དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) མ་དྷྱནྣ་ཏ་བི་བྷཾ་ག་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๔ · หน้า 244a

ཡིན་ན། ཅིའི་ཕྱིར་འདིར་ངོ་བོ་ཉིད་གསུམ་ལ་མ་ནོར་བ་ཞེས་བྱ། འདི་ལྟར་ངོ་བོ་ཉིད་གསུམ་ལ་དེ་ཁོ་ན་ཞེས་བྱ་སྙམ་དུ་དྲི་བར་བསམས་པའོ། །ངོ་བོ་ཉིད་གསུམ་རྟག་མེད་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་པ་ལ། ཀུན་དུ་བརྟགས་པའི་མཚན་ཉིད་ནི་རྟག་ཏུ་མེད་

པའོ་ཞེས་བྱ་བ་ལ། གང་ལ་བྱིས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པ་དང་། སྨྲ་བ་དང་སྨྲ་བར་བྱ་བར་མངོན་པར་ཞེན་པའི་རྨི་ལམ་ལྟར་རབ་ཏུ་འབྱུང་བ་དེ་ནི་རང་གི་ངོ་བོར་མེད་པའི་ཕྱིར་བརྟགས་པའི་ངོ་བོ་ཉིད་དོ། །དེའི་ཕྱིར་མེད་པའི་བདག་ཉིད་ཡིན་པ་དང་། འཁྲུལ་པ་མེད་པའི་ཕྱིར་

མེད་པ་ཉིད་ཀུན་བརྟགས་པའི་མཚན་ཉིད་དོ། །དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མེད་པ་ཉིད་ཀྱི་དེ་ཁོ་ན་ཞེས་བརྗོད་དོ། །ཕྱིན་ཅི་མ་ལོག་པའི་ཕྱིར་རོ་ཞེས་བྱ་བ་ལ་ཕྱིན་ཅི་མ་ལོག་པའི་དོན་ནི་འདིར་དེ་ཁོ་ནའི་དོན་དུ་སྟོན་ཏོ། །གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་ཀྱང་ཡང་དག་

པར་ན་མ་ཡིན་ཏེ་ཞེས་བྱ་བ་ལ། གཟུང་བ་དང་འཛིན་པ་ལ་སོགས་པ་བརྟགས་པའི་མཚན་ཉིད་དེ་ཐ་སྙད་ཀྱི་གནས་ཡིན་པས་ཡོད་དོ། །གཟུང་བ་དང་འཛིན་པ་ལ་སོགས་པའི་བདག་ཉིད་དུ་མེད་པས་ཡང་དག་པར་ན་དེ་བཞིན་དུ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་འཁྲུལ་པའི་

ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ་སྒྱུ་མའི་རྒྱུ་ལྟར་སྣང་བ་གང་ཡིན་པ་དེ་ནི་ཡོད་དོ། །ཇི་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་དེ་ནི་དེ་ལྟ་མ་ཡིན་ཏེ། སྒྱུ་མའི་སྐྱེས་བུ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་འཁྲུལ་པ་ཞེས་བསྟན་པར་འགྱུར་རོ། །དེ་ནི་གཞན་གྱི་དབང་

གི་ངོ་བོ་ཉིད་ལ་དེ་ཁོ་ན་སྟེ། གཞན་དུ་ཡོད་པ་བདག་ཉིད་ལ་མེད་པའི་རྣམ་པར་སྣང་ངོ་། །སྐབས་ཡིན་པས་འདིར་ཡང་ཕྱིན་ཅི་མ་ལོག་གོ་ཞེས་བྱ་བར་སྦྱར་རོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི། །ཡོད་དང་མེད་པ་ཁོ་ན་སྟེ། །ཞེས་བྱ་བ་ནི་ཡོད་པ་དང་མེད་པ་དང་དེ་ཁོ་ན་ནི་ཡོངས་སུ་གྲུབ་

པའི་མཚན་ཉིད་དེ། གཉིས་པ་མེད་པ་ཡོད་པའི་བདག་ཉིད་ཡིན་པས་ཡོད་པས་སོ། །གཉིས་པོ་མེད་པའི་བདག་ཉིད་ཡིན་པས་མེད་པའོ། །རྣམ་པར་དག་པའི་དམིགས་པ་ཡིན་པས་དེ་ཁོ་ནའོ། །འདིར་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་དེ་ཁོ་ན་སྟེ། ཕྱིན་ཅི་མ་ལོག་པའི་ཕྱིར་རོ་ཞེས་བྱ་

เล่ม ๑๒๔ · หน้า 244b

བ་དང་སྦྱར་རོ། །ངོ་བོ་ཉིད་གསུམ་གྱི་དེ་ཁོ་ན་ནི་བཤད་ན། མཚན་ཉིད་མ་བཤད་དེ། དེའི་ཕྱིར་དྲིས་པའམ་ཡང་ན་རྩ་བའི་དེ་ཁོ་ནའི་འོག་ཏུ་མཚན་ཉིད་ཀྱི་དེ་ཁོ་ན་བཤད་ལ། དེ་ཡང་མ་གྲགས་པས་ན་མཚན་ཉིད་ཀྱི་དེ་ཁོ་ན་གང་ཞེ་ན་ཞེས་དྲིས་ཏེ། དེའི་ཕྱིར། འདི་ལ་ཆོས་དང་གང་ཟག་དང་། །ཞེས་རྒྱ་

ཆེར་གསུངས་སོ། །གང་ཤེས་ནས་གང་ཟག་དང་ཆོས་གཉིས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་མི་འབྱུང་བ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་དོ་ཞེས་བྱ་བ་ལ། བདག་དང་གཟུགས་ལ་སོགས་པའི་ཆོས་རྣམས་དེ་དག་ཏུ་སྣང་བའི་རྣམ་པར་ཤེས་པ་མ་

གཏོགས་པར་དེའི་དམིགས་པར་གྱུར་པ་དོན་དམ་པར་ཡོད་དོ་ཞེས་མངོན་པར་ཞེན་པ་ནི་སྒྲོ་འདོགས་པར་ལྟ་བའོ། །ཐ་སྙད་དུ་ཡང་མེད་དོ་ཞེས་བྱ་བ་ནི་སྐུར་པ་འདེབས་པར་ལྟ་བའོ། །གཞན་དག་ན་རེ་གང་ཟག་དང་ཆོས་སུ་སྣང་བའི་རྣམ་པར་ཤེས་པ་སྤོང་བ་ནི་སྐུར་པ་འདེབས་པར་ལྟ་བའོ་ཞེས་

ཟེར་ཏེ། འཛིན་པ་སྤོང་བ་འདི་ནི་བསམ་དགོས་པའོ། །མཚན་ཉིད་གང་ཡོངས་སུ་གཅད་པས་གང་ཟག་དང་ཆོས་གཉིས་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པར་ལྟ་བ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་དེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤངས་པར་

རིག་པར་བྱའོ། །དེའང་ཐ་སྙད་དུ་དེ་ཁོ་ན་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་ཀུན་བརྟགས་པ་ཁོང་དུ་ཆུད་ན་གང་ཟག་དང་ཆོས་གཉིས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་མི་འབྱུང་བ་ཞེས་བྱ་བ་ནི་མི་སྐྱེའི་ཞེས་བྱ་བའི་ཐ་ཚིག་གོ། །གཟུང་བ་དང་འཛིན་པ་གཉིས་

ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་ཞེས་རྒྱ་ཆེར་འབྱུང་བ་ལ། གཟུང་བ་དང་འཛིན་པར་སྣང་བའི་འཁྲུལ་པ་གང་ལ་ཆོས་དང་གང་ཟག་ཏུ་འཛིན་པ་དེ་གལ་ཏེ་དེ་ཁོ་ན་ཉིད་དུ་ཡོད་དོ་ཞེས་མངོན་པར་ཞེན་ན་དེ་ལྟ་བུ་ནི་གཟུང་བ་དང་འཛིན་པར་སྒྲོ་འདོགས་པའོ། །ཇི་སྟེ་གཟུང་བ་

བཞིན་དུ་འཛིན་པ་ཡང་མེད་དོ་ཞེས་མངོན་པར་ཞེན་ན། དེ་ལྟ་བུ་ནི་གཟུང་བ་དང་འཛིན་པ་ལ་སྐུར་པ་འདེབས་པའོ། །མཚན་ཉིད་གང་ཤེས་ནས་གཟུང་བ་དང་འཛིན་པ་གཉིས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བར་མི་འབྱུང་བ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ།

เล่ม ๑๒๔ · หน้า 245a

སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤངས་པར་ཤེས་པར་བྱའོ། །དེ་ཡང་བརྟགས་པ་སྟེ་གཟུང་བ་དང་འཛིན་པའི་བདག་ཉིད་དུ་མེད་པའོ། །དེའི་ཐ་སྙད་ཀྱི་གནས་ཡིན་པའི་ཕྱིར་ཡོད་པའོ། །དེ་ལྟར་ཡོངས་སུ་ཤེས་ན་གཞན་གྱི་དབང་ལ་སྒྲོ་འདོགས་པ་དང་སྐུར་པ་

འདེབས་པར་ལྟ་བ་མི་འབྱུང་ངོ་། །དངོས་པོ་དང་དངོས་པོ་མེད་པར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་ཞེས་རྒྱ་ཆེར་འབྱུང་བ་ལ་ཁ་ཅིག་ན་རེ། གལ་ཏེ་སྟོང་པ་ཉིད་དངོས་པོ་ཡོད་པ་ཉིད་དོ་ཞེས་ཡང་དག་པར་རྗེས་སུ་ལྟ་ན། དེ་ལྟ་བུ་ནི་དངོས་པོར་སྒྲོ་འདོགས་པར་ལྟ་བར་

འགྱུར་རོ། །ཇི་སྟེ་མེད་པ་ཉིད་དོ་ཞེ་ན། དེ་ལྟ་བུ་ནི་དངོས་པོ་མེད་པར་ལྟ་བའོ། །མཚན་ཉིད་གང་ཤེས་ནས་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དེ་གཉིས་མི་འབྱུང་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་དོ། །ཁ་ཅིག་ན་རེ་དེ་ཡང་དངོས་པོ་དང་དངོས་པོ་མེད་པ་ལས་

རྣམ་པར་གྲོལ་བའི་ངོ་བོ་ཉིད་ཡིན་ལ། དེ་ཤེས་ནས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་མི་འབྱུང་ངོ་ཞེའོ། །གཞན་ན་རེ་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་བདག་ཉིད་ཅན་ལ། དངོས་པོའི་ངོ་བོར་སྒྲོ་འདོགས་པའི་ཕྱིར་གཉིས་

པོ་མེད་པ་ནི་རང་གི་ངོ་བོས་སྟོང་པ་ཉིད་དོ་ཞེ་ན། དངོས་པོར་སྒྲོ་འདོགས་པའི་མཐར་འགྱུར་རོ། །དེ་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བ་གཉིས་སུ་མེད་པའི་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡང་མེད་དོ་ཞེ་ན། དངོས་པོ་མེད་པར་སྐུར་པ་འདེབས་པའི་

མཐར་འགྱུར་རོ་ཞེས་ཟེར་རོ། །གཞན་ན་རེ་དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་སོ་སོར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་དང་སྦྱར་བས་བཤད་པ་འདི་གཉིས་ཀྱང་བསམ་དགོས་པའོ་ཞེའོ། །འདིར་དངོས་པོ་ནི་གཉིས་པོ་མེད་པའི་དངོས་པོ་སྟེ། གལ་ཏེ་དེ་ལ་དངོས་པོ་

ཉིད་དུ་འཛིན་ན་དེ་ལྟ་ན་ནི་དངོས་པོར་སྒྲོ་འདོགས་པར་འགྱུར་རོ། །ཇི་སྟེ་དངོས་པོ་མེད་པ་ཉིད་དུ་འཛིན་ན་དེ་ལྟ་ན་ནི་སྐུར་པ་འདེབས་པར་འགྱུར་རོ། །འདིར་ནི་དངོས་པོ་མེད་པ་ན་ནི་གཉིས་པོའི་དངོས་པོ་མེད་པ་སྟེ། གལ་ཏེ་དེ་ལ་ཆད་པ་ཉིད་དུ་ན་དེ་ལྟ་ན་ནི་དངོས་པོ་མེད་པའང་ཤིན་ཏུ་མེད་

เล่ม ๑๒๔ · หน้า 245b

པ་ཉིད་པས་སྒྲོ་འདོགས་པར་འགྱུར་རོ། །ཇི་སྟེ་གཉིས་པོ་ཉིད་དུ་འཛིན་ན་དེ་ལྟ་ན་ནི་སྐུར་པར་འགྱུར་ཏེ། འདི་ལྟར་དེ་ནི་གཉིས་ཀྱི་དངོས་པོ་མེད་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཡང་ན་གལ་ཏེ་དངོས་པོའི་ངོ་བོར་འཛིན་ན་དེ་ལྟ་ན་ནི་སྒྲོ་བཏགས་པར་འགྱུར་རོ། །ཇི་སྟེ་དངོས་པོ་མེད་པ་ཉིད་

དུ་འཛིན་ན་དེ་ལྟ་ན་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་ཡང་སྐུར་པར་འགྱུར་ཏེ། མཐའ་གཉིས་སྤངས་པ་འདི་ནི་ཡོངས་སུ་གྲུབ་པ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་དོ། །དོན་ཕྱིར་ཡང་དག་མིན་རྟོགས་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་ངོ་བོ་ཉིད་

གསུམ་གྱི་མཚན་ཉིད་སྔར་ཡང་བཤད་མ་ཟིན་ནམ་ཞེ་ན། དེར་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །འདིར་ནི་གང་ཤེས་ནས་མི་འབྱུང་བ་དེ་ནི་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་བྱ་བའི་མཚན་མ་ཡིན་པས་ཟློས་པ་མེད་དོ། །གང་ཤེས་ནས་གང་ཟག་ལ་སོགས་པར་སྒྲོ་འདོགས་པ་དང་སྐུར་པ་

འདེབས་པར་ལྟ་བ་མི་འབྱུང་བ་དེ་ནི་རྩ་བའི་དེ་ཁོ་ནའི་མཚན་ཉིད་དོ། །དེའི་འོག་ཏུ་བཤད་པའི་ཕྱིར་མཚན་ཉིད་ཀྱི་དེ་ཁོ་ནའི་འོག་ཏུ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་བརྗོད་པར་བྱ་སྟེ། དེའི་ཕྱིར་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ནི་ཞེས་རྒྱ་ཆེར་སྨོས་སོ། །མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་

བདག་མེད་པ་ནི་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་པས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཞེས་བྱའོ། །རྩ་བའི་དེ་ཁོ་ནའི་ནང་དུ་དེ་ཁོ་ན་གཞན་འདུས་སོ་ཞེས་སྔར་དམ་བཅས་པས་དེའི་ཕྱིར། རྩ་བའི་དེ་ཁོ་ན་དེར་ཇི་ལྟར་ཞེ་ན་ཞེས་རྒྱ་ཆེར་དྲིས་སོ། །མི་རྟག་

པ་ལ་སོགས་པ་ཉིད་ཅེས་བྱ་བ་ནི་མི་རྟག་པ་ལ་སོགས་པ་གང་དག་ཡིན་པ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་དེ་དག་མི་རྟག་པ་ལ་སོགས་པའོ། །དེའི་དངོས་པོ་ནི་མི་རྟག་པ་ལ་སོགས་པ་ཉིད་དོ། །རྩ་བའི་དེ་ཁོ་ནའི་ནང་དུ་ཕྱིན་ཅི་མ་ལོག་པའི་དེ་ཁོ་

ན་འདུས་པར་བསྟན་པའི་ཕྱིར། མི་རྟག་དོན་ནི་མེད་དོན་དང་། །ཞེས་རྒྱ་ཆེར་གསུངས་སོ། །མི་རྟག་པའི་དོན་ནི་རྣམ་པ་གསུམ་སྟེ། མེད་པའི་དོན་དང་། སྐྱེ་ཞིང་འཇིག་པའི་དོན་དང་། དྲི་མ་དང་བཅས་ཤིང་དྲི་མ་མེད་པའི་དོན་ཏོ། །གང་དུས་ཐམས་ཅད་དུ་དེ་བཞིན་དུ་ཡོད་པ་

เล่ม ๑๒๔ · หน้า 246a

དེ་ནི་རྟག་པ་སྟེ། དེ་ལས་བཟློག་པ་ནི་མི་རྟག་པ་སྟེ། དེ་དག་ཏུ་གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་དེ་ལ་དུས་ཐམས་ཅད་དུ་མེད་པའི་དོན་མི་རྟག་པའི་དོན་གྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མི་རྟག་པའོ། །གཞན་དག་ན་རེ་ངེས་པའི་ཚིག་གི་ཚུལ་དུ་ན་རྟག་པ་

མེད་པ་ནི་མི་རྟག་པར་རིག་པར་བྱའོ་ཞེའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པའི་མཚན་ཉིད་ཡིན་ཏེ། མི་རྟག་པའི་ཕྱིར་མི་རྟག་པའོ། །དེ་ནི་རྐྱེན་ལས་བྱུང་བ་དང་འཇིག་པ་ལ་རྒྱུ་མེད་པའི་ཕྱིར་རོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མི་འགྱུར་བའི་

ཆོས་ཡིན་དུ་ཟིན་ཀྱང་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་ཉིད་ཀྱི་དོན་གྱི་མཚན་ཉིད་གློ་བུར་གྱི་དོན་མི་རྟག་པའོ། །སྡུག་བསྔལ་ལེན་དང་མཚན་ཉིད་དང་། །ཞེས་རྒྱ་ཆེར་འབྱུང་བ་ལ་སྡུག་བསྔལ་བ་ལ་ཡང་རྣམ་པ་གསུམ་སྟེ། ཉེ་བར་ལེན་པས་སྡུག་བསྔལ་བ་དང་། མཚན་ཉིད་

ཀྱིས་སྡུག་བསྔལ་བ་དང་། འབྲེལ་པས་སྡུག་བསྔལ་བའོ། །དེ་ལ་བརྟགས་པའི་ངོ་བོ་ཉིད་ནི་ཉེ་བར་ལེན་པས་སྡུག་བསྔལ་ཏེ། ཡོངས་སུ་མ་ཤེས་པས་འདིའམ་གཞན་ན་སྡུག་བསྔལ་ཉེ་བར་ལེན་པས་སྡུག་བསྔལ་ལོ། །ཇི་ལྟར་ན་དེ་ཡོངས་སུ་མ་ཤེས་པས་སྡུག་བསྔལ་ཉེ་བར་

ལེན་པ་དེ་བསྟན་པའི་ཕྱིར། གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེས་དངོས་པོར་འཛིན་པའི་སྒོ་ནས་གང་ཟག་དང་ཆོས་སུ་མངོན་པར་ཞེན་པས་ན་གང་ཟག་དང་ཆོས་ལ་མངོན་པར་ཞེན་པའོ། །དེ་ཡང་གཉིས་སུ་ལྷུང་བའི་ཕྱིར་ཀུན་

བརྟགས་པའི་ངོ་བོ་ཉིད་དེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ནི་སྡུག་བསྔལ་གྱི་རྒྱུན་གྱི་རྒྱུ་ཡིན་པས་དེ་སྐད་བཤད་ཀྱི། ཀུན་བརྟགས་པ་ཉིད་ནི་སྡུག་བསྔལ་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །ཡང་ན་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཟག་དང་ཆོས་ལ་མངོན་པར་

ཞེན་ནས་དངོས་པོའི་ངོ་བོར་ཉེ་བར་ལེན་པ་སྟེ། དེ་ལྟར་ཉེ་བར་ལེན་པས་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ནི་སྡུག་བསྔལ་ལོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་མཚན་ཉིད་ཀྱི་སྡུག་བསྔལ་ཞེས་བྱ་བ་དང་སྦྱར་རོ། །མཚན་ཉིད་ཀྱི་སྡུག་བསྔལ་བ་ནི་སྡུག་བསྔལ་ཉིད་རྣམ་པ་གསུམ་

เล่ม ๑๒๔ · หน้า 246b

སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །སྡུག་བསྔལ་རྣམ་པ་གསུམ་པོ་དེ་དག་ནི་གཞན་གྱི་དབང་གི་སྡུག་བསྔལ་ཏེ། མཚན་ཉིད་ཀྱི་སྡུག་བསྔལ་བའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་འབྲེལ་པས་

སྡུག་བསྔལ་བའོ། །ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏོ། །ཇི་ལྟ་ཞེ་ན། འབྲེལ་པའི་ཕྱིར་ཏེ། དེའི་ཕྱིར་སྡུག་བསྔལ་དང་འབྲེལ་པའི་ཕྱིར་བྱ་བ་སྨོས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྡུག་བསྔལ་ཏེ། དེའི་ཆོས་ཉིད་ཡོངས་སུ་གྲུབ་པ་ཡང་སྡུག་བསྔལ་དང་འབྲེལ་པའི་

ཕྱིར་སྡུག་བསྔལ་ཞེས་བྱའོ། །རྩ་བའི་དེ་ཁོ་ན་ཉིད་ཀྱི་ནང་དུ་གོ་རིམས་བཞིན་ནོ་ཞེས་བྱ་བ་དེ་ལ། ཉེ་བར་ལེན་པས་སྡུག་བསྔལ་ནི་ཀུན་བརྟགས་པའོ། །མཚན་ཉིད་ཀྱིས་ནི་གཞན་གྱི་དབང་ངོ་། །འབྲེལ་པས་ནི་ཡོངས་སུ་གྲུབ་པའོ། །དངོས་མེད་དེ་ཡི་དངོས་མ་ཡིན། །རང་བཞིན་

གྱིས་ནི་སྟོང་པར་འདོད། །ཅེས་བྱ་བ་ལ་སྟོང་པ་ཉིད་ནི་རྣམ་པ་གསུམ་སྟེ། དངོས་པོ་མེད་པས་སྟོང་པ་ཉིད་དང་། དེ་མ་ཡིན་པས་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དོ། །དེ་ལ་དངོས་པོ་མེད་པས་སྟོང་པ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ། །དེ་ཉིད་བསྟན་པའི་ཕྱིར།

ཀུན་བརྟགས་པའི་མཚན་ཉིད་ནི་རི་བོང་གི་རྭ་ལ་སོགས་པའི་རང་བཞིན་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་རྣམ་པ་གང་གིས་ཀྱང་ཡོད་པར་གཟུང་དུ་མེད་དེ། དངོས་པོ་མེད་པ་ཉིད་པས་དེའི་སྟོང་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །དེ་མ་ཡིན་པས་སྟོང་པ་ཉིད་ནི་གཞན་གྱི་དབང་གི་ངོ་

བོ་ཉིད་དེ། དེ་ཉིད་བསྟན་པའི་ཕྱིར། གཞན་གྱི་དབང་གི་མཚན་ཉིད་ནི་ཇི་ལྟར་བྱིས་པ་རྣམས་ཀྱིས་གཉིས་ཀྱི་བདག་ཉིད་དུ་ཀུན་བརྟགས་པ་དེ་ལྟར་མེད་ཀྱི། ཇི་ལྟར་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྟོག་པར་འགྱུར་བ་ལྟ་བུ་ཡང་ཡེ་མེད་པ་ནི་མ་ཡིན་ཏེ། དེ་བས་ན་དེ་མ་ཡིན་

པས་དེའི་སྟོང་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །རང་བཞིན་གྱིས་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེའི་ཕྱིར་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གཉིས་པོ་མེད་པའི་དངོས་པོའི་ངོ་བོ་འདི་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་རང་བཞིན་ཁོ་ན་སྟེ་ངོ་བོ་ཉིད་ཁོ་ནས་

เล่ม ๑๒๔ · หน้า 247a

དེའི་སྟོང་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །མཚན་ཉིད་མེད་པས་བདག་མེད་དང་། །ཞེས་རྒྱ་ཆེར་འབྱུང་བ་ལ་བདག་མེད་པ་ཡང་རྣམ་པ་གསུམ་སྟེ། མཚན་ཉིད་མེད་པས་བདག་མེད་པ་དང་མི་མཐུན་པའི་མཚན་ཉིད་ཀྱིས་བདག་མེད་པ་དང་། རང་གི་མཚན་ཉིད་ཀྱིས་

བདག་མེད་པའོ། །དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ཀྱིས་དངོས་པོ་མེད་པས་མཚན་ཉིད་མེད་པ་ཉིད་བདག་མེད་པ་སྟེ། དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ཀྱིས་མེད་པའི་ཕྱིར་མཚན་ཉིད་མེད་པ་ཉིད་དེའི་བདག་མེད་པ་ཞེས་བྱ་བ་སྨོས་ཏེ། རྣམ་པ་གཞན་གྱིས་

ནི་མ་ཡིན་པར་སྟོན་ཏོ། །གཞན་གྱི་དབང་ནི་མི་མཐུན་པའི་མཚན་ཉིད་ཀྱིས་བདག་མེད་པ་སྟེ། འདི་ལྟར་གཞན་གྱི་དབང་གི་མཚན་ཉིད་ནི་དངོས་པོའི་ངོ་བོར་ཡོད་ཀྱང་དེས་བྱིས་པ་རྣམས་ཀྱིས་གཉིས་སུ་ཇི་ལྟར་ཀུན་བརྟགས་པ་དེ་ལྟར་ནི་ཡོད་པ་མ་ཡིན་ནོ། །དེ་དང་མི་མཐུན་པའི་མཚན་ཉིད་

ཅེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དང་མི་འདྲ་བ་སྟེ། གཞན་གྱི་དབང་གི་མཚན་ཉིད་དེའི་བདག་མེད་པའོ། །དེ་ལྟར་ན་ཀུན་བརྟགས་པའི་བདག་ཉིད་ཀྱིས་དེའི་བདག་མེད་པར་བསྟན་པ་ཡིན་ནོ། །རང་གི་མཚན་ཉིད་ཀྱིས་བདག་མེད་པ་ནི་ཡོངས་སུ་གྲུབ་པ་སྟེ། འདི་ལྟར་ཡོངས་

སུ་གྲུབ་པ་ནི་ངོ་བོ་ཉིད་གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར་བདག་ཉིད་མེད་པས་དེ་བས་ན་རང་གི་མཚན་ཉིད་དེའི་བདག་མེད་པའོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ཆོས་ལ་བདག་མེད་པའི་ངོ་བོ་ཉིད་དུ་སྟོན་ཏོ། །སྟོང་པ་ཉིད་དང་བདག་མེད་པ་འདི་གཉིས་ལ་ཁྱད་

པར་ཅི་ཡོད་ཅེ་ན། ཁ་ཅིག་ན་རེ་གང་ན་གང་མེད་པ་དེ་ནི་དེས་སྟོང་ལ། གང་ཞིག་གང་གིས་བདག་སྟེ་ངོ་བོ་ཉིད་མ་ཡིན་པ་དེ་ནི་བདག་མེད་པ་སྟེ། འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་དོན་དུ་ཁྱད་པར་གང་ཡང་མེད་མོད་ཀྱི་རྣམ་པར་གཞག་པའི་བྱེ་བྲག་གིས་ཐ་དད་

དེ། འདི་ལྟར་གང་ན་གང་མེད་པ་དེས་དེའི་ངོ་བོ་ཉིད་མེད་པའི་ཕྱིར་བདག་མེད་པ་དང་། ཅིག་ཤོས་ནི་དེ་ལ་ཡོངས་སུ་མ་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དོ་ཞེའོ། །སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་ཀྱི་གཉེན་པོ་དང་གློ་བུར་གྱི་དྲི་མ་བསྟན་པའི་ཕྱིར་རོ། །

เล่ม ๑๒๔ · หน้า 247b

རྩ་བའི་དེ་ཁོ་ན་རྣམ་པ་གསུམ་ལ་གོ་རིམས་བཞིན་དུ་མི་རྟག་པ་ཉིད་རྣམ་པ་གསུམ་ཡོངས་སུ་བསྟན་ཏེ། མེད་པའི་དོན་མི་རྟག་པ་ཉིད་དང་། སྐྱེ་ཞིང་འཇིག་པ་མི་རྟག་པ་ཉིད་དང་། དྲི་མ་དང་བཅས་ཤིང་དྲི་མ་མེད་པའི་མི་རྟག་པ་ཉིད་དོ། །དེ་བཞིན་དུ་བདག་མེད་པ་རྣམ་པ་གསུམ་གྱི་བར་

དུ་བསྟན་པ་ནི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ནའོ། །དེའི་འོག་ཏུ་འབྲས་བུ་དང་རྒྱུའི་དེ་ཁོ་ན་བརྗོད་དགོས་ཏེ། དེའི་ཕྱིར་འབྲས་བུ་དང་རྒྱུའི་དེ་ཁོ་ན་ཉིད་ལ་ཞེས་རྒྱ་ཆེར་སྨོས་སོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དབང་དུ་མཛད་དེ། སྡུག་བསྔལ་གྱི་བདེན་པ་ནི་འབྲས་བུའི་དེ་ཁོ་ནའོ། །

ཀུན་འབྱུང་གི་བདེན་པ་ནི་རྒྱུའི་དེ་ཁོ་ནའོ། །རྣམ་པར་བྱང་བའི་ཕྱོགས་ལ་ཡང་འགོག་པའི་བདེན་པ་ནི་འབྲས་བུའི་དེ་ཁོ་ནའོ། །ལམ་གྱི་བདེན་པ་ནི་རྒྱུའི་དེ་ཁོ་ནའོ། །དེ་ལྟར་སྡུག་བསྔལ་ལ་སོགས་པ་བདེན་པ་རྣམ་པ་བཞི་ནི་འབྲས་བུ་དང་རྒྱུའི་དེ་ཁོ་ནའོ། །རྩ་བའི་དེ་ཁོ་ན་ཉིད་ལ་སྡུག་བསྔལ་དང་

ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པ་རྣམས་སོ་ཞེས་བཤད་ན། དེ་ཡང་ཇི་ལྟར་ན་རྩ་བའི་དེ་ཁོ་ན་སྡུག་བསྔལ་ལ་སོགས་པ་བདེན་པའི་ངོ་བོ་ཉིད་ཡིན་པ་མི་ཤེས་ན། དེའི་ཕྱིར། ཇི་ལྟར་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་ལ་སྡུག་བསྔལ་ལ་སོགས་པའི་བདེན་པ་ཞེས་བྱ་ཞེ་ན་ཞེས་བྱ་བ་དྲིས་པ་

དང་། དེའི་ཕྱིར་འདི་ལྟར་དེ་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱིས་ཏེ། དེའི་ཕྱིར་སྡུག་བསྔལ་བདེན་པར་འདོད་ཅེས་བྱ་བ་སྨོས་ཏེ། མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་ཉིད་ནི་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་པས་དེ་དག་ཐམས་ཅད་ཀུན་བརྟགས་པ་ལ་

སོགས་པ་རེ་རེ་ལ་ཡོད་པར་རྒྱས་པར་བསྟན་ཏེ། དེའི་ཕྱིར་ཀུན་བརྟགས་པ་ལ་སོགས་པ་རེ་རེ་ལ་སྡུག་བསྔལ་གྱི་བདེན་པ་ཉིད་དུ་འདོད་དོ། །ཀུན་འབྱུང་བའི་དོན་རྣམ་པ་གསུམ་གྱིས་རྩ་བའི་དེ་ཁོ་ནར་ཀུན་འབྱུང་བའི་བདེན་པའི་གོ་རིམས་བཞིན་ནོ། །ཀུན་འབྱུང་བའི་དེ་ཉིད་མི་ཤེས་

པས་དེའི་ཕྱིར། ཀུན་འབྱུང་བའི་དོན་རྣམ་པ་གསུམ་ནི། བག་ཆགས་དང་ནི་ཀུན་ནས་བྱུང་། །མ་བྲལ་བ་ཡང་དེ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། རྣམ་པ་གསུམ་ནི་བག་ཆགས་ཀྱི་ཀུན་འབྱུང་བ་དང་། ཀུན་ནས་བྱུང་བའི་ཀུན་འབྱུང་བ་དང་། མ་བྲལ་བའི་ཀུན་འབྱུང་བའོ། །དེ་ལ་

เล่ม ๑๒๔ · หน้า 248a

བག་ཆགས་ཀྱི་ཀུན་འབྱུང་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ། དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་སོ་ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་མེད་པར་ཡོད་དོ་ཞེས་མངོན་པར་ཞེན་པ་ཉེ་བར་བཟུང་ནས་

འཇིག་རྟེན་གྱི་ཆོས་རྣམ་པར་རྟོག་པའི་བག་ཆགས་འཇོག་པར་བྱེད་ཀྱི། མངོན་པར་ཞེན་པ་མེད་པ་འཇིག་རྟེན་ལས་འདས་པ་དག་ནི་མ་ཡིན་ཏེ། དེ་བས་ན་ཀུན་བརྟགས་པའི་ངོ་བོ་ཉིད་ལ་བག་ཆགས་ཀྱིས་ཀུན་འབྱུང་བ་ཞེས་བྱའོ། །ཀུན་ནས་བྱུང་བའི་ཀུན་འབྱུང་ནི་གཞན་གྱི་དབང་

གི་ངོ་བོ་ཉིད་དོ། །ཀུན་ནས་བྱུང་བ་ཞེས་བྱ་བ་ནི་བདག་ཐོབ་པ་སྟེ། དེ་གང་ལས་བྱུང་བ་དེ་ནི་དེ་ལས་འབྱུང་ངོ་ཞེས་བྱ་བའི་ཕྱིར་ཀུན་ནས་འབྱུང་བའོ། །དེ་ཡང་རང་བཞིན་ཇི་ལྟ་བུ་ཞེ་ན་དེའི་ཕྱིར་ལས་དང་ཉོན་མོངས་པ་རྣམས་སོ་ཞེས་བྱ་བ་སྨོས་ཏེ། དེ་དག་ཀྱང་དངོས་པོའི་རང་བཞིན་ཡིན་

པས་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །མ་བྲལ་བའི་ཀུན་འབྱུང་བ་ནི་དེ་བཞིན་ཉིད་ལ་བྱ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། སྒྲིབ་པ་དང་མ་བྲལ་ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ། དེ་བཞིན་ཉིད་ཇི་སྲིད་དུ་སྒྲིབ་པ་རྣམས་དང་མ་བྲལ་བ་དེ་སྲིད་དུ་སྡུག་བསྔལ་ཀུན་འབྱུང་ཞེས་བྱ་བའམ།

སྒྲིབ་པ་རྣམས་དང་མ་བྲལ་བའི་དེ་བཞིན་ཉིད་ནི་ཀུན་འབྱུང་བའི་ཆོས་ཉིད་ཡིན་པས་ཀུན་འབྱུང་བའི་མིང་འཐོབ་པོ་ཞེས་བྱ་བར་བསྟན་པར་འགྱུར་རོ། །འགོག་པ་རྣམ་པ་གསུམ་གྱིས་རྩ་བའི་དེ་ཁོ་ནར་འགོག་པའི་བདེན་པ་ཡིན་ན་དེ་ཡང་མི་ཤེས་ནས་དེའི་ཕྱིར། འགོག་པ་རྣམ་པ་གསུམ་

ནི། ངོ་བོ་ཉིད་དང་གཉིས་མི་སྐྱེ། །དྲི་མ་ཞི་བ་གཉིས་སུ་འདོད། །ཅེས་བྱ་བ་སྨོས་སོ། །དེ་ལ་ངོ་བོ་ཉིད་ཀྱིས་མི་སྐྱེ་བ་ནི་ཀུན་བརྟགས་པ་སྟེ། དེ་ནི་མོ་གཤམ་གྱི་བུ་བཞིན་དུ་ངོ་བོ་ཉིད་མེད་པས་གཏན་དུ་མི་སྐྱེ་སྟེ། གཟུང་བ་དང་འཛིན་པ་གཉིས་མི་སྐྱེ་བ་ནི་གཞན་གྱི་དབང་སྟེ།

དེ་ཡང་གཟུང་བ་དང་འཛིན་པ་གཉིས་ཀྱི་རང་བཞིན་དང་གཏན་བྲལ་བའི་ཕྱིར་འཁྲུལ་པ་གཉིས་ཀྱི་བདག་ཉིད་དུ་མི་སྐྱེ་བའོ། །དྲི་མ་ཞིམ་པ་གཉིས་ནི་ཡོངས་སུ་གྲུབ་པའོ། །ཀྱང་ཞེས་བྱ་ནི་བསྡུ་བའི་དོན་ཏོ། །དེ་ཡང་མི་ཤེས་ནས་དེའི་ཕྱིར་སོ་སོར་བརྟགས་པའི་འགོག་པ་དང་། དེ་བཞིན་

เล่ม ๑๒๔ · หน้า 248b

ཉིད་ཅེས་བྱ་བའོ་ཞེས་བྱ་བ་སྨོས་སོ། །དྲི་མ་ནི་རྣམ་པ་གཉིས་ཏེ། འདོད་ཆགས་ལ་སོགས་པའི་སྒྲིབ་པ་དང་ཀུན་བརྟགས་པའོ། །དེ་ལ་ཟག་པ་མེད་པའི་ཡེ་ཤེས་ཀྱི་ས་བོན་གནས་ནས་བཏོན་ཏེ། འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་གཏན་མི་སྐྱེ་བའི་བདག་ཉིད་ཀྱིས་ཞི་བ་ནི་སོ་

སོར་བརྟགས་པའི་འགོག་པའོ། །དེ་བཞིན་ཉིད་དུ་སྤྱོད་ཡུལ་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཀུན་བརྟགས་པའི་དྲི་མ་མི་སྐྱེ་བའི་བདག་ཉིད་ཀྱིས་ཞི་བ་ནི་དེ་བཞིན་ཉིད་དོ། །འདི་གཉིས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །འགོག་པ་རྣམ་པ་འདི་གསུམ་ནི་བརྟགས་པ་ལ་

སོགས་པ་རྩ་བའི་དེ་ཁོ་ནར་གོ་རིམས་བཞིན་དུ་ཤེས་པར་བྱའོ། །གཞན་དག་ན་རེ་དེ་བཞིན་ཉིད་རབ་ཏུ་རྟོགས་པས་ཉོན་མོངས་པ་དང་ཀུན་བརྟགས་པའི་དྲི་མ་གཉིས་ཞི་བ་ནི་དེ་བཞིན་ཉིད་ཅེས་བརྗོད་དོ། གཉིས་འགོག་པ་དང་རང་བཞིན་འགོག་པ་ཞེས་འབྱུང་བའི་ཕྱིར་རོ། །རང་བཞིན་ཞེས་བྱ་

བ་ནི་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དེ་བཞིན་ཉིད་ལ་བྱའོ། །དེའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པས་འགོག་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་འགོག་པ་ཞེས་བྱ་སྟེ། འགག་པ་ཙམ་ལ་སོ་སོར་བརྟགས་པའི་འགོག་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་འདིར་འགགས་

པས་འགོག་པ་ནི་དེ་བཞིན་ཉིད་དོ། །འགོག་པ་ནི་མི་སྐྱེ་བའི་བདག་ཉིད་པས་ངོ་བོ་ཉིད་ཀྱིས་མི་སྐྱེ་བ་ལ་སོགས་པ་ཐམས་ཅད་བསྡུས་ཏེ་འགོག་པའི་བདེན་པ་ཞེས་བྱའོ། །འགོག་པའི་བདེན་པ་རྩ་བའི་དེ་ཁོ་ནར་བསྡུས་པ་བཤད་ཟིན་ཏོ། །དེའི་འོག་ཏུ་ལམ་གྱི་བདེན་པ་བསྡུ་བར་བྱ་

སྟེ། དེའི་ཕྱིར་ལམ་གྱི་བདེན་པ་རྩ་བའི་དེ་ཁོ་ནར་རྣམ་པ་གསུམ་དུ་ཇི་ལྟར་རབ་ཏུ་གཞག་ཅེ་ན་ཞེས་དྲིས་པ་དང་དེའི་ཕྱིར། ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་བརྟགས་པ་ནི་ཡོངས་སུ་ཤེས་པར་བྱ་བའོ་ཞེས་བྱ་བ་ལ། ཀུན་བརྟགས་པ་ནི་གཏན་མེད་པ་ཉིད་

པས་དེ་ནི་ཡོངས་སུ་ཤེས་པར་བྱ་བར་ཟད་ཀྱི་སྤང་དུ་མེད་དེ་མེད་པ་ནི་སྤང་བར་མི་རུང་ངོ་། །གཞན་གྱི་དབང་ནི་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བའོ་ཞེས་བྱ་བ་ལ། གཞན་གྱི་དབང་ནི་ཇི་ལྟར་སྣང་བ་དེ་ལྟར་མེད་པར་ཤེས་པར་བྱའི། བརྟགས་པ་བཞིན་དུ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་

เล่ม ๑๒๔ · หน้า 249a

མེད་པར་ནི་མ་ཡིན་ནོ། །ལས་དང་ཉོན་མོངས་པ་ནི་དངོས་པོའི་བདག་ཉིད་ཡིན་པས་སྤང་བར་བྱ་བ་ཡང་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་ཡོངས་སུ་ཤེས་པར་བྱ་བ་དང་ཐོབ་པར་མངོན་སུམ་དུ་བྱ་བའོ་ཞེས་བྱ་བ་ལ། ཡོངས་སུ་གྲུབ་པ་ནི་དངོས་པོ་དང་དངོས་པོ་

མེད་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་དང་གནས་གྱུར་པ་ཉིད་དུ་ཡོངས་སུ་ཤེས་པར་བྱ་ཞིང་། གནས་པར་གྱུར་པ་ཉིད་རྣམ་པར་གྲོལ་བ་ཆོས་ཀྱི་སྐུར་མངོན་སུམ་དུ་བྱ་བ་ཡིན་པས་སྟོང་པ་ཉིད་ནི་ཡོངས་སུ་ཤེས་པར་བྱ་བའོ། །འགོག་པ་ནི་ཐོབ་པར་མངོན་སུམ་དུ་བྱས་པས་མངོན་སུམ་

དུ་བྱ་བའོ། །ཁ་ཅིག་ན་རེ་གཉིས་ལ་རྣམ་པ་གཉིས་གཉིས་ཏེ་ཡོངས་སུ་ཤེས་པ་རྣམ་གཉིས་ནི་ཤེས་པའི་ཡོངས་སུ་ཤེས་པ་དང་། སྤོང་བའི་ཡོངས་སུ་ཤེས་པའོ། །དེ་ལ་དངོས་པོ་དང་གསུམ་པ་ནི་ཤེས་པའི་ཡོངས་སུ་ཤེས་པས་ཡོངས་སུ་ཤེས་པར་བྱ་བའོ། །གཉིས་པ་ནི་གཉིས་

ཀས་ཡོངས་སུ་ཤེས་པར་བྱའོ། །མངོན་སུམ་དུ་བྱ་བ་རྣམ་པ་གཉིས་ནི། ཤེས་པར་མངོན་སུམ་དུ་བྱ་བ་དང་། ཐོབ་པར་མངོན་སུམ་དུ་བྱའོ། །དེ་ལ་ཤེས་པར་མངོན་སུམ་དུ་བྱ་བས་ནི་གསུམ་ཆར་ཡང་མངོན་སུམ་དུ་བྱའོ། །ཐོབ་པར་མངོན་སུམ་དུ་བྱ་བས་ནི་གསུམ་པ་ཉིད་དོ་ཞེའོ། །

དེ་ལྟར་རྩ་བའི་དེ་ཁོ་ན་འདིར་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་རྣམས་ཀྱིས་ལམ་གྱི་བདེན་པ་རྣམ་པར་གཞག་པར་རིག་པར་བྱའི། དེའི་ཁོངས་སུ་གཏོགས་པར་བསྡུ་བ་ནི་མ་ཡིན་ནོ། །དེ་ལ་བདེན་པ་བཞིས་ནི་ཀུན་ནས་ཉོན་མོངས་པ་གང་ཡིན་པ་

དང་། གང་ལས་བྱུང་བ་དང་། དེ་གཉིས་རྣམ་པར་དག་པ་གང་ཡིན་པ་དང་གང་ལས་འགྱུར་བ་དེ་རྣམས་ཡོངས་སུ་བརྗོད་དོ། །དེ་དག་གི་གོ་རིམས་ནི་ཇི་ལྟར་མངོན་པར་རྟོགས་པ་བཞིན་དུའོ། །རགས་པ་དང་ཕྲ་བའི་དེ་ཁོ་ན་ནི་ཞེས་བྱ་བ་ལ། རགས་པའི་དེ་ཁོ་ན་ནི་ཀུན་རྫོབ་ཀྱི་བདེན་

པའོ། །ཕྲ་བའི་དེ་ཁོ་ན་ནི་དོན་དམ་པའི་བདེན་པ་སྟེ། འདི་ལྟར་དང་པོར་རགས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཡོངས་སུ་སྨིན་པར་གྱུར་ནས་ཕྲ་བས་རྣམ་པར་གྲོལ་བར་བྱེད་དེ། དེའི་ཕྱིར་དང་པོར་ནི་རགས་པའོ། །ཕྱིས་ནི་ཕྲ་བའོ། །ཚིག་ལེའུར་

เล่ม ๑๒๔ · หน้า 249b

བྱས་པ་དང་མཐུན་པར་བྱ་བའི་ཕྱིར་བཟློག་སྟེ་གསུངས་སོ། །དེ་ལ་མཉམ་པར་མ་བཞག་པའི་ཤེས་པའི་ཡུལ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ནི་རགས་པའི་དེ་ཁོ་ནའོ། །མཉམ་པར་བཞག་པའི་ཤེས་པའི་ཡུལ་ཡིན་པས་དོན་དམ་པའི་བདེན་པ་ནི་ཕྲ་བའི་དེ་ཁོ་ནའོ། །ཡང་ན་

རྣམ་པར་ཤེས་པའི་ཡུལ་ཡིན་པས་ན་རགས་པའོ། །ཡེ་ཤེས་ཀྱི་ཡུལ་ཡིན་པས་ན་ཕྲ་བའོ། །དེ་ཁོ་ན་ཐམས་ཅད་རྩ་བའི་དེ་ཁོ་ནར་བསྡུ་བར་དམ་བཅས་པས་ན། དེའི་ཕྱིར་དེ་རྩ་བའི་དེ་ཁོ་ནར་ཇི་ལྟར་རིག་པར་བྱ་ཞེ་ན་ཞེས་དྲིས་ཏེ་དེའི་ཕྱིར། བརྟགས་པ་དང་ནི་ཤེས་པ་དང་། །དེ་བཞིན་

བརྗོད་པ་རགས་པ་ཡིན། །ཞེས་བྱ་བ་གསུངས་སོ། །བརྟགས་པ་དང་ཤེས་པ་དང་བརྗོད་པ་རྣམས་ནི་རགས་པའི་དེ་ཁོ་ནར་རིག་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཀུན་རྫོབ་ནི་རྣམ་པ་གསུམ་སྟེ་ཞེས་རྒྱ་ཆེར་སྨོས་སོ། །དོན་མེད་པ་ལ་གཟུགས་དང་བུམ་པ་དང་སྣམ་བུ་ཞེས་

བྱ་བར་རྣམ་པར་གཞག་པ་ནི་བརྟགས་པའི་ཀུན་རྫོབ་བོ། །ཁ་ཅིག་ན་རེ་གཟུགས་དང་ཚོར་བ་དང་། འདུ་ཤེས་ལ་སོགས་པའི་རང་བཞིན་དང་བྱེ་བྲག་གི་མིང་གིས་བརྗོད་པ་ནི་བརྟགས་པའི་ཀུན་རྫོབ་བོ་ཞེའོ། །ཁ་ཅིག་ན་རེ་བརྗོད་པ་ལ་ལྟོས་ནས་གཟུགས་དང་ཚོར་བ་ཞེས་བྱ་བར་

ཐ་སྙད་འདོགས་པ་གང་ཡིན་པ་དེ་ནི་བརྟགས་པའི་ཀུན་རྫོབ་བོ་ཞེའོ། །སེམས་དང་སེམས་ལས་བྱུང་བ་བཞིན་དུ་མེད་པས་ན་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །ཤེས་པའི་ཀུན་རྫོབ་ནི་རྣམ་པར་རྟོག་པ་གང་གིས་གཟུགས་ལ་སོགས་པ་དང་བུམ་པ་ལ་སོགས་པ་རྣམ་པར་ཤེས་པ་སྣང་བ་

ལས། ཕ་རོལ་ན་མེད་ཀྱང་ཕྱི་རོལ་ན་ཡོད་པ་བཞིན་དུ་ཇི་ལྟར་རྣམ་པར་གནས་པ་ལྟར་དངོས་པོའི་ངོ་བོར་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་ཤེས་པའི་ཀུན་རྫོབ་བོ། །བརྗོད་པ་ཡང་ཀུན་རྫོབ་བོ་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བར་བྱ་བའི་དོན་ཏེ། ཡོངས་སུ་གྲུབ་

པ་ནི་རྣམ་པར་རྟོག་པ་དང་བརྗོད་པ་ལས་འདས་ཀྱང་སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པ་ལ་སོགས་པའི་རྣམ་གྲངས་ཀྱིས་བསྟན་པ་ནི་བརྗོད་པའི་ཀུན་རྫོབ་བོ། །ཀུན་རྫོབ་རྣམ་པ་གསུམ་པོ་དེས་ཀུན་རྫོབ་ཀྱི་བདེན་པ་ཉིད་དེ། རྩ་བའི་དེ་ཁོ་ནར་

เล่ม ๑๒๔ · หน้า 250a

གོ་རིམས་བཞིན་དུ་རིག་པར་བྱའོ། །ཀུན་རྫོབ་ནི་ཐ་སྙད་དོ། །བཏགས་པ་ཞེས་བྱ་བ་ནི་བརྗོད་པ་སྟེ། དོན་མེད་པར་བརྗོད་པ་ཙམ་གྱིས་ཐ་སྙད་དུ་བྱ་བ་ནི་བཏགས་པའི་ཀུན་རྫོབ་བོ། །དེ་བས་ན་དོན་མེད་པའི་ཕྱིར་བཏགས་པའི་ཀུན་རྫོབ་ཀྱིས་ཀུན་བརྟགས་པ་ཀུན་རྫོབ་ཀྱི་

བདེན་པའོ། །དོན་མེད་བཞིན་དུ་དོན་དུ་མངོན་པར་ཞེན་ནས་ཤེས་པ་དེས་ཐ་སྙད་འདོགས་པ་དེ་ནི་ཤེས་པའི་ཀུན་རྫོབ་སྟེ། དེ་ནི་མངོན་པར་ཞེན་པའི་རྣམ་པར་རྟོག་པའོ། །དེ་བས་ན་ཤེས་པའི་ཀུན་རྫོབ་ཀྱི་གཞན་གྱི་དབང་ཀུན་རྫོབ་ཀྱི་བདེན་པའོ། །ཆོས་ཀྱི་དབྱིངས་བརྗོད་དུ་མེད་པ་ལ་

དེ་བཞིན་ཉིད་ལ་སོགས་པའི་སྒྲས་བརྗོད་པ་གང་ཡིན་པ་དེ་ནི་བརྗོད་པ་སྟེ། དེས་ཆོས་ཀྱི་དབྱིངས་ལ་ཐ་སྙད་འདོགས་པ་ནི་བརྗོད་པའི་ཀུན་རྫོབ་བོ། །དེ་བས་ན་བརྗོད་པའི་ཀུན་རྫོབ་ཀྱིས་ཡོངས་སུ་གྲུབ་པ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལ་བརྟགས་པ་དང་བརྗོད་པའི་ཀུན་རྫོབ་

གཉིས་ནི་སྐབས་སུ་བསྡུས་ནས་རྣམ་པར་གཞག་པར་རིག་པར་བྱའི། རང་བཞིན་གྱིས་ནི་མ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་བཤད་ཟིན་ཏོ། །ད་ནི་དོན་དམ་པའི་བདེན་པ་བརྗོད་པར་བྱ་སྟེ། དེའི་ཕྱིར། དམ་པའི་དོན་ནི་གཅིག་པུའོ། །ཞེས་བྱ་བ་གསུངས་སོ། །བརྟགས་

པ་དང་ནི་གཞན་དབང་གཉིས་ནི་དོན་དམ་པར་མི་སྲིད་པའི་ཕྱིར་དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་རིག་པར་བྱའོ། །ཡོངས་སུ་གྲུབ་པ་དེ་ཡང་ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། དེའི་ཕྱིར། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་

འདོད། །ཅེས་བྱ་བ་གསུངས་སོ། །དོན་དམ་པ་ནི་རྣམ་པ་གསུམ་སྟེ། དོན་དམ་པ་དང་། ཐོབ་པར་བྱ་བ་དོན་དམ་པ་དང་། སྒྲུབ་པ་དོན་དམ་པའོ། །དེ་ལ་དོན་དམ་པ་དེ་བཞིན་ཉིད་དེ། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེའི་ཡུལ་ཡིན་པས་དོན་ཏེ།

དབང་པོ་རྣམས་ཀྱི་དོན་བཞིན་དུ། །དེ་བཞིན་ཉིད་ནི་དམ་པའི་དོན། །ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར་ཡེ་ཤེས་དམ་པའི་དོན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དམིགས་པའི་དངོས་པོར་རྣམ་པར་གཞག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་དང་ཐ་མི་དད་པའི་ཕྱིར་དེའི་

เล่ม ๑๒๔ · หน้า 250b

ཚེ་དམིགས་པར་འགྱུར་བ་ནི་མ་ཡིན་གྱི། རྣམ་པར་རིག་པ་ཙམ་སྣང་བ་བཞིན་ཏེ། དཔེར་ན་གང་དག་རྣམ་པར་རིག་པ་ཙམ་དུ་བཟོད་པ་དེ་དག་གཟུགས་ལ་སོགས་པ་རྣམ་པར་རིག་པ་ཙམ་མ་གཏོགས་པར་གཟུགས་ལ་སོགས་པར་སྣང་བ་ནི་མེད་པ་ལྟ་བུའོ། །ཐོབ་པར་བྱ་བ་

དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། ཤིན་ཏུ་དྲི་མ་མེད་པའི་དེ་བཞིན་ཉིད་གནས་གྱུར་པའི་མཚན་ཉིད་དོ། །ཇི་ལྟར་ན་དོན་དམ་པ་ཞེས་བྱ་ཞེ་ན། དེའི་ཕྱིར་དོན་གྱི་དམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ནི་དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་ན་དོན་དམ་པ་སྟེ།

དེ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཆོག་ཡིན་པས་དམ་པའོ། །ལམ་གྱི་དགོས་པ་ཡིན་པས་ན་དོན་ཏོ། །འདི་ལྟར་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ནི་ལམ་གྱི་དགོས་པ་སྟེ། གནོད་པའི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་ནི་དོན་ཏོ། །

འདི་ལྟར་ཉེས་པ་དང་བཅས་པ་ལ་ནི་དོན་མེད་པ་ཞེས་བྱའོ། །སྒྲུབ་པ་དོན་དམ་པ་ནི་ལམ་སྟེ། ཅིའི་ཕྱིར་ཞེ་ན། དེའི་དོན་ནི་དམ་པ་ཡིན་པའི་ཕྱིར་རོ། །དོན་ནི་ཡུལ་ལམ་དགོས་པ་སྟེ། ཡུལ་ནི་དེ་བཞིན་ཉིད་དོ། །དགོས་པ་ནི་མྱ་ངན་ལས་འདས་པའོ། །ཡུལ་གྱི་སྒོ་ནས་དམ་པ་ཞེས་བྱ་ན། ཇི་ལྟར་ན་གཅིག་ལ་

གཅིག་བརྟེན་པར་མི་འགྱུར། གཅིག་ལ་གཅིག་བརྟེན་པར་གྱུར་ན་ཅི་ཉེས་ཤེ་ན། གཏན་ལ་བབ་པ་མེད་པར་འགྱུར་རོ། །གཅིག་ལ་གཅིག་བརྟེན་དུ་ཟིན་ཀྱང་དེ་ལྟར་མི་འགྱུར་ཏེ། སེང་གེ་དང་ནགས་བཞིན་ནོ། །དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བསྟན་ལ། ལམ་

ལ་ནི་སྔ་མ་དང་ཕྱི་མའི་ཆ་མེད་པ་མ་ཡིན་པས་ཡོངས་སུ་གྲུབ་པར་མི་རུང་སྟེ། དེ་བས་ན་ལམ་ནི་དོན་དམ་པའི་བདེན་པ་མ་ཡིན་ལ། ཡོངས་སུ་མ་གྲུབ་པས་ཀྱང་དོན་དམ་པའི་བདེན་པར་བསྡུར་མི་རུང་ན་འདུས་མ་བྱས་དང་འདུས་བྱས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་ཇི་སྐད་

བརྗོད་ཅེ་ན། དེའི་ཕྱིར། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་བྱ་བ་གསུངས་སོ། །ཡང་ན་ཡོངས་སུ་གྲུབ་པ་ནི་དེ་བཞིན་ཉིད་དེ། དེ་ཡང་གཞན་གྱི་དབང་གི་མཚན་ཉིད་གཉིས་དང་བྲལ་བ་ཉིད་པས་མྱ་ངན་ལས་འདས་པ་དང་ལམ་གཉིས་

เล่ม ๑๒๔ · หน้า 251a

ཡོངས་སུ་གྲུབ་པ་ཉིད་དུ་མི་རུང་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་འདུས་མ་བྱས་དང་། ལམ་ཞེས་བྱ་བ་འདུས་བྱས་གཉིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་ཇི་སྐད་དུ་བྱ་ཞེ་ན། འདི་ནི་ཀླན་ཀར་མི་རུང་སྟེ། འདི་ལྟར་དེ་ལ་གཉིས་པོ་མེད་པ་ནི་ཡོངས་སུ་

གྲུབ་པ་ཉིད་དེ། གཉིས་པོ་མེད་པ་ཉིད་ཡོངས་སུ་གྲུབ་པ་ཞེས་དེ་ལས་གཞན་དགག་པར་མི་བྱེད་དེ། དེ་བས་ན་དེ་ལས་གཞན་ཡང་སྟེ། འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་གཉིས་ཀྱང་ཡོངས་སུ་གྲུབ་པ་ཞེས་སྦྱར་རོ། །འདུས་མ་བྱས་ནི་མྱ་ངན་ལས་འདས་

པ་དང་དེ་བཞིན་ཉིད་དེ། འདུས་མ་བྱས་ནི་གཞན་དུ་འགྱུར་བ་མེད་པའི་ཕྱིར་འགྱུར་བ་མེད་པར་ཡོངས་སུ་འགྲུབ་པས་ཡོངས་སུ་གྲུབ་པའོ། །འདུས་བྱས་ནི་ལམ་གྱིས་བསྡུས་པ་ལ་བྱའི་གཞན་ལ་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་ཞེས་བྱ་བར་སྦྱར་རོ། །ཇི་

ལྟ་ཞེ་ན། དེའི་ཕྱིར། ཤེས་བྱའི་དངོས་པོ་ལ་ཕྱིན་ཅི་ལོག་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཤེས་པར་བྱ་བ་ལ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་དེའི་ཕྱིར་ལམ་ཡོངས་སུ་གྲུབ་པ་ཡིན་ཏེ། དེ་བས་ན་བསམ་པ་ཐ་དད་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་གཉི་ག་ཡང་ཡོངས་སུ་

གྲུབ་པ་ཡིན་པས་འགལ་བ་མེད་དོ། །དེ་ལ། གཅིག་གིས་འཇིག་རྟེན་གྲགས་པ་སྟེ། །ཞེས་བྱ་བ་ནི་ཇི་ལྟར་བརྗོད་པ་བཞིན་དུ་མེད་པ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཏེ། དེ་གཞན་གྱིས་ནི་མ་ཡིན་ནོ། །དེའི་རང་གི་ངོ་བོ་མི་ཤེས་པས་དེའི་ཕྱིར། དངོས་པོ་གང་ལ་ཞེས་བྱ་བ་རྒྱ་ཆེར་སྨོས་

སོ། །བརྡ་ནི་མིང་དང་མིང་ཅན་འབྲེལ་པར་ཤེས་པའོ། །འདྲིས་པ་ནི་དེ་ལ་ཡང་དང་ཡང་དུ་སྦྱོར་ཞིང་ལྟ་བའོ། །དེ་ལ་རྗེས་སུ་ཞུགས་པའི་བློ་ཞེས་བྱ་བ་ལ། བརྡ་ལ་འདྲིས་པའི་རྗེས་ལ་ཞུགས་པའི་བློ་གང་ཞེ་ན། དེ་དག་དྲན་པ་སྟེ། དེ་ནི་འདི་སྐད་དུ་བརྡ་ལ་འདྲིས་པའི་དྲན་པའི་

རྗེས་སུ་སོང་བའི་བློས་འཇིག་རྟེན་པ་བསྟན་བཅོས་ཤེས་པ་དང་། དེ་མི་ཤེས་པ་ཐམས་ཅད་ཀྱིས་ཐ་སྙད་དུ་བཏགས་པའི་དངོས་པོ་གང་ལ་ལ་འདི་ནི་ས་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་ལྟ་བ་མཐུན་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ནི་དེ་ཁོ་ན་བཞིན་དུ་འཇིག་རྟེན་དུ་གྲགས་པའི་ཕྱིར་

เล่ม ๑๒๔ · หน้า 251b

དེ་ནི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་ཞེས་བྱའོ། །གསུམ་གྱིས་རིགས་པའི་གྲགས་པའོ། །ཞེས་བྱ་བ་ནི་ངོ་བོ་ཉིད་རྣམ་པ་གསུམ་གྱི་དབང་དུ་མཛད་དེ་རིགས་པ་ཞེས་བྱ་བས་ན་དེའི་ཕྱིར་ངོ་བོ་ཉིད་གསུམ་གྱིས་རིགས་པའི་གྲགས་པའི་དེ་ཁོ་ནར་རྣམ་པར་གཞག་གོ། །དེ་ཡང་

མི་ཤེས་ཏེ། དེ་བས་ན་དེ་བསྟན་པའི་ཕྱིར། གང་ཟག་དམ་པ་རིགས་པའི་དོན་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དམ་པ་དག་ནི་གང་དག་རིགས་པའི་དོན་ལ་མཁས་པ་དག་གོ། །རྟོག་གེ་པ་དག་ནི་གང་དག་དཔྱོད་པ་ཅན་དག་སྟེ། སྔ་མ་བཤད་པར་

བསམས་ནས་ཚིག་ཕྱི་མ་བརྗོད་དོ། །ཡང་ན་དམ་པ་དག་ནི་དགེ་བ་ཅི་ཞེས་ཚོལ་བ་ཅན་དག་གོ། །རིགས་པའི་དོན་ལ་མཁས་པ་དག་ནི་ལྟོས་པ་དང་། བྱ་བ་བྱེད་པ་དང་། འཐད་པ་དང་། ཆོས་ཉིད་ཀྱི་རིགས་པ་བཞི་དང་མི་འགལ་བའི་དོན་ལ་མཁས་པ་དག་གོ། །རྟོག་གེ་པ་དག་ནི་

རྟོག་པ་དང་སེལ་ནུས་པ་དག་དང་དེ་བཞིན་གཤེགས་པའི་གསུང་རབ་ལ་བརྟེན་ནས་བསྟན་བཅོས་ཕྱིན་ཅི་མ་ལོག་པར་བྱེད་པའོ། །དཔྱོད་པ་ཅན་དག་ནི་བདག་དང་གཞན་གྱི་བསྟན་བཅོས་ལ་མཁས་པར་གྱུར་པ་དང་། ལེགས་པ་དང་ཉེས་པ་དཔྱོད་པ་དག་གོ། །ཁ་ཅིག་ལས་ནི་དཔྱོད་

པ་ཅན། །ཞེས་མི་འབྱུང་སྟེ། དེ་དག་འདི་སྐད་དུ། དམ་པ་ཞེས་བརྗོད་པའི་དམ་པ་དེ་གང་ཞེ་ན། དེའི་ཕྱིར། རིགས་པའི་དོན་ལ་མཁས་པ་དག །ཅེས་བྱ་བ་སྨོས་སོ། །དེ་དག་ཀྱང་རྟོག་གེ་པའི་ས་དང་། བསྒོམ་པའི་ས་ལ་གནས་པའི་ཕྱིར་རྣམ་པ་གཉིས་ཏེ། དེའི་ཕྱིར་རྟོག་གེ་པ་

དག་ཅེས་བྱ་བ་སྨོས་སོ་ཞེས་ཟེར་རོ། །དེ་དག་ལས་ཀྱང་ཁ་ཅིག་ནི་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲང་བས་ན། དེའི་ཕྱིར་ཚད་མ་གསུམ་ལ་བརྟེན་ནས་ཞེས་བྱ་བ་སྨོས་ཏེ། ཚད་མ་གསུམ་དང་མི་འགལ་བར་ཞེས་བྱ་བའི་ཐ་ཚིག་གོ། །ཚད་མ་གསུམ་ནི་མངོན་སུམ་དང་། རྗེས་སུ་དཔག་

པ་དང་། ལུང་ངོ་། །དེ་ལ་མངོན་སུམ་ནི་དབང་པོ་ལྔ་ལས་སྐྱེས་པ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་མྱོང་བའི་ཡིད་དོ། །ཚུལ་གསུམ་པའི་རྟགས་ཀྱི་རྗེས་སུ་དཔག་པར་བྱ་བའི་དོན་ལ་ཤེས་པ་ནི་རྗེས་སུ་དཔག་པའོ། །ཡིད་ཆེས་པས་བསྟན་པ་ནི་ལུང་སྟེ། ཡིད་ཆེས་པས་ནི་བརྫུན་

เล่ม ๑๒๔ · หน้า 252a

དུ་སྨྲ་བའི་རྒྱུ་དང་མི་ལྡན་པ་དག་གོ། །ཡང་ན་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གིས་རབ་ཏུ་གྲུབ་པའི་གཏན་ཚིགས་དང་། དཔེས་བསྒྲུབ་པར་བྱ་བ་སྒྲུབ་པ་དེ་ཉིད་གཞན་ལ་སྒྲུབ་པར་བྱེད་པས་ཚད་མ་གསུམ་ལ་བརྟེན་ནས་ཞེས་བྱ་བ་སྨོས་ཏེ། འཐད་པ་

སྒྲུབ་པའི་རིགས་པས་གྲགས་པའི་དངོས་པོའོ་ཞེས་བྱ་བ་ལ། འཐད་པ་ནི་བསྒྲུབ་པར་བྱ་བ་རྟོགས་པར་བྱེད་པའི་ཐབས་ཡིན་པས་ཚུལ་གསུམ་པའི་རྟགས་སོ། །འཐད་པའི་སྒྲུབ་པ་ནི་འཐད་པ་སྒྲུབ་པ་སྟེ། དེས་རྟོགས་པར་བྱ་བའི་ཕྱིར་ཚུལ་གསུམ་པའི་རྟགས་བརྗོད་པའོ། །རིགས་

པ་ནི་ཐབས་ཏེ། སྦྱོར་བ་ངེས་པ་གང་གི་རྟགས་ཀྱི་ཚུལ་གསུམ་བརྗོད་པའོ། །ཡང་ན་འཐད་པ་ནི་གཞན་དུ་མི་སྲིད་པའོ། །སྒྲུབ་པའི་རིགས་པ་ནི་ཆའི་སྦྱོར་བ་སྟེ། འཐད་པ་སྒྲུབ་པའི་རིགས་པའོ་ཞེས་ཚིག་རྣམ་པར་སྦྱར་བའོ། །ཡང་ན་འཐད་པ་ཉིད་སྒྲུབ་པའི་རིགས་པ་ཡིན་པར་

ཚིག་རྣམ་པར་སྦྱར་བར་བྱའོ། །སྒྲུབ་པའི་རིགས་པ་གཞན་དག་ལས་དབྱེ་བའི་ཕྱིར་འཐད་པ་སྨོས་ཏེ། དེ་ལྟར་ན་ཚད་མ་གསུམ་ལ་བརྟེན་ནས་འཐད་པ་སྒྲུབ་པའི་རིགས་པས་གང་གྲགས་པའི་དངོས་པོ་ངོ་བོ་ཉིད་གསུམ་གྱི་ནང་ནས་གང་ཡང་རུང་བ་སྟེ་རིགས་པས་གྲགས་པ་ཞེས་བྱའོ། །གྲགས་

པའི་དེ་ཁོ་ན་བཤད་ཟིན་ཏོ། །དེའི་འོག་ཏུ་རྣམ་པར་དག་པའི་སྤྱོད་ཡུལ་བརྗོད་དགོས་ཏེ། དེའི་ཕྱིར། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། །དེ་ཡང་ཇི་ལྟར་རྣམ་པ་གཉིས་སུ་འགྱུར་བ་དེ་བསྟན་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་

པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་སྟེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་རམ། ཉོན་མོངས་པའི་སྒྲིབ་པ་རྣམ་

པར་དག་པར་བྱེད་པའི་ཡེ་ཤེས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་བྱ་བར་དགོས་པའམ། དེའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་དེའི་སྤྱོད་ཡུལ་ཞེས་བྱ་བ་ནི་ཡུལ་ཞེས་པའི་ཐ་

เล่ม ๑๒๔ · หน้า 252b

ཚིག་གོ། །དེ་བཞིན་དུ་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ཡང་བརྗོད་པར་བྱའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དོ། །དེ་བས་ན་མཐོང་བ་དང་བསྒོམ་པ་དང་དེ་དང་

ཉེ་བར་སྤྱོད་པའི་ཡེ་ཤེས་ཀྱི་ཡུལ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དེ་ཁོ་ན་གང་ཡིན་པ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་རྣམས་ཀྱི་བདེན་པ་ཞེས་བྱ་བ་སྟེ། དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །ཤེས་པར་བྱ་བ་ནི་

ཤེས་བྱ་སྟེ། དེ་ནི་མདོར་ན་རིག་པའི་གནས་ལྔ་དག་གོ། །དེ་དག་ནི་ནང་དང་། བརྡ་སྤྲོད་པ་དང་། གཏན་ཚིགས་དང་། གསོ་བ་དང་། བཟོ་དང་ལས་ཀྱི་གནས་ཞེས་བྱ་བ་ཐམས་ཅད་དོ། །དེ་ལ་ཡེ་ཤེས་ཀྱི་གེགས་སུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་ཤེས་བྱའི་སྒྲིབ་

པའོ། །དེ་རྣམ་པར་སྦྱོང་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པའི་མོས་པས་སྤྱོད་པའི་སར་བསྡུས་པ་དང་། རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཅིག་ཏུ་བསྡུས་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་

གཤེགས་པའི་ཐུགས་ཀྱི་རྒྱུད་ལ་མངའ་བ་སྟེ། དེ་ནི་ཀུན་དུ་འགྲོ་བའི་དོན་ལ་སོགས་པའི་སྒོ་ནས་དེ་བཞིན་ཉིད་ལ་དམིགས་པས་དེའི་ཕྱིར། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་དེ་བཞིན་ཉིད་དོ། །འབྲས་བུ་དང་རྒྱུའི་དེ་ཁོ་ན་བཤད་པ་དང་། ཕྲ་བའི་དེ་

ཁོ་ན་བཤད་པས་རྣམ་པར་དག་པའི་སྤྱོད་ཡུལ་རྣམ་པ་གཉིས་ཀྱང་བཤད་ཟིན་ན། འདི་བརྗོད་པ་དོན་མེད་པར་མི་འགྱུར་རམ་ཞེ་ན། དོན་མེད་པར་མི་འགྱུར་ཏེ། འདི་ལྟར་འབྲས་བུ་དང་རྒྱུའི་དེ་ཁོ་ན་དང་ཕྲ་བའི་དེ་ཁོ་ན་ནི་དངོས་པོ་རྣམ་པར་གཞག་པའི་ཕྱིར་བཤད་དོ། །འདིར་ནི་སྒྲིབ་པ་

ཇི་ལྟར་རྣམ་པར་དག་པར་འགྱུར་བ་སྟེ། དེའི་ཕྱིར་དེ་སྐད་བསྟན་ཏོ། །རྣམ་པར་དག་པའི་སྤྱོད་ཡུལ་འདི་རྣམ་པ་གཉིས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུས་བརྗོད་དེ། འདིར་རྒྱུ་སྨོས་པ། ངོ་བོ་ཉིད་གཞན་ནི་རྣམ་པར་དག་པའི་ཡེ་ཤེས་རྣམ་པ་གཉིས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་

เล่ม ๑๒๔ · หน้า 253a

ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་གནས་ངན་ལེན་གྱི་དྲི་མ་གཉིས་ཀྱིས་དྲི་མ་ཅན་དུ་གྱུར་པའི་ཕྱིར་རོ། །ཀུན་བརྟགས་པ་ནི་མེད་པའི་ཕྱིར་རོ། །ཡེ་ཤེས་རྣམ་པ་གཉིས་ཀྱི་ཡུལ་ནི་ཆོས་ཉིད་ཡིན་པས་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་

ན་ནི་ཡོངས་སུ་གྲུབ་པ་ཉིད་ཀྱིས་རྣམ་པར་གཞག་གོ། །རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་བཤད་ཟིན་ཏོ། །དེའི་འོག་ཏུ་བསྡུ་བའི་དེ་ཁོ་ན་བརྗོད་དགོས་ཏེ། དེའི་ཕྱིར་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་དུ་བསྡུ་བའི་དེ་ཁོ་ན་ཇི་ལྟར་རིག་པར་བྱ་ཞེ་ན་ཞེས་དྲིས་པ་དང་། རྩ་བའི་དེ་ཁོ་ན་རྣམ་པ་

གསུམ་དུ་བསྡུ་བའི་དེ་ཁོ་ན་འདུས་པར་བསྟན་པའི་ཕྱིར། རྒྱུ་དང་རྣམ་པར་རྟོག་པ་དང་། །མིང་ནི་རྣམ་པ་གཉིས་སུ་བསྡུ། །ཞེས་རྒྱ་ཆེར་གསུངས་ཏེ། གཞན་གྱི་དབང་དང་ཀུན་བརྟགས་པ་གཉིས་སུ་བསྡུའོ། །དེ་ལ་བསྡུ་བའི་དེ་ཁོ་ན་ཅི་རིགས་སུ་སྦྱར་རོ་ཞེས་བྱ་བ་ནི་གར་འོས་པར་རྩ་

བའི་དེ་ཁོ་ནར་དངོས་པོ་ལྔ་དག་འདུས་པར་རིག་པར་བྱ་བའི་གོ་རིམས་བཞིན་དུ་ནི་མ་ཡིན་ནོ། །དངོས་པོ་ལྔ་ནི་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཏེ། ཤེས་པར་བྱ་བ་ཐམས་ཅད་དངོས་པོ་རྣམ་པ་ལྔ་པོ་འདིར་བསྡུ་བའི་ཕྱིར་

དངོས་པོ་རྣམ་པ་འདི་ལྔ་ལ་བསྡུ་བའི་དེ་ཁོ་ན་ཞེས་བྱའོ། །ཁ་ཅིག་ན་རེ་དེ་ལ་རྒྱུ་མཚན་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་ཏེ། ཕན་ཚུན་རྒྱུའི་དངོས་པོ་ཡིན་པས་རྒྱུ་མཚན་ནོ། །མིང་ནི་རྒྱུ་མཚན་གང་ཡིན་པ་

དེ་ཉིད་བརྗོད་དུ་མེད་དུ་ཟིན་ཀྱང་མིག་བརྡ་བཞིན་དུ་གོ་བར་བརྗོད་པའོ། །ཇི་སྐད་དུ་སྨྲས་པའི་རྒྱུ་མཚན་གྱི་རང་བཞིན་དང་བྱེ་བྲག་ཏུ་རྣམ་པར་རྟོག་པ་ཁམས་གསུམ་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ནི་རྣམ་པར་རྟོག་པའོ། །སྟོང་པ་ཉིད་ནི་དེ་བཞིན་ཉིད་དོ། །ཡང་དག་

པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་བཞིན་ཉིད་ལ་དམིགས་པའོ། །དེ་དག་གི་གོ་རིམས་ནི་དེ་ལ་ཀུན་ནས་ཉོན་མོངས་པར་གདགས་པའི་དངོས་པོ་ཡིན་པས་ན་དང་པོར་རྒྱུ་མཚན་ནོ། །ཀུན་ནས་ཉོན་མོངས་པ་ཞེས་བཏགས་པའི་ཕྱིར་དེའི་འོག་ཏུ་མིང་ངོ་། །མིང་ཇི་ལྟ་བ་

เล่ม ๑๒๔ · หน้า 253b

དེ་བཞིན་དུ་ཀུན་ནས་ཉོན་མོངས་པར་གདགས་པའི་དངོས་པོ་ལ་རྣམ་པར་རྟོག་པའི་ཕྱིར་དེའི་འོག་ཏུ་རྣམ་པར་རྟོག་པའོ། །ཀུན་ནས་ཉོན་མོངས་པ་དེ་ཡང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱིས་འགག་པར་འགྱུར་བས་ན་དེའི་འོག་ཏུ་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་

སོ་ཞེའོ། །གཞན་དག་ན་རེ། འཁྲུལ་པའི་རྒྱུ་ནི་འཁྲུལ་པ་སྟེ། །དེ་ཡི་རྒྱུ་ནི་གནས་ངན་ལེན། །དེ་བས་འཁྲུལ་པ་དེ་ཡི་རྒྱུ། །རང་བཞིན་ཞི་བདེ་ཤེས་པ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་དངོས་པོ་ལྔའི་དོན་ཏོ་ཞེའོ། །དེ་ལ་ནང་གི་མིག་ལ་སོགས་པའི་རྣམ་པར་ཤེས་

པར་བསྡུས་པ་རྣམས་ཀྱི་འཁྲུལ་པའི་རྒྱུ་ནི་ཕྱི་ནང་གི་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པར་བསྡུས་པའི་འཁྲུལ་པའོ། །ཕྱི་ནང་གི་འཁྲུལ་པ་དེ་དག་གི་རྒྱུ་ནི་གནས་ངན་ལེན་ཏེ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་སོ། །བག་ཆགས་དེའི་རྒྱུ་ནི་ཕྱི་ནང་

གི་འཁྲུལ་པ་དེ་ཉིད་དོ། །དེ་ལྟ་བས་ན་དེ་ལ་བརྗོད་པ་འཇུག་གོ། །བརྗོད་པའི་དབང་གིས་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་གནས་སོ། །རང་བཞིན་གྱིས་ཞི་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །དེ་ཤེས་པ་

ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དམིགས་པ་ལམ་དུ་གཏོགས་པའི་ཡེ་ཤེས་གང་ཡིན་པའོ། །དེ་ལ་རྒྱུ་དང་རྣམ་པར་རྟོག་པ་གཉིས་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་གཞན་གྱི་དབང་དུ་བསྡུའོ། །མིང་ནི་ཀུན་བརྟགས་པར་ཞེས་བྱ་བ་ལ་མིང་ཇི་ལྟ་བ་བཞིན་དུ་དོན་མེད་པས་མིང་ནི་ཀུན་བརྟགས་པར་

བསྡུའོ། །དེ་ལྟར་ན་སྐབས་ཡིན་པའི་ཕྱིར་ཀུན་བརྟགས་པར་མིང་བསྡུས་ཀྱི། ངོ་བོ་ཉིད་ཀྱིས་བསྡུས་པ་ནི་མ་ཡིན་ནོ། །ངོ་བོ་ཉིད་མེད་པར་གྲུབ་པ་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་རྒྱུ་ལ་སོགས་པ་དངོས་པོ་ལྔས་མ་བསྡུས་སོ་ཞེས་གང་བཤད་པ་དང་འགལ་བ་མེད་དོ། །དེར་ནི་ངོ་བོ་ཉིད་བསྡུ་

བར་འདོད་པའི་ཕྱིར་རོ། །ཡང་དག་ཡེ་ཤེས་རབ་ཁོ་ན། །ཞེས་བྱ་བ་ནི། རྟག་ཏུ་འམ་མཛེས་པའི་དེ་ཁོ་ན་སྟེ་དེ་བཞིན་ཉིད་དོ། །སྟོང་པ་ཉིད་ལ་དམིགས་པ་གཉིས་སུ་མེད་པའི་ཡེ་ཤེས་དང་། དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པ་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་བཞིན་ཉིད་དང་ཡང་དག་

เล่ม ๑๒๔ · หน้า 254a

པའི་ཡེ་ཤེས་དེ་གཉིས་ནི་འགྱུར་བ་མེད་པ་དང་། ཕྱིན་ཅི་ལོག་མེད་པའི་ཡོངས་སུ་གྲུབ་པས་གོ་རིམས་བཞིན་དུ་ཡོངས་སུ་གྲུབ་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུས་བསྡུས་སོ། །བསྡུ་བའི་དེ་ཁོ་ན་བཤད་ཟིན་ཏོ། །རབ་ཏུ་དབྱེ་བའི་དེ་ཁོ་ན་ལ་རྣམ་པ་དུ་མ་ཡོད་

པ་དང་། དེ་རྩ་བའི་དེ་ཁོ་ནར་ཇི་ལྟར་བསྡུ་བ་མི་ཤེས་ནས་དེའི་ཕྱིར། རབ་ཏུ་དབྱེ་བའི་དེ་ཁོ་ན་རྩ་བའི་དེ་ཁོ་ནར་ཇི་ལྟར་རིག་པར་བྱ་ཞེ་ན་ཞེས་དྲིས་པ་དང་དེའི་ཕྱིར། རབ་ཏུ་དབྱེ་བའི་དེ་ཁོ་ན་རྣམ་པ་བདུན་ཏེ་ཞེས་བྱ་བ་སྨོས་སོ། །གང་ཞེ་ན་དེའི་ཕྱིར། འཇུག་པའི་དེ་ཁོ་ན་དང་མཚན་ཉིད་ཀྱི་དེ་ཁོ་ན་ཞེས་བྱ་བ་

རྒྱ་ཆེར་སྨོས་ཏེ། དགོངས་པ་ངེས་པར་འགྲེལ་པ་ལས་འཇུག་པའི་དེ་བཞིན་ཉིད་ནས་ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཀྱི་བར་དུ་དེ་བཞིན་ཉིད་རྣམ་པ་བདུན་བཀའ་སྩལ་པ་གང་ཡིན་པ་དེ་ཉིད་འདིར་འཇུག་པའི་དེ་ཁོ་ན་ནས། ཡང་དག་པར་སྒྲུབ་པའི་དེ་ཁོ་ནའི་བར་དུ་རབ་ཏུ་དབྱེ་བའི་དེ་ཁོ་ན་

རྣམ་པ་བདུན་དུ་བཤད་དོ། །དེ་ལ་འཇུག་པའི་དེ་ཁོ་ན་ནི་གང་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པའོ། །དེ་ཉིད་འཇུག་པའི་དེ་བཞིན་ཉིད་དེ། འདི་ལྟར་དེ་ནི་ནམ་ཡང་ཐོག་མ་དང་ལྡན་པར་མི་འགྱུར་རོ། །མཚན་ཉིད་ཀྱི་དེ་ཁོ་ན་ནི་གང་ཟག་དང་ཆོས་ལ་བདག་མེད་པ་སྟེ། གཞན་དུ་མི་འགྱུར་

བའི་ཕྱིར་དེ་ཉིད་མཚན་ཉིད་ཀྱི་དེ་བཞིན་ཉིད་དོ། །རྣམ་པར་རིག་པའི་དེ་ཁོ་ན་ནི་ཆོས་རྣམས་ཀྱི་རྣམ་པར་རིག་པ་ཙམ་ཉིད་དོ། །ཁ་ཅིག་ན་རེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སམ། རྣམ་པར་རིག་པའི་གནས་འདི་ནི་རྣམ་པར་རིག་པའི་དེ་ཁོ་ནའོ་ཞེའོ། །རྣམ་པར་རིག་པའི་དེ་ཁོ་ན་ནི་གཞན་དུ་འགྱུར་

བ་མེད་པའི་ཕྱིར་རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱའོ། །གནས་པའི་དེ་ཁོ་ན་ནི་སྡུག་བསྔལ་གྱི་བདེན་པ་སྟེ། འདུ་བྱེད་རྣམས་སྡུག་བསྔལ་བར་གནས་པའི་ཕྱིར་རོ། །དེ་ཉིད་རྟག་པར་དེ་བཞིན་པས་ན་དེ་བཞིན་ཉིད་དོ། །ལོག་པར་སྒྲུབ་པའི་དེ་ཁོ་ན་ནི་ཀུན་འབྱུང་བའི་བདེན་པ་སྟེ། དེ་ཡང་གང་

འདུ་བྱེད་དེ་དག་ལ་ཡོན་ཏན་དུ་ལྟ་བས་འཇུག་པའི་ཕྱིར་རོ། །རྣམ་པར་དག་པའི་དེ་ཁོ་ན་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་སྟེ། དེ་ནི་དེ་བཞིན་ཉིད་དང་འགོག་པའི་བདེན་པའོ། །ཁ་ཅིག་ན་རེ་གནས་གྱུར་པའི་བདག་ཉིད་འགོག་པའི་བདེན་པ་ཉིད་དོ་ཞེའོ། །ཡང་དག་པར་སྒྲུབ་པའི་དེ་ཁོ་ན་

เล่ม ๑๒๔ · หน้า 254b

ནི་ལམ་གྱི་བདེན་པའོ། །གཞན་དག་ན་རེ་རྣམ་པར་རིག་པའི་དེ་ཁོ་ན་ནི་ཚུལ་བཞིན་དུ་སྦྱོར་བ་སྟེ། ཡང་དག་པར་སྒྲུབ་པའི་དེ་ཁོ་ན་དང་། རྣམ་པར་རིག་པའི་དེ་ཁོ་ན་ཡང་ལམ་གྱི་བདེན་པ་ཉིད་དོ་ཞེའོ། །དེ་ཁོ་ན་གསུམ་པོ་འདི་དག་ཀྱང་རྟག་ཏུ་དེ་བཞིན་བས་དེ་བཞིན་ཉིད་ཅེས་བྱ་བར་འགྱུར་རོ། །

དེ་ལ་འཇུག་པ་དེ་ཁོ་ན་རྣམ་པ་གཉིས། རྩ་བའི་དེ་ཁོ་ན་ཀུན་བརྟགས་པ་དང་། གཞན་གྱི་དབང་གི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་དེ་ལ་འཇུག་པ་ནི་ཚེའི་རྒྱུན་ཐོག་མ་མེད་པ་ཅན་ཏེ། དེ་ནི་མེད་པས་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །རྒྱུན་དེ་སུ་དག་གི་ཡིན་པ་དེ་དག་ནི་རྒྱུས་རབ་ཏུ་ཕྱེ་

བའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་དེ། དེ་ལྟར་གང་དག་གིས་ཡིན་པ་དང་། འཇུག་པ་གང་ཡིན་པ་དེ་ནི་འཇུག་པའི་དེ་ཁོ་ན་ཞེས་བསྟན་པ་ཡིན་ནོ། །ཡང་ན་ཉོན་མོངས་པ་དང་ལས་དང་ཚེ་རྣམས་ཀྱི་འབྱུང་བ་ཐོག་མ་མེད་པ་ཅན་ནི་འཁོར་བར་འཇུག་པ་ཞེས་བྱའོ། །དེ་ཡང་ཀུན་བརྟགས་པའི་ངོ་

བོ་ཉིད་ལ་མངོན་པར་ཞེན་པས་རབ་ཏུ་ཕྱེ་བ་སྟེ། དེའི་ཕྱིར། འཇུག་སྟེ་ཁོ་ན་རྣམ་པ་གཉིས། །རྩ་བའི་དེ་ཁོ་ན་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ། གནས་པ་དང་ནི་ངན་པར་ཞུགས། །ཞེས་བྱ་བ་ལ་ལོག་པར་སྒྲུབ་པ་ནི་ངན་པར་ཞུགས་པའོ། །དེ་བཞིན་དུ་རྩ་བའི་དེ་ཁོ་ན་རྣམ་པ་གཉིས་སུའོ་ཞེས་

བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་རྒྱུ་དང་རྐྱེན་གྱིས་རབ་ཏུ་ཕྱེ་བ་དང་། ཀུན་རྟོག་པའི་ཡུལ་ཡིན་པའི་ཕྱིར་གནས་པ་དང་། ལོག་པར་སྒྲུབ་པའི་དེ་ཁོ་ན་རྣམ་པ་གཉིས་སུ་བསྡུ་བའོ། །མཚན་ཉིད་རྣམ་པར་རིག་དང་དག །ཡང་དག་སྒྲུབ་པ་གཅིག་པུའོ། །ཞེས་བྱ་བ་ནི་མཚན་ཉིད་

ཀྱི་དེ་ཁོ་ན་དང་། རྣམ་པར་རིག་པའི་དེ་ཁོ་ན་དང་། རྣམ་པར་དག་པའི་དེ་ཁོ་ན་དང་། ཡང་དག་པར་སྒྲུབ་པའི་དེ་ཁོ་ན་སྟེ། དེ་ཁོ་ན་འདི་བཞི་ནི་རྩ་བའི་དེ་ཁོ་ན་གཅིག་ཁོ་ན་སྟེ། འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ལ་མཚན་ཉིད་ཀྱི་དེ་ཁོ་ན་དང་རྣམ་པར་དག་པའི་དེ་ཁོ་ན་གཉིས་ནི་

གཞན་དུ་འགྱུར་བ་མེད་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའོ། །རྣམ་པར་རིག་པའི་དེ་ཁོ་ན་དང་། ཡང་དག་པར་སྒྲུབ་པའི་དེ་ཁོ་ན་གཉིས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའོ། །འདི་ལ་འཇུག་པ་དང་གནས་པ་དང་། ལོག་པར་སྒྲུབ་པའི་དེ་ཁོ་ན་

เล่ม ๑๒๔ · หน้า 255a

གསུམ་གྱིས་ནི་སེམས་ཅན་རྣམས་མཉམ་པར་བསྟན་ཏོ། །མཚན་ཉིད་དང་རྣམ་པར་རིག་པའི་དེ་ཁོ་ན་གཉིས་ཀྱིས་ནི་ཆོས་མཉམ་པའོ། །རྣམ་པར་དག་པའི་དེ་ཁོ་ནས་ནི་བྱང་ཆུབ་མཉམ་པའོ། །ཡང་དག་པར་སྒྲུབ་པའི་དེ་ཁོ་ནས་ནི་ཤེས་རབ་མཉམ་པར་

བསྟན་ཏོ། །སྨྲས་པ། སེམས་ཅན་མཉམ་པར་གསུམ་གྱིས་བརྗོད། །ཆོས་རྣམས་མཉམ་པ་གཉིས་ཀྱིས་ཏེ། །དེ་ལྟར་བྱང་ཆུབ་བློ་མཉམ་པར། །རེ་རེ་རབ་ཏུ་བསྟན་པ་ཡིན། །རབ་ཏུ་དབྱེ་བའི་དེ་ཁོ་ནའི་འོག་ཏུ་མཁས་པའི་དེ་ཁོ་ན་བཤད་དེ། དེ་བས་ན་དེ་བསྟན་པའི་ཕྱིར། མཁས་དེ་

ཁོ་ན་རྣམ་བཅུ་ནི། །བདག་ཏུ་ལྟ་བའི་གཉེན་པོའོ། །ཞེས་གསུངས་ཞེས་བྱ་བ་སྨོས་སོ། །ཕུང་པོ་ལ་སོགས་པ་ལ་བདག་ཏུ་ལྟ་བ་རྣམ་པ་བཅུ་པོ་དེ་ཡང་ཇི་ལྟ་བུ་ཡིན་པ་དེ་མི་ཤེས་ནས། དེའི་ཕྱིར་ཕུང་པོ་ལ་སོགས་པ་ལ་བདག་ཏུ་ལྟ་བ་རྣམ་པ་བཅུ་པོ་དེ་དག་ཇི་ལྟ་ཞེ་ན་ཞེས་དྲིས་པ་དང་།

དེའི་ཕྱིར། གཅིག་དང་རྒྱུ་དང་ཟ་བ་དང་། །བྱེད་པ་དང་ནི་དབང་སྒྱུར་དང་། །བདག་པོའི་དོན་དང་རྟག་པ་དང་། །ཉོན་མོངས་པ་དང་དག་པའི་གནས། །རྣལ་འབྱོར་ཅན་དང་མ་གྲོལ་གྲོལ། །དེ་དག་ལ་ནི་བདག་ཏུ་ལྟ། །ཞེས་བྱ་བ་གསུངས་ཏེ། ཕུང་པོ་ལ་སོགས་པ་ལ་ཞེས་བྱ་བར་སྦྱར་རོ། །བདག་

མེད་པ་ལ་འཛིན་པ་རྣམ་པ་འདི་བཅུ་ནི་ཞེས་བྱ་བ་ནི་བདག་མེད་པའི་ཕྱིར་མེད་པ་ལ་འཛིན་པ་ཞེས་བྱ་བ་སྨོས་སོ། །གལ་ཏེ་བདག་མེད་ན་གཟུང་བའི་གཞན་གྱི་དབང་དུ་གྱུར་པའི་འཛིན་པ་ཇི་ལྟར་ཡུལ་མེད་པ་ལ་འཇུག་ཅེ་ན། འདི་ནི་ཡུལ་མེད་པ་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་ལ་འཇུག་

གོ། །དེའི་ཕྱིར་དེ་དག་གི་གཉེན་པོར་ཕུང་པོ་ལ་སོགས་པ་ལ་མཁས་པ་རྣམ་པ་བཅུ་བཤད་དོ། །ཇི་ལྟར་ན་འདི་ཕུང་པོ་ལ་སོགས་པ་ལ་བདག་ཏུ་འཛིན་གྱི་བདག་ནི་ཡོད་པ་མ་ཡིན་པར་ངེས་ཤེ་ན། འདི་ལྟར་ཕུང་པོ་ལ་སོགས་པ་མ་གཏོགས་པར་བདག་ཅེས་བྱ་བ་རིགས་པས་ཡོངས་སུ་བརྟགས་

ན་དམིགས་སུ་མེད་དོ། །བདག་ཏུ་སྨྲ་བ་དག་བདག་གི་བྱ་བ་དང་རང་བཞིན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཕུང་པོ་ལ་སོགས་པ་ལ་འཇུག་སྟེ། དེའི་ཕྱིར་ཕུང་པོ་ལ་སོགས་པ་ཉིད་བདག་ཏུ་འཛིན་པའི་གཞི་ཡིན་པར་མངོན་ནོ། །བདག་ཏུ་མངོན་པར་ཞེན་པ་རྣམས་ནི་རྣམ་པ་འདི་བཅུས་བདག་ཏུ་

เล่ม ๑๒๔ · หน้า 255b

འཛིན་པ་འབྱུང་གི་གཞན་དག་གིས་ནི་མ་ཡིན་ཏེ། དེའི་ཕྱིར་ཕུང་པོ་ལ་སོགས་པ་ལ་མཁས་པ་ནི་བདག་ཏུ་འཛིན་པ་ཐམས་ཅད་ཀྱི་གཉེན་པོར་རིག་པར་བྱའོ། །འདི་ལྟ་སྟེ། གཅིག་པུར་འཛིན་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རིལ་པོའི་བདག་ཏུ་འཛིན་པ་སྟེ། དེའི་གཉེན་

པོར་ཕུང་པོ་ལ་མཁས་པའོ། །རྒྱུར་འཛིན་པ་ཞེས་བྱ་བ་ནི་མིག་ལ་སོགས་པས་བསྒོ་བའི་ཕྱིར་བདག་ལ་རྒྱུར་འཛིན་པ་སྟེ། དེའི་གཉེན་པོར་ཁམས་ལ་མཁས་པའོ། །དེ་བཞིན་དུ་གཞན་དག་ལ་ཡང་མི་མཐུན་པའི་ཕྱོགས་དང་གཉེན་པོ་བརྗོད་པར་བྱའོ། །ཡང་ན་བདག་ཉིད་ལས་

ཐམས་ཅད་འབྱུང་ངོ་སྙམ་པ་འདི་ནི་རྒྱུད་འཛིན་པ་སྟེ། ལས་དགེ་བ་དང་མི་དགེ་བ་གང་ཡིན་པ་དེའི་འབྲས་བུ་ཚེ་འདི་ལ་འདོད་པ་དང་། མི་འདོད་པའི་རྒྱུ་བདག་ཡིན་པར་སེམས་པ་ནི་རྒྱུར་འཛིན་པའོ། །ཟ་བར་འཛིན་པ་ཞེས་བྱ་བ་ནི་སེམས་ཡིན་པའི་ཕྱིར་བདག་ནི་ཟ་བའོ། །གསལ་བ་དང་མི་གསལ་

བ་ནི་སེམས་མེད་པའི་ཕྱིར་བཟའ་བའོ། །ཡང་ན་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་བར་དུ་སྐྱེ་བ་གང་ཡིན་པ་དེ་ཉིད་དེའི་འབྲས་བུ་ལ་ཟ་བར་བྱེད་དོ་སྙམ་པ་ནི་ཟ་བར་འཛིན་པའོ། །བྱེད་པར་འཛིན་པ་ཞེས་བྱ་བ་ནི་ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་རྣམས་བདག་ཉིད་ཀྱིས་

བྱེད་པར་འཛིན་པ་གང་ཡིན་པའོ། །ཡང་ན་བྱེད་པ་དང་ལྡན་པ་གང་ཞིག་བྱ་བ་དེ་དང་དེ་དག་བྱེད་པ་ནི་བདག་གོ་ཞེས་བྱེད་པར་འཛིན་པའོ། །རང་དབང་དུ་འཛིན་པ་ཞེས་བྱ་བ་ནི་རང་དགར་དབང་བྱེད་པ་གང་ཡིན་པ་དེ་ནི་བདག་གོ། །དབང་དུ་བྱ་བ་གང་ཡིན་པ་དེ་ནི་བདག་གོ་ཞེས་བྱ་བར་འཛིན་པ་

གང་ཡིན་པའོ། །ཡང་ན་རྒྱུ་དང་འབྲས་བུ་འབྱུང་བ་ལ་དབང་བྱེད་དོ་སྙམ་པ་ནི་རང་དབང་དུ་འཛིན་པའོ། །བདག་པོར་འཛིན་པ་ཞེས་བྱ་བ་ནི་བདག་པོ་དང་རྗེ་བོ་དང་དབང་ཕྱུག་གང་ཡིན་པ་དེ་ནི་བདག་གོ་སྙམ་དུ་སེམས་པའོ། །ཡང་ན་འབྲས་བུ་དང་མཐུན་པར་དེ་ལ་སྤྱོད་པའི་བདག་པོ་ནི་བདག་

གོ་སྙམ་དུ་སེམས་པ་ནི་བདག་པོར་འཛིན་པའོ། །རྟག་པར་འཛིན་པ་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་དངོས་པོ་རྣམ་པ་ལྔས་རྣམ་པར་མ་དག་ཀྱང་བདག་རྟག་པ་ཁོ་ནའོ། །གཞན་དུ་ན་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟོས་པ་དང་། དེ་བཞིན་དུ་དྲན་པ་དང་། སོ་སོར་ངོ་ཤེས་པ་ཡང་མེད་

เล่ม ๑๒๔ · หน้า 256a

པར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འཛིན་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྟེན་ཡིན་པའི་ཕྱིར་རོ། །རྣལ་འབྱོར་ཅན་དུ་འཛིན་པ་ཞེས་བྱ་བ་ལ། བདག་ལ་ཡིད་འཛིན་པ་ནི་རྣལ་འབྱོར་རོ། །ཡང་ན་དབུགས་

དང་ཡིད་འགོག་པའོ། །བདག་དང་ཡིད་སྦྱོར་བའི་ཁྱད་པར་ནི་རྣལ་འབྱོར་ཏེ། དེ་ལ་འདི་ཡོད་པ་ནི་རྣལ་འབྱོར་ཅན་ནོ། །མ་གྲོལ་བ་དང་གྲོལ་བ་འཛིན་པ་ཞེས་བྱ་བ་ནི་བདག་སྔར་བཅིངས་པ་ལས་གྲོལ་ལོ་སྙམ་དུ་རྣམ་པར་རྟོག་པ་གང་ཡིན་པའོ། །མཁས་པ་རྣམ་པ་བཅུ་པོ་འདི་

དག་རྩ་བའི་དེ་ཁོ་ནར་ཇི་ལྟར་འདུ་ཤེས་ན་ཞེས་བྱ་བ་ལ། མཁས་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ལ་མཁས་པ་ཡིན་ན། དེ་ངོ་བོ་ཉིད་གསུམ་པོ་དག་ཏུ་ཇི་ལྟར་འདུས་ཏེ། མི་སྲིད་དོ་སྙམ་ནས་དྲིས་པའོ། །འདི་ལྟར་ངོ་བོ་ཉིད་གསུམ་དུ་ཕུང་པོ་ལྔ་ལ་སོགས་པ་དེ་དག་

འདུས་སོ་ཞེས་བྱ་བ་ནི་མཁས་པའི་ཡུལ་ལ་འདིར་མཁས་པ་ཞེས་བྱ་བའི་སྒྲར་བརྗོད་ཀྱི་མཁས་པ་དེ་ཉིད་མ་ཡིན་ཏེ། དེ་ལྟ་བས་ན་མཁས་པའི་དེ་ཁོ་ན་སྐབས་ཀྱིས་དེར་བསྡུ་བའི་དངོས་པོ་ནི་མ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་དཔེར་ན་འབྲས་བུ་དང་རྒྱུའི་དེ་ཁོ་ན་ལམ་གྱི་བདེན་པ་

གསུམ་དུ་འདུས་པར་བཤད་པ་ལྟ་བུའོ། །དེ་ཉིད་ཇི་ལྟ་འདུས་པའང་མ་ཤེས་ནས། ཇི་ལྟར་འདུས་ཤེས་ན་ཞེས་དྲིས་པ་དང་། དེའི་ཕྱིར། ཀུན་དུ་རྟོག་དང་རྣམ་རྟོག་དོན། །ཆོས་ཉིད་དོན་གྱི་དེ་དག་དེར། །ཞེས་བྱ་བ་གསུངས་ཏེ། ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་དེ་དག་

འདུས་སོ་ཞེས་བྱ་བའི་སྐབས་ཡིན་ནོ། །དེ་ལ་ཁམས་ལ་སོགས་པ་བས་སྔར་བསྟན་པའི་ཕྱིར་ཕུང་པོ་རྣམས་ཐོག་མར་བསྡུས་ལ་བཤད་པར་བྱའོ། །དེ་དག་ལས་ཀྱང་གཟུགས་སུ་བསྡུ་བར་བྱ་སྟེ། དེའི་ཕྱིར་གཟུགས་ལ་རྣམ་པ་གསུམ་སྟེ། གང་ཞེ་ན་ཀུན་བརྟགས་པའི་གཟུགས་

དང་། རྣམ་པར་བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་སོ། །དེ་ལ་ཀུན་བརྟགས་པའི་གཟུགས་གང་ཞེ་ན། གང་གཟུགས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་དའང་གང་མིང་དུ་དམིགས་པ་མ་གཏོགས་པར་དེ་ལ་ཡུལ་གྱི་ངོ་བོ་དངོས་པོར་ཡོངས་སུ་རྟོག་པ་

เล่ม ๑๒๔ · หน้า 256b

སྟེ། དེ་གཏན་མེད་པའི་ཕྱིར་ཀུན་བརྟགས་ཞེས་བྱའོ། །རྣམ་པར་བརྟགས་པའི་གཟུགས་ནི་གང་གཟུགས་གཞན་གྱི་དབང་གི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་རག་ལས་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་འདི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ལ་གཟུགས་

སུ་རྣམ་པར་རྟོག་པར་བྱེད་དོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དེ་ཁོ་ན་མ་མཐོང་བ་རྣམས་ཀྱིས་ཡོངས་སུ་མ་ཤེས་ཏེ། གཟུགས་སུ་སྣང་བའི་རྣམ་པར་ཤེས་པ་ལ་གཟུགས་སུ་འདུ་ཤེས་ནས་གཟུགས་ལ་མངོན་པར་ཞེན་པར་བྱེད་དེ། དཔེར་ན་ཕུང་པོ་ལ་བདག་ཏུ་འཛིན་པ་བཞིན་ནོ། །དེ་བས་ན་

གཞན་གྱི་དབང་ལ་རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ། །ཆོས་ཉིད་ཀྱི་གཟུགས་ནི་གང་གཟུགས་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་དེ་ནི་རྣམ་པར་བརྟགས་པའི་གཟུགས་དང་ཀུན་བརྟགས་པའི་གཟུགས་དེ་དག་དང་བྲལ་བའི་བདག་ཉིད་སྟོང་པ་ཉིད་དོ། །གཟུགས་ཇི་

ལྟ་བ་ཞེས་བྱ་བ་ནི་གཟུགས་ལ་གསུམ་དུ་ཕྱེ་སྟེ་ངོ་བོ་ཉིད་གསུམ་དུ་བསྡུས་པ་དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་རྣམས་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་དང་། ཁམས་

དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་རྣམས་དང་། དུས་གསུམ་དང་། བདེན་པ་བཞི་དང་། ཐེག་པ་གསུམ་དང་། འདུས་བྱས་དང་། འདུས་མ་བྱས་ཏེ་ཚོར་བ་ལ་སོགས་པ་དང་།

ཁམས་ལ་སོགས་པ་དེ་དག་ཀྱང་ཀུན་བརྟགས་པ་དང་། རྣམ་པར་བརྟགས་པ་དང་། ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་གསུམ་དུ་ཕྱེ་སྟེ། ངོ་བོ་ཉིད་གསུམ་དུ་བསྡུ་བར་བྱའོ། །དེ་ལ་གཟུགས་སུ་སྣང་བ་རྣམས་ལ་གཟུང་བའི་དངོས་པོར་རྟོག་པ་བཞིན་དུ་ཚོར་བ་ལ་

སོགས་པར་སྣང་བ་དེ་ལ། གཟུང་བ་དང་འཛིན་པའི་དངོས་པོ་གཏན་མེད་པ་བཞིན་དུ་ཡང་ཀུན་རྟོག་པ་གང་ཡིན་པ་དེ་ཀུན་བརྟགས་པའི་ཚོར་བ་ནས་ཀུན་བརྟགས་པའི་རྣམ་པར་ཤེས་པའི་བར་དུའོ། །གང་ལ་གཟུང་བ་དང་འཛིན་པར་རྟོག་པར་བྱེད་པ་དེ་ནི་རྣམ་པར་བརྟགས་པའི་ཚོར་བ་

เล่ม ๑๒๔ · หน้า 257a

ནས་རྣམ་པར་བརྟགས་པའི་རྣམ་པར་ཤེས་པའི་བར་དུའོ། །ཆོས་ཉིད་ཀྱི་ཚོར་བ་ནི་གང་ཚོར་བའི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། ཆོས་ཉིད་ཀྱི་རྣམ་པར་ཤེས་པའི་བར་དུ་དེ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་ཅི་རིགས་

པར་རྒྱས་པར་བརྗོད་པར་བྱའོ། །གཟུགས་དང་ཚོར་བ་ནས་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བའི་བར་དུ་མིང་གིས་བརྗོད་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་ཡང་ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཇི་ལྟ་ཞེ་ན། དེ་ལ་

གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་བརྟགས་པའི་ཕྱིར་ཀུན་བརྟགས་པའོ། །གདགས་པའི་གནས་ཀྱི་དངོས་པོ་ཡིན་པས་གཞན་གྱི་དབང་སྟེ། དེ་ཉིད་རྐྱེན་གཞན་ལ་རག་ལས་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་དངོས་པོ་དང་གཏན་དང་བྲལ་བ་ཉིད་ཡོངས་སུ་གྲུབ་

པའོ། །གཞན་གྱི་དབང་ཉིད་གཟུགས་ལ་སོགས་པའི་དངོས་པོར་མིང་དུ་བརྗོད་ཀྱི་ཀུན་བརྟགས་པའི་ནི་མ་ཡིན་ནོ། །ཀུན་བརྟགས་པར་རྣམ་པར་རྟོག་པ་དོན་མེད་པ་ཉིད་དུ་མི་འགྱུར་རམ་ཞེ་ན། དོན་མེད་པ་མ་ཡིན་ཏེ། དེ་ལ་གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་པའི་ཕྱིར་རོ། །

ཇི་ལྟ་ཇི་ལྟ་བུར་དོན་ལ་མིང་འཇུག་པ་དེ་ལྟ་དེ་ལྟ་བུར་མེད་མོད་ཀྱི་བྱིས་པ་རྣམས་དེའི་ངོ་བོ་ཉིད་དུ་མངོན་པར་ཞེན་ཏོ། །དེའང་ལོག་པར་མངོན་པར་ཞེན་པ་ཡིན་གྱི་ཡང་དག་པའི་དོན་དུ་མ་ཡིན་པར་ཅི་མངོན་ཞེ་ན། མཐུན་ནམ་མི་མཐུན་ཡང་རུང་སྟེ། མིང་དང་དོན་གཉིས་ཀྱིས་བརྗོད་པར་

བྱ་བ་དང་། རྗོད་པའི་དངོས་པོ་ལྡོག་པའི་ཕྱིར་རོ། །གལ་ཏེ་ཤིང་ལ་སོགས་པའི་སྒྲ་དང་དེ་དག་གི་དོན་རྣམས་ཐ་དད་པའི་ངོ་བོ་མ་ཡིན་དུ་ཟིན་ན། དེ་ལྟ་ན་ནི་མིང་དང་དེ་དག་གི་དོན་གྱི་ངོ་བོ་ཐ་མི་དད་པའི་ཕྱིར་དོན་བཞིན་དུ་བརྗོད་པ་ལྡོག་པར་འགྱུར་རོ། །དོན་ཀྱང་མིང་གི་ངོ་བོ་དང་ཐ་མི་དད་

ན་བརྗོད་པར་བྱ་བ་ལས་ཉམས་པར་འགྱུར་ཏེ་ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །ཡང་ན་མིང་གིས་བརྗོད་པ་ཡང་གཞན་ལ་དོན་གྱི་བརྗོད་པར་བྱ་བ་ཡང་གཞན་དུ་འགྱུར་བས་ཐུག་པ་མེད་པར་འགྱུར་རོ། །དོན་གཅིག་ལ་མིང་མང་པོའམ། མིང་གཅིག་ལ་ཡང་དོན་མང་པོར་གྱུར་ན་

เล่ม ๑๒๔ · หน้า 257b

དུ་མའི་ངོ་བོར་འགྱུར་ཏེ། གཅིག་ནི་དུ་མའི་ངོ་བོར་མི་རུང་ངོ་། །དངོས་པོ་མེད་པའི་བརྗོད་པ་དག་ཀྱང་དོན་བཞིན་དུ་མེད་པར་འགྱུར་ཏེ། དེའི་དོན་དངོས་པོ་མེད་པའི་ཕྱིར་རོ། །ཡང་ན་མིང་ཡོད་པའི་ཕྱིར་དེའི་དོན་ཀྱང་ཡོད་པར་འགྱུར་རོ། །མི་མཐུན་པ་ཡང་སྒྲ་དང་མཐུན་པར་དོན་

ཤེས་པ་མེད་དེ། དེ་ལ་ཤིང་ནི་སྒྲ་ཉིད་དེ་དོན་ནི་མ་ཡིན་ནོ། །དོན་ནི་ཤིང་ཡང་མ་ཡིན་ཤིང་མ་ཡིན་པའང་མ་ཡིན་ནོ། །དེའི་ཕྱིར་ཤིང་གི་སྒྲའི་དོན་ནི་ཤིང་ཞེས་པའི་ཡུལ་དུ་མི་འགྱུར་ཏེ། དེའི་དོན་ནི་ཤིང་གི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་སྒྲ་དང་དོན་གཉིས་རྗོད་པ་དང་

བརྗོད་པར་བྱ་བའི་དངོས་པོ་ལས་ལྡོག་གོ། །མི་མཐུན་ན་ཡང་ངེས་པའི་རྒྱུ་མེད་པའི་ཕྱིར་རྗོད་པ་དང་བརྗོད་པར་བྱ་བ་ངེས་པ་མེད་པར་འགྱུར་རོ། །མིང་གིས་དོན་བསྐྱེད་དམ་གསལ་བར་བྱེད་གྲང་ན། དེ་ལ་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། སྐྱེས་ཟིན་པའི་དོན་ལ་མིང་འདོགས་པའི་

ཕྱིར་རོ། །ཡང་དང་ཡང་མིང་འདོགས་པས་སྐྱེས་ཟིན་པ་ཡང་ཡང་དང་ཡང་བསྐྱེད་དགོས་པར་ཐལ་བར་ཡང་འགྱུར་རོ། །གསལ་བར་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་དོན་རྟོགས་ནས་མིང་འདོགས་ན་རྟོགས་ཟིན་པ་ལ་ནི་གསལ་བར་བྱ་བ་མི་རིགས་སོ། །མིང་དེ་ཉིད་ཀྱིས་དོན་

དེ་ཉིད་ཡིན་པར་སུ་དེ་མི་ཤེས་པ་གཞན་དག་གིས་ནི་མི་རྟོགས་སོ། །དེ་ཉིད་དོན་དེ་ཉིད་གསལ་བར་བྱེད་པ་ཡང་ཡིན། གསལ་བར་མི་བྱེད་པ་ཡང་ཡིན་ཞེས་བྱ་བར་ནི་མི་རུང་སྟེ། གསལ་བར་བྱེད་པ་སྒྲོན་མ་ལ་སོགས་པ་དག་ནི་གསལ་བར་བྱ་བའི་དོན་ཤེས་པ་ལ་ལྟོས་ནས་གསལ་བར་

བྱེད་པ་མ་ཡིན་ནོ། །གསལ་བར་བྱ་བ་བུམ་པ་དང་སྣམ་བུ་ལ་སོགས་པ་ལ་གསལ་བར་བྱེད་པ་ངེས་པ་ཡང་མ་མཐོང་བས་དོན་ཐམས་ཅད་ལ་མིང་ཐམས་ཅད་ཀྱིས་གསལ་བར་བྱེད་པར་འགྱུར་དུ་འོང་ངོ་། །དྲི་ལ་སོགས་པས་ངེས་པ་ཡང་མ་ཡིན་ཏེ། འདི་ལྟར་སྟེའུ་དང་ཆུ་ལ་སོགས་པ་ནི་

དྲི་ལ་སོགས་པའི་སྐྱེད་པ་པོར་འདོད་ཀྱི་གསལ་བར་བྱེད་པ་ནི་མ་ཡིན་ནོ། །དེ་བས་ན་རྗོད་པ་དང་བརྗོད་པར་བྱ་བ་ལ་མངོན་པར་ཞེན་པ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་བཞིན་དུ་དོན་མེད་པ་ཉིད་དུ་མངོན་ནོ། །དེ་ལྟར་ན་ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་འདུས་པའི་ཕྱིར་མཁས་

เล่ม ๑๒๔ · หน้า 258a

པའི་དེ་ཁོ་ན་རྣམ་པ་བཅུ་ནི་རྩ་བའི་དེ་ཁོ་ན་ཉིད་དུ་བལྟའོ། །བདག་ཏུ་ལྟ་བའི་གཉེན་པོར་ཕུང་པོ་ལ་སོགས་པའི་དོན་ནི་བཤད་དེ། དོན་གང་ལ་ཕུང་པོ་ལ་སོགས་པ་ལ་མཁས་པའི་མི་མཐུན་པའི་ཕྱོགས་བདག་ཏུ་ལྟ་བ་ཕུང་པོ་ལ་སོགས་པའི་དོན་ནི་མ་བཤད་

པས་དེ་བརྗོད་པར་བྱ་སྟེ། ཐོག་མར་དུ་མ་ཉིད་དང་ནི། །བསྡུས་དང་ཡོངས་སུ་ཕྱེ་བའི་དོན། །ཞེས་བྱ་བ་སྨོས་སོ། །ཐོག་མར་ཞེས་བྱ་བ་ནི་དང་པོར་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཐོག་མ་ཁོ་ནར་ཕུང་པོ་བཤད་དེ། དེ་དག་ཀྱང་དོན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དུ་མའི་

དོན་ནི་གཟུགས་གང་ཅིའང་རུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་འམ་ནང་གི་འམ་ཕྱིའི་འམ་རགས་པ་འམ་ཕྲ་བ་འམ་ངན་པ་འམ་གྱ་ནོམ་པ་འམ་རྒྱང་རིང་པོ་འམ་ཐག་ཉེ་བ་དེ་ལྟ་བུ་དག་ནི་དུ་མའི་དོན་ཏེ། འདས་པ་ལ་སོགས་པའི་རྫས་མང་པོ་དག་ལ་ཕུང་པོ་

ཞེས་བརྗོད་པའི་ཕྱིར་རོ། །བསྡུས་པའི་དོན་ནི་ཕུང་པོ་སྟེ། བསྡུས་ནས་གཅིག་ཏུ་བྱས་པའོ། །ཡོངས་སུ་ཕྱེ་བའི་དོན་ཡང་ཕུང་པོ་ཞེས་བྱ་བ་དང་སྦྱར་ཏེ། ཀྱང་ཞེས་བྱ་བའི་སྒྲ་ནི་དུ་མའི་དོན་དང་བསྡུས་པའི་དོན་གཉིས་ཀྱང་བསྡུ་བའི་དོན་ཏོ། །འདིར་རྒྱུ་སྨོས་པ། གཟུགས་ཀྱི་

མཚན་ཉིད་ཀྱི་ཕུང་པོ་ནི་ཚོར་བ་ལ་སོགས་པའི་མཚན་ཉིད་ལས་ཐ་དད་དུ་རྣམ་པར་གཞག་པའི་ཕྱིར་རོ་ཞེས་བྱ་བའོ། །ཐ་དད་པ་ཡང་ཡོངས་སུ་ཕྱེ་བ་ནི་རྣམ་གྲངས་སུ་གཏོགས་པའོ། །འདིར་ཅིའི་ཕྱིར་ན་ཡན་ལག་འདི་གསུམ་གྱི་ཕུང་པོའི་དོན་རྣམ་པར་གཞག་ཅེ་ན། ཕུང་པོའི་

དོན་ནི་སྤུངས་པའི་དོན་ཏེ་ཞེས་བྱ་བས་ན་དེའི་ཕྱིར་དེ་ལྟར་རྣམ་པར་གཞག་སྟེ། འཇིག་རྟེན་ན་ཡང་མཐོང་བའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་ན་ཡང་དུ་མ་དང་བསྡུས་པ་དང་ཡོངས་སུ་ཕྱེ་བ་གང་ཡིན་པ་དེ་དག་ནི་སྤུངས་པ་ཞེས་བརྗོད་པར་མཐོང་ངོ་། །གཟུགས་ཀྱི་ཕུང་པོ་ཇི་ལྟ་བ་དེ་བཞིན་

དུ་ཚོར་བའི་ཕུང་པོ་ལ་སོགས་པ་ཡང་རིག་པར་བྱའོ། །དེ་ལ་ཇི་ལྟར་བྱུང་བ་གང་ཡིན་པ་དང་འབྱུང་བར་འགྱུར་བ་གང་ཡིན་པ་ལ་སོགས་པ་འདི་དག་ཐམས་ཅད་ནི་སྐྱེས་བུ་ཡིན་ནོ་ཞེས་བདག་གཅིག་པུར་འཛིན་པ་གང་ཡིན་པ་དེའི་གཉེན་པོར་ཇི་ནས་ཕུང་པོའི་དོན་ལ་མཁས་པར་བྱ་

เล่ม ๑๒๔ · หน้า 258b

བ་བཤད་དེ། ཇི་ལྟ་ཞེ་ན། འདས་པ་ལ་སོགས་པ་ཐ་དད་པའི་གཟུགས་ལ་སོགས་པར་གཅིག་ཏུ་བསྡུས་པ་རྣམས་ལ་གཟུགས་ལ་སོགས་པའི་ཕུང་པོར་གདགས་པའི་ཕྱིར་རོ། །དེ་ཡང་རྨོངས་པ་རྣམ་པ་གསུམ་གྱི་གཉེན་པོར་ཕུང་པོ་རྣམ་གསུམ་གཞག་སྟེ། རྨོངས་པ་རྣམ་པ་

གསུམ་ནི་གཅིག་ཏུ་རྨོངས་པ་དང་། བཟླུམ་པ་ལ་རྨོངས་པ་དང་། མཚན་ཉིད་འདྲེས་པ་ལ་རྨོངས་པའོ། །ཕུང་པོའི་འོག་ཏུ་ཁམས་རྣམས་བསྟན་ཏེ། དེ་བས་ན་ཕུང་པོའི་དོན་གྱི་འོག་ཏུ་ཁམས་ཀྱི་དོན་གསུངས་པ། འཛིན་དང་གཟུང་དང་དེ་འཛིན་པ། །ས་བོན་དོན་དེ་གཞན་དུ་

འདོད། །ཅེས་བྱ་བའོ། །གཞན་ཞེས་བྱ་བའི་སྒྲ་ནི་ཁམས་ཉིད་དང་སྦྱར་ཏེ་ཕུང་པོའི་འོག་ཏུ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་བཤད་པ་བྱེད་པས་ཀྱང་། གཞན་གང་ཞེ་ན། ཁམས་སོ་ཞེས་བྱ་བ་སྨོས་སོ། །ས་བོན་གྱི་དོན་ནི་ཁམས་ཀྱི་དོན་ཏེ། དཔེར་ན་གསེར་ཡོད་པའི་རྡོ་རྗེ་ལ་གསེར་

གྱི་ཁམས་ཞེས་བྱ་བ་སྟེ། གསེར་གྱི་ས་བོན་ཞེས་བྱ་བར་མངོན་པ་ལྟ་བུའོ། །དེ་ཡང་འབྲས་བུ་ཐ་དད་པས་རྣམ་པ་གསུམ་དུ་དབྱེ་སྟེ། འཛིན་པའི་ཁམས་དང་། གཟུང་བའི་ཁམས་དང་། དེ་འཛིན་པའི་ཁམས་སོ། །དེ་ལ་འཛིན་པའི་ས་བོན་གྱི་དོན་ནི་མིག་གི་ཁམས་ལ་སོགས་པ་

སྟེ། གང་དག་མིག་གི་ཁམས་ནས་ཡིད་ཀྱི་ཁམས་ལ་ཐུག་གི་བར་གྱི་ཁམས་དེ་དག་མིག་གི་ཁམས་ལ་སོགས་པའོ། །དེ་དག་ཀྱང་གཟུགས་ལ་སོགས་པ་ཡུལ་འཛིན་པའི་གནས་སུ་གྱུར་པའི་ཕྱིར་འཛིན་པ་དག་གོ། །རིགས་མཐུན་པའི་མིག་ལ་སོགས་པ་དག་གི་རྒྱུ་ཡིན་པའི་

ཕྱིར་ཁམས་རྣམས་ཞེས་བྱའོ། །གཟུང་བའི་ས་བོན་གྱི་དོན་གཟུགས་ཀྱི་ཁམས་ལ་སོགས་པ་ནས་ཆོས་ཀྱི་ཁམས་ལ་ཐུག་གི་བར་དག་གོ། །མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་གཟུང་བ་དག་གོ། །དེ་དག་ཀྱང་དེ་བཞིན་དུ་གཟུགས་ལ་སོགས་པ་མཚུངས་

པ་རྣམས་ཀྱི་རྒྱུའི་དངོས་པོ་ཡིན་པས་ཁམས་རྣམས་ཞེས་བྱའོ། །དེ་འཛིན་པའི་ས་བོན་གྱི་དོན་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ལ་ཤེས་པའི་ངོ་བོ་ཉིད་ཡིན་པས་གཟུགས་ལ་སོགས་པ་ལ་འཛིན་པ་མིག་གི་རྣམ་པར་ཤེས་པ་ནས་

เล่ม ๑๒๔ · หน้า 259a

ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐུག་གི་བར་དག་གོ། །དེ་དག་ཀྱང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མཚུངས་པ་རྣམས་ཀྱི་རྒྱུར་གྱུར་པའི་ཕྱིར་ཁམས་རྣམས་ཞེས་བྱ་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་

དག་གོ། །ཁ་ཅིག་ན་རེ་མིག་ལ་སོགས་པ་ལ་མངོན་པར་ཞེན་པའི་ལས་ཀྱི་བག་ཆགས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པའི་ས་བོན་ཏེ་གོ་རིམས་བཞིན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་ལས་ཀྱི་བག་ཆགས་བསྒོས་

པའི་ཀུན་གཞི་རྣམ་པར་ཤེས་པ་ནི་གཟུགས་ལ་སོགས་པའི་ས་བོན་ཏེ་གོ་རིམས་བཞིན་ནོ། །དེ་བཞིན་དུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་མངོན་པར་ཞེན་པའི་ལས་ཀྱི་བག་ཆགས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པའི་ས་བོན་ཏེ་གོ་རིམས་

བཞིན་ནོ། །དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་ཁམས་ཞེས་བྱ་བའི་སྒྲར་བརྗོད་ཀྱི། མིག་ལ་སོགས་པ་ལ་ནི་མི་བྱའོ་ཞེས་ཏེ། འདི་ནི་བསམ་དགོས་པའོ། །བྱེད་པ་དང་བྱ་བ་དང་། ལས་རྣམས་ལ་རྨོངས་པ་ལྡོག་པར་བྱ་བའི་ཕྱིར་ས་བོན་གྱི་དོན་རྣམ་པ་གསུམ་ལ་ཁམས་

རྣམ་པར་གཞག་གོ། །འདི་ལ་མིག་ལ་སོགས་པ་སྔ་མ་ནི་མིག་ལ་སོགས་པ་ཕྱི་མ་དག་གི་རྒྱུར་གྱུར་པ་ཡིན་གྱི། འདི་ལ་རྒྱུ་བདག་ཅེས་བྱ་བ་གཞན་གང་ཡང་མེད་དོ། །དེ་ལྟར་ན་ཁམས་ལ་མཁས་ན་བདག་ལ་རྒྱུར་འཛིན་པ་ལྡོག་པར་འགྱུར་རོ། །ཁམས་ཀྱི་དོན་གྱི་འོག་ཏུ་སྐྱེ་

མཆེད་རྣམས་ཀྱི་དོན་བརྗོད་པར་བྱ་སྟེ། དེའི་ཕྱིར། ཚོར་དང་དོན་རྣམས་ཡོངས་གཅོད་ཀྱི། །ཉེར་སྤྱོད་འབྱུང་སྒོ་གཞན་ཡིན་ནོ། །ཞེས་བྱ་བ་གསུངས་སོ། །ཁམས་རྣམས་ལས་གཞན་པ་ནི་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་མང་ཞིག་ཀྱང་ཡོད་ལ།

གཞན་ཞེས་བྱ་བའི་སྒྲ་ནི་སྤྱིར་བརྗོད་པའི་ཕྱིར། གཞན་གང་ཡིན་ཞེས་དྲིས་པ་དང་། ཁམས་རྣམས་ཀྱི་འོག་ཏུ་བཤད་པའི་ཕྱིར་དོན་གྱིས་ན་སྐྱེ་མཆེད་རྣམས་ལས་གཞན་ཞེས་བྱ་བའི་སྒྲ་འདི་གནས་པར་བསྟན་པའི་ཕྱིར། སྐྱེ་མཆེད་དོ་ཞེས་བྱ་བ་སྨོས་སོ། །དེ་ལ་ནང་གི་སྐྱེ་མཆེད་དྲུག་

เล่ม ๑๒๔ · หน้า 259b

པོ་དག་ནི་ཚོར་བའི་ཉེ་བར་སྤྱོད་པ་སྐྱེ་བའི་སྒོའི་ཕྱིར་རོ། །ཕྱིའི་དྲུག་པོ་དག་ནི་དོན་ཡོངས་སུ་གཅོད་པའི་ཉེ་བར་སྤྱོད་པ་སྐྱེ་བའི་སྒོའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏོ། །སྐྱེ་བ་ནི་འབྱུང་བ་སྟེ་ཚོར་བ་དང་དོན་ཡོངས་སུ་གཅོད་པའི་ཉེ་བར་སྤྱོད་པ་གཉིས་

ཀྱི་སྐྱེ་བ་དེ་མཆེད་པར་བྱེད་པས་སྐྱེ་མཆེད་དོ། །ཚོར་བ་དང་འདུ་ཤེས་ཀྱི་ཉེ་བར་སྤྱོད་པ་སྐྱེ་བའི་སྒོའི་བྱེ་བྲག་གིས་ཕྱི་དང་ནང་དུ་དབྱེ་སྟེ། ཚོར་བ་ནི་བདེ་བ་དང་སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། །དེ་ཉིད་ཉེ་བར་སྤྱོད་པས་ན་ཉེ་བར་སྤྱོད་པ་སྟེ། མྱོང་བ་

ཞེས་བྱ་བའི་ཐ་ཚིག་གོ། །ནང་གི་སྐྱེ་མཆེད་རྣམས་ནི་ཚོར་བའི་ཉེ་བར་སྤྱོད་པ་དེ་སྐྱེ་བའི་སྒོར་བཤད་དོ། །ཡུལ་རྣམས་ཀྱང་དེ་སྐྱེ་བའི་སྒོ་ཡིན་མོད་ཀྱི་གནས་མིག་ལ་སོགས་པ་ནི་ཕན་འདོགས་པ་དང་། གནོད་པ་བྱེད་པ་དང་། དེ་ལ་ཡང་རབ་ཏུ་ཤེས་པ་དང་། ཐུན་མོང་མ་ཡིན་པས་

གནས་སུ་གྱུར་པའི་ཕྱིར་མིག་ལ་སོགས་པ་ཡོད་ན་དེའི་སྒོ་ནས་ཚོར་བ་ལས་སྤྱོད་པར་འགྱུར་གྱི། མེད་ན་ནི་མ་ཡིན་པའི་ཕྱིར་རོ། །དོན་ཡོངས་སུ་གཅོད་པ་ནི་འདུ་ཤེས་ཏེ། དོན་ལ་མཚན་མར་འཛིན་པའི་བདག་ཉིད་ཀྱི་ཕྱིར་རོ། །དེ་ཉིད་དོན་རྟོགས་པའི་བདག་ཉིད་ཡིན་པས་ཡུལ་

རྣམས་ལ་ཉེ་བར་སྤྱོད་དོ། །དེ་སྐྱེ་བའི་དངོས་པོའི་སྒོ་ཡིན་པས་ན་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་བཤད་ཀྱི། ནང་གི་རྣམས་ནི་མ་ཡིན་ཏེ། སྐྱེ་བའི་སྒོ་ཡིན་དུ་ཟིན་ཀྱང་འདི་ལྟར་ཡུལ་གྱི་དངོས་པོ་མེད་ན་ནང་གི་མིག་ལ་སོགས་པའི་སྐྱེ་མཆེད་ཡོད་ཀྱང་དོན་ཡོངས་སུ་གཅོད་པ་ལ་ཉེ་

བར་སྤྱོད་པ་མེད་པར་འགྱུར་རོ། །ཚོར་བ་དང་དོན་ཡོངས་སུ་གཅོད་པ་མཚུངས་པར་ལྡན་པ་དང་བཅས་པ་དག་སྐྱེ་བའི་སྒོའི་དངོས་པོ་ཡིན་པའི་ཕྱིར་སྐྱེ་མཆེད་འདི་དག་རིག་པར་བྱ་སྟེ། གཙོ་བོར་ནི་གཉིས་གཟུང་ངོ་། །གཙོ་བོར་གཟུང་བ་ནི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་དང་། དོན་

ཡོངས་སུ་གཅོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཚོར་བ་དང་དོན་ཡོངས་སུ་གཅོད་པ་ལ་ཉེ་བར་སྤྱོད་པའི་སྒོ་ནས་ཟ་བ་པོར་རྣམ་པར་རྟོག་པ་འབྱུང་སྟེ། དེའི་ཕྱིར་དོན་གཉིས་ཀྱིས་སྐྱེ་མཆེད་རྣམ་པར་གཞག་པ་བྱས་སོ། །དེ་ལྟར་སྐྱེ་མཆེད་ལ་མཁས་པ་ཟ་བ་པོ་ནི་ནང་གི་སྐྱེ་

เล่ม ๑๒๔ · หน้า 260a

མཆེད་རྣམས་ཡིན་ལ། བཟའ་བར་བྱ་བ་ནི་ཕྱིའི་རྣམས་ཡིན་ཏེ། ཟ་བ་པོའི་བདག་མེད་དོ་སྙམ་ནས་བདག་ཟ་པ་པོར་འཛིན་པ་ལྡོག་པར་འགྱུར་རོ། །མིག་ལ་སོགས་པའི་སྐྱེ་མཆེད་ལ་ཕན་པ་དང་། གནོད་པའི་ཕྱིར་དེའི་གནས་ཉིད་ཟ་བ་པོར་ཐ་སྙད་བཏགས་སོ་

ཞེས་གང་བཤད་པ་དེ་མི་རིགས་ཏེ། གཟུགས་བཀག་པའི་ཕྱིར་བདག་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱང་མེད་པའི་ཕྱིར་རོ་ཞེ་ན། འདི་ནི་ཀླན་ཀར་མི་རུང་སྟེ། འདི་ལྟར་ཀུན་བརྟགས་པའི་གཟུགས་ཁོ་ན་འདིར་དགག་པར་བྱའི། རྣམ་པར་བརྟགས་པའི་

གཟུགས་ནི་མ་ཡིན་ནོ། །དེ་ལ་མིག་ལ་སོགས་པར་སྤྲོས་པས་བསྒོས་པའི་ལས་ཀྱིས་འཕངས་པས་ཀུན་གཞི་རྣམ་པར་ཤེས་པ་འགྱུར་བའི་ཁྱད་པར་རྙེད་པ་ནི་ནང་གི་སྐྱེ་མཆེད་དོ། །རྒྱུ་དེ་ལས་བྱུང་བ་འཇུག་པའི་རྣམ་པར་ཤེས་པ་ལ་གཟུགས་ལ་སོགས་པར་སྣང་བ་ནི་ཕྱིའི་སྐྱེ་མཆེད་དོ། །

ཀུན་གཞི་རྣམ་པར་ཤེས་པ་ཐུན་མོང་གི་དོན་དུ་སྣང་བ་གང་ཡིན་པ་དང་། སེམས་ཅན་དུ་སྣང་བ་གང་ཡིན་པ་དེ་ཡང་གཟུང་བ་དང་འཛིན་པར་སྣང་བ་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བའི་བདག་པོའི་རྐྱེན་ཡིན་པའི་ཕྱིར་ཕྱིའི་སྐྱེ་མཆེད་ཅེས་བྱའི། དེ་ཡུལ་དུ་གྱུར་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་ན་

གོ་མདོ་སྡེ་ལས་གཉིས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེའོ་ཞེས་འབྱུང་བ་དང་མི་འགལ་ལམ། གཟུགས་ལ་སོགས་པར་སྣང་བ་ནི་རྣམ་པར་ཤེས་པ་ལས་ཐ་དད་ན་དེ་ཉིད་སྐྱེ་བའི་རྐྱེན་དུ་དེ་ཉིད་འགྱུར་བར་ནི་མི་རིགས་ཏེ། སྐྱེས་པ་དང་མ་སྐྱེས་པའི་དུས་ན་ཡོད་པ་

དང་མེད་པའི་ཕྱིར་རོ། །བདག་ཉིད་ལ་འཇུག་པ་འགལ་བའི་ཡང་ཕྱིར་རོ། །དེ་ལྟ་བས་ན་གདོན་མི་ཟ་བར་རྣམ་པར་ཤེས་པ་སྣང་བ་ལས་ཐ་དད་པར་གྱུར་པ་གཟུགས་ལ་སོགས་པར་ཁས་བླང་བར་བྱའོ་ཞེ་ན། འདི་ཡང་ཀླན་ཀར་མི་རུང་སྟེ། འདི་ལྟར་གཟུགས་ལ་སོགས་པའི་སྣང་བའི་

རྣམ་པར་ཤེས་པ་ནི་འདྲ་བའི་རྣམ་པར་ཤེས་པ་སྐྱེ་བར་བྱ་བའི་ཕྱིར་རྐྱེན་གྱིས་རྣམ་པར་ཤེས་པ་ལ་བག་ཆགས་འཇོག་གོ། །བག་ཆགས་ཡོངས་སུ་གྱུར་ནས་ཡང་གཟུགས་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་ལྟར་རྣམ་པར་ཤེས་པ་གཟུགས་ལ་སོགས་པར་སྣང་བའི་བདག་

เล่ม ๑๒๔ · หน้า 260b

ཉིད་ཀྱི་བག་ཆགས་བསྐྱེད་པ་རྣམ་པར་ཤེས་པའི་རྐྱེན་ཡིན་པར་བཤད་པས་ན་མདོ་སྡེ་དང་འགལ་བར་འགྱུར་བ་མེད་དོ། །དེ་ལྟར་ན་རང་སྣང་བའི་རྣམ་པར་ཤེས་པའི་རྐྱེན་ཡིན་པའི་ཕྱིར་གཟུགས་ལ་སོགས་པར་སྣང་བ་ནི་དམིགས་པའི་དོན་དུ་འཐད་དོ། །ཡང་ན་ཇི་ལྟར་ཕྱིའི་དོན་དུ་སྨྲ་བ་དག་

གིས་བསྐྱེད་པར་བྱ་བ་དང་། སྐྱེད་པ་པོ་ལྟ་བུར་མེད་ཀྱང་དེ་ཡོད་པ་དང་མེད་པ་ལས་རྣམ་པར་ཤེས་པ་ཡོད་པ་དང་མེད་པར་འགྱུར་བའི་དབང་དུ་བྱས་ནས། རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ནི་དམིགས་པའི་རྐྱེན་དུ་འཇོག་པ་དེ་བཞིན་དུ་འདིར་ཡང་གཟུགས་ལ་སོགས་པ་སྣང་བའི་རྣམ་པར་

ཤེས་པ་བསྐྱེད་པར་བྱ་བ་དང་སྐྱེད་པ་པོའི་དངོས་པོར་མེད་ཀྱང་དེ་ཡོད་པ་དང་མེད་པ་ལས་རྣམ་པར་ཤེས་པ་ཡོད་པ་དང་མེད་པར་འགྱུར་བ་འཁྲུལ་པ་མེད་པའི་ཕྱིར་རྐྱེན་དང་རྐྱེན་ཅན་དུ་རྣམ་པར་གཞག་གོ། །གཟུགས་སུ་སྣང་བ་དང་རྣམ་པར་ཤེས་པ་གཉིས་ཐ་མི་དད་པའི་ཕྱིར། དཔེ་དང་དངོས་སུ་མི་

འདྲེའོ་ཞེ་ན། མ་ཡིན་ཏེ། ཐ་དད་པར་གདགས་པའི་ཕྱིར་རོ། །དཔེར་ན་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་རྣམ་པར་ཤེས་པ་དོན་དམ་པར་ཐ་མི་དད་མོད་ཀྱི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་གནས་ཡིན་པའི་ཕྱིར་གཟུང་བ་དང་འཛིན་པའི་རྣམ་པར་ཐ་སྙད་ཀྱི་ཐ་

དད་པ་ལྟ་བུར་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོར་རྣམ་པར་གཞག་པ་དེ་བཞིན་དུ་གཞན་ལ་ཡང་འགལ་བ་མེད་དོ། །གཞན་ཡང་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོ་ནི་ཐམས་ཅད་དུ་ཡང་གདགས་པ་ཉིད་དུ་ཟད་ཀྱི་དངོས་སུ་མེད་དེ། རྣམ་པར་ཤེས་པ་ནི་

སྐྱེས་པའམ་མ་སྐྱེས་པས་ཀྱང་ཡུལ་ལ་དམིགས་པར་མི་འགྱུར་ཏེ། སྐྱེས་མ་ཐག་ཏུ་ཞིག་པའི་ཕྱིར་དམིགས་པར་བྱེད་པའི་ཚེ་མི་སྡོད་པ་དང་མེད་པའི་ཕྱིར་རོ། །ཡུལ་ཡང་སྐྱེས་པ་དང་མ་སྐྱེས་པ་གཉིས་ཀ་ལ་ཡང་དམིགས་སུ་མི་རུང་སྟེ། སྐྱེས་པ་ནི་གནས་པ་མེད་པ་དང་། མ་སྐྱེས་

པ་ནི་མེད་པའི་ཕྱིར་ཏེ། གཞི་མེད་པ་ལ་ནི་དམིགས་པར་བྱར་མི་རུང་ངོ་། །གང་གི་ལྟར་ཡོད་པ་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོ་དེ་ཉིད་དམིགས་པར་བྱ་བ་དང་དམིགས་པར་བྱེད་པར་འཇོག་པ་དེའི་ལྟར་ན་ཡང་ད་ལྟར་གྱི་རྣམ་པར་ཤེས་པའི་དམིགས་པ་ནི་དོན་མེད་པར་འགྱུར་ཏེ། དེའི་

เล่ม ๑๒๔ · หน้า 261a

བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར་རོ། །སྐྱེ་བའི་ཚེའང་དོན་མེད་པར་འགྱུར་ཏེ། མེད་པའི་ཕྱིར་རོ། །སྐྱེ་བའི་ཚེ་དོན་མེད་པར་མི་འགྱུར་ཏེ། འདི་ལྟར་ཡུལ་གྱི་དངོས་པོ་ཡོད་ན་རྣམ་པར་ཤེས་པ་དེར་སྣང་བའི་བདག་ཉིད་འཐོབ་པའི་ཕྱིར་རོ་ཞེ་ན། གལ་ཏེ་ཡུལ་དུ་སྣང་

བའི་རྣམ་པར་ཤེས་པའི་རྒྱུ་ཕྱི་རོལ་གྱི་དོན་ཡིན་ཏེ། དེ་ལྟ་ན་འདས་པ་དང་མ་འོངས་པ་དང་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པ་མེད་པར་འགྱུར་རོ། །ཡང་ན་དེའི་དོན་མེད་པས་མེད་པ་ཉིད་དུ་འགྱུར་རོ། །རྐྱེན་མ་ཚང་བ་ནི་འབྲས་བུ་འབྱུང་བར་མི་རུང་སྟེ། ཧ་ཅང་ཐལ་བར་

འགྱུར་བའི་ཕྱིར་རོ། །མེད་པ་ནི་རྐྱེན་དུ་མི་རུང་ངོ་། །ཕྱིའི་དོན་ཡང་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་དུ་མི་འགྱུར་ཏེ། དེ་མེད་ཀྱང་འབྱུང་བའི་ཕྱིར་རོ། །དེ་བས་ན་རབ་རིབ་ཅན་ལ་སོགས་པའི་རྣམ་པར་ཤེས་པ་ཐམས་ཅད་ཕྱིའི་དོན་དམིགས་པ་ལ་མི་ལྟོས་པ་ཉིད་ཁས་བླང་བར་བྱའོ། །

སྐྱེ་མཆེད་ཀྱི་དོན་གྱི་འོག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་བརྗོད་དགོས་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏེ། རྒྱུ་དང་འབྲས་བུ་རྩོལ་བ་ལ། །སྒྲོ་འདོགས་མེད་ཅིང་སྐུར་འདེབས་མེད། །ཅེས་བྱ་བ་སྨོས་སོ། །གཡོ་བ་མེད་པ་དང་མི་རྟག་པ་དང་ནུས་པའི་རྐྱེན་ལས་བྱུང་

བའི་དོན་ཏོ། །མདོ་སྡེ་ལས་ཀྱང་འདི་སྐད་དུ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་རྒྱ་ཆེར་གསུངས་པ་ལྟ་བུའོ། །འདི་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒྲོ་

འདོགས་པ་དང་སྐུར་པ་འདེབས་པ་དགག་པར་འདོད་པ་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒྲོ་འདོགས་པ་མེད་པ་དང་། སྐུར་པ་འདེབས་པ་མེད་པའི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏོ་ཞེས་བྱ་བ་སྨོས་སོ། །རྩོལ་བ་ཞེས་བྱ་བའི་སྒྲ་ནི་བྱེད་པར་བཤད་དོ། །དེ་ལ་

རྒྱུ་ལ་སྒྲོ་འདོགས་པ་ནི་མ་རིག་པ་ལ་སོགས་པ་བོར་ནས་སྐྱེས་བུ་དང་དབང་ཕྱུག་དང་བདག་དང་གཙོ་བོ་ལ་སོགས་པ་ལ་རྒྱུ་ཉིད་དུ་རྟོག་པའི་ཕྱིར་རོ། །དེ་བསྟན་པར་བྱ་བའི་ཕྱིར། འདུ་བྱེད་ལ་སོགས་པ་ཐ་མ་རྒ་ཤི་ལ་ཐུག་པ་དག་གི་མི་མཐུན་པའི་རྒྱུ་ལ་རྟོག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །

เล่ม ๑๒๔ · หน้า 261b

འདུ་བྱེད་ལ་སོགས་པ་མི་རྟག་པ་རྣམས་ཀྱི་རྒྱུ་སྐྱེས་བུ་ལ་སོགས་པ་རྟག་པ་ནི་མི་མཐུན་པ་སྟེ། མི་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་རྒྱུའི་རང་བཞིན་འགྱུར་བ་ལ་ལྟོས་ནས་ས་བོན་ལ་སོགས་པ་ལ་མྱུ་གུ་ལ་སོགས་པ་མཐོང་སྟེ། རང་བཞིན་རྟག་པ་ལ་ནི་འགྱུར་བ་མེད་དོ། །མི་མཐུན་

པའི་རྒྱུ་ཉིད་ལ་རྒྱུར་རྟོག་པའི་ཕྱིར་རྒྱུ་ལ་སྒྲོ་འདོགས་པའོ། །རྒྱུ་ལ་སྐུར་པ་འདེབས་པ་ནི་རྒྱུ་མེད་པ་ཅན་དུ་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་བྱེད་ལ་སོགས་པ་རྒྱུ་མེད་པར་སྐྱེ་བར་ཁས་བླངས་པས་འདུ་བྱེད་ལ་སོགས་པའི་རྒྱུ་མ་རིག་པ་ལ་སོགས་པ་གསལ་བ་ཡིན་ནོ། །འབྲས་བུ་ལ་སྒྲོ་

འདོགས་པ་ནི་བདག་དང་བཅས་པའི་འདུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྐྱེན་ལས་འབྱུང་བར་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་བདག་ཡོད་ན་ནི་འདུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྐྱེན་རྣམས་ལས་འབྱུང་གི། མེད་ན་ནི་མ་ཡིན་ནོ་ཞེས་འབྲས་བུ་

འདུ་བྱེད་ལ་སོགས་པར་བདག་སྒྲོ་འདོགས་ན་འབྲས་བུ་ལ་སྒྲོ་འདོགས་པ་ཞེས་བྱའོ་ཞེའོ། །གཞན་དག་ན་རེ་བདག་གི་རྫས་དང་ལྡན་པས་སམ། དེ་ཕན་པ་དང་གནོད་པ་བྱེད་པས་བདག་དང་བཅས་པའི་འདུ་བྱེད་ལ་སོགས་པ་ནི་མ་རིག་པ་ལ་སོགས་པའི་རྐྱེན་ལས་འབྱུང་བར་རྟོག་པའི་

ཕྱིར་འབྲས་བུ་ལ་སྒྲོ་འདོགས་པ་ཞེས་བྱའོ། །འབྲས་བུ་ལ་སྐུར་པ་འདེབས་པ་ནི་འདུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྐྱེན་གྱིས་འབྱུང་བ་མེད་པར་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ལེགས་པར་སྤྱད་པ་ཡང་མེད། ཉེས་པར་སྤྱད་པ་ཡང་མེད། འཇིག་རྟེན་ཕ་རོལ་

ཡང་མེད་དོ་ཞེས་མེད་པ་རྣམས་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པ་དང་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པར་སྨྲ་བའོ། །བྱེད་པ་ལ་སྒྲོ་འདོགས་པ་ནི་འདུ་བྱེད་ལ་སོགས་སྐྱེ་བ་ལ་མ་རིག་པ་ལ་སོགས་པ་བྱེད་པར་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་འདུ་བྱེད་ལ་སོགས་

པ་སྐྱེ་བ་ལ་མ་རིག་པ་ལ་སོགས་པ་དངོས་པོའི་རང་བཞིན་དོན་གཞན་དུ་གྱུར་པ་ཞིག་བྱེད་པར་རྟོག་པ་དེ་ལྟ་བུ་ནི་བྱེད་པ་ལ་སྒྲོ་འདོགས་པའོ། །བྱེད་པ་ལ་སྐུར་པ་འདེབས་པ་ནི་ནུས་པ་མེད་པར་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ལ། མ་རིག་པ་ལ་སོགས་པ་ཡོད་པ་ཙམ་གྱིས་འདུ་བྱེད་ལ་སོགས་པ་

เล่ม ๑๒๔ · หน้า 262a

སྐྱེ་བར་ནུས་པ་ཡིན་ཡང་ནུས་པ་མེད་པར་རྟོག་པའི་ཕྱིར་བྱེད་པ་ལ་སྐུར་པ་འདེབས་པའོ། །དེ་མེད་པའི་ཕྱིར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དེ་མེད་

པའི་ཕྱིར་སྒྲོ་འདོགས་པ་མེད་པ་དང་སྐུར་པ་འདེབས་པ་མེད་པར་རིག་པར་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་འདི་ནི་མ་རིག་པ་ལས་གཞན་པ་བདག་གམ་གཞན་ཡང་རུང་སྟེ། བྱེད་པར་འཛིན་པ་གང་ཡིན་པ་དེའི་གཉེན་པོ་ཡིན་པར་རིག་པར་བྱའོ། །འདི་ལ་

མ་རིག་པ་མ་གཏོགས་པར་དགེ་བ་དང་མི་དགེ་བའི་ལས་རྣམས་བྱེད་པ་ནི་བདག་གམ་གཞན་ཡང་རུང་སྟེ་མེད་དོ། །འདུ་བྱེད་རྣམས་མ་གཏོགས་པར་རྣམ་པར་ཤེས་པའི་བྱེད་པ་གཞན་མེད་དོ། །ཐམས་ཅད་དུ་ཡང་ཅི་རིགས་པར་བརྗོད་པར་བྱ་སྟེ། མ་རིག་པ་ལ་སོགས་པ་གཡོ་བ་

མེད་པ་མི་རྟག་པ་ལ་སོགས་པ་ནུས་པ་ཡོད་པ་དག་ལས་འདུ་བྱེད་ལ་སོགས་པ་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གྱི་འོག་ཏུ་གནས་དང་གནས་མ་ཡིན་པའི་དོན་བརྗོད་དགོས་ཏེ། དེའི་ཕྱིར། མི་འདོད་འདོད་དང་རྣམ་དག་དང་། །མཉམ་དུ་འབྱུང་དང་དབང་བྱེད་དང་། །

འཐོབ་དང་ཀུན་དུ་སྤྱོད་པ་དག །གཞན་དབང་ཉིད་ཀྱི་དོན་དེ་གཞན། །ཞེས་བྱ་བ་གསུངས་སོ། །གནས་དང་གནས་མ་ཡིན་པ་ནི་གཞན་གྱི་དབང་ཉིད་རྣམ་པ་བདུན་གྱི་དོན་གྱིས་རིག་པར་བྱ་སྟེ་ཞེས་བྱ་བ་དེ་ལ་གནས་ནི་རྒྱུ་ཡིན་ནོ། །གནས་མ་ཡིན་པ་ནི་རྒྱུ་མ་ཡིན་ཏེ། ཇི་སྐད་དུ། བདེན་

པར་སྨྲ་ཞིང་ཁྲོ་བ་མེད། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །རྣམ་པ་འདི་གསུམ་གནས་ཀྱིས་ནི། །ལྷ་ཡི་ནང་དུ་སྐྱེ་བར་འགྱུར། །ཞེས་ཚིགས་སུ་བཅད་པ་ལས་འབྱུང་བ་ལྟ་བུ་སྟེ་རྒྱུ་ཡིན་པར་མངོན་ནོ། །ཡང་ན་གནས་ནི་སྲིད་པའོ། །གནས་མ་ཡིན་པ་ནི་མི་སྲིད་དོ། །དེ་ལ་མཁས་པ་ནི་

གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །གཞན་གྱི་དབང་གི་དངོས་པོ་ནི་གཞན་གྱི་དབང་ཉིད་དེ། གཞན་ལ་རག་ལས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་དེ་བདུན་ཡང་ལས་དང་ཉོན་མོངས་པ་དང་ཚེའི་གཞན་གྱི་དབང་ཉིད་གསུམ་དུ་འདུས་སོ། །དེ་ལ་མི་འདོད་པའི་གཞན་གྱི་དབང་ཉིད་ནི་

เล่ม ๑๒๔ · หน้า 262b

ཞེས་བྱ་བ་ལ། མི་འདོད་པ་ནི་ངན་འགྲོ་རྣམས་ཏེ། དེར་འགྲོ་བ་གཞན་གྱི་དབང་ཉིད་དུ་བསྟན་པའི་ཕྱིར། ཉེས་པར་སྤྱོད་པ་སྲོག་གཅོད་པ་ལ་སོགས་པ་ལུས་དང་ངག་དང་ཡིད་ཀྱི་ལས་སུ་བསྡུས་པ་སྦྱོར་བ་དང་བཅས་པ་དང་མཇུག་གིས་མི་འདོད་བཞིན་དུ་ཡང་ངན་འགྲོར་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་

སྨོས་སོ། །ངན་འགྲོ་དག་ནི་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའོ། །དེ་དག་ནི་ཤིན་ཏུ་སྡུག་བསྔལ་བའི་ཕྱིར་དེར་འགྲོ་འདོད་པ་ནི་སུ་ཡང་མེད་མོད་ཀྱི། ལས་རྣམས་སྟོབས་དང་ལྡན་ལ་ངན་འགྲོའི་རྒྱུ་ཡང་ཡིན་པས་ཉེ་བར་སྤྱོད་པ་ནི་མི་འདོད་བཞིན་དུ་ལས་ཀྱི་དབང་གིས་དེར་འགྲོ་

བར་འགྱུར་རོ། །འདོད་པའི་གཞན་གྱི་དབང་ཉིད་ནི་ལེགས་པར་སྤྱད་པས་བདེ་འགྲོར་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ལ། འདོད་པ་ནི་བདེ་འགྲོར་འགྲོ་བའོ། །བདེ་འགྲོ་ནི་ལྷ་དང་མིའོ། །ལེགས་པར་སྤྱོད་པ་ནི་སྲོག་གཅོད་པ་ལ་སོགས་པ་སྦྱོར་བ་དང་བཅས་པ་དང་། འཇུག་པ་རྣམས་ལས་ལོག་པ་

དང་། སྟོན་པ་དང་། བླ་མ་དང་ཡོན་ཏན་དང་ལྡན་པ་ལ་སོགས་པ་ལ་སྦྱིན་པ་དང་རིམ་གྲོ་དང་བཀུར་སྟི་ལ་སོགས་པ་བྱེད་པ་དང་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རྣམས་སོ། །གཞན་གྱི་དབང་ཉིད་ནི་ལེགས་པར་སྤྱད་པ་མེད་པར་གཞན་གྱིས་ནི་འདོད་དུ་ཟིན་ཀྱང་བདེ་

འགྲོར་འགྲོ་བ་མེད་པའི་ཕྱིར་ཏེ། བདེ་འགྲོར་སྐྱེ་བ་ནི་ལེགས་པར་སྤྱད་པ་ལ་རག་ལུས་པ་ཉིད་དོ། །རྣམ་པར་དག་པའི་གཞན་གྱི་དབང་ཉིད་ནི་ཆེས་རྒྱ་ཆེར་འབྱུང་བ་ལ་རྣམ་པར་དག་པ་ནི་ཉོན་མོངས་པ་སྤངས་པའོ། །སྒྲིབ་པ་ལྔ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་

དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་མོ། །རྨུགས་པ་དང་གཉིད་གཅིག་ཏུ་བསྡུས། རྒོད་པ་དང་འགྱོད་པ་གཅིག་ཏུ་བསྡུས་ཏེ་ལྔར་འགྱུར་རོ། །དགེ་བའི་ཕྱོགས་ལ་སྒྲིབ་པར་བྱེ་བྲག་མེད་པས་སྒྲིབ་པ་རྣམས་སོ། །བྱེ་བྲག་ཏུ་ནི་སྒྲིབ་པ་རྣམས་ཞེས་མངོན་པར་དགའ་བ་དང་། ལུས་དང་ངག་

གི་ལས་མི་ཆ་བ་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ལེགས་པར་བླངས་པ་ལ་ལེགས་པར་སྒྲུབ་པ་དང་། ཞི་གནས་ཀྱི་དུས་ན་མ་བྱིང་བ་དང་། རབ་ཏུ་འཛིན་པའི་དུས་ན་མི་གཡེང་བ་དང་། ཞི་གནས་དང་ལྷག་མཐོང་གི་དུས་ན་རང་གི་ངང་གིས་འཇུག་པ་ལ་རིམ་པ་བཞིན་དུ་

เล่ม ๑๒๔ · หน้า 263a

བསྒྲིབས་པས་ན་སྒྲིབ་པ་རྣམས་ཞེས་བྱའོ། །དེ་དག་མ་སྤངས་ལགས་ཞེས་བྱ་བ་ནི་མ་བཏང་བའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བར་དུ་མ་བསྒོམས་ན་ཞེས་བྱ་བ་ལ། བར་དུ་ཞེས་བྱ་བ་ནི་མཐའ་བརྗོད་པ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་

པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་ཀྱང་བསྡུའོ། །སྡུག་བསྔལ་གྱི་མཐའ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་མཐའ་ནི་གང་ན་སྡུག་བསྔལ་མེད་པ་སྟེ། དེ་ནི་མྱ་ངན་ལས་འདས་པའོ། །དེ་མི་བྱེད་པ་ནི་

མི་འཐོབ་པ་སྟེ། མྱ་ངན་ལས་འདས་པ་མི་འཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་སྡུག་བསྔལ་གྱི་མཐའ་ཞེས་བྱ་བ་ནི་སྡུག་བསྔལ་གཞན་དང་མཚམས་མི་སྦྱོར་བའོ། །དེ་ནི་སྡུག་བསྔལ་དེ་ལྟ་བུ་དང་མཚམས་སྦྱོར་བར་མི་བྱེད་པ་སྟེ། སྡུག་བསྔལ་དུ་མི་བྱེད་པའི་ཕྱིར་རོ། །

སྒྲིབ་པ་ལྔ་སྤངས་པ་ལ་རག་ལུས་པའི་ཕྱིར་རྣམ་པར་དག་པ་གཞན་གྱི་དབང་ཉིད་དོ། །མཉམ་དུ་འབྱུང་བའི་གཞན་གྱི་དབང་ཉིད་ནི་དེ་བཞིན་གཤེགས་པ་དང་འཁོར་ལོས་སྒྱུར་བ་གཉིས་གཉིས་སྔ་ཕྱི་མེད་པར་ཞེས་བྱ་བ་ནི་ལྷན་ཅིག་ཅེས་པའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་

གཉིས་དང་འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་མི་འབྱུང་ཞེས་བྱ་བ་ནི། ཁ་ཅིག་ན་རེ་དེ་བཞིན་གཤེགས་པ་གཉིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་མི་འབྱུང་བར་འདོད་ཀྱི། འཁོར་ལོས་སྒྱུར་བ་ནི་གླིང་བཞི་པར་འབྱུང་བར་མི་འདོད་དོ་ཞེའོ། །

གཞན་དག་ན་རེ་དེ་བཞིན་གཤེགས་པ་གཉིས་ཀྱང་གླིང་བཞི་པ་ཉིད་དུ་མི་འབྱུང་ངོ་ཞེས་ཟེར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུའི་དབང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གླིང་བཞི་པ་རེ་རེར་ཡང་སྤྲུལ་པའི་སྐུས་མངོན་པར་བྱང་ཆུབ་པ་དང་

ཡོངས་སུ་མྱ་ངན་ལས་འདས་པ་ཡང་སྟོན་ཏོ། །འདི་ལྟར་གླིང་བཞི་པ་གཅིག་ཏུ་དགའ་ལྡན་དང་། མི་རྣམས་ཀྱི་ནང་དུ་ཡང་ཚེ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོངས་པ་སྟེ། དེ་ནི་གླིང་བཞི་པ་གཞན་དུའང་འདྲའོ། །དེ་ལྟ་བས་ན་འོག་མིན་གྱི་གནས་

เล่ม ๑๒๔ · หน้า 263b

ཉིད་དུ་བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་སྤྲུལ་པའི་སྐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཁོངས་སུ་གཏོགས་པའི་གླིང་བཞི་པ་རེ་རེར་ཡང་དགའ་ལྡན་དུ་སྐྱེ་བ་དང་། འཆི་འཕོ་དང་། མིའི་ནང་དུ་ཚེ་ཡོངས་སུ་འཛིན་པ་ལ་སོགས་པ་ཐམས་ཅད་སྟོན་

ཏོ་སྙམ་དུ་སེམས་སོ། །འདི་ལ་སངས་རྒྱས་དང་འཁོར་ལོས་སྒྱུར་བ་འབྱུང་བ་ནི་མཉམ་པར་འགྱུར་བ་མ་ཡིན་པའི་ལས་ལ་རག་ལུས་པས་ལྷན་ཅིག་ཏུ་སྐྱེ་བར་འགྱུར་བ་གཞན་གྱི་དབང་ཉིད་དོ། །དབང་བྱེད་པའི་གཞན་གྱི་དབང་ཉིད་ནི་བུད་མེད་འཁོར་ལོས་སྒྱུར་བ་ལ་སོགས་པ་མི་བྱེད་

པའི་ཕྱིར་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་སྐྱེས་པའི་ལུས་ཀྱིས་སྨིན་པར་ནུས་ཏེ། བུད་མེད་ལ་ནི་བུད་མེད་རིན་པོ་ཆེ་ལ་སྤྱོད་པའི་མཐུ་མེད་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བརྒྱ་བྱིན་ལ་སོགས་པ་བསྡུའོ། །འཐོབ་

པའི་གཞན་གྱི་དབང་ནི་བུད་མེད་ཀྱིས་རང་བྱང་ཆུབ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ། འཐོབ་པ་ནི་སངས་རྒྱས་དང་རང་བྱང་ཆུབ་ཉིད་འཐོབ་པའོ། །དེ་ལ་གཞན་གྱི་དབང་ཉིད་ནི་སྐྱེས་པས་འཐོབ་པར་འགྱུར་གྱི་བུད་མེད་

ཀྱིས་འཐོབ་པར་མི་འགྱུར་ཏེ། དེ་ནི་གོ་རིམས་བཞིན་དུ་བསེ་རུ་ལྟ་བུར་འདྲེ་བ་མེད་པ་དང་། ས་གསུམ་གྱི་སྟོན་པར་མི་སྲིད་པའི་ཕྱིར་ཏེ། དེའང་སྐྱེ་བོ་གཡོན་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་པ་དང་། ཤེས་རབ་ཆུང་བས་སློབ་དཔོན་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་

པའི་འོས་མ་ཡིན་པའི་ཕྱིར་རོ། །ཀུན་དུ་སྤྱོད་པའི་གཞན་གྱི་དབང་ཉིད་ནི་ལྟ་བ་ཕུན་སུམ་ཚོགས་པ་གསོད་པ་ལ་སོགས་པ་ཀུན་དུ་མི་སྤྱོད་ལ། སོ་སོའི་སྐྱེ་བོ་ནི་ཀུན་དུ་སྤྱོད་པའི་ཕྱིར་ཏེ་ཞེས་བྱ་བ་ལྟ་བ་ཕུན་སུམ་ཚོགས་པ་ནི་བདེན་པ་མཐོང་བའོ། །གསོད་པ་ནི་སྲོག་གཅོད་པ་

ཡིན། སོགས་པ་ཞེས་བྱ་བའི་སྒྲས་ནི་མ་བྱིན་པར་ལེན་པ་ལ་སོགས་པ་བསྡུས་ཏེ། གསོད་པ་ལ་སོགས་པ་དེ་དག་ནི་ལུས་དང་ངག་གི་བྱ་བའི་རང་བཞིན་ནོ། །མཐོང་བའི་ལམ་ཉིད་ཀྱི་གསོད་པ་ལ་སོགས་པ་ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་ཉོན་མོངས་པ་སྤོངས་པའི་ཕྱིར་ལྟ་

เล่ม ๑๒๔ · หน้า 264a

བ་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་ཀུན་དུ་མི་སྤྱོད་དོ། །སོ་སོའི་སྐྱེ་བོ་ནི་དེ་མ་སྤངས་པའི་ཕྱིར་ཀུན་དུ་སྤྱོད་དོ། །དེ་མ་སྤངས་པ་ཡང་དེའི་གཉེན་པོར་ལམ་མ་སྐྱེས་པའི་ཕྱིར་རོ། །དེ་ལྟར་མི་འདོད་པ་ལ་སོགས་པ་གཞན་གྱི་དབང་ཉིད་ཀྱི་རྗེས་སུ་སོང་བ། གནས་

དང་གནས་མ་ཡིན་པ་ལ་མཁས་པ་ནི་སྐྱེས་བུ་དང་། དབང་ཕྱུག་ལ་སོགས་པ་རང་དབང་ཅན་དུ་འཛིན་པའི་གཉེན་པོའོ། །གལ་ཏེ་རང་དབང་ཅན་འགའ་ཞིག་ཡོད་ན་ནི་ཉེས་པར་སྤྱད་པ་ལས་ངན་འགྲོར་འགྲོ་བར་མི་འགྱུར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་བརྗོད་པར་བྱའོ། །

གནས་དང་གནས་མ་ཡིན་པའི་དོན་བསྟན་པའི་འོག་ཏུ་དབང་པོ་རྣམས་ཀྱི་དོན་བརྗོད་དགོས་པས་དེའི་ཕྱིར་དབང་པོ་ནི་རྣམ་པ་ཉི་ཤུ་རྩ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། མིག་གི་དབང་པོ་ནས་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ལ་ཐུག་གི་བར་དུའོ། །དེ་ལ་དབང་པོའི་དོན་ནི་དབང་བྱེད་པའི་

དོན་ཏོ། །གང་ཞིག་གང་ལ་དབང་བྱེད་པ་དེ་མི་ཤེས་ནས། དེའི་ཕྱིར། འཛིན་དང་གནས་དང་རྒྱུན་མི་འཆད། །སྤྱོད་དང་དག་པ་གཉིས་ཀྱི་ཕྱིར། །ཞེས་བྱ་བ་གསུངས་ཏེ། འདི་ལ་གཉིས་པ་དབང་བྱེད་པའི་ཕྱིར་ཞེས་བྱ་བ་རིགས་པ་ལས་ཚིག་ལེའུར་བྱས་པ་དང་མཐུན་པར་བྱ་བའི་

ཕྱིར་དབང་བྱེད་པ་ཞེས་བྱ་བའི་སྒྲ་ནི་མི་སྨོས་པར་བལྟའོ། །དེ་བས་ན་བཤད་པ་བྱེད་པས། དེ་དག་ལ་དེ་དབང་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འཛིན་པའི་ཕྱིར་ཞེས་བྱ་བ་ལ། ཕྱིར་ཞེས་བྱ་བའི་སྒྲ་ནི་འདིར་དགོས་པ་ཡིན་པར་བརྗོད་དེ། འཛིན་པའི་དགོས་པ་སྟེ་ཆེད་ཡིན་ལ།

དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །དེ་དག་ལ་ཞེས་བྱ་བ་ནི་དོན་འཛིན་པ་ལ་སོགས་པ་ལའོ། །དབང་བྱེད་ཅེས་བྱ་བ་ནི་ལྷག་པར་དབང་བས་ན་དབང་བྱེད་པ་སྟེ་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ལ་སོགས་པ་ཆོས་ལ་ཐུག་པ་དག་ནི་གཟུགས་ལ་

སོགས་པ་ཡུལ་རྣམས་ཏེ། དེ་དག་ལ་འཛིན་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །དེ་ལ་མིག་ལ་སོགས་པ་དབང་པོ་དྲུག་དབང་བྱེད་པ་ནི་མིག་ནི་གཟུགས་ཀྱི་བྱེ་བྲག་མ་ལུས་པའི་རྣམ་པར་ཤེས་པའི་རྟེན་ཡིན་པས་གཟུགས་ལ་སོགས་པ་ལ་ལྷག་པར་དབང་བྱེད་

เล่ม ๑๒๔ · หน้า 264b

པས་ན་དབང་པོ་ཞེས་བྱ་སྟེ། གཟུགས་སྔོན་པོ་ནི་གཟུགས་སེར་པོ་ལ་སོགས་པའི་རྣམ་པར་ཤེས་པའི་དམིགས་པར་མི་འགྱུར་རོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་ཅི་རིགས་སུ་རྒྱས་པར་བརྗོད་པར་བྱའོ། །གནས་པར་བྱ་བ་ལ་ནི་སྲོག་གི་དབང་པོ་དབང་བྱེད་དེ་ཞེས་བྱ་

བ་ལ། སྲོག་གི་དབང་པོ་ནི་སྔོན་གྱི་ལས་ཀྱི་བག་ཆགས་ཀྱིས་འཕངས་པའི་རྣམ་པར་སྨིན་པའི་རྒྱུད་ལ་བར་དུ་གཅོད་པའི་རྐྱེན་མེད་ན་སྐད་ཅིག་སྔ་མ་སྔ་མས་འདྲ་བའི་སྐད་ཅིག་ཕྱི་མ་ཕྱི་མ་རྣམས་སུ་མཚམས་སྦྱོར་བའི་མཐུ་ཡོད་པའོ། །གནས་པར་བྱ་བ་ལ་ནི་སྲོག་གི་དབང་པོ་དབང་

བྱེད་ཅེས་བྱ་བ་ལ་རྒྱུ་སྨོས་པ། འདིའི་དབང་གིས་མི་འཆི་བའི་ཕྱིར་རོ་ཞེས་བྱ་བ་སྟེ། མི་འཆི་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པ་རིགས་མཐུན་པའི་རྗེས་སུ་འཇུག་གོ། །ཁ་ཟས་ལ་སོགས་པ་ནི་སེམས་ཅན་གནས་པའི་རྒྱུ་ཡིན་དུ་ཟིན་ཀྱང་དབང་པོ་མ་ཡིན་ཏེ། དེ་དག་ཡོད་

བཞིན་དུ་ཚེ་ཟད་པ་གནས་པ་མེད་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ཁམ་གྱིས་ཟ་བའི་ཟས་རྣམས་མེད་ཀྱང་སྲོག་གི་དབང་པོ་ཉིད་ཀྱིས་གནས་པ་ཡོད་པའི་ཕྱིར་རོ། །དེ་ན་རེག་པ་ལ་སོགས་པ་ནི་གནས་པར་དབང་བྱེད་པར་མི་རུང་སྟེ། འགོག་པ་དང་

འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་གནས་དང་འདུ་ཤེས་མེད་པ་དག་ལ་རེག་པ་ལ་སོགས་པ་མེད་ཀྱང་སེམས་ཅན་རྣམས་གནས་པར་སྲིད་པའི་ཕྱིར་རོ། །རིགས་འཚོབ་པ་ལ་ཕོ་དང་མོའི་དབང་པོ་གཉིས་དབང་བྱེད་དེ་ཞེས་བྱ་བ་ལ། བུ་བྱུང་ན་རིགས་རྒྱུན་མི་འཆད་པར་འགྱུར་

བས་བུ་འབྱུང་བ་ནི་རིགས་འཚོབ་པའོ། །དེ་ཉིད་བསྟན་པའི་ཕྱིར་འབྱུང་བར་དབང་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་དབང་པོའི་ཕྱོགས་འགའ་ཉིད་དེ། དབང་བྱེད་པའི་བྱེ་བྲག་གིས་ཕོ་དང་མོའི་དབང་པོ་ཞེས་བྱ་བ་འཐོབ་པོ། །གང་ན་ཕོའི་དབང་པོ་དང་མོའི་དབང་པོ་

ཡོད་པ་དེ་ན་རིགས་རྣམ་པར་གཞག་པ་ཡོད་དེ། དེའི་དབང་གིས་རིགས་རྒྱུན་མི་འཆད་དོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ནི་ཕོའི་དབང་པོ་དང་མོའི་དབང་པོ་ཡོད་པ་ལ་རིགས་རྣམ་པར་གཞག་གི་མེད་པ་ལ་ནི་མ་ཡིན་ནོ། །དྲི་ཟ་ལ་སོགས་པ་ལ་དབང་བྱེད་པ་མེད་དེ་དྲི་ཟ་ལ་

เล่ม ๑๒๔ · หน้า 265a

སོགས་པ་ཡོད་དུ་ཟིན་ཀྱང་། ཕོ་དང་མོའི་དབང་པོ་མེད་པ་མ་ནིང་ལ་སོགས་པ་ལ་བུ་འབྱུང་བའི་མཐུ་མེད་པའི་ཕྱིར་རོ། །ཟས་ལ་སོགས་པ་ནི་དབང་བྱེད་པ་ཡིན་ཡང་སེམས་ཅན་གྱི་གྲངས་སུ་མ་གཏོགས་པས་དབང་པོ་ཞེས་མི་བྱའོ། །ཉེ་བར་སྤྱོད་པ་ལ་ནི་

ཚོར་བའི་དབང་པོ་རྣམས་ཏེ་ཞེས་བྱ་བ་ནི་དབང་བྱེད་ཅེས་བྱ་བ་དང་སྦྱར་ཏེ། ཇི་ལྟ་ཞེ་ན་དེའི་ཕྱིར། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཚོར་བའི་དབང་པོ་ནི་ལྔ་སྟེ། བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་

སྙོམས་སོ། །དེ་དག་ནི་མྱོང་བའི་བདག་ཉིད་ཡིན་པས་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་སྤྱོད་ཀྱི། མིང་དང་གཟུགས་ནི་དེ་ལ་དབང་བྱེད་པ་མ་ཡིན་ཏེ། ཚོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་རྒྱུའི་དངོས་པོ་ནི་ཚོར་བ་རྣམ་པར་སྨིན་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་

པར་དག་པ་ནི་འཇིག་རྟེན་པའི་ཉོན་མོངས་པ་རྣམས་སྤང་པའོ། །དེ་ལ་དད་པ་ལ་སོགས་པའོ་ཞེས་བྱ་བ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་དང་ལྔ་སྟེ། དབང་བྱེད་ཅེས་བྱ་བར་སྙེགས་སོ། །དེ་དག་ནི་མ་དད་པ་ལ་སོགས་པའི་

གཉེན་པོ་ཡིན་པ་དང་འཇིག་རྟེན་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཞན་ན་རེ་ཐར་པའི་ཆ་དང་མཐུན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེའོ། །འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པའོ་ཞེས་བྱ་བ་ནི་དབང་བྱེད་དོ་ཞེས་

བྱ་བར་སྙེགས་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྣམས་སྤངས་པ་ནི་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའོ། །དེ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་གསུམ་ནི་

དབང་བྱེད་པ་སྟེ། དེ་དག་མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་དུ་རིམ་པ་བཞིན་དུ་བསྡུས་པའི་ཕྱིར་རོ། །དེ་ལ་དད་པ་ལ་སོགས་པ་ལྔ་དང་། ཡིད་དང་། བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་རྣམས་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་ལ་བརྟེན་པའི་

เล่ม ๑๒๔ · หน้า 265b

བྱེ་བྲག་གིས་ཅི་རིགས་པའི་དབང་དུ་བྱས་ཏེ། དབང་པོ་དགུ་ནི་མཐོང་བའི་ལམ་ལ་ནི་ཀུན་ཤེས་པར་བྱེད་པའི་དབང་པོའོ། །བསྒོམ་པའི་ལམ་ལ་ནི་ཀུན་ཤེས་པའི་དབང་པོའོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །རྣལ་འབྱོར་པ་རྣམས་ནི་

གཞན་དུ་རྣམ་པར་འཇོག་སྟེ། ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་གཉིས་ལ་ནི་དབང་པོ་བཅུ་སྟེ། སྔར་སྨོས་པ་དགུའི་ནང་དུ་ཡིད་མི་བདེ་བ་བསྣན་ན་བཅུར་འགྱུར་རོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ལ་ནི་དགུ་ཉིད་དོ། །དེ་ལ་ངེས་པར་འབྱེད་པའི་

ཆ་དང་མཐུན་པའི་བདག་ཉིད་སྦྱོར་བའི་ལམ་དང་། མཐོང་བའི་ལམ་སྐད་ཅིག་བཅོ་ལྔ་དག་ལ་ནི་ཡིད་ཀྱི་དབང་པོ་དང་། དད་པ་ལ་སོགས་པ་ལྔ་དང་། མི་ལྕོགས་པ་མེད་པ་ལ་སོགས་པ་ལ་བརྟེན་པའི་བྱེ་བྲག་གིས་ཅི་རིགས་པར་བདེ་བ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་།

བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བའོ། །ཡིད་མི་བདེ་བའི་དབང་པོ་ནི་སྦྱོར་བའི་དུས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འོག་ཏུ་ཐར་པ་མཆོག་འདོད་པས་བསྡུས་པར་རིག་པར་བྱའོ། །དབང་པོ་འདི་བཅུ་ནི་ཅི་རིགས་པར་སྦྱར་བར་བྱ་སྟེ། སྔོན་ཀུན་མི་ཤེས་པའི་

དེ་ཁོ་ན་ཀུན་ཤེས་པར་བྱ་བའི་ཕྱིར་ཞུགས་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་སློབ་པའི་ལམ་དེ་ལ་དབང་པོ་རྣམ་པ་བཅུ་པོ་དེ་ཉིད་ཀུན་ཤེས་པའི་དབང་པོ་ཞེས་བྱ་བ་སྟེ། སྔོན་མི་

ཤེས་པ་ཤེས་པར་བྱར་མེད་པའི་ཕྱིར་རོ། །མི་སློབ་པའི་ལམ་ལ་ཡིད་མི་བདེ་བའི་དབང་པོ་མ་གཏོགས་པར་ལྷག་མ་རྣམས་ཀུན་ཤེས་པ་དང་ལྡན་པའི་དབང་པོའི་མིང་འཐོབ་པོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡིན་པས་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །དེ་

ལྟར་ན་དབང་པོ་ལ་མཁས་པ་ནི་སྐྱེས་བུ་དང་། མཐུ་བོ་ཆེ་དང་སྲེད་མེད་ཀྱི་བུ་ལ་སོགས་པ་ལ་དབང་པོར་འཛིན་པ་གང་ཡིན་པ་དེ་ལྡོག་པར་འགྱུར་རོ། །དབང་པོའི་དོན་གྱི་འོག་ཏུ་དུས་གསུམ་གྱི་དོན་བརྗོད་དགོས་པས། དེའི་ཕྱིར། འབྲས་བུ་རྒྱུ་རྣམས་སྤྱད་ཟིན་དང་། །དེ་བཞིན་མ་སྤྱད་

เล่ม ๑๒๔ · หน้า 266a

གཞན་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་རྒྱུ་ནི་སྐྱེ་བར་བྱེད་པའི་རྒྱུའོ། །འབྲས་བུ་ནི་ཚེས་བསྡུས་པའོ། །རྒྱུ་སྤྱད་ཟིན་པ་ནི་འབྲས་བུ་ཕྱུང་ཟིན་པའོ། །འབྲས་བུ་སྤྱད་ཟིན་པ་ནི་མྱོང་ནས་ཡོངས་སུ་ཟད་པ་སྟེ། རྣམ་པ་དེ་ལྟ་བུའི་རྒྱུ་དང་དེའི་འབྲས་བུ་ནི་འདས་པའོ། །དེའི་ཕྱིར།

འབྲས་བུ་དང་དེའི་རྒྱུ་སྤྱད་ཟིན་པའི་ཕྱིར་འདས་པའི་དུས་སོ། །རྣམ་པ་འདི་ཉིད་ཀྱི་འབྲས་བུ་དང་། རྒྱུ་མ་སྤྱད་པའི་ཕྱིར་མ་འོངས་པའི་དུས་སོ། །ད་ལྟར་བྱུང་བའི་དུས་ནི་ད་ལྟར་གྱི་ཚེའི་རྒྱུས་འབྲས་བུ་བྱིན་པའི་ཕྱིར་རྒྱུ་སྤྱད་པའི་དོན་དང་དེའི་འབྲས་བུ་ནི་ད་ལྟར་གྱི་ཚེ་རྗེས་སུ་འབྲང་བ་ཉིད་དེ།

འབྲས་བུ་མ་སྤྱད་པའི་ཕྱིར་ད་ལྟར་བྱུང་བའི་དུས་སུ་རིག་པར་བྱའོ། །དངོས་པོ་རྣམས་ཀྱི་སྐད་ཅིག་སོ་སོ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པས་སྐད་ཅིག་ཉིད་ཀྱི་དབང་དུ་བྱས་ཏེ་དུས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་རྒྱུ་སྤྱད་ཟིན་པ་ནི་རང་གི་འབྲས་བུ་བསྐྱེད་པའི་ཕྱིར་རོ། །འབྲས་བུ་

སྤྱད་ཟིན་པ་ནི་འབྲས་བུ་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་རོ། །དེ་ལྟར་འབྲས་བུ་དང་རྒྱུ་མ་སྤྱད་པའི་ཕྱིར་མ་འོངས་པའི་དུས་ཏེ། དགོས་པ་མ་བསྐྱེད་པ་དང་མ་སྐྱེས་པ་ལ་ཞིག་པ་མེད་པའི་ཕྱིར་འབྲས་བུ་དང་རྒྱུ་མ་སྤྱད་པར་རིག་པར་བྱའོ། །རྒྱུ་སྤྱད་ལ་འབྲས་བུ་མ་སྤྱད་པའི་ཕྱིར་

ཞེས་བྱ་བ་ནི་དགོས་པ་བསྐྱེད་པའི་ཕྱིར་རྒྱུ་སྤྱད་པ་ཞེས་བྱའོ། །དགོས་པ་མ་ཞིག་པའི་ཕྱིར་འབྲས་བུ་མ་སྤྱད་པ་ཞེས་བྱའོ། །དེ་ལྟར་དུས་ལ་མཁས་པ་ནི་དུས་མ་གཏོགས་པར་གཞན་མི་དམིགས་པའི་ཕྱིར་བདག་རྟག་པར་འཛིན་པ་ལྡོག་པར་འགྱུར་རོ། །དུས་གསུམ་གྱི་དོན་

གྱི་འོག་ཏུ་བདེན་པ་བཞིའི་དོན་བརྗོད་དགོས་པས། དེའི་ཕྱིར། ཚོར་བ་རྒྱུ་དང་བཅས་པའི་དོན། །དེ་ཡི་རྒྱུ་ནི་སྒྲུབ་པ་ཡིན། །ཞེས་རྒྱ་ཆེར་གསུངས་སོ། །ཚོར་བ་ནི་སྡུག་བསྔལ་གྱི་དོན་ཏོ་ཞེས་འཇིག་རྟེན་ན་གྲགས་སོ། །བསྟན་བཅོས་ལས་ཀྱང་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་

འདིར་སྡུག་བསྔལ་ལོ་ཞེའོ། །བདེན་པ་རྣམ་པར་གཞག་པ་ནི་ཟག་པ་དང་བཅས་པའི་བདེ་བ་དང་། སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་རྒྱུ་དང་བཅས་པ་ཐམས་ཅད་སྡུག་བསྔལ་གྱི་བདེན་པའི་དོན་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ་བྱེད་

เล่ม ๑๒๔ · หน้า 266b

པས་ཀྱང་། དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་ཚོར་བ་རྒྱུ་དང་བཅས་པའི་དོན་ཞེས་བྱ་བ་སྨོས་སོ། །ཚོར་བ་ཐམས་ཅད་སྡུག་བསྔལ་ཡིན་པར་ཅི་མངོན་ཞེ་ན། དེའི་ཕྱིར་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཚོར་བ་དེ་དག་ཀྱང་

སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྣམས་སུ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། སྡུག་བསྔལ་བའོ། །ཡང་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བའོ། །ཚོར་བའི་རྒྱུ་ནི་ཚོར་བའི་གནས་ཀྱི་ཆོས་

རྣམས་སུ་རིག་པར་བྱའོ་ཞེས་བྱ་བ་ལ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་མྱོང་བར་འགྱུར་བའི་ཆོས་རྣམས་ནི་ཚོར་བའི་གནས་རྣམས་སོ། །དེ་ལྟར་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་གྱི་བདེན་པར་བསྟན་པ་ཡིན་ནོ། །དེའི་རྒྱུ་ནི་

སྒྲུབ་པ་ཡིན། ཀུན་འབྱུང་བའི་བདེན་པ་སྟེ་ཞེས་བྱ་བ་ལ། དེའི་ཞེས་བྱ་བའི་སྒྲ་ནི་སྡུག་བསྔལ་གྱི་བདེན་པ་དང་སྦྱར་རོ། །སྒྲུབ་པ་གང་གིས་སྡུག་བསྔལ་སྐྱེད་པ་ནི་བསྒྲུབ་པ་སྟེ་ཀུན་འབྱུང་བའོ། །དེ་ཡང་ཚོར་བ་དང་ཚོར་བའི་གནས་ཀྱི་ཆོས་རྣམས་ལ་སྲེད་པའི་རྒྱུ་སྔོན་དུ་སོང་བའི་

ལུས་དང་ངག་དང་ཡིད་རབ་ཏུ་གཡོ་བའི་ངོ་བོ་ཉིད་དོ། །མདོར་ན་ཡང་སྲིད་པ་ཀུན་ནས་སློང་བའི་ལས་ནི་ཀུན་འབྱུང་བར་བསྟན་པ་ཡིན་ནོ། །དེ་གཉིས་ཞི་བའི་ཕྱིར་འགོག་པའི་བདེན་པའོ་ཞེས་བྱ་བ་ལ། དེ་གཉིས་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་གཉིས་སོ། །

ཞི་བའི་ཕྱིར་ཞེས་བྱ་བ་ནི་མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་རྒྱུ་དང་བཅས་པའི་སྡུག་བསྔལ་མི་སྐྱེ་བའི་མཚན་ཉིད་ཡིན་པའི་ཕྱིར་འགོག་པ་ལ་རྣམ་པ་གཉིས་སུ་བསྟན་པ་ཡིན་ཏེ། ཀུན་འབྱུང་བ་ཞི་བའི་ཕྱིར་ཕུང་པོའི་ལྷག་མ་དང་བཅས་པའོ། །སྡུག་བསྔལ་ཞི་བའི་ཕྱིར་ཕུང་པོའི་ལྷག་

མ་མེད་པའོ། །དེ་ཉིད་ཀྱི་དབང་དུ་བྱས་ནས་སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་ཀྱི་གཉེན་པོའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་བ་འགོག་པར་འགྱུར་བའི་ལམ་ནི་ལམ་གྱི་བདེན་པའོ། །དེ་ལྟར་བདེན་པ་ལ་མཁས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཙམ་རྟོགས་ནས་དེ་

เล่ม ๑๒๔ · หน้า 267a

དག་ལས་གཞན་པ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འཛིན་པ་ལྡོག་པར་འགྱུར་ཏེ། དེ་མེད་པའི་ཕྱིར་རོ། །བདེན་པ་རྣམས་ཀྱི་དོན་གྱི་འོག་ཏུ་ཐེག་པ་གསུམ་གྱི་དོན་བསྟན་པར་བྱ་སྟེ། དེའི་ཕྱིར། ཡོན་ཏན་སྐྱོན་དང་རྣམ་མི་རྟོག །ཤེས་པས་

གཞན་ལས་བདག་གིས་ནི། །ངེས་པར་འབྱུང་ཕྱིར་གཞན་ཞེས་བྱ། །ཞེས་བྱ་བ་གསུངས་སོ། །ཤེས་པ་ཞེས་བྱ་བའི་སྒྲ་ནི་ཡོན་ཏན་དང་སྐྱོན་ཤེས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་གཉིས་ཀ་དང་སྦྱར་བར་བྱའོ། །ཡང་ན་བར་དུ་རྣམ་པར་རྟོག །ཅེས་བྱ་བའི་སྒྲ་

ཞིག་མ་སྨོས་པར་བལྟ་བར་བྱའོ། །དེ་ལ་ཡོན་ཏན་དང་སྐྱོན་ཤེས་པ་ནི་གཞན་ལས་དང་བདག་གིས་ཞེས་ཕྱེ་སྟེ་བརྗོད་པར་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ནི་བདག་ཉིད་ཀྱིས་ཏེ། དེ་བས་ན་འགྲེལ་པ་ལས་ཅི་རིགས་སུ་སྦྱར་བར་བྱའོ་ཞེས་བྱ་བ་སྨོས་སོ། །དེ་ལ་མྱ་ངན་ལས་

འདས་པ་དང་། འཁོར་བ་ལ་ཡོན་ཏན་དང་སྐྱོན་དུ་ཤེས་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ཞེས་བྱ་བའི་སྒྲ་ནི་འདིར་ལམ་དང་འགོག་པར་གཟུང་སྟེ། དཔེར་ན་རབ་ཏུ་ཞི་བ་ཞེས་བྱ་བའི་སྒྲ་བཞིན་ནོ། །དེ་ལ་འགོག་པ་ལ་ནི་ཞི་བའི་རྣམ་པ་ལ་སོགས་པ་དང་། ལམ་ལ་ངེས་པར་འབྱིན་

པའི་རྣམ་པ་ལ་སོགས་པར་ཤེས་པ་ནི་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ཤེས་པའོ། །འཁོར་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་བདག་ཉིད་དེ། དེ་ཡང་མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་ལ་སོགས་པ་དང་། ཀུན་འབྱུང་བ་དང་རྐྱེན་གྱི་རྣམ་པ་ལ་སོགས་པར་ཤེས་པ་ནི་འཁོར་བ་ལ་

སྐྱོན་དུ་ཤེས་པའོ། །གཞན་ལས་ཐོས་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལས་མྱ་ངན་ལས་འདས་པ་དང་འཁོར་བ་གཉིས་ཀྱི་ཡོན་ཏན་དང་སྐྱོན་ཇི་སྐད་དུ་སྨོས་པ་ཐོས་པའོ། །ངེས་པར་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་འཁོར་བ་ལས་བྱུང་བའི་ཕྱིར་རོ། །ཉན་ཐོས་

ཀྱི་ཐེག་པ་ཞེས་བྱ་བ་ནི་གཞན་གྱི་སྒྲ་ལ་བརྟེན་ནས་ངེས་པར་འབྱུང་བའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ཞེས་བྱ་བས་ནི་རང་སངས་རྒྱས་ཀྱི་ཐེག་པ་ལས་བྱེ་བྲག་ཏུ་སྟོན་ཏོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང་། འཁོར་བ་གཉིས་ལ་ཡོན་ཏན་དང་སྐྱོན་དུ་ཤེས་ནས་སངས་

เล่ม ๑๒๔ · หน้า 267b

རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ལས་མ་ཐོས་པར་བདག་གིས་ངེས་པར་འབྱུང་བའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པའོ། །གཞན་ལས་མ་ཐོས་པར་བདག་གིས་ཤེས་པར་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལས་བྱེ་བྲག་ཏུ་བསྟན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་འཁོར་

བ་དང་མྱ་ངན་ལས་འདས་པའི་ཆོས་གཉིས་བརྗོད་དུ་མེད་པར་རྟོགས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། གཞན་ལས་མ་ཐོས་པར་བདག་ཉིད་ཀྱིས་ངེས་པར་འབྱུང་བའི་ཕྱིར་ཐེག་པ་ཆེན་པོའོ། །འདིར་ནི་རང་སངས་རྒྱས་ཀྱི་ཐེག་པ་ལས་ཡེ་ཤེས་ཀྱིས་བྱེ་བྲག་ཏུ་བྱས་སོ། །

གཞན་དག་ན་རེ་གཞན་ལས་ཐོས་ནས་གང་ཟག་ལ་བདག་མེད་པའི་ཡུལ་ཅན་ཡོན་ཏན་དང་སྐྱོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ངེས་པར་འབྱུང་བ་ནི་ཉན་ཐོས་ཀྱི་ཐེག་པའོ། །མཉན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་ངེས་པར་འབྱུང་བ་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །མི་གནས་

པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཆོས་ལ་བདག་མེད་པའི་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་ངེས་པར་འབྱུང་བ་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །རྣམ་པར་བཤད་པ་འདི་ནི་འགྲེལ་པ་དང་འགལ་ལོ། །དེ་ལྟར་ཐེག་པ་གསུམ་ལ་མཁས་པ་ནི་རྣལ་འབྱོར་

ཙམ་དུ་ཟད་པར་མཐོང་བས་བདག་རྣལ་འབྱོར་ཅན་དུ་འཛིན་པ་ལྡོག་པར་འགྱུར་རོ། །ད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་དོན་བསྟན་པའི་ཕྱིར། བཏགས་བཅས་རྒྱུར་བཅས་རྒྱུ་མཚན་དང་། །རབ་ཏུ་ཞི་བ་དོན་བཅས་ནི། །ཐ་མ་ཉིད་དུ་བཤད་པ་ཡིན། །ཞེས་བྱ་བ་གསུངས་སོ། །ཐ་

མར་བཤད་པ་དེ་གང་ཞེ་ན། དེའི་ཕྱིར། འདུས་བྱས་དང་འདུས་མ་བྱས་སོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཀྱི་ཐ་མར་བཤད་པའི་ཕྱིར་རོ། །དེ་ལ་འདུས་བྱས་ནི་བཏགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་མཚན་གྱིས་རྣམ་པར་གཞག་གོ། །འདུས་མ་བྱས་ནི་དོན་དང་བཅས་པའི་རབ་

ཏུ་ཞི་བས་རྣམ་པར་གཞག་གོ། །བཏགས་པ་དང་རྒྱུ་དང་རྒྱུ་མཚན་ཡང་མི་ཤེས་ནས་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་བཏགས་པ་ནི་མིང་གི་ཚོགས་ལ་སོགས་པའོ་ཞེས་བྱ་བ་སྨོས་སོ། །མིང་དང་ཚིག་གི་ཚོགས་ཀྱི་དངོས་པོ་དག་གི་ངོ་བོ་ཉིད་དང་། ཁྱད་པར་གཉིས་བཏགས་པས་ན་

เล่ม ๑๒๔ · หน้า 268a

མིང་དང་ཚིག་གི་ཚོགས་གཉིས་ནི་བཏགས་པའོ། །ཡི་གེའི་ཚོགས་ནི་དེ་གཉི་ག་གསལ་བར་བྱེད་པའི་ཕྱིར་བཏགས་པའོ། །རྒྱུ་ནི་ས་བོན་དུ་བསྡུས་པའི་ཀུན་གཞི་རྣམ་པར་ཤེས་པའོ་ཞེས་བྱ་བ་དེ་ཡང་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ཀྱི་

རྗེས་སུ་སོང་བ་འབྲས་བུ་མ་བྱིན་པ་ཀུན་འབྱུང་བའི་བདེན་པར་བསྡུས་པ་ཉིད་དེ། འབྲས་བུ་བྱིན་པ་ལས་རྣམ་པར་དབྱེ་བའི་ཕྱིར། ས་བོན་དུ་བསྡུས་པ་ཞེས་བྱ་བ་སྨོས་སོ། །རྒྱུ་མཚན་ནི་གནས་དང་ལུས་དང་ལོངས་སྤྱོད་དུ་བསྡུས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བར་སྦྱར་རོ། །

འཇུག་པ་ནི་རྣམ་པར་ཤེས་པར་བསྡུས་པ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པར་བསྡུས་པའོ་ཞེས་བྱ་བ་དེ་ལ་གནས་ནི་སྣོད་ཀྱི་འཇིག་རྟེན་ཏེ། དེར་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའོ། །གནས་ཀྱི་བདག་ཉིད་དུ་བསྡུས་པས་ན་གནས་སུ་བསྡུས་པའོ། །ལུས་སུ་སྣང་བའི་རང་བཞིན་ལ་ལུས་

སུ་བསྡུས་པ་ཞེས་བྱའོ། །ལུས་ནི་དབང་པོ་དང་བཅས་པའི་ཁོག་པ་ལུས་དེར་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའོ། །ལུས་སུ་བསྡུས་པ་ནི་ལུས་ཀྱི་བདག་ཉིད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ལོངས་སྤྱོད་དུ་བསྡུས་པ་ནི་གོང་དུ་བཤད་པ་དེ་ཉིད་དེ། དེ་གཉིས་ལ་ཡང་རྣམ་པར་ཤེས་

པ་གཞན་དག་དབང་བྱེད་པའི་དངོས་པོར་ལོངས་སྤྱོད་པས་ན་ལོངས་སྤྱོད་དོ། །ཡང་ན་བཟའ་བ་དང་བཏུང་བ་ལ་སོགས་པའི་དོན་ལ་ལོངས་སྤྱོད་པས་ན་ལོངས་སྤྱོད་དེ། དེར་སྣང་བའི་རྣམ་པར་ཤེས་པ་ནི་ལོངས་སྤྱོད་དུ་བསྡུས་པའོ། །བཏགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་

མཚན་དེ་ནི་མཚུངས་པར་ལྡན་པ་དང་བཅས་པ་གཞན་གྱི་དབང་གི་ངོ་བོ་བསྡུས་པའི་ཕྱིར་འདུས་བྱས་སུ་རིག་པར་བྱའོ། །མཚུངས་པར་ལྡན་པ་དང་བཅས་པ་ནི་སེམས་ལས་བྱུང་བ་སྟེ། འདུས་བྱས་དེ་ནི་དེ་ཉིད་འབའ་ཞིག་མ་ཡིན་པར་བསྟན་ཏོ། །དེ་ཡང་གང་གི་རྒྱུ་མཚན་ཞེ་ན། མིང་

གི་ཚོགས་ལ་སོགས་པའི་རྒྱུ་མཚན་ཏེ། དེ་ནི་དེ་དག་གི་ངོ་བོ་ཉིད་དང་ཁྱད་པར་རྗོད་པར་བྱེད་པའི་ཕྱིར་རོ། །དེ་དག་གི་རྗེས་སུ་འབྲང་བས་རང་བཞིན་དང་བྱེ་བྲག་ལ་མངོན་པར་ཞེན་པའི་སེམས་དང་སེམས་ལས་བྱུང་བ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་ཞེས་བྱ་བ་རྣམས་ཀྱི་རྒྱུ་མཚན་

เล่ม ๑๒๔ · หน้า 268b

ཡང་ཡིན་ནོ། །ཁ་ཅིག་ན་རེ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་ཡང་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་མཚན་ཏེ། དེ་ལ་བག་ཆགས་བརྟས་པར་བྱེད་པའི་ཕྱིར་རོ་ཞེའོ། །གཞན་དག་ནི་རང་བཞིན་བྱེ་བྲག་ཏུ་འདོགས་པས་ན་འདོགས་པའི་མཚན་མ་ནི་འདུ་ཤེས་ཏེ། མཚན་མར་

འཛིན་པའི་བདག་ཉིད་ཀྱི་ཕྱིར་རོ། །གནས་དང་ལུས་དང་ལོངས་སྤྱོད་དུ་བསྡུས་པ་ཀུན་གཞི་རྣམ་པར་ཤེས་པ་ནི་བག་ཆགས་བརྟས་པར་བྱེད་པའི་ཕྱིར་གཞིའི་རྒྱུ་མཚན་ནོ། །ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་རྣམས་ནི་དམིགས་པ་མཚན་མར་བྱེད་པའི་ཕྱིར་དམིགས་པའི་རྒྱུ་མཚན་

ཡང་ཡིན་ལ། གཉི་ག་མཚན་མར་བྱེད་པའི་ཕྱིར་དམིགས་པ་དང་། དམིགས་པར་བྱེད་པའི་རྒྱུ་མཚན་ཡང་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལ་ཡིད་ནི་གང་རྟག་ཏུ་རློམ་སེམས་པའི་རྣམ་པའོ་ཞེས་བྱ་བ་ལ། བདག་གམ་བདག་གི་ཞེས་གང་རྟག་པར་རློམ་སེམས་པ་དེ་ནི་ཡིད་ཅེས་བྱ་སྟེ།

དེ་ནི་བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ལ་ཆགས་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། ཀུན་དུ་འགྲོ་བ་ལྔ་པོ་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དག་དང་མཚུངས་པར་ལྡན་ནོ། །འཛིན་པ་ནི་རྣམ་པར་ཤེས་པའི་

ཚོགས་ལྔ་པོ་ཞེས་བྱ་བ་ནི་ཡུལ་གྱི་རང་བཞིན་གྱི་ངོ་བོ་འཛིན་པའི་མཚན་ཉིད་ཀྱི་ཕྱིར་རོ། །རང་རིག་པ་ཡིན་པས་བརྗོད་མི་ནུས་པའི་ཕྱིར་འཛིན་པ་ཞེས་བྱའོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་རྣམ་པར་རྟོག་པ་ཅན་གྱི་

ཕྱིར་རོ། །བཏགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་མཚན་འདི་ལས་ཉོན་མོངས་པ་གཉིས་ཀྱིས་མངོན་པར་འདུས་བྱས་པའི་ཕྱིར་འདུས་བྱས་སོ། །འདུས་མ་བྱས་ནི་རབ་ཏུ་ཞི་བའི་འགོག་པ་དང་རབ་ཏུ་ཞི་བའི་དོན་དེ་བཞིན་ཉིད་དེ་ཞེས་བྱ་བ་ལ། རྒྱུ་དང་བཅས་པའི་སྡུག་བསྔལ་

རབ་ཏུ་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་འགོག་པ་ནི་རབ་ཏུ་ཞི་བའི་བར་རུང་ན། དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཞི་བའི་དོན་ཅེས་བྱ་ཞེ་ན། རབ་ཏུ་ཞི་བའི་དོན་ཡིན་པའི་ཕྱིར་རོ། །འགོག་པ་དང་དེ་བཞིན་ཉིད་གཉིས་འབྲེལ་པ་ཅི་ཡང་མེད་པ་སྙམ་ན། ཇི་ལྟར་རབ་ཏུ་ཞི་བའི་དོན་ཞེས་བྱ་ཞེ་ན།

เล่ม ๑๒๔ · หน้า 269a

དེ་བཞིན་ཉིད་ནི་ལམ་གྱི་དམིགས་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ལམ་ཡང་རབ་ཏུ་ཞི་བ་ཉིད་ཅེས་བྱ་ཞེ་ན། དེས་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །རབ་ཏུ་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ནི་རབ་ཏུ་ཞི་བའོ། །འདིས་རབ་ཏུ་ཞི་བར་བྱེད་པའི་ཕྱིར་ལམ་ཡང་རབ་

ཏུ་ཞི་བའོ། །དེ་ལྟར་ན་ཚིག་རྣམ་པར་སྦྱར་བ་ཐ་དད་པའི་ཕྱིར་བརྗོད་པ་གཅིག་གིས་མྱ་ངན་ལས་འདས་པ་དང་ལམ་གཉི་ག་རབ་ཏུ་ཞི་བ་ཞེས་བྱ་བར་བཟུང་ངོ་། །ཅི་ལམ་གྱི་བདེན་པ་འདུས་བྱས་སམ་འོན་ཏེ་འདུས་མ་བྱས་ཤེ་ན། བསྐྱེད་པར་བྱ་བ་ཡིན་པས་འདུས་བྱས་སོ། །གལ་

ཏེ་ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་དང་། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་འདུས་མ་བྱས་ཞེས་བརྗོད་ན་ཉེས་པ་མེད་དོ། །དེ་ལྟར་དོན་འདིས་ཕུང་པོ་ལ་སོགས་པ་ཤེས་པ་ནི་ཕུང་པོ་ལ་སོགས་པ་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ནི། ཐོག་མ་དུ་མ་

ཉིད་དང་ནི། །བསྡུས་དང་ཡོངས་སུ་ཕྱེ་བའི་དོན། །ཞེས་བྱ་བ་སྟེ། རྒྱས་པར་ཐམས་ཅད་ལ་བརྗོད་པར་བྱའོ། །དེ་ཁོ་ནའི་དོན་བསྡུས་པ་ནི་མདོར་བསྡུ་ན་དེ་ཁོ་ན་རྣམ་པ་གཉིས་སོ། །རྒྱས་པར་ནི་རྣམ་པ་བཅུར་བཤད་དོ། །དེ་བས་ན་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། །

རྣམ་པ་གཉིས་པོ་ཇི་ལྟ་བུ་ཞེ་ན། མེ་ལོང་ལྟ་བུའི་དེ་ཁོ་ན་དང་། སྣང་བའི་དེ་ཁོ་ནའོ་ཞེས་བྱ་བ་སྨོས་སོ། །དེ་ལ་རྩ་བའི་དེ་ཁོ་ན་དེ་ནི་མེ་ལོང་ལྟ་བུའི་དེ་ཁོ་ན་སྟེ། དེ་ཡང་ངོ་བོ་ཉིད་གསུམ་མོ། །ཅིའི་ཕྱིར་དེ་ལ་མེ་ལོང་ལྟ་བུའི་དེ་ཁོ་ན་ཞེས་བྱ་ཞེ་ན། མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པ་ལྷག་

མ་རྣམས་དེར་སྣང་བའི་ཕྱིར་རོ། །སྣང་བའི་དེ་ཁོ་ན་ནི་མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པ་སྔར་བསྟན་པ་རྣམ་པ་དགུ་གང་ཡིན་པའོ། །ཅིའི་ཕྱིར་དེ་དག་སྣང་བའི་དེ་ཁོ་ན་ཞེས་བྱ་ཞེ་ན། རྩ་བའི་དེ་ཁོ་ན་ལ་སྣང་བའི་ཕྱིར་རོ། །ང་རྒྱལ་མེད་པ་སྣང་བའི་དེ་ཁོ་ན་ནི་མཚན་ཉིད་ཀྱི་དེ་ཁོ་ན་སྟེ།

གང་ཟག་དང་། ཆོས་དང་། གཟུང་བ་དང་། འཛིན་པ་དང་། དངོས་པོ་དང་། དངོས་པོ་མེད་པ་ལ་སྒྲོ་མི་འདོགས་པ་དང་། སྐུར་པ་མི་འདེབས་པའི་ཕྱིར་དེས་ང་རྒྱལ་མེད་པར་འགྱུར་རོ། །ཕྱིན་ཅི་ལོག་གི་གཉེན་པོ་སྣང་བའི་དེ་ཁོ་ན་ནི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དེ། དེ་ནི་

เล่ม ๑๒๔ · หน้า 269b

རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་གི་གཉེན་པོར་གྱུར་པའོ། །ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བ་སྣང་བའི་དེ་ཁོ་ན་ནི་འབྲས་བུ་དང་རྒྱུའི་དེ་ཁོ་ན་སྟེ། འཕགས་པའི་བདེན་པ་བཞི་རབ་ཏུ་རྟོགས་ཤིང་བསྒོམས་པས་ཉན་ཐོས་ངེས་པར་འབྱུང་ངོ་། །ཐེག་པ་ཆེན་པོས་ངེས་པར་འབྱུང་

བ་སྣང་བའི་དེ་ཁོ་ན་ནི་ཕྲ་བ་དང་རགས་པའི་དེ་ཁོ་ན་སྟེ། རགས་པ་ཀུན་རྫོབ་ཀྱི་བདེན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། ཕྲ་བ་དོན་དམ་པའི་བདེན་པས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་ཐེག་པ་ཆེན་པོས་ངེས་པར་འབྱུང་བའོ། །ཕས་ཀྱི་རྒོལ་བ་ཚར་གཅོད་པ་

སྣང་བའི་དེ་ཁོ་ན་ནི་གྲགས་པའི་དེ་ཁོ་ནའོ། །ཇི་ལྟ་ཞེ་ན། དེའི་ཕྱིར། དཔེ་ལ་བརྟེན་ཏེ་རིགས་པས་ཚར་གཅོད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཚར་གཅད་པ་ལ་དཔེ་ནི་འཇིག་རྟེན་དུ་གྲགས་པའོ། །རིགས་པ་ནི་རིགས་པས་རབ་ཏུ་གྲུབ་པ་ལ་བརྟེན་པའོ། །ཐེག་པ་ཆེན་པོ་

མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་སྟེ། དེས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ལུང་གཞན་མངོན་པར་བརྗོད་པ་སྟེ། དེ་ནི་ཐེག་པ་ཆེན་པོའོ། །ཤེས་བྱའི་རྣམ་པ་ཐམས་ཅད་

ལ་འཇུག་པ་སྣང་བའི་དེ་ཁོ་ན་ལ་བསྡུ་བའི་དེ་ཁོ་ན་དངོས་པོ་ལྔ་སྟེ། དེ་ནི་ཤེས་པར་བྱ་བ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །མ་ནོར་བ་དེ་བཞིན་ཉིད་མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན་ནི་རབ་ཏུ་དབྱེ་བའི་དེ་ཁོ་ན་སྟེ། དེས་དངོས་པོ་རྣམས་ཀྱི་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་

པ་དེ་བཞིན་ཉིད་མངོན་པར་བརྗོད་པའི་ཕྱིར་རོ། །བདག་ཏུ་འཛིན་པའི་གཞི་ལ་དགོངས་པ་ཐམས་ཅད་རྟོགས་པར་སྣང་བའི་དེ་ཁོ་ན་ཞེས་བྱ་བ་ནི་མཁས་པའི་དེ་ཁོ་ན་སྟེ། དེས་བདག་ཏུ་འཛིན་པའི་གཞི་ལ་དགོངས་པ་ཐམས་ཅད་ཀྱི་སྒོ་ནས་རྟོགས་ཏེ། བསམ་པ་བཅུ་པོ་དག་གིས་ཕུང་པོ་

ལ་སོགས་པ་ལ་བདག་ཏུ་འཛིན་པ་འཇུག་པར་སྔར་ཇི་སྐད་དུ་བསྟན་པའོ། །དེ་ཁོ་ནའི་དོན་བསྡུས་པ་སྨོས་པ་ནི་བདེ་བླག་ཏུ་འཛིན་པའི་ཕྱིར་ཏེ། དོན་གྱིས་ཚིག་འདྲེན་པའི་ཕྱིར་རོ། །རྨོངས་པ་མེད་པ་དང་ཡོངས་སུ་སྐྱོ་བ་ཡང་མེད་པར་བྱ་བའི་ཕྱིར་ཏེ། སྐབས་ཀྱི་མགོ་མཇུག་ཡོངས་

เล่ม ๑๒๔ · หน้า 270a

སུ་མཐོང་ན་ཡོངས་སུ་སྐྱོ་བ་མི་སྐྱེའོ། །ཇི་ལྟར་བསྟན་པ་བཞིན་དུ་བཤད་པ་རྟོགས་པས་རྨོངས་པ་ཡང་མི་འབྱུང་ངོ་། །དེ་ཁོ་ན་བཤད་ཟིན་ཏོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་དེ་ཁོ་ནའི་ལེའུར་བཅད་པ་སྟེ་གསུམ་པའི་འགྲེལ་བཤད་དོ།། །།

དེ་ཁོ་ན་བཤད་པའི་འོག་ཏུ་གཉེན་པོ་བསྒོམ་པ་དང་། དེའི་གནས་དང་འབྲས་བུ་ཐོབ་པ་བཤད་དགོས་ཏེ། དེ་བས་ན་དེ་བསྟན་པའི་ཕྱིར་ལེའུར་བཅད་པ་བཞི་པ་བརྩམས་སོ། །དེ་ཁོ་ནའི་འོག་ཏུ་བསྟན་པ་དང་གཉེན་པོ་བསྒོམ་པ་ལ་རག་ལུས་པའི་ཕྱིར་དེའི་གནས་དང་འབྲས་བུ་ཐོབ་པ་གཉིས་

ཀྱང་སྨོས་སོ། །བསྟན་པའི་མདོར་བྱས་པ་ལས་གཉེན་པོ་ནི་བྱང་ཆུབ་ཀྱི་ཕྱོགས་སུ་བཞེད་པར་བསྟན་པའི་ཕྱིར། གཉེན་པོ་བསྒོམ་པ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་སྟེ་ཞེས་བྱ་བ་སྨོས་སོ། །དེ་དག་བསྒོམས་ན་མི་མཐུན་པའི་ཕྱོགས་སྒྲིབ་པ་ཇི་སྐད་བསྟན་པ་རྣམས་སྤང་བར་བྱ་བ་ལ་མཐུ་ཡོད་

པར་འགྱུར་བས་གཉེན་པོ་རྣམས་ཞེས་བྱའོ། །དེ་རྣམས་ཀྱང་སུམ་ཅུ་རྩ་བདུན་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུའོ། །དེ་རྣམས་བསྒོམ་པ་ནི་སྤེལ་བ་དང་། བསྐྱེད་པ་དང་། གོམས་པར་བྱ་བ་དང་། ལན་མང་དུ་བྱ་བ་ཞེས་བྱ་བའི་

རྣམ་གྲངས་སོ། །དེ་ཡང་དེ་ཁོ་ནའི་འོག་ཏུ་བསྟན་པའི་ཕྱིར་དེ་ཡང་བརྗོད་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་ལ་ཅིའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཐོག་མར་བཤད་ཀྱི་གཞན་ནི་མ་ཡིན་ཞེ་ན། དེ་ལ་རེ་ཞིག་དང་པོར། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །ཞེས་

རྒྱ་ཆེར་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་ལའོ། །རེ་ཞིག་ཅེས་བྱ་བ་ནི་རིམ་གྱི་དོན་ཏེ། ཐོག་མར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཇི་བཤད་ལ། གཞན་ཡང་ཕྱིས་བཤད་དོ་ཞེས་བྱ་བར་འགྱུར་རོ། །མྱ་ངན་ལས་འདས་པ་དང་འཁོར་བ་གཉིས་ཀྱི་ཡོན་ཏན་དང་

ཉེས་པ་མ་རྟོགས་པའི་ཕྱིར་འདུ་བྱེད་རྣམས་ལ་བདེ་བ་དང་གཙང་བ་དང་རྟག་པ་དང་བདག་ཏུ་མངོན་པར་ཞེན་པས་བྱིས་པ་རྣམས་སྲིད་པ་དང་ལོངས་སྤྱོད་ལ་མངོན་པར་དགའ་ཞིང་མྱ་ངན་ལས་འདས་པས་སྐྲག་གོ། །ཡོན་ཏན་དང་ཉེས་པ་མ་རྟོགས་པ་དང་། བདེ་བ་ལ་སོགས་པ་ལ་མངོན་པར་ཞེན་པ་དེ་

เล่ม ๑๒๔ · หน้า 270b

ཡང་བདེན་པ་མཐོང་ནས་ལྡོག་པར་འགྱུར་ཏེ། དེའི་ཕྱིར་འཁོར་བ་ལ་སྐྱོ་བར་བྱ་བའི་དོན་དང་། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བའི་དོན་དུ་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཐོག་མར་བཤད་དོ། །ལུས་ཀྱིས་ནི་གནས་ངན་ལེན་རབ་ཏུ་

སྟོན་ཞེས་བྱ་བ་ལ། གནས་ངན་ལེན་ནི་ངན་པར་གནས་པ་སྟེ། འདི་ལྟར་ཉིན་གཅིག་བཞིན་མངོན་པར་འདུས་བྱས་ཀྱང་ལུས་འགྱུར་བ་ཉིད་པས་ལུས་ཀྱིས་ནི་གནས་ངན་ལེན་རབ་ཏུ་སྟོན་ཏོ། །དེའི་ཕྱིར་ལུས་ལ་ཡོངས་སུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། །

དེ་ཅིའི་ཕྱིར་ཞེ་ན། དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་ལྟར་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་ངོ་བོ་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་རྣམས་ཡིན་ལ། ལུས་ཀྱིས་ཀྱང་གནས་ངན་ལེན་དུ་རབ་ཏུ་

སྟོན་པས། དེའི་ཕྱིར་ལུས་ལ་ཡོངས་སུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། །གནས་ངན་ལེན་མི་ཤེས་པས་དེའི་ཕྱིར། གནས་ངན་ལེན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ་ཞེས་བྱ་བ་སྨོས་སོ། །འདུ་བྱེད་ནི་དངོས་པོ་རྣམས་ཀྱི་སྐྱེ་བའོ། །དེ་ཡང་གནོད་པ་

ཐམས་ཅད་ཀྱི་གཞི་ཡིན་པས་གནས་ངན་ལེན་ཡིན་ལ། འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་སྡུག་བསྔལ་ཉིད་དེ། ཇི་སྐད་དུ། སྐྱེ་འདི་གནོད་ཡིན་སྐྱེ་བ་ཡོད་ན་རྒ་དང་འཆི་བ་དང་། །ནད་དང་ཕོངས་དང་གསོད་དང་འཆིང་བ་ལ་སོགས་དགྲ་རྣམས་ཡོད། །གལ་ཏེ་འཇིགས་

མང་སྐྱེ་བ་མེད་གྱུར་གནོད་པ་དེ་དག་མེད། །ཤིང་སྐྱེས་མེད་ན་མེ་དང་རླུང་དང་ནགས་མེས་འགྱེལ་མི་འགྱུར། །ཞེས་བྱ་བ་ལྟ་བུའོ། །དེས་ཞེས་བྱ་བ་འདི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སོ། །འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་གཉིས་ཀྱིས་ནི་མ་ཡིན་

ཏེ། དེ་གཉིས་ཁྱབ་པ་མ་ཡིན་པ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འཕགས་པས་སྡུག་བསྔལ་དུ་གཟིགས་ཀྱི་ཟག་པ་མེད་པ་ནི་མ་ཡིན་ཏེ། ལམ་གྱི་བདེན་པ་ནི་ཆེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด