུན་བརྗོད་པ་དང་། རྫུ་འཕྲུལ་གྱིས་བསྒྲིབ་མི་དགོས་པར་བསྟན་པ་རྟོགས་པར་
བྱེད་དོ། །འདི་ལ་སྒྲིབ་པ་ནི་གཡེང་བའོ། །རྣམ་པར་གྲོལ་བར་བྱེད་པ་ལ་སྒྲིབ་ཅེས་བྱ་བ་ལ་རྣམ་པར་གྲོལ་བར་བྱེད་པ་ནི་ཉོན་མོངས་པ་སྤོང་བ་སྟེ། དེ་ཡང་རྗེས་སུ་བསྟན་པས་འགྱུར་རོ། །རྗེས་སུ་བསྟན་པ་ནི་ཤེས་རབ་ཀྱིས་ཏེ། གཞན་གྱིས་མ་ཡིན་ནོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་འབྲས་བུ་ནི་རྣམ་པར་གྲོལ་བར་བྱེད་པའོ། །དེའི་སྒྲིབ་པ་ནི་ཉོན་མོངས་པ་ཅན་གྱི་ཤེས་རབ་བམ། གཏི་མུག་གམ། འཆལ་པའི་ཤེས་རབ་པོ། །སྦྱིན་པ་ལ་སོགས་པ་མི་ཟད་པ་ལ་སྒྲིབ་སྟེ་ཞེས་བྱ་བ་ནི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་མི་ཟད་པ་ལ་སྒྲིབ་པ་གང་ཡིན་
པ་དེ་ནི། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པའོ། །སྦྱིན་པ་ལ་སོགས་པ་དེ་ཡང་ཇི་ལྟར་མི་ཟད་པར་འགྱུར་ཞེ་ན། དེའི་ཕྱིར། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་དེ་མི་ཟད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་དགེ་བའི་
རྩ་བ་ནི་སངས་རྒྱས་ཉིད་བཞིན་དུ་ཟད་པར་མི་འགྱུར་རོ། །ཁ་ཅིག་ན་རེ་དེའི་སྒྲིབ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་མཚན་ཉིད་ཀྱི་ཐབས་མི་ཤེས་པའོ་ཞེའོ། །གཞན་དག་ན་རེ་ཐབས་མི་མཁས་པ་འཁོར་གསུམ་དུ་འཛིན་པ་ནི་དེའི་སྒྲིབ་པའོ་ཞེའོ། །ཚེ་རབས་ཐམས་ཅད་དུ་དགེ་བ་
เล่ม ๑๒๔ · หน้า 236a
རྒྱན་མི་འཆད་པར་འབྱུང་བ་ལ་སྒྲིབ་ཅེས་བྱ་བ་ལ། དགེ་བ་རྒྱུན་མི་འཆད་པ་ནི་ཉིན་རེའམ་སྐད་ཅིག་རེ་རེ་ལ་སྟེ། དེ་ཡང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ། །ཇི་ལྟ་ཞེ་ན། དེའི་ཕྱིར་སྨོན་ལམ་གྱི་དབང་གིས་དེ་དང་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་རོ་ཞེས་
བྱ་བ་སྨོས་སོ། །སྨོན་ལམ་གྱི་དབང་གིས་སྦྱིན་པ་ལ་སོགས་པ་རྒྱུན་མི་འཆད་པར་འབྱུང་བ་དང་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་ཏོ། །དེ་ལ་སྒྲིབ་པ་ནི་སྦྱིན་པ་ལ་སོགས་པ་དང་མཐུན་པར་སྨོན་ལམ་མི་འདེབས་པའོ། །དགེ་བ་དེ་ཉིད་ངེས་པར་བྱེད་པ་ལ་སྒྲིབ་ཅེས་བྱ་བ་ནི་ཉིན་རེའམ་སྐད་ཅིག་རེ་རེ་ལ་
གཅིག་ཏུ་བྱེད་པ་ནི་ངེས་པར་བྱེད་པའོ། །འདིར་རྒྱུ་སྨོས་པ། སོ་སོར་བརྟགས་པ་དང་བསྒོམས་པའི་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་གནོན་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལ་སོ་སོར་བརྟགས་པའི་སྟོབས་ནི་བསྟན་པ་དང་ལྡན་པའི་ཤེས་རབ་བོ། །བརྟན་པ་ནི་བཏགས་པའི་ཆོས་
ཏེ། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་གསུམ་ལྷན་ཅིག་སྐྱེས་པ་ལ་བཏགས་པའི་ཕྱིར་རོ། །བསྒོམ་པའི་སྟོབས་ནི་གོམས་པ་དང་ལྡན་པས་བསྒྲིམ་མི་དགོས་པར་སྦྱིན་པ་ལ་སོགས་པ་ལ་འཇུག་པའི་ཕྱིར། དེའི་གཉེན་པོ་སེར་སྣ་ལ་སོགས་པས་ཟིལ་གྱིས་མི་
ནོན་པའི་ཕྱིར་རོ། །འདི་ལ་སྒྲིབ་པ་གང་ཞེ་ན། སོ་སོར་མ་བརྟགས་པ་དང་བསྒོམ་པ་ཉམ་ཆུང་བའོ། །བདག་དང་གཞན་ཆོས་ལ་ལོངས་སྤྱོད་པ་དང་ཡོངས་སུ་སྨིན་པར་བྱེད་པ་ལ་སྒྲིབ་ཅེས་བྱ་བ་ནི་ལོངས་སྤྱོད་པའི་འཁོར་གྱི་དཀྱིལ་འཁོར་དུ་རྣམ་པར་གནས་ཏེ། ཐེག་པ་ཆེན་པོའི་ཆོས་ཟབ་
ཅིང་རྒྱ་ཆེ་བ་ལ་ལོངས་སྤྱོད་པ་དང་། སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱི་ལས་ཀྱིས་ཆོས་སྟོན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་འབྲས་བུའོ། །དེའི་སྒྲིབ་པ་ནི་ཐོས་པའི་དོན་ལ་སྒྲ་ཇི་བཞིན་དུ་སྤྱོད་པ་དང་། ཤེས་རབ་ཆུང་བ་ནི་སྒྲིབ་པོ་ཞེས་བྱའོ། །འདི་ལ་རྫས་སུ་ནི་ཕ་རོལ་ཏུ་
ཕྱིན་པ་དྲུག་གོ། །མིང་དུ་ནི་བཅུ་སྟེ། ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེས་སྒྲིབ་པ་ཐམས་ཅད་རིམ་གྱིས་སྤང་ངོ་། །ཐབས་དང་།
เล่ม ๑๒๔ · หน้า 236b
སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་བསྡུས་སོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཡིན་ན་ཇི་ལྟར་རྣམ་པར་མི་རྟོག་པ་མ་ཡིན་ཞེ་ན། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་
རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པའི་ཡེ་ཤེས་ཏེ། ཡེ་ཤེས་དེས་ཁོང་དུ་ཆུད་པ་ཡོངས་སུ་བཅད་ནས་བདག་ཉིད་ཀྱང་ཆོས་ལ་ལོངས་སྤྱོད་པ་རབ་ཏུ་མྱོང་ལ། གཞན་དག་ཀྱང་ཡོངས་སུ་སྨིན་པར་བྱད་པ་ཡིན་ཏེ། འདི་གཉི་ག་ཡང་རྣམ་པར་མི་རྟོག་པ་ལ་མེད་པས་དེའི་ཕྱིར་ཡེ་
ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པ་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒྲིབ་པ་ནི་བཤད་ཟིན་ཏོ། །དེའི་འོག་ཏུ་ས་རྣམས་ཀྱི་བརྗོད་དགོས་པས་དེའི་ཕྱིར། ས་རྣམས་ལ་ཡང་གོ་རིམས་བཞིན་ཏེ། ཀུན་དུ་འགྲོ་དོན་མཆོག་གི་དོན། །ཞེས་རྒྱ་ཆེར་སྨོས་སོ། །དེ་ལ་
ས་ནི་བཅུ་སྟེ། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་ཅན་དང་། ཤིན་ཏུ་སྦྱང་དཀའ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ནོ། །དེ་ལ་ཆོས་ཀྱི་དབྱིངས་ལ་ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་
དུ་ཁོང་དུ་ཆུད་པའི་གནས་སྐབས་ཀྱི་ཁྱད་པར་རྣམས་ནི་གོང་ནས་གོང་དུ་ཁོང་དུ་ཆུད་པའི་གནས་པའི་ཚུལ་དང་། དེ་ལས་སྐྱེས་པའི་ཡོན་ཏན་གྱི་གཞིའི་ཚུལ་གྱི་ས་རྣམས་ཞེས་བྱའོ། །གཞན་དག་ན་རེ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་ལ་སོགས་པའི་དོན་ལ་གནས་པ་གང་དང་གང་
གིས་བྱང་ཆུབ་སེམས་དཔའ་མང་དུ་གནས་པའི་གནས་པ་དེ་དང་དེ་ལ་གནས་པའི་ཕྱིར་ས་ཞེས་བྱའོ་ཞེའོ། །ས་རྣམས་ཀྱི་རྣམ་པར་གཞག་པ་ནི་རབ་ཏུ་དགའ་བ་ལ་མཐོང་བའི་ལམ་སྐྱེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཆོས་མངོན་པར་རྟོགས་སོ། །ཆོས་མངོན་པར་རྟོགས་ནས་དྲི་མ་
མེད་པ་ལ་རང་གི་ངང་གིས་འབྱུང་བ་ལྷག་པའི་ཚུལ་ཁྲིམས་བསླབ་པའི་ཁྱད་པར་སྒྲུབ་སྟེ། ལྟུང་བ་ཕྲ་མོའི་འཆལ་བའི་ཚུལ་ཁྲིམས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འོད་བྱེད་པ་ལ་ནི་ཚེ་རབས་གཞན་དུ་ཡང་ཆོས་ལས་མི་ཉམས་པ་ལྷག་པའི་སེམས་བསླབ་པའི་ཁྱད་པར་
เล่ม ๑๒๔ · หน้า 237a
སྒྲུབ་པོ། །འོད་འཕྲོ་ཅན་དང་། ཤིན་ཏུ་སྦྱང་དཀའ་དང་། མངོན་དུ་གྱུར་ལ་ནི་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པ་ལྷག་པའི་ཤེས་རབ་བསླབ་པའི་ཁྱད་པར་སྒྲུབ་པའོ། །ས་ལྷག་མ་རྣམས་ལ་ནི་བསླབ་པ་དེ་དག་
ཉིད་ཀྱི་འབྲས་བུ་རྣམ་པ་བཞིར་རིག་པར་བྱའོ། །དེ་ལ་རིང་དུ་སོང་བ་རྣམས་ལ་ནི་འབད་པ་དང་བཅས་པར་མཚན་མ་མེད་པའི་ཡེ་ཤེས་ལ་གནས་པ་སྒྲུབ་པོ། །མི་གཡོ་བ་ལ་ནི་ལྷུན་གྱིས་གྲུབ་པར་མཚན་མ་མེད་པའི་ཡེ་ཤེས་ལ་གནས་པ་ཞིང་རྣམ་པར་དག་པ་དང་ལྷན་ཅིག་སྒྲུབ་
བོ། །ལེགས་པའི་བློ་གྲོས་ལ་ནི་སོ་སོ་ཡང་དག་པར་རིག་པ་ཡོན་ཏན་གྱི་ཁྱད་པར་གང་གིས་ཆོས་སྨྲ་བར་འགྱུར་བ་སྒྲུབ་པོ། །ཆོས་ཀྱི་སྤྲིན་ལ་ནི་ཏིང་ངེ་འཛིན་དང་། གཟུངས་ཀྱི་ཡོན་ཏན་གྱི་ཁྱད་པར་སྒྲུབ་པོ། །ཀུན་དུ་འགྲོ་བ་ལ་སོགས་པ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ལ་ཞེས་བྱ་བ་
ནི་ཆོས་ཀྱི་དབྱིངས་ལ་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་ཀྱིས་ཀུན་དུ་འགྲོ་བ་ལ་སོགས་པའི་དོན་གང་ཡིན་པ་ཁོང་དུ་ཆུད་པར་བྱེད་པའོ། །དེ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་ལ་རྣམ་པ་བཅུར་གོ་རིམས་བཞིན་དུ་སྒྲིབ་སྟེ།
དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་སའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །ས་རྣམས་ནི་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་དང་། ཤེས་རབ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་གྱི་བདག་ཉིད་དེ། དེ་དག་སྐྱེ་བའི་གེགས་བྱེད་པའི་ཕྱིར་ཉོན་
མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་མི་མཐུན་པའི་ཕྱོགས་སོ། །དེ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཁོ་ན་སྒྲིབ་པར་མ་ཟད་ཀྱི། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་ཀྱང་ཡིན་ནོ། །འདི་ལྟར་རབ་ཏུ་དགའ་བ་ལ་ནི་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་ཐམས་ཅད་
སྒྲིབ་སྟེ། འདི་ལྟར་ཀུན་དུ་འགྲོ་བའི་དོན་ཁོང་དུ་ཆུད་པར་བྱེད་པ་མཐོང་བའི་ལམ་གྱི་བདེན་པ་རྣམས་ལ་ལོག་པར་རྟོག་པའི་བག་ལ་ཉལ་བ་ཐམས་ཅད་སྤོང་བའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ནི་ས་ལྷག་མ་རྣམས་ཀྱིས་སྤོང་ངོ་། །དེ་དག་ནི་མ་སྤངས་ཀྱང་སྤངས་པ་བཞིན་ཏེ།
เล่ม ๑๒๔ · หน้า 237b
བྱང་ཆུབ་སེམས་དཔའ་རྣམས་ལ་ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན་ནོ། །དོན་དེ་ཉིད་ཀྱི་དབང་དུ་མཛད་དེ་ཚིགས་སུ་བཅད་དེ་གསུངས་པ། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་
བསམ་ཡས། །ཤེའོ། །ས་བཅུ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་གོ་རིམས་བཞིན་དུ་ལྷག་པར་ཆེ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་དེའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་གོ་རིམས་བཞིན་དུ་སྤོང་བར་མངོན་ནོ། །གལ་ཏེ་ཉོན་མོངས་པ་གཞན་ཡང་སྒྲིབ་ན་ཅིའི་ཕྱིར་ས་རྣམས་ལ་ཉོན་
མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཁོ་ན་སྒྲིབ་པར་བཤད་ཅེ་ན། ཐུན་མོང་མ་ཡིན་པའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་ལ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་གེགས་སུ་འགྱུར་གྱི། ཉན་ཐོས་ལ་སོགས་པ་ལ་ནི་མ་ཡིན་ཏེ། འདི་ལྟར་ཉན་ཐོས་དང་རང་སངས་
རྒྱས་རྣམས་ལ་དེ་ཡོད་ཀྱང་གྲོལ་བར་འགྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་མ་ཡིན་པས་དེའི་ཕྱིར་ཐུན་མོང་མ་ཡིན་ནོ། །དེ་ས་རྣམས་ལ་སྒྲིབ་པར་བཤད་ཀྱང་། ས་རྣམས་ལ་སྒྲིབ་པ་དེ་ཁོ་ནར་མ་ཟད་དེ། ཉོན་མོངས་པའི་ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་
རྣམས་ལ་འདྲ་བས་བྱང་ཆུབ་སེམས་དཔའི་ས་རྣམས་ལ་དེའི་སྒྲིབ་པར་གཞག་པ་ཡང་མེད་བཀག་པ་ཡང་མེད་དེ། དེ་མ་བཤད་ཀྱང་སྒྲིབ་པ་ལས་ལྡོག་པར་མི་འགྱུར་རོ། །གཞན་ན་རེ་ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་འདྲ་བས་ཉོན་མོངས་པ་ཅན་མ་ཡིན་པའི་མི་
ཤེས་པ་ནི་ས་རྣམས་ལ་སྒྲིབ་པ་ཁྱད་པར་དུ་བཤད་ཀྱི། ཉོན་མོངས་པ་ནི་ཞར་ལ་ཡོད་པས་མ་སྨོས་སོ་ཞེས་ཟེར་ཏེ། ཉོན་མོངས་པ་ཡང་ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་འདྲ་བ་ཉིད་ཡིན་པས་དེ་ཞར་ལ་ཡོད་ཅེས་བྱ་བར་མི་རུང་ངོ་། །གཞན་ན་རེ་ས་
རྣམས་ཀྱི་མི་ཤེས་པའི་སྒྲིབ་པ་གང་ཡིན་པ་དེ་ཉན་ཐོས་རྣམས་ཀྱི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡིན་ཡང་ཐར་པ་ལ་གེགས་མི་བྱེད་དེ། འདི་ལྟར་ཉན་ཐོས་དག་ལ་ས་རྣམས་ལ་མི་ཤེས་པ་ཡོད་བཞིན་དུ་རྣམ་པར་འགྲོལ་ལོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མྱ་ངན་ལས་
เล่ม ๑๒๔ · หน้า 238a
འདས་པ་ཐོབ་པར་བྱ་བ་ལ་གེགས་ཀྱི་རྒྱུར་གྱུར་པའི་ཕྱིར་ཉོན་མོངས་པ་ཅན་ནོ་ཞེའོ། །དེ་ནི་དེ་ལྟ་མ་ཡིན་ཏེ། ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ཞེས་བཤད་པའི་ཕྱིར་རོ་ཞེའོ། །ས་དང་པོ་ལ་ནི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་དུ་རྟོགས་ཏེ་ཞེས་བྱ་བ་དེ་
ལ། ས་དང་པོ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་འཁོར་བ་དང་བཅས་པ་དང་པོ་པ་སྟེ། མཐོང་བའི་ལམ་གྱིས་བསྡུས་པའོ། །ཆོས་ཀྱི་དབྱིངས་ནི་སྟོང་པ་ཉིད་དེ། སྤྱིའི་མཚན་ཉིད་པས་གཅིག་ལ་ཇི་ལྟ་བར་ཐམས་ཅད་ལ་ཡང་དེ་བཞིན་ནོ། །ཐམས་ཅད་དུ་སོང་བས་
ཀུན་དུ་འགྲོ་བ་སྟེ། ཆོས་ཀྱི་དབྱིངས་ནི་མ་རྟོགས་པར། །འདི་ལྟར་ཆོས་ནི་ཡོད་མ་ཡིན། །ཞེས་འབྱུང་བ་ནི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་ཁུངས་ཡིན་ནོ། །རྟོགས་ཞེས་བྱ་བ་ནི་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། རྟོགས་པ་དེས་བདག་གང་ཡིན་པ་དེ་གཞན་ལ། གཞན་
གང་ཡིན་པ་དེ་བདག་གོ་ཞེས་བདག་དང་གཞན་མཉམ་པ་ཉིད་རབ་ཏུ་ཐོབ་ནས་གཞན་དང་བདག་གིས་སྟོང་པ་ཉིད་ཐ་དད་པར་མ་མཐོང་བས་བདག་དང་གཞན་དུ་བྱེ་བྲག་གིས་རློམ་སེམས་སུ་མེད་དོ། །དེའི་ཕྱིར་དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། དེའི་ཕྱིར་འདི་ལ་
བྱང་ཆུབ་སེམས་དཔའ་བདག་གི་དོན་བཞིན་དུ་གཞན་གྱི་དོན་ལ་རབ་ཏུ་འཇུག་གོ། །འདི་ནི་རྟོགས་པ་དང་གཉེན་པོ་དང་གཉེན་པོའི་འབྲས་བུ་བསྟན་པ་ཡིན་ཏེ། དེ་གསུམ་ནི་ས་གཞན་དག་ཏུ་ཡང་ཤེས་པར་བྱའོ། །གཉིས་པ་ལ་ནི་མཆོག་གི་དོན་དུ་སྟེ། རང་བཞིན་གྱིས་འོད་
གསལ་བར་མཐོང་བའི་ཕྱིར་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་སོ་ཞེས་བྱ་བར་སྦྱར་རོ། །དེས་དེ་འདི་སྙམ་དུ་སེམས་ཏེ། དེ་ལྟ་བས་ན་བསྒྲུབ་དུ་མཚུངས་པ་ལ་བདག་གིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱོང་བ་མངོན་པར་བསྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་སྙམ་མོ་ཞེས་ལུང་ལས་
བཤད་དོ། །མདོ་ལས་ཀྱང་འདི་སྐད་ཅེས་དེ་བས་ན་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ཤེས་རབ་ཀྱི་རྣམ་པར་ཡོངས་སུ་བསྒོམས་ན་ཉན་ཐོས་ཀྱི་ཐེག་པའི་བར་དུ་འགྱུར་རོ། །དེ་བས་གོང་དུ་ཡོངས་སུ་སྦྱངས་པས་རང་སངས་རྒྱས་ཀྱི་ཐེག་པའི་བར་དུ་འགྱུར་རོ། །དེ་བས་གོང་དུ་ཡོངས་སུ་སྦྱངས་
เล่ม ๑๒๔ · หน้า 238b
པས་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་དག་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་དང་། སྤྱོད་པ་རྒྱས་པའི་བར་དུ་འགྱུར་རོ། །དེ་བས་གོང་དུ་ཡོངས་སུ་དག་པས་སྟོབས་བཅུའི་བར་དུ་འགྱུར་རོ། །དེ་ལྟ་བས་ན་བསྒྲུབ་ཏུ་མཚུངས་པ་ལ་བདག་གིས་ཞེས་རྒྱ་ཆེར་བཤད་དོ། །གང་གིས་འདི་
ལྟར་དེ་འདི་སྙམ་དུ་སེམས་ཏེ། ས་གཉིས་པ་ལ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བས་ན་གཉིས་པ་ལ་མཆོག་གི་དོན་དུ་རབ་ཏུ་རྟོགས་པར་མངོན་ནོ། །མངོན་པར་བསྒྲུབ་པ་ནི་འབད་པའམ་བྱ་བའོ། །རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང་བ་ནི་ཆོས་ཀྱི་དབྱིངས་ལ་ཉོན་
མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པ་སེལ་བའོ། །དེ་བས་ན་ས་དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཁྱད་པར་དུ་འཕགས་པའི་དོན་ལ་སྨོན་པས་བདག་ཤིན་ཏུ་རྣམ་པར་དག་པའི་སྣོད་དུ་བྱེད་པའི་ཕྱིར་རོ། །གསུམ་པ་ལ་ནི་དེའི་རྒྱུ་
མཐུན་པ་དོན་གྱི་མཆོག་ཏུ་རྟོགས་ཏེ། སངས་རྒྱས་ཀྱི་གསུང་ནི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འདི་ལྟར་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་ཆོས་ཀྱི་སྐུ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་དབང་གིས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་མདོ་ལ་སོགས་པ་བསྟན་
པའི་ཆོས་རབ་ཏུ་བྱུང་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་མཆོག་ཡིན་པས་དེའི་རྒྱུ་མཐུན་པས་བསྟན་པའི་ཆོས་ཀྱང་མཆོག་ཡིན་པ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་དག་པར་བྱ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པ་མཆོག་ཏུ་རིག་ནས་ཤེས་པ་རྒྱ་
ཆེར་འབྱུང་བ་ལ། དེས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་སོ། །ཐོས་པ་ཞེས་བྱ་བ་ནི་མདོ་ལ་སོགས་པའི་ཆོས་ཐོས་པའོ། །དེ་ལ་མཆོག་ཏུ་རིག་ནས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དེ་བཞིན་དུ་སོ་སོར་རང་གིས་ཤེས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཞེས་བྱ་
བ་ནི་སངས་རྒྱས་ཀྱི་གསུང་མཉན་པའི་ཕྱིར་རོ། །མེའི་འོབས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་དུ་ཡང་བདག་ཉིད་མཆོང་ཞེས་བྱ་བ་ནི་མདོ་ལས་གསུངས་པ། གལ་ཏེ་ལ་ལ་ཞིག་དེ་ལ་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་ཁྱོད་མེའི་འོབས་ཆེན་པོ་འབར་བ། ཀུན་དུ་འབར་བ། ཀུན་
เล่ม ๑๒๔ · หน้า 239a
དུ་རབ་ཏུ་མཆེད་ཅིང་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པའི་ནང་དུ་བདག་རབ་ཏུ་མཆོང་ཞིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་བར་འགྱུར་བ་རང་གི་ལུས་ཀྱིས་ཉམས་སུ་ལེན་ན་ངས་ཁྱོད་ལ་ཆོས་ཀྱི་ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་བྱང་ཆུབ་
སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བ་འདི་བཤད་པར་བྱའོ་ཞེ་ན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་ཆོས་ཀྱི་ཚིག་གཅིག་གི་དོན་དུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་མེས་རབ་ཏུ་གང་བར་ཚངས་པའི་འཇིག་རྟེན་ནས་བདག་གིས་བདག་དོར་བར་མོས་ན་མེའི་འོབས་ཐ་མལ་པར་བདག་དོར་བ་ལྟ་ཅི་སྨོས། སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཉམས་སུ་བབ་ཀྱང་བདག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བཙལ་བར་བྱ་ན། མིའི་
སྡུག་བསྔལ་དང་འགྲོགས་པ་ལྟ་ཅི་སྨོས་ཀྱི་སྙམ་ནས་ཞེས་བྱ་བའོ། །དེ་བས་ན་ས་དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཐོས་པའི་ཆེད་དུ་ཉོན་མོངས་པ་ཐམས་ཅད་ལ་མི་འབྱེད་པའི་ཕྱིར་རོ། །བཞི་པ་ལ་ནི་ཡོངས་སུ་གཟུང་བ་མེད་པའི་དོན་དུ་སྟེ། ཆོས་ཀྱི་
དབྱིངས་རབ་ཏུ་རྟོགས་སོ་ཞེས་བྱ་བར་སྦྱར་རོ། །ས་བཞི་པ་ལ་ནི་མཉམ་པའི་ཕྱིར་ཆོས་ཀྱི་དབྱིངས་བདག་གི་བ་མེད་པར་རབ་ཏུ་རྟོགས་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ལ་བདག་གང་ཡང་མེད་པའི་ཕྱིར་རོ། །ཡང་ན་ཕྱིན་ཅི་ལོག་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་སུའི་ཡོངས་སུ་
བཟུང་བ་ཡང་མ་ཡིན་ནོ། །བདག་ཉིད་ཀྱིས་ཕྱིན་ཅི་ལོག་མ་ཡིན་པས་འདི་ལ་ཡོངས་སུ་བཟུང་བ་གང་ཡང་མེད་དེ། འདི་ལྟར་ཆོས་ལ་སྲེད་པ་ཡང་ལྡོག་གོ་ཞེས་ལུང་ལས་འབྱུང་ངོ་། །དེ་ལྟར་འོད་འཕྲོ་བ་ཅན་ནི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་དབྱིངས་ཁོང་དུ་ཆུད་པའི་ཕྱིར་བྱང་ཆུབ་ཀྱི་
ཕྱོགས་ཀྱི་ཆོས་ཐོབ་སྟེ། བྱང་ཆུབ་སེམས་དཔའ་མདོ་སྡེ་ལ་སོགས་པའི་ཆོས་ལ་སྲེད་པ་སྔ་ནས་ཡོད་པ་གང་ཡིན་པ་དེ་ཡང་ལྡོག་གོ། །གཞན་དག་ན་རེ་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ནི་ཆོས་ལ་སྲེད་པའོ་ཞེའོ། །དེ་བས་ན་ས་དེ་ལ་བརྩོན་འགྲུས་ཀྱི་ཕ་
เล่ม ๑๒๔ · หน้า 239b
རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལས་འདས་པར་རྒྱུན་དུ་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱིས་གནས་པའི་ཕྱིར་རོ། །ལྔ་པ་ལ་ནི་རྒྱུད་ཐ་དད་པ་མེད་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བ་དང་སྦྱར་རོ། །འདས་པ་དང་མ་བྱོན་པ་དང་
ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ནང་དང་། བྱང་ཆུབ་སེམས་དཔའི་རྒྱུད་རྣམས་དང་བདག་ཐ་མི་དད་ཅིང་མཚུངས་པར་མཐོང་ངོ་། །སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུས་ཞེས་བྱ་བ་ནི་ལུང་གིས་སྟོན་ཏེ། །འདས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་
ལ་བསམ་པ་མཉམ་པ་ཉིད་དང་། མ་བྱོན་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། སེམས་ཅན་རྣམ་པར་
དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལྟ་བ་དང་ཐེ་ཚོམ་དང་ཡིད་གཉིས་དང་འགྱོད་པ་སེལ་བས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལམ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་།
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་འཇིག་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་སྟེ། མཉམ་པ་ཉིད་འདི་དག་གིས་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ཐ་མི་དད་པར་
རབ་ཏུ་རྟོགས་ཏེ། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་མཚན་ཉིད་ཆོས་ཀྱི་སྐུ་ཐ་མི་དད་པའི་ཕྱིར་རོ། །དེ་བས་ན་ས་དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། དོན་དམ་པར་བདེན་པའི་རྣམ་པར་བསྒོམས་པ་མང་བའི་ཕྱིར་རོ། །དྲུག་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང་།
རྣམ་པར་བྱང་བ་མ་ཡིན་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བར་སྦྱར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀུན་ནས་ཉོན་མོངས་པ་ནི་དེ་ལ་གློ་བུར་དུ་འབྱུང་བའི་ཕྱིར་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པས་རྣམ་པར་དག་པར་
เล่ม ๑๒๔ · หน้า 240a
འགྱུར་བ་མ་ཡིན་ནོ། །དེ་ལྟར་རང་གིས་རིག་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་སོ་ཞེས་ལུང་དེ་ཉིད་ལས་སྟོན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གང་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་དག་པར་འགྱུར་
བའི་ཆོས་དེ་གང་ཡང་མེད་པར་རབ་ཏུ་རྟོགས་པའི་ཕྱིར་རོ། །ས་དྲུག་པ་ལ་ནི་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་རྟོག་སྟེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དེ་ལ་ཡང་ཆོས་གང་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་མེད་པར་རྟོགས་སོ། །
རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་ནི་ཀུན་ནས་ཉོན་མོངས་པ་ཙམ་དུ་ཟད་པའི་ཕྱིར་གང་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་དག་པར་ཀུན་དུ་རྟོགས་པ་དེ་ལ་གཏོགས་པར་བདག་གམ་བདག་གི་མེད་དོ། །དེའི་ཕྱིར་ས་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་
ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་མེད་པའི་དོན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པའི་ཕྱིར་རོ། །བདུན་པ་ལ་ནི་ཐ་དད་པ་མེད་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བར་སྦྱར་རོ། །ས་དེ་ལ་བྱང་ཆུབ་སེམས་དཔའ་མཚན་མ་ཐམས་ཅད་མི་འབྱུང་
བས་ཟིལ་གྱིས་ནོན་ཏེ། མཚན་མ་འབྱུང་བའི་སྒོ་ནས་ཐ་དད་པ་འབྱུང་བའི་ཕྱིར་རོ། །དེ་བས་ན་མཚན་མ་མེད་པའི་ཕྱིར་བདུན་པ་ལ་ཐ་དད་པ་མེད་པའི་དོན་རབ་ཏུ་རྟོགས་སོ་ཞེས་བྱའོ། །དོན་དེ་ཉིད་རབ་ཏུ་བསྟན་པའི་ཕྱིར་མཚན་མ་མེད་པས་མདོ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་ཐ་དད་པ་མི་འབྱུང་བའི་
ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ས་དྲུག་པའི་བར་དུ་ནི་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་གང་གིས་ཆོས་ཀྱི་དབྱིངས་ལ་འཇུག་པ་དེ་དག་ཤུགས་ཀྱིས་དེ་ལ་འཇུག་པ་དང་། དེའི་རྗེས་ལས་ཐོབ་པའི་ཤེས་པ་གཉིས་ཀྱིས་ཐ་དད་པ་ཉིད་དུ་མངོན་དུ་འགྱུར་རོ། །ས་བདུན་པ་ལ་ནི་མཚན་མ་ཐམས་ཅད་རོ་
གཅིག་པའི་རྣམ་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་མཚན་མ་མེད་པར་རབ་ཏུ་རྟོགས་པས་མཚན་མ་དེ་དག་མི་འབྱུང་ངོ་། །དེའི་ཕྱིར་ས་དེ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། འདི་ལྟར་མཚན་མ་ཐམས་ཅད་མཚན་མ་མེད་པ་ཉིད་དུ་ཡང་རབ་ཏུ་རྟོགས་ལ། མཚན་མར་བྱས་པའི་ཐ་
เล่ม ๑๒๔ · หน้า 240b
སྙད་ཀྱང་མི་འགོག་སྟེ། དེ་རབ་ཏུ་རྟོགས་པས་ཀྱང་དེ་ཉིད་ལ་དབང་བྱེད་པ་རབ་ཏུ་ཐོབ་པའི་ཕྱིར་རོ། །བརྒྱད་པ་ལ་ནི་བྲི་བ་མེད་ཅིང་འཕེལ་བ་མེད་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་སོ་ཞེས་བྱ་བར་སྦྱར་རོ། །ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དྲི་མ་དང་བཅས་པ་
དང་། དྲི་མ་མེད་པའི་དུས་ན་ཡང་ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ན་རྟག་ཏུ་དེ་བཞིན་ཁོ་ན་བས་དེ་བཞིན་ཉིད་ཅེས་བྱའོ། །མཚན་མ་དང་བྲལ་བ་ན་གང་ལ་ཡང་བྲི་བ་ཡང་མེད་ལ། མཚན་མ་ཡོད་པ་ན་ཡང་གང་ལ་ཡང་འཕེལ་བ་ཡང་མེད་དོ། །ལ་ལན་རེ་འདི་ལྟར་མཚན་མ་ཉིད་མཚན་མ་མེད་པའོ་ཞེའོ། །
འདིར་རྒྱུ་སྨོས་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཞེས་བྱ་བའོ། །ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཆོས་ཀྱི་དབྱིངས་ལ་བྲི་བ་མེད་པ་དང་། ལྷག་མ་མེད་པ་ཉིད་དུ་དེ་ལྟར་རབ་ཏུ་རྟོགས་སོ། །ཀུན་ནས་ཉོན་མོངས་པ་ནི་བྲི་བ་མེད་པའམ། །རྣམ་
པར་བྱང་བས་ན་འཕེལ་བའི་ཆོས་གང་ཡང་མེད་དེ། སྔོན་མེད་པའི་ཆོས་མི་སྐྱེ་བའི་ཕྱིར་རོ། །དབང་རྣམ་པ་བཞི་སྟེ། རྣམ་པར་མི་རྟོག་པ་ལ་དབང་བ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ལས་ལ་དབང་བའོ། །དེ་ལ་ལྷུན་གྱིས་གྲུབ་པར་མཚན་
མ་ཐམས་ཅད་མི་འབྱུང་བས་ཆོས་ཀྱི་དབྱིངས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བའི་གནས་སུ་རིག་པར་བྱའོ། །བདུན་པ་ལ་ཡང་མཚན་མ་མི་འབྱུང་བ་ཡོད་མོད་ཀྱི། མངོན་པར་འདུ་བྱེད་པས་ཡིན་གྱི། འདིར་ནི་ལྷུན་གྱིས་གྲུབ་པ་ཡིན་པས་བྱེ་བྲག་ཡོད་དོ། །ཇི་ལྟར་བཞེད་པ་བཞིན་
དུ་སངས་རྒྱས་ཀྱི་ཞིང་དང་འཁོར་གྱི་དཀྱིལ་འཁོར་ཀུན་དུ་བསྟན་པའི་མཐུ་བརྙེས་པས་ཆོས་ཀྱི་དབྱིངས་ནི་ཞིང་ཡོངས་སུ་དག་པ་ལ་དབང་བའི་གནས་སུ་རིག་པར་བྱའོ། །དེ་བས་ན་ས་དེ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། རྣམ་པར་མི་རྟོག་པ་དང་ཞིང་ལ་དབང་བ་ཐོབ་པས་
དགེ་བ་ལ་བར་ཆད་མེད་པར་སྦྱོར་བའི་ཕྱིར་རོ། །དགུ་པ་ལ་ནི་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་སྟེ། ཅི་ཞེ་ན། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བར་སྦྱར་རོ། །དགུ་པ་ལ་ནི་ཡེ་ཤེས་ལ་དབང་བའི་གནས་ཏེ། རབ་ཏུ་རྟོགས་སོ་ཞེས་བྱ་བར་ཅི་མངོན་ཞེ་ན། དེའི་ཕྱིར་སོ་སོ་ཡང་དག་པར་རིག་
เล่ม ๑๒๔ · หน้า 241a
པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ས་འདི་ལ་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་གཞན་དག་གིས་མི་འཇིགས་པ་རབ་ཏུ་ཐོབ་པོ། །དེ་བས་ན་འདིར་ནི་ཆོས་ཀྱི་དབྱིངས་ཡེ་ཤེས་ལ་དབང་བའི་གནས་ཏེ།
རབ་ཏུ་རྟོགས་སོ་ཞེས་བྱ་བར་མངོན་ནོ། །དེའི་ཕྱིར་ས་དེ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཤེས་རབ་ཀྱི་སྟོབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །ས་བཅུ་པ་ལ་ནི་ལས་ལ་དབང་བའི་གནས་ཉིད་དུ་རྟོགས་སོ། །དེ་ཅི་མངོན་ཞེ་ན། དེའི་ཕྱིར་ཇི་ལྟར་བཞེད་
པ་བཞིན་དུ་སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདི་ནི་ས་བཅུ་པ་ལ་ཆོས་ཀྱི་དབྱིངས་ལས་ལ་དབང་བའི་གནས་སུ་རབ་ཏུ་རྟོགས་སོ། །དེས་དེ་བཞིན་གཤེགས་པའི་ཕྲིན་ལས་རྣམས་ལ་དབང་བྱེད་པ་རབ་ཏུ་བརྙེས་ཏེ། འདི་ལྟར་བདེ་
བར་གཤེགས་པ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་སེམས་ཅན་དག་ལ་སྤྲུལ་པའི་སྐུ་རྣམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་གང་ལ་ཇི་ལྟར་གང་གི་ཚེ་གང་བྱ་བ་ལ། དེ་ལྟར་དེའི་ཚེ་དེ་མཛད་དོ། །དེ་བས་ན་ས་འདི་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལྷག་པར་ཆེ་བ་ཡིན་ཏེ། ཆོས་ལ་ལོངས་སྤྱོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་ཇི་སྐད་དུ་བཤད་པ་དེ་དག་ལ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་རབ་ཏུ་རྟོགས་པ་རྣམ་པ་ཐམས་ཅད་དུ་ཡོངས་
སུ་སྦྱང་བ་ལ་གེགས་སུ་གྱུར་པ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པས་རེ་རེ་ལ་ཡང་སྒྲིབ་པ་གང་ཡིན་པ་དེའི་གཉེན་པོར་བྱང་ཆུབ་སེམས་དཔའི་ས་བཅུ་རྣམ་པར་གཞག་གོ། །ས་དགུ་པ་དང་ས་བཅུ་པ་དག་གི་ཁྱད་པར་ནི་འབྲས་བུས་བསྟན་པ་ཡིན་གྱི། དམིགས་པ་ཐ་དད་
པ་རབ་ཏུ་རྟོག་པའི་ཁྱད་པར་གྱིས་ནི་མ་ཡིན་ཏེ། གནས་པ་ཅིར་ཡང་དཔྱད་དུ་མེད་པའི་གནས་སུ་ཕྱིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བ་ལ་སོགས་པའི་དོན་དུ་རྟོགས་པའི་དགོངས་པ་ནི་ས་བཅུ་རྣམས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་གོ་རིམས་བཞིན་དུ་ཁྱད་པར་དུ་འགྲོ་བའོ། །དེའི་ཕྱིར་འདི་སྐད་
เล่ม ๑๒๔ · หน้า 241b
ཅེས་ས་ལ་སྒྲིབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཁྱད་པར་དུ་འགྲོ་བ་ལ་སྒྲིབ་པའོ་ཞེས་བཤད་དོ། །ཡང་ན་མདོ་ལས་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་ལ་སོགས་པས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མཆོག་རྣམས་ཀྱི་ཡེ་ཤེས་ཀྱི་མཐར་ཐུག་པའི་འབྲས་བུ་གསུང་
པ་ཉིད་ཀུན་དུ་འགྲོ་བ་ལ་སོགས་པའི་དོན་དུ་རབ་ཏུ་རྟོགས་པའི་དགོངས་པ་ཞེས་བྱའོ། །སྒྲིབ་པ་རྣམ་པ་དུ་མ་གོང་དུ་མ་བཤད་པ་ཐམས་ཅད་ནི་སྒྲིབ་པ་གཉིས་ཀྱི་ནང་དུ་འདུས་པར་རབ་ཏུ་བསྟན་པའི་ཕྱིར་མདོར་བསྡུ་ན། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན་
ཞེས་བྱ་བ་སྨོས་སོ། །མདོར་བསྡུ་ན་གཉིས་ཁོ་ན་སྟེ། གསུམ་དུ་མེད་དོ་ཞེས་བྱ་བ་དེ་ཅི་མངོན་ཞེ་ན། དེའི་ཕྱིར། དེར་ནི་སྒྲིབ་པ་ཐམས་ཅད་དེ། །ཞེས་བྱ་བ་གསུངས་ཏེ། ནང་དུ་འདུས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྒྲིབ་པ་ཐམས་ཅད་སྒྲིབ་པ་གཉིས་ཀྱི་ནང་དུ་འདུས་པས་
གསུམ་པ་གཞན་མེད་པར་མངོན་ནོ། །གང་གི་ཕྱིར་སྒྲིབ་པ་ཐམས་ཅད་འདི་ཉིད་ཀྱི་ནང་དུ་འདུས་པ་དེའི་ཕྱིར་སྒྲིབ་པ་ཐམས་ཅད་སྡུད་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པ་གཉིས་པོ་འདི་ཟད་ན། སྒྲིབ་པ་ཐམས་ཅད་ལས་གྲོལ་བར་འདོད་དེ། སྒྲིབ་པ་ཐམས་ཅད་སྤོང་ཞེས་
བྱ་བའི་ཐ་ཚིག་གོ། །སངས་རྒྱས་ཀྱི་སའི་སྒྲིབ་པ་མ་བཤད་པར་དེ་ཉིད་ཀྱི་ནང་དུ་འདུས་པར་ཇི་ལྟར་འགྱུར། བརྗོད་པས་དེའི་ནང་དུ་གཏོགས་པར་འགྱུར་བ་ཡང་མ་ཡིན་ཏེ། རང་བཞིན་གྱིས་འདུས་སོ། །དེ་ལྟ་མོད་ཀྱི་ཁྱབ་པའི་སྒྲིབ་པ་བཤད་པའི་ཕྱིར་དེ་ཉིད་བཤད་ཟིན་ཏོ། །
གཞན་དུ་ན་ནི་ཉི་ཚེ་བའི་སྒྲིབ་པ་ཉིད་དུ་འགྱུར་རོ། །ཡང་ན་སངས་རྒྱས་ཀྱི་སའི་སྒྲིབ་པ་བསྡུ་བའི་དོན་དུ། དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་བྱ་བ་གསུངས་སོ། །སངས་རྒྱས་ཀྱི་སའི་སྒྲིབ་པ་མ་ཟད་པར་གྲོལ་བ་མེད་དེ། དེའི་ཕྱིར་སྒྲིབ་པ་ལྷག་
མ་ལྟར་དེའི་སྒྲིབ་པ་ཡང་བསྟན་པ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་རབ་ཏུ་ཕྲ་བའི་གནས་སྐབས་དང་། ཉོན་མོངས་པའི་བག་ཆགས་ནི་སངས་རྒྱས་ཀྱི་སའི་སྒྲིབ་པ་ཞེས་བྱ་སྟེ། དེ་བས་ན་ཤིན་ཏུ་ཕྲ་བའི་ཕྱིར་གཞན་དུ་བརྟག་མི་ནུས་པས་དེ་སྐད་ཅེས་བཤད་
เล่ม ๑๒๔ · หน้า 242a
པར་འགྱུར་རོ། །སྒྲིབ་པ་ཆེན་པོ་ནི་ཁྱབ་པ་གང་ཡིན་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའོ། །སྒྲིབ་པ་ཆུང་ངུ་ནི་ཉི་ཚེ་བ་གང་ཡིན་པའོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་
ཀྱི་ཉོན་མོངས་པའི་སྒྲིབ་པ་ཉིད་དོ། །སྦྱོར་བའི་སྒྲིབ་པ་ནི་ལྷག་མ་གང་ཡིན་པའོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤྱོད་པ་དེ་དག་ཉིད་ཀྱི་སྟེ། དེས་སྦྱོར་བ་ཉིད་མི་འཐོབ་པོ། །འཐོབ་པ་ལ་སྒྲིབ་པ་ནི་མཉམ་པ་གང་ཡིན་པའོ་ཞེས་བྱ་བ་ནི་ཆ་མཚུངས་པར་སྤྱོད་པ་རྣམས་ཀྱི་
སྟེ། དེ་འཐོབ་པའི་བགེགས་སུ་འགྱུར་བའི་ཕྱིར་རོ། །ཐོབ་པ་ཁྱད་པར་ཅན་ལ་སྒྲིབ་པ་ནི་ལེན་པ་དང་སྤོང་བ་གང་ཡིན་པའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱི་སྟེ། ཐོབ་པར་བྱ་བ་ཁྱད་པར་ཅན་ལ་སྒྲིབ་པའི་ཕྱིར་རོ། །མི་གནས་པའི་མྱ་ངན་ལས་འདས་པ་
ནི་ཐོབ་པར་བྱ་བ་ཁྱད་པར་ཅན་ཏེ། དེ་ཉིད་འབྲས་བུའི་ཁྱད་པར་དུ་ཡང་རིག་པར་བྱའོ། །ཡང་དག་པར་སྦྱོར་བ་ལ་སྒྲིབ་པ་ནི་ཉོན་མོངས་པའི་མཚན་ཉིད་རྣམ་པ་དགུ་གང་ཡིན་པའོ་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་དགུ་ནི་སྒྲིབ་པོ་ཞེས་བཤད་པའི་ཕྱིར་རོ། །དེ་དག་ཡང་དག་པར་སྦྱོར་བ་ལ་ཇི་
ལྟར་སྒྲིབ་པ་དེ་བཞིན་དུ་བཤད་ཟིན་ཏོ། །རྒྱུ་ལ་སྒྲིབ་པ་ནི་དགེ་བ་ལ་སོགས་པ་རྣམ་པ་བཅུ་ལ་སྒྲིབ་པ་གང་ཡིན་པ་སྟེ། རྒྱུའི་དོན་གྱི་སྐབས་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བ་ལ་སོགས་པའི་རྒྱུ་ལ་གེགས་བྱེད་པའི་སྒོ་ནས་སྒྲིབ་པར་འགྱུར་བས་རྒྱུ་ལ་སྒྲིབ་པ་ཞེས་བྱའོ། །དེ་ཁོ་ན་ལ་འཇུག་པ་ལ་
སྒྲིབ་པ་ནི་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་སྒྲིབ་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་དག་གིས་དེ་ཁོ་ན་ལ་འཇུག་པར་བྱེད་དོ། །དགེ་བ་བླ་ན་མེད་པ་ལ་སྒྲིབ་པ་ནི། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེའི་བླ་ན་དགེ་བ་མེད་པའི་ཕྱིར་རོ། །དེ་ཁྱད་པར་དུ་འགྲོ་བ་ལ་སྒྲིབ་
པ་ནི་ས་རྣམས་ལ་སྒྲིབ་པ་གང་ཡིན་པའོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་ཉིད་འཇིག་རྟེན་ལས་འདས་པའི་ཁྱད་པར་གྱི་གནས་སུ་གྱུར་པ་ནི་ས་རྣམས་ཞེས་བྱའོ། །བསྡུས་པའི་སྒྲིབ་པ་ནི་མདོར་བསྡུས་པ་རྣམ་པ་གཉིས་པོ་གང་ཡིན་པའོ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་
เล่ม ๑๒๔ · หน้า 242b
བྱའི་སྒྲིབ་པ་སྟེ། དེ་དག་གིས་སྒྲིབ་པ་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེས་བདེ་བླག་ཏུ་ལེན་པ་དང་། འཛིན་པར་བྱ་བའི་ཕྱིར་དོན་བསྡུས་པ་བཤད་དོ། །བསྡུ་བ་བྱས་པས་བདེ་བླག་ཏུ་ལེན་ཏོ། །འཛིན་ཏོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་སྒྲིབ་པའི་
ལེའུར་བཅད་པ་སྟེ་གཉིས་པའི་འགྲེལ་བཤད་དོ།། །།སྒྲིབ་པ་བཤད་པའི་འོག་ཏུ་དེ་ཁོ་ན་བཤད་པའི་སྐབས་ཡིན་ཏེ། དེའི་འོག་ཏུ་སྨོས་པའི་ཕྱིར་རོ། །དེ་བས་ན་དེ་ཁོ་ནའི་དབང་དུ་མཛད་དེ་གསུངས་པ་ཞེས་བྱ་བ་སྨོས་སོ། །དེ་ཁོ་ན་ཡང་རྣམ་པ་དུ་མ་ཡོད་དེ། དེའི་ཕྱིར་
དེའི་དབྱེ་བ་ཁོང་དུ་མ་ཆུད་པར་དེ་ཁོ་ནའི་རང་གི་ངོ་བོ་ཁོང་དུ་ཆུད་པར་དཀའ་བས་དེའི་ཕྱིར་དེ་ཁོ་ནའི་དབྱེ་བ་ཉིད་དང་པོར་བསྟན་པའི་ཕྱིར། རྩ་བ་མཚན་ཉིད་དེ་ཁོ་ན། །ཞེས་དེ་ཁོ་ན་བཅུ་རྒྱ་ཆེར་གསུངས་སོ། །ཁ་ཅིག་ན་རེ་རྩ་བའི་དེ་ཁོ་ན་དེ་ལ་དེ་ཁོ་ན་གཞན་འདུས་པར་བསྟན་པའི་ཕྱིར་
རྩ་བའི་དེ་ཁོ་ན་བཤད་དོ། །རྩ་བའི་དེ་ཁོ་ན་ལ་ཡོངས་སུ་ཤེས་པར་བྱེད་པ་དང་སྤོང་བ་དང་མངོན་སུམ་དུ་བྱེད་པ་ལ་ཞུགས་པའི་ཉེས་པ་གཞོམ་པའི་ཕྱིར་མཚན་ཉིད་ཀྱི་དེ་ཁོ་ན་བཤད་དོ། །འཁོར་བ་ལ་སྐྱོ་བར་བྱ་བའི་ཐབས་རབ་ཏུ་བསྟན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་
བཤད་དོ། །སྐྱོ་ནས་ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བ་བསྟན་པའི་ཕྱིར་འབྲས་བུ་དང་རྒྱུའི་དེ་ཁོ་ན་བཤད་དོ། །ཉན་ཐོས་ནི་འཕགས་པའི་བདེན་པ་བཞི་རབ་ཏུ་རྟོགས་པ་དང་། བསྒོམ་པ་གཉིས་ཀྱིས་ངེས་པར་འབྱུང་ངོ་། །རྣམ་པ་ཐམས་ཅད་ཤེས་པ་བསྒྲུབ་པའི་
ཐབས་བསྟན་པའི་ཕྱིར་རགས་པའི་དེ་ཁོ་ན་བཤད་དོ། །སྒྲིབ་པ་ཐམས་ཅད་སྤང་བའི་ཐབས་བསྟན་པའི་ཕྱིར་ཕྲ་བའི་དེ་ཁོ་ན་བཤད་དོ། །ལེགས་པར་གནས་པའི་ཆོས་བསྟན་པའི་ཐབས་བསྟན་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཐབས་བསྟན་པའི་ཕྱིར་
གྲགས་པའི་དེ་ཁོ་ན་བཤད་དོ། །ཆོས་ཀྱི་དབྱིངས་སུ་མཚུངས་ཀྱང་རིགས་དང་དབང་པོ་དང་བསམ་པའི་བྱེ་བྲག་གིས་རྣམ་པར་དག་པ་ཐ་དད་པ་བསྟན་པའི་ཕྱིར་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་བཤད་དོ། །རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་
เล่ม ๑๒๔ · หน้า 243a
ལ་འཇུག་པའི་ཐབས་བསྟན་པའི་ཕྱིར་བསྡུ་བའི་དེ་ཁོ་ན་བཤད་དོ། །དེ་བཞིན་ཉིད་ལས་བརྩམས་ཏེ་སོམ་ཉི་ཐམས་ཅད་རྣམ་པར་ལྡོག་པའི་མཐུ་བསྟན་པའི་ཕྱིར་རབ་ཏུ་དབྱེ་བའི་དེ་ཁོ་ན་བཤད་དོ། །བདག་ཏུ་འཛིན་པ་རྣམ་པ་ཐམས་ཅད་བཟློག་སྟེ། བདག་མེད་པ་
རབ་ཏུ་གཞག་པའི་ཐབས་བསྟན་པའི་ཕྱིར་མཁས་པའི་དེ་ཁོ་ན་བཤད་དོ་ཞེའོ། །གཞན་དག་ན་རེ་རྩ་བའི་དེ་ཁོ་ན་ནི་བྱང་ཆུབ་སེམས་དཔའི་སྟེ། ཐུན་མོང་མ་ཡིན་པའོ། །དེ་ཁོ་ན་གཉིས་པ་ནི་དེ་ཉིད་ལ་ལོག་པར་སྦྱོར་བའི་གཉེན་པོའོ། །དེ་ཁོ་ན་གསུམ་པ་ནི་ཡང་དག་པའི་རྣལ་འབྱོར་དང་
མཐུན་པའོ། །དེ་ཁོ་ན་བཞི་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་མཐུན་པའོ། །དེ་ཁོ་ན་ལྔ་པ་ནི་སྒྲིབ་པའི་ཐབས་སོ། །དེ་ཁོ་ན་དྲུག་པ་ནི་འཇིག་རྟེན་དང་ཐུན་མོང་ངོ་། །དེ་ཁོ་ན་བདུན་པ་ནི་དེ་དང་ཐུན་མོང་བ་ཡིན་པའོ། །དེ་ཁོ་ན་བརྒྱད་པ་ནི་ཤེས་བྱ་མདོར་བསྡུ་བའོ། །དེ་ཁོ་ན་དགུ་པ་ནི་
རང་བཞིན་ནོ། །དེ་ཁོ་ན་བཅུ་པ་ནི་ཉོན་མོངས་པའི་རྩ་བ་འཇོམས་པའོ་ཞེའོ། །མདོར་བསྡུས་པ་དེ་ཁོ་ན་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལྡེམ་པོར་དགོངས་ཏེ་གསུངས་པའི་གནས་སུ་གྱུར་པའོ། །རྒྱས་པར་བྱ་ན་དེ་ཁོ་ན་དཔག་ཏུ་མེད་དོ། །ཁ་ཅིག་ན་རེ་འདི་ལ་དེ་ཁོ་ན་དང་
མཐུན་པས་ཀུན་རྫོབ་ཀྱང་དེ་ཁོ་ན་ཞེས་བསྟན་ཞེའོ། །གཞན་དག་ན་རེ་དེ་དག་ཐམས་ཅད་ནི་ཇི་སྐད་བཤད་པའི་རྣམ་པ་རྣམས་ཀྱིས་མི་བསླུ་བའི་ཕྱིར་དེ་ཁོ་ན་རྣམས་ཞེས་བྱ་བ་སྟེ། གང་རྣམ་པ་གང་གིས་སླུ་བར་མི་བྱེད་པ་དེ་ནི་དེ་བཞིན་བས་དེ་ཁོ་ན་ཞེས་བྱའོ་ཞེའོ། །དེ་ལ་རྩ་བའི་དེ་ཁོ་ན་ནི་ངོ་
བོ་ཉིད་རྣམ་པ་གསུམ་སྟེ་ཞེས་བྱ་བ་དེ་མ་གྲགས་པས་དེའི་ཕྱིར། ཀུན་བརྟགས་པ་དང་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་སྟེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ངོ་བོ་ཉིད་གསུམ་ལ་རྩ་བའི་དེ་ཁོ་ན་ཞེས་བརྗོད་ཅེ་ན། དེ་རབ་ཏུ་བསྟན་པའི་ཕྱིར་དེ་ལ་དེ་ཁོ་ན་གཞན་རྣམ་པར་གཞག་པའི་ཕྱིར་རོ་ཞེས་
བྱ་བ་སྨོས་ཏེ། དེར་མཚན་ཉིད་ལ་སོགས་པའི་དེ་ཁོ་ན་གཞན་འདུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ངོ་བོ་ཉིད་རྣམ་པ་གསུམ་ཉེ་བར་གཟུང་ཞེ་ན། ཁ་ཅིག་ན་རེ་ཐ་སྙད་དང་དོན་དམ་པ་དང་དེའི་གནས་རབ་ཏུ་བསྟན་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་ཕྱིན་ཅི་ལོག་དང་དེའི་རྒྱུ་དང་དེའི་གཉེན་པོའི་དམིགས་
เล่ม ๑๒๔ · หน้า 243b
པ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་དང་བྲལ་བར་བྱ་བའི་ཕྱིར་སྤང་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་མངོན་སུམ་དུ་བྱ་བའི་དངོས་པོ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རང་བཞིན་
གྱིས་ཟབ་པ་ངོ་བོ་ཉིད་གསུམ་གྱི་སྒོ་ནས་མ་ནོར་བར་རྟོགས་པར་བྱ་བའི་ཕྱིར་རོ་ཞེའོ། །དེ་སྐད་དུ་ཆོས་མངོན་པའི་མདོའི་ནང་ནས་ཚིགས་སུ་བཅད་པ་གཉིས་ལས། བྱུང་རྟེན་སྒྱུ་མ་ལ་སོགས་བསྟན། །རྟགས་ལ་བརྟེན་ནས་མེད་པ་བསྟན། །རྣམ་དག་རྣམ་པ་བཞིར་བརྟེན་ནས། །
ཡོངས་སུ་གྲུབ་པ་བསྟན་པ་ཡིན། །དག་པ་དེ་ནི་རང་བཞིན་དང་། །དྲི་མ་མེད་དང་ལམ་དང་དམིགས། །རྣམ་པར་དག་པའི་ཆོས་ཀྱི་རྣམས། །རྣམ་པ་བཞི་པོས་བསྡུས་པ་ཡིན། །ཞེས་གསུངས་སོ། །བྱུང་བ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ལྟོས་ནས་མདོ་ལས་སྒྱུ་མ་ལ་སོགས་
པ་བསྟན་ཏེ། དེ་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་ལོག་པར་སྣང་བའི་ཕྱིར་རོ། །མེད་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་ལྟོས་ནས་མེད་པ་བསྟན་ཏོ། །རྣམ་པར་དག་པ་རྣམ་པ་བཞི་ལ་ལྟོས་ནས་ཡོངས་སུ་གྲུབ་པར་བསྟན་ཏོ། །རྣམ་པར་དག་པ་རྣམ་པ་བཞི་ལ་རང་བཞིན་གྱིས་རྣམ་
པར་དག་པ་ནི་དྲི་མ་དང་བཅས་པའི་དུས་ཀྱི་དེ་བཞིན་ཉིད་ལ་སོགས་པའོ། །དྲི་མ་མེད་པས་རྣམ་པར་དག་པ་ནི་དེ་དག་ཉིད་དྲི་མ་མེད་པའི་དུས་ནའོ། །སྟོང་པ་ཉིད་ལ་སོགས་པ་འཐོབ་པའི་ལམ་རྣམ་པར་དག་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའོ། །ལམ་སྐྱེད་པའི་ཕྱིར་དམིགས་པ་
རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་བསྟན་པའི་ཆོས་མདོའི་སྡེ་ལ་སོགས་པ་སྟེ། དེ་ལ་བརྟེན་ནས་ལམ་སྐྱེ་བའི་ཕྱིར་རོ། །འདི་ལྟར་རྣམ་པར་དག་པ་འདི་བཞིས་རྣམ་པར་བྱང་བའི་ཆོས་ཐམས་ཅད་བསྡུས་ཏེ་ཚིགས་སུ་བཅད་པ་གཉིས་ཀྱི་དོན་མདོར་བསྡུས་པའོ། །གཞན་དག་
ན་རེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་ཅི་རིགས་པར་ངོ་བོ་ཉིད་གསུམ་གཟུང་ངོ་ཞེའོ། །ཅིའི་ཕྱིར་འདིར་ངོ་བོ་ཉིད་གསུམ་ལ་དེ་ཁོ་ན་ཞེས་བྱ་བར་འདོད་ཅེ་ན་ཞེས་བྱ་བ་ནི་དེ་ཁོ་ནའི་དོན་ནི་མ་ནོར་བའི་དོན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด