མདོ་སྡེ་རྒྱན་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๕ · หน้า 272a
པའི་ཕྱོགས་བཞིའི་རིམ་པ་ཡང་འདི་ལྟར་ཤེས་པར་བྱ་སྟེ། དང་པོ་དྲོད་དོ། །དེ་ནས་སྤྱི་བོའོ། །དེ་ནས་བཟོད་པའོ། །དེ་ནས་འཇིག་རྟེན་ཆོས་མཆོག་སྟེ། རིམ་པ་དེ་ལྟར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་མན་ཆད་མཐོང་བའི་ལམ་སྟོན་ཏོ། །དེའི་ཕྱིར། འཛིན་པ་གཉིས་ལས་རྣམ་
གྲོལ་བའི། །འཇིག་རྟེན་འདས་པ་བླ་ན་མེད། །དྲི་མ་བྲལ་བ་རྣམ་མི་རྟོག །ཡེ་ཤེས་དེ་ནས་དེ་ཐོབ་པོ། །ཞེས་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་གི་འོག་ཏུ་བྱང་ཆུབ་སེམས་དཔའ་དེས་ཡེ་ཤེས་ཐོབ་པོ་ཞེས་བྱ་བར་སྦྱར་ཏེ། ཡེ་ཤེས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན།
འཛིན་པ་གཉིས་ལས་རྣམ་པར་གྲོལ་བ། འཇིག་རྟེན་ལས་འདས་པ་བླ་ན་མེད་པ་དྲི་མ་དང་བྲལ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཟུང་པ་དང་འཛིན་པ་གཉིས་སྤངས་པས་ན་འཛིན་པ་གཉིས་ལས་རྣམ་པར་གྲོལ་བའོ། །ཡེ་ཤེས་དེ་འཇིག་རྟེན་པ་རྣམས་ལ་མེད་ཅིང་
འཇིག་རྟེན་པའི་སྤྱོད་ཡུལ་དུ་མ་གྱུར་པས་ན་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཡེ་ཤེས་དེ་ལས་ཁྱད་ཞུགས་པའི་ཡེ་ཤེས་དེ་ལས་གཞན་མེད་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ལས་འཕགས་པས་ན་བླ་ན་མེད་པ་ཞེས་བྱའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བས་
ན་དྲི་མ་དང་བྲལ་བ་ཞེས་བྱའོ། །གཟུང་བར་རྟོག་པ་དང་འཛིན་པར་རྟོག་པ་དང་བྲལ་བས་ན་རྣམ་པར་མི་རྟོག་པ་ཞེས་བྱའོ། །དེ་བས་ན་དྲི་མ་མེད་པས་དྲི་མ་དང་བྲལ་བས་གསུངས་སོ། །ཞེས་བྱ་བ་ལ། དེ་ལྟར་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་མདོ་ལས་ཀྱང་། རྡུལ་མེད་ཅིང་
རྡུལ་དང་བྲལ་བས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པའོ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པའི་རྡུལ་སྤངས་པས་ན་རྡུལ་མེད་པའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་དྲི་མ་སྤངས་པས་ན་རྡུལ་དང་བྲལ་བ་ཞེས་བྱའོ། །ཡང་ན་བཟོད་པའི་དུས་ན་རྡུལ་མེད་པ། ཞེས་བྱ་སྟེ། བཟོད་
པས་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་དུས་ན་ནི་དྲི་མ་མེད་པ་ཞེས་བྱ་སྟེ། རྣམ་པར་གྲོལ་བའི་རང་བཞིན་དུ་སྐྱེས་པའི་ཕྱིར་རོ། །དེ་ནི་དེ་ཡི་གནས་འཕོས་ལ། །ས་ཡི་དང་པོ་ཡིན་པར་འདོད། །ཅེས་བྱ་བ་ལ། ས་དང་པོ་ཐོབ་ནས་མཐོང་བའི་ལམ་སྐྱེས་པས་ན། བྱང་
เล่ม ๑๒๕ · หน้า 272b
ཆུབ་སེམས་དཔའ་དེས་གཟུང་བ་དང་། འཛིན་པ་སྤངས་ཤིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ཀུན་གཞི་གནས་འཕོས་པ་ཞེས་བྱ་སྟེ། ཀུན་གཞི་གནས་འཕོས་པ་ཉིད་ལས་ས་དང་པོ་ཞེས་བྱ་བ་ཡང་དེ་ཉིད་ལ་བྱ་བར་འདོད་དོ། །ཀུན་གཞི་གནས་
འཕོས་པ་དེ་དུས་ཇི་སྲིད་ཅིག་གིས་འཐོབ་ཅེ་ན། དེའི་ཕྱིར། དེ་ནི་བསྐལ་པ་དཔག་མེད་པས། །ཤིན་དུ་རྣམ་པར་དག་པར་འགྱུར། །ཞེས་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་ཀུན་གཞི་གནས་འཕོས་པ། ས་དང་པོའི་མཚན་ཉིད་དེ་ནི་བསྐལ་པ་གྲངས་མེད་པ་གསུམ་ལས་བསྐལ་པ་གྲངས་མེད་པ་གཅིག་
གི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་སྤྱད་པས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ས་དང་པོ་རབ་ཏུ་དགའ་བ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་ལ་མཉམ་པ་ཉིད། །དེ་ཚེ་རབ་ཏུ་རྟོགས་ནས་ཀྱང་། །ཞེས་བྱ་བ་ལ། གཞན་ཡང་ས་དང་པོ་ཐོབ་པའི་བྱང་
ཆུབ་སེམས་དཔའ་དེས། སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་དང་། འཕགས་པ་རྣམས་ཀྱི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་སུ་ཐ་དད་པ་མེད་ཅིང་རོ་གཅིག་པའི་དེ་བཞིན་ཉིད་དེའི་ཚེ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་རྟོགས་པས་མཉམ་པ་ཉིད་རྣམ་པ་ལྔ་
ཡང་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཚེ་སེམས་ཅན་ཐམས་ཅད་ལ། །བདག་དང་མཚུངས་པའི་སེམས་ཐོབ་པོ། །ཞེས་བྱ་བ་ལ། ས་དང་པོའི་ཚེ་མཉམ་པ་ཉིད་རྣམ་པ་ལྔ་ཐོབ་པས་ན། སེམས་ཅན་ཐམས་ཅད་དང་བདག་ཏུ་མཚུངས་པའི་སེམས་ཀྱང་ཐོབ་སྟེ། བདག་གང་ཡིན་
པ་སེམས་ཅན་ཡང་དེ་ཡིན་ལ་སེམས་ཅན་གང་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་རྟོགས་པའི་སེམས་ཐོབ་པོ། །མཉམ་པ་རྣམ་པ་ལྔ་གང་ཞེ་ན། དེའི་ཕྱིར། བདག་ཆེད་དང་ནི་སྡུག་བསྔལ་དོན། །བྱ་བ་དང་ནི་རེ་བ་མེད། །སེམས་ཅན་ལ་སྟེ་དེ་ལྟར་རྒྱལ་བའི་སྲས། །གཞན་དག་དང་ནི་སེམས་
མཉམ་པའོ། །ཞེས་སྨོས་ཏེ། མཉམ་པ་རྣམ་པ་ལྔ་ནི། བདག་མེད་པ་མཉམ་པ་དང་། སྡུག་བསྔལ་མཉམ་པ་དང་། དོན་བྱ་བ་མཉམ་པ་དང་། སེམས་ཅན་ལ་ལན་རེ་བ་མེད་པ་མཉམ་པ་དང་། རྒྱལ་བའི་སྲས་གཞན་དང་སེམས་མཉམ་པའོ། །བདག་མེད་པའི་ཆོས་མཚུངས་པ་རྟོགས་པས་ན་
เล่ม ๑๒๕ · หน้า 273a
བདག་དང་སེམས་ཅན་མཉམ་པའི་སེམས་རྟག་ཏུ་ཐོབ་པ་ནི་མཉམ་པ་རྣམ་པ་ལྔ་སྟེ་ཞེས་བྱ་བ་ལ། བདག་མེད་པ་ཞེས་བྱ་བ་ནི་གང་ཟག་དང་ཆོས་ཀྱི་རང་བཞིན་མེད་པ་ཆོས་ཀྱི་དབྱིངས་ལ་བྱ་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཆོས་མཚུངས་པར་རྟོགས་ཏེ། ས་དང་པོར་ཆོས་ཀྱི་དབྱིངས་
རྟོགས་ནས། མཉམ་པ་རྣམ་པ་ལྔ་ཐོབ་པ་རྟོགས་པར་འགྱུར་རོ། །མཉམ་པ་རྣམ་པ་ལྔ་ཐོབ་པ་རྟོགས་པ་དང་། དེའི་ཚེ་བདག་དང་སེམས་ཅན་དུ་སེམས་མཉམ་པ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་ཕ་རོལ་ལ་བདག་མེད་པ་དང་། བདག་དང་གཞན་གྱི་རྒྱུད་ལ་བདག་མེད་པ་ཞེས་བྱ་བ་ལ།
ཇི་ལྟར་བདག་གི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་མེད་པ་ལྟར་སེམས་ཅན་གྱི་ཉེ་བར་ལེན་པའི་ཕུང་པོ་ལ་ཡང་བདག་མེད་དེ། བདག་མེད་པར་ཁྱད་པར་མེད་པས་ན་བདག་མེད་པའི་མཚན་ཉིད་དུ་འདྲའོ་ཞེས་རྟོགས་པ་ནི་བདག་མེད་པ་མཉམ་པ་ཉིད་རྟོགས་པ་ཞེས་བྱའོ། །སྡུག་བསྔལ་ལ་ཁྱད་པར་མེད་པར་
རྟོགས་པའི་ཕྱིར། སྡུག་བསྔལ་ལ་མཉམ་པ་ཉིད་དང་། ཞེས་བྱ་བ་ལ། ཇི་ལྟར་མིག་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལྟར་སེམས་ཅན་གཞན་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་པ་སྟེ། སྡུག་བསྔལ་གྱི་རང་བཞིན་དུ་ཁྱད་པར་
མེད་དོ་ཞེས་རྟོགས་པས་ན་སྡུག་བསྔལ་མཉམ་པ་ཉིད་རྟོགས་པ་ཞེས་བྱ་སྟེ། བདག་མེད་པ་མཉམ་པ་ཉིད་རྟོགས་པ་དང་། སྡུག་བསྔལ་མཉམ་པ་ཉིད་རྟོགས་པ་གཉིས་ཀྱིས་ནི་སྡུག་བསྔལ་གྱི་བདེན་པ་རྟོགས་པ་བསྟན་ཏོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་མི་རྟག་པ་དང་། སྡུག་བསྔལ་བ་
བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་སྟེ། རྣམ་པ་བཞི་ལྟར་རྟོགས་ན་སྡུག་བསྔལ་གྱི་བདེན་པ་རྟོགས་པ་ཡིན་ན་རྣམ་པ་གཉིས་ལྟར་རྟོགས་པས་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་རྟོགས་པར་འགྱུར་ཞེ་ན། འདི་ལྟར་གང་མི་རྟག་པ་དེ་སྡུག་བསྔལ་ཡིན་པས་སྡུག་བསྔལ་བའི་ནང་དུ་
མི་རྟག་པའི་རྣམ་པ་བསྡུས་པ་ཡིན་པར་བལྟའོ། །གང་བདག་མེད་པ་དེ་སྟོང་པ་ཡིན་པས་བདག་མེད་པའི་རྣམ་པའི་ནང་དུ་སྟོང་པའི་རྣམ་པ་ཡང་བསྡུས་པར་བལྟ་སྟེ། དེ་ལྟར་ན་བདེན་པའི་རྣམ་པ་བཞི་ཆར་རྟོགས་པར་ཞར་གྱིས་བསྟན་ཏོ། །བདག་དང་ཕ་རོལ་གྱི་སྡུག་བསྔལ་མཉམ་པར་
เล่ม ๑๒๕ · หน้า 273b
འདོད་པ་མཚུངས་པའི་ཕྱིར་བྱེད་པ་མཉམ་པ་དང་ཞེས་བྱ་བ་ལ། ཇི་ལྟར་བདག་གི་སྡུག་བསྔལ་གྱི་ཕུང་པོ་དང་། སྡུག་བསྔལ་བསྐྱེད་པའི་རྒྱུ་ཀུན་འབྱུང་གི་བདེན་པ་སྤོང་བར་བྱེད་པར་འདོད་ཅིང་། བྱེད་པ་དེ་བཞིན་དུ་སེམས་ཅན་གྱི་སྡུག་བསྔལ་གྱི་ཕུང་པོ་དང་། དེ་སྐྱེད་པར་བྱེད་པའི་རྒྱུ་ཀུན་འབྱུང་གི་
བདེན་པ་ཡང་སྤོང་བར་བྱེད་ཅིང་འདོད་དེ། དེ་བས་ན་བྱེད་པ་མཉམ་པ་ཞེས་བྱ་སྟེ། འདིས་ནི་ཀུན་འབྱུང་གི་བདེན་པ་སྤོང་བར་བྱེད་པ་བསྟན་ཏོ། །བདག་ལ་ཇི་ལྟ་བ་བཞིན་དུ། གཞན་ལ་ལན་མི་རེ་བའི་ཕྱིར་ལན་རེ་བ་མེད་པ་མཉམ་པ་དང་ཞེས་བྱ་བ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་
བདག་ཉིད་ཀྱིས་ལམ་གྱི་བདེན་པ་དང་། འགོག་པའི་བདེན་པ་ལ་བཀོད་དེ། ཕན་པ་དམ་པས་ཕན་བཏགས་ཀྱང་བདག་ལ་ཕན་བཏགས་པའི་ལན་རེ་བ་མེད་པ་བཞིན་དུ་སེམས་ཅན་གཞན་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་ལ་བཀོད་དེ། ཕན་པ་དམ་པས་ཕན་བཏགས་ཀྱང་ཕན་བཏགས་སོ་
སྙམ་དུ་མི་དགོངས་ཤིང་ཕན་བཏགས་པའི་ལན་ལ་མི་རེ་བ་སྟེ། དེ་བས་ན་ལན་རེ་བ་མེད་པ་མཉམ་པ་ཞེས་བྱའོ། །འདིས་ནི་ལམ་གྱི་བདེན་པ་བསྒོམ་པ་དང་འགོག་པའི་བདེན་པ་མངོན་དུ་བྱེད་པ་བསྟན་ཏོ། །ཇི་ལྟར་དེ་དག་གིས་མངོན་པར་རྟོགས་པ་དེ་བཞིན་དུ་མངོན་པར་རྟོགས་
པས་གཞན་དང་མཉམ་པའོ་ཞེས་བྱ་བ་ལ། ཇི་ལྟར་ས་དང་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་ཀྱི་དབྱིངས་རྟོགས་ཤིང་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་རྟོགས་པ་དེ་བཞིན་དུ་ས་དང་པོར་ཞུགས་པ་བྱང་ཆུབ་སེམས་དཔའ་དེས་ཀྱང་། ཆོས་ཀྱི་དབྱིངས་རྟོགས་
ཤིང་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་རྟོགས་ཏེ། ས་དང་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཞན་དང་རྟོགས་པ་འདྲ་བས་ན་བྱང་ཆུབ་སེམས་དཔའ་གཞན་དང་མཉམ་པ་ཞེས་བྱའོ། །དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཞེས་བྱ་བ་
ལ། དེས་ཞེས་བྱ་བ་ནི་ས་དང་པོ་ཐོབ་ཅིང་མཉམ་པ་ཉིད་རྣམ་པ་ལྔ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་གྱི་འདུས་བྱས་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ཕུང་པོ་ལྔ་དང་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་དང་། གཟུགས་མེད་པའི་ཁམས་ཀྱི་ཕུང་པོ་བཞི་ལ་སོགས་པ་
เล่ม ๑๒๕ · หน้า 274a
ཁམས་གསུམ་པའི་ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཙམ་དུ་མཐོང་སྟེ། སེམས་ལས་བྱུང་བ་ཟད་པ་ཙམ་དུ་མཐོང་གི། སེམས་དང་སེམས་ལས་བྱུང་བ་ལས་མ་གཏོགས་པའི་ཆོས་གང་ཡང་ཡོད་པ་མ་ཡིན་པར་མཐོང་སྟེ། དེ་བས་ན་ས་བཅུའི་མདོ་
ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་སོ། །སེམས་ཙམ་དུ་ཡེ་ཤེས་གང་གིས་མཐོང་ཞེ་ན་དེའི་ཕྱིར། ཡེ་ཤེས་རབ་ཏུ་རྣམ་དག་པ། །མི་གཉིས་དོན་གྱིས་མཐོང་བར་འགྱུར། །ཞེས་སྨོས་ཏེ། འདུས་བྱས་སེམས་ཙམ་དུ་ཡང་རྣམ་པར་
མི་རྟོག་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་མི་གཉིས་པས་མཐོང་ངོ་། །དེ་ལ་ཡེ་ཤེས་དེ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ཡིན་པས་ན། ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཡེ་ཤེས་དེས་གཟུང་བ་དང་འཛིན་པ་མེད་པའི་དོན་མཐོང་ཞིང་གཟུང་འཛིན་གཉིས་ཡེ་ཤེས་དེ་ལ་མེད་པས་ན་
མི་གཉིས་པའི་དོན་ཞེས་བྱའོ། །དོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཁམས་གསུམ་གྱི་ཆོས་ཐམས་ཅད་ནམ་མཁའི་ངོས་བཞིན་དུ་མཐོང་ངོ་། །དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ནི་ཁམས་གསུམ་པའི་འདུས་བྱས་ཐམས་ཅད་སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་པར་མཐོང་ངོ་། །
དེ་མེད་པ་ཡི་ཡོད་པ་དེ། །མཐོང་བའི་སྤངས་པས་རྣམ་པར་དག །ཅེས་བྱ་བ་ལ། དེ་མེད་པ་ནི་གཟུང་བ་དང་འཛིན་པ་གཉིས་མེད་པའོ། །ཡོད་པ་ནི་གཟུང་འཛིན་སྤངས་པའི་སྟོང་པ་ཉིད་ཕྱི་ནས་ཡོད་པ་སྟེ། ས་དང་པོ་མཐོང་བའི་ལམ་སྐྱེས་པའི་དུས་ན་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བའི་སྟོང་
པ་ཡོངས་སུ་གྲུབ་པའི་མཚན་ཉིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། རྣམ་པར་དག་པ་ཡིན་པར་དེའི་ཚེ་ན་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེས་ནི་མཐོང་བའི་ལམ་ཐོབ་ཅེས། །གང་ཕྱིར་དེ་ཚེ་བརྗོད་པའོ། །ཞེས་བྱ་བ་ལ། གང་གི་ཚེ་གཟུང་འཛིན་དང་བྲལ་བའི་སྟོང་པ་ཉིད་མཐོང་བས་
སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པར་མཐོང་བ་དེའི་ཚེ་མཐོང་བའི་ལམ་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ས་དང་པོ་ཐོབ་པའི་ཚེ་སྟོང་པ་ཤེས་པ་བརྗོད་དེ། ཅིའི་ཕྱིར་ཞེ་ན། སྟོང་པ་རྣམ་གསུམ་ཤེས་པའི་ཕྱིར་ཏེ། དེ་བསྟན་པའི་ཕྱིར་སྨྲས་པ། དངོས་པོ་མེད་པའི་སྟོང་པ་ཤེས། །ཞེས་བྱ་བ་ལ་
เล่ม ๑๒๕ · หน้า 274b
སོགས་པ་སྨོས་སོ། །དེ་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཀུན་བརྟགས་ཀྱི་མཚན་ཉིད་འདི་དག་ནི་ཇི་ལྟར་བྱིས་པ་རྣམས་ཀྱིས་སའི་མཚན་ཉིད་སྲ་བ་ལ་སོགས་པར་བརྟགས་པ་དེ་ལྟར་མེད་ཅིང་སྟོང་པར་ཤེས་ཏེ། །དེ་བས་ན་དངོས་པོ་མེད་པའི་སྟོང་པ་ཤེས་པ་ཞེས་བྱའོ། །དེ་ལྟར་མེད་པའི་སྟོང་པ་དང་། །ཞེས་བྱ་བ་
ལ། ཤེས་ཞེས་བྱ་བར་སྦྱར་ཏེ། གཞན་གྱི་དབང་གི་མཚན་ཉིད་ནི་ཇི་ལྟར་སོ་སོའི་སྐྱེ་བོ་བྱིས་པ་རྣམས་ཀྱིས་གཟུང་བའི་མཚན་ཉིད་ཇི་ལྟར་བརྟགས་པ་དེ་ལྟར་ནི་མེད་ཀྱི། གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་དོ་ཞེས་བཤད་དེ། དེ་བས་ན་དེ་ལྟར་མེད་པའི་སྟོང་པ་ཞེས་བྱའོ། །རང་བཞིན་སྟོང་པ་ཤེས་
ནས་ནི། །ཞེས་བྱ་བ་ལ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཐོག་མ་ནས་ཀྱང་ནམ་མཁའི་ངོས་བཞིན་དུ་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་སྟོང་པ་ཡིན་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་ཐོག་མ་ནས་སྟོང་པར་ཤེས་པ་ནི་རང་བཞིན་སྟོང་པར་ཤེས་པ་ཞེས་བྱའོ། །སྟོང་པ་ཤེས་པ་བརྗོད་པའོ་ཞེས་བྱ་བ་ལ།
གོང་དུ་བཤད་པ་ལྟར་ས་དང་པོའི་ཚེ་སྟོང་པ་རྣམ་པ་གསུམ་ཤེས་པས་ན་སྟོང་པ་ཤེས་པ་ཞེས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་ལ་རང་གི་མཚན་ཉིད་མེད་པ་དེ་ལྟར་བྱིས་པ་དེ་ཁོ་ན་མ་མཐོང་བ་
ཕྱིན་ཅི་ལོག་གི་བློ་ཅན་རྣམས་ཀྱིས་སའི་མཚན་ཉིད་སྲ་བ་ལ་སོགས་པར་ཀུན་བརྟགས་པ་དང་། གཟུང་བ་དང་འཛིན་པ་ལྟ་བུར་བརྟགས་པ་དེ་དག་མཚན་ཉིད་མེད་པའི་ཕྱིར། ཀུན་བརྟགས་ཀྱི་རང་བཞིན་སྟོང་པར་ཤེས་པ་ནི་ངོ་བོ་མེད་པའི་ངོ་བོ་སྟོང་པ་ཤེས་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མེད་པའི་སྟོང་པ་
ནི་གཞན་གྱི་དབང་གིས་སྟོང་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་མེད་པའི་སྟོང་པ་ནི་གཞན་གྱི་དབང་གིས་སྟོང་པ་ལ་བྱ་སྟེ། དཔེར་ན་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་པ་རྟ་དང་གླང་པོའི་རང་བཞིན་དུ་མེད་པས་སྟོང་ཡང་། རྡོ་བ་དང་ཤིང་གི་ངོ་བོར་ཡོད་པ་བཞིན་དུ་གཞན་གྱི་དབང་གི་རང་བཞིན་ལ་ཇི་ལྟར་
བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་བརྟགས་པ་ལྟར་མེད་ཀྱི་གཞན་དབང་རང་གི་མཚན་ཉིད་དུ་ཡོད་པ་སྟེ། དེ་ལྟར་ཤེས་པ་ནི་དེ་ལྟར་སྟོང་པ་མེད་པའི་ཤེས་པ་ཞེས་བྱའོ། །སྟོང་པའི་རང་བཞིན་གྱིས་ཕྱིར་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ནི་རང་བཞིན་གྱིས་སྟོང་པའོ་
เล่ม ๑๒๕ · หน้า 275a
ཞེས་བྱ་བ་ལ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཐོག་མ་ནས་ཀྱང་གཟུང་འཛིན་གྱི་དྲི་མ་དང་བྲལ་ཞིང་རང་བཞིན་གྱིས་སྟོང་པ་ཡིན་ཏེ། དེ་ལ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ། དེ་ཡང་ཀུན་དུ་བརྟགས་པའི་རང་བཞིན་དང་བྲལ་བའི་ངོ་བོ་ཡིན་པས་གཉིས་དང་བྲལ་བའི་རང་
བཞིན་སྟོང་པ་ཉིད་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ་བསྟན་དུ་མེད་པ་བསམ་གྱིས་མི་ཁྱབ་པ། རྟོག་གེ་པའི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་ཏེ། དེ་ལྟར་ཁོང་དུ་ཆུད་པ་ནི་རང་བཞིན་གྱིས་སྟོང་པར་ཤེས་པ་ཞེས་བྱའོ། །དེ་བས་ན་ཐེག་པ་ཆེན་པོ་བསྡུས་
པའི་བསྟན་བཅོས་ལས་ཀྱང་། ཆོས་ཀྱི་སྐུ་ནི་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དེ། དེ་ཡང་རང་བཞིན་ཉིད་ཀྱི་མཚན་ཉིད་དོ། །དེ་བཞིན་ཉིད་དེ་ནི་སོ་སོ་རང་གིས་རིག་པ་དང་། འཇིག་རྟེན་ན་དཔེ་མེད་པ་དང་། རྟོག་གེའི་སྤྱོད་ཡུལ་ལས་འདས་ནས་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ་ཞེས་བཤད་དོ། །གཞན་
ཡང་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་སྡེ་ལས་དོན་དམ་པའི་བསྟན་པའི་དབང་དུ་མཛད་ནས་བཤད་པའི་ཚུལ་བཞིན་དུ་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །རྣམ་པར་རྟོག་པ་ཟད་པ་ཡི། །དངོས་པོ་མཚན་མ་མེད་པས་ཤེས། །ཞེས་བྱ་བ་ལ། གཞན་ཡང་ས་དང་
པོའི་ཚེ། འདི་ལྟར་ཁོང་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་རྟོག་པ་ནི་ཡོད་པ་དང་མེད་པ་དང་། གཟུགས་དང་། སྒྲ་ལ་སོགས་པའི་རྣམ་པར་རྟོག་པ་ནས་མྱ་ངན་ལས་འདས་པའི་བར་དུ་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཟད་པའི་རྣམ་པར་རྟོག་པ་ཀུན་དང་བྲལ་བའི་དེ་བཞིན་ཉིད་
འགོག་པའི་བདེན་པ་ལ་བྱ། དངོས་པོའི་སྒྲས་ནི་དམིགས་པར་བྱ་བའི་ཡུལ་ལ་བྱ་སྟེ། དེ་བཞིན་ཉིད་འགོག་པའི་བདེན་པ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་ཤིང་དེ་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་སྟོང་པ་ཉིད་འགོག་པའི་བདེན་པ་སྟེ་
གཟུགས་དང་སྒྲ་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བར་ཤེས་སོ། །དེ་བས་ན་མངོན་པའི་ཆོས་བསྡུས་པའི་བསྟན་བཅོས་ལས་ཀྱང་། འགོག་པའི་བདེན་པའི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་ནི་གང་དུ་འགགས་པ་དང་། གང་གིས་འགགས་པ་དང་། ཇི་ལྟར་འགགས་པ་ཤེས་པར་བྱ་སྟེ།
เล่ม ๑๒๕ · หน้า 275b
གང་དུ་འགགས་ཤེ་ན་དེ་བཞིན་དུ་འགགས་སོ། །གང་གིས་འགགས་ཤེ་ན་ལམ་གྱི་བདེན་པས་འགགས་སོ། །གང་འགགས་ཤེ་ན་རྣམ་པར་རྟོག་པ་ལ་སོགས་པའི་ཉོན་མོངས་པ་འགགས་སོ་ཞེས་བཤད་དོ། །ཡང་དག་མ་ཡིན་ཀུན་རྟོག་པ། །དེ་ནི་སྨོན་པ་མེད་པས་སོ། །ཞེས་བྱ་བ་ལ། ཡང་དག་མ་ཡིན་ཀུན་རྟོག་
ནི། །གཞན་གྱི་དབང་གི་མཚན་ཉིད་ནི། །དེ་ལ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་ཤིང་ཤེས་སོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་དམིགས་ཤེ་ན། གཞན་གྱི་དབང་གི་མཚན་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་གྱི་རྟེན་དུ་གྱུར་པ། སྐྱེ་བ་དང་རྒ་བ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་
ཀྱི་རྒྱུ་ཡིན་པས་སྨོན་པར་བྱ་བའི་གནས་མ་ཡིན་ནོ་ཞེས་དེ་ལྟར་དམིགས་སོ། །རྒྱལ་བའི་སྲས་ཀྱིས་སྣ་ཚོགས་པའི། །བྱང་ཆུབ་ཕྱོགས་ནི་ཐམས་ཅད་དག །མཐོང་བའི་ལམ་དང་ལྷན་ཅིག་ཏུ། །རྟག་ཏུ་ཐོབ་པར་དགོངས་པའོ། །ཞེས་བྱ་བ་ལ། གང་གི་ཚེ་ས་དང་པོ་ཐོབ་ནས། བཟོད་པ་བརྒྱད་དང་ཡེ་
ཤེས་བརྒྱད་དེ། མཐོང་བའི་ལམ་གྱི་མཚན་ཉིད་སྐད་ཅིག་མ་བཅུ་དྲུག་སྐྱེས་པས་ན་དེ་ལྟར་ལྷན་ཅིག་དུས་གཅིག་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམ་པ་སྣ་ཚོགས་ཀྱང་དུས་གཅིག་ཏུ་མཐོང་བར་དགོངས་ཏེ། དུས་གཅིག་ཏུ་ཐོབ་པར་ཤེས་
པར་བྱའོ་ཞེས་པའི་དོན་ཏོ། །ད་འདི་མན་ཆད་ཚིགས་སུ་བཅད་པ་ལྔས་ས་དང་པོ་མཐོང་བའི་ལམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་ཉིད་ཆེན་པོ་དང་། ངོ་མཚར་ཆེན་པོ་སྟོན་ཏེ་དེ་བས་ན། བདག་མེད་སྡུག་བསྔལ་སྐྱེ་བ་ཙམ་དུ་ཡང་། །འགྲོ་བ་འདུས་བྱས་ཙམ་དུ་བློས་ཆུད་ནས། །
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བའི་སྒྲས་ནི་ཁམས་གསུམ་གྱི་ཆོས་ཐམས་ཅད་ལ་བྱའོ། །འདུས་བྱས་ཙམ་དུ་བློས་ཆུད་ཅེས་བྱ་བས་ནི་སེམས་དང་། སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི། བདག་ཅེས་བྱ་བ་མེད་པར་ཤེས་རབ་ཀྱིས་རྟོགས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྟོགས་པ་ན་ཁམས་
གསུམ་གྱི་ཆོས་ཐམས་ཅད་གང་ཟག་གི་དངོས་པོར་ཡང་བདག་མེད་ཆོས་ཀྱི་དངོས་པོར་ཡང་བདག་མེད་ཀྱི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ་བར་ཁོང་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །དོན་མེད་རང་བཞིན་
เล่ม ๑๒๕ · หน้า 276a
ལྟ་བ་ཡོངས་སྤངས་ནས། །ལྟ་ཆེན་དོན་པོ་ཆེ་ལ་རྟེན་པར་བྱེད། །ཅེས་བྱ་བ་ལ། དེ་ལྟར་ཁོང་དུ་ཆུད་པ་ན་བྱང་ཆུབ་སེམས་དཔའ་དེ་དོན་མེད་པའི་རང་བཞིན་གྱི་ལྟ་བ་སྤངས་པ་ཞེས་ཀྱང་བྱ། ལྟ་བ་ཆེན་པོ་ལ་གནས་པ་ཞེས་ཀྱང་བྱའོ། །དེ་ལ་སེམས་ཅན་རྣམས་མ་རུངས་པ་དང་། རླག་པར་བྱེད་པའི་ལྟ་བ་ལ་
དོན་མེད་པ་ཞེས་བྱའོ། །རང་བཞིན་གྱི་སྒྲས་གཟུངས་དང་འཛིན་པ་ལ་བྱ་སྟེ། ལྟ་བའི་གཟུང་འཛིན་གྱི་རྒྱུ་འཇིག་ཚོགས་ཀྱི་ལྟ་བ་ལ་བྱའོ། །ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་འཇིག་ཚོགས་སུ་ལྟ་བ་གཟུང་བ་དང་འཛིན་པའི་རྒྱུར་གྱུར་པ་འགྲོ་བ་རྣམས་མ་རུངས་པར་བྱེད་པའི་
ལྟ་བ་ངན་པ་སྤངས་པས་ན་དོན་མེད་པའི་རང་བཞིན་གྱི་ལྟ་བ་སྤངས་པ་ཞེས་བྱའོ། །ས་དང་པོ་ཐོབ་པའི་དུས་ན་བདག་དང་གཞན་དུ་མཉམ་པ་ཉིད་དུ་ཤེས་པའི་ལྟ་བ་ཐོབ་པས་ན་ལྟ་བ་ཆེན་པོ་ཞེས་བྱ་སྟེ། དེ་ལྟར་མཐོང་བ་དེ་ཉིད་ཀྱིས་མཐའ་ཡས་པའི་སེམས་ཅན་གྱི་དོན་བྱེད་པས་ན་ལྟ་བ་ཆེན་པོ་ཞེས་
བྱ་སྟེ། དེའི་ཚེ་ན་དེ་ལྟ་བུའི་ལྟ་བ་ལ་གནས་པས་ན། ལྟ་བ་ཆེན་པོ་ལ་གནས་པ་ཡིན་ཏེ། དེ་ཡང་འཇིག་རྟེན་ན་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ལྟ་མེད་ཀྱང་གང་དེ་བདག་ཏུ་ལྟ། །ཞེས་བྱ་བ་ལ། ས་དང་པོ་ཐོབ་པའི་དུས་ན་བདག་ཏུ་ལྟ་བ་ཞེས་ཀྱང་བྱ། བདག་ཏུ་ལྟ་བ་མེད་པ་ཞེས་ཀྱང་བྱའོ། །
ཅིའི་ཕྱིར་བདག་ཏུ་ལྟ་བ་མེད་པ་ཞེས་ཀྱང་བྱ་ཞེ་ན། ས་དང་པོ་ཐོབ་པའི་དུས་ན་འཇིག་ཚོགས་སུ་ལྟ་བ་སྤངས་པའི་ཕྱིར་བདག་ཏུ་ལྟ་བ་མེད་པ་ཞེས་ཀྱང་བྱའོ། །ཅིའི་ཕྱིར་བདག་ཏུ་ལྟ་བ་ཞེས་བྱ་ཞེ་ན། བདག་གང་ཡིན་པ་དེ་ཉིད་སེམས་ཅན་ཡང་དེ་ཡིན་ནོ་ཞེས་བདག་དང་སེམས་ཅན་དུ་མཉམ་པ་ཉིད་དུ་མཐོང་
བས་ན་བདག་ཏུ་ལྟ་བ་ཞེས་བྱའོ། །སྡུག་བསྔལ་མེད་ཀྱང་རབ་ཏུ་སྡུག་བསྔལ་ཞེས་བྱ་བ་ལ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་མེད་པ་ཞེས་ཀྱང་བྱ། རབ་ཏུ་སྡུག་བསྔལ་བ་ཞེས་ཀྱང་བྱའོ། །ཅིའི་ཕྱིར་སྡུག་བསྔལ་བ་མེད་པ་ཞེས་བྱ་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་སྡུག་
བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྤངས་པས་ན་སྡུག་བསྔལ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་ས་བཅུའི་ས་དང་པོའི་མདོ་ལས་ཀྱང་། ས་དང་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིགས་པ་ལྔ་ལས་འདས་པ་ཡིན་ནོ་ཞེས་བཤད་དོ། །འཇིགས་པ་ལྔ་ནི། འཚོ་བ་མེད་པའི་འཇིགས་པ་དང་།
เล่ม ๑๒๕ · หน้า 276b
ཚིགས་བཅད་མེད་པའི་འཇིགས་བ་དང་། འཁོར་གྱི་འཇིགས་པ་དང་། ངན་སོང་དུ་སྐྱེ་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་སྟེ་དེ་ལྔ་ལས་འདས་པའོ། །དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་སེམས་ཅན་མཐའ་ཡས་པའི་སྡུག་བསྔལ་སྤངས་དགོས་ཏེ། སེམས་ཅན་གྱི་སྡུག་བསྔལ་མ་སྤངས་
ཀྱི་བར་དུ་སྙིང་རྗེའི་དབང་གིས་སེམས་ཅན་སྡུག་བསྔལ་བས་བདག་སྡུག་བསྔལ་བར་གྱུར་པས་ན་རབ་ཏུ་སྡུག་བསྔལ་བ་ཞེས་བྱའོ། །ཇི་ལྟར་བདག་ལ་བདག་གིས་ཕན་བྱེད་བཞིན། །ཐམས་ཅད་དོན་བྱས་ལན་ནི་རེ་བ་མེད། །ཅེས་བྱ་བ་ལ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཕན་པར་བྱེད་པ་
ཞེས་ཀྱང་བྱ། ཕན་པར་མི་བྱེད་པ་ཞེས་ཀྱང་བྱའོ། །ཇི་ལྟར་ཕན་པར་བྱེད་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་སྒྲུབ་པར་བྱེད་པས་ཕན་པར་བྱེད་པ་ཞེས་བྱའོ། །འོན་ཀྱང་ཕན་པར་མི་བྱེད་པ་ཞེས་ཀྱང་བྱ་སྟེ། ཇི་ལྟར་ཞེ་ན། ཇི་ལྟར་བདག་ལ་ཕན་བཏགས་ཏེ། །ལན་རེ་བ་མེད་པ་ལྟར་
སེམས་ཅན་ཐམས་ཅད་ལ་ཕན་བཏགས་ན་ཡང་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་བཏགས་ཏེ། ལེགས་པར་བྱས་སོ་ཞེས་མི་དགོངས་ཤིང་ཕན་བཏགས་པའི་ལན་ལ་རེ་བ་མེད་པས་ན་ཕན་པར་མི་བྱེད་པ་ཞེས་ཀྱང་བྱའོ། །དེ་བས་ན་འཕགས་པ་རྡོ་རྗེ་གཅོད་པའི་མདོ་ལས་ཀྱང་། སེམས་ཅན་
ཐམས་ཅད་ཕུང་པོའི་ལྷག་མ་མ་ལུས་པ་ལས་ཀྱང་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །མཆོག་གི་གྲོལ་བས་རང་སེམས་གྲོལ་བ་ཡང་། །ཡུན་རིང་དམ་པོའི་
བཅིང་བས་བཅིངས་པའོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་མཆོག་གི་གྲོལ་བས་གྲོལ་བ་ཞེས་ཀྱང་བྱ། ཡུན་རིང་པོའི་བཅིང་བས་བཅིངས་པ་ཞེས་ཀྱང་བྱའོ། །ཇི་ལྟར་ན་མཆོག་གི་གྲོལ་བས་གྲོལ་བ་ཞེས་བྱ་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་
པས་ན་མཆོག་གི་གྲོལ་བས་གྲོལ་བ་ཞེས་བྱའོ། །ཇི་ལྟར་ཡུན་རིང་པོའི་བཅིང་བས་བཅིངས་པ་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་དེས་སེམས་ཅན་མཐའ་ཡས་པའི་སེམས་ཀྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་བཅིང་བ་བཅད་དགོས་ཏེ། སེམས་ཅན་གྱི་ཉོན་མོངས་པའི་བཅིང་བ་མ་
เล่ม ๑๒๕ · หน้า 277a
བཅད་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་མངོན་པར་འཚང་མི་རྒྱ་ཞིང་འཁོར་བའི་མཐར་ཡང་འཁོར་བ་ན་གནས་པར་བྱེད་པ་ན་བཅིང་བ་དམ་པོས་བཅིངས་པ་ཞེས་ཀྱང་བྱའོ། །སྡུག་བསྔལ་མཐའ་ནི་མ་མཐོང་ཡང་། །དེ་བཞིན་རབ་འཇུག་དེ་བཞིན་བྱེད་པའོ། །ཞེས་བྱ་བ་ལ། ས་དང་པོ་
ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་གྱི་མཐར་བྱེད་པ་ཞེས་ཀྱང་བྱ། མཐར་མི་བྱེད་པ་ཞེས་ཀྱང་བྱའོ། །ཇི་ལྟར་ན་སྡུག་བསྔལ་གྱི་མཐར་བྱེད་པ་ཞེས་བྱ་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པས་ན་སྡུག་བསྔལ་གྱི་མཐར་བྱེད་པ་ཞེས་བྱའོ། །ཇི་ལྟར་ན་
སྡུག་བསྔལ་གྱི་མཐར་མི་བྱེད་པ་ཞེས་བྱ་ཞེ་ན། ནམ་མཁའ་མཐའ་ཐུག་པ་མེད་པ་བཞིན་དུ་སེམས་ཅན་ཡང་མཐའ་ཐུག་པ་མེད་དོ། །སེམས་ཅན་མཐའ་ཐུག་པ་མེད་པ་བཞིན་དུ་སྡུག་བསྔལ་ཡང་མཐའ་ཐུག་པར་མ་མཐོང་སྟེ། ཇི་ལྟར་བྱས་ཀྱང་སྡུག་བསྔལ་གྱི་མཐའ་ཟད་པར་མི་འགྱུར་བར་མཐོང་བས་ན་
མཐར་མི་བྱེད་པ་ཞེས་བྱའོ། །དེ་ལྟར་སྡུག་བསྔལ་གྱི་མཐའ་མེད་མེད་ཀྱི། བྱང་ཆུབ་སེམས་དཔའ་སེམས་ཅན་ཡལ་བར་འདོར་ཤིང་སེམས་ཅན་གྱི་སྡུག་བསྔལ་མི་སེལ་བ་མ་ཡིན་གྱི། སེམས་ཅན་གྱི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་དེ་བཞིན་དུ་འཁོར་བར་ཡང་འཇུག་ཅིང་སྡུག་བསྔལ་བསལ་
བར་བྱ་བའི་དོན་དུ་སེམས་ཅན་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ལ་འཇོག །བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་བྱེད་དོ། །ཚེ་གཅིག་རང་གི་སྡུག་བསྔལ་བཟོད་མཐུ་མེད། །འཇིག་རྟེན་ཡོད་ཀྱི་བར་དུ་གཞན་སྡུག་བསྔལ། །བསྡུས་ལ་བསམ་པ་སྨས་ཅི་དགོས། །ཞེས་བྱ་
བ་ལ། རང་གི་སྡུག་བསྔལ་ཞེས་བྱ་བ་དང་། བསྡུས་པ་ཞེས་བྱ་བར་སྦྱར་ཏེ། འཇིག་རྟེན་པ་རྣམས་ནི་རང་གི་དོན་དུ་རང་གི་སྡུག་བསྔལ་ཉིད་ལ་ཉམས་སུ་ལེན་ཅིང་བཟོད་པའི་མཐུ་མེད་པ་ནི་སེམས་ཅན་གཞན་གྱི་སྡུག་བསྔལ་བསྡུས་པ་དཔག་ཏུ་མེད་པ་ཉམས་སུ་ལེན་ཅིང་བཟོད་པ་ལྟ་ག་ལ་ནུས་སོ་ཞེས་བྱ་
བའི་དོན་ཏོ། །འཇིག་རྟེན་པ་རྣམས་ནི་རང་གི་དོན་དུ་ཚེ་གཅིག་གི་རང་གི་ལུས་སྡུག་བསྔལ་ཙམ་ཡང་ཉམས་སུ་ལེན་པའི་བཟོད་པའི་མཐུ་མེད་ན་སེམས་ཅན་གྱི་དོན་དུ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉམས་སུ་བླང་ཞིང་བཟོད་པ་བྱ་བ་ལྟ་ག་ལ་
เล่ม ๑๒๕ · หน้า 277b
སེམས་ཏེ་མི་སེམས་སོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པ་ལས་བཟློག་པ་སྟེ། བདག་གི་དོན་དུ་བདག་གི་སྡུག་བསྔལ་ཉམས་སུ་མི་ལེན་གྱི་སེམས་ཅན་གྱི་དོན་དུ་སེམས་ཅན་གྱི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་
ལེན་ཅིང་བཟོད་པའི་མཐུ་ཡོད་པ་དང་། འཁོར་བའི་མཐའི་བར་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉམས་སུ་ལེན་པར་སེམས་སོ་ཞེས་བྱ་བའི་དོན་ཏོ། །གང་མཛའ་གང་ཕན་འདོད་པའི་སྦྱོར་བ་དང་། །རྒྱལ་བའི་སྲས་ཀྱིས་སེམས་ཅན་མི་སྐྱོ་བ། །དེ་དག་འཇིག་རྟེན་དག་ན་ངོ་མཚར་ཆེ། །ཞེས་བྱ་བ་ལ།
དཔེར་ན་བ་བེའུ་ལ་བྱམས་པས་བེའུ་ལ་ཕན་པ་དང་བདེ་བ་སྦྱོར་བ་སྐྱོ་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་མཛའ་བ་དང་། དགའ་བ་དང་བྱམས་པའི་སེམས་དང་། ཕན་པ་དང་བདེ་བ་ལ་སྦྱོར་ཞིང་ཞུགས་པས་ན་སེམས་ཅན་རྣམས་ཀྱིས་གནོད་པར་བྱས་ཀྱང་སེམས་
ཅན་གྱིས་མི་སྐྱོ་ཞིང་སེམས་ཅན་མི་གཏོང་སྟེ། དེ་བས་ན་དོན་མེད་པའི་ལྟ་བ་གནས་པ་ནས་བརྩམས་ཏེ། མི་སྐྱོ་བའི་བར་དག་འདི་དག་ནི་འཇིག་རྟེན་ན་བྱང་ཆུབ་སེམས་དཔའི་མཛད་པ་ལ་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་བདག་མཚུངས་ཐོབ་པས་དེ་ལ་ནི། །ཞེས་བྱ་བ་ལ། འདིས་ནི་
ངོ་མཚར་མི་ཆེ་བ་བསྟན་ཏེ། གང་ལ་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་མ་ཐོབ་པ་དེ་དག་ལ་གོང་དུ་བཤད་པ་ལྟ་བུ་དག་བྱུང་ན་ངོ་མཚར་དུ་བྱ་བ་ཡིན་ནོ། །དཔེར་ན་བདག་ལ་ཕན་འདོགས་ཤིང་བདེ་བ་ལ་སྦྱོར་བར་བྱེད་པ་ལ་ངོ་མཚར་དུ་མི་ཆེ་བ་དེ་བཞིན་དུ་འདིར་ཡང་བྱང་ཆུབ་སེམས་དཔས་བདག་
དང་སེམས་ཅན་དུ་མཉམ་པ་ཉིད་ཀྱི་སེམས་ཐོབ་སྟེ། སེམས་ཅན་ཐམས་ཅད་བདག་ཉིད་ཡིན་པར་ཁོང་དུ་ཆུད་དེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱེད་ཅིང་རེ་བ་ལྟ་ཅི་ཞིག་ངོ་མཚར་དུ་ཆེ་སྟེ་ངོ་མཚར་དུ་མི་ཆེའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཆེ་བའི་བདག་ཉིད་ཆེ་བ་བརྗོད་
དོ་ཞེས་བྱ་བ་ལ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་ཕྲིན་ལས་སུ་མཛད་པ་ལ་ངོ་མཚར་ཆེན་པོར་བྱ་བའི་ཆོས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གང་ཉོན་མོངས་པའི་བདག་ཏུ་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་འབྱུང་
เล่ม ๑๒๕ · หน้า 278a
བར་བྱེད་པའི་རྒྱུ་འཇིག་ཚོགས་ཀྱི་ལྟ་བ་ལ་དོན་མེད་པའི་རང་བཞིན་གྱི་ལྟ་བ་ཞེས་བྱ་སྟེ། ཅིའི་ཕྱིར་དོན་མེད་པ་ཞེས་བྱ་ཞེ་ན། འཇིག་ཚོགས་སུ་ལྟ་བ་དང་ཁམས་གསུམ་དང་ངན་སོང་དུ་སྐྱེ་བའི་རྒྱུ་བྱེད་པའི་བྱང་ཆུབ་ཐོབ་པར་བྱ་བ་བར་དུ་གཅོད་པས་ན་དོན་མེད་པ་ཞེས་བྱའོ། །
ལྟ་བ་ཆེན་པོའི་དོན་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་པ་ལ་ལྟ་བ་ཆེན་པོ་ཇེ་བཤད་དེ། བདག་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱང་དེ་ཡིན་སེམས་ཅན་ཐམས་ཅད་གང་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་སེམས་ཅན་དང་བདག་ཏུ་དབྱེར་མེད་ཅིང་མཉམ་པ་ཉིད་དུ་ལྟ་བ་ནི་ལྟ་བ་ཆེན་པོ་དོན་ཆེན་པོ་ལ་གནས་
པ་ཞེས་བྱའོ། །ཇི་ལྟར་ལྟ་བ་ལ་ནི་ཅིའི་ཕྱིར་དོན་ཆེན་པོ་ཞེས་བྱ་ཞེ་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་རྒྱུའི་ཕྱིར་དོན་ཆེན་པོའོ་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུ་མི་བྱེད་པས་ན་དོན་ཆེན་པོ་མ་ཡིན་གྱི། བྱང་ཆུབ་
སེམས་དཔའ་བདག་དང་གཞན་དུ་མཉམ་པ་ཉིད་དུ་ལྟ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་བྱེད་པའི་རྒྱུ་བྱེད་པས་ན་དོན་ཆེན་པོ་ཞེས་བྱའོ། །བདག་ཏུ་ལྟ་བ་མེད་པ་ནི་དོན་མེད་པའི་རང་བཞིན་གྱིའོ་ཞེས་བྱ་བ་ལ། དོན་མེད་པར་འགྱུར་བའི་རྒྱུ་འཇིག་ཚོགས་སུ་ལྟ་བ་སྔངས་པས་ན་བདག་ཏུ་
ལྟ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བ་ནི་དོན་ཆེན་པོའོ་ཞེས་བྱ་བ་ལ། བདག་དང་སེམས་ཅན་དུ་མཉམ་པར་ལྟ་སྟེ། སེམས་དེ་ཉིད་བདག་ཡིན་ནོ་ཞེས་དོན་ཆེན་པོའི་ལྟ་བ་ལ་གནས་པས་ན་བདག་ཏུ་ལྟ་བ་ཞེས་བྱའོ། །སྡུག་བསྔལ་མེད་པ་ནི་བདག་གི་རྒྱུད་ལས་སྐྱེས་པའོ་ཞེས་བྱ་བ་ལ། ས་དང་
པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་མེད་པ་ཞེས་ཀྱང་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྤངས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས་སྐྱེས་པ་ནི་རབ་ཏུ་སྡུག་བསྔལ་བའོ་ཞེས་བྱ་བ་ལ། བྱང་ཆུབ་
སེམས་དཔའ་དེ་རབ་ཏུ་སྡུག་བསྔལ་ཞེས་ཀྱང་བྱ་སྟེ། ཇི་ལྟར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་དགོས་ལ་སེམས་ཅན་སྡུག་བསྔལ་བར་མཐོང་ན་སྙིང་རྗེའི་དབང་གིས་བྱང་ཆུབ་སེམས་དཔའ་ཉིད་སེམས་གདུང་ཞིང་སྡུག་བསྔལ་བར་འགྱུར་བས་ན་
เล่ม ๑๒๕ · หน้า 278b
རབ་ཏུ་སྡུག་བསྔལ་བ་ཞེས་ཀྱང་བྱའོ། །སེམས་གྲོལ་བ་ནི་མཐོང་བའི་ལམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དེ་སེམས་གྲོལ་བ་ཞེས་ཀྱང་བྱ་སྟེ། ཇི་ལྟར་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་བཅིངས་པ་རྣམས་མཐོང་བའི་ལམ་
གྱིས་སྤངས་པས་ན་གྲོལ་བ་མཆོག་གིས་གྲོལ་བ་ཞེས་བྱའོ། །གྲོལ་བ་མཆོག་གིས་ནི་བླ་ན་མེད་པའི་ཐེག་པས་སོ་ཞེས་བྱ་བ་ལ། གྲོལ་བ་དེ་ཡང་ཐེག་པ་ཆུང་ངུའི་མཐོང་བའི་ལམ་གང་ཟག་ལ་བདག་མེད་པས་གྲོལ་བ་ནི་མ་ཡིན་གྱི། ཐེག་པ་ཆེན་པོའི་ལམ་མཐོང་བའི་ལམ་གང་ཟག་དང་ཆོས་ལ་
བདག་མེད་པར་རྟོགས་པས་གྲོལ་བས་ན་གྲོལ་བའི་མཆོག་ཅེས་བྱའོ། །ཡུན་རིང་པོར་དམ་དུ་བཅིངས་པས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དེ་ཡུན་རིང་པོར་འཆིང་བ་དམ་པོས་བཅིངས་པ་ཞེས་ཀྱང་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ནི་འདོད་ཆགས་ལ་སོགས་པའི་
ཉོན་མོངས་པ་དང་། འདོད་པའི་ཡོན་ཏན་ལ་ཆགས་པའི་བཅིང་བས་བཅིངས་ཏེ། སེམས་ཅན་རྣམས་བཅིངས་པ་དེ་ལས་མ་གྲོལ་མ་ཐར་གྱི་བར་དུ་བྱང་ཆུབ་སེམས་དཔའ་བདག་ཉིད་གྲོལ་བ་དང་། ཐར་བར་མི་བྱེད་དེ་རྟག་ཏུ་ཁམས་གསུམ་དུ་གནས་པས་ན། ཡུན་རིང་པོར་དམ་དུ་བཅིང་བས་
བཅིངས་ཞེས་བྱའོ། །དེ་ལ་གྲོལ་བའི་མཆོག་གིས་གྲོལ་ཞེས་བྱ་བ་ནི། འཁོར་བ་ན་མི་གནས་པ་བསྟན། ཡུན་རིང་པོར་དམ་དུ་བཅིང་བས་བཅིངས་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་ལ་མི་གནས་པ་བསྟན་ཏེ། དོན་དུ་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པ་ཡིན་ནོ། །ནམ་མཁའ་དང་འདྲ་བར་
སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་གྱི་མཐར་མི་བྱེད་པ་ཞེས་ཀྱང་བྱ་སྟེ། ཇི་ལྟར་ཞེ་ན། ཇི་ལྟར་ནམ་མཁའི་ཁམས་མཐའ་མེད་པ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱང་མཐའ་མེད་དོ། །སེམས་ཅན་གྱི་ཁམས་མཐའ་མེད་པ་དེ་བཞིན་དུ་སྡུག་
བསྔལ་ཡང་མཐའ་མེད་པར་མཐོང་སྟེ། ནམ་ཡང་སེམས་ཅན་གྱི་སྡུག་བསྔལ་མཐར་བྱེད་པར་མི་འགྱུར་བས་ན་སྡུག་བསྔལ་གྱི་མཐར་མི་བྱེད་པ་ཞེས་ཀྱང་བྱའོ། །འཇུག་པའི་སེམས་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སྡུག་བསྔལ་གྱི་མཐའ་མི་མཐོང་ཡང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་
เล่ม ๑๒๕ · หน้า 279a
མཐར་མི་འབྱིན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐར་དབྱུང་བར་བྱ་བའི་ཕྱིར་འཁོར་བར་ཡང་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་བྱེད་པ་ནི་སེམས་ཅན་རྣམས་ཀྱི་མཐའ་མེད་པའོ་ཞེས་བྱ་བ་ལ། སེམས་ཅན་ནི་ནམ་མཁའ་བཞིན་དུ་མཐའ་མེད་དེ།
སེམས་ཅན་མཐའ་མེད་པ་བཞིན་དུ་སེམས་ཅན་གྱི་སྡུག་བསྔལ་མཐར་དབྱུང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་ཡང་མཐའ་མེད་པར་སྦྱོར་ཞིང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པ་རྣམས་ནི་ཚེ་
གཅིག་ཙམ་གྱི་སྡུག་བསྔལ་དང་། རང་གི་སྡུག་བསྔལ་ཡང་ཉམས་སུ་ལེན་ཅིང་བཟོད་པའི་མཐུ་མེད་ན་འཁོར་བའི་མཐའི་བར་གྱི་སྡུག་བསྔལ་དང་། སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་ཉམས་སུ་ལེན་པ་ལྟ་ག་ལ་ནུས་ཏེ་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པ་སྟེ། ཇི་
ལྟར་བཟློག་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཉམས་སུ་ལེན་ཅིང་བཟོད་པ་དང་། འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་ལེན་ཅིང་བཟོད་དོ་ཞེས་བྱ་བའི་དོན་ཏོ། །གང་སེམས་ཅན་བྱང་ཆུབ་སེམས་དཔའ་དགའ་བ་དང་ཞེས་བྱ་བ་
ལ་སོགས་པ་ལ། དཔེར་ན་བ་བེའུ་ལ་བྱམས་པ་དང་། ཕན་པར་སྦྱོར་བ་ལ་སྐྱོ་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་དགའ་བ་དང་། ཕན་པར་འདོད་པ་དང་། དེའི་དོན་ལ་སྦྱོར་བའི་ཚུལ་གྱིས་རྣམ་པ་གསུམ་ལྟ་བུར་སེམས་ཅན་གྱི་དོན་ལ་ཞུགས་པ་ན་སེམས་ཅན་གྱིས་གནོད་པ་བྱས་ན་
ཡང་མི་སྐྱོ་སྟེ། གོང་དུ་བཤད་པའི་བྱང་ཆུབ་སེམས་དཔའི་ཕྲིན་ལས་འདི་དག་ནི་འཇིག་རྟེན་ན་ངོ་མཚར་མཆོག་ཏུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སེམས་ཅན་དང་བྲལ་བར་མི་འདོད་པའི་བྱམས་པའི་སེམས་ལ་དགའ་བ་ཞེས་བྱའོ། །སེམས་ཅན་གྱི་མི་བདེ་བ་སེལ་བར་བྱེད་པ་ནི་ཕན་པར་འདོད་པ་ཞེས་བྱའོ། །
སེམས་ཅན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་དུ་བཅུག་པ་ནི་དོན་ལ་སྦྱར་བ་ཞེས་བྱའོ། །ངོ་མཚར་ཆེ་བ་མ་ཡིན་པ་ནི་སེམས་ཅན་དང་བདག་ཏུ་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ལྟ་མོད་ཀྱི་འོན་ཀྱང་ངོ་མཚར་ཆེ་བར་ཡང་བཞག་སྟེ། ཇི་ལྟར་ཞེ་ན། དཔེར་ན་བདག་ལ་བདག་ཕན་པར་བྱེད་པ་དང་།
เล่ม ๑๒๕ · หน้า 279b
བདག་གི་དོན་བདག་བྱེད་པ་ངོ་མཚར་མི་ཆེ་བ་བཞིན་དུ་ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔས་ཀྱང་བདག་དང་སེམས་ཅན་དུ་མཉམ་པའི་སེམས་ཐོབ་སྟེ། སེམས་ཅན་ཐམས་ཅད་བདག་ཉིད་ཡིན་པར་ཁོང་དུ་ཆུད་པ་དེས་སེམས་ཅན་ལ་ཕན་འདོགས་པ་ཅི་ཞིག་ངོ་མཚར་ཆེ་སྟེ། བདག་ལ་བདག་ཕན་འདོགས་པ་
ངོ་མཚར་མི་ཆེ་བ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཐོང་བའི་ལམ་བཤད་ནས། །ད་ནི་བསྒོམ་པའི་ལམ་བཤད་དེ། །དེའི་ཕྱིར་དེ་ནས་ལྷག་མའི་ས་ལ་སྟེ། །དེས་ནི་བསྒོམ་པའི་ལམ་དག་ལ། །ཡེ་ཤེས་རྣམ་པ་འདི་གཉིས་ཀྱིས། །བསྒོམ་པའི་ཕྱིར་ན་རབ་འཇུག་གོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེ་ནས་ཞེས་བྱ་བ་ནི་ས་དང་པོ་ཐོབ་པའི་ལམ་ཐོབ་ནས་དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །ལྷག་མའི་ས་ནི་ས་གཉིས་ཡན་ཆད་ས་བཅུ་མན་ཆད་ལ་བྱ་སྟེ། ས་དེ་དགུ་ནི་བསྒོམ་པའི་ལམ་ཞེས་བྱའོ། །བསྒོམ་པའི་ལམ་དེ་དག་ན། བྱང་ཆུབ་སེམས་དཔའ་དེས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་སྒྲིབ་པ་
དང་། ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། བསྒོམ་པ་ལ་རབ་ཏུ་འཇུག་སྟེ། དེའི་ཚེ་ཅི་ལ་བསྒོམ་ཞེ་ན། དེ་ནས་འབྱུང་བའི་ཡེ་ཤེས་གཉིས་ལ་བསྒོམ་མོ། །ཡེ་ཤེས་གཉིས་པོ་གང་ཞེ་ན། །དེའི་ཕྱིར། ཡེ་ཤེས་དེ་ནི་རྣམ་མི་རྟོག །སངས་རྒྱས་ཆོས་ནི་སྦྱོང་བའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་
གཅིག་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེས་ཐམས་ཅད་ནམ་མཁའི་རང་བཞིན་དུ་ཁོང་དུ་ཆུད་པས་བདག་གི་རྒྱུད་ལ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་སྦྱོང་བར་བྱེད་པས་བདག་ཡོངས་སུ་སྨིན་པར་བྱེད་པའོ། །གཞན་ནི་ཇི་ལྟར་རྣམ་བཞག་པས། །སེམས་
ཅན་རྣམ་པར་སྨིན་བྱེད་པ། །ཞེས་བྱ་བ་ལ། གཞན་ནི་ཞེས་བྱ་བ་ལ་ཡེ་ཤེས་གཉིས་པ་ནི་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་གཉིས་པ་ནི་ཇི་ལྟར་རྣམ་པར་འཇོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེས་ས་བཅུ་སོ་སོའི་མཚན་ཉིད་དང་ཡོན་ཏན་ལ་སོགས་པ་སོ་སོར་མ་འདྲེས་པ་ཁོ་ནར་སོ་སོར་འཇོག་བྱེ་བྲག་འབྱེད་པའོ། །
དེའང་གང་ཞེ་ན། འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་དག་ལ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེས་ནི་སེམས་ཅན་ལ་ཆོས་བསྟན་པ་དང་། མངོན་པར་འཚང་རྒྱ་བ་ལ་སོགས་པ་བསྟན་པའི་སྒོ་ནས། སེམས་ཅན་རྣམ་པར་སྨིན་པར་བྱེད་དོ། །བསྒོམ་པ་ཡི་ནི་མཐར་ཐུག་པ། །
เล่ม ๑๒๕ · หน้า 280a
གྲངས་མེད་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་བྱ་བ་ལ། ས་བཅུའི་དུས་ན་བསྒོམ་པའི་མཐར་ཐུག་པ་ཞེས་བྱ་སྟེ། དེ་ཡང་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་བསྒོམ་པ་མཐར་ཐུག་ཅིང་རྫོགས་པར་འགྱུར་རོ། །དེ་ལ་ས་གཉིས་ནས་ས་བདུན་གྱི་བར་དུ་ནི་མངོན་པར་འདུ་བྱེད་པ་དང་བཅས་
པས་བསྒོམ་པ་ཞེས་བྱ་སྟེ། དེའི་བར་དུ་བསྐལ་པ་གྲངས་མེད་པ་གཅིག་ཐོགས་སོ། །ས་བརྒྱད་ནས་ས་བཅུའི་བར་དུ། མངོན་པར་འདུ་བྱེད་པ་མེད་པར་བསྒོམ་པ་ཞེས་བྱ་སྟེ། དེའི་བར་དུ་ཡང་བསྐལ་པ་གྲངས་མེད་པ་གཅིག་ཐོགས་སོ། །དེ་ཡི་བསྒོམ་པ་ཐོབ་ནས་སུ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །
ཞེས་བྱ་བ་ལ། ཕྱི་མའི་བསྒོམ་པ་ནི་ས་བརྒྱད་ནས་ས་བཅུའི་བར་དུ་བསྐལ་པ་གྲངས་མེད་པ་གཅིག་ཏུ་མངོན་པར་འདུ་བྱེད་པ་མེད་པ་ལ་བསྒོམ་པ་ཐོབ་ནས་ས་བཅུར་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་དེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་གྱིས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་
ཐོབ་པོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འདྲ་བའི་མཉམ་གཞག་པ། །ཞེས་བྱ་བ་ལ། ས་བཅུར་དབང་བསྐུར་བ་ཐོབ་པ་དེའི་ཚེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཐོབ་སྟེ། དེའང་གང་ལ་བྱ་ཞེ་ན། ཉོན་མོངས་པ་ཕྲ་མོའི་ཡང་ཕྲ་མོའི་གཉེན་པོར་གྱུར་པ་ཡེ་ཤེས་ཆེན་པོའི་ཡང་ཆེན་པོ་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །
ཞེས་བྱའོ། །ཡེ་ཤེས་དེ་ལ་ཅིའི་ཕྱིར་རྡོ་རྗེ་ལྟ་བུ་ཞེས་བྱ་ཞེ་ན། དེའི་ཕྱིར། རྣམ་པར་རྟོག་པ་མི་བྱེད་ཐོབ། །ཅེས་སྨོས་ཏེ། ཡེ་ཤེས་དེ་ལ་གང་ཟག་དང་ཆོས་སུ་རྣམ་པར་རྟོག་པ་མི་ཕྱེད་ཅིང་མི་ཤིགས་ལ། ཡེ་ཤེས་དེས་ནི་གང་ཟག་དང་ཆོས་སུ་རྣམ་པར་རྟོག་པའི་བག་ལ་ཉལ་ཕྲ་མོ་ཡང་ཤིགས་
པར་བྱེད་པས་ན་དེའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །ད་ནི་སངས་རྒྱས་ཀྱི་ས་བཤད་དེ་དེ་བས་ན་མཐར་ཐུག་པ་ན་གནས་འཕོས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བག་ལ་ཉལ་ཕྲ་མོ་སྤངས་པ་དང་། དེའི་འོག་ཏུ་སངས་རྒྱས་ཀྱི་སར་ཀུན་གཞི་རྣམ་པར་ཤེས་པ་སྒྲིབ་པ་
གཉིས་དང་བྲལ་བ་གནས་འཕོས་པ་མཐར་ཐུག་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ས་དང་པོ་ལ་ཡང་གནས་འཕོས་པ་ཡོད་མོད་ཀྱི་གནས་འཕོས་པ་མཐར་ཐུག་པ་ཞེས་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བ་ཙམ་གྱི་གནས་འཕོས་པ་ཐོབ་པའི་ཕྱིར་
เล่ม ๑๒๕ · หน้า 280b
རོ། །སངས་རྒྱས་ཀྱི་སའི་དུས་ན་ནི་སྒྲིབ་པ་གཉིས་ཀྱི་བག་ལ་ཉལ་ཕྲ་མོ་ཡང་སྤངས་པའི་མཚན་ཉིད་ཀྱི་གནས་འཕོས་པ་ཐོབ་པས་ན་གནས་འཕོས་པ་མཐར་ཐུག་པ་ཞེས་བྱའོ། །གནས་འཕོས་པ་མཐར་ཐུག་པ་དེའང་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར། སྒྲིབ་པ་ཀུན་གྱི་དྲི་མེད་པ། །ཞེས་བྱ་བ་སྨོས་ཏེ། གནས་
འཕོས་པ་དེ་ཡང་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་ཀུན་དང་བྲལ་བས་ན་སྒྲིབ་པ་ཀུན་གྱི་དྲི་མ་མེད་པ་ཞེས་བྱ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །རྣམ་པ་ཀུན་གྱི་ཡེ་ཤེས་ཉིད། །བླ་ན་མེད་པའི་གནས་ཐོབ་ནས། །ཞེས་བྱ་བ་ལ། གཞན་ཡང་སངས་རྒྱས་ཀྱི་སའི་དུས་ན་རྣམ་
པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པའི་ཡེ་ཤེས་ཀྱི་གོ་འཕང་ཡང་ཐོབ་སྟེ། དེས་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ནས་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །གང་ལ་གནས་ནས་སེམས་ཅན་ཀུན། །བདེ་ཕྱིར་རབ་ཏུ་འཇུག་པར་འགྱུར། །ཞེས་བྱ་བ་ལ། གང་ལ་གནས་ནས་ཞེས་བྱ་བ་ནི་རྣམ་
པར་མི་རྟོག་པའི་ཡེ་ཤེས་ལ་གནས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལ་གནས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་མངོན་པར་བྱང་ཆུབ་པ་དང་། བདུད་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པ་བསྟན་པ་ལ་སོགས་པ་ལ་
འཇུག་པར་བྱེད་དོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ད་ཚིགས་སུ་བཅད་པ་གསུམ་ཞིག་གིས་བསྟན་པ་དང་གདམས་པའི་ཆེ་བའི་བདག་ཉིད་ཆེན་པོ་བསྟན་ཏེ། དེ་བས་ན། དེ་ལྟར་ཐུབ་པའི་ལྟ་བ་དཀོན་པ་ལ། །གང་ཕྱིར་དོན་ཆེན་པོར་ནི་ཅིར་མི་འགྱུར། །མི་མཚུངས་མཉམ་ལས་སྐྱེས་པ་དང་
མཚུངས་ཀྱིས། །རྟག་པར་ཤིན་ཏུ་དགའ་བར་བྱས་པའི་སེམས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་རོ། །མི་མཚུངས་མཉམ་ལས་སྐྱེས་པ་དང་མཚུངས་ཀྱིས། །ཞེས་བྱ་བ་གོང་དུ་ཕྱུང་སྟེ། མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་
པའི་ཐད་ནས་མི་མཚུངས་པའི་ཆོས་ཐེག་པ་ཆེན་པོའི་ཆོས་མཉན་པ་ལས་བྱུང་ཞིང་སྐྱེས་པའི་དད་པ་དང་མོས་པའི་ཤུགས་ཆེན་པོ་མཚུངས་པ་མེད་པ་སེམས་ཀྱི་རྒྱུད་ལས་བསྒོམས་པས་ན་དེ་བཞིན་གཤེགས་པ་དང་། དེའི་གསུང་རབ་ལ་དགའ་བ་དང་མགུ་བས་སེམས་ཀྱི་རྒྱུད་བརྟས་པར་བྱ་བ་དེ་རྟག་
เล่ม ๑๒๕ · หน้า 281a
ཏུ་དེ་བཞིན་གཤེགས་པའི་གསུང་རབ་མཉན་པ་ལས་ལྟ་བ་དྲང་བ་དང་། རྟག་པར་དེ་བཞིན་གཤེགས་པའི་ཞལ་ལྟ་བར་སྦྱར་རོ། །དེ་བཞིན་གཤེགས་པའི་གསུང་རབ་མཉན་པ་དང་། ཞལ་ལྟ་བ་ཡང་སླ་བ་མ་ཡིན་པས་ན་དཀོན་པ་ཞེས་བྱ་སྟེ། དེ་འདྲ་བའི་གསུང་རབ་མཉན་པ་དང་། ཞལ་
ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཅིའི་ཕྱིར་དོན་ཆེན་པོར་མི་འགྱུར་ཏེ། གདོན་མི་ཟ་བར་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྒོ་ལ་རྣམ་གནས་དེ་བཞིན་གཤེགས་པ་ཡིས། །རྟག་པར་མངོན་སུམ་དུ་ནི་གདམས་ཤིང་གནས་པར་བྱ། །ཞེས་བྱ་བ་ལ། མོས་པ་སྤྱོད་པའི་ས་འཇིག་རྟེན་
གྱི་ཆོས་མཆོག་གི་ཏིང་ངེ་འཛིན་ལ་གནས་པ་ནི་ཆོས་ཀྱི་སྒོ་ལ་གནས་པ་ཞེས་བྱ་སྟེ། ཆོས་ཀྱི་སྒོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་རྟག་ཏུ་དེ་བཞིན་གཤེགས་པའི་མངོན་སུམ་སྦྱངས་ན་གནས་ཤིང་དེ་བཞིན་གཤེགས་པས་ཀྱང་དེ་ལ་བསྟན་པ་དང་གདམས་ངག་སྟོན་པ་མཛད་དོ་ཞེས་བྱ་བའི་དོན་ཏོ། །
སྒྲ་ལས་བཟུང་བ་བཞིན་དུ་ཉེས་པ་སྟུག་པོ་ལས། །དེ་ནི་རབ་ཏུ་དྲངས་ནས་བྱང་ཆུབ་མཆོག་ལ་བཞག །ཅེས་བྱ་བ་ལ། དེ་བཞིན་གཤེགས་པས་བསྟན་པ་དང་། གདམས་ངག་སྟོན་པར་མཛད་པ་ཡང་མ་ཟད་ཀྱི་གཞན་ཡང་འདི་དག་ཀྱང་མཛད་དེ། དཔེར་ན་མི་འདམ་ཆུར་ལྷུང་ཞིང་བྱིང་བ་ལ་སྙིང་རྗེ་ཅན་
འགའ་ཞིག་གིས་སྐྲ་ལས་བཟུང་ཞིང་དྲངས་ནས་སྐམ་སར་ཕྱིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པའི་ལས་བཏང་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་འཁོར་བའི་ཉོན་མོངས་པའི་ཉེས་པའི་འདམ་སྟུག་པོ་ལས་དྲངས་ཏེ། བྱང་ཆུབ་མཆོག་
གི་སྐམ་སར་འཇུག་པར་མཛད་དེ། དོན་དུ་ས་དང་པོ་སྦྱིན་པར་མཛད་ཅེའམ། བླ་ན་མེད་པའི་བྱང་ཆུབ་ཏུ་འཇོག་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །བསྟན་པ་དང་གདམས་པའི་དོན་རྒྱས་པར་བཤད་པ་བསྡུས་ནས་སྟོན་ཏོ། །རྟག་པར་བདག་གི་དོན་དུ་རབ་ཞུགས་ལ། །སངས་རྒྱས་དག་གིས་བསྔགས་
པར་མཛད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའང་བསླབ་པ་གསུམ་གྱི་དབང་དུ་བྱས་ནས་བསྟན་པ་དང་གདམས་པ་མདོར་བསྡུས་ནས་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་། དགེ་བ་སྡུད་པའི་ཚུལ་ཁྲིམས་དང་།
เล่ม ๑๒๕ · หน้า 281b
གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལྷག་པའི་ཚུལ་ཁྲིམས་ལ་ཞུགས་ནས་ཚུལ་ཁྲིམས་མ་ཞིག་མ་རལ་བར་གྱུར་པ་དེ་ནི་རྟག་པར་བདག་གི་དོན་ལ་ཞུགས་པ་ཞེས་བྱ་སྟེ། དེ་དག་ལ་ནི་དེ་བཞིན་གཤེགས་པས་ལེགས་སོ་ཞེས་བརྗོད་ཅིང་གཟེངས་བསྟོད་པར་མཛད་དོ་ཞེས་བྱ་བའི་
དོན་ཏོ། །ལོག་པར་ཞུགས་ལ་སྨད་པ་ཡང་མཛད་ཅེས་བྱ་བར་སྦྱར་ཏེ། ཚུལ་ཁྲིམས་ཞིག་རལ་དུ་གྱུར་པ་ནི་ལོག་པར་ཞུགས་པ་ཞེས་བྱ་སྟེ། དེ་དག་ལ་ནི་དེ་བཞིན་གཤེགས་པས་མ་ལེགས་སོ་ཞེས་སྨོད་ཅིང་ཚར་གཅོད་པར་མཛད་ཅེས་བྱ་བའི་དོན་ཏོ། །རབ་ཏུ་གནས་དང་རབ་འབྱེད་པ། །ཞེས་བྱ་བ་ལ། རབ་
ཏུ་གནས་པ་ཞེས་བྱ་བས་ནི་ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཏེ། རབ་ཏུ་གནས་ཞེས་བྱ་བ་ལ། ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱ་བ་དང་། ཏིང་ངེ་འཛིན་ཅེས་བྱ་བ་དང་། ཞི་གནས་ཞེས་བྱ་བ་དག་ནི་དོན་གཅིག་སྟེ། འདི་ནི་རྣམ་གྲངས་སུ་ཟད་དོ། །རབ་ཏུ་འབྱེད་ཅེས་བྱ་བས་ལྷག་པའི་ཤེས་རབ་
ཀྱི་བསླབ་པ་བསྟན་ཏོ། །རབ་ཏུ་འབྱེད་ཅེས་བྱ་བ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བྱ་བ་དང་། ལྷག་མཐོང་ཞེས་བྱ་བ་དོན་གཅིག་སྟེ། མིང་གི་རྣམ་གྲངས་སུ་ཟད་དོ། །བར་ཆད་མཐུན་ཞེས་བྱ་བ་ལ། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་གེགས་སུ་འགྱུར་བའི་ཆོས་
ལ་བར་ཆད་ཅེས་བྱ་སྟེ། ལྷག་པའི་སེམས་ཀྱི་གེགས་སུ་འགྱུར་བའི་ཆོས་ནི་འདུ་འཛི་མང་པོའི་ནང་ན་གནས་པ་དང་། འཇིག་རྟེན་གྱི་བྱ་བ་མང་པོ་ལ་དགའ་བ་ལ་སོགས་པའོ། །ལྷག་པའི་ཤེས་རབ་ཀྱི་བར་དུ་གཅོད་པ་ནི་དམ་པའི་ཆོས་མི་ཉན་མི་སེམས་པ་དང་། ལྷག་པའི་ཤེས་རབ་ཀྱི་གེགས་སུ་འགྱུར་
བའི་ཆོས་མུ་སྟེགས་ལ་སོགས་པའི་གཙུག་ལག་ཉན་པའོ། །མཐུན་པ་ནི་ལྷག་པའི་སེམས་དང་ཤེས་རབ་སྐྱེ་བའི་རྒྱུ་ལ་བྱ་སྟེ། དེ་ལ་ལྷག་པའི་སེམས་ཀྱི་རྒྱུ་ནི་འདུ་འཛི་མང་པོ་སྤངས་པ་དང་། འཇིག་རྟེན་གྱི་བྱ་བ་མང་པོ་ལ་མི་འཇུག་པ་དང་། ལྷག་པའི་ཤེས་རབ་ཀྱི་རྒྱུ་ནི་དམ་པའི་ཆོས་ཉན་པ་དང་། སེམས་
པ་ལ་སོགས་པ་བྱེད་པའོ། །སེམས་ཅན་མཆོག་ལ་ཆོ་ག་བཞིན། །རྣམ་པ་ཐམས་ཅད་རྒྱལ་བས་སྟོན། །ཅེས་བྱ་བ་ལ། སེམས་ཅན་མཆོག་ནི་མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལ་རྒྱལ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་
เล่ม ๑๒๕ · หน้า 282a
གོ་ཆ་བཞིན་ནོ། །ཚུལ་བཞིན་དུ་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་དང་། དེ་གཉིས་ཀྱི་བར་དུ་གཅོད་པ་དང་། དེ་གཉིས་དང་རྗེས་སུ་མཐུན་པ་རྣམས་ཕྱིན་ཅི་མ་ལོག་པར་འཆད་དེ་ཇི་ལྟར་ཞེ་ན། ལྷག་པའི་སེམས་དང་ཤེས་རབ་ཀྱི་མཚན་ཉིད་ནི་འདི་ལྟ་བུ་ཡིན། དེ་དག་གི་གེགས་དང་
བར་དུ་གཅོད་པ་ནི་འདི་དག་ཡིན། དེ་དང་རྗེས་སུ་མཐུན་པའི་ཆོས་ནི་འདི་དག་ཡིན་ནོ་ཞེས་ཕྱིན་ཅི་མ་ལོག་པར་སྟོན་ཅིང་འཆད་པར་མཛད་དོ། །གང་ཡང་ཀུན་དུ་བསྙེན་ནས་ནི། །དེ་གཤེགས་བསྟན་ལ་རྒྱས་པའི་རྣལ་འབྱོར་འགྱུར། །ཞེས་བྱ་བ་དེ་ལ། དེ་ལྟར་ཆོས་བསྟན་པ་ཐོས་ནས་ཞི་གནས་དང་ལྷག་མཐོང་
དང་མི་མཐུན་པའི་ཆོས་ནི་སྤངས། དེ་དང་མཐུན་པའི་ཆོས་ལ་བསྙེན་ན་བྱང་ཆུབ་སེམས་དཔའ་དེ་རྒྱས་པའི་རྣལ་འབྱོར་ཏེ། ཐེག་པ་ཆེན་པོའི་ཞི་གནས་དང་ལྷག་མཐོང་བསྒོམ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་གདམས་པ་ཐོབ་པའི་ཆོས་ཀྱི་སྒོའི་རྒྱུན་ལ་གནས་པའོ་ཞེས་བྱ་བ་ལ། མོས་པ་སྤྱོད་
པའི་ས་འཇིག་རྟེན་གྱི་ཆོས་མཆོག་གི་ཚེ་ན་ཆོས་ཀྱི་སྒོའི་རྒྱུན་ལ་གནས་པ་ཞེས་བྱ་སྟེ། དེའི་ཚེ་དེ་བཞིན་གཤེགས་པའི་ཐད་ནས་བསྟན་པ་དང་གདམས་པ་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །རྟག་པར་སངས་རྒྱས་མཐོང་བ་དང་། །ཞེས་པ་སོགས་པ་ལ་ཆོས་ཀྱི་རྒྱུན་ལ་གནས་པ་བྱང་ཆུབ་སེམས་དཔའ་དུས་ཐམས་ཅད་དུ་
བྱང་ཆུབ་སེམས་དཔའི་ཞལ་མཐོང་བ་དང་། ཞལ་མཐོང་ནས་མི་མཉམ་པའི་ཆོས་དེ་ཐེག་པ་ཆེན་པོའི་ཆོས་ཐོས་པར་འགྱུར་བ་དང་། ཐེག་པ་ཆེན་པོའི་ཆོས་ཐོས་ནས་ཆོས་ཐོས་པ་ལ་དད་པ་སྐྱེས་ཏེ། དད་པའི་ཤུགས་ལས་བྱུང་བའི་དགའ་བས་སེམས་ཚིམ་པར་བྱས་པས་དེ་བྱང་ཆུབ་ཀྱི་དོན་ཆེན་པོ་ཅིའི་ཕྱིར་
ཐོབ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །བསྟན་པ་རྣམ་པ་བཞི་ནི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་གཅིག་གིས་བསླབ་པ་གསུམ་གྱི་དབང་དུ་བྱས་ནས་བསྟན་ནས་བསྟན་པ་རྣམ་པ་བཞི་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །བསྟན་པ་བཞི་ནི་ལྷག་པའི་ཚུལ་ཁྲིམས་
ཀྱི་དབང་དུ་བྱས་ཞེས་བྱ་བ་ནས། སྟོད་པར་བྱེད་པ་དང་ཞེས་བྱ་བའི་བར་དུ་བསྟན་པ་གཅིག་གོ། །ལོག་པར་ཞེས་བྱ་བ་ནས་སྨད་པར་བྱེད་པ་དང་ཞེས་བྱ་བའི་བར་དུ་བསྟན་པ་གཉིས་སོ། །ལྷག་པའི་སེམས་དང་ཞེས་བྱ་བ་ནས་རྣམ་པར་འབྱེད་པ་དང་ཞེས་བྱ་བའི་བར་དུ་བསྟན་པ་གསུམ་སྟེ། རབ་ཏུ་
เล่ม ๑๒๕ · หน้า 282b
གནས་པ་ནི་ལྷག་པའི་སེམས་སོ། །རྣམ་པར་འབྱེད་པ་ནི་ལྷག་པའི་ཤེས་རབ་པོ། །དེའི་བར་ཆད་བྱེད་པ་དང་ཞེས་བྱ་བ་ནས་ཐམས་ཅད་དུ་སྟོན་ཏོ་ཞེས་བྱ་བའི་བར་དུ་སྟོན་པ་བཞི་པའོ། །གང་ལ་སྤངས་པ་དང་བསྙེན་པས་ཞེས་བྱ་བ་ལ། བར་ཆད་བྱེད་པའི་ཆོས་ནི་སྤངས་པ་རྗེས་སུ་མཐུན་པའི་ཆོས་ནི་
བསྙེན་ཞེས་རིམ་བཞིན་དུ་སྦྱར་རོ། །རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པའོ་ཞེས་བྱ་བ་ལ། ཞི་གནས་དང་ལྷག་མཐོང་གི་ལམ་བསྒོམ་པ་ལ་རྣལ་འབྱོར་ཞེས་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མོས་པ་སྤྱོད་པའི་སའི་བདག་ཉིད་ཆེན་པོ་བསྟན་ནས། ས་དང་པོའི་བདག་ཉིད་ཆེན་པོ་
བསྟན་པའི་ཕྱིར། །རབ་ཏུ་རྣམ་པར་མི་རྟོག་ལྟ་བ་ཡི། །དེས་ནི་མདོར་ན་འཇིག་རྟེན་ཟིལ་གནོན་ཅིང་། །མུན་པ་ཆེན་པོ་བསལ་ནས་སྣང་བ་ནི། །འགྲོ་བ་ཉི་མ་ཆེན་པོ་བཞིན་དུ་འཆར། །ཞེས་བྱ་བ་སྨོས་ཏེ། མོས་པ་སྤྱོད་པའི་ས་ལས་འདས་ནས་ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཉན་ཐོས་
དང་རང་སངས་རྒྱས་དང་། འཇིག་རྟེན་པ་རྣམས་ཟིལ་གྱིས་མནན་ནས་གནས་པ་ཞེས་བྱ་བའི་དོན་ཏོ། །གང་གིས་ཟིལ་གྱིས་མནན་ཅེ་ན། རབ་ཏུ་རྣམ་པར་མི་རྟོག་པའི་ལྟ་བས་ཟིལ་གྱིས་མནན་ཏེ། རྣམ་པར་མི་རྟོག་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཟིལ་གྱིས་གནོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཉི་
མ་ཆེན་པོ་བྱ་བ་ཡོད་མི་སྲིད་མོད་ཀྱི། འོན་ཀྱང་ཐང་ཅིག་བཏང་ནས་བརྗོད་དོ། །གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད་པའི་ཉི་མ་ལ་ཉི་མ་ཆེན་པོ་ཞེས་བྱའོ། །དཔེར་ན་ཉི་མ་ཆེན་པོ་རི་མཐོན་པོའི་ཁ་ནས་ཤར་ན་མུན་པ་ཆེན་པོ་ཐམས་ཅད་བསལ་ཏེ། ཟིལ་གྱིས་
མནན་ནས་སྐྱེ་བོ་རྣམས་ལ་སྣང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མོས་པ་སྤྱོད་པའི་ས་འཇིག་རྟེན་ཆོས་མཆོག་གི་རི་ཁ་ནས་འདས་ཏེ། ས་དང་པོ་རྣམ་པར་མི་རྟོག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཉི་མ་ཤར་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཆེན་པོ་བསལ་ནས་དག་པ་འཇིག་རྟེན་པའི་ཡེ་
ཤེས་ཀྱི་ཆོས་བསྟན་པའི་སྒོ་ནས་འཇིག་རྟེན་ཀུན་ལ་ཆོས་འཆད་པའི་སྒོ་ནས་སྣང་བ་ཆེན་པོས་ཁྱབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་མོས་པ་སྤྱོད་པའི་ས་ལ་གནས་པ་དང་། ས་དང་པོ་ལ་གནས་པ་དང་། ས་གཉིས་ལ་སོགས་པ་བསྒོམ་པའི་ས་ལ་གནས་པའི་འབྲས་བུའི་ཚིགས་
เล่ม ๑๒๕ · หน้า 283a
སུ་བཅད་པ་གཅིག་གིས་བསྟན་ཏེ། དེ་བས་ན། དེ་ལྟར་རྟག་ཏུ་དགེ་བ་དག་ནི་འཕེལ་རྫོགས་ཤིང་། །རབ་ཏུ་རྒྱས་པའི་ཏིང་ངེ་འཛིན་གྱིས་སེམས་འཐོབ་ཅིང་། །ཐུབ་པ་ལས་ནི་རྟག་ཏུ་གདམས་པ་ཆེ་ཐོབ་ནས། །སེམས་དཔའ་མཆོག་གི་ཡོན་ཏན་རྒྱལ་མཚོའི་ཕ་རོལ་འགྲོ། །ཞེས་བྱ་
བ་སྨོས་ཏེ། ས་དང་པོ་མོས་པའི་སར་བསྐལ་པ་གྲངས་མེད་པ་གཅིག་གི་བར་དུ་བསོད་ནམས་ཀྱི་ཚོགས་རྟག་ཏུ་བསགས་པ་དང་། དེ་ནས་ས་གཉིས་ནས་ས་བདུན་གྱི་བར་དུ་བསོད་ནམས་ཀྱི་ཚོགས་རྟག་ཏུ་བསགས་པ་དང་། ས་བརྒྱད་ནས་ས་བཅུ་པའི་བར་དུ་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་
ཀྱི་ཚོགས་རྟག་ཏུ་བསགས་པས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱས་པས་ན་དགེ་བ་དག་འཕེལ་ཞིང་རྫོགས་པར་བྱས་ཏེ། འདིས་ནི་བསོད་ནམས་ཀྱི་ཚོགས་རྫོགས་པར་བསྟན་ཏོ། །རབ་ཏུ་རྒྱས་པའི་ཏིང་ངེ་འཛིན་ནི་ཐོབ་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་
ཀྱང་ཐོབ་ཅེས་བྱ་བའི་དོན་ཏོ། །དེར་ཡང་མ་ཟད་ཀྱིས་དེ་དག་ལ་གནས་པའི་ཚེ་ཐེག་པ་ཆེན་པོའི་གཏམས་པ་དང་གདམས་པ་ཡང་འཐོབ་སྟེ། དེས་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བསྟན་ཏོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སེམས་དཔའི་མཆོག་བྱང་ཆུབ་
སེམས་དཔའ་དེས་སངས་ཀྱི་སར་ཡོན་ཏན་རྒྱ་མཚོའི་ཕ་རོལ་དུ་འགྲོ་སྟེ། དོན་དུ་ན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་འཚང་རྒྱ་བ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསྡུ་བ་སྟེ་ཞེས་བྱ་བ་ལ། གང་ལ་བསླབ་པ་དང་། ཇི་ལྟར་བསླབ་པ་དང་། གང་གིས་བསླབ་
པ་གསུམ་ལས། ཇི་ལྟར་བསླབ་པའི་དོན་བསྡུས་ན་འདི་རྣམས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །མོས་པ་དང་ནི་མང་པོ་དང་། །ཆོས་ཚོལ་བ་དང་བཤད་པ་དང་། །དེ་བཞིན་དུ་ནི་སྒྲུབ་པ་དང་། །ཡང་དག་གདམས་ཤིང་རྗེས་སུ་བསྟན། །ཞེས་བྱ་བ་ལ། ཇི་ལྟར་བསླབ་པར་བྱ་བའི་སྐབས་ལས་འདི་
ཡན་ཆད་དུ་མོས་པ་མང་བ་དང་། ཆོས་ཚོལ་བ་དང་། ཆོས་བཤད་པ་དང་། དེ་བཞིན་དུ་བསྒྲུབ་པ་དང་། ཡང་དག་པར་གཏམས་ཤིང་རྗེས་སུ་བསྟན་པ་སྟེ། དེ་རྣམས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གདམས་ཤིང་རྗེས་སུ་བསྟན་པའི་སྐབས་བཤད་པ་རྫོགས་སོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด