མདོ་སྡེ་རྒྱན་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๖ · หน้า 1b
༄༅༅། །ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། གདམས་པ་དང་རྗེས་སུ་བསྟན་པའི་སྐབས་ཀྱི་རྗེས་ལ་ཐབས་ཀྱིས་བསྡུས་པའི་ལས་
བཤད་པར་འབྲེལ་ཅི་ཡོད་ཅེ་ན། གོང་དུ་གང་ལ་བསླབ་པ་དང་། ཇི་ལྟར་བསླབ་པ་དང་། གང་གིས་བསླབ་པ་གསུམ་ལས་འདི་ཡང་ཇི་ལྟར་བསླབ་པའི་སྐབས་ཡིན་ཏེ། དེ་ལ་ཡང་གང་བསླབ་པའི་
ཁྱད་པར་ཞེས་སྨོས་པ་དེ་ཡང་བརྗོད་དགོས་ལ། བསླབ་པ་དེ་ཡང་གང་ལ་དམིགས་ནས་སློབ་པར་བྱེད་པ་དེ་ཡང་སྨྲ་དགོས་ཏེ། དེ་ལ་བསླབ་པའི་ཁྱད་པར་དེ་ཞེས་བརྗོད་པར་བྱའོ། །དེ་ལ་བསླབ་པ་ནི་གང་
བསླབ་པའི་ཁྱད་པར་ནི་གང་ཞེ་ན། རང་གི་བྱ་བ་བསྒྲུབ་པ་ནི་བསླབ་པའོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་དུ་མ་གྱུར་པ་ནི་ཁྱད་པར་རོ། །རང་གི་བྱ་བ་བསྒྲུབ་པ་ལ་ཡང་རྣམ་པ་གཉིས་ཏེ། སྤྱི་དང་
ཁྱད་པར་རོ། །དེ་ལ་སྤྱི་ནི་ལུས་ལ་སོགས་པའི་ལས་ལ་ཕྱིན་ཅི་མ་ལོག་པར་འཇུག་པ་སྟེ། དེ་ནི་ཐབས་ཀྱིས་བསྡུས་པའི་ལས་ཉིད་དེ་ལས་དེ་དགེ་བའི་ལས་མངོན་པར་འདུ་བྱེད་པ་ཐམས་ཅད་ལ་ཁྱབ་པས་ན་
เล่ม ๑๒๖ · หน้า 2a
སྤྱི་ཞེས་བྱའོ། །ཁྱད་པར་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་སྟེ། དེ་ནི་ཕྱིས་འཆད་དོ། །ཚལ་དང་རི་དང་ལུས་ཅན་ཆུ་བོ་དག །ཐམས་ཅད་ཇི་ལྟར་ས་ལ་གནས་པ་བཞིན། །དེ་བཞིན་སྦྱིན་པ་ལ་སོགས་དགེ་བ་
དག །མདོར་ན་བློ་ཅན་ལས་རྣམས་གསུམ་ལས་བརྗོད། །ཅེས་བྱ་བའི་ཚིགས་སུ་བཅད་པ་འདིས་དགེ་བ་རྣམས་ལྡང་བའི་ཐབས་བསྟན་ཏེ། དཔེར་ན་ཚལ་དང་། རི་དང་ལུས་ཅན་ཏེ་སེམས་ཅན་དང་། ཆུ་བོ་དག་ས་ཆེན་པོའི་སྟེང་ན་
གནས་ཤིང་། ས་ལ་བརྟེན་པ་དང་ས་ལས་སྐྱེ་བ་དེ་བཞིན་དུ། མདོར་ན་བློ་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་། ངག་དང་། ཡིད་གསུམ་གྱི་ལས་རྣམ་པར་དག་པ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་
དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་སོགས་པའི་ཆོས་རྣམས་དེ་ལ་གནས་ཤིང་། ལས་རྣམ་པ་གསུམ་དག་ལས་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དཔེའི་སྐབས་དོན་རྣམ་པ་བཞི་བསྟན་ཏེ། ལོངས་སྤྱོད་དང་། ཟ་བ་པོ་དང་། བརྟན་
པ་དང་། མི་བརྟན་པའོ། །དེ་ལ་ཚལ་སྨོས་པས་ནི་ལོངས་སྤྱོད་ཀྱི་དངོས་པོ་བསྟན་ཏེ། མདོ་ལས་ཀྱང་། བཅོམ་ལྡན་འདས་ཛེ་ཏའི་ཚལ་ན་བཞུགས་ཞེས་འབྱུང་བའི་ཕྱིར་རོ། །ལུས་ཅན་ཞེས་བྱ་བས་ཟ་བ་པོ་བསྟན་ཏོ། །སེམས་ཅན་དང་
เล่ม ๑๒๖ · หน้า 2b
རི་ཞེས་བྱ་བས་བརྟན་པ་བསྟན་ཏོ། །ཆུ་བོ་ཞེས་བྱ་བས་མི་བརྟན་པ་བསྟན་ཏོ། །དེ་ཡང་མདོར་ན་རྣམ་པ་གཉིས་སུ་གཞག་སྟེ། རི་དང་ཚལ་གྱིས་ནི་བརྟན་པའི་དངོས་པོ་བསྟན། ལུས་ཅན་དང་ཆུ་བོས་ནི་མི་བརྟན་པའི་དངོས་པོ་བསྟན་ཏོ། །སེམས་ཅན་དང་། སེམས་ཅན་མ་ཡིན་པའི་གྲངས་སུ་དབྱེ་
ན། ལུས་ཅན་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པའོ། །ཚལ་དང་རི་དང་ཆུ་བོ་ནི་སེམས་ཅན་གྱི་གྲངས་སུ་མ་གཏོགས་པའོ། །ད་ཚིགས་སུ་བཅད་པ་གཉིས་ཀྱིས་ལྡང་བའི་ཐབས་བསྟན་ཏེ། དེ་ཡང་རྣམ་པ་གཉིས་ལས་བསླང་བའི་ཐབས་བསྟན་ཏོ། །རྣམ་པ་གཉིས་ནི་ཐེག་པ་ཆེན་པོ་ལ་སྐྱོ་པ་ལས་
བསླང་བ་དང་། ཐེག་པ་གཞན་དུ་ལྟུང་བ་ལས་བསླང་བའོ། །སྣ་ཚོགས་རང་བཞིན་བསྐལ་པ་མང་པོས་མཐར་ཕྱིན་པའི། །རབ་ཏུ་དཀའ་བའི་ལས་ལ་བརྩོན་པའི་བདག་ཉིད་དེ། །ལུས་དང་ངག་དང་སེམས་ཀྱི་མཚན་ཉིད་ལས་རྣམས་ལ། །རྒྱལ་བའི་སྲས་དག་ཞུམ་པར་ཡོངས་སུ་མི་འགྱུར་རོ། །ཞེས་
བྱ་བ་ལ། སེམས་ཅན་རྣམས་ཀྱི་དོན་དང་ཆེད་དུ་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་ཕྱིའི་དངོས་པོ་བུ་སྨད་དང་། ནོར་རྫས་ལ་སོགས་པ་གཏོང་བ་དང་། ནང་གི་དངོས་པོ་མགོ་དང་རྐང་ལག་དང་མིག་
ལ་སོགས་པ་ཡན་ལག་དམ་པ་གཏོང་བ་ནི་སྣ་ཚོགས་ཀྱི་རང་བཞིན་ཞེས་བྱའོ། །དེ་ལྟ་བུ་ཡང་ལོ་དང་ཟླ་བ་རྣམས་ཀྱིས་སྤྱད་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མི་འགྱུར་གྱི། བསྐལ་པ་གྲངས་མེད་པ་གསུམ་དུ་སྤྱད་ཅིང་བཏང་ན། གདོད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་
རྫོགས་ཤིང་མཐར་ཕྱིན་པར་འགྱུར་བས་ན། བསྐལ་པ་མང་པོས་མཐར་ཕྱིན་པ་ཞེས་བྱ་སྟེ། དེ་འདྲ་བའི་བར་དུ་དཀའ་བའི་ལས་ལ་བརྩོན་པའི་བདག་ཉིད་ཉན་ཐོས་དང་རང་སངས་རྒྱས་དང་འཇིག་རྟེན་པ་མ་ཡིན་གྱི་བྱང་ཆུབ་སེམས་དཔའ་ལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལུས་དང་ངག་
དང་ཡིད་གསུམ་གྱི་མཚན་ཉིད་ཀྱིས་རབ་ཏུ་དཀའ་བའི་ལས་ལ་སྤྱད་ཅིང་ཞུགས་ཀྱང་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཞུམ་པར་མི་འགྱུར་ཏེ། བརྩོན་འགྲུས་ཞན་པར་མི་འགྱུར་ཞིང་སྐྱོ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དུས་རིང་པོར་སྤྱད་པའི་ཕྱིར་ཏེ། ཐེག་པ་
เล่ม ๑๒๖ · หน้า 3a
ཆེན་པོ་ལ་དུས་རིང་པོར་གོམས་པར་བྱས་ན་བདག་ཉིད་ཐེག་པ་ཆེན་པོའི་རང་བཞིན་དང་ངོ་བོ་ཉིད་དུ་འགྱུར་རོ། །མདོ་གཞན་དག་ལས་ཀྱང་དགེ་བའི་ཆོས་རྣམས་ལ་སྔོན་གོམས་པར་བྱས་པའི་རྒྱུས། དེ་དང་འདྲ་བའི་རྣམ་པར་སྨིན་པ་མངོན་པར་འགྲུབ་སྟེ། དེ་ལྟ་བུའི་རྣམ་པར་
སྨིན་པ་གྲུབ་པས། གང་གི་ཕྱིར་མ་བརྟགས་པར་ཡང་དེ་སྤྱད་པ་ལ་དག་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་བསྐལ་པ་མང་པོར་ཐེག་པ་ཆེན་པོ་ལ་སྤྱད་ན་ཐེག་པ་ཆེན་པོའི་རང་བཞིན་དུ་འགྱུར་བ་རྣམས་ནི། རྨི་ལམ་ན་ཡང་དེ་ལ་སྤྱོད་པར་རྨིས་ཏེ། དེ་བས་ན་ཐེག་པ་ཆེན་པོ་ལ་སྐྱོ་བར་མི་
འགྱུར་བའི་ཕྱིར་འདིས་ནི་ཐེག་པ་ཆེན་པོ་ལ་སྐྱོ་བ་ལས་བསླང་བར་བསྟན་ཏོ། །ཇི་ལྟར་དུག་དང་མཚོན་དང་དགྲ་དང་གནམ་ལྕགས་དག །བདག་ལ་ཕན་ཕྱིར་རང་གི་གནམ་ལས་བཟློག་པ་བཞིན། །དེ་བཞིན་ལས་རྣམ་གསུམ་ཡང་རྒྱལ་བའི་སྲས་དག་གིས། །ཐེག་པ་ངན་པ་རྣམ་པ་གཉིས་ལས་
བཟློག་པར་བྱ། །ཞེས་བྱ་བ་ལ། དཔེར་ན་སྐྱེས་བུ་ལ་ལ་ཞིག་བདག་ལ་ཕན་པར་འདོད་པ་དག་གི་ལུས་དང་། སེམས་ལ་མི་གནོད་པར་བྱ་བ་དང་། སྲོག་གི་བར་ཆད་དུ་མི་འགྱུར་བར་བྱ་བའི་ཕྱིར། ལུས་དང་སེམས་ལ་གནོད་པར་འགྱུར་བའི་དངོས་པོ། དུག་དང་མཚོན་དང་དགྲ་དང་གནམ་ལྕགས་དག་ལ་
བདག་གི་གནམ་ལས་བཟློག་ཅིང་སྐྱོ་བར་བྱེད་དེ། དུག་མི་ཟ་མཚོན་གྱིས་མི་འདེབས་དགྲ་དང་གནམ་ལྕགས་ལ་སོགས་པ་བྱུང་ན་ཟློག་པར་བྱེད་དོ། །དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་ཡང་ཐེག་པ་ངན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཀྱི་སྤྱོད་པ་ལ་ལུས་
དང་ངག་དང་ཡིད་གསུམ་མི་འཇུག་ཅིང་ལས་གསུམ་གྱི་སྒོ་ནས་དགེ་བ་སྤྱད་པ་ཐེག་པ་གཉིས་སུ་སྔོ་བར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདི་ནི་བྱང་ཆུབ་སེམས་དཔའི་ཞི་བ་སྟེ། གང་བྱང་ཆུབ་སེམས་དཔའི་སྤྱོད་པ་བཏང་ནས། ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་པ་དང་། ལུས་ལ་སོགས་པའི་སྒོ་ནས་དགེ་བ་སྤྱད་
པ་རྣམས་ཐེག་པ་ངན་པར་བསྔོ་བ་སྟེ། དེ་ལྟར་བསྔོས་ན་ཐེག་པ་ཆེན་པོའི་དགེ་བའི་རྩ་བ་རྩ་བ་ནས་ཆད་ཅིང་མེད་པར་འགྱུར་བའི་ཕྱིར་རོ། །ཐེག་པ་ཆུང་ངུར་བསྔོ་བ་ནི་དུག་དང་མཚོན་ལ་སོགས་པ་དང་འདྲ་བར་རིག་ནས་དེར་སྔོ་བར་མི་བྱེད་དེ། འདིས་ནི་ཐེག་པ་གཞན་དུ་ལྟུང་བ་ལས་བསླང་བའི་ཐབས་བསྟན་ཏོ། །
เล่ม ๑๒๖ · หน้า 3b
ཚིགས་སུ་བཅད་པ་དེ་གཉིས་ཀྱིས་ལྡང་བའི་ཐབས་བསྟན་ཏོ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་གཉིས་པ་དང་། གསུམ་པས་ནི་ལྡང་བའི་ཐབས་བསྟན་ཏེ། དེ་ལ་ཡང་ཚིགས་སུ་བཅད་པ་གཉིས་པས་ནི་ཐེག་པ་ཆེན་པོ་ལས་སྐྱོ་བ་ལས་བསླང་བའི་ཐབས་བསྟན། གསུམ་པས་ནི་ཐེག་པ་གཞན་དུ་
ལྟུང་བ་ལས་བསླང་བའི་ཐབས་བསྟན་ཏེ་རིམ་པ་བཞིན་དུ་སྦྱར་རོ། །དུག་ལ་སོགས་པ་དང་འདྲ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་དུག་དང་མཚོན་ལ་སོགས་པས་སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་མ་རུང་ཞིང་འཆི་བར་བྱེད་པ་དེ་བཞིན་དུ། ལུས་དང་ངག་དང་ཡིད་གསུམ་གྱི་ལས་ཐེག་པ་
ངན་པར་བསྔོས་པ་ཡང་དེ་དང་འདྲ་སྟེ། ཐེག་པ་ངན་པར་བསྔོས་པས་ཐེག་པ་ངན་པའི་དགེ་བའི་རྩ་བ་སྐྱེར་ཟད་ཀྱི། བྱང་ཆུབ་ཆེན་པོ་འཐོབ་པའི་དགེ་བའི་རྩ་བ་འཆད་པར་འགྱུར་རོ། །ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་གཅོད་པ་དང་། མ་སྐྱེས་པའི་དགེ་བའི་རྩ་བ་རྣམས་མི་སྐྱེད་པ་དང་། སྐྱེས་པའི་དགེ་
བའི་རྩ་བ་རྣམས་འཇིག་པ་དང་། སངས་རྒྱས་པ་ཕུན་སུམ་ཚོགས་པ་ཐོབ་པའི་བགེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཐེག་པ་ངན་པར་བསྔོས་པའི་ལས་རྣམས་ནི་དུག་དང་མཚོན་ཆ་དང་འདྲ་སྟེ། དགེ་བའི་རྩ་བ་གཅོད་དོ་ཞེས་བཤད་པ་དེ་ཇི་ལྟར་གཅོད་པ་བཤད་དེ། དཔེར་ན་མཚོན་ཆས་ཤིང་གི་རྩ་བ་
བཅད་ན་ལོ་མ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུ་རྣམས་མི་སྐྱེ་བ་དེ་བཞིན་དུ། ལུས་ལ་སོགས་པའི་སྒོ་ནས་དགེ་བ་སྤྱད་པ་ཐེག་པ་ངན་པ་གཉིས་སུ་བསྔོས་ན། བྱང་ཆུབ་ཆེན་པོའི་རྩ་བ་བྱང་ཆུབ་ཀྱི་སེམས་གཅོད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་དང་མྱུ་གུ་བཅད་ན་ཕ་རོལ་ཏུ་ཕྱིན་པ་འདབ་མ་
དང་འདྲ་བ་དང་། ས་བཅུའི་སྡོང་བུ་དང་འདྲ་བ་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་མེ་ཏོག་དང་འདྲ་བ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་བྱང་ཆུབ་ཆེན་པོ་འབྲས་བུ་དང་འདྲ་བ་མི་སྐྱེ་བས་ན་མཚོན་དང་འདྲ་བར་རིག་པར་བྱའོ། །དཔེར་ན་དུག་ས་ཕྱོགས་གང་དུ་ཕོག་
པ་དེར་ལོ་ཏོག་མ་སྐྱེས་པ་རྣམས་མི་སྐྱེ་བ་དེ་བཞིན་དུ། དགེ་བའི་ལས་ཐེག་པ་ངན་པ་གཉིས་སུ་བསྔོས་ན་ཐེག་པ་ཆེན་པོའི་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་མི་སྐྱེ་བས་ན་དུག་དང་འདྲའོ། །དཔེར་ན་གནམ་ལྕགས་ཀྱིས་འབྲུ་དང་ལོ་ཏོག་རྣམས་སྐྱེས་པ་འཇིག་ཅིང་མེད་པར་བྱེད་པ་བཞིན་དུ་ལས་རྣམ་པ་གསུམ་གྱིས་དགེ་བ་
เล่ม ๑๒๖ · หน้า 4a
སྤྱད་པ་ཐེག་པ་ངན་པར་བསྔོས་ན་ཐེག་པ་ཆེན་པོའི་དགེ་བའི་རྩ་བ་སྐྱེས་པའི་འབྲུ་རྣམས་འཇིག་ཅིང་མེད་པར་འགྱུར་བས་གནམ་ལྕགས་དང་འདྲའོ། །དཔེར་ན་དགྲས་ལོངས་སྤྱོད་དང་དགེ་བ་སྣ་ཚོགས་ཀྱི་བགེགས་དང་བར་ཆད་བྱེད་པ་དེ་བཞིན་དུ་ལས་གསུམ་གྱི་སྒོ་ནས་དགེ་བ་སྤྱད་པ་
ཐེག་པ་ངན་པར་བསྔོས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕུན་སུམ་ཚོགས་པའི་བདེ་བ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐོབ་པ་ལ་སོགས་པ་ལ་བགེགས་སུ་འགྱུར་བས་ན་དགྲ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་བཞི་པས་ནི་ལས་གསུམ་རྣམ་པར་དག་པའི་
ཐབས་བསྟན་ཏེ། དེའི་ཕྱིར་བྱེད་པ་དང་ལས་དང་ལས་ཀྱི་བྱ་བ་གསུམ་དུ་རྟོག་བརྟག་ཏུ་དམིགས་པ་མེད་ཅེས་བྱ་བ་སྨོས་ཏེ། བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཉིད་དེ། དེ་ཡང་ཡོད་པའི་རྟོག་པའི་དམིགས་པ་མེད་དེ། ཅིའི་ཕྱིར་ཞེ་ན། གང་ཟག་ལ་བདག་མེད་པར་རྟོག་པས་ཡོད་པར་མི་རྟོག་གོ་ཞེས་བྱ་
བའི་དོན་ཏོ། །ལས་ནི་བསྒྲུབ་པར་བྱ་བའི་ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་ལ་ཡང་ཡོད་པར་རྟོག་པའི་དམིགས་པ་མེད་དོ། །ལས་ཀྱི་བྱ་བ་ནི་བརྩོན་འགྲུས་གང་གིས་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་དེ་དེ་ལ་ཡང་ཡོད་པར་རྟོག་པའི་དམིགས་པ་མེད་དེ། ཅིའི་ཕྱིར་ཞེ་ན། ཆོས་ལ་བདག་མེད་པར་
རྟོག་པས་ན་དེ་དག་ལ་ཡོད་པར་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། །དེ་བས་དེ་ཡི་ལས་འདི་རྣམ་དག་ཕ་རོལ་དུ། །འགྲོ་བར་འགྱུར་བ་མཐའ་ཡས་ཐབས་ནི་གཟུང་བའི་ཕྱིར། །ཞེས་བྱ་བ་ལ། དེ་བས་ན་བྱང་ཆུབ་སེམས་དཔའ་བྱེད་པ་དང་། ལས་དང་། ལས་ཀྱི་བྱ་བ་གསུམ་ལ་མི་རྟོག་ཅིང་མི་དམིགས་པ་དེ་
ནི། བྱང་ཆུབ་སེམས་དཔའ་དེའི་ལས་རྣམ་གསུམ་རྣམ་པར་དག་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཐབས་ཀྱིས་ཟིན་པའི་ཕྱིར་ལས་རྣམ་པར་དག་པ་ཞེས་བྱ་སྟེ། ལས་དེས་ནི་ཡོན་ཏན་མཐའ་ཡས་པའི་ཕ་རོལ་དུ་འགྲོ་བ་སྟེ། འཁོར་བའི་མཐར་ཡང་མི་ཟད་པའི་མཚན་ཉིད་
སངས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐབས་དང་ལྡན་པའི་ལས་ཀྱི་སྐབས་བཤད་པ་རྫོགས་སོ།། །།ཕ་རོལ་ཏུ་ཕྱིན་པ་དབྱེ་བ་བསྡུ་བའི་ཚིགས་སུ་བཅད་པ་སྟེ་ཞེས་བྱ་བ་ལ། ཐབས་དང་ལྡན་པའི་ལས་ཀྱི་སྐབས་བཤད་པའི་རྗེས་ལ། ཕ་རོལ་ཏུ་ཕྱིན་པའི་སྐབས་བཤད་པའི་འབྲེལ་བ་
เล่ม ๑๒๖ · หน้า 4b
ཅི་ཡོད་ཅེ་ན། གོང་དུ་བསླབ་པ་གཉིས་ཏེ། སྤྱི་དང་ཁྱད་པར་རོ་ཞེས་སྨོས་པ་ལས་བསླབ་པའི་སྤྱི་ནི་ཐབས་དང་ལྡན་པའི་ལས་ཀྱི་སྐབས་སུ་བཤད་དེ། དེ་ནི་དགེ་བའི་ལས་མངོན་པར་འདུ་བྱེད་པ་ཐམས་ཅད་ལ་ཁྱབ་པ་ཡིན་པར་བསྟན་ཏོ། །ད་ནི་ཁྱད་པར་བརྗོད་པར་བྱ་སྟེ། དེ་བས་ན་དེ་བཤད་པར་བྱའོ། །
བསླབ་པའི་ཁྱད་པར་ནི་བདག་ཉིད་སངས་རྒྱས་ཀྱི་ཆོས་ཀྱི་ཚོགས་བསགས་པ་ལ་ཕན་པར་བྱེད་དེ་དེ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ནི་བདག་གི་རྒྱུད་ཀྱི་དགེ་བ་ཀུན་ལ་ཁྱབ་པ་སྟེ། དེ་ནི་ཕྱིས་འཆད་དོ། །དེ་ལས་གྲངས་དང་། དེ་བསྒྲུབས་ན་བདག་ཉིད་ཡོངས་སུ་གྲོལ་བར་
འགྱུར་རོ། །བདག་གྲོལ་ན་གཞན་ཡང་གྲོལ་ཡང་ནུས་ཏེ། དེ་བས་ན་བདག་ལ་ཕན་པར་བྱ་བའི་ཕྱིར་ནི་སྔར་ཕ་རོལ་ཏུ་ཕྱིན་པ་བཤད་དོ། །དེ་ནས་གཞན་ལ་ཕན་པར་གཞག་པའི་ཕྱིར་ནི། བསྡུ་བའི་དངོས་པོ་བསྒྲུབ་སྟེ། དེ་ནི་ཕྱིས་འཆད་དོ། །དེ་ལ་གྲངས་དང་དེའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ཚིགས་
སུ་བཅད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་དོ། །ལོངས་སྤྱོད་དང་ནི་བདག་ལུས་ཞེས་བྱ་བ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པའི་དབྱེ་བ་བསྟན་ཏོ། །གྲངས་དང་དེ་ཡི་མཚན་ཉིད་གོ་རིམས་དང་། །ཞེས་བྱ་བ་ལ། སྤྱི་དོན་རྣམ་པ་བཅུས་ཕ་རོལ་ཏུ་ཕྱིན་པ་འཆད་དེ་དེ་ནི་གྲངས་ལ་སོགས་པའོ། །དེ་ལ་ཕ་རོལ་
ཏུ་ཕྱིན་པ་དྲུག་ཉིད་དུ་གྲངས་ངེས་ཀྱི། དེ་ལས་མང་དུ་ཡང་མི་རུང་ཉུང་དུ་ཡང་མི་རུང་བར་བསྟན་པ་ནི་གྲངས་ཀྱི་དོན་གྱིས་བཤད་པའོ། །སྦྱིན་པའི་མཚན་ཉིད་གང་ཡིན་པ་ནས། ཤེས་རབ་ཀྱི་མཚན་ཉིད་གང་ཡིན་པ་བསྟན་པ་ནི་མཚན་ཉིད་ཀྱི་དོན་ཏོ་ཞེས་བཤད་པའོ། །དང་པོར་ཅིའི་ཕྱིར་སྦྱིན་པ་དེའི་འོག་ཏུ་ཅིའི་ཕྱིར་
ཚུལ་ཁྲིམས་བཤད་ཅེས་པའི་དོན་བསྟན་པ་ནི་གོ་རིམས་ཀྱི་དོན་གྱིས་བཤད་པའོ། །ངེས་པའི་ཚིག་དང་གོམས་དང་ཡོན་ཏན་དང་། །ཞེས་བྱ་བ་ལ། ཅིའི་ཕྱིར་སྦྱིན་པ་ཞེས་བྱ་བ་ནས། ཅིའི་ཕྱིར་ཤེས་རབ་ཅེས་བྱ་བ་ཞེས་བསྟན་པ་ནི་ངེས་པའི་ཚིག་གི་དོན་གྱིས་བཤད་པའོ། །སྦྱིན་པ་ལ་ཅིའི་ཕྱིར་བསྒོམ་
པ་ནས་ཤེས་རབ་ལ་ཇི་ལྟར་བསྒོམ་པ་བསྟན་པ་ནི་གོམས་པའི་དོན་གྱིས་བཤད་པའོ། །སྦྱིན་པ་ལ་ཡོན་ཏན་ཅི་ཡོད་པ་ནས་ཤེས་རབ་ལ་ཡོན་ཏན་ཅི་ཡོད་པ་བསྟན་པ་ནི་ངེས་པའི་ཚིག་གི་དོན་གྱིས་བཤད་པའོ། །དེ་ཡི་དབྱེ་བ་བསྡུ་དང་མི་མཐུན་ཕྱོགས། །ཞེས་བྱ་བ་ལ། སྦྱིན་པ་ལ་ཕྱེ་ན་དུ་ཡོད་པ་
เล่ม ๑๒๖ · หน้า 5a
ནས་ཤེས་རབ་ལ་ཕྱེ་ན་དུ་ཡོད་པ་བསྟན་པ་ནི་དེའི་དབྱེ་བས་བཤད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་ན་དྲུག་ལས་ཀྱང་བསྡུས་ན་འདི་ཙམ་ཞིག་སྟོན་ཏོ་ཞེས་བསྟན་པ་ནི་བསྡུ་བས་བཤད་པའོ། །སྦྱིན་པའི་མི་མཐུན་པའི་ཕྱོགས་གང་ཡིན་པ་བསྟན་པ་ནས། ཤེས་
རབ་ཀྱི་མི་མཐུན་པའི་ཕྱོགས་གང་ཡིན་པ་བསྟན་པ་ནི་མི་མཐུན་པའི་ཕྱོགས་ཀྱིས་བསྟན་པའོ། །ཡོན་ཏན་ཕན་ཚུན་ངེས་པར་ཤེས་པར་བྱ། །ཞེས་བྱ་བ་ལ། སྦྱིན་པའི་ནང་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་པ་ནས། ཤེས་རབ་ཀྱི་ནང་དུ་ཡང་སྦྱིན་པ་ལ་སོགས་པ་དྲུག་འདུས་པར་བསྟན་པ་ནི་ཡོན་ཏན་ཕན་
ཚུན་ངེས་པར་བཤད་པ་ཞེས་བྱ་བའོ། །གྲངས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་དྲུག་སྟེ་ཞེས་བྱ་བ་ལ། འདི་ལྟར་ཕ་རོལ་ཏུ་ཕྱིན་པའི་གྲངས་ནི་དྲུག་ཉིད་དུ་བཤད་དེ། བདུན་ལ་སོགས་པར་མང་དུ་ཡང་མི་བཤད། ལྔ་ལ་སོགས་པར་ཉུང་དུ་ཡང་མི་བཤད་པར་ཅིའི་ཕྱིར་གྲངས་དྲུག་
ཏུ་བཤད་ཅེ་ན། གྲངས་ངེས་པར་བཤད་པ་ནི་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དང་པོ་ནི་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་གྲངས་ངེས་པའི་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ་ཞེས་གླེངས་པ་ལས་ཚིགས་སུ་བཅད་པ་དང་པོ་ཇི་བསྟན་ཏོ། །མངོན་པར་འབྱུང་བའི་
རྒྱུ་དང་། ཉོན་མོངས་པའི་དབང་དུ་མི་འགྲོ་བ་དང་། བྱ་བ་དག་ལ་ཕྱིན་ཅི་ལོག་མེད་པའི་དབང་དུ་བྱས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དུ་གཞག་གོ། །དེ་ལས་གྲངས་མང་ཡང་མི་མང་ཉུང་ཡང་མི་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་དང་ནི་བདག་ལུས་ཕུན་སུམ་ཚོགས། །གཡོག་འཁོར་
ཕུན་སུམ་ཚོགས་པ་མངོན་པར་འབྱུང་། །ཞེས་བྱ་བ་ལ་མངོན་པར་འབྱུང་བ་ནི་འཁོར་བའི་ལོངས་སྤྱོད་དང་བདེ་བ་ལ་བྱ་སྟེ། དེའི་རྒྱུ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་ཏེ་བཞིའོ། །ཇི་ལྟར་རྒྱུར་འགྱུར་ཞེ་ན། བྲམ་ཟེ་དང་ཁྱིམ་བདག་དང་གདོལ་བ་ལ་སོགས་པ་ཡོ་བྱད་
ཀྱིས་ཕོངས་པ་རྣམས་ལ། བཟའ་བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་བྱིན་པས་ལོངས་སྤྱོད་ཆེན་པོར་འགྱུར་ཏེ། གཏེར་དང་འབྲུ་ལ་སོགས་པ་ཕུན་སུམ་ཚོགས་པར་འགྱུར་རོ། །སྲོག་གཅོད་པ་སྤངས་པ་ལ་སོགས་པ་ཚུལ་ཁྲིམས་བསྲུང་བས་ནི་བདག་གི་ལུས་ཕུན་སུམ་ཚོགས་པར་འགྱུར་ཏེ།
เล่ม ๑๒๖ · หน้า 5b
ངན་སོང་གསུམ་དུ་མི་སྐྱེའི་ལྷ་དང་མིའི་ནང་དུ་སྐྱེས་ནས་ལྷ་དང་མིའི་ལུས་འཐོབ་པར་འགྱུར་བའི་ཕྱིར་རོ། །གཞན་གྱིས་གནོད་པ་བྱས་ཀྱང་ཞེ་སྡང་མི་སྡང་ཞིང་སླར་གནོད་པར་མ་བྱས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ནི་གཡོག་ཕུན་སུམ་ཚོགས་པར་འགྱུར་ཏེ། ཚེ་འདིར་སེམས་ཅན་ལ་གནོད་པ་མ་བྱས་
ཏེ། དགའ་བར་བྱས་པས། ཚེ་རབས་གཞན་དུ་སྐྱེ་བོ་མང་པོའི་སྙིང་དུ་སྡུག་པར་འགྱུར་ཞིང་། སྐྱེ་བོ་མང་པོ་དེའི་ཐད་དུ་འདུ་བར་འགྱུར་བས་འཁོར་ཕུན་སུམ་ཚོགས་པར་འགྱུར་རོ། །དགེ་བ་ལ་སེམས་སྤྲོ་བའི་མཚན་ཉིད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པས་ནི་རྩོམ་པ་ཕུན་སུམ་ཚོགས་པར་
འགྱུར་ཏེ། བརྩོན་འགྲུས་དང་ལྡན་པ་རྣམས་དགེ་བའི་ལས་བྱ་བ་དང་། ཞིང་དང་ཚོང་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་གང་དང་གང་བརྩམས་པ་དེ་དང་དེ་དག་ཐམས་ཅད་མཐར་ཕྱིན་པར་འགྱུར་བའི་ཕྱིར་རོ། །ཉོན་མོངས་དབང་དུ་མི་འགྲོ་དང་། །ཞེས་བྱ་བ་ལ། ལྔ་པ་བསམ་གཏན་གྱི་ཕ་རོལ་
ཏུ་ཕྱིན་པས་ནི་ཉོན་མོངས་པའི་དབང་དུ་མི་འགྲོ་བར་བྱེད་དེ། ཅིའི་ཕྱིར་ཞེ་ན། སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་བསམ་གཏན་གྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་བྱུང་བ་རྣམས་འཇིལ་ཞིང་གནོད་པའི་ཕྱིར་རོ། །བྱ་བ་དག་ལ་རྟག་ཏུ་ལོག་པ་མེད། །ཅེས་བྱ་བ་ལ་དྲུག་པ་སྟེ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་བྱ་བ་དག་ལ་རྟག་ཏུ་ཕྱིན་ཅི་ལོག་མེད་དེ་ཞེས་བྱ་བ་ནི་སྤང་བར་བྱ་བ་དང་བླང་བར་བྱ་བ་སྟེ་རྣམ་པ་གཉིས་སོ། །དེ་ལ་སྤང་བར་བྱ་བ་ལ་ཡང་ཤེས་རབ་ཀྱིས་སྤང་བར་བྱ་བར་ཤེས་ནས་དེ་ལ་མི་འཇུག་གོ། །བླང་བར་བྱ་བ་ལ་ཡང་ཤེས་རབ་ཀྱིས་བླང་བར་བྱ་བར་ཤེས་ནས་ལེན་
པར་བྱེད་དེ། དེ་བས་ན་བྱ་བ་ལ་ཕྱིན་ཅི་ལོག་མེད་དོ། །ཡང་ན་བྱ་བ་ནི་རྣམ་པ་བཞི་སྟེ། ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། བསྒོམ་པར་བྱ་བ་དང་། མངོན་དུ་བྱ་བའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་ཤེས་པར་བྱ་བ་ཡིན་པར་ཡོངས་སུ་ཤེས་ཏེ། ཀུན་འབྱུང་ནི་སྤང་བར་བྱ་བ་ཡིན་པར་ཤེས། ལམ་ནི་བསྒོམ་པར་བྱ་
བ་ཡིན་པར་ཤེས། འགོག་པ་ནི་མངོན་དུ་བྱ་བ་ཡིན་པར་ཤེས་པས་ན་བྱ་བ་ལ་ཕྱིན་ཅི་ལོག་མེད་པ་ཞེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཞི་དག་གིས་ནི་མངོན་བར་འབྱུང་བ་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་བཞི་ནི་ལོངས་སྤྱོད་ཆེན་པོ་ལ་སོགས་པ་
เล่ม ๑๒๖ · หน้า 6a
འཁོར་བའི་འབྱོར་པ་རྣམ་པ་བཞིའི་རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྩོམ་པའི་དབང་དུ་བྱས་ནས་ཞེས་བྱ་བ་ལ། འདི་ལྟར་མངོན་པར་འབྱུང་བ་ལ་རྩོམ་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་ལ་རྩོམ་པ་དང་། བྱ་བ་མ་ནོར་བ་ལ་རྩོམ་པའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་
པ་དྲུག་ཉིད་དུ་གཞག་སྟེ། མི་མང་མི་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་བཞིས་ནི་མངོན་པར་འབྱུང་བ་ལ་རྩོམ་མོ། །ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་ཀུན་ནས་ཉོན་མོངས་པ་མེད་པ་རྩོམ་མོ། །དྲུག་པ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པས་ནི་བྱ་བ་ལ་ནོར་བ་མེད་པར་རྩོམ་མོ། །སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གཏོང་བཟོད་པས་བྱེད། །ཅེས་བྱ་བ་ལ་ཚིགས་སུ་བཅད་པ་གཉིས་པས་ནི་བདག་གི་དོན་བྱེད་པ་དང་གཞན་གྱི་དོན་བྱེད་པའི་དབང་དུ་བྱས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དུ་བཤད་དེ་མི་མང་
མི་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སེམས་ཅན་གྱི་དོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་གསུམ་གྱིས་ནི། གཞན་གྱི་དོན་བྱེད་དེ། ཇི་ལྟར་ཞེ་ན། སྦྱིན་པས་ནི་བཟའ་བ་དང་བགོ་བ་ལ་སོགས་པ་གཏོང་བས་དོན་བྱེད་དོ། །ཚུལ་ཁྲིམས་
ཀྱིས་ནི་གཞན་གྱི་སྲོག་མི་གཅོད། ནོར་མ་བྱིན་པར་མི་ལེན། ཆུང་མ་ལ་མི་ཚངས་པར་མི་སྤྱོད། གནོད་པ་མི་བྱེད་པས་དོན་བྱེད་དོ། །བཟོད་པས་ནི་བདག་གི་སྲོག་དང་། ནོར་དང་ཆུང་མ་ལ་གཞན་གྱིས་གནོད་པ་བྱས་ཀྱང་ལན་མི་ལྡོན་ཏེ་བཟོད་པ་བྱས་པས་དོན་བྱེད་དོ། །བཞི་དང་བཅས་ནས་གྲོལ་བ་ཡིས། །
རྣམ་པ་ཀུན་ཏུ་བདག་དོན་སྤྱོད། །ཅེས་བྱ་བ་ལ། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་གསུམ་གྱིས་ནི། རྣམ་པ་ཐམས་ཅད་དུ་བདག་གི་དོན་བྱེད་དེ། ཇི་ལྟ་ཞེ་ན། གཞི་དང་བཅས་པའི་སེམས་གནས་པས་སེམས་གྲོལ་བར་བྱས་པའི་ཕྱིར་བདག་གི་དོན་བྱེད་དོ། །དེ་ལ་གཞི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པའོ། །གནས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གྲོལ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་རིམ་པ་ཡང་བརྩོན་འགྲུས་བརྩམས་ན་བསམ་གཏན་ཐོབ་པར་འགྱུར་རོ། །བསམ་གཏན་གྱིས་སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པར་བྱེད་དོ། །སེམས་མཉམ་པར་བཞག་ན་ཤེས་རབ་
เล่ม ๑๒๖ · หน้า 6b
སྐྱེ་བར་འགྱུར་རོ། །ཤེས་རབ་ཀྱིས་ནི་ཉོན་མོངས་པ་ལས་སེམས་གྲོལ་བར་བྱེད་དེ། དེ་ལྟར་ན་གཞན་གྱི་དོན་དང་། བདག་གི་དོན་གྱི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དུ་བཤད་དེ་མི་མང་མི་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །ཕོངས་པ་མེད་དང་མི་འཚེ་འཚེ་བར་ཤིན་ཏུ་བཟོད་པ་དང་། །བྱ་བས་མི་སྐྱོ་
མགུ་བྱེད་ལེགས་པར་བཤད། །གཞན་དོན་བདག་གི་དོན་འགྱུར་གསུམ་པའོ། །ཞེས་བྱ་བ་ལ། ཚིགས་སུ་བཅད་པ་གསུམ་པས་ནི་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གཞན་གྱི་དོན་རྫོགས་པར་བྱེད་པ་དེ་སྟོན་ཏེ། ཇི་ལྟ་ཞེ་ན། སྦྱིན་པས་ནི་སེམས་ཅན་ལ་ཡོ་བྱད་གང་དང་
གང་ཕོངས་པའི་ཡོ་བྱད་དེ་དང་དེ་དག་བྱིན་ཏེ། ཕོངས་པ་མེད་པར་བྱས་ནས་གཞན་གྱི་དོན་བྱེད་དོ། །ཚུལ་ཁྲིམས་ཀྱིས་ནི་གཞན་གྱི་སྲོག་དང་ནོར་དང་ཆུང་མ་ལ་གནོད་པ་མི་བྱེད་ཅིང་། མི་འཚེ་བས་དོན་བྱེད་དོ། །བཟོད་པས་ནི་བདག་གི་སྲོག་དང་ནོར་དང་ཆུང་མ་ལ་གནོད་པ་བྱས་ཏེ། གཙེས་ཀྱང་བཟོད་
པས་དོན་བྱེད་དོ། །བརྩོན་འགྲུས་ཀྱིས་ནི་སེམས་ཅན་གྱི་ལས་སུ་བྱ་བ་རྣམས་ཀྱི་གྲོགས་བྱ་བ་ལ་སྐྱོ་བ་མེད་པས་དོན་བྱེད་དོ། །བསམ་གཏན་གྱིས་ནི་འབར་བ་དང་འཕུར་བ་ལ་སོགས་པའི་རྫུ་འཕྲུལ་བསྒྲུབས་ནས་སེམས་ཅན་མགུ་བར་བྱས་ཤིང་དད་པ་བསྐྱེད་པས་དོན་བྱེད་དོ། །ཤེས་རབ་ཀྱིས་ནི་
ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བཤད་ནས་སེམས་ཅན་གྱི་ཐེ་ཚོམ་སེལ་བར་བྱེད་དེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གཞན་གྱི་དོན་བྱས་པ་དེ་ཉིད་བྱང་ཆུབ་སེམས་དཔའི་བདག་གི་དོན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟར་གཞན་གྱི་དོན་བྱས་པ་ལས་བདག་ཉིད་བླ་ན་མེད་པའི་བྱང་
ཆུབ་ཐོབ་པའི་ཕྱིར་རོ། །དེ་ལྟར་རང་དང་གཞན་གྱི་དོན་རྫོགས་པའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དུ་བཤད་དེ། མི་མང་མི་ཉུང་བར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་དག་ལ་མི་དགའ་ཞིང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་པས་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་
སྤྱོད་པ་མ་ལུས་པ་བསྡུ་བའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དུ་བཤད་དེ། མི་མང་མི་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལོངས་སྤྱོད་ཀྱི་སྒྲས་ནི་གཟུགས་ལ་སོགས་པ་འདོད་པ་ལྔའི་ཡོན་ཏན་ལ་བྱའོ། །དེ་ལ་ལོངས་སྤྱོད་ལ་མི་དགའ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཅིའི་ཕྱིར་ཞེ་ན།
เล่ม ๑๒๖ · หน้า 7a
སྦྱིན་པ་ལ་གནས་དང་ལོངས་སྤྱོད་ལ་མི་ལྟ་སྟེ། ཕྱི་དང་ནང་གི་དངོས་པོ་གང་ལ་ཡང་མི་གཏང་དུ་མི་རུང་བའི་ཆགས་པ་མེད་པའོ། །ཤིན་ཏུ་གཙོར་བྱེད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་གཙོར་བྱེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་
ཡང་དག་པར་བླངས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་ཚིག་ལ་ཉེས་བྱས་ཕྲ་མོ་རྡུལ་ཙམ་ལ་ཡང་བག་བྱེད་ཅིང་བསྲུང་བའི་ཕྱིར་རོ། །གཉིས་མི་སྐྱོ་ཞིང་ཞེས་བྱ་བ་ལ། གཉིས་ཀྱི་སྒྲས་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་བྱ་སྟེ། དེ་གཉིས་ཀྱིས་མི་སྐྱོ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ནི་སེམས་ཅན་གྱིས་མི་སྐྱོ་སྟེ། སྦྲང་བུ་དང་ཤ་སྦྲང་དང་མི་ལ་སོགས་པ་གནོད་པར་བྱས་ཀྱང་བཟོད་པ་ལ་གནས་པ་རྣམས་སླར་གནོད་པ་མི་བྱེད་ཅིང་། སེམས་ཅན་མི་གཏོང་བའི་ཕྱིར་རོ། །སེམས་ཅན་མ་ཡིན་པས་
མི་སྐྱོ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྩོན་འགྲུས་ཀྱིས་ཉན་པ་དང་། སེམས་པ་ལ་སོགས་པའི་དགེ་བ་ལ་ཞུགས་པ་ན། རླུང་དང་ཚ་བ་དང་ཆར་པ་དང་གྲང་བ་དང་བཀྲེས་པ་ལ་སོགས་པའི་ཕྱིའི་སྡུག་བསྔལ་འབྱུང་ཡང་དགེ་བ་ལ་བརྩོན་འགྲུས་མི་གཏོང་བའི་ཕྱིར་རོ། །ཡང་ན་གཉིས་ཀྱི་
སྒྲས་ནི། ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་ཀྱི་ཚོགས་ལ་བྱ་སྟེ། དེ་ལ་མི་སྐྱོ་བ་ནི་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་བཟོད་པས་ནི། ཡེ་ཤེས་ཀྱི་ཚོགས་ལ་མི་སྐྱོའོ། །ཇི་ལྟར་ཞེ་ན། གནོད་པ་ཉམས་སུ་ལེན་པའི་བཟོད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་།
ཆོས་ལ་ངེས་པར་རྟོག་པའི་བཟོད་པ་གསུམ་ལས། ཆོས་ལ་ངེས་པར་རྟོག་པའི་བཟོད་པས། ཆོས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་བཟོད་དེ། དེ་བས་ན་བཟོད་པས་ནི་ཡེ་ཤེས་ཀྱི་ཚོགས་ལ་མི་སྐྱོའོ། །བརྩོན་འགྲུས་ཀྱིས་ནི་བསོད་ནམས་ཀྱི་ཚོགས་ལ་མི་སྐྱོ་
བ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ན་བརྩོན་འགྲུས་མི་གཏོང་བའི་ཕྱིར་རོ། །རྣམ་པར་མི་རྟོག་རྣལ་འབྱོར་ཏེ། །ཞེས་བྱ་བ་ལ། ཐ་མའི་བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱིས་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒྲུབ་སྟེ།
เล่ม ๑๒๖ · หน้า 7b
ཅིའི་ཕྱིར་ཞེ་ན། དེ་གཉིས་ཀྱིས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་བསམ་གཏན་བསྒོམས་པའི་ཕྱིར་རོ། །དེ་ལ་བསམ་གཏན་ནི་ཞི་གནས་སོ། །ཤེས་རབ་ནི་ལྷག་མཐོང་ངོ་། །འདིས་ནི་མ་ལུས་ཐེག་པ་མཆོག་ཅེས་བྱ། །ཞེས་བྱ་བ་ལ། ཐེག་པ་མཆོག་ནི་ཐེག་པ་ཆེན་པོ་ལ་བྱ་སྟེ།
ལོངས་སྤྱོད་ལ་མི་དགའ་བ་དང་། བསླབ་པ་ལ་གཙོར་བྱེད་པ་གཉིས་ཀྱིས་མི་སྐྱོ་བ་དང་། རྣམ་པར་མི་རྟོག་པ་ལ་རྣལ་འབྱོར་པ་སྟེ། ཐེག་པ་ཆེན་པོའི་དོན་ནི་འདི་ཙམ་དུ་ཟད་དེ། དེ་ལས་ལྷག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །བཟོད་པ་དང་བརྩོན་འགྲུས་གཉིས་ཀྱིས་ནི་སེམས་ཅན་དང་སེམས་
ཅན་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་ལ། བཟོད་པས་མི་དང་སྦྲང་བུ་ལ་སོགས་པ། སེམས་ཅན་གྱིས་གནོད་པར་བྱས་པ་དང་ཚ་བ་དང་རླུང་ལ་སོགས་པ་སེམས་ཅན་མ་ཡིན་པས་གནོད་པར་བྱས་པའི་སྡུག་བསྔལ་བཟོད་དོ། །བརྩོན་འགྲུས་ཀྱིས་ནི་ཉན་པ་དང་སེམས་པ་ལ་སོགས་པའི་དགེ་བ་ལ་མི་
སྐྱོ་བ་སྟེ། བརྩོན་འགྲུས་ཀྱིས་དགེ་བ་ལ་སྦྱོར་བའི་ལས་མི་གཏོང་བར་བྱེད་པའི་ཕྱིར་རོ། །ཡུལ་རྣམས་ལ་ནི་མ་ཆགས་ལམ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་པས་ནི། ལམ་ཐམས་ཅད་བསྡུས་པའི་དབང་དུ་བྱས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དུ་བཤད་དེ། མི་མང་མི་
ཉུང་ངོ་། །དེ་ལ་ཡུལ་གྱི་སྒྲས་ནི་འདོད་པ་ལྔའི་ཡོན་ཏན་ལ་བྱ་སྟེ། དེ་ལ་མ་ཆགས་པའི་ལམ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་ཞེ་ན། སྦྱིན་པ་ལ་གནས་པས་ནི་རྟག་ཏུ་ཕྱི་དང་ནང་གི་དངོས་པོ་གཏོང་བ་ལ་གོམས་པས་ཡུལ་ཐམས་ཅད་གཏོང་བར་བྱེད་ཀྱི། ཡུལ་ལ་ཆགས་པར་མི་བྱེད་
པས་ན་ཡུལ་ལ་མ་ཆགས་པའི་ལམ་དུ་འགྱུར་རོ། །དེ་ཐོབ་གཡེང་བ་བསྡོམས་པ་གཞན། །ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱ་སྟེ། དེ་ཐོབ་པ་གཡེང་བ་སྡོམ་པའི་ལམ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་དེའི་སྒྲས་ནི་འདོད་པ་ལྔའི་ཡོན་ཏན་ལ་བྱ་བ་སྟེ།
གཡེང་བ་ནི་འདོད་པ་ལྔའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་བྱ་བ་མང་པོ་ལ་འཇུག་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱིས་ནི་དེ་སྡོམ་སྟེ། འདོད་པ་ལྔའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ལས་ཀྱིས་གཡེང་བའི་བྱ་བ་མང་པོ་ལ་མི་འཇུག་པས་སོ། །སེམས་ཅན་མི་གཏོང་ཞེས་བྱ་བ་ལ། སེམས་ཅན་མི་གཏོང་
เล่ม ๑๒๖ · หน้า 8a
བའི་ལམ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོད་པ་ལ་གནས་ནས་སེམས་ཅན་གྱིས་བརྡེག་པར་བྱ་བ་དང་། བཅིང་བ་ལ་སོགས་པའི་གནོད་པ་བྱས་ཤིང་སྡུག་བསྔལ་བསྐྱེད་ཀྱང་། སེམས་ཅན་མི་གཏོང་ཞིང་སྡུག་བསྔལ་གྱིས་མི་སྐྱོ་བའི་ཕྱིར་རོ། །འཕེལ་བ་དང་།
ཞེས་བྱ་བ་ལ། དགེ་བ་འཕེལ་བའི་ལམ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྩོན་འགྲུས་ལ་གནས་ན་དགེ་བའི་ཆོས་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་འཕེལ་བའི་ཕྱིར་རོ། །སྒྲིབ་པ་རྣམ་སྦྱོང་གཞན་ཡིན་ནོ། །ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་གཉིས་ལ་བྱ་སྟེ། སྒྲིབ་པ་སྦྱོང་བའི་ལམ་ནི་བསམ་གཏན་དང་ཤེས་རབ་གཉིས་ཏེ། ཇི་ལྟར་ཞེ་ན། བསམ་གཏན་གྱིས་ནི་ཉོན་མོངས་པའི་སྒྲིབ་པ་སྦྱོང་བར་བྱེད། ཤེས་རབ་ཀྱིས་ནི་ཤེས་བྱའི་སྒྲིབ་པ་སྦྱོང་བར་བྱེད་དོ། །ཡང་ན་བསམ་གཏན་དང་ཤེས་རབ་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་
སྒྲིབ་པ་འཇིལ་བར་བྱེད། ཤེས་རབ་ཀྱིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྩ་བ་ནས་འབྱིན་པར་བྱེད་དོ། །ལམ་གྱི་སྒྲས་ནི་ཐབས་ལ་བྱ་སྟེ། ཡུལ་ལ་མ་ཆགས་པའི་ཐབས་ཞེས་བྱ་བ་ནས། སྒྲིབ་པ་སྦྱོང་བའི་ཐབས་ཞེས་བྱ་བར་སྦྱར་རོ། །བསླབ་པ་གསུམ་གྱི་དབང་བྱས་ཏེ། །ཕ་རོལ་ཕྱིན་
དྲུག་རྒྱལ་བས་གསུངས། །ཞེས་བྱ་བ་ལ། ཚིགས་སུ་བཅད་པ་དྲུག་པས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པའི་དབང་དུ་བྱས་ནས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དུ་བཤད་དེ་མི་མང་
མི་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །ཐོག་མ་གསུམ་ཞེས་བྱ་བ་ལ། ཐོག་མའི་ཕ་རོལ་ཏུ་ཕྱིན་པ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱ་སྟེ། ཐོག་མའི་ཕ་རོལ་ཏུ་ཕྱིན་པ་གསུམ་གང་ཞེ་ན། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའོ། །རྣམ་གཉིས་ཐ་མ་གཉིས་ཞེས་བྱ་བ་ལ། རྣམ་
གཉིས་ནི་ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟེ། དེ་གཉིས་ནི་ཕ་རོལ་ཏུ་ཕྱིན་པ་ཐ་མ་གཉིས་ཀྱིས་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་ཐ་མ་གཉིས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་
เล่ม ๑๒๖ · หน้า 8b
ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱ་སྟེ། བསམ་གཏན་གྱིས་སེམས་པ་དང་ཉེ་བར་གནས་པ་ལ་སོགས་པ་བྱེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བྱའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་དང་པོའི་ཕ་རོལ་ཏུ་ཕྱིན་པ་གསུམ་ཞེས་
བྱ་བ་ལས། སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པ་དང་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་གཏོགས་སོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་ཚུལ་ཁྲིམས་ལ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱར་རུང་ན། སྦྱིན་པ་དང་བཟོད་པ་གཉིས་ཇི་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་བསྡུ་ཞེ་ན།
དེའི་ཕྱིར་ཚོགས་དང་བཅས་པ་དང་འཁོར་དུ་བཅས་པ་གཟུང་བའི་ཕྱིར་རོ་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་ཚོགས་དང་བཅས་པ་དང་། ཚུལ་ཁྲིམས་ཀྱི་འཁོར་དང་བཅས་པ་གཟུང་བའི་ཕྱིར་རོ། །སྦྱིན་པ་དང་བཟོད་པ་གཉིས་ཀྱང་ལྷག་པར་ཚུལ་ཁྲིམས་སུ་གཏོགས་སོ། །དེ་ལ་ཚོགས་ཞེས་བྱ་བ་ནི་རྒྱུ་དང་གཞི་ལ་བྱ་སྟེ། ཚུལ་ཁྲིམས་
ཀྱི་གཞི་དང་རྒྱུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་འཁོར་དང་གྲོགས་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སྦྱིན་པ་ཇི་ལྟར་ཚུལ་ཁྲིམས་ཀྱི་རྒྱུར་འགྱུར་ཞེ་ན། དེའི་ཕྱིར་སྦྱིན་པ་ནི་ལོངས་སྤྱོད་ལ་མི་ལྟ་བས་ཚུལ་ཁྲིམས་ཡང་དག་པར་ལེན་ཏེ་ཞེས་སྨོས་ཏེ་སྦྱིན་པ་ལ་གནས་ན་བུ་སྨད་དང་ནོར་རྫས་ལ་སོགས་
པའི་ལོངས་སྤྱོད་ལ་མི་ལྟ་ཞིང་མི་ཆགས་ཏེ། ལོངས་སྤྱོད་ལ་མ་ཆགས་ན་ཚུལ་ཁྲིམས་ལེན་པར་བྱེད་དེ། དེ་བས་ན་ཚུལ་ཁྲིམས་ཀྱི་རྒྱུ་དང་ཚོགས་སུ་འགྱུར་རོ། །བཟོད་པ་ཇི་ལྟར་འཁོར་དུ་འགྱུར་ཞེ་ན། དེའི་ཕྱིར། ཡང་དག་པར་བླངས་པར་བཟོད་པས་གཤེ་བ་ལས་སླར་མི་གཤེ་བ་ལ་སོགས་པའོ་ཞེས་སྨོས་ཏེ།
ཚུལ་ཁྲིམས་ཡང་དག་པར་བླངས་པ་རྣམས་ལ་བཟོད་པ་ཡོད་པ་དང་། གཤེ་བ་ལ་སླར་མི་གཤེ་བ་དང་། བརྡེག་པ་ལ་སླར་མི་བརྡེག་པ་ལ་སོགས་པའི་ཚུལ་གྱིས་བཟོད་པས་ཚུལ་ཁྲིམས་སྲུང་བར་བྱེད་པས་ན་ཚུལ་ཁྲིམས་ཀྱི་འཁོར་དུ་འགྱུར་རོ། །མཚན་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དྲུག་སྟེ་ཞེས་
བྱ་བ་ལ། གངས་དབྱེ་བ་ཚིགས་སུ་བཅད་པ་དྲུག་གིས་བསྟན་ནས། ད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་དབྱེ་བ་ཚིགས་སུ་བཅད་པ་དྲུག་གིས་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་རེ་རེའི་མཚན་ཉིད་ཚིགས་སུ་བཅད་པ་རེ་རེས་བསྟན་ཏེ། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་པས་ཚིགས་བཅད་ཀྱང་དྲུག་ཏུ་འགྱུར་
เล่ม ๑๒๖ · หน้า 9a
རོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་རྣམ་པ་བཞི་སྟེ། མི་མཐུན་པའི་ཕྱོགས་སྤངས་པའི་མཚན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའི་མཚན་ཉིད་དང་། འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་མཚན་ཉིད་དང་། སེམས་ཅན་རྣམས་
པར་སྨིན་པའི་མཚན་ཉིད་དོ། །སྦྱིན་པའི་མི་མཐུན་ཕྱོགས་སྤངས་དང་། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སྦྱིན་པའི་མི་མཐུན་པའི་ཕྱོགས་ནི་སེར་སྣ་སྟེ། དེ་ཐམས་ཅད་ནས་ཐམས་ཅད་དུ་སྤངས་པས་ན་མི་མཐུན་པའི་ཕྱོགས་སྤངས་པའི་མཚན་ཉིད་ཅེས་བྱའོ། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །
ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔས་གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པས། གཏོང་བ་པོ་དང་། རྫས་དང་། ལེན་པ་པོ་མི་དམིགས་ཏེ། དེ་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་ཞེས་བྱའོ། །དེ་ལ་གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པས་ནི་གཏོང་བ་པོ་མི་
དམིགས་སོ། །ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པས་ནི་རྫས་དང་ལེན་པ་པོ་མི་དམིགས་སོ། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །ཅེས་བྱ་བ་ལ། བྲམ་ཟེ་དང་ཚོང་པ་དང་གདོལ་བ་ལ་སོགས་པ། བཟའ་བ་དང་བགོ་བ་ལ་སོགས་པ་གང་འདོད་པ་བསམ་པ་བཞིན་དུ་དེ་དང་དེ་དག་གཏོང་བར་བྱེད་དེ།
དེ་བས་ན་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །སེམས་ཅན་རྣམ་པར་སྨིན་བྱེད་གསུམ། །ཞེས་བྱ་བ་ལ། དེ་ལྟར་སྦྱིན་པས་བསྡུས་ནས་ཉན་ཐོས་དང་། རང་སངས་རྒྱས་དང་ཐེག་པ་ཆེན་པོ་ལ་འཇོག་པར་བྱེད་དེ། དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཚན་ཉིད་དོ། །མི་
མཐུན་ཕྱོགས་སྤངས་ཚུལ་ཁྲིམས་དང་། །ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ནི་སྲོག་གཅོད་པ་ལ་སོགས་པ་ཚུལ་ཁྲིམས་ངན་པ་སྟེ། དེ་ཐམས་ཅད་ནས་ཐམས་ཅད་དུ་སྤངས་པས་ན་མི་མཐུན་པའི་ཕྱོགས་སྤངས་པའི་མཚན་ཉིད་ཅེས་བྱའོ། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཞེས་བྱ་བ་ལ། གང་
ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པས། སྐྱེས་བུ་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་སྒྲུབ་པར་བྱེད་པ་གསུམ་མི་དམིགས་པས་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་མཚན་ཉིད་དོ། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །ཅེས་བྱ་བ་ལ། སེམས་ཅན་འདི་དག་འདི་སྙམ་དུ་སེམས་ཏེ།
เล่ม ๑๒๖ · หน้า 9b
ཨེ་མའོ། །འདི་ལྟར་བྱང་ཆུབ་སེམས་དཔའི་ལུས་དང་། ངག་དང་། ཡིད་གསུམ་གྱིས་བདག་ཅག་གི་ལུས་དང་། ལོངས་སྤྱོད་དང་། ཆུང་མ་ལ་སོགས་པ་ལ་གནོད་པ་མ་བྱས་ན་ལེགས་སོ་སྙམ་སེམས་པ་ལས་བྱང་ཆུབ་སེམས་དཔས་དེ་སྙམ་དུ་གནོད་པ་མི་བྱེད་དེ། དེ་བས་ན་འདོད་པ་ཐམས་ཅད་ཡོངས་སུ་
རྫོགས་པར་བྱེད་པའི་མཚན་ཉིད་དོ། །སེམས་ཅན་ཡོངས་སུ་སྨིན་བྱེད་གསུམ། །ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱིས་བསྡུས་ནས་སེམས་ཅན་ཐེག་པ་གསུམ་ལ་འཇོག་པར་བྱེད་དེ། དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཚན་ཉིད་དོ། །མི་མཐུན་ཕྱོགས་སྤངས་བཟོད་པ་དང་། །ཞེས་བྱ་བ་ལ།
བཟོད་པའི་མི་མཐུན་པའི་ཕྱོགས་ནི་ཞེ་སྡང་སྟེ་དེ་མེད་པས་ན་མི་མཐུན་པའི་ཕྱོགས་སྤངས་པའི་མཚན་ཉིད་དོ། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཞེས་བྱ་བ་ལ། གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པས་ན། སྐྱེས་བུ་དང་། བཟོད་པ་དང་། སྒྲུབ་པ་གསུམ་མི་དམིགས་པས་ན་རྣམ་པར་མི་
རྟོག་པའི་ཡེ་ཤེས་དང་ལྡན་པའི་མཚན་ཉིད་དོ། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །ཅེས་བྱ་བ་ལ། གལ་ཏེ་གཞན་དག་གི་ལུས་ལ་སོགས་པས་བྱང་ཆུབ་སེམས་དཔའ་ལ་གནོད་པར་བྱེད་དེ། གནོད་པར་བྱས་ནས་སེམས་ཅན་འདི་སྙམ་དུ། ཨེ་མའོ། །བྱང་ཆུབ་སེམས་དཔའ་འདིས་བདག་ཅག་ལ་
གནོད་པར་མི་བྱེད་ཅིང་བཟོད་ཀྱང་ཅི་མ་རུང་སྙམ་དུ་སེམས་པ་ལས་སེམས་ཅན་གྱི་བསམ་པ་བཞིན་དུ་སེམས་ཅན་ལ་གནོད་པ་མི་བྱེད་ཅིང་ཉེས་པ་བཟོད་པར་བྱེད་པས་ན་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་མཚན་ཉིད་དོ། །སེམས་ཅན་རྣམ་པར་སྨིན་བྱེད་གསུམ། །ཞེས་བྱ་བ་ལ། བཟོད་པས་
བསྡུས་ནས་ཐེག་པ་གསུམ་དུ་བཀོད་པས་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཚན་ཉིད་དོ། །མི་མཐུན་ཕྱོགས་སྤངས་བརྩོན་འགྲུས་དང་། །ཞེས་བྱ་བ་ལ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ནི་ལེ་ལོ་སྟེ། དེ་མེད་པས་ནི་མི་མཐུན་པའི་ཕྱོགས་སྤངས་པའི་མཚན་ཉིད་དོ། །རྣམ་པར་མི་རྟོག་ཡེ་
ཤེས་ལྡན། །ཞེས་བྱ་བ་ལ། ཆོས་དང་གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པས་ན། སྐྱེས་བུ་དང་། བརྩོན་འགྲུས་དང་། སྒྲུབ་པ་གསུམ་མི་དམིགས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་མཚན་ཉིད་དོ། །འདོད་པ་ཐམས་ཅད་ཡོངས་རྫོགས་དང་། །ཞེས་བྱ་བ་ལ། བརྩོན་འགྲུས་ཀྱིས་
เล่ม ๑๒๖ · หน้า 10a
སེམས་ཅན་གྱི་ལས་སུ་བྱ་བ་གང་དང་གང་ཡོད་པའི་གྲོགས་བྱེད་པས་ན་འདོད་པ་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །སེམས་ཅན་ཡོངས་སུ་སྨིན་བྱེད་གསུམ། །ཞེས་བྱ་བ་ལ། བརྩོན་འགྲུས་ཀྱིས་བསྡུས་ནས་སེམས་ཅན་རྣམས་ཐེག་པ་གསུམ་དུ་རྫོགས་པར་བྱེད་པས་ན།
སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཚན་ཉིད་དོ། །མི་མཐུན་ཕྱོགས་སྤངས་མཚན་ཉིད་དང་། །ཞེས་བྱ་བ་ལ། བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ནི་སེམས་གཡེངས་པ་སྟེ། དེ་མེད་པས་ན། མི་མཐུན་པའི་ཕྱོགས་སྤངས་པའི་མཚན་ཉིད་དོ། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །
ཞེས་བྱ་བ་ལ། གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པས། སྐྱེས་བུ་དང་། བསམ་གཏན་དང་། སྒྲུབ་པར་བྱེད་པ་གསུམ་མི་དམིགས་པར་བྱེད་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །
ཅེས་བྱ་བ་ལ། བསམ་གཏན་གྱིས་རྫུ་འཕྲུལ་སྤྲུལ་ནས། སེམས་ཅན་གྱི་ཡིད་བཞིན་དུ་རྫུ་འཕྲུལ་རྣམ་པ་སྣ་ཚོགས་སྟོན་པས། འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །སེམས་ཅན་རྣམ་པར་སྨིན་བྱེད་གསུམ། །ཞེས་བྱ་བ་ལ། བསམ་གཏན་གྱིས་བསྡུས་ནས་ཐེག་པ་
གསུམ་དུ་བཀོད་པས་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཚན་ཉིད་དོ། །མི་མཐུན་ཕྱོགས་སྤངས་ཤེས་རབ་དང་། །ཞེས་བྱ་བ་ལ། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ནི། རྟག་པ་དང་ཆད་པ་ལ་སོགས་པར་ལྟ་བའི་འཆལ་པའི་ཤེས་རབ་སྟེ། དེ་མེད་པས་ན་མི་མཐུན་པའི་ཕྱོགས་
སྤངས་པའི་མཚན་ཉིད་དོ། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཞེས་བྱ་བ་ལ། སྐྱེས་བུ་དང་། ཤེས་རབ་དང་། སྒྲུབ་པ་གསུམ་མི་དམིགས་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་མཚན་ཉིད་དོ། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །ཅེས་བྱ་བ་ལ། ཤེས་རབ་ཀྱིས་
ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པར་བྱས་ནས། སེམས་ཅན་གྱི་ཐེ་ཚོམ་བཅད་པས་ན་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །སེམས་ཅན་རྣམ་པར་སྨིན་བྱེད་གསུམ། །ཞེས་བྱ་བ་ལ། ཤེས་རབ་ཀྱིས་བསྡུས་ནས་སེམས་ཅན་རྣམས་ཐེག་
เล่ม ๑๒๖ · หน้า 10b
པ་གསུམ་ལ་བཀོད་པས་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཚན་ཉིད་དོ། །གོ་རིམས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་བཤད་ནས། ད་ནི་གོ་རིམས་འཆད་དེ། དེ་ལ་དང་པོར་སྦྱིན་པ་བཤད། དེ་ནས་ཚུལ་ཁྲིམས།
དེ་ནས་བཟོད་པ། དེ་ནས་བརྩོན་འགྲུས། དེ་ནས་བསམ་གཏན། དེ་ནས་ཤེས་རབ་སྟེ། གོ་རིམས་ཇི་ལྟར་བཀོད་ཅེ་ན། རྒྱུ་རྣམ་པ་གསུམ་གྱི་ཕྱིར་གོ་རིམས་དེ་ལྟར་བཀོད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཅིག་རྩོམ་མོ། །རྒྱུ་དང་པོར་བསྟན་པའི་ཕྱིར་རོ། །སྔོན་ལ་ཕྱི་མ་བརྟེན་
ལས་སྐྱེ། །ཞེས་བྱ་བ་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པ་སྔ་མ་སྔ་མ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་ཕྱི་མ་འབྱུང་སྟེ། སྔ་མ་སྔ་མ་ནི་རྒྱུ་ཕྱི་མ་ཕྱི་མ་ནི་འབྲས་བུ་ཡིན་པས་རྒྱུར་གྱུར་པ་ནི་སྔར་བཤད། འབྲས་བུར་གྱུར་པ་ནི་ཕྱིས་འཆད་དོ། །ཇི་ལྟར་ཞེ་ན། ལོངས་སྤྱོད་རྣམ་པ་སྣ་ཚོགས་ལ་
ཆགས་ན་ནི་ཁྱིམ་གྱི་གནས་བཏང་ནས་ཚུལ་ཁྲིམས་ལེན་པར་མི་ནུས་ཀྱི། ལོངས་སྤྱོད་ལ་ཆགས་པ་མེད་པ་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། དེ་བས་ན་སྦྱིན་པ་རྒྱུར་འགྱུར་བའི་ཕྱིར་སྔར་བཤད། ཚུལ་ཁྲིམས་འབྲས་བུ་ཡིན་པས་ན་ཕྱིས་བཤད་དོ། །ངན་པའི་ངང་ཚུལ་དག་
གིས་ནི་གཤེ་བ་དང་བརྡེག་པ་ལ་མི་བརྡེག་པར་བཟོད་པར་མི་ནུས་ཀྱི་ཚུལ་ཁྲིམས་དང་ལྡན་པ་གཤེ་བ་ལ་སླར་མི་གཤེ་བ་དང་། བརྡེག་པ་ལ་སླར་མི་བརྡེག་པར་བཟོད་པས། ཚུལ་ཁྲིམས་རྒྱུ་ཡིན་པས། བཟོད་པ་འབྲས་བུ་ཡིན་པས་ན་ཚུལ་ཁྲིམས་ཀྱི་འོག་ཏུ་བཟོད་པ་བཤད་དོ། །དེ་ལྟར་གྲང་བ་དང་ཚ་
བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པ་མི་བཟོད་ན་ནི་བརྩོན་འགྲུས་རྩོམ་པར་མི་ནུས་ཀྱི་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པ་བཟོད་ན་གདོད་ནས་བརྩོན་འགྲུས་རྩོམ་ནུས་པས་ན་བཟོད་པ་རྒྱུ་ཡིན་ལ། བརྩོན་འགྲུས་འབྲས་བུ་ཡིན་པས། བཟོད་པའི་འོག་ཏུ་བརྩོན་འགྲུས་བཤད་
དོ། །དགེ་བ་ལ་རྒྱུན་དུ་བརྩོན་འགྲུས་བརྩམས་ན། སེམས་རྩེ་གཅིག་པའི་མཚན་ཉིད་ཏིང་ངེ་འཛིན་སྐྱེ་སྟེ། བརྩོན་འགྲུས་རྒྱུ་ཡིན་ལ། བསམ་གཏན་འབྲས་བུ་ཡིན་པས་བརྩོན་འགྲུས་ཀྱི་འོག་ཏུ་བསམ་གཏན་བཤད་དོ། །ཏིང་ངེ་འཛིན་གྱིས་སེམས་མཉམ་པར་གཞག་ན་འཕགས་པའི་བདེན་པ་བཞི་
เล่ม ๑๒๖ · หน้า 11a
ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་འབྱུང་སྟེ། བསམ་གཏན་ནི་རྒྱུ་ཡིན་ལ་ཤེས་རབ་ནི་འབྲས་བུ་ཡིན་པས། བསམ་གཏན་གྱི་འོག་ཏུ་ཤེས་རབ་བཤད་དོ། །དེའི་ཕྱིར་གོ་རིམས་དེ་ལྟར་བཀོད་དོ། །རྒྱུ་གཉིས་པ་བསྟན་པའི་ཕྱིར། ཐ་མ་དང་
ནི་དམ་པའི་གནས། །ཞེས་བྱ་བ་སྨོས་ཏེ། གང་ཐ་མའི་གནས་སུ་གྱུར་པ་ནི་སྔར་བཤད་ལ། གང་དམ་པའི་གནས་སུ་གྱུར་པ་ནི་ཕྱིས་བཤད་དེ། སྦྱིན་པ་ཐ་མར་བྱུང་བས་ན་སྔར་བཤད་ལ། ཚུལ་ཁྲིམས་དམ་པར་གྱུར་པས་ན་ཕྱེས་བཤད་པ་ནས། བསམ་གཏན་ཐ་མར་
གྱུར་པས་ན་སྔར་བཤད་ལ། ཤེས་རབ་དམ་པར་གྱུར་པས་ན་ཕྱིས་བཤད་དེ། དེའི་ཕྱིར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་རིམས་དེ་ལྟར་གཞག་གོ། །ཇི་ལྟར་སྔ་མ་ཐ་མ་ལ་ཕྱི་མ་དམ་པ་ཞེ་ན། འདི་ལྟར་སྦྱིན་པ་གཏོང་ཞིང་བྱེད་ཀྱང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རྒྱུས་
སྲོག་གཅོད་པ་ལ་སོགས་པའི་ལས་བྱེད་པས་ན་ཉོན་མོངས་པ་དང་འདྲེས་པའི་ཕྱིར་ཐ་མའོ། །ཚུལ་ཁྲིམས་ནི་ལུས་དང་ངག་དང་ཡིད་གསུམ་བསྡམས་ཏེ། སྲོག་གཅོད་པ་ལ་སོགས་པའི་ལས་མི་འབྱུང་བས་དམ་པའི་གནས་སོ། །ཚུལ་ཁྲིམས་ཀྱིས་གཞན་གྱི་སྲོག་དང་ནོར་ལ་གནོད་པ་
མི་བྱེད་པ་ཙམ་དུ་ཟད་ཀྱི། བདག་ལ་གཞན་གྱིས་སྲོག་དང་ནོར་ལ་གནོད་པར་བྱས་ཀྱང་བཟོད་པར་མི་ནུས་ཀྱི། བཟོད་པས་ནི་བདག་གི་སྲོག་དང་ནོར་ལ་གཞན་གྱིས་གནོད་པ་བྱས་ཀྱང་བཟོད་དེ། གནོད་པར་མི་བྱེད་པས་ཚུལ་ཁྲིམས་ལས་ཉོན་མོངས་པ་ཆུང་སྟེ། དམ་པར་གྱུར་པས་ན་དེའི་
འོག་ཏུ་བཟོད་པ་བཤད་དོ། །བཟོད་པའི་དུས་ན་ཡང་གཞན་ལ་གནོད་པ་མི་བྱེད་པ་ཙམ་དུ་ཟད་དེ། དགེ་བའི་ཆོས་ལ་རྒྱུན་དུ་འཇུག་པ་མེད་པར་ཟད་ཀྱི། བརྩོན་འགྲུས་ཀྱིས་ནི་དགེ་བ་ལ་རྒྱུན་དུ་བསྒོམ་པ་བཟོད་པ་བས་དམ་པར་གྱུར་པའི་ཕྱིར། དེའི་འོག་ཏུ་བརྩོན་འགྲུས་བཤད་དོ། །བརྩོན་
འགྲུས་ཀྱི་དུས་ན་དགེ་བ་ལ་རྒྱུན་དུ་བསྒྲུབ་པ་ཙམ་དུ་ཟད་དེ། ཉོན་མོངས་པ་འཇིལ་བར་མི་བྱེད་ཀྱི། བསམ་གཏན་གྱིས་ནི་ཉོན་མོངས་པ་འཇིལ་བར་བྱེད་པས་ན་བརྩོན་འགྲུས་པས་དམ་པར་གྱུར་པའི་ཕྱིར། དེའི་འོག་ཏུ་བསམ་གཏན་བཤད་དོ། །བསམ་གཏན་གྱིས་ཉོན་མོངས་པ་འཇིལ་
เล่ม ๑๒๖ · หน้า 11b
བར་བྱེད་པ་ཙམ་དུ་ཟད་དེ། ཉོན་མོངས་པ་རྩ་བ་ནས་མི་འབྱིན་གྱི། ཤེས་རབ་ཀྱིས་ཉོན་མོངས་པ་རྩ་བ་ནས་འབྱིན་ཏེ། བསམ་གཏན་པས་དམ་པར་གྱུར་པའི་ཕྱིར་དེའི་འོག་ཏུ་ཤེས་རབ་བཤད་དོ། །རྒྱུ་གསུམ་པ་བསྟན་པའི་ཕྱིར། ཆེན་པོ་དང་ནི་ཕྲ་བའི་ཕྱིར། །ཞེས་སྨོས་ཏེ། གང་ཆེ་
ཞིང་རགས་པ་རྣམས་ནི་སྔར་བཤད་ལ། གང་ཕྲ་ཞིང་དཀའ་བ་རྣམས་ནི་ཕྱིས་བཤད་དེ། སྦྱིན་པ་ནི་རགས་ཤིང་སྦོམ་པས་ན་སྔར་བཤད་ལ། དེ་བས་ན་ཚུལ་ཁྲིམས་ཕྲ་བས་ཕྱིས་བཤད་པ་ནས། བསམ་གཏན་སྦོམ་པས་སྔར་བཤད་དེ། དེ་བས་ཤེས་རབ་ཕྲ་བས་ན་ཕྱིས་བཤད་དོ། །
སྦོམ་པ་ཞེས་བྱ་བ་ནི། འཇུག་སླ་ཞིང་སྤྱད་སླ་བའི་དོན་དང་། ཕྲ་བ་ནི་འཇུག་དཀའ་ཞིང་སྤྱད་དཀའ་བའི་དོན་ཏོ། །དེ་ལ་སྦྱིན་པ་ནི་བྱ་སླ་སྟེ། རྒྱལ་པོ་དང་བློན་པོ་ལ་སོགས་པས་སྦྱིན་པ་གཏོང་བ་བཞིན་དུ། གདོལ་བ་དང་གདོལ་བུ་ལ་སོགས་པས་ཀྱང་སྦྱིན་པ་གཏོང་བར་ནི་ནུས་ཀྱི། ཚུལ་
ཁྲིམས་བསྲུང་བར་མི་ནུས་པས་ན་སྦྱིན་པ་ནི་བྱ་སླའི། ཚུལ་ཁྲིམས་ནི་བྱ་དཀའོ། །ཚུལ་ཁྲིམས་ཀྱིས་གཞན་གྱི་སྲོག་དང་ནོར་ལ་གནོད་པར་མི་བྱེད་པ་ཙམ་དུ་ཟད་པས་བྱ་སླའི། བཟོད་པས་ནི་བདག་གི་སྲོག་དང་ནོར་ལ་གནོད་པ་བྱས་ཀྱང་སླར་གནོད་པ་མི་བྱེད་དེ་བཟོད་པ་ནི་བྱ་དཀའོ། །
བཟོད་པས་ནི་བདག་ལ་གནོད་པ་བྱས་པ་ལ་ལན་མི་གླན་ཞིང་བཟོད་པར་བྱ་བ་ཙམ་དུ་ཟད་པས་བྱ་སླའི། བརྩོན་འགྲུས་ཀྱིས་ནི་དེ་བས་ཀྱང་ལྷག་པར་དེ་དགེ་བ་ལ་རྒྱུན་དུ་བསྒྲུབས་པས་ན་བྱ་དཀའོ། །བརྩོན་འགྲུས་ཀྱིས་ནི་དགེ་བ་ལ་རྒྱུན་དུ་འཇུག་པ་ཙམ་དུ་ཟད་དེ། ཉོན་མོངས་པ་མི་འཇིལ་
བས་བྱ་སླའི། བསམ་གཏན་གྱིས་ནི་ཉོན་མོངས་པ་འཇིལ་བར་བྱེད་པས་ན་བྱ་དཀའོ། །བསམ་གཏན་གྱིས་ནི་ཉོན་མོངས་པ་འཇིལ་བ་ཙམ་དུ་ཟད་པས་བྱ་སླའི། ཤེས་རབ་ཀྱིས་ནི་འཕགས་པའི་བདེན་པ་ལ་སོགས་པའི་ཆོས་རྣམས་ཤེས་པར་བྱེད་པས་ན་བྱ་དཀའོ། །ངེས་པའི་ཚིག་
རབ་ཏུ་དབྱེ་བ་ཞེས་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་གོ་རིམས་ཀྱི་དོན་བཤད་ནས། ད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངེས་པའི་ཚིག་བཤད་དེ། ཅིའི་ཕྱིར་སྦྱིན་པ་ཞེས་བྱ་བ་ནས། ཅིའི་ཕྱིར་ཤེས་རབ་ཅེས་བྱ་བའི་དོན་བཤད་དོ་ཞེས་བྱ་བའི་དོན་ཏོ། །དབུལ་བ་འདོར་བར་བྱེད་པ་དང་ཞེས་
เล่ม ๑๒๖ · หน้า 12a
བྱ་བ་ལ། རྒྱ་གར་སྐད་དུ་སྦྱིན་པ་ལ་དཱ་ན་ཞེས་འབྱུང་སྟེ། དེའི་ཚིག་གི་དོན་ནི་དཱ་ནི་དབུལ་བའི་དོན་ཏོ། །ན་ནི་འདོར་བའམ་མེད་པར་བྱེད་པའི་དོན་ཏོ། །བྲམ་ཟེ་དང་ཚོང་པ་ལ་སོགས་པ་བཟའ་བ་དང་བགོ་བ་གང་དང་གང་གིས་ཕོངས་པ་དེ་དང་དེ་བྱིན་ནས་ལེན་པ་པོ་
ཚེ་འདིར་ཕོངས་པ་དང་དབུལ་བ་མེད་པར་བྱས་པས་དབུལ་བ་འདོར་བར་བྱེད་དོ། །གཏོང་བ་པོས་ཚེ་འདིར་ཕྱི་དང་ནང་གི་དངོས་པོ་བཏང་ནས་ཚེ་རབས་གཞན་དུ་ཅིས་ཀྱང་ཕོངས་པ་མེད་ཅིང་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་ཏེ། དབུལ་བ་འདོར་བར་བྱེད་པས་ན་སྦྱིན་པ་ཞེས་
བྱའོ། །བསིལ་བ་ཐོབ་པ་དང་ཞེས་བྱ་བ་ལ། ཚུལ་ཁྲིམས་ལ་རྒྱ་གར་སྐད་དུ་ཤཱི་ལ་ཞེས་འབྱུང་སྟེ། ཤཱི་ནི་བསིལ་བའི་དོན་ལ། ལ་ནི་ཐོབ་པའམ་ལེན་པའི་དོན་ཏོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ཚེ་འདིར་ཡུལ་ལ་ཆགས་པའི་དོན་དུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རྒྱུ་
ལུས་དང་ངག་གི་སྒོ་ནས་བྱ་བ་སྣ་ཚོགས་ཀྱི་སྡུག་བསྔལ་བའི་གདུང་བར་བྱེད་པ་མི་འཐོབ་པར་འགྱུར་བ་དང་། དེའི་རྒྱུས་ཚེ་རབས་གཞན་དུ་ཡང་ངན་སོང་གི་གནས་སུ་མི་མྱོང་ཞིང་། ལྷ་དང་མིའི་བསིལ་བའི་བདེ་བ་འཐོབ་པར་འགྱུར་བ་དང་། མཇུག་ཏུ་མྱ་ངན་ལས་འདས་པའི་བདེ་
བའི་བསིལ་བ་འཐོབ་པར་བྱེད་པས་ན་ཚུལ་ཁྲིམས་ཞེས་བྱའོ། །ཁྲོ་བ་ཟད་ཅེས་བྱ་བ་ལ། བཟོད་པའི་སྒྲ་རྒྱ་གར་སྐད་དུ་ཀྵཱནྟི་ཞེས་འབྱུང་སྟེ། ཀྵཱན་ནི་ཟད་པ་ལ་བྱ། ཏི་ནི་བྱེད་པ་ལ་བྱ་སྟེ། བཟོད་པ་ལ་གནས་ན་བཟོད་པ་དེས་བདག་གི་སེམས་ཀྱི་རྒྱུད་ལ་ཡོད་པའི་ཞེ་སྡང་ཟད་པར་
བྱེད་པས་ན་བཟོད་པ་ཞེས་བྱའོ། །དམ་པར་སྦྱོར་བ་དང་ཞེས་བྱ་བ་ལ། བརྩོན་འགྲུས་ཀྱི་རྒྱ་གར་སྐད་དུ་བཱིརྱ་ཞེས་འབྱུང་སྟེ། དེ་ལ་བཱི་ནི་དམ་པའི་དོན་ལ། རྱ་ནི་སྦྱོར་བའི་དོན་ཏོ། །འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་དམ་པ་ལ་སྦྱོར་བས་ན། བརྩོན་འགྲུས་ཞེས་བྱའོ། །
ཡིད་འཛིན་དང་ཞེས་བྱ་བ་ལ། བསམ་གཏན་གྱི་སྒྲ་རྒྱ་གར་སྐད་དུ་དྷྱཱ་ན་ཞེས་འབྱུང་སྟེ། དྷ་ལ་ཡ་བཏགས་ཡོད་པ་རའི་དོན་དུ་དྲངས་ན། འཛིན་པའི་དོན་དུ་འགྲོ་སྟེ། སེམས་ཕྱི་རོལ་དུ་མི་གཡེང་བར་ནང་དུ་འཛིན་པར་བྱེད་པས་ན་བསམ་གཏན་ཞེས་བྱའོ། །དོན་དམ་ཤེས་པ་རྣམ་གསུམ་
เล่ม ๑๒๖ · หน้า 12b
བཤད། །ཅེས་བྱ་བ་ལ། ཤེས་རབ་ཀྱི་སྒྲ་རྒྱ་གར་སྐད་དུ་པྲཛྙཱ་ཞེས་འབྱུང་སྟེ། དེ་ལ་དོན་དམ་པར་ནི་པ་ར་མཱར་ཐ་ཞེས་བྱ་བས། པ་ལ་ར་བཏགས་པ། པའི་འོག་ཏུ་ར་བཞག་ན་པ་ར་མཱར་ཐ་ཞེས་དོན་དམ་པའི་ཚིག་ཏུ་བརྗོད་ལ། ཛྙཱ་ནི་ཤེས་པ་ལ་བྱ་སྟེ། སྐྱེ་འགག་མེད་པའི་དོན་དམ་
པ་ཤེས་པས་ན་ཤེས་རབ་ཅེས་བྱའོ། །བསྒོམ་པ་རྣམ་པར་དབྱེ་བ་ཞེས་བྱ་བའི་ཚིགས་སུ་བཅད་པ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངེས་པའི་ཚིག་བཤད་ནས་ད་ནི་བསྒོམ་པ་བཤད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་
ལྟར་བསྒོམ་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པ་དངོས་ལ་གནས་པ་དང་། །ཡིད་ལ་བྱེད་པ་དེ་བཞིན་བསམ། །ཐབས་དང་དབང་ཡོད་དག་ལ་ཡང་། །ཞེས་བྱ་བ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་རྣམ་པ་ལྔ་ལྟར་བསྒོམ་སྟེ།
ལྔ་ནི་དངོས་པོ་ལ་གནས་ཏེ་བསྒོམ་པ་དང་། ཡིད་ལ་བྱེད་པ་ལ་གནས་ཏེ་བསྒོམ་པ་དང་། དེ་བཞིན་དུ་བསམ་པ་ལ་གནས་ཏེ་བསྒོམ་པ་དང་། ཐབས་ལ་གནས་ཏེ་བསྒོམ་པ་དང་། དབང་ཡོད་པ་ལ་གནས་ཏེ་བསྒོམ་པའོ། །དེ་ལ་དངོས་པོ་ལ་གནས་ཏེ་བསྒོམ་པ་རྣམ་པ་བཞིའོ། །
ཡིད་ལ་བྱེད་པ་ལ་གནས་ཏེ་བསྒོམ་པ་རྣམ་པ་བཞིའོ། །བསམ་པ་ལ་གནས་ཏེ་བསྒོམ་པ་རྣམ་པ་དྲུག་གོ། །ཐབས་ལ་གནས་ཏེ་བསྒོམ་པ་རྣམ་པ་གསུམ་མོ། །དབང་ཡོད་པ་ལ་གནས་ཏེ་བསྒོམ་པ་རྣམ་པ་གསུམ་མོ། །དེ་དག་དེ་བཞིན་ཐམས་ཅད་བཤད། །ཅེས་བྱ་བ་ལ། ཇི་ལྟར་
སྦྱིན་པ་ལ་རྣམ་པ་ལྔ་ལྟར་བསྒོམ་པ་དེ་བཞིན་དུ། ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དུ་ལྷག་མ་རྣམས་ལ་ཡང་དངོས་པོ་ལ་གནས་ཏེ་བསྒོམ་པ་ནས་དབང་ཡོད་པ་ལ་གནས་ཏེ་བསྒོམ་པའི་བར་དུ་རྣམ་པ་ལྔར་བསྒོམ་པར་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དངོས་པོ་ལ་གནས་པ་རྣམ་པ་བཞི་
སྟེ་ཞེས་བྱ་བ་ལ། དངོས་པོ་ལ་ཞེས་བྱ་བ་དང་། དོན་ཞེས་བྱ་བ་དང་། རྫས་ཞེས་བྱ་བ་དག་དོན་གཅིག་སྟེ། དངོས་པོ་ལ་རྫས་ཞེས་བྱ་བར་ཅི་མངོན་ཞེ་ན། མདོ་ལས་རྫས་ཀྱི་དངོས་པོ་བདུན་དང་ལྡན་པས་བསོད་ནམས་བྱེད་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ནི་བསོད་ནམས་རྟག་ཏུ་འཕེལ་ལོ་ཞེས་
เล่ม ๑๒๖ · หน้า 13a
གསུངས་པའི་ཕྱིར་རོ། །དངོས་པོ་ལ་གནས་ཏེ་བསྒོམ་པ་ཡང་རྣམ་པ་བཞི་སྟེ། རྒྱུ་ལ་གནས་པ་དང་། རྣམ་པར་སྨིན་པ་ལ་གནས་པ་དང་། སྨོན་ལམ་ལ་གནས་པ་དང་། སོ་སོར་རྟོག་པའི་སྟོབས་ལ་གནས་པའོ། །རིགས་ཀྱི་སྟོབས་ཀྱིས་ཞེས་བྱ་བ་
ལ་སོགས་པ་ལ། རྒྱུ་ལ་གནས་པ་ནི་འདི་ལྟར་དགེ་བའི་བཤེས་གཉེན་ལ་སོགས་པས་སྦྱིན་པར་བྱ་བའི་རིགས་སོ་ཞེས་བསྟེན་ཅིང་བསྙེན་པ་མེད་པར་ཡང་བྱང་ཆུབ་སེམས་དཔའི་རིགས་ཡོད་པའི་སྟོབས་ཀྱིས་ཚེ་རབས་གང་དང་གང་དུ་སྐྱེས་པ་དེ་དང་དེ་དག་ཏུ་གཏོང་བ་ལ་དགའ་སྟེ། འདི་
ལྟར་འཁོར་བ་ཐོག་མ་མེད་པའི་དུས་ནས། གནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཆོས་ཉིད་ཀྱིས་ཐོག་པ་མིག་ལ་སོགས་པ་སྐྱེ་མཆེད་དྲུག་གི་ཁྱད་པར་འདི་ལྟ་བུ་དང་ལྡན་ཏེ། གང་གི་ཕྱིར་དགེ་བའི་བཤེས་གཉེན་གྱིས་མ་བསྟན་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་ཅིང་བསྒོམ་པ་ལ་
དགའ་སྟེ། ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་ནི་རྒྱུ་ལ་གནས་པ་ཞེས་བྱའོ། །གང་གི་བདག་གི་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྨིན་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའ་ཚེ་རབས་གཞན་དག་ཏུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་
པ་ལ་གོམས་པར་བྱ་སྟེ། དེ་ལྟར་གོམས་པར་བྱས་པས་དེའི་དབང་གིས་ཚེ་རབས་ཕྱི་མར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བྱེད་ཅིང་སྒྲུབ་པར་དགའ་བའི་ལུས་མངོན་པར་འགྲུབ་ཅིང་སྨིན་པར་འགྱུར་ཏེ། དེ་ལྟར་རྣམ་པར་སྨིན་པའི་དབང་གིས་མ་བརྟགས་མ་བསམས་པར་ཡང་
ཕ་རོལ་ཏུ་ཕྱིན་པ་ལ་འཇུག་སྟེ། དེ་ནི་རྣམ་པར་སྨིན་པ་ལ་གནས་པ་ཞེས་བྱའོ། །གང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྨོན་ལམ་ལ་གནས་པ་ནི་དེས་སྔོན་གྱི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བསྒྲུབས་ཏེ་སྨོན་ལམ་ཙམ་ཞིག་བཏབ་པ་ཙམ་དུ་
ཟད་དེ། ཇི་ལྟར་སྨོན་ལམ་བཏབ་ཅེ་ན། འདི་ལྟར་བདག་ཚེ་རབས་གང་དང་གང་དུ་སྐྱེས་པ་དེ་དང་དེ་དག་ཏུ་ང་དང་བདག་གི་རྟོག་པ་དང་བྲལ་བ། ནང་དང་ཕྱིའི་དངོས་པོ་ཐམས་ཅད་ལ་མི་རྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་
เล่ม ๑๒๖ · หน้า 13b
གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ལས། སྨོན་ལམ་དེའི་དབང་གིས་གང་དང་གང་དུ་སྐྱེས་པར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་འགྱུར་ཏེ། དེ་ནི་སྨོན་ལམ་ལ་གནས་པ་ཞེས་བྱའོ། །ཤེས་རབ་ཀྱི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སོ་སོར་རྟོག་པའི་
སྟོབས་ལ་གནས་པ་ནི། འདི་ལྟར་ཤེས་རབ་ཀྱི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཞིང་སྒྲུབ་པར་བྱེད་དེ་ཅི་ལྟར་ཞེ་ན། ལོངས་སྤྱོད་འདི་དག་ནི་རྨི་ལམ་ལྟ་བུ་མི་བརྟན་པ། དབུགས་དབྱུང་དུ་མེད་པ། འཇིག་ཅིང་འབྲལ་བར་འགྱུར་བའི་ཆོས་ཅན་ནོ་ཞེས་ཤེས་
རབ་ཀྱི་སྟོབས་ཀྱིས་ཡོངས་སུ་དཔྱད་ནས། དེ་ལྟར་དཔྱད་པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་ཅིང་སྒྲུབ་པར་བྱེད་དེ། དེ་ནི་སོ་སོར་རྟོག་པའི་སྟོབས་ལ་གནས་པ་ཞེས་བྱའོ། །ཚུལ་ཁྲིམས་ལ་སོགས་པ་ལ་ཡང་། ཚུལ་ཁྲིམས་ལ་སོགས་པ་བསྲུངས་ཤིང་བསྒྲུབས་
ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་ཤིང་། ལྷ་དང་མིའི་ནང་དུ་སྐྱེ་བ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ་ཞེས་ཤེས་རབ་ཀྱིས་བརྟགས་ནས་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་པར་བྱེད་པ་ནི་སོ་སོར་རྟོག་པའི་སྟོབས་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་
པ་ཡིད་ལ་བྱེད་པ་ལ་གནས་པ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། ཡིད་ལ་བྱེད་པ་ལ་གནས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པ་བཞི་སྟེ་མོས་པ་ཡིད་ལ་བྱེད་པ་དང་། རོ་མྱང་བ་ཡིད་ལ་བྱེད་པ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་དང་། མངོན་པར་དགའ་བ་ཡིད་ལ་བྱེད་པའོ། །ཕ་
རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་ཞེས་བྱ་བ་ལ་སོགས་པ་ལ། མོས་པ་ཡིད་ལ་བྱེད་པ་དང་། མདོ་སྡེ་གང་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་འབྱུང་ཞིང་འཆད་པའི་མདོ་སྡེ་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་ལ་འདི་ནི་དེ་ཁོ་ན་བཞིན་དུ་མ་ནོར་ཏེ་བདེན་པ་ཡིན་ནོ་ཞེས་མོས་པར་བྱེད་དེ། ཇི་ལྟ་ཇི་
ལྟར་མོས་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ཁམས་བརྟས་པར་འགྱུར་ཏེ། དེ་ནི་སྨོས་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་བརྟེན་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པའོ། །རོ་མྱང་བ་ཡིད་ལ་བྱེད་པ་ནི་སྔོན་བདག་གིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་ཅིང་བསྒྲུབས་ཏེ།
เล่ม ๑๒๖ · หน้า 14a
སྔོན་བསྒྲུབས་པ་ལ་འདི་ལྟར་བདག་གིས་སྔོན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པ་ནི་ལེགས་སོ་ཞེས་ཡོན་ཏན་དུ་ལྟ་ཞིང་སྔོན་བྱས་པ་དྲན་ནས་མངོན་པར་དགའ་བ་ནི་རོ་མྱང་བ་ཡིད་ལ་བྱེད་པ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཞེས་བྱ་བ་ལ་སོགས་
པ་ལ། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པ་རྣམས་ལ་བདག་གིས་བྱས་པ་དང་འདྲ་བར་དགའ་ཞིང་ཡི་རང་བ་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ཞེས་བྱའོ། །བདག་
དང་སེམས་ཅན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི་མ་འོངས་པ་ཉིད་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསྒྲུབ་པར་དགའ་ཞིང་། སེམས་ཅན་རྣམས་ཀྱང་གར་སྐྱེས་གར་སྐྱེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པར་གྱུར་ཅིག་ཅེས་སྨོན་པ་
དང་མ་འོངས་པ་ན་སེམས་ཅན་གཞན་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པར་དགའ་ཞིང་སེམས་ཅན་རྣམས་གར་སྐྱེས་གར་སྐྱེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པར་གྱུར་ཅིག་ཅེས་སྨོན་པ་ནི་མངོན་པར་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །བསམ་པ་ལ་གནས་ཏེ་ཕ་རོལ་ཏུ་
ཕྱིན་པ་དྲུག་པ་བསྒོམ་པ་ནི། ཆོག་མི་ཤེས་པའི་བསམ་པ་ལ་སོགས་པའི་རྣམ་པ་དྲུག་འགྲེལ་པ་ཉིད་ལས་འབྱུང་བ་བཞིན་དུ་བལྟའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་ཆོག་མི་ཤེས་པའི་བསམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ཡིད་ལ་བྱེད་པ་ལ་རྣམ་པ་དྲུག་ཏུ་
བྱས་པ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཏེ་ཇེ་འཆད་དེ་དེ་ལ་ཆོག་མི་ཤེས་པའི་བསམ་པ་ལ་ཡང་ཆོག་མི་ཤེས་པ་རྣམ་པ་བཞི་སྟེ། དངོས་པོ་གཏོང་བ་ལ་ཆོག་མི་ཤེས་པ་དང་། ལུས་གཏོང་བ་ལ་ཆོག་མི་ཤེས་པ་དང་། དུས་ཆོག་མི་ཤེས་དང་། སེམས་ཅན་ཆོག་མི་
ཤེས་པའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་ལ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་ལ་ཕན་བཏགས་ཤིང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་སེམས་
เล่ม ๑๒๖ · หน้า 14b
ཅན་གཅིག་པུ་དེ་ལ་གཏོང་བར་བྱེད་དེ། དེ་ལྟར་བཏང་ནས་བདག་གིས་འདི་སྙེད་ཅིག་བྱིན་གྱིས་བཏང་ནས། ད་ནི་ཆོག་གོ་སྙམ་པའི་བསམ་པ་མེད་དེ་འདིས་ནི་དངོས་པོ་གཏོང་བ་ལ་ཆོག་མི་ཤེས་པ་བསྟན་ཏོ། །གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་ལུས་ཞེས་བྱ་བ་ལ་
སོགས་པ་ལ། དེ་བཞིན་དུ་སེམས་ཅན་གཅིག་ལ་དུས་སྐད་ཅིག་མ་རེ་རེ་ལ་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་གཏོང་ཞིང་སྦྱིན་པར་བྱེད་དེ། ལུས་དེ་སྙེད་ཅིག་བདག་གིས་སེམས་ཅན་གཅིག་ལ་བྱིན་པས་ད་ནི་ཆོག་གོ་སྙམ་དུ་སེམས་པ་མེད་དེ། འདིས་ནི་ལུས་གཏོང་བ་ཆོག་
མི་ཤེས་པ་བསྟན་ཏོ། །དེ་བཞིན་དུ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་བསྐལ་པར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་བཏང་བ་དེ་ཡང་ལོའམ་ཟླ་བའི་བསྐལ་པ་འགར་གཏོང་བ་མ་ཡིན་གྱི་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་བསྐལ་པར་སྐད་ཅིག་ཡུད་ཙམ་ཡང་རྒྱུན་མི་
འཆད་པར་གཏོང་སྟེ། དེ་ལྟར་གཏང་ཡང་བདག་གིས་བསྐལ་པ་འདི་སྙེད་ཅིག་ཏུ་ཕྱི་དང་ནང་གི་དངོས་པོ་བཏང་བས་ད་ནི་ཆོག་གོ་སྙམ་པའི་བསམ་པ་མེད་དེ། འདིས་ནི་དུས་ཆོག་མི་ཤེས་པ་བསྟན་ཏོ། །སེམས་ཅན་གཅིག་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་
སེམས་ཅན་གཅིག་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་ཡོངས་སུ་བཏང་བ་དང་། དེ་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སྤྱད་དེ་སེམས་ཅན་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་བཀོད་
དེ། ཡོངས་སུ་སྨིན་པར་བྱས་པ་དེ་བཞིན་དུ་ཚུལ་དེ་དང་འདྲ་བར་སེམས་ཅན་གཉིས་པ་གསུམ་པ་ལ་ཡང་དེ་ལྟར་བྱས་པ་ནས་མཐར་སེམས་ཅན་ཐམས་ཅད་ལ་ཚུལ་དེ་ལྟ་བུར་སྨིན་པར་བྱས་ཏེ། སེམས་ཅན་ཟད་པར་བྱས་ཀྱང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་གིས་གང་གཱའི་ཀླུང་གི་བྱེ་མ་
སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་བྱིན་པ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་ཡོངས་སུ་བཏང་བ་དང་། དེ་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བཏང་སྟེ། ཚུལ་དེ་ལྟ་བུས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་བྱས་པས་
เล่ม ๑๒๖ · หน้า 15a
ད་ནི་ཆོག་གོ་སྙམ་དུ་བསམ་པ་མེད་དེ། བསམ་པ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་ཆོག་མི་ཤེས་པའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔས་དེ་ལྟ་བུ་སྦྱིན་པ་གཅིག་ནས་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་རྒྱས་པའི་བསམ་པ་འཆད་དེ།
བྱང་ཆུབ་སེམས་དཔའ་གོང་མ་ལྟ་བུའི་ཕྱི་དང་ནང་གི་སྦྱིན་པ་ཡང་ཉིན་འགའ་ཙམ་ནི་སྦྱིན་པར་བྱེད་ཉིན་འགའ་ཙམ་ནི་སྦྱིན་པར་མི་བྱེད་སྐད་ཅིག་མ་གཅིག་ལ་ནི་སྦྱིན་པར་མི་བྱེད་པར་སེམས་པ་ནི་མ་ཡིན་གྱི། ཕྱི་དང་ནང་གི་དངོས་པོ་ཡང་ཉི་མ་རེ་རེ་སྐད་ཅིག་མ་རེ་རེ་ལ་ཅུང་ཟད་ཀྱང་མི་
འདུག་པར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྒྱུན་མི་འཆད་པར་གཏོང་བར་བྱེད་དེ། དེ་ལྟར་སེམས་པ་ནི་བྱང་ཆུབ་སེམས་དཔའི་རྒྱས་པའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་དེ་ལྟ་བུ་སྦྱིན་པས་བསྡུས་ནས་ཞེས་བྱ་བ་ལ་སོགས་པ་ལ་དགའ་བའི་བསམ་པ་འཆད་དེ།
མཐའ་ཡས་པའི་སེམས་ཅན་རྣམས་ལ་གོང་དུ་བཤད་པ་ལྟ་བུའི་ཕྱི་ནང་གི་དངོས་པོ་ཚད་མེད་པ་སྦྱིན་ཞིང་། དུས་འགྱངས་པར་བཏང་ནས་སེམས་ཅན་བསྡུས་ཏེ་ཡོངས་སུ་སྨིན་པར་བྱས་པར་མཐོང་སྟེ། དེ་ལྟར་མཐོང་ནས་བྱང་ཆུབ་སེམས་དཔའ་ཉིད་བདག་གིས་སེམས་ཅན་འདི་
སྙེད་ཅིག་སྨིན་པར་བྱས་སོ་ཞེས་བྱང་ཆུབ་སེམས་དཔའི་དགའ་བའི་བྱེ་བྲག་སྐྱེ་བ་ལྟར། བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པས་ཕན་བཏགས་པའི་སེམས་ཅན་དག་དེ་ཙམ་དུ་དགའ་བའི་སེམས་མི་སྐྱེ་སྟེ། དེ་ནི་དགའ་བའི་བསམ་པ་ཞེས་བྱའོ། །དེ་རྣམས་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྟོན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཕན་འདོགས་པའི་བསམ་པ་འཆད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་གོང་དུ་བཤད་པ་ལྟ་བུའི་ཕྱི་ནང་གི་སྦྱིན་པས་སེམས་ཅན་ལ་ཕན་བཏགས་ཏེ། ལེགས་པར་བྱས་ཀྱང་བྱང་
ཆུབ་སེམས་དཔའ་འདི་སྙམ་དུ་བདག་གིས་ནི་སྦྱིན་པ་འདི་ལྟ་བུས་སེམས་ཅན་ལ་ཕན་བཏགས་སོ་ཞེས་བདག་ཉིད་ལ་དེ་ལྟར་མི་སེམས་ཀྱི་གང་གིས་སྦྱིན་པ་བླངས་པའི་སེམས་ཅན་དེས་བདག་ལ་ཕན་བཏགས་སོ་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ཞེ་ན། གལ་ཏེ་སྦྱིན་པ་ལེན་པའི་སེམས་ཅན་
เล่ม ๑๒๖ · หน้า 15b
མེད་ན་ནི་བདག་གིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆོས་རྫོགས་པར་མི་འགྱུར་གྱི་གང་གི་ཕྱིར་སེམས་ཅན་འདི་དག་གིས་བདག་གི་ཕྱི་ནང་གི་སྦྱིན་པ་བླངས་པས་དེའི་ཕྱིར་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པའི་རྒྱུ་དང་ཚོགས་བསགས་པ་ཡིན་ཏེ། དེ་བས་ན་འདི་དག་གིས་བདག་
ལ་ཕན་བཏགས་སོ་སྙམ་དུ་དགོངས་པ་ནི་ཕན་བཏགས་པའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བསོད་ནམས་ཞེས་བྱ་བ་ལ་སོགས་པ་ལ་མི་ཆགས་པའི་བསམ་པ་འཆད་དེ། བྱང་ཆུབ་སེམས་དཔའ་གོང་དུ་བཤད་པ་ལྟ་བུའི་ཕྱི་ནང་གི་སྦྱིན་པ་རྒྱ་ཆེན་པོ་བསོད་ནམས་ཀྱི་
ཚོགས་ཀྱི་རྒྱུར་འགྱུར་བ་དེ་དག་སེམས་ཅན་ལ་སྦྱིན་ཞིང་བཏང་ནས་ཀྱང་ཚེ་འདིར་ཕན་བཏགས་པའི་ལན་ལ་ཡང་རེ་བ་མེད་ལ། ཚེ་རབས་གཞན་དུ་ཡང་སྦྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ལ་མ་ཆགས་བཞིན་དུ་གཏོང་སྟེ། དེ་ནི་མ་ཆགས་པའི་བསམ་
པ་ཞེས་བྱའོ། །གང་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕུང་པོ་དེ་ལྟ་བུ་སྤངས་པ་ཞེས་བྱ་བ་ལ་སོགས་པ་ལ་དགེ་བའི་བསམ་པ་འཆད་དེ། བྱང་ཆུབ་སེམས་དཔས་གོང་དུ་བཤད་པ་ལྟ་བུའི་ཕྱི་དང་ནང་གི་དངོས་པོའི་སྦྱིན་པ་རྒྱ་ཆེན་པོ་སྦྱིན་པའི་ཚོགས་དེ་འདྲ་བ་བཏང་བའི་འབྲས་བུ་
བདག་གཅིག་པུས་མྱོང་བར་ཤོག་ཤིག་ཅེས་མི་སྨོན་གྱི། བདག་གིས་ཕྱི་ནང་གི་སྦྱིན་པ་རྒྱ་ཆེན་པོ་བྱས་པ་དེའི་འབྲས་བུ་སེམས་ཅན་གྱི་ཕྱིར་བཏང་ནས་བདག་གི་སྦྱིན་པ་བྱས་པའི་འབྲས་བུ་འདི་ལ་བདག་དང་སེམས་ཅན་གཉི་གས་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་གྱུར་
ཅིག་ཅེས་སྔོ་བར་བྱེད་དེ་དེ་ནི་དགེ་བའི་བསམ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ལ་གནས་ཏེ་བསྒོམ་པ་ལ་རྣམ་པ་དྲུག་ཏུ་ཕྱེ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་ཏེ་བཤད་ནས། ད་ནི་ཚུལ་
ཁྲིམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཞིང་འཆད་དེ། དེ་ལ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་ཆོག་མི་ཤེས་པའི་བསམ་པ་ཇི་ལྟ་བུ་ཞེ་ན། སེམས་ཅན་གྱི་དོན་དུ་འཇིག་རྟེན་གྱི་ཁམས་མེའི་ཕུང་པོས་གང་བའི་ནང་དུ། ཚེའི་ཚད་གང་
เล่ม ๑๒๖ · หน้า 16a
གཱའི་ཀླུང་གི་བྱེ་མར་གནས་པས་བསྒྲུབས་ནས་ཚུལ་ཁྲིམས་གཅིག་རྙེད་པ་ཡང་དེ་བཞིན་དུ་བསྒྲུབས་ན་སྐད་ཅིག་མ་གཅིག་གིས་ཚུལ་ཁྲིམས་གྲུབ་པ་ནས། ཐ་མ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཀྱང་། ད་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་རྫོགས་པས་ཆོག་
ཅེས་ཆོག་པར་འཛིན་པ་མེད་པ་དང་། ཤེས་རབ་ལ་ཡང་ཚུལ་དེ་ལྟར་བསྒྲུབས་ནས་ཤེས་རབ་ཀྱི་ཕུང་པོ་རྫོགས་ཀྱང་། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པས་ད་ནི་ཆོག་གོ་ཞེས་འཛིན་པ་མེད་པ་ནི་ཆོག་མི་ཤེས་པའི་བསམ་པ་ཞེས་བྱའོ། །གལ་ཏེ་དེ་ལྟར་མེའི་ཕུང་པོའི་ནང་དུ་ཚུལ་
ཁྲིམས་སྒྲུབ་ཀྱང་མེ་ཞི་བར་བྱེད་པའི་གཉེན་པོ་ཙན་དན་དང་། ག་པུར་དང་། ཆུ་ལ་སོགས་པ་ཡོད་ན་ཤིན་ཏུ་དགའ་བ་མ་ཡིན་ནོ་སྙམ་པ་ལ། ཡོ་བྱད་ཐམས་ཅད་རྟག་ཏུ་ཕོངས་པ་ཞེས་བྱ་བ་སྨོས་ཏེ། མེའི་གཉེན་པོ་ཙནྡན་དང་། ག་པུར་དང་། ཆུ་ལ་སོགས་པའི་ཡོ་བྱད་ཀུན་ཀྱང་མེད་པས་
རྟག་ཏུ་ལུས་ཚིག་པའི་ཕྱིར་ལྷག་པར་ཡང་སྤྱད་དཀའ་བར་སྟོན་ཏོ། །དེ་ལྟར་ན་ཡང་བདག་གི་ལུས་གཅིག་གིས་སྡུག་བསྔལ་མྱོང་ན་ཤིན་ཏུ་བྱ་དཀའ་བ་མ་ཡིན་ནོ་སྙམ་པ་ལ། བདག་གི་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་ཞེས་བྱ་བ་སྨོས་ཏེ། བདག་གི་ལུས་གཅིག་གིས་སྡུག་
བསྔལ་མྱོང་བ་ནི་མ་ཡིན་གྱི། བདག་གི་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་གིས་སྡུག་བསྔལ་མྱོང་བས་ལྷག་པར་བྱ་དཀའ་བ་སྟོན་ཏོ། །གལ་ཏེ་དེ་ལྟར་ན་ཡང་ཚེའི་ཚད་ལོ་བརྒྱའམ་སྟོང་ཙམ་གྱིས་བསྒྲུབས་ན་ཚེའི་ཡུན་ཐུང་བས་ལྷག་པར་བྱ་དཀའ་བ་མ་ཡིན་ནོ་སྙམ་པ་ལ། གང་གཱའི་
ཀླུང་གི་བྱེ་མ་དང་མཉམ་པའི་ཚེའི་ཚད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚེའི་ཚད་ཀྱང་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་བསྐལ་པར་བསྒྲུབས་པས། དུས་ཀྱི་ཚད་རིང་བའི་ཕྱིར་ལྷག་པར་བསྒྲུབ་དཀའ་བར་སྟོན་ཏོ། །དེ་ལྟར་ན་ཡང་འཇིག་རྟེན་གྱི་ཁམས་འགའ་ཙམ་མེས་གང་བར་སྤྱོད་
ན། ལྷག་པར་བྱ་དཀའ་བ་མ་ཡིན་ནོ་སྙམ་པ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ་ཞེས་བྱ་བ་སྨོས་ཏེ། མེས་གང་བ་ཡང་འཇིག་རྟེན་གྱི་ཁམས་འགའ་ཙམ་མེས་གང་བ་མ་ཡིན་གྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་མེས་གང་བར་སྤྱོད་
เล่ม ๑๒๖ · หน้า 16b
དེ། དེས་ན་ལྷག་པར་སྤྱད་དཀའ་བ་སྟོན་ཏོ། །དེ་ལྟ་ན་ཡང་སྤྱོད་ལམ་གཅིག་གིས་བསྒྲུབས་ན་བྱ་དཀའ་བ་མ་ཡིན་ནོ་སྙམ་པ་ལ་དེའི་ཕྱིར་སྤྱོད་ལམ་བཞིར་སྤྱོད་ཅིང་ཞེས་བྱ་བ་སྨོས་ཏེ། དེ་ལ་སྤྱོད་ལམ་གཅིག་གིས་སྤྱོད་པ་མ་ཡིན་གྱི། འགྲོ་བ་དང་། འདུག་པ་དང་། ཉལ་བ་དང་།
འཆག་པ་སྟེ། སྤྱོད་ལམ་བཞིར་སྤྱོད་ཅིང་བསྒྲུབས་པས་ན་ལྷག་པར་བྱ་དཀའ་བ་སྟོན་ཏེ། དེ་ལྟར་བསྒྲུབས་ན་སྐད་ཅིག་མ་གཅིག་གིས་ཚུལ་ཁྲིམས་བསྒྲུབས་པ་ནས་མཐར་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་
རྫོགས་ཀྱང་། ད་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པས་ད་ནི་ཆོག་གོ་སྙམ་པའི་བསམ་པ་མེད་དེ་དེ་ནི་ཆོག་མི་ཤེས་པའི་བསམ་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཚུལ་དེ་དང་འདྲ་བར་སྦྱར་རོ། །གང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། གོང་དུ་བཤད་པའི་ཚུལ་ཁྲིམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་དཀའ་བ་དེའང་། ཉིན་གཅིག་ནི་བསྒྲུབ། ཉིན་གཅིག་ནི་མི་བསྒྲུབ། སྐད་ཅིག་མ་གཅིག་ལ་ནི་མི་བསྒྲུབ་པ་མ་ཡིན་གྱི། མཐར་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་
དུ་སྐད་ཅིག་མ་གཅིག་ནས་གཅིག་གི་བར་དུ་རྒྱུན་མི་གཅོད་ཅིང་བར་ཆད་མེད་པར་སྒྲུབ་པར་བྱེད་དེ། དེ་ལྟ་བུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་རྒྱས་པའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་
ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱིས་སེམས་ཅན་བསྡུས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་དགའ་བའི་བསམ་པ་ཇི་ལྟ་བུ་ཡིན་པ་སྟོན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་དག་གིས་ནི་སེམས་ཅན་བསྡུས་ཏེ། ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་སེམས་ཅན་བཀོད་ནས་སེམས་ཅན་ལ་ཕན་འདོགས་པར་བྱེད་དོ། །དེ་ལྟར་སེམས་ཅན་ལ་ཕན་ཐོགས་པར་མཐོང་ནས་བྱང་ཆུབ་སེམས་དཔའ་དགའ་བའི་ཁྱད་པར་སྐྱེ་བ་ལྟར། སེམས་ཅན་
เล่ม ๑๒๖ · หน้า 17a
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་བཀོད་དེ་ཕན་བཏགས་པ་རྣམས་དེ་དེ་ཙམ་དུ་དགའ་བའི་ཁྱད་པར་མི་སྐྱེ་སྟེ། དེ་ལྟ་བུའི་བསམ་པ་ནི་དགའ་བའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྟན་པའི་
ཕྱིར་ཞེས་བྱ་བ་ལ་སོགས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་ཕན་པའི་བསམ་པ་སྟོན་ཏོ། །གོང་དུ་བཤད་པ་ལྟ་བུ་ཚུལ་ཁྲིམས་བཤད་པ་ནས། ཤེས་རབ་བཤད་པའི་བར་དུ་དེ་དག་གིས་སེམས་ཅན་རྣམས་ལ་ཕན་བཏགས་ན་འདི་ལྟར་བྱང་ཆུབ་
སེམས་དཔའ་བདག་གིས་ནི་སེམས་ཅན་ལ་ཕན་བཏགས་སོ་སྙམ་དུ་བདག་ཉིད་ལ་དེ་ལྟར་མི་སེམས་ཀྱི། ཚུལ་ཁྲིམས་ལ་སོགས་པས་སེམས་ཅན་གང་ལ་ཕན་བཏགས་པའི་སེམས་ཅན་དེ་དག་གིས་བདག་ལ་ཕན་བཏགས་སོ་སྙམ་དུ་བྱང་ཆུབ་སེམས་དཔའ་དེ་ལྟར་དགོངས་ཏེ། ཅིའི་ཕྱིར་ཞེ་ན། གང་
གི་ཕྱིར་སེམས་ཅན་འདི་དག་གིས་བདག་གིས་བསྟན་པ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་བསྒྲུབས་པས་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ཚོགས་བསགས་པར་འགྱུར་ཏེ། དེ་བས་ན་སེམས་ཅན་དེ་དག་གིས་བདག་ལ་ཕན་བཏགས་སོ་སྙམ་དུ་སེམས་པ་ནི་ཕན་པའི་བསམ་པ་ཞེས་བྱའོ། །
བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ཆགས་པའི་བསམ་པ་སྟོན་ཏེ། འདི་ལྟར་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་འགྱུར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་
ནས། ཤེས་རབ་ཀྱི་ཚོགས་ཀྱི་རྒྱུར་འགྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་གོང་དུ་བཤད་པ་ལྟ་བུར་རྒྱ་ཆེན་པོར་བསྒྲུབས་ཤིང་སེམས་ཅན་ལ་ཕན་བཏགས་ཀྱང་། ཚེ་འདིར་ཕན་བཏགས་པའི་ལན་ལ་རེ་བ་མེད་ལ་ཚེ་རབས་གཞན་དུ་དེ་དག་གི་འབྲས་བུ་མཐོ་རིས་ལ་སོགས་པར་རྣམ་པར་
སྨིན་པར་འགྱུར་བ་ལ་རེ་བ་མེད་དེ་དེ་ལྟ་བུའི་བསམ་པ་ནི་མི་ཆགས་པའི་བསམ་པ་ཞེས་བྱའོ། །དེ་ལ་གང་བྱང་ཆུབ་སེམས་དཔའ་དེ་བཞིན་དུ་བསོད་ནམས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་བསྒོམ་པ་ནས་ཤེས་རབ་བསྒོམ་པ་ལ་དགེ་བའི་བསམ་པ་སྟེ། འདི་
เล่ม ๑๒๖ · หน้า 17b
ལྟར་བདག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་གཞིར་འགྱུར་བ་ཚུལ་ཁྲིམས་བསྒོམ་པ་ནས། ཤེས་རབ་བསྒོམ་པའི་བར་དུ་རྒྱ་ཆེ་བ་དེ་འདྲ་བ་བསྒོམས་ཤིང་བསྒྲུབས་པ་དེའི་འབྲས་བུ་བདག་འབའ་ཞིག་གིས་ཐོབ་པར་ཤོག་ཤིག་ཅེས་མི་སྨོན་གྱི་སེམས་ཅན་ཐམས་ཅད་དང་ཐུན་
མོང་དུ་བྱས་ནས་བསྔོས་ཏེ། བདག་གིས་གོང་དུ་བཤད་པ་ལྟ་བུའི་ཚུལ་ཁྲིམས་ཀྱི་ཕུང་པོ་བསྒྲུབས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་བསྒྲུབས་པའི་རྒྱུས། བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་རྒྱུ་དང་རྟེན་དུ་གྱུར་
ཅིག་ཅེས་སྨོན་ཏེ། དེ་ལྟ་བུ་ནི་དགེ་བའི་བསམ་པ་ཞེས་བྱའོ། །ཐབས་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། ཐབས་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡང་རྣམ་པ་གསུམ་ཡོད་དེ། གཏོང་བ་པོ་དང་། རྫས་དང་། ལེན་པ་པོ་མི་དམིགས་པའོ། །
དོན་དེ་ཉིད་བསྟན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འཁོར་གསུམ་ཡོངས་སུ་དག་པར་སོ་སོར་རྟོག་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། གཏོང་བ་པོ་དང་། རྫས་དང་། ལེན་པ་པོ་གསུམ་ལ་ཡོད་པར་མི་རྟོག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཏོང་པ་པོ་དང་། རྫས་དང་།
ལེན་པ་པོ་གསུམ་ཡོད་པར་སོ་སོར་རྟོག་པ་ལ་ཐབས་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་ཐབས་ཞེས་བྱ་ཞེ་ན། དེའི་ཕྱིར། དེ་ལྟར་ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་བསྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འཁོར་གསུམ་ཡོངས་སུ་དག་པའི་མཚན་ཉིད་མི་
དམིགས་པ་དེས་ནི་གོང་དུ་བཤད་པའི་ཡིད་ལ་བྱེད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་ཅིང་དག་པར་བྱེད་དེ། དེ་བས་ན་དེ་ལ་ཐབས་ཞེས་བྱའོ། །དབང་ཡོད་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ཞེས་བྱ་བ་ལ། སངས་རྒྱས་ཀྱི་སར་སྐུ་དང་གསུང་དང་
ཐུགས་ཕུན་སུམ་ཚོགས་པ་བརྙེས་ནས་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པ་ནི་དབང་ཡོད་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་སྒོམ་པ་ཞེས་བྱ་སྟེ། དེ་ལ་རྣམ་པ་གསུམ་ཡོད་པ་ནི་འགྲེལ་པ་ནས་འབྱུང་བ་བཞིན་དུ་བལྟའོ། །དེ་བཞིན་གཤེགས་པའི་སྐུ་གཉིས་སུ་
เล่ม ๑๒๖ · หน้า 18a
བལྟ་བར་བྱ་སྟེ། ངོ་བོ་ཉིད་དང་། རྫོགས་པར་ལོངས་སྤྱོད་པ་དང་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྐུ་གཉིས་ལ་ལུས་ལ་དབང་ཡོད་པ་ཞེས་བྱ་སྟེ། སྐུ་གཉིས་ནི་ངོ་བོ་ཉིད་ཀྱི་སྐུ་ཆོས་ཀྱི་སྐུ་དང་། རྫོགས་པར་ལོངས་སྤྱོད་པའི་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ནི་
འཕགས་པ་རྣམས་སོ་སོ་རང་གིས་རིག་པ་ནམ་མཁའ་བཞིན་དུ་ཀུན་ཏུ་ཁྱབ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཉིད་དོ། །རྫོགས་པར་ལོངས་སྤྱོད་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པར་མཛད་པའོ། །གང་
གིས་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་པའི་ཞེས་བྱ་བ་ལ་སོགས་པ་ལ། སྔོན་སྤྱད་པ་ལ་དབང་ཡོད་པ་ནི་སྤྲུལ་པའི་སྐུ་ལ་བྱ་སྟེ། སྤྲུལ་པའི་སྐུ་གང་གིས་ལྷ་དང་མི་ལ་སོགས་པའི་སེམས་ཅན་ཐམས་ཅད་དང་མཐུན་པའི་ལུས་དང་སྤྱོད་པ་སྟོན་པ་སྟེ། སྐུ་གཉིས་ཀྱིས་ནི་སྐུ་དང་ཐུགས་ཕུན་
སུམ་ཚོགས་པ་བསྟན་ཏོ། །སྟོན་པ་དབང་ཡོད་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྟོན་པ་ལ་དབང་ཡོད་པ་ནི་གསུང་ཕུན་སུམ་ཚོགས་པ་གང་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལྷག་ཆད་མེད་པར་ཐོགས་པ་མེད་པར་སྟོན་ཏེ། འདིས་ནི་གསུང་ཕུན་སུམ་ཚོགས་པ་བསྟན་ཏོ། །མདོ་སྡེ་རྒྱན་བམ་པོ་བཞི་པའི་
བཤད་པ་རྫོགས་སོ།། །།རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་སོགས་པ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་བསྟན་ནས། ད་ནི་རབ་ཏུ་དབྱེ་བ་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཕྱེ་ན་དཔག་ཏུ་མེད་པ་ཞིག་ཏུ་འགྱུར་མོད་ཀྱི་དེ་ལ་ཡང་བསྡུས་ཏེ་དབྱེ་ན་ཕ་རོལ་ཏུ་ཕྱིན་པ་
རེ་རེ་ཞིང་ཡང་རང་བཞིན་ལ་སོགས་པ་རྣམ་པ་དྲུག་དྲུག་ཏུ་ཤེས་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་རེ་རེ་ཞིང་ཚིགས་སུ་བཅད་པ་གཉིས་གཉིས་ཀྱིས་སྟོན་ཏེ། དེ་ལྟར་ན་ཚིགས་སུ་བཅད་པ་བཅུ་གཉིས་སུ་འགྱུར་རོ། །དོན་རྣམས་གཏོང་བར་བྱེད་པ་དང་། །ཞེས་བྱ་བ་ལ། སྡུག་བསྔལ་བའི་ཞིང་དང་
ཡོན་ཏན་གྱི་ཞིང་གསུམ་ལ་ཕྱི་དང་ནང་གི་དངོས་པོ་གཏོང་བ་ནི་སྦྱིན་པའི་རང་བཞིན་ནོ། །གནས་པའི་རྩ་བ་སེམས་པ་དང་། །ཞེས་བྱ་བ་ལ། རྩ་བའི་སྒྲས་ནི་དགེ་བའི་རྩ་བ་གསུམ་ལ་བྱ་སྟེ། འདོད་མ་ཆགས་པ་དང་། ཞེ་མི་སྡང་བ་དང་། གཏི་མི་མུག་པའི་དགེ་བའི་རྩ་བ་གསུམ་དང་ལྡན་པའི་སེམས་
เล่ม ๑๒๖ · หน้า 18b
པ་ནི་སྦྱིན་པའི་གནས་དང་རྒྱུ་ཡིན་ཏེ་དེ་གསུམ་ལ་སྦྱིན་པ་འབྱུང་བའི་ཕྱིར་རོ། །ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས། །ཞེས་བྱ་བ་ལ། ལུས་ཕུན་སུམ་ཚོགས་པ་ཐོབ་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པ་ནི་སྦྱིན་པའི་འབྲས་བུ་སྟེ། ནང་གི་དངོས་པོ་གཏོང་བས་ནི་ཁ་དོག་དང་
དབྱིབས་དང་ཚེ་རིང་པོ་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །ཕྱིའི་དངོས་པོ་གཏོང་བས་ནི་གཏེར་དང་འབྲུ་ལ་སོགས་པ་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །བསྡུ་བ་གཉིས་དང་བསྐང་བ་དང་། །ཞེས་བྱ་བ་ལ། བདག་དང་
གཞན་གཉིས་སྡུད་པར་བྱེད་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐོང་བར་བྱེད་པ་ནི་སྦྱིན་པའི་ལས་ཏེ། ཕོངས་པ་རྣམས་ལ་ཟང་ཟིང་བྱིན་པས་སེམས་ཅན་གཞན་བསྡུ་ཞིང་སེམས་ཅན་གཞན་ལ་ཕན་བཏགས་པ་དང་། དེའི་རྒྱུས་མ་འོངས་པ་ན་བདག་ཉིད་ལོངས་སྤྱོད་ཆེན་པོར་འགྱུར་
བས་ན་གཞན་བསྡུ་ཞིང་བདག་ལ་ཕན་བཏགས་སོ། །དེ་ལ་ཆོས་སྦྱིན་པས་ནི་ཡེ་ཤེས་ཀྱི་ཚོགས་སྐོང་བར་བྱེད། མི་འཇིགས་པ་དང་། ཟང་ཟིང་བྱིན་པས་ནི་བསོད་ནམས་ཀྱི་ཚོགས་སྐོང་བར་བྱེད་དོ། །གནས་ལྔ་པའི་མདོ་སྡེ་བཞིན་ནོ་ཞེས་བྱ་བ་ལ། གནས་ལྔ་པ་ཡི་མདོ་སྡེ་ལས། །གཞན་ལ་ཁ་
ཟས་བྱིན་པས་ནི། །གནས་ལྔ་དག་ནི་ཀུན་ཐོབ་སྟེ། །ཚེ་དང་ཁ་དོག་སྟོབས་དང་བདེ། །སྤོབས་པ་ཕུན་སུམ་ཚོགས་དང་ལྔ། །ཞེས་གསུངས་པ་ལྟ་བུའོ། །སེར་སྣ་མེད་པར་ལྡན་པ་དང་། །ཞེས་བྱ་བ་ལ། གང་ལ་སེར་སྣ་ཡོད་པ་དེ་ལ་ནི་སྦྱིན་པ་མེད་ཀྱི། གང་ལ་སྦྱིན་པ་ཡོད་པ་དེ་ལ་སེར་
སྣ་མེད་པའི་ཆོས་ཡོད་པས་ལྡན་པ་ནི་སེར་སྣ་མེད་པའི་ཆོས་དང་ལྡན་ནོ། །ཆོས་དང་ཟང་ཟིང་མི་འཇིགས་མཐོང་། །ཞེས་བྱ་བ་ལ། སྦྱིན་པ་ལ་ཕྱེ་ན་རྣམ་པ་གསུམ་དུ་འཇུག་སྟེ། ཆོས་སྦྱིན་པ་ལ་འཇུག་པ་དང་། ཟང་ཟིང་སྦྱིན་པ་ལ་འཇུག་པ་དང་། མི་འཇིགས་པ་སྦྱིན་པ་ལ་འཇུག་པའོ། །
དེ་ལ་གསུང་རབ་ཀྱི་དོན་དང་ཚིག་མ་ནོར་བར་འཆད་པ་ནི་ཆོས་སྦྱིན་པ་ལ་འཇུག་པའོ། །ཕྱི་དང་ནང་གི་དངོས་པོ་གཏོང་བ་ནི་ཟང་ཟིང་སྦྱིན་པ་ལ་འཇུག་པའོ། །རྒྱལ་པོ་དང་། རྐུན་པོ་དང་། མེ་དང་། ཆུའི་འཇིགས་པའི་སྐྱབས་སུ་བྱེད་པ་ནི་མི་འཇིགས་པ་སྦྱིན་པ་ལ་འཇུག་པ་སྟེ། འདིས་ནི་
เล่ม ๑๒๖ · หน้า 19a
འཇུག་པའི་དོན་བསྟན་ཏོ། །སྦྱིན་པ་དེ་ལྟར་ཤེས་ནས་སུ། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ཏེ། སྦྱིན་པའི་རང་བཞིན་དང་། རྒྱུ་དང་། འབྲས་བུ་དང་། ལས་ལ་སོགས་པ་གོང་དུ་བཤད་པ་ལྟ་
བུ་ཡིན་པར་ཤེས་ནས་མཁས་པ་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སེར་སྣ་མེད་པས་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ལ། སེར་སྣ་ཅན་རྣམས་ལ་ནི་སྦྱིན་པ་ལ་འཇུག་པ་མེད་ཀྱི། སེར་སྣ་མེད་པ་རྣམས་སྦྱིན་པ་ལ་འཇུག་པར་
བྱེད་པས་ན་སེར་སྣ་མེད་པའི་ཆོས་དང་ལྡན་ནོ། །ཡན་ལག་དྲུག་དང་ཞེས་བྱ་བ་ལ། ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ནོ། །དེ་ཡང་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་དང་ལྡན་པ་སོ་སོར་ཐར་བའི་སྡོམ་པས་བསྡམས་པ། ཆོ་ག་ཕུན་
སུམ་ཚོགས་པ། སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ། ཡང་དག་པར་བླངས་པའི་གནས་ལ་སློབ་པོ་ཞེས་འབྱུང་བའོ། །ཞི་སེམས་བླངས་ཞེས་བྱ་བ་ལ། ཞི་བའི་སེམས་ཀྱིས་བླངས་པ་ནི་རྒྱུ་སྟེ། འཕགས་པ་རྣམས་དང་པོ་ཚུལ་
ཁྲིམས་ལེན་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱའོ་སྙམ་དུ་བསམས་ནས་ལེན་ཏེ། དེ་བས་ན་སེམས་ཀྱི་རྒྱུའོ། །བདེ་བར་འགྲོ་དང་གནས་ལེན་དང་། །ཞེས་བྱ་བ་ལ། བདེ་འགྲོ་ལེན་པ་དང་། གནས་ལེན་པར་བྱེད་པ་ནི་འབྲས་བུ་སྟེ། ཚུལ་ཁྲིམས་དང་ལྡན་ན་གང་དང་གང་དུ་སྐྱེས་པ་ཐམས་ཅད་
དུ་ལྷ་དང་མིར་སྐྱེ་བ་ལེན་པའི་ཕྱིར་བདེ་འགྲོ་ལེན་པའོ། །གནས་ཀྱི་སྒྲས་ནི་ཏིང་ངེ་འཛིན་ལ་བྱ་སྟེ། ཚུལ་ཁྲིམས་དང་ལྡན་ན་འགྱོད་པ་མེད་པར་འགྱུར་རོ། །འགྱོད་པ་མེད་ན་སེམས་བདེའོ། །སེམས་བདེ་ན་ལུས་བདེའོ། །ལུས་བདེ་ན་ཡང་སེམས་བདེ་སྟེ། སེམས་བདེ་ན་སེམས་རྩེ་གཅིག་
པ་འཐོབ་སྟེ། དེ་བས་ན་གནས་ལེན་ཏོ། །གནས་ཞི་འཇིགས་པ་མེད་པ་དང་། །ཞེས་བྱ་བ་ལ། གནས་བྱེད་པ་དང་། ཞི་བར་བྱེད་པ་དང་། འཇིགས་པ་མེད་པར་བྱེད་པ་ནི་གནས་སོ། །དེ་ལ་གནས་བྱེད་པ་ནི། ས་གཞི་ཆེན་པོ་ལ་ལོ་ཏོག་ཐམས་ཅད་ཀྱི་གནས་བྱེད་པ་བཞིན་དུ། ཚུལ་ཁྲིམས་ཀྱང་
เล่ม ๑๒๖ · หน้า 19b
བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དོན་ཀུན་གྱི་གནས་བྱེད་དོ། །ཚུལ་ཁྲིམས་དང་ལྡན་ན་འདོད་ཆགས་ལ་སོགས་པའི་གདུང་བ་སེལ་བར་བྱེད་པས་ན་ཞི་བར་བྱེད་དོ། །ཚུལ་ཁྲིམས་དང་ལྡན་ན་ཚེ་རབས་གཞན་གྱི་འཇིགས་པ་དང་། ཚེ་འདིའི་འཇིགས་པ་མེད་པས་ན་འཇིགས་པ་མེད་པར་བྱེད་
པའོ། །དེ་ལ་ཚེ་རབས་གཞན་གྱི་འཇིགས་པས་ནི་ངན་སོང་གསུམ་དུ་འཇིགས་པ་སྟེ། ཚེ་རབས་གཞན་དུ་ལྷ་དང་མིའི་ནང་དུ་སྐྱེ་བས་ན་ངན་སོང་དུ་སྐྱེ་བའི་འཇིགས་པ་མེད་དོ། །ཚེ་འདིའི་འཇིགས་པ་ཡང་རྣམ་པ་གཉིས་ཏེ། ཁ་ན་མ་ཐོ་བའི་འཇིགས་པ་དང་། ཤ་ཁོན་གཉེར་བའི་འཇིགས་པ་སྟེ། ཚུལ་ཁྲིམས་
དང་ལྡན་ན་དེ་ལ་སུ་ཡང་མི་སྙན་པར་མི་སྨྲ་བས་ཁ་ན་མ་ཐོ་བའི་འཇིགས་པ་མེད་དོ། །ཚུལ་ཁྲིམས་དང་ལྡན་ན་སྲོག་གཅོད་པ་ལ་སོགས་པའི་རྐྱེན་ལས་བྱུང་བའི་བརྡེག་བཙོག་མི་འབྱུང་བས་ན་ཤ་ཁོན་གྱི་འཇིགས་པ་མེད་དོ། །བསོད་ནམས་ཀྱི་ཚོགས་དང་ལྡན་པ་དང་ཞེས་བྱ་བ་ལ།
ཚུལ་ཁྲིམས་བླངས་པ་དང་། ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བའི་ཆོས་མི་འབྱུང་བར་བསྡམས་པ་དང་། དེ་ལྟར་བསྡམས་པ་དང་། དགེ་བའི་ཆོས་འབའ་ཞིག་འཕེལ་བས་ན་ལྡན་པ་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་ནོ། །བརྡ་དང་ཆོས་ཉིད་ཐོབ་པ་ནི། །སྡོམ་
ལ་གནས་པ་དག་ལ་ཡོད། །ཅེས་བྱ་བས་འཇུག་པ་བསྟན་ཏེ། འཇུག་པ་ལ་ཡང་རྣམ་པ་གཉིས་སོ། །གང་ཞེ་ན། དབྱེ་བའི་འཇུག་པ་དང་། གཞིའི་འཇུག་པའོ། །དེ་ལ་ཚུལ་ཁྲིམས་ལ་ཕྱེ་ན་རྣམ་པ་གསུམ་དུ་འཇུག་སྟེ། སོ་སོར་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་
དང་། ཟག་པ་མེད་པའི་སྡོམ་པའོ། །དེ་ལ་མཁན་པོ་དང་སློབ་དཔོན་ལ་གསོལ་བ་དང་ཞུ་བའི་ལས་ཀྱིས་སོ་སོར་ཐར་པའི་སྡོམ་པ་བླངས་པ་ནི་བརྡའི་ཚུལ་ཁྲིམས་ཞེས་བྱའོ། །བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་གཉིས་ནི་ཆོས་ཉིད་ཀྱི་ཚུལ་ཁྲིམས་ཞེས་བྱ་སྟེ། འདིས་ནི་
དབྱེ་བའི་འཇུག་པ་བསྟན་ཏོ། །སྡོམ་པ་གནས་པ་དག་ལ་ཡོད། །ཅེས་བྱ་བས་གཞིའི་འཇུག་པ་བསྟན་ཏེ། གོང་དུ་བཤད་པའི་ཚུལ་ཁྲིམས་ལྟ་བུ་ཡང་སྡོམ་པ་ལ་གནས་ཤིང་བརྟེན་པ་རྣམས་ལ་ཡོད་ཀྱི་གཞན་ལ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་དེ་བཞིན་ཤེས་ནས་སུ། །
เล่ม ๑๒๖ · หน้า 20a
མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་རང་བཞིན་དང་རྒྱུ་ལ་སོགས་པ་གོང་དུ་བཤད་པ་ལྟ་བུ་ཡིན་པར་ཤེས་ནས་མཁས་པ་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །མི་མཇེད་ཇི་མི་སྙམ་སེམས་
དང་། །ཞེས་བྱ་བས། བཟོད་པའི་རང་བཞིན་བསྟན་ཏེ། མི་མཇེད་ཅེས་བྱ་བས་ནི་གནོད་པ་ལ་མི་མཇེད་པའི་བཟོད་པ་བསྟན། ཇི་མི་སྙམ་ཞེས་བྱ་བས་བདག་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་བསྟན། ཤེས་པ་ཞེས་བྱ་བས་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་བསྟན་ཏོ། །
སྙིང་རྗེ་ཆོས་ལ་གནས་པའི་ཕྱིར། །ཞེས་བྱ་བ་ལ། སྙིང་རྗེ་དང་ཆོས་གཉིས་ནི་བཟོད་པའི་རྒྱུ་སྟེ། སུ་ལ་སྙིང་རྗེ་མེད་པ་དེ་ནི་སེམས་ཅན་གྱིས་གནོད་པར་བྱས་པ་རྣམས་བཟོད་པར་མི་ནུས་ཀྱི་སྙིང་རྗེ་ཅན་གྱིས་བཟོད་པ་ནུས་པས་ན་སྙིང་རྗེ་ནི་རྒྱུའོ། །ཆོས་ལ་གནས་པ་ལ་ཡང་རྣམ་པ་གཉིས་ཏེ། ཚུལ་
ཁྲིམས་ཡང་དག་པར་བླངས་ཏེ། དེ་རྣམས་བདུན་ཞེས་བྱ་བས་འཇུག་པ་བསྟན་ཏེ། དེ་རྣམས་ལ་ཞེས་བྱ་བས་ནི་གཞིའི་འཇུག་པ་བསྟན་ཏོ། །གོང་དུ་བཤད་པའི་བརྩོན་འགྲུས་ཀྱང་གང་ཟག་བརྩོན་འགྲུས་བརྩམས་པ་རྣམས་ལ་ཡོད་ཀྱི་བརྩོན་འགྲུས་མ་བརྩམས་པ་ལ་མེད་པས་ན་བརྩོན་
འགྲུས་རྩོམ་པའི་གང་ཟག་ནི་བརྩོན་འགྲུས་ཀྱི་གཞི་དང་རྟེན་ཡིན་ནོ། །དེ་རྣམས་བདུན་ཞེས་བྱ་བས་རབ་ཏུ་དབྱེ་བའི་འཇུག་པ་བསྟན་ཏེ། བརྩོན་འགྲུས་ལ་ཕྱེ་ན་བསླབ་པ་གསུམ་ལ་བརྟག་པ་དང་རིམ་གྲོ་བྱེད་པའི་སྒོ་ནས་རྣམ་པ་བདུན་དུ་འགྱུར་རོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་
རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཚོགས་ཀྱིས་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་སྤོང་ཞིང་དགེ་བ་ལ་འཇུག་པར་བྱེད་དེ། རྣམ་པར་ཤེས་པ་ལྔའི་ཚོགས་ལ་བརྩོན་འགྲུས་ལྔར་གཞག་སྟེ། དེ་རྣམས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་བསྡུའོ། །དེའི་སྟེང་དུ་ལྷག་པའི་
སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གཉིས་བསྣན་ཏེ་བདུན་ནོ། །དེ་ཡང་ལུས་ཀྱི་བརྩོན་འགྲུས་དང་སེམས་ཀྱི་བརྩོན་འགྲུས་གཉིས་སུ་བསྡུ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ལུས་ཀྱི་བརྩོན་འགྲུས་སོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་སེམས་
เล่ม ๑๒๖ · หน้า 20b
ཀྱི་བརྩོན་འགྲུས་སོ། །བརྩོན་འགྲུས་དེ་ལྟར་ཤེས་ནས་ནི། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་བྱ་བ་ལ། བརྩོན་འགྲུས་ཀྱི་རང་བཞིན་དང་། རྒྱུ་དང་། འབྲས་བུ་ལ་སོགས་པ་གོང་དུ་བཤད་པ་ལྟ་བུ་ཡིན་པར་ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་དུ་སྒྲུབ་པར་བྱེད་དོ་ཞེས་
བྱ་བའི་དོན་ཏོ། །ཇི་ལྟར་བརྩོན་འགྲུས་བརྩམས་པས་སྡིག་པ་མི་དགེ་བའི་ཆོས་དང་མ་འདྲེས་ཤིང་བདེ་བ་ལ་རེག་པར་སྤྱོད་ཅེས་བྱ་བ་གསུངས་སོ་ཞེས་བྱ་བ་ལ། བརྩོན་འགྲུས་ཉོན་མོངས་པའི་གཉེན་པོར་གྱུར་པའི་མདོའི་གཏན་ཚིགས་སྟོན་ཏེ། མདོ་ལས་ཀྱང་བརྩོན་འགྲུས་བརྩམས་ན་སྡིག་པ་
མི་དགེ་བའི་ཆོས་སྤོང་ངོ་། །སྡིག་པ་མི་དགེ་བའི་ཆོས་སྤངས་ནས་དེ་དང་མ་འདྲེས་པར་གནས་པའོ། །སྡིག་པ་མི་དགེ་བའི་ཆོས་དང་མ་འདྲེས་ན། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་གྱི་བདེ་བ་ལ་རེག་པར་སྤྱོད་དོ་ཞེས་གསུངས་སོ། །སེམས་ནི་ནང་དུ་གནས་པ་དང་། །ཞེས་བྱ་བ་ལ།
གཟུགས་ལ་སོགས་པ་ཕྱིའི་ཡུལ་ལ་སེམས་གཡེང་བ་ལས་བླངས་ནས་སེམས་ནང་དུ་རྩེ་གཅིག་པར་འཇོག་པ་ནི་བསམ་གཏན་གྱི་རང་བཞིན་ནོ། །དྲན་དང་བརྩོན་ལ་གནས་པ་དང་། །ཞེས་བྱ་བ་ལ། རྒྱུ་བསྟན་ཏེ། གང་དག་དྲན་པ་ཉམས་པ་དང་། ལེ་ལོ་ཅན་ལ་ནི་བསམ་གཏན་མི་འབྱུང་གི་གང་
ལ་བསྒོམ་པར་བྱ་བའི་ཡུལ་སེམས་ལ་མ་བརྗེད་པའི་དྲན་པ་ཡོད་པ་དང་། དེ་ཉིད་ལ་རྒྱུན་དུ་སྒོམ་པར་བྱེད་པའི་བརྩོན་འགྲུས་ཡོད་པ་དེ་ལ་ནི་ཏིང་ངེ་འཛིན་འབྱུང་བར་འགྱུར་བས་ན་དྲན་པ་དང་བརྩོན་འགྲུས་ནི་རྒྱུའོ། །བདེ་བ་དག་ནི་སྐྱེ་བའི་རྒྱུ། །ཞེས་བྱ་བས་འབྲས་བུ་བསྟན་ཏེ། བདེ་བ་སྐྱེ་བ་ནི་
གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བའོ། །བསམ་གཏན་བསྒྲུབས་ན་གཟུགས་ཀྱི་བསམ་གཏན་དང་པོ་ལ་སོགས་པའི་ལྷའི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ་ནི་འབྲས་བུའོ། །མངོན་ཤེས་སྤྱོད་པའི་དབང་བྱེད་པའོ། །ཞེས་བྱ་བ་ལ། མངོན་པར་ཤེས་པ་ལ་དབང་བྱེད་
པ་དང་། སྤྱོད་པ་ལ་དབང་བྱེད་པ་ནི་ལས་ཏེ། བསམ་གཏན་བསྒྲུབས་ན་རྫུ་འཕྲུལ་གྱི་མིག་དང་། རྣ་བ་ལ་སོགས་པའི་མངོན་པར་ཤེས་པ་ལྔ་ལ་དབང་བྱེད་པར་འགྱུར་བ་དང་། འཕགས་པའི་སྤྱོད་པ་དང་། ལྷའི་སྤྱོད་པ་དང་། ཚངས་པའི་སྤྱོད་པ་ལ་དབང་བྱེད་པར་འགྱུར་ཏེ། དེ་ལ་བདེན་
เล่ม ๑๒๖ · หน้า 21a
པ་བཞི་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པ་ནི་འཕགས་པའི་སྤྱོད་པའོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། ལྷའི་སྤྱོད་པའོ། །ཚད་མེད་པ་བཞི་ནི་ཚངས་པའི་སྤྱོད་པའོ། །ཆོས་རྣམས་ཀྱི་
ནི་གཙོ་བོ་དང་། །ཞེས་བྱ་བ་ལ། ལྡན་པ་ནི་ཆོས་རྣམས་ཀྱི་གཙོ་བོར་གྱུར་པ་དང་ལྡན་ཏེ་ཆོས་རྣམས་ཀྱི་གཙོ་བོར་གྱུར་པ་ནི་བསམ་གཏན་ནོ། །དེ་ལ་གཙོ་བོ་ཞེས་བྱ་བ་དང་སྔོན་དུ་འགྲོ་བ་ཞེས་བྱ་བ་དོན་གཅིག་སྟེ། བསམ་གཏན་ནི་ཆོས་རྣམས་ཀྱི་སྔོན་དུ་འགྲོ་བའོ། །ཇི་ལྟར་སྔོན་དུ་འགྲོ་ཞེ་ན། སེམས་
མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་སྐྱེའོ། །ཤེས་རབ་སྐྱེས་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ན་རྣམ་པར་གྲོལ་བའི་ཡེ་ཤེས་སྐྱེ་བའི་ཕྱིར་རོ། །དེ་ལ་ཡོད་དང་དེ་གསུམ་མོ། །ཞེས་བྱ་བས་འཇུག་པ་བསྟན་ནོ། །དེ་ལ་ཡོད་ཅེས་བྱ་བས་གཞིའི་
འཇུག་པ་བསྟན་ཏེ། གོང་དུ་བཤད་པའི་བསམ་གཏན་དེ་ལས་བསམ་གཏན་བསྒོམ་པའི་གང་ཟག་རྣམས་ལ་ཡོད་ཀྱི་གཞན་ལ་མེད་པའི་ཕྱིར་རོ། །གང་ཟག་ནི་བསམ་གཏན་གྱི་གཞིའོ། །གསུམ་ཞེས་བྱ་བས་རབ་ཏུ་འཇུག་པ་བསྟན་ཏེ། བསམ་གཏན་ལ་ཕྱེ་ན་རྣམ་པ་དུ་ཡོད་པ་ནི་འགྲེལ་
པ་ལས་འབྱུང་བ་བཞིན་དུ་བལྟའོ། །བསམ་གཏན་དེ་བཞིན་ཤེས་ནས་ནི། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་བྱ་བ་ལ། བསམ་གཏན་གྱི་རང་བཞིན་དང་རྒྱུ་ལ་སོགས་པ་གོང་དུ་བཤད་པ་བཞིན་བཤད་ནས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་
བའི་དོན་ཏོ། །རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པས་བསམ་གཏན་ལ་ཕྱེ་ན་རྣམ་པ་གསུམ་ཡོད་པ་སྟོན་ཏེ། མི་ལྕོགས་སུ་མི་རུང་བ་དང་། བསམ་གཏན་དང་པོ་དང་གཉིས་པ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་བསམ་གཏན་ཞེས་
བྱའོ། །བར་གྱི་བསམ་གཏན་དང་། བསམ་གཏན་གཉིས་པ་ནི། རྣམ་པར་མི་རྟོག་ལ་དཔྱོད་པ་ཙམ་གྱི་བསམ་གཏན་ཞེས་བྱའོ། །བསམ་གཏན་གསུམ་པ་དང་། བཞི་པ་ནི་རྣམ་པར་མི་རྟོག་མི་དཔྱོད་པའི་བསམ་གཏན་ཞེས་བྱའོ། །ཡང་དགའ་བ་དང་ལྷན་ཅིག་ལྡན་པ་དང་། །ཞེས་བྱ་བ་
เล่ม ๑๒๖ · หน้า 21b
ལ། བསམ་གཏན་ལ་རྣམ་པ་གསུམ་ཡོད་པ་རྣམ་པ་གཞན་དུ་འཆད་དེ། བསམ་གཏན་དང་པོ་དང་གཉིས་པ་ནི་དགའ་བ་དང་ལྷན་ཅིག་ལྡན་པ་ཞེས་བྱ་སྟེ། ལུས་ཀྱི་བསམ་པ་ཡོད་པའི་ཕྱིར་རོ། །བསམ་གཏན་གསུམ་པ་ནི་བདེ་བ་དང་ལྷན་ཅིག་ལྡན་པ་ཞེས་བྱ་སྟེ། སེམས་ཀྱི་བསམ་པ་
ཡོད་པའི་ཕྱིར་རོ། །བསམ་གཏན་བཞི་པ་ནས་སྲིད་པའི་རྩེ་མོ་མན་ཆད་ནི་བཏང་སྙོམས་དང་ལྡན་པ་ཞེས་བྱའོ། །ཤེས་བྱ་ཡང་དག་རབ་འབྱུང་ནི། །ཞེས་བྱ་བ་ལ། ཤེས་བྱའི་སྒྲས་ནི་བདེན་པ་བཞི་དང་། ཐེག་པ་གསུམ་དང་། རིག་པའི་གནས་ལ་སོགས་པ་ལ་བྱ་སྟེ། དེ་རྣམས་ཀྱི་རང་
དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་ཤིང་འབྱུང་བ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །ཡང་དག་པ་སྨོས་པས་ནི་མུ་སྟེགས་པ་འདི་ལས་ཕྱི་རོལ་དུ་གྱུར་པ་རྣམས་བདག་དང་རྟག་པ་ལ་སོགས་པའི་མཚན་ཉིད་དུ་ཤེས་བྱ་ལ་འཆལ་བས་ལོག་པའི་ཤེས་པའི་ཕྱིར། ཤེས་རབ་མ་ཡིན་པ་
སེལ་ཏོ། །མཉམ་པར་གཞག་ལ་རབ་གནས་པས། །ཞེས་བྱ་བས་རྒྱུ་བསྟན་ཏོ། །ཤེས་རབ་ཀྱི་རྒྱུ་ནི་ཏིང་ངེ་འཛིན་ཡིན་ཏེ། མདོ་ལས་ཀྱང་སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་བྱུང་ངོ་ཞེས་གསུངས་པའི་ཕྱིར་རོ། །ཉོན་མོངས་པ་ལས་རྣམ་གྲོལ་
ཞིང་། །ཞེས་བྱ་བ་ལ། ཉོན་མོངས་པ་ལས་རྣམ་པར་གྲོལ་བར་བྱེད་པ་ནི་ཤེས་རབ་ཀྱི་འབྲས་བུ་སྟེ། འཇིག་རྟེན་པའི་ཤེས་རབ་ཀྱིས་ནི་ཉོན་མོངས་པ་འཇིག་པར་བྱེད། འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་ཀྱིས་ནི་ཉོན་མོངས་པའི་སྒྲིབ་པ་བག་ལ་ཉལ་བ་སྤོང་
བར་བྱེད། འཇིག་རྟེན་ལས་འདས་པ་གང་ཟག་དང་ཆོས་ལ་བདག་མེད་པར་ཤེས་པ་ཐེག་པ་ཆེན་པའི་ཤེས་རབ་ཀྱིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ལ་ཉལ་ཚུན་ཆོད་སྤོང་བར་བྱེད་དེ། དེ་ནི་འབྲས་བུའོ། །ཤེས་རབ་འཚོ་བ་སྟོན་པ་སྟེ། །ཞེས་བྱ་བ་ལ། ཤེས་རབ་ཀྱིས་འཚོ་བར་བྱེད་
པ་དང་སེམས་ཅན་ལ་ཆོས་སྟོན་པར་བྱེད་པ་གཉིས་ནི་ལས་ཡིན་ཏེ། འཇིག་རྟེན་ན་ཚོང་དང་ཞིང་རྨོད་པ་ལ་སོགས་པས་ལུས་རྣག་ཅན་གྱི་སྲོག་མི་འཆད་པར་འཚོ་བར་བྱེད་མོད་ཀྱི། དེ་དག་ལས་ཤེས་རབ་ཀྱིས་འཚོ་བ་ནི་འཚོ་བ་བླ་ན་མེད་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་དགེ་
เล่ม ๑๒๖ · หน้า 22a
བའི་རྩ་བའི་སྲོག་མི་འཆད་པར་བྱེད་པའི་ཕྱིར་རོ། །ཤེས་རབ་དང་ལྡན་པ་སེམས་ཅན་ལ་ཆོས་སྟོན་པར་བྱེད་དོ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་འཆད་པའི་ཕྱིར་རོ། །ཆོས་རྣམས་ཀྱི་ནི་དམ་པ་དང་། །ཞེས་བྱ་བ་ལ། ལྡན་པ་ནི་ཆོས་རྣམས་ཀྱི་དམ་པ་དང་
ལྡན་ཏེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པའི་མདོ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དམ་པའོ། །གཙོ་བོའོ། །ཁྱད་པར་ཅན་ནོ་ཞེས་གསུངས་སོ། །དེ་ལ་ཡོད་
དང་དེ་གསུམ་དང་། །ཞེས་བྱ་བས་འཇུག་པ་བསྟན་ཏོ། །དེ་ལ་ཡོད་ཅེས་བྱ་བས་གཞིའི་འཇུག་པ་བསྟན་ཏོ། །གོང་དུ་བཤད་པའི་ཤེས་རབ་དེ་ཡང་གང་ཟག་ཤེས་རབ་ཅན་རྣམས་ལ་ཡོད་ཀྱི་གཞན་ལ་མེད་དེ། དེ་བས་ན་གང་ཟག་ཤེས་རབ་ཅན་ནི་ཤེས་རབ་ཀྱི་གཞིའོ། །དེ་གསུམ་
ཞེས་བྱ་བས་རབ་ཏུ་དབྱེ་བའི་འཇུག་པ་བསྟན་ཏེ། ཤེས་རབ་ལ་ཕྱེ་ན་ཡང་རྣམ་པ་གསུམ་དུ་འཇུག་གོ། །གསུམ་པོ་ནི་འཇིག་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་ཆུང་ངུ་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་ཆེན་པོ་སྟེ་བྱང་ཆུབ་སེམས་
དཔའི་ཤེས་རབ་དང་། ཤེས་རབ་དེ་བཞིན་ཤེས་ནས་ནི། མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་བྱ་བ་ལ། ཤེས་རབ་ཀྱི་རང་བཞིན་དང་རྒྱུ་ལ་སོགས་པ་གོང་དུ་བཤད་པ་ལྟ་བུ་ཡིན་པར་ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བསྡུ་བ་
རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དབྱེ་བ་བཤད་ནས། ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། དགེ་བ་བཅུ་ལ་སོགས་པའི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་བསྡུས་པར་དབྱེ་ཞིང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་
གཅིག་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དཀར་པོའི་ཆོས་ཀུན་མཉམ་པར་མ་བཞག་དང་། །མཉམ་པར་བཞག་དང་གཉི་ག་ཤེས་པར་བྱ། །ཞེས་བྱ་བ་ལ། ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དཀར་པོའི་ཆོས་ཀུན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་འདུས་ཏེ་
เล่ม ๑๒๖ · หน้า 22b
དཀར་པོའི་ཆོས་ཀྱང་ཆ་གསུམ་དུ་གཞག་གོ། །གང་ཞེ་ན། མཉམ་པར་མ་བཞག་པའི་རང་བཞིན་དང་། མཉམ་པར་བཞག་པའི་རང་བཞིན་དང་། གཉི་ག་སྟེ། མཉམ་པར་བཞག་པའི་རང་བཞིན་ཡང་ཡིན། མཉམ་པར་མ་བཞག་པའི་རང་བཞིན་ཡང་ཡིན་པའོ། །གཉིས་སུ་ཕ་རོལ་ཏུ་
ཕྱིན་པ་རྣམས་ཞེས་བྱ་བ་ལ། སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱི་ནང་དུ་ནི་མཉམ་པར་མ་བཞག་པའི་དགེ་བ་རྣམས་བསྡུས་ཏེ། ཅིའི་ཕྱིར་ཞེ་ན། སྦྱིན་པ་ཡང་ལུས་ཀྱི་སྒོ་ནས་ཡོངས་སུ་གཏོང་བ་ཡིན་པས་མཉམ་པར་མ་བཞག་པའི་ངོ་བོ་ཡིན་པ་ལ་ཚུལ་ཁྲིམས་
རྣམ་པ་གསུམ་སྟེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་སོ་སོར་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་ལས། སོ་སོར་ཐར་པའི་སྡོམ་པ་ཡང་སྲོག་མི་གཅོད་པ་ལ་སོགས་པ་ལུས་དང་ངག་གིས་བསྲུང་བ་ཡིན་གྱི། སེམས་ཀྱིས་བསྲུང་བ་མ་ཡིན་
པས་ན་མཉམ་པར་མ་བཞག་པའི་རང་བཞིན་ནོ། །གཉིས་གཉིས་རབ་ཏུ་བསྡུ་བར་འགྱུར། །ཞེས་བྱ་བ་ལ། བསམ་གཏན་དང་། ཤེས་རབ་གཉིས་ཀྱིས་ནི་མཉམ་པར་བཞག་པའི་ཆོས་རྣམས་བསྡུ་སྟེ། བསམ་གཏན་ནི་དངོས་སུ་མཉམ་པར་བཞག་པའི་རང་བཞིན་ཡིན་པས་དེའི་ནང་དུ་
བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་ཡང་བསྡུ་ལ། ཤེས་རབ་ཇི་ལྟར་མཉམ་པར་བཞག་པར་བསྡུ་ཞེ་ན། ཤེས་རབ་རྣམ་པ་གསུམ་སྟེ། མཉན་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། བསྒོམ་པའི་ཤེས་རབ་གསུམ་ལས། མཉན་པ་དང་
བསམ་པའི་ཤེས་རབ་གཉིས་ནི་མཉམ་པར་མ་བཞག་པའི་ནང་དུ་བསྡུ་ལ། བསྒོམ་པའི་ཤེས་རབ་ནི་སེམས་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྒོམ་པའི་ཤེས་རབ་འབྱུང་བས་ན། མཉམ་པར་བཞག་པའི་ནང་དུ་བསྡུས་ཏེ། བསམ་གཏན་ནི་ཞི་གནས་ཀྱི་རང་
བཞིན་ཡིན་ལ་ཤེས་རབ་ནི་ལྷག་མཐོང་གི་རང་བཞིན་ཡིན་པས་མཉམ་པར་བཞག་པར་གཏོགས་པར་རིག་པར་བྱའོ། །བཟོད་པ་དང་། བརྩོན་འགྲུས་གཉིས་ནི་མཉམ་པར་མ་བཞག་པའི་རང་བཞིན་ཡང་ཡིན་ལ། མཉམ་པར་བཞག་པའི་རང་བཞིན་ཡང་ཡིན་ཏེ། ཇི་ལྟ་ཞེ་ན། བྱང་ཆུབ་
เล่ม ๑๒๖ · หน้า 23a
སེམས་དཔའ་སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བའི་དུས་ན་ཡང་བཟོད་པ་དང་། བརྩོན་འགྲུས་ཡོད་པས། མཉམ་པར་མ་བཞག་པར་ཡང་གཏོགས་ལ། ཞི་གནས་དང་ལྷག་མཐོང་བསྒོམ་པའི་དུས་ན་ཡང་བཟོད་པ་དང་། བརྩོན་འགྲུས་ཡོད་པས་ན་མཉམ་
པར་བཞག་པར་ཡང་གཏོགས་སོ། །མི་མཐུན་པའི་ཕྱོགས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བསྡུ་བ་བཤད་ནས། ད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་རྩོམ་པ་སྟེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ཞིང་ཕྱེ་ན་
མི་མཐུན་པའི་ཕྱོགས་བདུན་བདུན་ཡོད་དེ། དེ་ལ་ལོངས་སྤྱོད་ལ་ཆགས་པ་ལ་སོགས་པ་འགྲེལ་པ་ལས་འབྱུང་བའོ། །ཕྱི་དང་ནང་གི་དངོས་པོ་གཏོང་མི་ཕོད་པ་ནི་ལོངས་སྤྱོད་ལ་ཆགས་པ་ཞེས་བྱ་སྟེ་དེ་མེད་པས་ན། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཅེས་
བྱའོ། །སྦྱིན་པ་གཏོང་བ་ཡང་སློང་བ་པོ་ལ་འོངས་མ་ཐག་ཏུ་མི་གཏོང་གི། དི་རིང་ངམ་སང་གཏོང་ཞེའམ། ཕྱིས་གཏོང་ངོ་སྙམ་དུ་སེམས་པ་ནི་བཤོལ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མི་ཆགས་པ་ཞེས་བྱའོ། །སྦྱིན་པ་འདི་ཙམ་ཞིག་བཏང་
བས་ཆོག་སྟེ། ཕན་ཆད་བཏང་མི་དགོས་ཤེའམ། ཉེ་དུ་གཉེན་བཤེས་དང་བྲན་གཡོག་ལ་སྦྱིན་གྱི་ཀུན་ལ་མི་སྦྱིན་ཞེའམ། ཕྱོགས་འདིར་སྦྱིན་གྱི་ཕྱོགས་ཀུན་ཏུ་མི་སྦྱིན་ཞེའམ། དུས་འདིའི་ཚེ་ན་སྦྱིན་གྱི་དུས་ཐམས་ཅད་དུ་མི་སྦྱིན་ནོ་སྙམ་དུ་སེམས་པ་ནི་དེ་ཙམ་གྱིས་ཆོག་པ་ལ་ཆགས་པ་ཞེས་
བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཀུན་ལ། ཕྱོགས་བཅུ་ཀུན་ཏུ་དུས་ཐམས་ཅད་དུ་གཏོང་སྟེ། དེ་ཙམ་གྱིས་དེ་ཆོག་པ་ལ་ཆགས་པས་ན་ཆགས་པ་མེད་པ་ཞེས་བྱའོ། །བདག་གིས་འདི་ལ་ཕྱི་ནང་གི་དངོས་པོ་བཏང་སྟེ། བྱིན་ན་བདག་ལ་སླར་ཕན་འདོགས་སོ་སྙམ་དུ་སེམས་ཤིང་
བྱིན་པ་ནི་ལན་རེ་བ་ལ་ཆགས་པ་ཞེས་བྱ་བ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན། ཆགས་པ་ཉིད་དུ་འགྱུར་བའང་མེད་པ་ཞེས་བྱའོ། །སྦྱིན་པ་འདི་བཏང་བས་མ་འོངས་པ་ན་འབྲས་བུ་ལོངས་སྤྱོད་ཆེན་པོ་ཐོབ་པར་ཤོག་ཤིག་ཅེས་སྨོན་པ་ནི་རྣམ་པར་སྨིན་པ་ལ་ཆགས་པ་
เล่ม ๑๒๖ · หน้า 23b
ཞེས་བྱ་སྟེ། འདི་ལྟ་བུའི་ཆགས་པ་མེད་པས་ན། མ་ཆགས་པ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ལ་ཆགས་པ་ཞེས་བྱ་བ་ནི། སེར་སྣ་དང་ཆགས་པའི་བག་ལ་ཉལ་མ་བཅོམ་པ་སྟེ། ཇི་སྲིད་དུ་བག་ལ་ཉལ་མ་བཅོམ་པ་དེ་སྲིད་དུ་ཡོ་བྱད་ལ་ཆགས་པ་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་སེར་
སྣའི་བག་ལ་ཉལ་བཅོམ་པས་ན། མི་ཆགས་པ་ཞེས་བྱའོ། །དེ་བས་ན་མངོན་པའི་ཆོས་བསྡུས་པའི་བསྟན་བཅོས་ལས་ཀྱང་། ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱས་པ་དང་། ཉོན་མོངས་པའི་གནས་ཀྱི་ཆོས་སྣང་བར་གྱུར་པ་ལས་ཉོན་མོངས་
པ་སྐྱེ་བར་འགྱུར་རོ་ཞེས་ཀྱང་གསུངས་སོ། །རྣམ་པར་གཡེང་བའི་ཆགས་པ་ལ་གཉིས་ཏེ། ཡིད་ལ་བྱེད་པའི་གཡེང་བ་དང་། རྣམ་པར་རྟོག་པའི་གཡེང་བའོ། །དེ་ལ་ཡིད་ལ་བྱེད་པའི་གཡེང་བ་ནི་སྦྱིན་པ་ལ་སོགས་པ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སྤྱོད་ཅིང་བསྔོ་
བ་སྟེ། དེ་ལྟར་བསྔོས་པས་ནི་མྱ་ངན་ལས་འདས་པའི་མཐར་ལྟུང་བར་འགྱུར་རོ། །རྣམ་པར་རྟོག་པའི་གཡེང་བ་ནི། གཏོང་བ་པོ་དང་། ལེན་པ་དང་། རྫས་གསུམ་ཡོད་པར་རྟོག་པ་སྟེ། དེས་ནི་སྦྱིན་པ་ལ་སོགས་པ་འཁོར་བར་ལྟུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱས་
པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་ཡིད་ལ་བྱེད་པའི་གཡེང་བ་མེད་པ་དང་། གཏོང་བ་པོ་དང་། ལེན་པ་དང་། རྫས་གསུམ་ཡོད་པར་མི་རྟོག་སྟེ། འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་གཏོང་བས་རྣམ་པར་རྟོག་པའི་གཡེང་བ་མེད་དེ། དེ་ལྟར་རྣམ་པར་གཡེང་བ་མེད་པ་ལ་ཆགས་
པ་མེད་པས་ན། ཆགས་པ་མ་ཡིན་པ་ཞེས་བྱའོ། །དེ་ལྟར་སྦྱིན་པའི་མི་མཐུན་པའི་ཕྱོགས་རྣམ་པ་བདུན་གྱི་དབང་དུ་བྱས་ནས་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་
ཚོལ་བའི་སྦྱིན་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ལ་གནོད་པའི་སྦྱིན་པ་མེད་དོ། །ང་རྒྱལ་སྐྱེད་ཅིང་སྦྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཅེས་བྱ་བ་ལ་སོགས་
เล่ม ๑๒๖ · หน้า 24a
པ་ལ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་དང་དངོས་སུ་སྤྱོད་པ་ལ་ཆགས་པ་སྟེ། ཁ་ཅིག་ནི་འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད་པ་ལ་སོགས་པ་བྱེད་པ་ལ་ཆགས། ཁ་ཅིག་ནི་ཞེ་སྡང་གི་
སྒོ་ནས་ཆགས། ཁ་ཅིག་ནི་གཏི་མུག་གི་སྒོ་ནས་ཆགས་སོ། །དེ་བས་ན་ལས་ཀྱི་ལམ་རྣམ་པ་བཅུ་རྣམས་ནི་རྣམ་པ་གསུམ་དུ་འདོད་དེ། འདོད་ཆགས་ལས་སྐྱེས་པའི་སྲོག་གཅོད་པ་དང་། །ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་སྲོག་གཅོད་པའོ། །དེ་ལྟ་བུར་དངོས་སུ་སྤྱོད་པའི་ཕྱོགས་བྱང་ཆུབ་
སེམས་དཔའ་ལ་མི་མངའ་བས་ན་མ་ཆགས་པ་ཞེས་བྱའོ། །ཚུལ་ཁྲིམས་ཡང་དག་པར་ལེན་པ་ཡང་བརྟུན་ཏེ་དེ་མ་ཐག་ཏུ་མི་ལེན་གྱི་སེམས་ཤིང་ཕྱིས་ལེན་པར་བྱེད་པ་ནི་བཤོལ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་མི་མངའ་བས་ན་མི་ཆགས་པ་ཞེས་བྱའོ། །ཉི་མ་གཅིག་གཉིས་ཞེའམ། ལོ་གཅིག་
གཉིས་ཤིག་བསྲུང་ཞེའམ། སེམས་ཅན་འདི་དག་གི་སྲོག་མི་གཅད། ལོངས་སྤྱོད་ལ་མ་བྱིན་པར་མི་བླང་གི །དེ་ལས་མ་གཏོགས་པ་གཞན་དག་གི་སྲོག་ལ་གནོད་པ་བྱ་ཞིང་། ལོངས་སྤྱོད་ལ་མ་བྱིན་པར་ལེན་ཏོ་ཞེས་སེམས་པ་ནི་དེ་ཙམ་གྱིས་ཆོག་པ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་
བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་ཆགས་པ་མེད་པ་ཞེས་བྱའོ། །སེམས་ཅན་འདི་དག་གི་སྲོག་མ་བཅད་ཅིང་། ནོར་ལ་མ་བྱིན་པར་མ་བླངས་ན་བདག་ལ་ཕན་འདོགས་པར་འགྱུར་རོ་སྙམ་དུ་སེམས་ཤིང་ཚུལ་ཁྲིམས་བསྲུངས་པ་ནི་ལན་རེ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་
སེམས་དཔའ་ལ་མི་མངའ་བས་ན་ཆགས་པ་ཉིད་དུ་འགྱུར་བ་མེད་པ་ཞེས་བྱའོ། །ཚུལ་ཁྲིམས་བསྲུངས་ན་ལྷ་དང་མིའི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་དུ་སེམས་ནས་ཚུལ་ཁྲིམས་སྲུང་བར་བྱེད་པ་ནི་རྣམ་པར་སྨིན་པ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མ་ཆགས་
པ་ཞེས་བྱའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པ་ནི་མི་མཐུན་པའི་ཕྱོགས་ལ་ཆགས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ངང་ཚུལ་ངན་པ་སྐྱེད་པར་བྱེད་པའི་རྒྱུ་བག་ལ་ཉལ་ཀུན་བཅོམ་སྟེ་མེད་པར་བྱེད་པས་ན་མི་ཆགས་
เล่ม ๑๒๖ · หน้า 24b
པ་ཞེས་བྱའོ། །ཚུལ་ཁྲིམས་ཡང་དག་པར་བསྲུངས་པ་ཉན་ཐོས་ལ་སོགས་པའི་ཐེག་པར་མི་བསྔོ་བས་ཡིད་ལ་བྱེད་པའི་གཡེང་བ་མེད་པ་དང་། གང་ཟག་དང་། ཚུལ་ཁྲིམས་དང་། བསྲུང་བས་གསུམ་དུ་མི་རྟོག་པས་རྣམ་པར་རྟོག་པའི་གཡེང་བ་མེད་དེ། དེ་ལྟར་རྣམ་པར་རྟོག་པའི་གཡེང་
བ་ལ་ཆགས་པ་མེད་པས་ན་ཆགས་པ་མེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་བཟོད་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། བཟོད་པའི་མི་མཐུན་པའི་ཕྱོགས་ནི་ཞེ་སྡང་གིས་དངོས་སུ་སེམས་ཅན་ལ་གནོད་པ་བྱེད་པ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མ་ཆགས་པ་ཞེས་བྱའོ། །
སེམས་ཅན་འགའ་ཞིག་ལ་ཞེ་སྡང་ལངས་ན་དེ་མ་ཐག་ཏུ་ཞེ་སྡང་གི་སེམས་སྤོང་བར་མི་བྱེད་ཀྱི་བསམས་ཤིང་བརྟགས་ནས་ཕྱིས་གནོད་པ་བཟོད་པར་བྱེད་པ་ནི་བཤོལ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མི་ཆགས་པ་ཞེས་བྱའོ། །བཟོད་པ་ཅུང་ཟད་ཙམ་
བྱས་པས་ཆོག་གོ་སྙམ་དུ་སེམས་པའམ། །བདག་གིས་བཤེས་པའམ། མཛའ་བ་རྣམས་ལ་ནི་བཟོད་པར་བྱའི་གཞན་ལ་མི་བྱའོ་སྙམ་དུ་སེམས་པའམ། །ཕྱོགས་འདི་དང་དུས་འདིར་བཟོད་པར་བྱའོ། །ཕྱོགས་ཀུན་དང་། དུས་ཀུན་ཏུ་བཟོད་པར་མི་བྱའོ་སྙམ་དུ་སེམས་པ་ནི་དེ་ཙམ་གྱིས་
ཆོག་པ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་ཆགས་པ་མེད་པ་ཞེས་བྱའོ། །སེམས་ཅན་འདི་དག་གིས་བདག་ལ་གནོད་པ་བྱས་པ་རྣམས་བདག་གིས་བཟོད་པར་བྱས་ན་འདི་དག་བདག་ལ་ཕན་འདོགས་པར་བྱེད་དོ་སྙམ་དུ་བསམས་ནས་བཟོད་པར་བྱེད་པ་ནི་
ལན་རེ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་ཆགས་པ་ཉིད་དུ་འགྱུར་བ་མེད་པ་ཞེས་བྱའོ། །བཟོད་པ་བསྒོམས་ན་མ་འོངས་པ་ན་གཡོག་འཁོར་མང་པོ་དང་། བྱད་གཟུགས་བཟང་བར་འགྱུར་རོ་སྙམ་དུ་སེམས་ནས་བཟོད་པ་བསྒོམ་པ་སྟེ། རྣམ་པར་སྨིན་པ་ལ་
ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མ་ཆགས་པ་ཞེས་བྱའོ། །བཟོད་པའི་མི་མཐུན་པའི་ཕྱོགས་ཞེ་སྡང་གི་བག་ལ་ཉལ་མ་སྤངས་པས་ནི་མི་མཐུན་པའི་ཕྱོགས་ལ་ཆགས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེ་སྡང་གི་བག་ལ་ཉལ་སྤངས་པས་ན་མི་
เล่ม ๑๒๖ · หน้า 25a
ཆགས་པ་ཞེས་བྱའོ། །བཟོད་པ་བསྒོམས་པ་ཡང་ཐེག་པ་ཆུང་ངུར་མི་བསྔོ་བས། ཡིད་ལ་བྱེད་པའི་གཡེང་བ་མེད་པ་དང་། གང་ཟག་དང་། བཟོད་པ་དང་། བསྒོམ་པ་གསུམ་མི་དམིགས་པས་རྣམ་པར་རྟོག་པའི་གཡེང་བ་མེད་པའི་ཕྱིར་ནི་ཆགས་པ་མེད་ཅེས་བྱའོ། །བྱང་
ཆུབ་སེམས་དཔའི་བརྩོན་འགྲུས་ནི་ཞེས་བྱ་བ་ལ་སོགས་པ་ལ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ནི། ཉལ་བ་དང་འཕྲེས་པ་ལ་སོགས་པའི་བདེ་བ་ལ་ཆགས་ཤིང་ལེ་ལོ་བྱེད་པ་དང་། འཇིག་རྟེན་གྱི་ལས་བྱ་བ་མང་པོ་ལ་ཞུགས་ཤིང་དགེ་བ་ལ་མི་འཇུག་པའི་ལེ་ལོ་ལ་ཆགས་པ་སྟེ། དེ་ལྟ་
བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མ་ཆགས་པ་ཞེས་བྱའོ། །བསྡད་བསྡད་ནས་དགེ་བ་ལ་འཇུག་གི །དགེ་བའི་ཕྱོགས་ལ་མྱུར་དུ་མི་འཇུག་པ་ནི་བཤོལ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མི་ཆགས་པ་ཞེས་བྱའོ། །བརྩོན་འགྲུས་
ཅུང་ཟད་ཙམ་ཞིག་བརྩམས་པས་ཆོག་ཅེའམ། བཤེས་དང་གྲོགས་རྣམས་ཀྱི་ལས་ནི་བྱའི་གཞན་གྱི་ནི་མི་བྱ་ཞེའམ། དུས་དང་ཕྱོགས་འདིར་ནི་བརྩོན་འགྲུས་རྩོམ་གྱི། དུས་དང་ཕྱོགས་ནི་གཞན་དུ་མི་རྩོམ་མོ་སྙམ་དུ་སེམས་པ་ནི་དེ་ཙམ་གྱིས་ཆོག་པ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་
སེམས་དཔའ་ལ་མི་མངའ་བས་ན་ཆགས་པ་མི་མངའ་བ་ཞེས་བྱའོ། །སེམས་ཅན་འདི་དག་གི་ལས་སུ་བྱ་བའི་གྲོགས་བྱས་ན་བདག་ལ་ཕན་འདོགས་པར་འགྱུར་རོ་སྙམ་དུ་བསམས་ནས་གྲོགས་བྱེད་པ་ནི་ལན་རེ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་
ན་ཆགས་པ་ཉིད་དུ་གྱུར་པའང་མེད་ཅེས་བྱའོ། །བརྩོན་འགྲུས་བརྩམས་ན་མ་འོངས་པར་ལས་ཀྱི་མཐའ་ཐམས་ཅད་འགྲུབ་པར་འགྱུར་རོ་སྙམ་དུ་བསམས་ནས་དེའི་ཚེ་བརྩོན་འགྲུས་བརྩམས་པ་ནི་རྣམ་པར་སྨིན་པ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མ་
ཆགས་པ་ཞེས་བྱའོ། །བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ནི་ལེ་ལོ་སྟེ། ལེ་ལོའི་བག་ལ་ཉལ་མ་སྤངས་ཀྱི་བར་དུ་མི་མཐུན་པའི་ཕྱོགས་མ་སྤངས་པའོ། །བྱང་ཆུབ་སེམས་དཔའ་ལེ་ལོའི་བག་ལ་ཉལ་བཅོམ་པས་ན་མི་ཆགས་པ་ཞེས་བྱའོ། །བརྩོན་འགྲུས་བརྩམས་པ་ཡང་ཉན་
เล่ม ๑๒๖ · หน้า 25b
ཐོས་ལ་སོགས་པའི་ཐེག་པར་མི་བསྔོ་བས་ཡིད་ལ་བྱེད་པའི་གཡེང་བ་སྤངས་པ་དང་། གང་ཟག་དང་། བརྩོན་འགྲུས་དང་། བསྒྲུབ་པ་གསུམ་དུ་མི་རྟོག་པས་རྣམ་པར་རྟོག་པའི་གཡེང་བ་སྤངས་ཏེ་ཆད་པས་ན་ཆགས་པ་མིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་བསམ་གཏན་ནི་ཞེས་བྱ་
བ་ལ་སོགས་པ་ལ། བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ནི་སེམས་གཡེང་བ་ལ་ཆགས་པ་སྟེ། ཇི་སྲིད་དུ་སེམས་ཕྱི་རོལ་དུ་གཡེང་བར་འགྱུར་བ་དེ་སྲིད་དུ་སེམས་རྩེ་གཅིག་པ་མི་འབྱུང་སྟེ། དེ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མ་ཆགས་པ་ཞེས་བྱའོ། །བསམ་གཏན་བསྒོམ་
པ་ལ་མྱུར་དུ་བརྟུན་ཏེ་མི་འཇུག་གི །ཕྱིས་འཇུག་པར་བྱེད་པ་ནི་བཤོལ་བ་དང་ཆགས་པ་ཞེས་བྱ་སྟེ། དེ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མི་ཆགས་པ་ཞེས་བྱའོ། །བསམ་གཏན་ཆུང་ཞེས་བྱས་པ་ཆོག་པར་འཛིན་པའམ། སེམས་ཅན་ཁ་ཅིག་གི་དོན་དུ་བསམ་གཏན་བྱེད་
པའམ། ཁ་ཅིག་གི་དོན་དུ་མི་བྱེད་པའམ། དུས་དང་ཕྱོགས་ཁ་ཅིག་ཏུ་བསྒོམ་གྱི། དུས་དང་ཕྱོགས་ཐམས་ཅད་དུ་མི་བསྒོམ་པ་ནི་དེ་ཙམ་གྱིས་ཆོག་པ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་རྣམས་ལ་མི་མངའ་བས་ན་ཆགས་པ་མེད་པ་ཞེས་བྱ་བའོ། །སེམས་ཅན་
འདི་དག་གི་དོན་བྱེད་པའི་བསམ་གཏན་བསྒོམས་ནས་བདག་ལ་ཕན་འདོགས་པར་འགྱུར་རོ་སྙམ་ནས་བསམ་གཏན་བསྒོམ་ན་ནི་ལན་ལ་རེ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་ཆགས་པ་ཉིད་དུ་གྱུར་པའང་མེད་པ་ཞེས་བྱའོ། །བསམ་
གཏན་བསྒོམས་ན་ལུས་ལ་ནད་མེད་པ་ལ་སོགས་པ་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེའི་བསྒོམ་པ་ནི་རྣམ་པར་སྨིན་པ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མ་ཆགས་པ་ཞེས་བྱའོ། །བསམ་གཏན་གྱི་
མི་མཐུན་པའི་ཕྱོགས་སེམས་གཡེང་བའི་བག་ལ་ཉལ་མ་སྤངས་པ་ནི་མི་མཐུན་པའི་ཕྱོགས་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མི་ཆགས་པ་ཞེས་བྱའོ། །བསམ་གཏན་བསྒོམ་པ་ཡང་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པར་མི་
เล่ม ๑๒๖ · หน้า 26a
བསྔོ་བས་ཡིད་ལ་བྱེད་པའི་གཡེང་བ་མེད་པ་དང་། གང་ཟག་དང་། བསམ་གཏན་དང་། བསྒོམ་པ་གསུམ་མི་དམིགས་པས། རྣམ་པར་རྟོག་པའི་གཡེང་བ་མེད་དེ་དེའི་ཕྱིར་ཆགས་པ་མིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཤེས་རབ་ནི་ཞེས་བྱ་བ་ལ་སོགས་པ་ལ།
ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ནི་རྟག་པ་དང་ཆད་པ་ལ་སོགས་པར་རྟོག་པའི་ལྟ་བ་ལ་ཆགས་ཤིང་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བའི་ཕྱིར་བརྩོན་པར་མི་བྱེད་པ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མ་ཆགས་པ་ཞེས་བྱའོ། །དེ་བས་ན་མདོ་དག་ལ། ཀློག་གོ། །
འདྲིའོ། །རྟོག་གོ། །གཞན་ལ་འདྲིའོ། །ཐོས་པའི་རྣམ་པར་འཛིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཉན་པ་དང་བསམས་པ་ལ་སོགས་པ་ལ་མྱུར་དུ་མི་འཇུག་གི། །བཤོལ་ཏེ་འཇུག་པ་ནི་བཤོལ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མི་ཆགས་
པ་ཞེས་བྱའོ། །ཤེས་རབ་ཅུང་ཟད་ཙམ་བསྒྲུབས་པས་ཆོག་གོ་སྙམ་པའམ། ཆོས་ཁ་ཅིག་ཤེས་ཁ་ཅིག་མི་ཤེས་ཀྱང་རུང་སྟེ་ཆོག་གོ་སྙམ་པ་ལ། ཡུལ་དང་ཕྱོགས་ཁ་ཅིག་ཏུ་ཤེས་རབ་བསྒྲུབ་ཀྱི་ཡུལ་དང་ཕྱོགས་ཀུན་ཏུ་བསྒྲུབ་མི་དགོས་སོ་སྙམ་དུ་སེམས་པ་ནི་དེ་ཙམ་གྱིས་ཆོག་པ་ལ་ཆགས་པ་
ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་ཆགས་པ་མེད་པ་ཞེས་བྱའོ། །བདག་གིས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གཞན་ལ་བཤད་ན་གཞན་གྱིས་བདག་ལ་ཕན་འདོགས་པར་འགྱུར་རོ་སྙམ་དུ་སེམས་པ་ནི་ལན་རེ་བ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་
སེམས་དཔའ་ལ་མི་མངའ་བས་ན་ཆགས་པ་ཉིད་དུ་འགྱུར་བའང་མེད་པ་ཞེས་བྱའོ། །བདག་གིས་ཤེས་རབ་བསྒྲུབས་པས་མ་འོངས་པ་ན་བདག་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་སྙམ་དུ་བསམས་ནས་ཤེས་རབ་བསྒྲུབ་པ་ནི། རྣམ་པར་སྨིན་པ་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་
བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མ་ཆགས་པ་ཞེས་བྱའོ། །ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་རྟག་ཆད་དུ་རྟོགས་པའི་འཆལ་པའི་ཤེས་རབ་ཀྱི་བག་ལ་ཉལ་མ་སྤངས་པ་ནི་མི་མཐུན་པའི་ཕྱོགས་ལ་ཆགས་པ་ཞེས་བྱ་སྟེ། དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་མི་མངའ་བས་ན་མི་ཆགས་པ་ཞེས་
เล่ม ๑๒๖ · หน้า 26b
བྱའོ། །ཤེས་རབ་བསྒྲུབས་ཀྱང་ཉན་ཐོས་ལ་སོགས་པའི་ཐེག་པ་དམན་པར་མི་བསྔོ་བས་ན་ཡིད་ལ་བྱེད་པའི་གཡེང་བ་མེད་པ་དང་། གང་ཟག་དང་། ཤེས་རབ་དང་། སྒྲུབ་པ་གསུམ་དུ་མི་རྟོག་པས་རྣམ་པར་རྟོག་པའི་གཡེང་བ་མེད་པའི་ཕྱིར་ཆགས་པ་མིན་པ་ཞེས་བྱའོ། །ཡོན་ཏན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་
པ་ཉི་ཤུ་རྩ་གསུམ་སྟེ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་བསྟན་ནས། ད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་གང་ཡིན་པ་དང་། ཡོན་ཏན་ལ་ཕྱེ་ན་རྣམ་པ་དུ་ཡོད་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རེ་རེ་
ཞིང་ཡང་ཕྱེ་ན་ཡོན་ཏན་རྣམ་པ་བཞི་བཞི་ཡོད་དེ། བཞི་པོ་ནི་རྒྱ་ཆེ་བ་དང་ཟང་ཟིང་མེད་པ་དང་། དོན་ཆེ་བ་དང་། མི་ཟད་པའོ། །སངས་རྒྱས་སྲས་རྣམས་སྲོག་ལ་མི་ལྟ་སྙིང་རྗེས་སློང་ལ་རྣམ་པར་གཏོང་། །ཞེས་བྱ་བ་ལ། སྙིང་རྗེ་ཞེས་བྱ་བའི་ཚིགས་སུ་བཅད་པ་རྐང་པ་དང་པོ་ལས་བྱུང་མོད་
ཀྱི་ཚིགས་སུ་བཅད་པའི་རྐང་པ་གཉིས་པ་གཞན་ལ་ལན་མི་རེ་ཞེས་འབྱུང་བའི་སྐབས་སུ་སྦྱར་རོ། །སངས་རྒྱས་ཀྱི་སྲས་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་གལ་ཏེ་དོན་དུ་གཉེར་བའི་སེམས་ཅན་སློང་བ་ཡོད་ན་ལུས་དང་སྲོག་ལ་ཡང་མི་ལྟ་བར་གཏོང་བར་བྱེད་ན།
བཟའ་བ་དང་བགོ་བ་ལ་སོགས་པ་ཕྱིའི་དངོས་པོ་ལྟ་ཅི་ཞིག་སྨོས་ཏེ་གཏོང་ཞེས་བྱའོ། །དེ་ལྟར་གཏོང་བ་དེའང་ཉིན་འགའ་གཏོང་། ཉིན་འགའ་མི་གཏོང་། ལོ་འགའ་གཏོང་། ལོ་འགའ་མི་གཏོང་། སྐད་ཅིག་མ་གཅིག་ལ་གཏོང་། སྐད་ཅིག་མ་གཅིག་ལ་མི་གཏོང་བ་མ་ཡིན་གྱི། འཁོར་
བའི་མཐའ་དང་། ནམ་མཁའི་མཐའ་ཇི་ཙམ་དུ་ཇི་སྲིད་ཀྱི་བར་དུ་རྒྱུན་དུ་གཏོང་བར་བྱེད་པས་རྟག་པར་གཏོང་བ་ཞེས་བྱ་སྟེ། དེ་ལྟ་བུར་ཕྱི་དང་ནང་གི་དངོས་པོ་གཉི་ག་གཏོང་ལ་དུས་ཐམས་ཅད་དུ་གཏོང་བས་ན་ཚིག་རྐང་དང་པོ་འདིས་ནི་རྒྱ་ཆེ་བ་བསྟན་ཏོ། །གཞན་ལ་ལན་མི་རེ་ཞིང་འབྲས་བུ་དོན་དུ་གཉེར་
བ་མེད། །ཅེས་བྱ་བ་ལ། བདག་གིས་ཕྱི་དང་ནང་གི་དངོས་པོ་བཏང་བས་བདག་ལ་སེམས་ཅན་རྣམས་ཕྱིས་ཕན་འདོགས་པར་འགྱུར་རོ་ཞེས་ལེན་རེ་བའི་ཕྱིར་སྦྱིན་པ་མེད་ཀྱང་། སེམས་ཅན་བྲེལ་ཕོངས་པ་རྣམས་ལ་སྙིང་རྗེ་བའི་དབང་གིས་གཏོང་བ་དང་། སྦྱིན་པ་བྱས་པའི་འབྲས་བུས་ལོངས་སྤྱོད་ཆེན་
เล่ม ๑๒๖ · หน้า 27a
པོར་འགྱུར་རོ་ཞེས་སྦྱིན་པ་བྱེད་པ་མེད། འབྲས་བུ་དོན་དུ་གཉེར་བ་མེད་པས་ན་ཚེ་འདིར་ལན་ལ་རེ་བ་མེད་པ་དང་། ཚེ་རབས་གཞན་དུ་རྣམ་པར་སྨིན་པ་ལ་ཆགས་པ་མེད་པའི་ཕྱིར་ཚིགས་བཅད་གཉིས་པས་ནི་ཟང་ཟིང་མེད་པར་བསྟན་པའོ། །སྦྱིན་པ་དེས་ཀྱང་སྐྱེ་བོ་ཐམས་ཅད་
བྱང་ཆུབ་གསུམ་ལ་བཀོད། །ཅེས་བྱ་བ་ལ། དེ་ལྟར་ཕྱི་དང་ནང་གི་སྦྱིན་པས་སེམས་ཅན་རྣམས་བསྡུས་ནས་འཇིག་རྟེན་གྱི་ལོངས་སྤྱོད་ཀྱི་འབྲས་བུ་ལ་བཀོད་པ་ནི་མ་ཡིན་གྱི། སྐལ་བ་ཇི་ལྟ་བ་བཞིན་དུ་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། བྱང་ཆུབ་ཆེན་པོ་ལ་བཀོད་དེ། ཚིག་རྐང་
པ་གསུམ་པ་འདིས་ནི་དོན་ཆེ་བར་བསྟན་ཏོ། །ཤེས་པས་བཟུང་བའི་སྦྱིན་པས་འཇིག་རྟེན་མི་ཟད་གཞག །ཅེས་བྱ་བ་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་སྦྱིན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མ་ཟིན་པས། གཏོང་བ་པོ་དང་། ལེན་པ་དང་། རྫས་གསུམ་ཡོད་པར་རྟོག་ཅིང་ལོངས་སྤྱོད་ཐོབ་པར་བྱ་བའི་ཕྱིར་
གཏོང་སྟེ། སྦྱིན་པ་དེ་འཁོར་བར་ལྟུང་བས་རྣམ་པར་སྨིན་པའི་ལོངས་སྤྱོད་ཟད་ན་སྦྱིན་པ་ཡང་ཟད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་འཁོར་བར་མི་ལྟུང་བས་ན་མི་ཟད་པ་ཡིན་ཏེ། དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། སྦྱིན་པ་དེ་ནི་ཡང་དག་པར་ཟིན་ཏེ།
དེའི་ཕྱིར་མི་ཟད་པའོ། །སྦྱིན་པ་དེ་ནི་ཁམས་གསུམ་པ་དང་ཡང་དག་པར་མ་འདྲེས་པ་སྟེ། དེའི་ཕྱིར་མི་ཟད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ཉན་ཐོས་རྣམས་ནི་གང་ཟག་ལ་བདག་མེད་པ་ཙམ་དུ་ཁོང་དུ་ཆུད་ལ་སྙིང་རྗེ་ཆེན་པོ་སྤངས་པས། ཕུང་པོའི་ལྷག་མ་མ་
ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་ན་ཟད་པར་འགྱུར་ཏེ། མྱ་ངན་ལས་འདས་པ་འབའ་ཞིག་གི་ཕྱོགས་གཅིག་ཏུ་ལྷུང་བ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་ཅིང་། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་འཁོར་བའི་མཐའ་
དང་སེམས་ཅན་གྱི་མཐའ་ཇི་སྲིད་དུ་རྒྱུན་མི་འཆད་པར་འབྱུང་སྟེ། དེ་བས་ན་ཚིག་རྐང་པ་བཞི་པས་མི་ཟད་པ་བསྟན་ཏོ། །དེའི་ཕྱིར་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། སྦྱིན་པ་དེ་ནི་གཏོང་བ་ཉིད་ཀྱི་རྣམ་པས་བསྒྲུབས་ཏེ། དེའི་ཕྱིར་མི་ཟད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་
เล่ม ๑๒๖ · หน้า 27b
སོ། །སངས་རྒྱས་སྲས་རྣམས་སྡོམ་དང་བརྩོན་པའི་ཚུལ་ཁྲིམས་གསུམ་རྟག་འཛིན། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་བསླབ་ཚིག་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་
པ་ཞེས་བྱ་བས་སྡོམ་པའི་ཚུལ་ཁྲིམས་བསྟན། བརྩོན་ཞེས་བྱ་བའི་སྒྲས་དགེ་བ་ཆོས་སྡུད་པ་དང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་བསྟན་ཏོ། །དེ་ལ་ཉན་ཐོས་རྣམས་ནི་སྡོམ་པའི་ཚུལ་ཁྲིམས་ལེན་པར་ཟད་ཀྱི་དོན་བྱེད་པའི་སེམས་ཅན་གྱི་དོན་བྱེད་པ་དང་། དགེ་བ་སྡུད་པའི་ཚུལ་ཁྲིམས་མི་ལེན་
མི་སྲུང་ཞིང་། དེ་ཡང་ཚེ་གསུམ་དུ་བསྲུང་བར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་རྣམ་པ་གསུམ་འཛིན་ཅིང་བསྲུང་ལ་དེའང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སྲུང་བར་བྱེད་དེ་ཚིག་འདིས་ནི་རྒྱ་ཆེ་བ་བསྟན་ཏོ། །མཐོ་རིས་མི་འདོད་ཡང་དག་བླངས་ཀྱང་དེ་ལ་ཆགས་མི་བྱེད། །
ཅེས་བྱ་བ་ལ། ཚུལ་ཁྲིམས་བསྲུང་བ་འདིས་ལྷ་དང་མིའི་གནས་མཐོ་རིས་ཐོབ་པར་ཤོག་ཤིག་ཅེས་མཐོ་རིས་འདོད་པའི་ཚུལ་ཁྲིམས་སྲུང་བར་བྱེད་པ་མ་ཡིན་པ་དང་། ཚུལ་ཁྲིམས་བསྲུངས་པའི་འབྲས་བུ་མཐོ་རིས་སུ་སྐྱེས་ཤིང་། མཐོ་རིས་ཀྱི་གནས་བླངས་ཀྱང་མཐོ་རིས་ཀྱི་གནས་ཀྱི་བདེ་
བ་ལ་ཆགས་ཤིང་ཞེན་པ་མེད་དེ་རྐང་པ་གཉིས་པ་འདིས་ནི་ཟང་ཟིང་མེད་པ་བསྟན་ཏོ། །ཚུལ་ཁྲིམས་དེས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཅེས་བྱ་བ་ལ། གོང་དུ་བཤད་པའི་ཚུལ་ཁྲིམས་རྣམ་པ་གསུམ་གྱིས་སྐྱེ་བ་རྣམ་པ་བཞིར་སྐྱེས་པའི་སེམས་ཅན་རྣམས་བསྡུས་ནས་ཐེག་པ་
གསུམ་གྱི་བྱང་ཆུབ་གསུམ་ལ་བཀོད་དེ་རྐང་པ་གསུམ་པ་འདིས་ནི་དོན་ཆེ་བ་བསྟན་ཏོ། །ཤེས་པས་བསྲུང་བའི་ཚུལ་ཁྲིམས་ཀྱིས་ནི་འཇིག་རྟེན་མི་ཟད་གཞག །ཅེས་བྱ་བ་ལ། འཇིག་རྟེན་པ་རྣམས་ཀྱི་ཚུལ་ཁྲིམས་ནི་གང་ཟག་དང་། ཚུལ་ཁྲིམས་དང་། བསྲུང་བ་གསུམ་དུ་དམིགས་
ཏེ། འཁོར་བར་ལྷུང་བ་ཡིན་པས་རྣམ་པར་སྨིན་པ་ཟད་ནས་ཚུལ་ཁྲིམས་ཟད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་འཁོར་གསུམ་མི་དམིགས་པར་ཤེས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་ན་མི་ཟད་པར་འགྱུར་ཏེ། དེའི་ཕྱིར་འཕགས་པ་བློ་གྲོས་མི་ཟད་
เล่ม ๑๒๖ · หน้า 28a
པའི་མདོ་ལས་ཀྱང་། གང་འདོད་པའི་ཁམས་ལ་མི་བརྟེན་པ་དང་། གཟུགས་ཀྱི་ཁམས་ལ་མི་གནས་པ་དང་། གཟུགས་མེད་པའི་ཁམས་ན་མི་འདུག་པ་དེ་ནི་ཚུལ་ཁྲིམས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ཉན་ཐོས་རྣམས་ཀྱི་ཚུལ་ཁྲིམས་ནི་སྙིང་རྗེ་
ཆེན་པོ་དང་བྲལ་བས་མྱ་ངན་ལས་འདས་པ་འབའ་ཞིག་ནི་མཐར་ལྷུང་བའི་ཕྱིར་ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་དང་ཟད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་ཐུགས་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ཕུང་པོ་ལྷག་མ་མ་ལུས་
པའི་མྱ་ངན་ལས་འདས་པར་ཞུགས་ཀྱང་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་འཁོར་བ་དང་ནམ་མཁའི་མཐའ་ཇི་སྲིད་ཀྱི་བར་དུ་ཚུལ་ཁྲིམས་ཀྱི་བྱ་བ་ཟད་མི་ཤེས་པར་འབྱུང་སྟེ། རྐང་པ་བཞི་པ་འདིས་ནི་མི་ཟད་པ་བསྟན་ཏོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བཙུན་པ་
ཤ་ར་དྭ་ཏིའི་བུ་ཚུལ་ཁྲིམས་མི་ཟད་པ་ནི་རྒྱུན་མི་ཟད་པའི་ཕྱིར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བའི་གནས་ཀྱིས་ཟད་པར་འགྱུར་རོ། །ཕྱི་རོལ་གྱི་ལྔ་མངོན་པར་ཤེས་པ་རྣམས་ཀྱི་ཚུལ་ཁྲིམས་ནི་མངོན་པར་ཤེས་པ་ཉམས་པས་ཟད་པར་འགྱུར་རོ། །མི་རྣམས་
ཀྱི་ཚུལ་ཁྲིམས་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཟད་པས་ཟད་པར་འགྱུར་རོ། །འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་བསོད་ནམས་ཟད་པས་ཟད་པར་འགྱུར་རོ། །གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་ཚད་མེད་པ་དང་བསམ་གཏན་ཟད་པས་ཟད་པར་འགྱུར་རོ། །
གཟུགས་མེད་པའི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་ཇི་ལྟ་བུར་སྙོམས་པར་ཞུགས་པས་སྐྱེས་པ་ཟད་ན་ཟད་པར་འགྱུར་རོ། །ཉན་ཐོས་དང་སློབ་པ་དང་མི་སློབ་པའི་ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པའི་མཐར་ཟད་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཟད་
པར་འགྱུར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་མི་ཟད་པ་སྟེ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚུལ་ཁྲིམས་དེ་ལས་ཚུལ་ཁྲིམས་ཐམས་ཅད་འབྱུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་སྲས་རྣམས་མི་ཡི་གནོད་པ་བྱ་དཀའ་
เล่ม ๑๒๖ · หน้า 28b
ཐམས་ཅད་བཟོད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་བཟོད་པ་རྣམ་པ་གསུམ་སྟེ། གནོད་པ་ལ་མི་མཇེད་པའི་བཟོད་པ་དང་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ལ་བུ་གཅིག་
པ་ལྟ་བུར་བྱམས་པས་ན་སེམས་ཅན་གྱིས་དབྱིག་པ་དང་རྡོ་བ་ལ་སོགས་པའི་གནོད་པ་ཐམས་ཅད་བཟོད་པ་སྟེ། དེ་ནི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ཡིན་ནོ། །སྤྱད་དཀའ་བ་ནི་སེམས་ཅན་སྨིན་པར་བྱ་བ་དང་། བདག་ཉིད་སངས་རྒྱས་ཀྱི་ཆོས་སྦྱིན་པར་བྱས་པ་ལ་ཞུགས་པ་ན་གྲང་བ་དང་ཚ་བ་
དང་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བཟོད་པ་ནི་སྤྱད་དཀའ་བ་ཐམས་ཅད་བཟོད་པ་སྟེ། དེ་ནི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ཞེས་བྱ་སྟེ། དེ་ལྟར་ཕྱི་ནང་གི་སྡུག་བསྔལ་ཀུན་བཟོད་པས་ན་རྐང་པ་དང་པོ་འདིས་ནི་རྒྱ་ཆེ་བ་བསྟན་ཏོ། །དེ་བས་ན་འཕགས་པ་བློ་གྲོས་
མི་ཟད་པའི་མདོ་ལས་ཀྱང་། བཙུན་པ་ཤ་ར་དྭ་ཏིའི་བུ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པར་བལྟའོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། བག་ལ་ཉལ་སྤངས་པའི་ཕྱིར་བཟོད་པར་བལྟའོ། །མི་གནོད་པའི་ཕྱིར་བཟོད་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་
གསུངས་སོ། །མཐོ་རིས་མི་ནུས་པ་དང་འཇིགས་པ་ཕན་བཏགས་ལྟ་བས་མིན། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་ལ་གནས་པ་ཡང་མཐོ་རིས་ཀྱི་བདེ་བ་ཐོབ་པར་བྱ་བའི་ཕྱིར་བཟོད་པ་ལ་གནས་པར་བྱེད་པ་མ་ཡིན་གྱི། མངོན་པར་ཤེས་པ་དྲུག་ཐོབ་པས་ན་མཐུ་དང་ལྡན་
པ་མ་ཡིན་ཏེ། དེ་བས་ན་མཐུ་ཆེན་པོ་རྣམས་ལ་སོགས་པར་མི་ནུས་པའི་ཕྱིར་བཟོད་པར་བྱ་བ་མ་ཡིན། འཇིགས་པ་ལྔ་དང་བྲལ་བས་རྒྱལ་པོ་དང་རྐུན་པོས་འཇིགས་པའི་ཕྱིར་བཟོད་པ་མ་ཡིན། བདག་གིས་སེམས་ཅན་འདི་དག་ལ་བཟོད་པར་བྱས་ནས་བདག་ལ་ཕན་འདོགས་པར་འགྱུར་རོ་ཞེས་
བཟོད་པར་བྱ་བ་མ་ཡིན་ཏེ། དེ་བས་ན་རྐང་པ་གཉིས་པ་འདིས་ནི་ཟང་ཟིང་མེད་པ་བསྟན་ཏོ། །ཟླ་མེད་བཟོད་པས་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཅེས་བྱ་བའི་རྐང་པ་གསུམ་པ་འདིས་དོན་ཆེན་པོ་བསྟན་ཏོ། །བཟོད་པ་རྣམ་པ་གསུམ་ལ་བླ་ན་མེད་པའི་བཟོད་པ་ཞེས་བྱའོ། །ཤེས་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด