མདོ་སྡེ་རྒྱན་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๖ · หน้า 138a
མེད་པར་འགྱུར་ཏེ་ཞེས་བྱ་བ་ལ། གལ་ཏེ་འདུ་བྱེད་རྣམས་སྐད་ཅིག་མ་མ་ཡིན་ཏེ། རྟག་པར་གནས་པར་གྱུར་ན་ནི་རྣལ་འབྱོར་པ་ཡིད་ལ་བྱེད་པ་རྣམས་ཀྱིས་ཀྱང་། འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་འགག་པ་ཡིན་པར་མཐོང་བར་མི་འགྱུར་རོ། །
དེ་ལྟར་མ་མཐོང་ན་སྐྱོ་བར་མི་འགྱུར་རོ། །སྐྱོ་བར་མ་གྱུར་ན་ནི་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །འདོད་ཆགས་དང་མ་བྲལ་ན་གྲོལ་བར་མི་འགྱུར་ཏེ། དེ་ལྟ་ན་ནི་མ་ཡིན་གྱི་རྣལ་འབྱོར་པ་རྣམས་ཀྱིས་སྐད་ཅིག་མར་འགག་པར་མཐོང་བས་ན་ཕྱིར་གྲོལ་བའི་བར་དུ་འགྱུར་
ཏེ། དེའི་ཕྱིར་འདུ་བྱེད་རྣམས་སྐད་ཅིག་མའོ། །འགལ་བའི་དཔེ་བསྟན་པའི་ཕྱིར། དཔེར་ན་གཞན་དག་འཆི་བའི་དུས་ལ་སོགས་པ་ན་འགག་པར་མཐོང་བ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་སེམས་ཅན་གཞན་དག་འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་པར་
མི་མཐོང་གི །ནམ་སྲོག་གི་དབང་པོ་ཆད་དེ་ཤི་བར་གྱུར་པ་ན། འགག་ཅིང་མི་རྟག་པར་མཐོང་བ་དེ་དག་ནམ་མ་ཤིའི་བར་དུ་ནི་སྐྱོ་བ་མི་སྐྱེའོ། །ནམ་དེ་འགག་པར་གྱུར་བར་མཐོང་བ་ལ། གདོད་སྐྱོ་བ་སྐྱེ་བ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་འདུ་བྱེད་རྣམས་རྣལ་འབྱོར་བསྒོམ་
པའི་ཚེ་ན་འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་པར་མཐོང་བས་ན་སྐྱོ་བ་སྐྱེ་བར་འགྱུར་རོ། །ཡང་ན་རྣལ་འབྱོར་པ་རྣམས་སེམས་ཅན་ཕལ་པ་བཞིན་དུ་འཆི་ཁར་འགག་པ་མཐོང་ནས་གདོད་སྐྱོ་བར་གྱུར་ན་ནི་ཇི་ལྟར་སེམས་ཅན་ཕལ་པ་འཆི་ཁར་སྐྱོ་བར་གྱུར་པས་དེ་དག་ལ་
རྣམ་པར་གྲོལ་བ་མེད་པ་བཞིན་དུ། རྣལ་འབྱོར་ལ་ཡང་རྣམ་པར་གྲོལ་བ་མེད་པའི་སྐྱོན་དུ་འགྱུར་ཏེ། འདིས་ནི་འགལ་བའི་ཕྱིར་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །གལ་ཏེ་འདུ་བྱེད་སྐྱེས་ནས་བདག་ཉིད་གནས་པར་ནུས་པས་དུས་གཞན་དུའང་བདག་ཉིད་གནས་
པའམ། རྒྱུ་འགའ་ཞིག་གནས་སོ་ཞེས་བྱ་བ་ལ། གཞན་ཡང་འདི་བརྟག་དགོས་ཏེ། འདུ་བྱེད་རྣམས་སྐད་ཅིག་ཏུ་འཇིག་པ་ནི་མ་ཡིན་གྱི། སྐྱེས་ནས་ལོའམ། ཟླ་བ་ལ་སོགས་པར་དུས་ཐ་གི་ཟད་ཅིག་གནས་ནས་འགག་ཅེ་ན། དུས་ཐ་གི་ཟད་ཅིག་ཏུ་གནས་པ་དེ་ལ་ཕྱོགས་
เล่ม ๑๒๖ · หน้า 138b
རྣམས་ལ་གཉིས་སུ་བརྟག་གོ། །ཇི་ལྟར་ཞེ་ན། འདུ་བྱེད་རྣམས་དུས་ཐ་གི་ཟད་ཅིག་མི་འཇིག་པར་གནས་པ་དེ། འདུ་བྱེད་དེ་བདག་ཉིད་གནས་པའི་རང་བཞིན་ཅན་ཞིག་སྟེ། གནས་པའི་མཐུ་ཡོད་པས་དུས་ཐ་གི་ཟད་ཅིག་ཏུ་གནས་པའམ། ཡང་ན་བདག་ཉིད་གནས་པའི་
མཐུ་ནི་མེད་ཀྱི་གནས་པར་བྱེད་པའི་རྒྱུ་དང་རྐྱེན་འགའ་ཞིག་གིས་གྲོགས་བྱས་ནས་དུས་ཐ་གི་ཟད་ཅིག་ཏུ་གནས་ཏེ། དེ་གཉིས་གང་ལྟར་ཡང་གནས་པར་ཡང་མི་རིགས་སོ། །དེ་ལ་དང་པོའི་ཕྱོགས་ལ་མི་རིགས་པར་བསྟན་པའི་ཕྱིར། ཡང་། བདག་ཉིད་གནས་པ་མི་རུང་སྟེ།
ཞེས་སྨོས་ཏེ། བདག་ཉིད་ལ་གནས་པའི་མཐུ་ཡོད་པས་དུས་ཐ་གི་ཟད་ཅིག་ཏུ་གནས་སོ་ཞེས་བྱར་མི་རུང་ངོ་། །དེ་ལྟར་ཡང་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མི་རུང་སྙམས་ལ། དེའི་ཕྱིར། བདག་ཉིད་མི་གནས་པའི་ཕྱིར་ཏེ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཕྱི་ནང་གི་འདུས་
བྱས་རྣམས་བདག་ཉིད་མི་གནས་ཤིང་འཇིག་པའི་རང་བཞིན་ཡིན་པའི་ཕྱིར་བདག་ཉིད་ལ་གནས་པའི་མཐུ་ཡོད་པས་གནས་སོ་ཞེས་བྱ་བར་ཡང་མི་རུང་ངོ་། །ཅིའི་ཕྱིར་འཇིག་པའི་རང་བཞིན་ཡིན་སྙམ་པ་ལ། དེའི་ཕྱིར། མཐར་ཕྱིན་གནས་པར་མི་ནུས་པའི་ཕྱིར་རོ་ཞེས་སྨོས་ཏེ། ཇི་
ལྟར་འདུས་བྱས་རྣམས་མཐར་ཕྱིན་ཅིང་མེད་པར་གྱུར་པས་ན། བདག་ཉིད་ལ་གནས་པའི་མཐུ་མེད་དོ། །གལ་ཏེ་བདག་ཉིད་ལ་གནས་པའི་མཐུ་ཡོད་པ་ཞིག་ན་རྟག་ཏུ་ཡང་གནས་པའི་མཐུ་ཅན་དུ་འདུག་ལ། མཇུག་ཏུ་ཡང་གནས་པར་ག་ལ་འགྱུར་ཏེ། དཔེར་ནམ་མཁའ་
རྟག་པའི་རང་བཞིན་ལ་སྐྱེ་འཇིག་མེད་པ་བཞིན་ནོ། །འདུས་བྱས་རྣམས་ལ་ནི་མཐར་གནས་པར་མི་རུང་སྟེ། འཇིག་པར་འགྱུར་བས་ན། བདག་ཉིད་གནས་པའི་མཐུ་ཡང་མེད་པར་རིག་པར་བྱའོ། །ཕྱོགས་གཉིས་པ་ནི་མི་རིགས་པར་བསྟན་པའི་ཕྱིར། གནས་པའི་རྒྱུར་ཡང་མི་
རུང་སྟེ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གནས་པར་བྱེད་པའི་རྒྱུ་རྐྱེན་གྱིས་གྲོགས་བྱས་ནས་དུས་ཐ་གི་ཟད་ཅིག་ཏུ་གནས་སོ་ཞེས་བྱར་ཡང་མི་རུང་སྟེ། དེ་ལྟར་ཡང་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མི་རིགས་པ་བསྟན་པའི་ཕྱིར། དེ་མེད་པའི་ཕྱིར་ཏེ། དེ་ལྟ་བུ་ནི་གང་ཡང་
เล่ม ๑๒๖ · หน้า 139a
མི་དམིགས་སོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ལ་བར་དུ་གནས་པར་བྱེད་པའི་རྒྱུ་ཡང་མེད་དེ། དངོས་པོ་རྣམས་ལ་གནས་པར་བྱེད་པའི་རྒྱུ་ཡོད་པར་མ་མཐོང་བས་གནས་པར་བྱེད་པའི་རྒྱུས་གནས་པར་བྱས་སོ་ཞེས་བྱ་བར་ཡང་མི་རིགས་སོ། །ཚིག་
དེ་དག་གིས་ནི་བདག་ཉིད་མི་གནས་ཕྱིར་ཞེས་བྱ་བའི་དོན་བསྟན་ཏོ། །དེ་སྟེ་གང་གནས་པའི་རྒྱུ་མེད་ཀྱང་། འཇིག་པའི་རྒྱུ་མེད་པས་གནས་ཏེ། འཇིག་པའི་རྒྱུ་དང་ཕྲད་ནས་ཕྱིས་འཇིག་པར་འགྱུར་ཏེ་ཞེས་བྱ་བ་ལ། གལ་ཏེ་འདི་སྐད་དུ་དངོས་པོ་ཉིད་ཀྱང་གནས་པའི་མཐུ་མེད་པར་གནས་པར་
མ་ནུས་ན། གནས་པའི་རྒྱུ་གཞན་གྱིས་ཀྱང་བསྟངས་ཤིང་དངོས་པོ་རྣམས་གནས་པར་བྱས་པ་མེད་དུ་ཟིན་ཀྱང་དངོས་པོ་གནས་པའི་བར་ན་དེ་འཇིག་པར་བྱེད་པའི་རྒྱུ་མེད་དེ། ནམ་འཇིག་པར་བྱེད་པའི་རྒྱུ་རྐྱེན་དང་མ་ཕྲད་ཀྱི་བར་དུ་འཇིག་པར་མི་འགྱུར་གྱི། འཇིག་པར་བྱེད་པའི་
རྒྱུ་རྐྱེན་དང་ཕྲད་ནས་གདོད་འཇིག་པར་འགྱུར་ཏེ། སྔར་ནི་མི་འཇིག་པར་གནས་སོ་ཞེས་ཟེར་རོ། །དེའི་དཔེ་བསྟན་པའི་ཕྱིར་སྨྲས་པ། མེས་སྔོན་པོ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་ལྕགས་ཀྱི་ཁ་དོག་སྔོན་པོ་འཇིག་པར་བྱེད་པའི་རྒྱུ་མེ་དང་མ་ཕྲད་པའི་སྔོན་རོལ་ན་ནི་ཁ་དོག་
སྔོན་པོར་སྣང་ལ། ཕྱིས་དེ་འཇིག་པར་བྱེད་པའི་རྒྱུ་མེ་དང་ཕྲད་ནས་མེས་སྔོན་པོ་བཤིག་སྟེ། ཁ་དོག་དམར་པོར་འགྱུར་བ་དང་། དཔེར་ན་བུམ་པ་འཇིག་པར་བྱེད་པའི་རྒྱུ་ཐོ་བ་ལ་སོགས་པ་དང་མ་ཕྲད་པའི་དུས་ན་ནི་བུམ་པ་མི་འཇིག་ལ། འཇིག་པར་བྱེད་པའི་རྒྱུ་ཐོ་བ་ལ་སོགས་པ་
དང་ཕྲད་ནས། གདོད་འཇིག་པར་འགྱུར་བ་དང་འདྲའོ་ཞེས་ཟེར་རོ། །དེ་ལྟར་ཡང་མི་རིགས་པར་བསྟན་པའི་ཕྱིར། ཡང་དེ་མེད་པའི་ཕྱིར་དེ་ལྟར་མི་རུང་སྟེ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་དངོས་པོ་རྣམས་ལ་སྐྱེད་པའི་རྒྱུ་ནི་ཡོད་ཀྱི། འཇིག་པར་བྱེད་པའི་རྒྱུ་ནི་མེད་དེ། དཔེར་ན་
རྡོ་གནམ་དུ་བོར་བ་ལ་གནམ་དུ་འདོར་བའི་རྒྱུ་ལག་པ་ལ་སོགས་པ་ནི་ཡོད་ཀྱི། ས་ལ་ལྷུང་བར་བྱེད་པའི་རྒྱུ་མེད་དེ་རང་ལྟུང་བ་བཞིན་ནོ། །དེ་དང་འདྲ་བར་དངོས་པོ་རྣམས་ལ་རྒྱུ་མེད་པའི་ཕྱིར། འཇིག་པའི་རྒྱུ་དང་མ་ཕྲད་ཀྱི་བར་དུ་གནས་སོ་ཞེས་བྱ་བར་ཡང་མི་རིགས་སོ། །
เล่ม ๑๒๖ · หน้า 139b
ཇི་ལྟར་མི་རིགས་པར་བསྟན་པའི་ཕྱིར། སྨྲས་པ། འཇིག་པའི་རྒྱུ་ནི་ཕྱིས་ཀྱང་གང་ཡང་མེད་དེ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་མེས་ལྕགས་ཀྱི་སྔོན་པོ་བཤིག་གོ་ཞེས་སྨྲས་པ་ཡང་ཇི་ལྟར་མེ་དང་མ་ཕྲད་པའི་སྔ་རོལ་ན་ལྕགས་ཀྱི་སྔོན་པོ་འཇིག་པར་བྱེད་པའི་རྒྱུ་གང་ཡང་མེད་དེ།
སྔོན་པོ་རང་གི་ངང་གིས་འཇིག་པ་དེ་བཞིན་དུ། མེ་དང་ཕྲད་པའི་དུས་ན་ཡང་མེས་སྔོན་པོ་བཤིག་སྟེ། སྔོན་པོ་འཇིག་པར་བྱེད་པའི་རྒྱུ་མེས་མ་བྱས་ཀྱི་སྔོན་པོ་ནི་རང་གི་ངང་གིས་ཞིག་གོ། །གལ་ཏེ་གཞན་དག་འདི་སྐད་དུ། གལ་ཏེ་རང་གི་ངང་གིས་ཞིག་སྟེ།
མེས་བཤིག་པ་མ་ཡིན་ན། མེ་དང་མ་ཕྲད་པའི་སྔོན་རོལ་ནས་སྔོན་པོ་མི་སྣང་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ལན་དུ། མེས་ཀྱང་སྔོན་པོ་འཇིག་པར་འགྱུར་བ་ནི་མ་གྲུབ་ཀྱི། མི་འདྲ་བར་སྐྱེ་བར་ནུས་པར་འགྲུབ་པོ་ཞེས་སྨོས་ཏེ། མེས་ལྕགས་ཀྱི་སྔོན་པོ་འཇིག་པར་
བྱས་པ་ནི་མ་གྲུབ་ཀྱི་སྔོན་པོ་ནི་རང་གི་ངང་གིས་འཇིག་ལ། མེས་ནི་གཞན་པ་སྐྱེད་དེ། གང་བསྐྱེད་ཅེ་ན། ལྕགས་ཀྱི་ཁ་དོག་དམར་པོར་བསྐྱེད་དོ། །དོན་དེ་ཉིད་བསྟན་པའི་ཕྱིར། འདི་ལྟར་དེ་དང་ཕྲད་པའི་ཕྱིར་སྔོན་པོའི་རྒྱུ་མི་འདྲ་བར་སྣང་སྟེ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མེས་ནི་
སྔོན་པོ་བཤིག་པ་མ་ཡིན་གྱི། སྔོན་པོ་ནི་རང་ཞིག་ལ། མེ་དང་ཕྲད་པས་ནི་ཁ་དོག་དམར་པོར་བསྐྱེད་དོ། །རྣམ་པ་ཐམས་ཅད་དུ་མི་འཇིག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། གལ་ཏེ་མེས་སྔོན་པོ་ཐམས་ཅད་ནས་ཐམས་ཅད་དུ་བཤིག་སྟེ་མེད་པར་བྱས་ན་ནི་ཕྱིས་གྲངས་པའི་དུས་ན་
ཡང་སྔོན་པོར་འགྱུར་བར་མི་རིགས་ན། ཕྱིས་གྲངས་པའི་ཚེ་སྔོན་པོར་སྣང་བས་ན། མེས་སྔོན་པོ་བཤིག་པ་ནི་མ་ཡིན་གྱི། མེའི་སྔ་རོལ་གྱི་སྔོན་པོ་ནི་རང་ཞིག་ལ། མེས་ནི་དམར་པོ་བསྐྱེད་པར་གྲུབ་པོ། །གལ་ཏེ་གཞན་དག་འདི་སྐད་དུ་ཆུ་ཡང་མེ་དང་ཕྲད་ནས་བསྐོལ་བ་
དང་། གདོད་ཕྱིས་མེད་པར་སྣང་གི །མེ་དང་མ་ཕྲད་པའི་སྔ་རོལ་ནས་མེད་པར་མི་སྣང་སྟེ། དེ་ལྟར་མེ་དང་ཕྲད་ནས་མི་སྣང་བར་གྱུར་པས་ན། ཆུ་འཇིག་པར་བྱེད་པའི་རྒྱུ་མེ་ཡིན་པ་བཞིན་དུ་དངོས་པོ་རྣམས་ལ་ཡང་འཇིག་པར་བྱེད་པའི་རྒྱུ་ཡོད་དེ། དཔེར་ན་བུམ་པ་ལྟ་བུ་དབྱིག་
เล่ม ๑๒๖ · หน้า 140a
པ་ལ་སོགས་པ་དང་མ་ཕྲད་པའི་སྔ་རོལ་ན་ནི་ཆག་པར་མི་སྣང་ལ་དབྱིག་པ་ལ་སོགས་པ་དང་ཕྲད་ནས་གདོད་ཆག་པར་སྣང་བས་ན། དངོས་པོ་རྣམས་ལ་འཇིག་པར་བྱེད་པའི་རྒྱུ་ཡོད་དོ་ཞེས་ཟེར་བ་ལ། མེ་དང་དབྱིག་པ་ལ་སོགས་པ་ལ་ཆུ་
དང་བུམ་པ་ལ་སོགས་པ་འཇིག་པར་བྱེད་པའི་རྒྱུ་མ་ཡིན་པར་བསྟན་པའི་ཕྱིར། ཆུ་ཡང་བསྐོལ་ནས་མེ་དང་ཕྲད་པ་དང་། ཇེ་ཉུང་ཇེ་ཉུང་དུ་འགྱུར་ཏེ། ཤིན་ཏུ་ཉུང་བ་ལས་མཐར་མི་སྐྱེ་བར་སྣང་གི་ལན་ཅིག་མེ་དང་ཕྲད་པས་དེ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་
ཆུ་ཡང་མེ་དང་ཕྲད་ནས་བསྐོལ་བ་དང་ཇེ་ཉུང་ཇེ་ཉུང་དུ་འགྱུར་ཏེ། ཁད་ཀྱིས་ཤིན་ཏུ་ཉུང་བ་ལས་ཐ་མར་མེད་པར་སྣང་གི་མེ་དང་ཕྲད་མ་ཐག་ཏུ་ནི་ཆུ་ནི་མི་སྣང་བར་འགྱུར་བ་མ་ཡིན་པས་ན། མེས་ཆུ་མེད་པའི་རྒྱུ་མ་བྱས་ཀྱི། ཆུ་ནི་རང་གི་ངང་གིས་སྐད་ཅིག་མ་གཅིག་གི་རྒྱུན་གྱིས་
རང་ཞིག་གོ། །མེས་ནི་དེ་ན་ཇེ་ཉུང་ཇེ་ཉུང་དུ་གྱུར་པ་བསྐྱེད་པར་ཟད་ཀྱི་མེ་ནི་ཆུ་འཇིག་པར་བྱེད་པའི་རྒྱུ་མི་བྱེད་དོ། །གཞན་དག་གིས་སྨྲས་པ། གལ་ཏེ་མེས་ཆུ་སྐྱེད་པའི་རྒྱུ་བྱས་ཀྱི་ཆུ་འཇིག་པའི་རྒྱུ་མ་བྱས་ན། མེས་ཆུ་བསྐྱེད་པས་ན་མཇུག་ཏུ་ཆུ་སྣང་བའི་རིགས་ན། ཅིའི་ཕྱིར་མི་
སྣང་བར་འགྱུར་ཞེས་རྒོལ་ན་ཡང་། ལན་དུ་ཆུ་ཕྱིས་མི་སྣང་བར་གྱུར་པ་ནི་ཆུ་ཟད་པའི་སྐད་ཅིག་མ་སྔ་མ་ནི་མཇུག་ཐུག་སྟེ་ཟད། ཆུའི་སྐད་ཅིག་མ་ཕྱི་མ་སྐྱེད་པར་བྱེད་པའི་གྲོགས་རྒྱུ་རྐྱེན་གཞན་མེད་དེ། རྒྱུ་རྐྱེན་དང་མི་ལྡན་པས་ན་ཆུ་མ་བསྐྱེད་དེ། དེ་བས་ན་ཆུ་ཕྱིས་མི་སྣང་བར་འགྱུར་
རོ། །གལ་ཏེ་མེས་ཆུ་མེད་པར་བྱེད་པ་ཡིན་ན་ནི་མེ་དང་ཕྲད་མ་ཐག་ཏུ་ཆུ་མེད་པའི་རིགས་ན། མེད་པ་ཕྲད་མ་ཐག་ཏུ་ཆུ་མེད་པར་མ་གྱུར་པས་ན་མེས་ཆུ་འཇིག་པའི་རྒྱུ་མ་བྱས་སོ། །གཞན་ཡང་འདི་དཔྱད་པར་བྱ་སྟེ། མེས་ཆུ་འཇིག་པའི་རྒྱུ་བྱས་ན་ཆུ་དེ་མི་འཇིག་པའི་རང་བཞིན་ཅན་
ལས་མེས་འཇིག་པར་བྱས་སམ། ཆུ་དེ་འཇིག་པའི་རང་བཞིན་ཅན་ལས་མེས་འཇིག་པར་བྱས། གལ་ཏེ་ཆུ་དེ་མེས་མི་འཇིག་པའི་རང་བཞིན་ཅན་ཡིན་ན་ནི་མི་འཇིག་པའི་རང་བཞིན་ཅན་ལ། འཇིག་པར་བྱར་མི་རུང་བས་རྒྱུ་གང་གིས་ཀྱང་འཇིག་པར་བྱ་བར་མི་ནུས་ཏེ། དཔེར་
เล่ม ๑๒๖ · หน้า 140b
ན་ནམ་མཁའ་འཇིག་པ་མེད་པ་ལ་རྒྱུ་རྐྱེན་གྱིས་འཇིག་པར་མི་ནུས་པ་བཞིན་ནོ། །གལ་ཏེ་ཆུ་དེ་འཇིག་པའི་རང་བཞིན་ཅན་ཞིག་ཡིན་ན་ནི་ཆུ་རང་འཇིག་པས་དེ་ལ་འཇིག་པར་བྱེད་པའི་རྒྱུ་གཞན་གྱིས་མི་འཇིག་གོ། །གཞན་ཡང་བུམ་པ་ལ་སོགས་པ་འཇིག་པར་བྱེད་པའི་རྒྱུ་ཐོ་བ་ལ་སོགས་
པས་བྱས་སོ་ཞེས་སྨྲས་པ་དེ་ཡང་མི་རིགས་ཏེ། ཇི་ལྟ་ཞེ་ན། ཐོ་བས་བུམ་པ་འཇིག་པའི་རྒྱུ་བྱེད་ན། ཐོ་བ་དེས་བུམ་པ་འཇིག་པར་བྱེད་པའི་དུས་ན་ནི་བུམ་པ་ཉིད་བྱས་སམ། བུམ་པ་ལས་མ་གཏོགས་པ་གཞན་ཞིག་བྱས། གལ་ཏེ་ཐོ་བས་བུམ་པ་ཉིད་བྱས་ན་ནི་ཐོ་བས་བུམ་
པ་བྱས་ཀྱི། བུམ་པའི་འཇིག་པ་མ་བྱས་པ་ན། ཐོ་བས་བུམ་པ་གཞིག་པའི་རྒྱུ་བྱས་སོ་ཞེས་སྨྲས་པ་ཡང་འགལ་ལོ། །གལ་ཏེ་ཐོ་བས་བུམ་པ་མ་ཡིན་པ་ཞིག་བྱས་ན་ནི་ཐོ་བས་གཞན་བྱས་པས་བུམ་པ་ལ་ཅི་ཡང་མ་བྱས་པའི་ཕྱིར་ཐོ་བས་བུམ་པ་བཤིག་པར་མི་རུང་སྟེ། དཔེར་
ན་མཆོད་སྦྱིན་ལ་བདེ་བ་དང་། མི་བདེ་བ་བྱས་པ་དེ་ལྷ་སྦྱིན་ལ་ཅི་ཡང་བྱས་པ་མ་ཡིན་པ་བཞིན་ནོ། །གཞན་ཡང་ཐོ་བས་བུམ་པ་བཤིག་ན་བུམ་པ་འཇིག་པའི་རང་བཞིན་ཅན་ཞིག་ཡིན་པ་ལས་ཐོ་བས་བུམ་པ་བཤིག་གམ། བུམ་པ་འཇིག་པའི་རང་བཞིན་ཅན་མ་ཡིན་པ་ལས་ཐོ་
བས་བཤིག །གལ་ཏེ་བུམ་པ་འཇིག་པའི་རང་བཞིན་ཅན་ཞིག་ཡིན་ན་ནི་ཁོ་རང་གཞིག་པས་ན། དེ་ལ་ཐོ་བ་ལ་སོགས་པའི་རྒྱུ་གཞན་གྱིས་གཞིག་མི་དགོས་སོ། །གལ་ཏེ་བུམ་པ་འཇིག་པའི་རང་བཞིན་ཅན་མ་ཡིན་ན་ནི་དེ་འཇིག་ཏུ་མི་བཏུབ་པས་ན། རྒྱུ་གང་གིས་ཀྱང་གཞིག་ཏུ་
མི་བཏུབ་པར་འགྱུར་རོ། །དེ་ལྟ་བུའི་ཚུལ་དུ་བརྟགས་ན་ཐོ་བས་ནི་གྱོ་མོ་བསྐྱེད་ཀྱི། བུམ་པ་ནི་རང་གི་ངང་གིས་འཇིག་པ་ཡིན་ནོ། །ཚིག་དེ་དག་གིས་དངོས་པོ་མེད་པ་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །མཚན་ཉིད་གཅིག་ཏུ་ངེས་པའི་ཕྱིར་སྐྱེས་པས་གང་ཡང་གནས་པར་མི་རུང་
ངོ་ཞེས་བྱ་བ་ལ། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ནི་རྟག་པ་ཞེས་བྱ་བའི་མཚན་ཉིད་དང་། མི་རྟག་པ་ཞེས་བྱ་བའི་མཚན་ཉིད་གཉིས་སུ་མེད་ཀྱི། འདུས་བྱས་ཐམས་ཅད་ནི་མཚན་ཉིད་གཅིག་ཁོ་ནར་ངེས་སོ། །གང་ཞེ་ན། མི་རྟག་པ་དང་། སྐད་ཅིག་མའི་མཚན་ཉིད་
เล่ม ๑๒๖ · หน้า 141a
དུ་ངེས་སོ། །དེ་ལྟར་འདུས་བྱས་རྣམས་སྐད་ཅིག་མའི་མཚན་ཉིད་དུ་ངེས་པས་ན་འདུས་བྱས་རྣམས་དུས་ཐ་གི་ཟད་ཅིག་གནས་ནས་ཕྱིས་འཇིག་པར་མི་རིགས་སོ། །འདུས་བྱས་ཀྱི་མཚན་ཉིད་ནི་གཅིག་ཏུ་ངེས་པར་ཅིས་མངོན་ཞེ་ན། ལུང་གི་གཏན་ཚིགས་
བསྟན་པའི་ཕྱིར། འདུས་བྱས་ཀྱི་མཚན་ཉིད་གཅིག་ཏུ་ངེས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལྟ་སྟེ། འདུས་བྱས་ནི་མི་རྟག་པའོ་ཞེས་གསུངས་སོ་ཞེས་བྱ་བ་སྨོས་སོ། །འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་ཁོ་ནར་ངེས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཇི་སྐད་
གསུངས་ཤེ་ན། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ་ཞེས་གསུངས་སོ། །དེ་གལ་ཏེ་སྐྱེས་མ་ཐག་ཏུ་མི་འཇིག་ན་ནི་ཡུན་ཅུང་ཟད་ཅིག་གི་བར་དུ་མི་རྟག་ལ་མེད་པར་མི་འགྱུར་བས་མི་རྟག་པར་མཚན་ཉིད་གཅིག་ཏུ་མ་ངེས་པར་འགྱུར་རོ་ཞེས་བྱ་བ་ལ། གལ་ཏེ་དངོས་པོ་སྐྱེས་
མ་ཐག་ཏུ་མི་འཇིག་གི །དུས་ཐ་གི་ཟད་ཅིག་ཏུ་གནས་ནས་གདོད་ཕྱིས་འཇིག་པར་འགྱུར་ན་ནི་མི་རྟག་པའི་མཚན་ཉིད་གཅིག་ཏུ་ངེས་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། མ་ཞིག་གི་བར་དུ་དུས་ཐ་གི་ཟད་ཅིག་ཏུ་རྟག་པར་གནས་པས་ན་རྟག་པར་འགྱུར་ལ། དེ་ནས་འཇིག་
པར་འགྱུར་བས་ན། མི་རྟག་པར་ཡང་འགྱུར་ཏེ། འདུས་བྱས་ལ་རྟག་པ་དང་མི་རྟག་པ་གཉིས་སུ་གཞག་ན་ནི་མཚན་ཉིད་གཅིག་ཏུ་ངེས་པ་མེད་ཅིང་ལུང་དང་འགལ་བར་འགྱུར་རོ། །ཚིག་དེ་དག་གིས་ནི་མཚན་ཉིད་ངེས་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །དེ་སྐད་ཅིག་མ་
རེ་རེ་ལ་སྔ་མ་མེད་པ་སྐྱེས་ཟིན་ན། དེ་ནི་འདི་ཡིན་ནོ་ཞེས་བྱ་བ་མེད་པར་འགྱུར་རོ་ཞེས་བྱ་བ་ལ། གལ་ཏེ་གཞན་དག་འདི་སྐད་དུ་ཟེར་ཏེ། སྐད་ཅིག་མ་རེ་རེ་ལ་དངོས་པོ་རྣམས་འགགས་ནས་སྔ་མ་དང་ཕྱི་མ་འདྲ་བར་སྐད་ཅིག་མ་གཞན་སྐྱེའོ་ཞེས་ཟེར་ན། དེ་ལྟ་ན་ནི་སྔ་མ་མཐོང་བའི་
དངོས་པོ་དག་ཕྱིས་མཐོང་བའི་དུས་ན་དེ་དག་བདག་གིས་མཐོང་ངོ་སྙམ་པའི་བློ་དང་སེམས་སྐྱེ་བར་མི་རིགས་ན། དེ་ལྟ་ནི་མ་ཡིན་ཏེ། སྔར་མཐོང་བའི་དངོས་པོ་དག་ཕྱིར་མཐོང་བའི་ཚེ་དེ་ཉིད་བདག་གིས་མཐོང་ངོ་སྙམ་པའི་བློ་སྐྱེས་པས་ནི། དངོས་པོ་རྣམས་སྐད་ཅིག་མ་རེ་རེ་ལ་མི་འཇིག་གི །
เล่ม ๑๒๖ · หน้า 141b
དུས་ཐ་གི་ཟད་ཅིག་གནས་ནས་ཕྱིས་འཇིག་གོ་ཞེས་ཟེར་རོ། །དེ་ལྟར་ཡང་མི་རིགས་པར་བསྟན་པའི་ཕྱིར་འདྲ་བ་རྗེས་སུ་འབྲང་བའི་ཕྱིར། དེ་ལྟ་བུར་གྱུར་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་མཐོང་བ་ལས་ཕྱིས་མཐོང་བའི་དུས་ན་བདག་གིས་དེ་ཉིད་མཐོང་ངོ་སྙམ་པའི་
བློ་སྐྱེ་བ་ཡང་སྐད་ཅིག་མ་སྔ་མའི་ཚེ་དངོས་པོ་རྣམས་ཀྱི་ཁ་དོག་དང་བོང་ཚོད་ཅི་འདྲ་བར་བྱུང་བ་སྐད་ཅིག་མ་ཕྱི་མའི་ཚེ་ན་ཡང་སྐད་ཅིག་མ་དེ་དང་འདྲ་བའི་ཁ་དོག་དང་བོང་ཚོད་སྐྱེ་བར་འགྱུར་ཏེ། ཕྱི་མའི་ཚེ་ཡང་འདྲ་བ་བྱུང་ན་དེ་ཉིད་མཐོང་བའི་བློ་སྐྱེས་ཏེ་ཉེས་པ་མེད་དོ། །དཔེ་བསྟན་
པའི་ཕྱིར་སྨྲས་པ། མིག་འཕྲུལ་ཅན་གྱིས་རྡེའུ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་མིག་འཕྲུལ་ཅན་གྱིས་ཕོ་ལོང་བརྒྱ་ཙམ་གནམ་དུ་བོར་ན། འདོར་བ་ལ་གོར་མྱུར་བས་དུ་མ་བྱུང་ངོ་སྙམ་པ་མི་སྐྱེའི། གཅིག་ཅིག་མཐོང་ངོ་སྙམ་པའི་བློ་སྐྱེའོ། །དེ་དང་འདྲ་བར་དངོས་པོ་རྣམས་
སྐྱེ་བ་ན་ཡང་སྐད་ཅིག་མ་འདབ་ཆགས་སུ་མྱུར་བར་སྐྱེ་ལ། སྔ་ཕྱི་འདྲ་བ་ཤ་སྟག་སྐྱེ་བས་ན་དེ་ཉིད་མཐོང་ངོ་སྙམ་པའི་བློ་སྐྱེ་བའོ། །དཔེར་ན་ཆུ་བོ་ལ་སོགས་པ་འབབ་པ་ན་ཡང་སྐད་ཅིག་མ་རེ་རེ་ལ་ཡང་འགགས་ཤིང་སྐྱེ་མོད་ཀྱི། ཕྱི་མ་རྣམས་ཀྱང་སྔ་མ་དང་འདྲ་བ་ཤ་སྟག་སྐྱེས་པས་
ན། ཆུ་དེ་དག་མཐོང་ངོ་སྙམ་པའི་བློ་སྐྱེ་བ་བཞིན་ནོ། །ཚིག་དེ་དག་གིས་ནི་རྗེས་སུ་འབྲང་ཞེས་བྱ་བའི་དོན་བསྟན་ཏོ། །འདྲ་བའི་ཕྱིར་དེའི་བློར་འགྱུར་ཏེ། དེའི་དངོས་པོའི་ཕྱིར་ནི་མ་ཡིན་པར་ཇི་ལྟར་ཤེས་ཤེ་ན་ཞེས་བྱ་བ་ནི་གལ་ཏེ་གཞན་དག་ཡང་འདི་སྐད་དུ་རྒོལ་ཏེ། གང་སྔར་མཐོང་
བའི་དངོས་པོ་ཕྱིས་མཐོང་བས་ན། སྔ་མ་དེ་ཉིད་ཀྱི་དངོས་པོ་མ་ཞིག་པར་མཐོང་བ་ནི་མ་ཡིན་གྱི། སྐད་ཅིག་མ་སྔ་མ་འགགས་པ་དང་འདྲ་བའི་སྐད་ཅིག་མ་གཞན་ཤ་སྟག་སྐྱེས་པས་འདྲ་བ་སྐྱེས་པའི་ཕྱིར་སྔ་མ་ཉིད་མཐོང་ངོ་སྙམ་པའི་བློར་འགྱུར་བར་ཅི་མངོན་ཞེ་ན། མ་འགགས་པར་དངོས་
པོ་སྔར་མཐོང་བ་ཉིད་ཕྱིས་མཐོང་ངམ། སུས་ཤེས་སྙམ་རྒོལ་ལོ། །དེ་ལྟར་མི་རིགས་པར་བསྟན་པའི་ཕྱིར། འགོག་པའི་ཕྱིར་རོ་ཞེས་སྨོས་ཏེ། དངོས་པོ་རྣམས་མཇུག་ཏུ་འགག་པར་འགྱུར་བའི་ཕྱིར། དངོས་པོ་སྔ་མ་ཉིད་ཕྱིས་མཐོང་བ་ནི་མ་ཡིན་གྱི། སྐད་ཅིག་སྔ་མ་འགགས་
เล่ม ๑๒๖ · หน้า 142a
ནས་ཕྱི་མ་དེ་འདྲ་བ་སྐྱེས་པ་མཐོང་བ་ལས་དེ་ཉིད་མཐོང་ངོ་སྙམ་པའི་བློ་སྐྱེ་བར་འགྱུར་རོ། །དོན་དེ་ཉིད་བསྟན་པའི་ཕྱིར། དེ་བཞིན་གནས་པ་ལ་ནི་མཐར་འགས་པར་མི་འགྱུར་ཏེ། ཐོག་མའི་སྐད་ཅིག་མ་དང་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དངོས་
པོ་རྣམས་སྐད་ཅིག་མ་རེ་རེ་ལ་འགག་པ་ནི་མ་ཡིན་གྱི། བརྟན་པོར་གནས་པའི་རང་བཞིན་ཡིན་ན་ནི་དངོས་པོ་དེ་མཇུག་ཏུ་འགག་པར་ཡང་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་ཐོག་མའི་སྐད་ཅིག་མ་འགག་པ་མེད་དེ་གནས་པའི་རང་བཞིན་ཡིན་པ་དེ་བཞིན་དུ། ཕྱི་མའི་སྐད་
ཅིག་མ་ན་ཡང་གནས་པའི་རང་བཞིན་གྱི་དངོས་པོ་དེ་ཉིད་ཡིན་ཏེ། དེ་ལས་དངོས་པོ་མ་བརྗེས་པས་ན། ཕྱིས་ཀྱང་འགག་པར་མི་འགྱུར་རོ། །དོན་དེ་དག་གིས་མཇུག་བསྡུ་བའི་ཕྱིར། དེ་བས་ན་དེ་ཉིད་ཡིན་པར་མི་རིགས་སོ་ཞེས་བྱ་བ་སྨོས་ཏེ། གོང་དུ་བཤད་པའི་རིགས་པ་ལྟར་ན།
མཇུག་ཏུ་དངོས་པོ་རྣམས་འགག་པར་འགྱུར་བའི་ཕྱིར་དངོས་པོ་སྔར་མཐོང་བ་གང་ཡིན་པ་ཕྱིས་ཀྱང་དེ་ཉིད་མཐོང་བར་མི་རིགས་སོ། །ཚིག་དེ་དག་གིས་ནི་འགོག་པའི་ཕྱིར་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །ཐ་མར་འགྱུར་བ་ཉེ་བར་དམིགས་པའི་ཡང་ཕྱིར་ཏེ་ཞེས་བྱ་བ་ལ། རྣམ་
པ་གཞན་དུ་ཡང་ནང་གི་དངོས་པོ་རྣམས་ལ་མཇུག་ཏུ་གཉེར་མ་ཅན་དང་། སྐྲ་དཀར་ལ་སོགས་པ་གཞན་དུ་འགྱུར་བའི་དངོས་པོ་མཐོང་ལ་ཕྱིའི་དངོས་པོ་རྣམས་ལ་ཡང་ཀ་བ་ལ་སོགས་པ་ཁོང་རུལ་པ་ལ་སོགས་པ་གཞན་དུ་འགྱུར་བ་མཐོང་བས་ན། སྐད་ཅིག་དངོས་པོ་རྣམས་སྐད་ཅིག་
མ་ཡིན་པར་རིག་པར་བྱའོ། །འགྱུར་བ་ཞེས་བྱ་བ་ཅི་ཡིན་པ་བསྟན་པའི་ཕྱིར། ཡོངས་སུ་འགྱུར་བ་ཞེས་བྱ་བ་ནི་གཞན་དུ་འགྱུར་བ་ཡིན་ལ་ཞེས་བྱ་བ་སྨོས་ཏེ། ཡོངས་སུ་འགྱུར་བ་ཞེས་བྱ་བའི་དོན་ནི་ནང་གི་དངོས་པོ་ལ་ཡང་སྔ་མ་སྔ་མ་དང་མི་འདྲ་བར་ཕྱི་མའི་དུས་ན་སྐྲ་དཀར་ལ་
སོགས་པ་གཞན་དུ་འགྱུར་བ་ལ་བྱའོ། །ཕྱིའི་དངོས་པོ་ལ་ཡང་ཀ་བ་ལ་སོགས་པ་སྔ་མ་དང་མི་འདྲ་བར་རུལ་བའི་མཚན་ཉིད་དུ་འགྱུར་བ་ལ་འགྱུར་བ་ཞེས་བྱའོ། །དེ་གལ་ཏེ་ཐོག་མ་ནས་མ་བརྩམས་སུ་ཟིན་ན་ནི་ཕྱི་ནང་གི་དངོས་པོ་རྣམས་ཐ་མར་ཡོངས་སུ་འགྱུར་བ་ཡང་མི་དམིགས་
เล่ม ๑๒๖ · หน้า 142b
ལ་ཞིག་ནས་ཞེས་བྱ་བ་ལ། གལ་ཏེ་དངོས་པོ་རྣམས་ཐོག་མ་ནས་སྐད་ཅིག་མ་རེ་རེ་ལ་རྒ་བ་དང་། འདྲུལ་བ་ལ་སོགས་པའི་མཚན་ཉིད་དུ་བརྩམས་སུ་ཟིན་ན་ནི་ནང་གི་དངོས་པོ་ལ་ཡང་ཐ་མར་སྐྲ་དཀར་ལ་སོགས་པའི་མཚན་ཉིད་དུ་གཞན་དུ་འགྱུར་བར་མཐོང་བ་མི་འགྱུར་ལ། ཕྱིའི་
དངོས་པོ་ལ་ཡང་རུལ་པ་ལ་སོགས་པའི་མཚན་ཉིད་དུ་ཐ་མར་གཞན་དུ་འགྱུར་བར་མཐོང་བར་མི་འགྱུར་རོ། །དེ་ལྟ་བས་ན་ཐོག་མ་ཉིད་ནས་གཞན་དུ་འགྱུར་བ་བརྩམས་ཏེ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ཕྱི་ནང་གི་དངོས་པོ་རྣམས་ཐ་མར་སྔོན་དང་མི་འདྲ་བའི་མཚན་ཉིད་གཞན་དུ་
འགྱུར་བར་འགྱུར་བས་ན། དངོས་པོ་རྣམས་དང་པོ་ཉིད་ནས་གང་གཞན་ནས་གཞན་དུ་འགྱུར་བ་སྐད་ཅིག་མ་རེ་རེ་བརྩམས་པར་རིག་པར་བྱའོ། །གཞན་གྱིས་བརྒལ་བ། གལ་ཏེ་སྐད་ཅིག་མ་རེ་རེ་ལ་རྒ་བ་དང་རུལ་པ་ལ་སོགས་པའི་མཚན་ཉིད་དུ་གཞན་ནས་གཞན་དུ་འགྱུར་
བར་བརྩམས་ན། ཅིའི་ཕྱིར་ན་ཕྱིས་མཐོང་བའི་ཚེ་བདག་གིས་སྔོན་མཐོང་བའི་དངོས་པོ་དེ་ཉིད་མཐོང་ངོ་སྙམ་པའི་བློ་སྐྱེས་ཟེར་བ་ལ། གང་མཐར་གྱིས་སྐྱེ་བ་ནི་ཐ་མར་སྣང་བར་འགྱུར་ཏེ་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་མ་དང་པོ་ནས་སྔ་མ་དང་ཕྱི་མ་འདྲ་བའི་རང་བཞིན་གཞན་དུ་
འགྱུར་ལ་སྐྱེས་ཤིང་བརྩམས་པས་ན། མཇུག་ཏུ་སྐྲ་དཀར་ལ་སོགས་པའི་མཚན་ཉིད་དང་། རུལ་པ་ལ་སོགས་པའི་མཚན་ཉིད་དུ་སྣང་སྟེ། དེ་བས་ན་དང་པོ་ནས་གཞན་ནས་གཞན་དུ་འགྱུར་བ་བརྩམས་པ་ཡིན་ནོ། །དེའི་དཔེ་བསྟན་པའི་ཕྱིར་འོ་མ་ལས་ཞོའི་གནས་བཞིན་ནོ་
ཞེས་བྱ་བ་སྨོས་ཏེ། དཔེར་ན་འོ་མ་ལས་ཞོར་འགྱུར་བ་ཡང་དང་པོ་ནས་སྐད་ཅིག་མ་རེ་རེ་ལ་ཇེ་སྐ་ཇེ་སྐར་འགྱུར་བར་བརྩམས་པས་ན། མཇུག་ཏུ་སྐ་བའི་རང་བཞིན་ཞོར་འགྱུར་བས་ན་སྣང་ཞིང་མངོན་པ་བཞིན་ནོ། །ཡང་གཞན་གྱིས་བརྒལ་བ་གལ་ཏེ་སྐད་ཅིག་མ་རེ་རེ་ལ་ཡང་
གཞན་ནས་གཞན་དུ་འགྱུར་བར་བརྩམས། ཅིའི་ཕྱིར་གཞན་ནས་གཞན་དུ་འགྱུར་བར་བརྩམས་པ་མ་ཚོར་ཞེས་བརྒལ་བ་ལ། ལན་དུ་ཇི་སྲིད་དུ་དེ་གཞན་དུ་འགྱུར་བ་ཕྲ་བས་ཡོངས་སུ་མི་རིགས་པ་དེ་བཞིན་དུ་དེ་དང་འདྲ་བ་རྗེས་སུ་འབྲང་བའི་ཕྱིར་ཏེ། དེ་ཉིད་ནི་འདི་ཡིན་ནོ་ཞེས་
เล่ม ๑๒๖ · หน้า 143a
ཤེས་པར་བྱ་བ་གྲུབ་པོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་འོ་མ་དང་པོ་ནས་གཞན་ནས་གཞན་དུ་སྐ་བའི་རང་བཞིན་དུ་འགྱུར་བར་བརྩམས་ནས། གཞན་དུ་འགྱུར་བ་རྩོམ་པ་ཕྲ་བས་ནི་གཞན་དུ་འགྱུར་བ་མི་རིགས་པ་དེ་བཞིན་དུ། ཕྱི་ནང་གི་དངོས་པོ་གཞན་དང་
ཡང་རྒ་བ་དང་འདྲུལ་བ་ལ་སོགས་པའི་མཚན་ཉིད་དུ་གཞན་ནས་གཞན་དུ་འགྱུར་བར་བརྩམས་པ་ཕྲ་བས་ན། དེའི་ཚེ་རིག་པར་མ་གྱུར་གྱི། མཇུག་ཏུ་རྒ་བ་དང་རུལ་པ་གསལ་བར་སྣང་བར་གྱུར་པ་དང་། གདོད་རྒས་པ་དང་རུལ་བར་རིག་གོ། །དེ་བས་ན་འདུ་བྱེད་རྣམས་
འདབ་ཆགས་སུ་བྲེང་མ་ཆད་པར་སྐད་ཅིག་མ་སྔ་མ་དང་འདྲ་བར་ཕྱི་མ་སྐྱེས་པས་ན། བདག་གིས་སྐད་ཅིག་མ་སྔ་མ་ཉིད་མཐོང་ངོ་སྙམ་པའི་བློ་སྐྱེའོ། །དོན་དེ་དག་གི་མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་སྐད་ཅིག་མ་རེ་རེ་ལ་གཞན་དུ་འགྱུར་བའི་ཕྱིར་སྐད་ཅིག་མ་གྲུབ་པོ་ཞེས་
བྱ་བ་སྨོས་ཏེ། གོང་དུ་བཤད་པ་ལྟར་ན། ཕྱི་ནང་གི་འདུ་བྱེད་རྣམས་མཇུག་ཏུ་གཞན་དུ་འགྱུར་བར་སྣང་བས་ན། འདུ་བྱེད་ཐམས་ཅད་སྐད་ཅིག་མ་རེ་རེ་ལ་གཞན་དུ་འགྱུར་བར་སྣང་བས་ན། འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་པར་གྲུབ་སྟེ། ཚིག་དེ་དག་གིས་འགྱུར་
བ་ཉེ་བར་དམིགས་ཞེས་བྱ་བའི་དོན་བསྟན་ཏོ། །ཇི་ལྟར་གྲུབ་ཅེ་ན་ཞེས་བྱ་བ་ལ། འདུ་བྱེད་རྣམས་སྐད་ཅིག་མར་གྲུབ་པོ་ཞེས་བཤད་ན་གཏན་ཚིགས་གང་གིས་སྐད་ཅིག་མ་གྲུབ་ཅེ་ན་ཞེས་བྱ་བའི་དོན་ཏེ། དེའི་གཏན་ཚིགས་སྨྲས་པ། དེའི་རྒྱུ་དང་འབྲས་བུ་ལས་ཞེས་བྱ་བའོ། །ཚིག་
གི་དོན་དེའི་དོན་བསྟན་པའི་ཕྱིར། སྐད་ཅིག་མའི་རྒྱུ་དང་སྐད་ཅིག་མའི་འབྲས་བུ་ཞེས་བྱ་བའི་དོན་ཏོ་ཞེས་སྨོས་ཏེ། རྒྱུ་སྐད་ཅིག་མ་ཡིན་པས་ན། དེ་ལས་སྐྱེས་པའི་འབྲས་བུ་ཡང་སྐད་ཅིག་མ་ཡིན་པར་བརྟག་ལ། འབྲས་བུ་སྐད་ཅིག་མ་ཡིན་པས་ན། དེ་སྐྱེད་
པར་བྱེད་པའི་རྒྱུ་ཡང་སྐད་ཅིག་མ་ཡིན་པར་རིག་པར་བྱའོ། །རྒྱུ་སྐད་ཅིག་མ་ཡིན་པས་འབྲས་བུ་སྐད་ཅིག་མ་ཡིན་པར་འགྲུབ་པའི་ཕྱིར། སེམས་ནི་སྐད་ཅིག་མར་གྲགས་པས་མིག་དང་གཟུགས་ལ་སོགས་པ་འདུ་བྱེད་གཞན་ལས་གྱུར་པས་དེ་དག་ཀྱང་སྐད་ཅིག་མར་
เล่ม ๑๒๖ · หน้า 143b
འགྲུབ་སྟེ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་རྣམ་པར་ཤེས་པ་ཐམས་ཅད་ནི་སྐད་ཅིག་མ་ཡིན་པར་སངས་རྒྱས་པ་དང་མུ་སྟེགས་པ་ཐམས་ཅད་ལ་ཡང་གྲགས་སོ། །དེ་ལྟར་སེམས་སྐད་ཅིག་མར་གྲགས་པས་ན། སེམས་དེའི་རྒྱུ་ནི་མིག་དང་
གཟུགས་ལ་སོགས་པ་ཡིན་ཏེ། མདོ་ལས་ཀྱང་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་གསུངས་སོ། །དེ་བས་ན་འདུ་བྱེད་རྣམས་ཀྱི་འབྲས་བུ་སེམས་སྐད་ཅིག་མར་གྲུབ་པས་ན་དེ་སྐྱེད་པར་བྱེད་པའི་རྒྱུ་འདུ་བྱེད་རྣམས་ཀྱང་སྐད་ཅིག་མར་གྲུབ་
པོ། །གལ་ཏེ་གཞན་དག་འདི་སྐད་དུ་འདུ་བྱེད་རྟག་པས་སེམས་སྐད་ཅིག་མར་སྐྱེད་དེ། དེ་བས་ན་འདུ་བྱེད་ནི་རྟག་པ་ཡིན་ལ། དེ་ལས་སྐྱེས་པའི་སེམས་ནི་སྐད་ཅིག་མ་ཡིན་ནོ་ཞེས་ཟེར་བ་ལ། དེ་མི་རིགས་པར་བསྟན་པའི་ཕྱིར། སྐད་ཅིག་མ་མ་ཡིན་པ་ལས་ནི་སྐད་ཅིག་མར་
འབྱུང་བར་མི་འོས་སོ་ཞེས་བྱ་བ་སྨོས་སོ། །མིག་དང་གཟུགས་ལ་སོགས་པ་སྐད་ཅིག་མ་མ་ཡིན་ཞིང་རྟག་པ་ལས་འབྲས་བུ་སྐད་ཅིག་མའི་རང་བཞིན་གྱི་སེམས་འབྱུང་བར་ནི་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དེའི་དཔེ་བསྟན་པའི་ཕྱིར། འདི་ལྟ་སྟེ། རྟག་པ་ལས་མི་རྟག་པ་
བཞིན་ནོ་ཞེས་བྱ་བ་སྨོས་ཏེ། རྟག་པ་ལས་ནི་མི་རྟག་པ་འབྱུང་བར་མི་སྲིད་དེ། དཔེར་ན་ནམ་མཁའ་རྟག་པ་ལས་བུམ་པ་དང་སྣམ་བུ་ལ་སོགས་པ་མི་རྟག་པའི་དངོས་པོ་མི་འབྱུང་བ་བཞིན་ནོ། །རྒྱུ་སྐད་ཅིག་མ་ཡིན་པས་འབྲས་བུ་སྐད་ཅིག་མར་སྒྲུབ་པའི་ཕྱིར་རོ། །ཡང་འདུ་བྱེད་
ཐམས་ཅད་ནི་སེམས་ཀྱི་འབྲས་བུ་སྟེ་ཞེས་སྨོས་ཏེ། གཞན་ཡང་མིག་དང་གཟུགས་ལ་སོགས་པའི་འདུ་བྱེད་ཐམས་ཅད་ནི་སེམས་ཀྱི་འབྲས་བུ་ཡིན་ཏེ། འདུ་བྱེད་རྣམས་ནི་སེམས་ཀྱི་འབྲས་བུ་ཡིན་ལ། སེམས་ནི་དེ་དག་གི་རྒྱུ་ཡིན་ནོ། །དེ་ལྟར་ན་སེམས་སྐད་ཅིག་མ་ཡིན་
པས་ན་དེའི་འབྲས་བུ་འདུ་བྱེད་རྣམས་ཀྱང་སྐད་ཅིག་མར་རིག་པར་བྱའོ། །ཇི་ལྟར་རིག་ཅེ་ན་ཞེས་བྱ་བ་ནི་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པར་ཡང་ཅི་མངོན་ལ་སེམས་སྐད་ཅིག་མ་ཡིན་པར་འདུ་བྱེད་རྣམས་ཀྱང་སྐད་ཅིག་མ་ཡིན་པར་ཅི་མངོན་ཞེ་ན་ཞེས་བྱ་བའི་དོན་ཏོ། །
เล่ม ๑๒๖ · หน้า 144a
དེའི་ལན་དུ་ཟིན་པ་དང་། དབང་བ་དང་། དག་པ་དང་། སེམས་ཅན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པར་ནི་སེམས་ཀྱི་འདུ་བྱེད་རྣམས་ཟིན་པ་དང་། སེམས་ཀྱི་འདུ་བྱེད་རྣམས་ལ་དབང་བྱེད་
པ་དང་། སེམས་དག་པའི་རྗེས་སུ་འདུ་བྱེད་རྣམས་འབྲང་བ་དང་། སེམས་ཅན་གྱི་སེམས་ཀྱི་རྗེས་སུ་འདུ་བྱེད་རྣམས་འབྲང་བས་ན་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པར་མངོན་ནོ། །སེམས་ཀྱི་འདུ་བྱེད་ཟིན་པའི་དོན་བསྟན་པའི་ཕྱིར། སེམས་ཀྱི་མིག་ལ་སོགས་པ་
ལ་གནས་དང་བཅས་པ་ཟིན་པ་སྟེ་ཞེས་སྨོས་ཏེ། གནས་ནི་ལུས་ལ་བྱའོ། །སེམས་ནི་འདིས་མིག་གི་དབང་པོ་དང་བཅས་པའི་ལུས་ཀུན་དུ་བཟུང་སྟེ། དེ་བས་ན་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པར་རིག་པར་བྱའོ། །སེམས་ཀྱིས་ཇི་ལྟར་ལུས་ཟིན་པ་བསྟན་པའི་ཕྱིར།
ལྷན་ཅིག་ཏུ་བརྒྱལ་བ་དང་། བདེ་བར་ཟིན་པའི་རྗེས་སུ་འབྲང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མའི་མངལ་དུ་རྣམ་པར་ཤེས་པ་ཞུགས་ནས་བརྒྱལ་བར་གྱུར་པ་དང་། གདོད་ཕ་མའི་མི་གཙང་བ་ལས་ནུར་ནུར་པོ་དང་མེར་མེར་པོ་ལ་སོགས་པ་ལུས་ཀྱི་དངོས་པོར་འགྲུབ་ཀྱི། ཇི་སྲིད་
དུ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ནས་བརྒྱལ་བར་མ་གྱུར་པ་དེ་སྲིད་དུ་ཕ་མའི་མི་གཙང་བ་ལས་ནུར་ནུར་པོ་དང་མེར་མེར་པོ་ལ་སོགས་པ་མི་འགྱུར་བས་ནི་ལུས་ན་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་སེམས་ཀྱིས་ལུས་ཡོངས་སུ་བཟུང་ངོ་། །མདོ་ལས་ཀྱང་། དགའ་བོ་གལ་ཏེ་
མའི་མངལ་དུ་རྣམ་པར་ཤེས་པ་བརྒྱལ་བར་མ་གྱུར་ན་ཕ་མའི་མི་གཙང་བ་ལས་ནུར་ནུར་པོ་ལ་སོགས་པར་མི་འགྱུར་རོ་ཞེས་བཤད་དོ། །གཞན་ཡང་སེམས་ལ་གནོད་པར་གྱུར་ན་ལུས་ལ་ཡང་གནོད་པར་འགྱུར་ལ། སེམས་བདེ་བར་གྱུར་ན་ལུས་ཀྱང་དགེ་བར་འགྱུར་བས་སེམས་
ཀྱི་རྗེས་སུ་ལུས་འབྲང་བའི་ཕྱིར། སེམས་ཀྱིས་ལུས་ཟིན་པའི་ཕྱིར། དེ་བས་ན་འདུ་བྱེད་རྣམས་ཀྱི་འབྲས་བུ་ཡིན་ནོ། །འདུ་བྱེད་རྣམས་ལ་སེམས་དབང་བའི་དོན་བསྟན་པའི་ཕྱིར། སེམས་ནི་འདུ་བྱེད་རྣམས་ལ་དབང་བྱེད་པ་སྟེ་ཞེས་སྨོས་ཏེ། སེམས་འདི་ནི་འདུ་བྱེད་རྣམས་
เล่ม ๑๒๖ · หน้า 144b
ལ་དབང་བྱེད་དེ། དེ་བས་ན་འདུ་བྱེད་ནི་སེམས་ཀྱི་འབྲས་བུའོ། །ཇི་ལྟར་དབང་བྱེད་པ་ལུང་གི་གཏན་ཚིགས་ཀྱིས་བསྟན་པའི་ཕྱིར། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་། འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་དོ། །སེམས་ཀྱིས་དྲངས་སོ་ཞེས་བྱ་བ་སྨོས་ཏེ། སེམས་ཀྱིས་གང་
དུ་བསམས་པར་ལུས་ཀྱང་དེའི་རྗེས་སུ་འབྲང་བས་ན་སེམས་ཀྱིས་ཁྲིད་པ་དང་དྲངས་པ་ཞེས་བྱའོ། །སེམས་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ། སེམས་ལ་འདོད་ཆགས་ཞིག་སྐྱེས་ནས་ལུས་ཀྱང་དེའི་རྗེས་སུ་འབྲང་ནས་སྤྱོད་པ་ཟེད་ཟེད་པོ་དང་། བཞིན་འཛུམ་པ་ལ་སོགས་
པའི་མཚན་ཉིད་གཞན་དུ་འགྱུར་རོ། །གལ་ཏེ་སེམས་ལས་ཞེ་སྡང་ཞིག་སྐྱེས་ན་ནི་ཁུ་ཚུར་འཆང་བ་དང་། བཞིན་ཁྲོ་གཉེར་བསྡུས་པ་ལ་སོགས་པར་གཞན་དུ་འགྱུར་བས་ན་འདུ་བྱེད་རྣམས་ལ་སེམས་དབང་ངོ་། །ལུང་གི་གཏན་ཚིགས་གཉིས་པ་བསྟན་པའི་ཕྱིར། དེ་བཞིན་
དུ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་གསུངས་ཏེ་ཞེས་བྱ་བ་ལ། དེ་བཞིན་དུ་མདོ་གཞན་དག་ལས་རྣམ་པར་ཤེས་པའི་དབང་གིས་མིང་དང་གཟུགས་འབྱུང་ངོ་ཞེས་གསུངས་པས་ན། དེའི་ཕྱིར་འདུ་བྱེད་རྣམས་ནི་སེམས་ཀྱི་འབྲས་བུ་ཡིན་ནོ། །དག་
པའི་སེམས་ཀྱི་རྗེས་སུ་འབྲང་བའི་དོན་བསྟན་པའི་ཕྱིར། དག་པའི་སེམས་ཀྱི་རྗེས་སུ་འབྲངས་ཞེས་བྱ་བ་ནི་རྣལ་འབྱོར་པའི་སེམས་དག་པ་ཡིན་ཏེ། དེ་དག་ལ་ནི་འདུ་བྱེད་རྣམས་དེ་བཞིན་དུ་འགྱུར་རོ་ཞེས་སྨོས་ཏེ། དག་པའི་སེམས་ཀྱི་རྗེས་སུ་འབྲངས་ཞེས་བྱ་བ་ལ། དག་
པའི་སེམས་ནི་རྣལ་འབྱོར་པ་རྣམས་ཀྱི་སེམས་ལ་བྱ་བ་སྟེ། འདུ་བྱེད་རྣམས་རྣལ་འབྱོར་པའི་སེམས་ཀྱིས་ཇི་ལྟ་ཇི་ལྟར་བསམས་པ་དེ་བཞིན་དུ་འགྱུར་བས་ན་འདུ་བྱེད་རྣམས་ལ་སེམས་དབང་བྱེད་དོ། །རྣལ་འབྱོར་པས་ཇི་ལྟར་བསམས་པ་དེ་བཞིན་དུ་འགྱུར་བར་ཅི་མངོན་ཞེ་ན། ལུང་གི་
གཏན་ཚིགས་ཀྱིས་བསྟན་པའི་ཕྱིར། འདི་ལྟ་སྟེ། དགེ་སློང་བསམ་གཏན་ཐོབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་ཅན་གྱི་སེམས་ཀྱི་རྗེས་སུ་འབྲང་བའི་དོན་བསྟན་པའི་ཕྱིར་སེམས་ཅན་རྗེས་སུ་འབྲང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདུ་བྱེད་རྣམས་ནི་
เล่ม ๑๒๖ · หน้า 145a
སེམས་ཀྱི་རྗེས་སུ་འབྲང་སྟེ། ཇི་ལྟ་ཞེ་ན། འདི་ལྟར་སྡིག་པ་བྱེད་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་དབང་གིས་ལོ་ཏོག་ལ་སོགས་པ་ཡང་ཁ་དོག་དང་། དྲི་དང་རོ་ལ་སོགས་པ་རྣམས་མཐུ་ཆུང་བར་འགྱུར་ཞིང་གསེར་ལ་སོགས་པའི་དངོས་པོ་ཡང་སོལ་བ་
ལ་སོགས་པར་སྣང་ལ། བསོད་ནམས་བྱེད་པ་རྣམས་ཀྱི་སེམས་ཀྱི་དབང་གིས་འབྲུ་ལ་སོགས་པ་ཁ་དོག་དང་དྲི་ཕུན་སུམ་ཚོགས་པར་སྣང་ལ་དངོས་པོ་ངན་པ་རྣམས་ཀྱང་རིན་པོ་ཆེ་ལ་སོགས་པར་སྣང་བས་ན། འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པར་མངོན་ནོ། །ཚིག་དེ་
དག་གི་མཇུག་བསྡུ་བའི་ཕྱིར། དེ་བས་ན་དེ་དག་སྐད་ཅིག་མའོ་ཞེས་བྱ་བ་སྨོས་ཏེ། གོང་དུ་བཤད་པ་ལྟར་ན་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པའི་ཕྱིར་འདུ་བྱེད་རྣམས་སྐད་ཅིག་མར་རིག་པར་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར། དེའི་རྗེས་སུ་འབྲང་བའི་ཕྱིར་
སྐད་ཅིག་མ་ལས་འབྲས་བུ་སྐད་ཅིག་མ་མེད་པར་མི་རུང་ངོ་ཞེས་སྨོས་ཏེ། འབྲས་བུ་ཐམས་ཅད་ནི་རྒྱུའི་རྗེས་སུ་འབྲང་སྟེ། རྒྱུ་ཅི་འདྲ་བར་བཏབ་པ་འབྲས་བུ་ཡང་དེ་འདྲ་བར་སྐྱེའོ། །དེ་ཡང་དཔེར་ན་རྒྱུ་འབྲས་སཱ་ལུའི་ས་བོན་བཏབ་ན་འབྲས་བུ་ཡང་འབྲས་སཱ་ལུའི་འབྲས་བུ་ཉིད་
སྨིན་པ་དེ་བཞིན་དུ། འདུ་བྱེད་རྣམས་ཀྱི་རྒྱུ་སེམས་སྐད་ཅིག་མ་ཡིན་པས་ན་དེའི་འབྲས་བུ་འདུ་བྱེད་རྣམས་ཀྱང་སྐད་ཅིག་མར་རིག་པར་བྱ་སྟེ། སེམས་ནི་སྐད་ཅིག་མ་ཡིན་ལ། དེའི་འབྲས་བུ་འདུ་བྱེད་རྣམས་སྐད་ཅིག་མ་མ་ཡིན་པ་རྟག་པའི་མཚན་ཉིད་དུ་འགྱུར་བར་ནི་མི་རིགས་
སོ། །དེ་ལྟར་འདུ་བྱེད་རྣམས་རེ་ཞིག་བྱེ་བྲག་མེད་པར་སྐད་ཅིག་མར་ཚིགས་སུ་བཅད་པ་གཉིས་ཀྱིས་བསྒྲུབས་སོ་ཞེས་བྱ་བ་ལ། འདི་ཡན་ཆད་དུ་ཕྱི་ནང་གི་འདུ་བྱེད་རྣམས་སོ་སོར་མ་ཕྱེ་བར་གཅིག་ཏུ་བསྡུས་ནས་སྐད་ཅིག་མ་ཡིན་པར་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ།
ཞེས་བྱ་བའི་དོན་ཏོ། །ཡང་ནང་གི་རྣམས་བསྒྲུབ་པའི་ཕྱིར་ཚིགས་སུ་བཅད་པ་རྣམས་སུ་རིག་པར་བྱའོ་ཞེས་བྱ་བ་ལ། ད་ནི་ཚིགས་སུ་བཅད་པ་ལྔ་ཞིག་གིས་ནང་གི་འདུ་བྱེད་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་མར་སྒྲུབ་བོ་ཞེས་བྱ་བའི་དོན་ཏོ། །ཐོག་མ་ཇེ་བས་ཇེ་
เล่ม ๑๒๖ · หน้า 145b
ཆེ་དང་། །ཞེས་བྱ་བ་ལ་སོགས་པ་ལ། ནང་གི་འདུ་བྱེད་སྐྱེ་བ་ལ་རྣམ་པ་བཅུ་བཞི་ཡོད་དེ། ཐོག་མར་སྐྱེ་བ་དང་། ཇེ་བས་ཇེ་ཆེར་སྐྱེ་བ་དང་། སོགས་པ་སྐྱེ་བ་དང་གནས་ཀྱི་དངོས་པོར་སྐྱེ་བ་དང་། འགྱུར་བར་སྐྱེ་བ་དང་། སྨིན་པར་སྐྱེ་བ་དང་། ཐ་མའི་སྐྱེ་བ་དང་། དེ་བཞིན་དུ་
མཆོག་གི་སྐྱེ་བ་དང་། འོད་གསལ་བར་སྐྱེ་བ་དང་། འོད་མི་གསལ་བར་སྐྱེ་བ་དང་། ཡུལ་གཞན་དུ་འགྲོ་བའི་སྐྱེ་བ་དང་། ས་བོན་ཅན་གྱི་སྐྱེ་བ་དང་། ས་བོན་མེད་པའི་སྐྱེ་བ་དང་། གཟུགས་བརྙན་དུ་སྐྱེ་བ་སྟེ། སྐྱེ་བ་རྣམ་པ་བཅུ་བཞི་ཡོད་པ་ལ་ནི་རྣམ་པ་བཅུ་བཞི་པོ་དེ་སྐད་
ཅིག་མར་སྒྲུབ་པའི་རྒྱུ་དང་ཚད་མ་ནི། རྒྱུ་དང་ཚད་ཀྱི་བྱེ་བྲག་དང་། །ཞེས་བྱ་བ་ནས་སེམས་ཀྱི་རྗེས་སུ་འབྲང་བ་ནས། འདུས་བྱས་ཐམས་ཅད་སྐད་ཅིག་མ། །ཞེས་བྱ་བའི་བར་དག་གིས་བསྟན་ཏོ། །ཇེ་བས་ཇེ་ཆེ་ཞེས་བྱ་བ་ནས་ཞེས་བྱ་བ་ལ། ཐོག་མར་ཇེ་ཆེ་ཇེ་ཆེ་དང་། །ཞེས་
བྱ་བ་ནས་བརྩམས་ཏེ། འདུས་བྱས་ཐམས་ཅད་སྐད་ཅིག་མའོ། །ཞེས་བྱ་བའི་བར་དག་གི་ཚིགས་སུ་བཅད་པ་ལྔས་ནང་གི་འདུ་བྱེད་རྣམས་སྐད་ཅིག་མར་སྒྲུབ་བོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཇི་ལྟར་སྐད་ཅིག་མ་འགྲུབ་ཅེ་ན་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ལྔ་པོ་དེ་དག་གིས་
ནང་གི་འདུ་བྱེད་རྣམས་ཇི་ལྟར་སྐད་ཅིག་མར་འགྲུབ་ཅེ་ན་ཞེས་བྱ་བའི་དོན་ཏོ། །ཐོག་མར་སྐྱེ་བ་ནི་དང་པོར་ལུས་མངོན་པར་འགྲུབ་པ་གང་ཡིན་པའོ་ཞེས་བྱ་བ་ལ། ནང་གི་འདུ་བྱེད་སྣ་ལ་སྐྱེ་བ་བཅུ་བཞི་ཡོད་པའི་མཚན་ཉིད་དེ་ཇེ་བསྟན་ནས། དེ་དག་ཇི་ལྟར་སྐད་ཅིག་མ་ཡིན་པ་ནི་གཏན་
ཚིགས་ཀྱིས་ཕྱིས་འཆད་དོ། །དེ་ལ་ཐོག་མ་སྐྱེ་བ་ཞེས་བྱ་བ་ནི་འཆི་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་འགགས་ནས་མའི་མངལ་དུ་སྐད་ཅིག་མ་དང་པོ་ལ་རྣམ་པར་ཤེས་པ་ཞུགས་ཏེ་བརྒྱལ་ནས་སྐྱེ་བའི་ཉིང་མཚམས་སྦྱར་བ་གང་ཡིན་པ་ལ། ཐོག་མ་སྐྱེ་བ་ཞེས་བྱ་སྟེ།
གལ་ཏེ་རྟག་པ་ཞིག་ཡིན་ན་ནི་འཆི་བའི་ཆར་གཏོགས་པ་རྣམ་པར་ཤེས་པ་འགགས་ནས་སྐྱེ་བའི་ཆར་གཏོགས་པ་རྣམ་པར་ཤེས་པ་འབྱུང་མི་སྲིད་དེ། དེ་ལྟ་ནི་མ་ཡིན་ཏེ། འཆི་བའི་ཆར་གཏོགས་པ་རྣམ་པར་ཤེས་པ་འགགས་ནས་སྐྱེ་བའི་ཆར་གཏོགས་པ་རྣམ་པར་ཤེས་
เล่ม ๑๒๖ · หน้า 146a
པ་འབྱུང་བ་ན། སྐད་ཅིག་མར་རིག་པར་བྱའོ། །ཇེ་བས་ཇེ་ཆེ་བ་ནི་དང་པོ་སྐྱེས་པའི་སྐད་ཅིག་མ་ཕན་ཆད་དོ་ཞེས་བྱ་བ་ལ། ཇེ་བས་ཇེ་ཆེར་སྐྱེ་བ་ནི་སྐད་ཅིག་མ་དང་པོ་ལ། མའི་མངལ་དུ་རྣམ་པར་ཤེས་པ་ཞུགས་པ་སྐད་ཅིག་མ་མ་རྟོགས་པ་སྐད་ཅིག་
མ་གཉིས་པ་ཕན་ཆད་ནུར་ནུར་པོ་དང་མེར་མེར་པོ་དང་ལྟར་ལྟར་པོ་ལ་སོགས་པ་སྐྱེས་པ་ལ་བྱ་སྟེ། གལ་ཏེ་སྐད་ཅིག་མ་མ་ཡིན་ན་ནི་ནུར་ནུར་པོའི་རང་བཞིན་འགགས་ནས་མེར་མེར་པོ་ལ་སོགས་པ་སྐྱེ་མི་སྲིད་དེ། དེ་ལྟ་ནི་མ་ཡིན་གྱི་ནུར་ནུར་པོ་ལ་སོགས་པ་སྔ་མ་འགགས་
ནས་མེར་མེར་པོ་ལ་སོགས་པ་གཞན་སྐྱེ་བར་འགྱུར་ཏེ། དེ་བས་ན་སྐད་ཅིག་མར་རིག་པར་བྱའོ། །སོགས་པ་ནི་ཁ་ཟས་དང་། ཉལ་བ་དང་། ཚངས་པར་སྤྱོད་པ་དང་། སྙོམས་པར་འཇུག་པ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་ལུས་ཆུང་ཞིང་རིད་པ་ལས་ཉམ་ཆེ་
ཞིང་བརྟས་པར་འགྱུར་བར་བྱེད་པ་ལ་བྱ་སྟེ། འདོད་པའི་ཁམས་ན་ནི་ཁ་ཟས་དང་གཉིད་དང་ཚངས་པར་སྤྱོད་པས་ལུས་ཉམ་ཆུང་ངུ་ལས་ཉམ་ཆེན་པོ་དང་ལྡན་པར་བྱེད་དོ། །གཟུགས་ལ་སོགས་པའི་ཁམས་ན་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ལུས་བརྟས་པར་
འགྱུར་རོ། །གལ་ཏེ་དངོས་པོ་འདི་དག་རྟག་པ་ཡིན་ན་ནི་ཁ་ཟས་ལ་སོགས་པས་ཀྱང་ལུས་ཉམ་ཆུང་ངུ་ལས་ཉམ་ཆེན་པོར་འགྱུར་མི་སྲིད་དེ། དེ་ལྟ་ན་ནི་མ་ཡིན་གྱི། ཁ་ཟས་ལ་སོགས་པས་ལུས་ཉམ་ཆུང་ངུ་ལས་ཉམ་ཆེན་པོར་སྐྱེད་པར་བྱེད་པས་ན། དངོས་པོ་རྣམས་སྐད་ཅིག་
མར་རིག་པར་བྱའོ། །གནས་ཀྱི་དངོས་པོ་ནི་གང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མིག་ལ་སོགས་པའི་གནས་ཀྱིས་སོ་ཞེས་བྱ་བ་ལ། གནས་ཀྱི་དངོས་པོར་སྐྱེ་བ་ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་དྲུག་ནི་གནས་
པ་ཞེས་བྱའོ། །མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དབང་པོ་དྲུག་ནི་གནས་ཞེས་བྱ་སྟེ། གནས་པར་བྱེད་པ་རྣམ་པར་ཤེས་པ་རྣམས་སྐད་ཅིག་མ་ཡིན་པས་དེའི་དབང་པོ་རྣམས་ཀྱང་སྐད་ཅིག་མ་མ་ཡིན་དུ་མི་རུང་སྟེ། དེ་བས་ན་སྐད་ཅིག་མར་འགྱུར་རོ། །འགྱུར་
เล่ม ๑๒๖ · หน้า 146b
བས་ན་གང་འདོད་ཆགས་ལ་སོགས་པས་ཁ་དོག་ལ་སོགས་པ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ། འགྱུར་བའི་སྐྱེ་བ་ནི་ནམ་སེམས་འདོད་ཆགས་ལ་སོགས་པའི་རྣམ་པར་སྐྱེས་པས་ན་ལུས་ཀྱང་སྔོན་དང་མི་འདྲ་བར་བཞིན་འཛུམ་པ་དང་། ཁ་དོག་མདངས་ཅན་དུ་འགྱུར་བ་
དང་། ནམ་ཞེ་སྡང་གི་རྣམ་པར་སྐྱེ་བ་ན། ལུས་ལ་སོགས་པ་ཡང་ཁྲོ་གཉེར་བསྡུས་པ་དང་། སོ་གཙིགས་པ་ལ་སོགས་པའི་རྣམ་པ་གཞན་དུ་འགྱུར་ཏེ། དེ་ལྟ་བུ་དག་ཀྱང་རྟག་པའི་ཆོས་རྣམས་ལ་མི་སྲིད་ཀྱི། མི་རྟག་པའི་ཆོས་རྣམས་ལ་སྲིད་དེ། དེ་བས་ན་འདུ་བྱེད་
རྣམས་སྐད་ཅིག་མར་རིག་པར་བྱའོ། །སྨིན་པ་ནི་གང་སྐྱེས་ནས་དང་། བྱིས་པ་དང་། གཞོན་ནུ་དང་། དར་ལ་བབ་པ་དང་། དར་བྱིད་པ་དང་། རྒས་པའི་གནས་སོ་ཞེས་བྱ་བ་ལ། དང་པོ་མའི་མངལ་ནས་བྱུང་མ་ཐག་པ་ལ་ནི་སྐྱེས་ནས་ཞེས་བྱའོ། །དེ་ནས་དེ་ལས་འདས་ལ་འགྲོ་
ནུས་ལ་ཐུག་གི་བར་ལ་ནི་བྱིས་པ་ཞེས་བྱའོ། །དེ་ནས་དེ་ལས་འདས་ནས་རྩེད་མོ་ནུས་ཀྱི་བར་ལ་ནི་གཞོན་ནུ་ཞེས་བྱའོ། །དེ་ནས་དེ་ལས་འདས་ནས་སེམས་དང་ལུས་ཀྱི་མཐུ་རྫོགས་པར་འགྱུར་བ་ལ་ནི་དར་ལ་བབ་པ་ཞེས་བྱའོ། །དེ་ལས་འདས་ལ་ནམ་ཆེ་རྒས་པ་ལ་སོགས་
པ་འགྱུར་བ་ལ་ནི་དར་བྱེད་པ་ཞེས་བྱའོ། །རུ་ཞོམ་པར་གྱུར་པ་ལ་ནི་རྒས་པ་ཞེས་བྱ་སྟེ། དངོས་པོ་རྟག་པ་རྣམས་ལ་ནི་དེ་ལྟ་བུ་གཞན་རྣམས་གཞན་དུ་འགྱུར་བ་འབྱུང་མི་སྲིད་དེ། དེ་ལྟ་ནི་མ་ཡིན་གྱི། དངོས་པོ་རྣམས་གཞན་ནས་གཞན་དུ་འབྱུང་བ་ན་སྐད་ཅིག་མར་
རིག་པར་བྱའོ། །ཐ་མ་དང་མཆོག་ནི་གང་ངན་འགྲོ་དང་། བདེ་འགྲོར་སྐྱེ་བ་རྣམས་ཏེ་རིམ་བཞིན་ནོ་ཞེས་བྱ་བ་ལ། ཐ་མ་དང་མཆོག་གི་སྐྱེ་བ་ནི་རིམ་བཞིན་དུ་ངན་འགྲོ་གསུམ་དུ་སྐྱེས་པ་ནི་ཐ་མར་སྐྱེས་པ། ལྷ་དང་མིའི་ནང་དུ་སྐྱེས་པ་ནི་མཆོག་ཏུ་སྐྱེས་པའོ། །དེ་
ལ་རྟག་པའི་ཆོས་རྣམས་ལ་ནི་ངན་སོང་གསུམ་དུ་སྐྱེས་པ་ལས་འགགས་ནས་ལྷ་དང་མིར་སྐྱེ་བ་དང་། ལྷ་དང་མིར་སྐྱེས་པ་ལ་འགགས་ནས། ངན་སོང་དུ་སྐྱེ་བ་ནི་མི་སྲིད་དེ། དེ་ལྟ་ནི་མ་ཡིན་གྱི། ངན་སོང་གསུམ་ལས་ཤི་འཕོས་ནས། ལྷ་དང་མིའི་ནང་དུ་སྐྱེ་བ་དང་། ལྷ་དང་
เล่ม ๑๒๖ · หน้า 147a
མིའི་ནང་ནས་ཤི་འཕོས་ནས་ངན་སོང་གསུམ་དུ་སྐྱེས་ཏེ། དེ་བས་ན་མི་རྟག་པར་རིག་པར་བྱའོ། །འོད་གསལ་བ་ནི་གང་འདོད་པའི་སྤྲུལ་པ་དང་། འདོད་པའི་གཞན་འཕྲུལ་དང་། གཟུགས་དང་གཟུགས་མེད་པར་སྐྱེས་པ་རྣམས་སེམས་ཙམ་
ལ་རག་ལས་པའི་ཕྱིར་རོ་ཞེས་བྱ་བ་ལ། འོད་གསལ་བར་སྐྱེས་པ་ནི་འདོད་པའི་ཁམས་ཀྱི་ལྷ་དྲུག་ལས་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རིལ་དང་། གཟུགས་མེད་པའི་ཁམས་ཀྱི་ལྷ་ཐམས་ཅད་ལ་འོད་གསལ་བར་སྐྱེས་པ་ཞེས་བྱ་
སྟེ། ཅིའི་ཕྱིར་ཞེ་ན། དེ་སྐྱེས་པའི་ལྷ་རྣམས་བྱ་བ་ཐམས་ཅད་རང་གི་སེམས་ལ་རག་ལུས་ཏེ། བསམས་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། འཕྲུལ་དགའི་ལྷ་རྣམས་ཀྱང་ལྷའི་བུ་མོ་གང་དང་གང་འདོད་པ་ཀུན་དུ་སྤྱོད་པ་འདོད་པ་དེ་ན། ལྷའི་བུ་མོ་
དེའི་སེམས་དང་མཐུན་པའི་ལུས་ཀྱི་ཁ་དོག་དང་གོས་དང་རྒྱན་ལ་སོགས་པ་སེམས་ཀྱིས་སྤྲུལ་ན་དེ་བཞིན་དུ་སྣང་བར་འགྱུར་རོ། །ལྷའི་བུ་མོ་དག་ཀྱང་ལྷའི་བུ་གང་འདོད་པས་ཀུན་དུ་སྤྱོད་པར་འགྱུར་བ་ན། དེ་ལྟ་བུའི་རྐྱེན་དང་། ལུས་ཀྱི་ཁ་དོག་དང་། གོས་ལ་སོགས་པ་སྣང་
བར་འགྱུར་རོ། །གཞན་འཕྲུལ་དབང་བྱེད་རྣམས་ཀྱང་ལྷ་གཞན་དག་དང་འདོད་པའི་ལོངས་སྤྱོད་མྱོང་བར་བྱ་བའི་ཕྱིར། ལོངས་སྤྱོད་དག་སེམས་ཀྱིས་འཕྲུལ་ན་དེ་བཞིན་དུ་སྣང་བར་འགྱུར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ཀྱིས་ཀྱང་། སོ་སོའི་
ཏིང་ངེ་འཛིན་ལ་སོགས་པ་གང་ལ་འཇུག་འདོད་པ་དེ་བསམས་པ་ཙམ་གྱིས་དེ་དག་འགྲུབ་པར་འགྱུར་ཞིང་མངོན་སུམ་དུ་འགྱུར་ཏེ། དེ་ལྟར་རྟག་པའི་དངོས་པོ་ལ་ནི་དེ་ལྟ་བུ་འབྱུང་མི་སྲིད་ཀྱི། མི་རྟག་པའི་དངོས་པོ་ལ་སྲིད་པས་ན། འདུ་བྱེད་ཐམས་ཅད་སྐད་ཅིག་མའོ། །འོད་
མི་གསལ་བ་ནི་གང་དེ་ལས་གཞན་དུ་སྐྱེས་པ་རྣམས་ཀྱིའོ་ཞེས་བྱ་བ་ལ་འོད་མི་གསལ་བར་སྐྱེས་པ་ནི་གང་གོང་དུ་བཤད་པ་ལ་མ་གཏོགས་པ་རྒྱལ་ཆེན་བཞིའི་རིས་དང་། དགའ་ལྡན་དང་། མཚེ་མ་དང་། སུམ་ཅུ་རྩ་གསུམ་པ་དང་། གླིང་བཞི་པའི་མི་རྣམས་དང་། ངན་སོང་
เล่ม ๑๒๖ · หน้า 147b
གསུམ་དག་སྟེ། དེ་དག་ནི་བསམས་པ་ཙམ་གྱིས་དོན་ཐམས་ཅད་མི་འགྲུབ་པས་ན་འོད་མི་གསལ་བ་ཞེས་བྱ་སྟེ། འདི་ལྟར་འོད་གསལ་བ་ལས་མི་གསལ་བར་འགྱུར་བ་དང་། འོད་མི་གསལ་བ་ལས་གསལ་བར་འགྱུར་བ་ཡང་། རྟག་པའི་ཆོས་ལ་མི་སྲིད་ཀྱི། མི་
རྟག་པའི་ཆོས་ལ་སྲིད་པས་ན། སྐད་ཅིག་མ་ཡིན་པར་རིག་པར་བྱའོ། །ཡུལ་གཞན་དུ་འགྲོ་བ་ནི་གང་ཡུལ་གཞན་དུ་སྐྱེས་པ་འགགས་ནས་ཡུལ་གཞན་དུ་སྐྱེ་བའོ་ཞེས་བྱ་བ་ལ་ཡུལ་གཞན་དུ་འགྲོ་བའི་སྐྱེ་བ་ནི་དངོས་པོ་འགའ་ཞིག་ཡུལ་གཞན་དུ་ཕྱིན་ཅིང་སྐྱེ་བ་དེ་
ཡང་སྔོན་ཡུལ་གཞན་ན་གནས་པ་དེ་འགགས་ནས་ཕྱིས་དེ་མ་ཡིན་པའི་ཡུལ་གཞན་དུ་འཕོས་ཤིང་སྐྱེས་པ་ལ་བྱ་སྟེ། དེ་ལྟ་བུ་ཡང་སྐྱེ་བ་དང་འགག་པའི་ཆོས་ཅན་ལ་སྲིད་ཀྱི། རྟག་པའི་ཆོས་ཅན་ལ་མི་སྲིད་དེ་དེ་བས་ན་སྐད་ཅིག་མའོ། །ས་བོན་དང་བཅས་པ་ནི་གང་དགྲ་
བཅོམ་པ་ཐ་མའི་ཕུང་པོ་མ་གཏོགས་པའོ་ཞེས་བྱ་བ་ལ། ས་བོན་ནི་ཁམས་གསུམ་དུ་སྐྱེ་བར་བྱེད་པའི་ཉོན་མོངས་པའི་བག་ཆགས་ལ་བྱ་སྟེ། ས་བོན་དང་བཅས་པའི་སྐྱེ་བ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པའི་
ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པ་དང་། ཕུང་པོའི་ལྷག་མ་མ་ལུས་པར་སྤོང་བའི་དགྲ་བཅོམ་པའི་ཕུང་པོ་ཐ་མ་མ་གཏོགས་པ་དགྲ་བཅོམ་པ་ལ་འཇུག་པ་དང་། ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པ་དང་། སོ་
སོའི་སྐྱེ་བོ་རྣམས་ནི་ས་བོན་དང་བཅས་པར་སྐྱེ་བ་ཞེས་བྱ་སྟེ། ཉོན་མོངས་པའི་རྒྱུས་ཚེ་གཅིག་ནས་གཅིག་ཏུ་ལེན་པས་སོ། །དེ་ལྟར་ཚེ་ལེན་པ་ཡང་རྟག་པའི་དངོས་པོ་ལ་ནི་མི་སྲིད་ཀྱི། མི་རྟག་པའི་དངོས་པོ་ལ་སྲིད་པས་ན། འདུས་བྱས་རྣམས་སྐད་ཅིག་མར་རིག་པར་
བྱའོ། །ས་བོན་མེད་པ་ནི་གང་དེ་དག་གི་ཐ་མའོ་ཞེས་བྱ་བ་ལ། ས་བོན་མེད་པའི་སྐྱེ་བ་ནི་དགྲ་བཅོམ་པ་རྣམས་ཀྱི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་། ཕུང་པོ་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པའི་ཕུང་པོ་
เล่ม ๑๒๖ · หน้า 148a
ཐ་མ་ལ་བྱ་སྟེ། སྐད་ཅིག་མ་མ་ཡིན་ན་ནི་ས་བོན་དང་བཅས་པ་ལས་ཕྱིས་ས་བོན་མེད་པར་སྐྱེ་མི་སྲིད་ཀྱི། མི་རྟག་པ་རྣམས་ལ་སྔོན་ས་བོན་དང་བཅས་པ་ལས་ཕྱིས་ས་བོན་མེད་པར་འགྱུར་སྲིད་པས་ན་སྐད་ཅིག་མར་རིག་པར་བྱའོ། །གཟུགས་བརྙན་ལ་
གང་རྣམ་པར་ཐར་པ་ལ་བསྒོམ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དབང་གིས་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་བརྙན་དུ་སྐྱེ་བ་ནི་གང་རྣམ་པར་ཐར་པ་བརྒྱད་ལ་བསྒོམ་པའི་བསམ་གཏན་པའི་གང་ཟག་གི་ཏིང་ངེ་འཛིན་གྱི་མཐུ་ཐམས་ཅད་སྐྱེད་ལ། ཐམས་ཅད་སྔོན་པོ་དང་
ཐམས་ཅད་སེར་པོ་དང་། ཐམས་ཅད་དམར་པོ་ལ་སོགས་པའི་གཟུགས་བརྙན་སྣང་བ་སྟེ། གལ་ཏེ་རྟག་པ་ཞིག་ཡིན་ན་ནི་སྔོན་གཟུགས་བརྙན་མི་སྣང་བ་ལས་ཕྱིས་གཟུགས་བརྙན་སྣང་བར་འགྱུར་མི་སྲིད་ཀྱི། མི་རྟག་པ་ལས་དེ་ལྟར་འགྱུར་སྲིད་པས་ན་སྐད་ཅིག་མར་རིག་
པར་བྱའོ། །སྐྱེ་བ་རྣམ་པ་བཞི་པོ་འདི་དག་ལས་ཞེས་བྱ་བ་ལ་སོགས་པ་ལ། ནང་གི་འདུ་བྱེད་སྐྱེ་བ་ལ་རྣམ་པ་བཅུ་བཞི་ཡོད་དེ། སྐྱེ་བ་རྣམ་པ་བཅུ་བཞི་པོ་ཐམས་ཅད་སྐད་ཅིག་མའོ། །གཏན་ཚིགས་གང་གིས་སྐད་ཅིག་མར་འགྱུར་ཞེ་ན། རྒྱུ་དང་ཚད་ཀྱི་བྱེ་བྲག་ལ་སོགས་
པའི་གཏན་ཚིགས་དང་། ཚད་མས་སྐད་ཅིག་མར་རིག་པར་བྱའོ། །ཐོག་མར་སྐྱེ་བ་ལ་ནི་རྒྱུའི་བྱེ་བྲག་གི་ཕྱིར་ཏེ་ཞེས་བྱ་བ་ལ། ཐོག་མར་མའི་མངལ་དུ་སྐྱེ་བ་ལ་ནི་རྒྱུའི་བྱེ་བྲག་གི་གཏན་ཚིགས་ཀྱིས་ན་སྐད་ཅིག་མར་རིག་པར་བྱ་སྟེ། འདི་ལྟར་དང་པོ་རྣམ་པར་ཤེས་པ་མའི་
མངལ་དུ་སྐྱེས་པ་དེས་རྒྱུ་བྱས་ནས་དེའི་འོག་ཏུ་ནུར་ནུར་པོ་འབྱུང་ངོ་། །ནུར་ནུར་པོས་རྒྱུ་བྱས་ནས་མེར་མེར་པོ་ལ་སོགས་པ་སྔ་མ་དང་མི་འདྲ་བ་གཞན་དག་འབྱུང་སྟེ། དེ་བས་ན་སྐད་ཅིག་མར་རིག་པར་བྱའོ། །གལ་ཏེ་དེའི་རྒྱུར་བྱེ་བྲག་མེད་དུ་ཟིན་ཀྱང་དེ་ཕྱིས་འདུ་བྱེད་འབྱུང་བ་
ཕྱི་མ་ཕྱི་མའི་བྱེ་བྲག་མི་དམིགས་པར་འགྱུར་ཏེ་ཞེས་བྱ་བ་ལ། གལ་ཏེ་དང་པོ་མའི་མངལ་དུ་སྐྱེས་པ་སྐད་ཅིག་མ་དེ་རྟག་པ་གཅིག་པུ་ཞིག་ཡིན་ཏེ། སྐད་ཅིག་མ་སྔ་མ་འགག་ཅིང་ཕྱི་མ་གཞན་སྐྱེ་བ་རྒྱུ་གཅིག་སྟེ་བྱེ་བྲག་ཏུ་མེད་དུ་ཟིན་ན་ཕྱིས་ནུར་ནུར་པོ་ལས་དེ་དང་མི་འདྲ་བའི་མེར་མེར་
เล่ม ๑๒๖ · หน้า 148b
པོ་འབྱུང་བ་དང་། མེར་མེར་པོ་ལས་དེ་དང་མི་འདྲ་བའི་ལྟར་ལྟར་པོ་ལ་སོགས་པ་ཕྱི་མ་ཕྱི་མའི་དུས་ན་སྔ་མ་དང་མི་འདྲ་བའི་རང་བཞིན་གཞན་དང་གཞན་དག་འབྱུང་ཞིང་དམིགས་པར་འགྱུར་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །རྟག་པ་ལས་ཅིའི་ཕྱིར་མི་འདྲ་བའི་བྱེ་བྲག་འབྱུང་བར་མི་
སྲིད་སྙམ་པ་ལ་རྒྱུ་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་སྨོས་ཏེ། རྟག་པ་གཅིག་པུ་ལ་ནི་རྒྱུའི་བྱེ་བྲག་དུ་མ་མེད་དེ། རྒྱུ་གཅིག་ཏུ་ཟད་པས་རྒྱུ་གཅིག་ཏུ་ཟད་པ་ནི་འབྲས་བུ་དུ་མ་འབྱུང་བར་མི་འགྱུར་ཏེ། དཔེར་ན་ནས་ཀྱི་ས་བོན་ལས་ནས་དང་འབྲས་ལ་སོགས་པ་འབྲས་བུ་དུ་མ་མི་
འབྱུང་བ་བཞིན་ནོ། །བྱེ་བྲག་ཡོད་དུ་ཟིན་ན་ནི་དེ་ཕྱི་མ་དང་ཐ་དད་པས་སྐད་ཅིག་མ་འགྲུབ་བོ་ཞེས་བྱ་བ་ལ། གལ་ཏེ་རྒྱུ་ལ་བྱེ་བྲག་ཡོད་དེ། དང་པོའི་རྒྱུ་ནི་སྐད་ཅིག་མ་གཞན་ཡིན་ལ། དེ་འགགས་པའི་འོག་ཏུ་སྔ་མ་དང་མི་འདྲ་བར་ཕྱི་མ་ཕྱི་མའི་གཞན་སྐྱེ་སྟེ། རྒྱུ་ལ་མི་འདྲ་བའི་བྱེ་
བྲག་ཡོད་ན་འབྲས་བུ་ལ་ཡང་ནུར་ནུར་པོ་དང་མི་འདྲ་བའི་མེར་མེར་པོ་ལ་སོགས་པ་གཞན་སྐྱེ་སྟེ། དེ་ལྟར་གྱུར་ན་ནི་སྐད་ཅིག་མར་འགྲུབ་བོ། །གལ་ཏེ་རྟག་པ་ཞིག་ཡིན་ན་ནི་རྟག་ཏུ་ཡང་ནུར་ནུར་པོ་འབའ་ཞིག་ཏུ་སྣང་བར་འགྱུར་གྱི། མེར་མེར་པོ་ལ་སོགས་པའི་དངོས་པོ་
མི་འདྲ་བ་གཞན་དང་གཞན་སྣང་བར་མི་འགྱུར་རོ། །ཇེ་ཆེ་ཇེ་ཆེར་སྐྱེ་བ་ནི་ཚད་ཀྱི་བྱེ་བྲག་གི་ཕྱིར་ཏེ་ཞེས་བྱ་བ་ལ་ནུར་ནུར་པོ་ལས་མེར་མེར་པོ་ལ་སོགས་པའི་ཆེན་པོར་སྐྱེ་བ་ཡང་ཚད་ཀྱི་བྱེ་བྲག་གི་གཏན་ཚིགས་ཀྱིས་ནི་སྐད་ཅིག་མར་རིག་པར་བྱ་སྟེ། གང་གི་ཕྱིར་སྐད་
ཅིག་མ་ཡིན་པས་ནུར་ནུར་པོའི་དུས་ཀྱི་ལུས་ཆུང་ངུ་འགགས་ནས་མེར་མེར་པོ་ལྟ་བུར་དངོས་པོ་ཆེན་པོར་སྐྱེ་བར་འགྱུར་རོ། །ཚད་ཅེས་བྱ་བའི་དོན་བསྟན་པའི་ཕྱིར། ཚད་ཅེས་བྱ་བ་ནི་བོང་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ལ། ཚད་ཅེས་བྱ་བའི་དོན་ནི་བོང་སྐྱེད་ཇེ་ཆེ་ཇེ་ཆེར་གྱུར་པ་
ལ་བྱའོ། །སྐད་ཅིག་མ་རེ་རེ་ལ་ཐ་དད་པ་མ་ཡིན་ན་ནི་ཚད་ཀྱི་བྱེ་བྲག་མེད་པར་འགྱུར་རོ་ཞེས་བྱ་བ་ལ། གལ་ཏེ་དངོས་པོ་དེ་རྟག་པ་ཞིག་ཡིན་ཏེ། སྐད་ཅིག་མ་སྔ་མ་འགགས་ནས་སྐད་ཅིག་མ་ཕྱི་མ་ལ་གཞན་དང་གཞན་སྐྱེ་བ་མ་ཡིན་ན་ནི་ནུར་ནུར་པོའི་ཚེ་བོང་ཆུང་ངུར་གནས་པ་ལས་
เล่ม ๑๒๖ · หน้า 149a
མེར་མེར་པོའི་ཚེ་བོང་ཆེན་པོར་འགྱུར་བ་ལ་སོགས་པའི་སྔ་ཕྱི་ལ་ཚད་ཆེ་ཆུང་གི་བྱེ་བྲག་མེད་པར་འགྱུར་ཏེ། དང་པོར་ནུར་ནུར་པོའི་དུས་གང་ཡིན་པ་རྟག་ཏུ་ཡང་དེ་འབའ་ཞིག་སྣང་བར་འགྱུར་གྱི། མེར་མེར་པོ་ལ་སོགས་པའི་ཚད་ཆེན་པོར་སྣང་བ་ནམ་དུ་
ཡང་མི་འགྱུར་རོ། །དེ་ལྟ་ནི་མ་ཡིན་གྱི་ནུར་ནུར་པོའི་དུས་འགགས་ནས་ཕྱིས་མེར་མེར་པོ་ལ་སོགས་པ་འབྱུང་བ་ན་སྐད་ཅིག་མར་རིག་པར་བྱའོ། །སོགས་པར་སྐྱེ་བ་ལ་ནི་སོགས་པ་དོན་མེད་པར་མི་འགྱུར་བའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྐྱེ་བ་ལ་ཡང་སོགས་པ་དོན་མེད་པར་
མི་འགྱུར་བའི་གཏན་ཚིགས་ཀྱིས་ན་ནང་གི་འདུ་བྱེད་རྣམས་སྐད་ཅིག་མར་རིག་པར་བྱའོ། །སོགས་པའི་དོན་བསྟན་པའི་ཕྱིར། སྟོན་པ་ནི་སོགས་པའོ་ཞེས་སྨོས་ཏེ་སྔོན་དུས་སུ་ཉམ་ཆུང་ཞིང་རིད་པར་གནས་པ་ལས། ཕྱིས་ཁ་ཟས་དང་གཉིད་ལ་སོགས་པའི་ཉམ་ཆེ་ཞིང་
ཚོན་པོར་བརྟས་ཤིང་བརྟན་པ་ལ་སོགས་པ་ཞེས་བྱའོ། །འདི་ལྟར་འདུ་བྱེད་རྣམས་སྐད་ཅིག་མ་ཡིན་པས་ཁ་ཟས་ལ་སོགས་པས་བརྟས་པ་ན་སྔོན་ཉམ་ཆུང་ཞིང་རིད་པའི་དངོས་པོ་འགགས་ནས་ཕྱིས་ཉམ་ཚོ་ཞིང་ཚོན་པོའི་དངོས་པོར་སྐྱེད་པར་བྱེད་པས་ན། སོགས་པ་དོན་མེད་པར་འགྱུར་
བ་མ་ཡིན་ནོ། །སྐད་ཅིག་མ་མེད་ན་ནི་དེ་བཞིན་དུ་འདུག་པའི་ཕྱིར་དེ་ཡང་དོན་མེད་པར་འགྱུར་རོ་ཞེས་བྱ་བ་ལ། གལ་ཏེ་དངོས་པོ་རྣམས་སྐད་ཅིག་སྔ་མ་ནི་འགགས། ཕྱི་མ་སྐྱེ་བ་ལྟ་བུར་སྐད་ཅིག་མའི་རང་བཞིན་ནི་མ་ཡིན་གྱི། རྟག་པ་ཞིག་ཡིན་ན་ནི་རྟག་པ་ནི་མི་འགྱུར་ཞིང་རྟག་
ཏུ་དེ་བཞིན་དུ་གནས་པར་འགྱུར་ཏེ། དེ་ལྟར་ན་སྔོན་རིད་ཅིང་ཉམ་ཆུང་བའི་དངོས་པོ་རྣམས་ཁ་ཟས་ལ་སོགས་པས་བརྟས་ཀྱང་རིད་པ་ཉིད་ཀྱི་ངོ་བོར་འདུག་གི །ཚོན་པོ་དང་ཉམ་ཆེན་པོར་འགྱུར་དུ་མི་བཏུབ་པས་ཁ་ཟས་ལ་སོགས་པས་ནམས་ཀྱང་ཉམ་ཆེན་པོ་དང་བརྟས་པར་
མ་བྱས་པས་ན། ཁ་ཟས་ལ་སོགས་པ་ཟོས་པ་དོན་མེད་པར་འགྱུར་རོ། །དེ་ལྟ་ནི་མ་ཡིན་གྱི། སྔར་ཉམ་ཆུང་ཞིང་རིད་པ་ལས་ཕྱིས་ཁ་ཟས་ལ་སོགས་པ་ཟོས་པ་ནི། ཕྱིས་ཉམ་ཆེ་ཞིང་ཚོན་པོར་འགྱུར་བ་ལ་སོགས་པ་དོན་མེད་པ་མ་ཡིན་པའི་ཕྱིར་འདུ་བྱེད་རྣམས་སྐད་ཅིག་མའོ། །
เล่ม ๑๒๖ · หน้า 149b
རྟག་པ་ཡིན་ན་སོགས་པའི་སྐབས་སུ་ཡང་སྐྱོན་གཞན་ཡང་ཡོད་པར་བསྟན་པའི་ཕྱིར་སོགས་པ་ཉིད་ཀྱང་མི་རུང་བའི་ཕྱིར་ཏེ། སྐད་ཅིག་མ་རེ་རེ་ལ་ཤིན་ཏུ་སྐྱེ་བ་འབྱུང་བ་མེད་དེ་སོགས་པ་མི་རུང་ངོ་ཞེས་སྨོས་ཏེ། གལ་ཏེ་སྐད་ཅིག་མ་རེ་རེ་ལ་གཞན་ནས་གཞན་དུ་འཇིག་
ཅིང་འགྱུར་བ་མ་ཡིན་གྱི། ཁ་ཟས་ཉིད་ཀྱང་ལུས་བརྟས་པར་བྱེད་པའི་མཚན་ཉིད་དུ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། རྟག་པ་ལ་ནི་སྐད་ཅིག་མ་རེ་རེ་ལ་ཡང་སྐད་ཅིག་མ་དང་མི་འདྲ་བའི་བོང་ཇེ་ཆེ་ཇེ་ཆེར་འགྱུར་བའམ། ཉམ་ཆེན་པོ་དང་། ཚོན་པོར་འགྱུར་བར་འགོག་པ་མེད་
པས་ཁ་ཟས་ཟོས་ཀྱང་བརྟས་པའི་ལས་མ་བྱས་པའི་ཕྱིར་ཁ་ཟས་བརྟས་པར་བྱེད་པའི་མཚན་ཉིད་དུ་མི་འགྲུབ་བོ། །གནས་ཀྱི་དངོས་པོར་སྐྱེ་བ་ལ་ནི་གནས་པར་མི་སྲིད་པའི་ཕྱིར་ཏེ་ཞེས་བྱ་བ་ལ། གནས་ཀྱི་དངོས་པོར་སྐྱེ་བ་ལ་ཡང་གནས་ཀྱི་དངོས་པོ་ནི་མིག་གི་དབང་པོ་ནས་
ཡིད་ཀྱི་དབང་པོའི་བར་དུ་དབང་པོ་དྲུག་གོ། །དེ་ལ་གནས་པ་ནི་མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་དྲུག་གོ། །དེ་ལ་རྣམ་པར་ཤེས་པ་རྣམས་སྐད་ཅིག་མ་ཡིན་ཏེ། གནས་པ་རྣམ་པར་ཤེས་པ་རྣམས་ལ་རྟག་པ་མེད་པས་
དེའི་གནས་དབང་པོ་རྣམས་ལ་ཡང་རྟག་པ་ཡོད་པར་མི་སྲིད་པའི་ཕྱིར། དབང་པོ་རྣམས་སྐད་ཅིག་མར་རིག་པར་བྱའོ། །གལ་ཏེ་གཞན་དག་འདི་སྐད་དུ་གནས་དབང་པོ་ནི་རྟག་པ་ཡིན་ལ། དེ་ལ་གནས་པའི་རྣམ་པར་ཤེས་པ་རྣམས་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ན་དེ་ལྟར་ཡང་མི་
རིགས་པར་བསྟན་པའི་ཕྱིར། གནས་འདུག་པ་ཡིན་ལ། དེ་ལ་གནས་པ་མི་འདུག་པར་ནི་མི་རུང་སྟེ་ཞེས་སྨོས་ཏེ། གལ་ཏེ་མིག་གི་དབང་པོ་ལ་སོགས་པ་དབང་པོ་རྣམས་ནི་སྐད་ཅིག་མ་མ་ཡིན་ཏེ། རྟག་པའི་མཚན་ཉིད་དུ་འདུག་ན། དེ་ལ་གནས་ཤིང་བརྟེན་པའི་
རྣམ་པར་ཤེས་པ་རྣམས་སྐད་ཅིག་མ་སྟེ། མི་རྟག་པ་མ་ཡིན་པར་ནི་མི་རུང་ངོ་། །དེ་ལྟ་བས་ན་དབང་པོ་རྟག་པ་ཞིག་ཡིན་ན་ནི་རྣམ་པར་ཤེས་པ་ཡང་རྟག་པར་འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པ་མི་རྟག་པ་ཞིག་ཡིན་ན་ནི་དབང་པོ་ཡང་མི་རྟག་པར་འགྱུར་རོ། །དེའི་དཔེ་བསྟན་
เล่ม ๑๒๖ · หน้า 150a
པའི་ཕྱིར་སྨྲས་པ། བཞོན་པ་འདུག་པ་ལ་ཞོན་པ་མི་འདུག་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། བཞོན་པ་ནི་རྟ་ལ་སོགས་པའོ། །ཞོན་པ་ནི་དེ་དང་འབྲེལ་པའི་མི་ལ་སོགས་པ་སྟེ། གལ་ཏེ་བཞོན་པ་རྟ་གར་ཡང་མ་སོང་སྟེ་གནས་གཅིག་ན་འདུག་
ན། དེ་ལ་ཞོན་པའི་མི་གནས་གཞན་དུ་ཕྱིན་པར་མི་རིགས་ཏེ་མིའང་འདུག་པར་འགྱུར་རོ། །གལ་ཏེ་རྟ་ལ་ཞོན་པའི་མི་གནས་གཞན་ཞིག་ཏུ་ཕྱིན་ན་དེ་ཁྱེར་བར་བྱེད་པའི་རྟས་ཀྱང་གདོན་མི་ཟ་བར་གནས་གཞན་དུ་ཕྱིན་པར་འགྱུར་རོ། །གཞན་ཡང་རས་ཚིག་ན་རས་ལ་
བརྟེན་པའི་ཁ་དོག་སྔོན་པོ་ལ་སོགས་པ་ཡང་གདོན་མི་ཟ་བར་ཚིག་པར་འགྱུར་རོ། །གལ་ཏེ་ཁ་དོག་སྔོན་པོ་མ་ཚིག་ན་རས་ཀྱང་ཚིག་པར་མི་རིགས་སོ། །དེ་མ་ཡིན་ན་ནི་གནས་སུ་ཡང་མི་རུང་ངོ་ཞེས་བྱ་བ་ལ། གལ་ཏེ་རྣམ་པར་ཤེས་པ་སྐད་ཅིག་མ་མ་ཡིན། དབང་པོ་རྣམས་
སྐད་ཅིག་མ་མ་ཡིན་ཏེ། རྟག་པ་ཡིན་ན་ནི་དབང་པོ་རྣམས་རྣམ་པར་ཤེས་པའི་གནས་དང་རྟེན་དུ་མི་རུང་ངོ་། །འགྱུར་བ་དང་སྨིན་པ་སྐྱེ་བ་དང་གནས་པ་ལ་མི་སྲིད་དེ་ཞེས་བྱ་བ་ལ། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་དབང་གིས་ལུས་ཀྱི་མདོག་གཞན་དུ་སྐྱེ་བར་འགྱུར་
བ་དང་། བྱིས་པ་ལ་སོགས་པའི་གནས་ལས་དར་ལ་བབ་པ་ལ་སོགས་པའི་མཚན་ཉིད་སྨིན་པར་སྐྱེས་པ་ཡང་སྐད་ཅིག་མ་མ་ཡིན་ཞིང་། རྟག་པར་གནས་པའི་དངོས་པོ་ལ་ནི་རྣམ་པ་དེ་ལྟར་འགྱུར་མི་སྲིད་དོ། །ཇི་ལྟར་མི་སྲིད་པ་བསྟན་པའི་ཕྱིར། ཐོག་མ་ནས་འཇིག་ཅིང་
མི་འགྱུར་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རྟག་པའི་དངོས་པོ་རྣམས་ནི་ཐོག་མའི་རང་བཞིན་འཇིག་ཅིང་མེད་པར་ཡང་མི་འགྱུར་ལ། སྔོན་དང་མི་འདྲ་བའི་མཚན་ཉིད་གཞན་ལེན་པར་ཡང་མི་འགྱུར་ཏེ། རང་བཞིན་གཅིག་པར་གནས་པ་ནི་རྣམ་པ་དུ་མར་མི་འགྱུར་བས་རྟག་པ་ལ་
ནི་འདོད་ཆགས་ལ་སོགས་པའི་དབང་གིས་བདག་གི་ལུས་དང་བཞིན་ལ་སོགས་པ་གཞན་དུ་འགྱུར་མི་སྲིད་ལ། བྱིས་པ་ལས་དར་ལ་བབ་པ་ལ་སོགས་པ་སྨིན་པར་ཡང་མི་འགྱུར་རོ། །དོན་དེ་ཉིད་ཞིབ་ཏུ་བསྟན་པའི་ཕྱིར། དེ་ལྟར་གནས་པ་ལ་ནི་འདོད་ཆགས་ལ་སོགས་
เล่ม ๑๒๖ · หน้า 150b
པས་འགྱུར་བར་ཡང་མི་འགྱུར་ལ་གནས་གཞན་དུ་ཡང་སྨིན་པར་མི་འགྱུར་ཏེ་ཞེས་སྨོས་ཏེ། རྟག་པའི་མཚན་ཉིད་གནས་པ་རྣམས་ལ་ནི་འདོད་ཆགས་ཀྱི་སེམས་སྐྱེས་པའི་དབང་གིས་གཞན་གྱི་ཁ་དོག་སྔོན་དང་མི་འདྲ་བའི་འཛུམ་པ་ལ་སོགས་པའི་མཚན་ཉིད་ཕྱིས་གཞན་དུ་
འགྱུར་བ་མི་འབྱུང་ལ། བྱིས་པ་ལ་སོགས་པ་ལས་ཀྱང་ཕྱིས་དར་ལ་བབ་པ་ལ་སོགས་པའི་མཚན་ཉིད་དུ་ལུས་བོང་ཆེན་པོར་སྨིན་པར་མི་འགྱུར་རོ། །ཇི་ལྟར་མི་འགྱུར་བ་བསྟན་པའི་ཕྱིར། ཐོག་མར་མི་འཇིག་ཏུ་ཟིན་ན། ཐ་མར་ཡང་འགྱུར་བ་མེད་པའི་ཕྱིར་རོ་ཞེས་སྨོས་ཏེ།
འགྱུར་བའི་སྐྱེ་བ་ལ་ཡང་འདོད་ཆགས་ཀྱི་སེམས་སྐྱེས་པ་ན། དང་པོ་སེམས་མ་སྐྱེས་པའི་ཁ་དོག་ལ་སོགས་པས་མ་ཞིག་མ་འགགས་ན་ནི་འདོད་ཆགས་ཀྱི་སེམས་སྐྱེས་པའི་དུས་ན་ཡང་བཞིན་ལ་སོགས་པའི་ཁ་དོག་འཛུམ་པ་ལ་སོགས་པའི་མཚན་ཉིད་དུ་གཞན་དུ་འགྱུར་བར་
མི་སྣང་གི་འདོད་ཆགས་འབྱུང་བའི་དུས་ན་ཡང་འདོད་ཆགས་མ་བྱུང་བའི་དུས་ཀྱི་བཞིན་དེ་ཉིད་སྣང་བར་འགྱུར་རོ། །རྣམ་པར་སྨིན་པ་མང་ཡང་གལ་ཏེ་རྟག་པ་ཞིག་ཡིན་ཡང་བྱིས་པའི་མཚན་ཉིད་གཞན་དུ་གྱུར་ནས་མི་འཇིག་ཏུ་མི་བཏུབ་ན་ནི་དར་ལ་བབ་པའི་དུས་ན་ཡང་ལུས་ཀྱི་
བོང་ཚོད་ཆེན་པོ་ལ་སོགས་པར་གཞན་དུ་མི་འགྱུར་གྱི། དུས་ཐམས་ཅད་དུ་ཡང་བྱིས་པའི་རང་བཞིན་འབའ་ཞིག་ཏུ་གནས་ཤིང་སྣང་བར་འགྱུར་རོ། །དེ་ལྟ་ནི་མ་ཡིན་གྱི། འདོད་ཆགས་ཀྱི་སེམས་སྐྱེས་པ་ན་སྔོན་གྱི་བཞིན་དང་ཁ་དོག་འགགས་ནས་ཕྱིས་དེ་མ་ཡིན་པའི་
བཞིན་དང་ཁ་དོག་གཞན་འབྱུང་བ་དང་། སྨིན་པ་ལ་ཡང་བྱིས་པ་ལ་སོགས་པའི་དུས་ཀྱི་ལུས་ཀྱི་བོང་ཚོད་ལ་སོགས་པ་འགགས་ནས་ཕྱིས་དེ་མ་ཡིན་པར། དར་ལ་བབ་པ་ལ་སོགས་པའི་ལུས་ཀྱི་བོང་ཚོད་གཞན་སྐྱེས་ཏེ། དེ་བས་ན་སྐད་ཅིག་མར་གྲུབ་བོ། །དེ་ལྟར་ཐོག་
མར་མི་འཇིག་པ་དང་མི་འགྱུར་བའི་གཏན་ཚིགས་ཀྱིས་འགྱུར་བ་དང་། སྨིན་པའི་སྐྱེ་བ་གཉིས་སྐད་ཅིག་མར་བསྒྲུབས་སོ། །ཡང་ཐོག་མར་མི་འཇིག་ཅིང་མཐར་མི་འགྱུར་བའི་གཏན་ཚིགས་དེ་ཉིད་མཆོག་དང་ཐ་མའི་སྐྱེ་བའི་སྐད་ཅིག་མར་བསྒྲུབ་པའི་ཕྱིར། དེ་བཞིན་དུ་ཐ་མ་
เล่ม ๑๒๖ · หน้า 151a
དང་མཆོག་སྐྱེ་བ་ལ་ཡང་སྐད་ཅིག་མར་རིག་པར་བྱའོ་ཞེས་སྨོས་ཏེ། ཇི་ལྟར་འགྱུར་བ་དང་། སྨིན་པ་སྐྱེ་བ་ལ་ཐོག་མ་ནས་མི་འཇིག་ཅིང་མི་འགྱུར་བའི་གཏན་ཚིགས་ཀྱིས་སྐད་ཅིག་མ་བསྒྲུབས་པ་དེ་བཞིན་དུ་ཐ་མ་དང་། མཆོག་ཏུ་སྐྱེས་པ་ལ་ཡང་ཐོག་མ་
ནས་མི་འཇིག་ཅིང་མི་འགྱུར་བའི་གཏན་ཚིགས་དེ་ཉིད་ཀྱིས་སྐད་ཅིག་མར་བསྒྲུབས་པར་རིག་པར་བྱའོ། །གཏན་ཚིགས་དེ་ཉིད་ཀྱིས་ཇི་ལྟར་སྐད་ཅིག་མར་སྒྲུབ་པ་བསྟན་པའི་ཕྱིར། ཇི་ལྟར་སྨིན་པ་སྐྱེ་བ་བཞིན་དུ་འདུ་བྱེད་དེ་བཞིན་གནས་པ་ལ་ཡང་ལས་ཀྱི་བག་ཆགས་འཇོག་
པར་མི་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བྱིས་པ་ལས་དར་ལ་བབ་པ་ལ་སོགས་པར་སྨིན་པར་འགྱུར་བ་ལ། དང་པོ་བྱིས་པའི་དུས་མི་འཇིག་ཅིང་། དར་ལ་བབ་པའི་དུས་ལ་ཡང་གཞན་དུ་མ་གྱུར་ན་ནི་རྟག་ཏུ་བྱིས་པ་འབའ་ཞིག་ཏུ་སྣང་བར་འགྱུར་གྱི། དར་ལ་བབ་པ་ལ་
སོགས་པའི་མཚན་ཉིད་དུ་ནམས་ཀྱང་སྣང་བར་མི་འགྱུར་རོ། །དེ་བཞིན་དུ་འདུ་བྱེད་རྣམས་དེ་བཞིན་དུ་གནས་ཏེ་རྟག་པ་ཞིག་ཡིན་ན་ནི་སྔོན་ལྷ་དང་མི་ལ་སོགས་པའི་གནས་ན་དགེ་བ་བྱེད་བྱེད་པ་ལས། དགེ་བ་བྱེད་པའི་ལས་འགགས་ནས་མི་དགེ་བའི་ལས་བྱས་པའི་བག་
ཆགས་ཀྱིས་ཕྱིས་ངན་སོང་གསུམ་དུ་སྡུག་བསྔལ་གྱི་འབྲས་བུ་མྱོང་བར་ཡང་མི་འགྱུར་ཏེ། ལྷ་དང་མིའི་གནས་སུ་ཡང་སྡུག་བསྔལ་གྱི་རང་བཞིན་ཉིད་དང་ལྡན་པར་འགྱུར་བ་དང་། སྔོན་ངན་སོང་གསུམ་གྱི་གནས་ན་སྡུག་བསྔལ་བའི་རང་བཞིན་དུ་གནས་པ་ལས་དགེ་བའི་ལས་
བྱས་པའི་བག་ཆགས་ཀྱིས་སྔར་སྡུག་བསྔལ་མྱོང་བ་འགགས་ནས་ཕྱིས་བདེ་བ་མྱོང་བར་མི་འགྱུར་གྱི། རྟག་ཏུ་སྡུག་བསྔལ་བ་དང་ལྡན་པ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་ངན་འགྲོར་སྐྱེ་བ་དང་། བཟང་འགྲོར་སྐྱེ་བ་ཡང་རིམ་གྱིས་རྒྱུད་ཡོངས་སུ་འགྱུར་བའི་བྱེ་བྲག་ལས་ནི་འཇུག་
པ་རྙེད་པར་འགྱུར་རོ་ཞེས་བྱ་བ་ལ། དེ་ལྟ་ནི་མ་ཡིན་གྱི། སྔོན་ངན་སོང་གསུམ་གྱི་གནས་སུ་གནས་པ་ན་མི་དགེ་བ་བྱེད་བྱེད་པའི་སྐད་ཅིག་མ་འགགས་ནས་ཕྱིས་དགེ་བ་བྱས་པའི་རྒྱུད་བག་ཆགས་ཇེ་བརྟས་སུ་འགྱུར་བའི་བྱེ་བྲག་ལས་ཕྱིས་ལྷ་དང་མིའི་བདེ་འགྲོར་འབྲས་བུ་བདེ་
เล่ม ๑๒๖ · หน้า 151b
བ་མྱོང་བར་འགྱུར་བ་དང་། སྔོན་ལྷ་དང་མིའི་ནང་ན་གནས་པ་ན་ལས་དགེ་བ་བྱེད་བྱེད་པ་ལས་སྔར་ལས་དགེ་བ་བྱས་པ་འགགས་ནས་ཕྱིས་ལས་མི་དགེ་བ་བྱས་པའི་བག་ཆགས་ཇེ་བརྟས་ཇེ་བརྟས་སུ་གྱུར་པས་མཇུག་ཏུ་ངན་སོང་གསུམ་དུ་སྡུག་བསྔལ་བའི་འབྲས་བུ་མྱོང་བར་འགྱུར་ཏེ།
མི་རྟག་པ་ལ་ནི་དེ་ལྟར་འགྱུར་གྱི། རྟག་པ་ཞིག་ན་ནི་ཡང་ན་རྟག་ཏུ་སྡུག་བསྔལ་འབའ་ཞིག་མྱོང་བར་འགྱུར། ཡང་ན་རྟག་ཏུ་བདེ་བ་འབའ་ཞིག་མྱོང་བར་འགྱུར་གྱི། བར་འགའ་བདེ་བར་འགྱུར། བར་འགའ་སྡུག་བསྔལ་བར་འགྱུར་བ་ལྟ་བུར་རྣམ་པ་དུ་མར་ནི་མི་འགྱུར་རོ། །
ཐོག་མར་ནི་མི་འཇིག་ཅིང་མཐར་མི་འགྱུར་བའི་གཏན་ཚིགས་དེས་འོད་གསལ་བ་དང་། འོད་མི་གསལ་བ་ལ་ཡང་སྐད་ཅིག་མར་བསྒྲུབ་པའི་ཕྱིར། འོད་གསལ་བ་དང་། འོད་མི་གསལ་བའི་སྐྱེ་བ་ནི། དེ་བཞིན་དུ་སྐད་ཅིག་མར་རུང་ངོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཐོག་མ་ནས་མི་
འཇིག་ཅིང་མི་འགྱུར་བ་མེད་ལ། དངོས་པོ་རྣམས་སྐད་ཅིག་མར་འགྱུར་ན་ནི་སྔོན་འོད་གསལ་བ་ལས་ཕྱིས་འོད་མི་གསལ་བར་འགྱུར་བ་དང་། སྔོན་འོད་གསལ་བ་ལས་ཕྱིས་འོད་མི་གསལ་བར་རུང་ངོ་། །རྟག་པ་ལས་སྔོན་འོད་མི་གསལ་བ་ལས་ཕྱིས་འོད་གསལ་བ་ནི་མཚན་ཉིད་
དུ་མི་རུང་བར་བསྟན་པའི་ཕྱིར། འོད་གསལ་བ་ནི་དེ་ལྟར་གནས་པ་ལས་མི་འབྱུང་བའི་ཕྱིར་ཏེ། འབྱུང་བ་ནི་སེམས་ལ་རག་ལུས་པའི་ཕྱིར་རོ་ཞེས་སྨོས་ཏེ། མི་འཇིག་ཅིང་འགྱུར་བ་མེད་དེ་རྟག་པའི་མཚན་ཉིད་དུ་གནས་པ་ལས་ནི་སྔོན་འོད་མི་གསལ་བ་ལས་ཕྱིས་འོད་
གསལ་བའི་མཚན་ཉིད་འབྱུང་མི་སྲིད་དེ་ཡང་ན་ནི་རྟག་པར་འོད་མི་གསལ་བར་འགྱུར། ཡང་ན་ནི་རྟག་པར་འོད་གསལ་བར་འགྱུར་ཏེ། སྔོན་འོད་མི་གསལ་བ་ལས་ཕྱིས་འོད་གསལ་བར་འགྱུར་ན་ནི་སྐད་ཅིག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཕྲུལ་དགའ་ལ་སོགས་པའི་
ལྷའི་རིས་ནི་འོད་མི་གསལ་བ་ལས་འོད་གསལ་བ་འབྱུང་བ་ནི་སེམས་ལ་རག་ལུས་ཤིང་སེམས་ཀྱི་རྒྱུ་ལས་སྐྱེས་ཏེ། དེ་བས་ན་སེམས་སྐད་ཅིག་མ་ཡིན་པའི་ཕྱིར། དེ་ལས་སྐྱེས་པའི་བཞིན་གྱི་མདོག་དང་ལུས་ལ་སོགས་པར་འབྲས་བུར་གྱུར་པའི་ཆོས་རྣམས་ཀྱང་སྐད་ཅིག་
เล่ม ๑๒๖ · หน้า 152a
མ་ཡིན་པར་རིག་པར་བྱའོ། །འཇིག་པ་མེད་ཅིང་མི་འཇིག་པའི་དངོས་པོ་ལ། འོད་གསལ་བ་ལས་འོད་མི་གསལ་བར་འགྱུར་བ་མི་སྲིད་པར་བསྟན་པའི་ཕྱིར། འོད་གསལ་བ་མ་ཡིན་པ་ལ་ཡང་ཐོག་མ་འཇིག་པ་མེད་པར་མཐར་འགྱུར་བ་མི་རུང་བའི་ཕྱིར་རོ་
ཞེས་སྨོས་ཏེ། ཐོག་མར་འོད་གསལ་བའི་རང་བཞིན་དུ་གནས་པ་ལས་ཕྱིས་འོད་མི་གསལ་བའི་རང་བཞིན་དུ་འགྱུར་བ་ཡང་ཐོག་མ་ནས་འཇིག་པ་མེད་ཅིང་རྟག་པའི་དངོས་པོ་ལ་ནི་སྔོན་འོད་གསལ་བ་ལས་ཐ་མར་འོད་མི་གསལ་བ་ལྟ་བུར་འགྱུར་བར་མི་རུང་སྟེ། དེ་བས་ན་
སྔོན་འོད་གསལ་བར་གནས་པའི་དངོས་པོ་འགགས་ནས་ཕྱིས་འོད་མི་གསལ་བའི་ངོ་བོ་འབྱུང་བས་ན་དངོས་པོ་རྣམས་སྐད་ཅིག་མ་ཡིན་པར་རིག་པར་བྱའོ། །ཡུལ་གཞན་དུ་སྐྱེ་བ་འགྲོ་བ་ལ་ཡང་འགྲོ་བ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ། ཡུལ་གཞན་དུ་སྐྱེ་བའི་འགྲོ་བ་ལ་ཡང་
འགྲོ་བ་མེད་པའི་གཏན་ཚིགས་ཀྱིས་ན་སྐད་ཅིག་མར་རིག་པར་བྱ་སྟེ། འདི་ལྟར་དངོས་པོ་རྣམས་སྐད་ཅིག་མའི་ངང་གིས་ཡུལ་གཅིག་ནས་གཅིག་ཏུ་འཕོས་པ་མ་གཏོགས་པར་ཡུལ་གཅིག་ནས་གཅིག་ཏུ་འཕོ་བར་བྱེད་པའི་འགྲོ་བ་ཞེས་བྱ་བ་གང་ཡང་མེད་པས་ན། འདུ་བྱེད་རྣམས་
སྐད་ཅིག་མར་རིག་པར་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར། འདུ་བྱེད་རྣམས་ཡུལ་གཞན་དུ་འཕོ་བའི་མཚན་ཉིད་འགྲོ་བ་ཞེས་བྱ་བའི་བྱེད་པ་གང་ཡང་མེད་དེ་ཞེས་སྨོས་ཏེ། འདུ་བྱེད་རྣམས་སྐད་ཅིག་མ་སྔ་མ་ནི་འགགས། སྐད་ཅིག་མ་ཕྱི་མ་ནི་སྐྱེ་བའི་ཚུལ་གྱིས་ཡུལ་གཞན་
དུ་འཕོ་ཞིང་ཕྱིན་པར་ཟད་ཀྱི། དེ་ལ་མ་གཏོགས་པར་འདུ་བྱེད་རྣམས་ཡུལ་གཅིག་ནས་གཅིག་ཏུ་འཕོ་བར་བྱེད་པའི་མཚན་ཉིད་འགྲོ་བ་ཞེས་བྱ་བའི་བྱེད་པ་པོ་རྫས་གཞན་ནི་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འདུ་བྱེད་སྐད་ཅིག་མ་ལས་མ་གཏོགས་པའི་འགྲོ་བ་བྱེད་པ་པོ་གང་
ཡང་མེད་པར་གཏན་ཚིགས་ཀྱིས་བསྟན་པའི་ཕྱིར། དེའང་འགྲོ་བ་སྐྱེས་པའམ་མ་སྐྱེས་པ་ཡུལ་གཞན་དུ་བྱེད་གྲང་ན་ཞེས་སྨོས་ཏེ། འགྲོ་བ་དེས་འདུ་བྱེད་རྣམས་ཡུལ་གཞན་དུ་འཕོ་བར་བྱེད་ན། འདུ་བྱེད་གནས་པའི་མཚན་ཉིད་ཞིག་ཡིན་པ་ལས། འགྲོ་བ་ཞེས་བྱ་བའི་ཆོས་
เล่ม ๑๒๖ · หน้า 152b
སྐྱེས་ནས་གདོད་འདུ་བྱེད་རྣམས་ཡུལ་གཅིག་ནས་གཅིག་ཏུ་འཕོ་བར་བྱེད་དམ། འོན་ཏེ་འགྲོ་བ་མ་སྐྱེས་པས་འདུ་བྱེད་ཡུལ་གཞན་ནས་གཞན་དུ་འཕོ་བར་བྱེད་ཅེས་བྱ་གྲང་ན་དེ་གཉི་ག་ལྟར་ཡང་མི་རིགས་སོ། །དེ་ལ་ཕྱོགས་དང་པོ་བསྟན་པ་མི་རིགས་པའི་ཕྱིར། གལ་ཏེ་སྐྱེས་
པ་ཡིན་ན་ནི་དེའི་ཕྱིར་འགྲོ་བའི་དུས་ན་གར་ཡང་མ་སོང་བས་འདུག་པ་ལ་ནི་འགྲོ་བ་མི་རུང་ངོ་ཞེས་སྨོས་ཏེ། གལ་ཏེ་འགྲོ་བ་སྐྱེས་པ་ཞིག་གིས་འདུ་བྱེད་གནས་པ་ཡུལ་གཞན་དུ་འཕོ་བ་བྱེད་ཅེས་བྱ་བར་ཡང་འདུ་བྱེད་ཉིད་གནས་པའི་རང་བཞིན་ཅན་ཡིན་ཏེ། འདུ་བྱེད་དེ་ལ་འཕོ་བའི་རང་
བཞིན་མེད་པས་ན། འགྲོ་བ་སྐྱེས་པའི་དུས་ན་འདུ་བྱེད་གར་ཡང་མ་སོང་སྟེ་འདུག་པས་ན། འགྲོ་བར་བྱེད་པས་འདུ་བྱེད་ཡུལ་དུ་གཞན་དུ་སྤོས་ཤིང་འགྲོ་བར་བྱས་པ་ནི་མི་རུང་ངོ་། །གལ་ཏེ་འདུ་བྱེད་རྣམས་གནས་པའི་རང་བཞིན་ཅན་མ་ཡིན་ཏེ། ཡུལ་གཞན་དུ་འགྲོ་བའི་རང་
བཞིན་ཅན་ཡིན་ན་ནི་འདུ་བྱེད་ཉིད་ཡུལ་གཞན་དུ་སོང་བས་དེ་ལ་མ་གཏོགས་པའི་འགྲོ་བར་བྱེད་པའི་རྫས་གཞན་ཡོད་པར་མི་རུང་ངོ་། །ཕྱོགས་གཉིས་པ་མི་རིགས་པར་བསྟན་པའི་ཕྱིར། དེ་སྟེ་མ་སྐྱེས་པ་ཡིན་ན་ནི་དེའི་ཕྱིར་འགྲོ་བ་མེད་པར་སོང་བ་ཞེས་བྱར་མི་རུང་ངོ་ཞེས་སྨོས་ཏེ།
འདི་ལྟར་འགྲོ་བ་ད་དུང་མ་སྐྱེས་པས་འདུ་བྱེད་ཡུལ་གཞན་སྤོས་ཞེས་བྱར་ཡང་མི་རུང་སྟེ། འགྲོ་བ་མེད་པ་དེས་འདུ་བྱེད་ཡུལ་གཞན་དུ་སྦོད་པར་མི་ནུས་པའི་ཕྱིར་རོ། །འདུ་བྱེད་དེ་མ་གཏོགས་པར་འགྲོ་བར་བྱེད་པ་རྫས་གཞན་མེད་པར་གཏན་ཚིགས་གཞན་གྱིས་ཀྱང་དཔྱད་དེ། འདི་
ལྟར་འགྲོ་བར་བྱེད་པ་དེས་འདུ་བྱེད་ཡུལ་གཞན་དུ་སྤོས་ན་འགྲོ་བར་བྱེད་པ་ཉིད་ཡུལ་འདི་ན་གནས་པས་འདུ་བྱེད་ཡུལ་གཞན་དུ་སྦོད་པར་བྱེད་དམ། འོན་ཏེ་འགྲོ་བར་བྱེད་པ་ཡུལ་གཞན་ལ་གནས་པས་འདུ་བྱེད་ཡུལ་འདི་ན་གནས་ཡུལ་གཞན་དུ་སྦོད་པར་བྱེད་གྲང་ན། གཉི་ག་ལྟར་
ཡང་མི་རིགས་སོ། །དེ་ལ་དང་པོའི་ཕྱོགས་མི་རིགས་པར་བསྟན་པའི་ཕྱིར། བྱེད་པ་དེ་ཡང་ཡུལ་དེ་དེ་ན་གནས་བཞིན་དུ་འདུ་བྱེད་ཀྱི་བྱ་བ་བྱེད་ན། གནས་པས་ཡུལ་གཞན་དུ་ཕྱིན་པར་མི་རུང་ངོ་ཞེས་སྨོས་ཏེ། འགྲོ་བར་བྱེད་པ་ཡུལ་འདི་ན་གནས་པ་དེས་བདག་ཉིད་ཡུལ་དེ་ན་
เล่ม ๑๒๖ · หน้า 153a
གནས་པ་བཞིན་དུ་འདུ་བྱེད་རྣམས་ཡུལ་གཞན་དུ་ཕྱིན་པར་བྱེད་པ་ནི་མི་འགྱུར་ཏེ། བདག་ཉིད་ཡུལ་དེ་ན་གནས་ཏེ་ཡུལ་གཞན་དུ་མ་སོང་ན། འདུ་བྱེད་ཡུལ་གཞན་དུ་ཕྱིན་པར་ནི་མི་རུང་ངོ་། །དཔེར་ན་རྟས་མི་ཁྱེར་ཏེ། ཡུལ་གཞན་དུ་ཕྱིན་པར་བྱེད་པ་ཡིན་ན།
གལ་ཏེ་རྟ་ཉིད་ཡུལ་དེ་ན་གནས་ཏེ། ཡུལ་གཞན་དུ་མ་ཕྱིན་ན་རྟ་དེ་ལ་ཞོན་པའི་མི་ཡུལ་གཞན་དུ་ཕྱིན་ཅིང་བསྐྱལ་ཏོ་ཞེས་བྱ་བར་མི་རུང་བ་བཞིན་ནོ། །ཕྱོགས་གཉིས་པ་མི་རིགས་པར་བསྟན་པའི་ཕྱིར། དེས་ཏེ་ཡུལ་གཞན་དུ་གནས་པ་ཡིན་ན་ནི། བྱེད་པ་མེད་པར་ཡུལ་གཞན་
དུ་མི་ཕྱིན་པའི་ཕྱིར་མི་རུང་ངོ་ཞེས་སྨོས་ཏེ། གལ་ཏེ་འགྲོ་བར་བྱེད་པ་ཡུལ་གཞན་ལ་གནས་པས་འདུ་བྱེད་འདི་ན་གནས་པ་འཕོ་བར་བྱེད་དོ་ཞེས་བྱ་བ་ནི་འགྲོ་བར་བྱེད་པ་ཡུལ་གཞན་ལ་གནས་པར་བྱེད་པ་ཡིན་པས་འདུ་བྱེད་འདི་ན་གནས་པ་ཡུལ་གཞན་དུ་འཕོ་བར་བྱེད་པར་མི་རུང་བར་
འགྱུར་ཏེ། དཔེར་ན་ཤར་ཕྱོགས་ན་གནས་པའི་རྟས་ནུབ་ཕྱོགས་ན་གནས་པའི་མི་ཡུལ་གཞན་དུ་བསྐྱལ་བར་མི་ནུས་པ་བཞིན་པས་དེ་ལྟར་ཡང་མི་རུང་ངོ་། །གཞན་ཡང་འདི་དཔྱད་པར་བྱ་སྟེ། འགྲོ་བར་བྱེད་པས་འདུ་བྱེད་ཡུལ་གཞན་དུ་ཕྱིན་པར་བྱེད་ན་འདུ་བྱེད་སྔར་སྐྱེས་ལ་འགྲོ་
བར་བྱེད་པ་ཕྱིས་སྐྱེས་པས་འདུ་བྱེད་ཡུལ་གཞན་དུ་ཕྱིན་པར་བྱེད་དམ། ཡང་འདུ་བྱེད་སྔར་སྐྱེས་པ་ལ། འགྲོ་བར་བྱེད་ལ་ཕྱིས་སྐྱེས་པས་འདུ་བྱེད་ཡུལ་གཞན་དུ་ཕྱིན་པར་བྱེད་དམ། ཡང་འདུ་བྱེད་དང་འགྲོ་བར་བྱེད་པ་གཉི་ག་མགོ་མཉམ་དུ་སྐྱེས་པས་འགྲོ་བར་བྱེད་པས་འདུ་བྱེད་སྤོད་
གྲང་ན། རྣམ་པ་གསུམ་ཆར་ལྟར་ཡང་མི་རིགས་སོ། །དེ་ལ་འགྲོ་བར་བྱེད་པ་སྔར་སྐྱེས་པས། འདུ་བྱེད་ཕྱིས་སྐྱེས་པ་སྤོད་པར་བྱེད་ཅེས་བྱར་ནི་འགྲོ་བར་བྱེད་པ་སྐྱེས་པའི་དུས་ན་འདུ་བྱེད་མ་སྐྱེས་པས་ན། འདུ་བྱེད་མེད་པ་ལ་འགྲོ་བར་བྱེད་པས་ཡུལ་གཞན་དུ་སྤོར་མེད་དེ། ལྷ་སྦྱིན་
སྐྱེས་པས་བུ་མ་སྐྱེས་པ་གསོར་མེད་པ་བཞིན་ནོ། །གལ་ཏེ་འདུ་བྱེད་སྔར་སྐྱེས་ལ་འགྲོ་བར་བྱེད་པ་ཕྱིས་སྐྱེས་པས་འདུ་བྱེད་ཡུལ་གཞན་དུ་སྤོད་པར་བྱེད་ཅེས་བྱར་ཡང་འདུ་བྱེད་སྐྱེས་པས་ན། འགྲོ་བར་བྱེད་པ་ད་དུང་མ་སྐྱེས་ཏེ་མེད་པས་འགྲོ་བར་བྱེད་པ་མེད་པ་དེས། འདུ་བྱེད་
เล่ม ๑๒๖ · หน้า 153b
ཡུལ་གཞན་དུ་སྤོད་མི་ནུས་ཏེ། དཔེར་ན་རྟ་ད་དུང་མ་སྐྱེས་པས་མི་ཡུལ་གཞན་དུ་བསྐྱལ་བར་མི་ནུས་པ་བཞིན་ནོ། །འདུ་བྱེད་དང་འགྲོ་བར་བྱེད་པ་གཉིས་མགོ་མཉམ་དུ་སྐྱེས་པས་ཀྱང་། འགྲོ་བར་བྱེད་པས་འདུ་བྱེད་ཡུལ་གཞན་དུ་སྦོད་པར་མི་ནུས་ཏེ། དཔེར་ན་གླང་གི་རྭ་གཡས་
གཡོན་གཉིས་མགོ་མཉམ་དུ་སྐྱེས་པ་གང་གིས་ཀྱང་གང་སྐྱེད་པའི་རྒྱུ་མ་བྱས་པ་དང་འདྲ་བར་འདུ་བྱེད་དང་། འགྲོ་བར་བྱེད་པ་གཉི་ག་མགོ་མཉམ་དུ་ཡུལ་གཞན་དུ་ཕྱིན་ན། འགྲོ་བར་བྱེད་པ་གཉི་ག་འདུ་བྱེད་ཅུང་ཟད་ཀྱང་ཡུལ་གཞན་དུ་སྤོས་པ་མེད་དོ། །བྱེད་པ་ནི་ཡུལ་དེ་
དང་གཞན་དུ་གནས་པའི་འདུ་བྱེད་ལས་ཀུན་ལ་ཡང་མི་དམིགས་ཏེ་ཞེས་བྱ་བ་ལ། འདུ་བྱེད་རྣམས་སྐད་ཅིག་མའི་ངང་གིས་སྐྱེ་ཞིང་འགགས་ནས་སྐད་ཅིག་མ་ཕྱི་མ་ལ་ཡུལ་གཞན་དུ་ཕྱིན་པ་ལ་མ་གཏོགས་པར་འགྲོ་བར་བྱེད་པ་ཞེས་བྱ་བ་རྫས་གཞན་ནི་གང་ཡང་མེད་དོ་ཞེས་བྱ་
བའི་དོན་ཏོ། །དོན་དེ་ཉིད་བསྟན་པའི་ཕྱིར། དེ་བས་ན་འདུ་བྱེད་རྣམས་ཡུལ་གཞན་དུ་སྐྱེ་བ་ལས་འགྲོ་བ་གཞན་མེད་དོ་ཞེས་སྨོས་ཏེ། གོང་དུ་བཤད་པ་ལྟར་ན་འདུ་བྱེད་རྣམས་སྐད་ཅིག་མའི་ངང་གིས་རྒྱུན་མི་འཆད་པར་ཡུལ་གཞན་དུ་འཕོས་པ་མ་གཏོགས་པའི་འགྲོ་བར་བྱེད་པ་
ཞེས་བྱ་བའི་རྫས་གཞན་ནི་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚིག་དེ་དག་གི་མཇུག་བསྡུ་བའི་ཕྱིར། དེ་མེད་པའི་ཕྱིར་སྐད་ཅིག་མར་གྲུབ་བོ་ཞེས་སྨོས་ཏེ། དེ་ལྟར་འདུ་བྱེད་རྣམས་ཡུལ་གཞན་དུ་ཕྱིན་པར་བྱེད་པའི་འགྲོ་བར་བྱེད་པ་གཞན་གང་ཡང་མེད་པས་ན། འདུ་བྱེད་
རྣམས་སྐད་ཅིག་མར་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བའི་མཚན་ཉིད་འགྲོ་བ་ལ་ནི་རྒྱུ་མང་པོ་རིག་པར་བྱ་སྟེ་ཞེས་བྱ་བ་ལ། སྐད་ཅིག་མ་སྔ་མ་འཇིག་ཕྱི་མ་སྐྱེས་པའི་ཚུལ་དུ་འདུ་བྱེད་རྣམས་ཡུལ་གཞན་དུ་ཕྱིན་པར་བྱེད་པ་ལ། རྒྱུ་མང་པོས་ཡུལ་
གཞན་དུ་ཕྱིན་པར་བྱེད་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་དབང་གིས་འགྲོ་བ་ཡང་ཡོད་དོ་ཞེས་བྱ་བ་ལ། སེམས་ཀྱི་རྒྱུ་བྱས་ནས་འདུ་བྱེད་རྣམས་ཡུལ་གཞན་དུ་ཕྱིན་པ་ལ་ཡོད་དེ། དཔེར་ན་འཆག་པ་བསམས་པའི་སེམས་ཀྱི་དབང་གིས་ལུས་ལ་སོགས་པའི་སྐད་ཅིག་
เล่ม ๑๒๖ · หน้า 154a
མའི་རྒྱུན་གྱིས་གོམ་པ་བོར་ནས་ཡུལ་གཞན་དུ་ཕྱིན་པའོ། །སྔོན་གྱི་ལས་ཀྱིས་འཕངས་པ་ཡང་ཡོད་དོ་ཞེས་བྱ་བ་ལ། སྔོན་གྱི་ལས་ཀྱི་རྒྱུའི་ཤུགས་ཀྱིས་འདུ་བྱེད་རྣམས་ཡུལ་གཞན་དུ་ཕྱིན་པ་ཡོད་དེ། དཔེར་ན་སྲིད་པ་བར་མ་དོའི་སེམས་ཅན་ལྟ་བུ་
སྔོན་གྱི་ལས་ཀྱི་དབང་གིས་མའི་མངལ་དུ་འཕོ་བའོ། །འཕེན་པའི་དབང་གིས་འགྲོ་བ་ཡང་ཡོད་དེ་ཞེས་བྱ་བ་ལ། འཕེན་པས་རྒྱུ་བྱས་ནས་འདུ་བྱེད་རྣམས་ཡུལ་གཞན་དུ་ཕྱིན་པ་ཡང་ཡོད་དེ། དཔེར་ན་མདའ་འཕེན་པའི་མིའི་དབང་གིས་མདའ་ཡུལ་གཞན་དུ་ཕྱིན་པ་ལྟ་བུའོ། །
འབྲེལ་པའི་དབང་གིས་འགྲོ་བ་ཡང་ཡོད་དེ་ཞེས་བྱ་བ་ལ། ཁ་ཅིག་འབྲེལ་པའི་དབང་གིས་རྒྱུ་བྱས་ནས་འདུ་བྱེད་ཡུལ་གཞན་དུ་ཕྱིན་པ་ཡང་ཡོད་དེ། དཔེར་ན་རྟ་ལ་མི་ཞོན་ཏེ་རྟ་དང་མིར་འབྲེལ་པ་ཡུལ་གཞན་དུ་ཕྱིན་ན་མིའང་ཡུལ་གཞན་དུ་ཕྱིན་པ་དང་། ཆུ་དང་གཟིངས་སུ་འབྲེལ་པས་
ཆུ་གང་དུ་ཕྱིན་པར་གཟིངས་ཀྱིས་ཀྱང་ཕྱིན་པ་ལྟ་བུའོ། །བསྐྱོད་པའི་དབང་གིས་འགྲོ་བ་ཡང་ཡོད་དེ་ཞེས་བྱ་བ་ལ། བསྐྱོད་པས་རྒྱུ་བྱས་ནས་འདུ་བྱེད་ཡུལ་གཞན་དུ་ཕྱིན་པའང་ཡོད་དེ། དཔེར་ན་རླུང་གིས་བསྐྱོད་ནས་རླུང་གི་དབང་གིས་རྩྭ་དང་འདབ་མ་ལ་སོགས་པ་ཡུལ་གཞན་དུ་ཕྱིན་པ་ལྟ་
བུའོ། །རང་བཞིན་གྱི་དབང་གིས་འགྲོ་བ་ཡང་ཡོད་དེ་ཞེས་བྱ་བ་ལ། རང་བཞིན་གྱིས་རྒྱུ་བྱས་ནས་འདུ་བྱེད་རྣམས་ཡུལ་གཞན་དུ་ཕྱིན་པའང་ཡོད་དེ། དཔེར་ན་རླུང་ཐད་ཀར་འགྲོ་བའི་རང་བཞིན་ཡིན་པས་འདི་ལངས་པའི་རླུང་ཡུལ་གཞན་དུ་ཕྱིན་པར་སྣང་བ་དང་། མེ་གྱེན་དུ་
འབར་བའི་རང་བཞིན་ཡིན་པས་ནམ་མཁའི་ཕྱོགས་མཐོན་པོ་དག་ཏུ་མེ་ལྕེ་འབར་བས་ཕྱིན་པར་སྣང་བ་དང་། ཆུ་ཐུར་དུ་འབབ་པའི་རང་བཞིན་ཡིན་པས་གཤོང་ལ་སོགས་པ་ཐུར་དུ་བབ་ནས་ཡུལ་གཞན་དུ་ཕྱིན་པ་ལྟ་བུའོ། །མཐུས་འགྲོ་བ་ཡང་ཡོད་དོ་ཞེས་བྱ་བ་ལ། འདུ་བྱེད་ཁ་
ཅིག་ནི་མཐུས་རྒྱུ་བྱས་ནས་ཡུལ་གཞན་དུ་ཕྱིན་པ་ཡང་ཡོད་དེ། དཔེར་ན་སྔགས་པ་དག་སྔགས་ཀྱི་མཐུས་ཡུལ་གཅིག་ནས་གཅིག་ཏུ་ཕྱིན་པར་བྱེད་པ་དང་། སྨན་འཐུངས་པའམ། ལུས་ལ་བསྐུས་པའི་མཐུས་སེམས་ཅན་རྣམས་ཡུལ་གཞན་དུ་ཕྱིན་པ་དང་། རྡོ་ཁབ་ལེན་
เล่ม ๑๒๖ · หน้า 154b
གྱི་མཐུས་ལྕགས་འགུལ་ཞིང་གྱེན་དུ་འབྱུང་བ་དང་ཐད་ཀར་འགྲོ་བར་བྱེད་པ་དང་། རྫུ་འཕྲུལ་ཐོབ་པའི་སེམས་ཅན་དག་ལ་རྫུ་འཕྲུལ་གྱི་མཐུས་ཡུལ་གཞན་ནས་གཞན་དུ་ཕྱིན་པའོ། །ས་བོན་ཅན་དང་། ས་བོན་མེད་པའི་དངོས་པོ་སྐྱེ་བས་སྐད་ཅིག་མར་རིག་པར་བྱ་སྟེ་ཞེས་བྱ་བ་ལ།
སྔོན་ཉོན་མོངས་པའི་ས་བོན་དང་བཅས་པར་གནས་པ་ལས་འཕགས་པའི་ལམ་བསྒོམས་པའི་མཐུས་ཕྱིས་ཉོན་མོངས་པ་མེད་པའི་དངོས་པོར་སྐྱེས་ཏེ། དེ་བས་ན་སྐད་ཅིག་མར་རིག་པར་བྱའོ། །ཚད་མ་གང་གིས་དེ་སྐད་ཅིག་མར་རིག་པར་བྱ་ཞེ་ན། དེའི་ཕྱིར་གནས་པ་ལ་མི་རུང་
བ་དང་། ཐ་མལ་མི་སྲིད་པའི་ཕྱིར་རོ་ཞེས་སྨོས་ཏེ། དངོས་པོ་རྣམས་སྐད་ཅིག་མ་མ་ཡིན་ཏེ། རྟག་པའི་རང་བཞིན་དུ་གནས་པ་ལ་ནི་སྔོན་ས་བོན་ཅན་ལས་ཕྱིས་ས་བོན་མེད་པར་འགྱུར་བར་ཡང་མི་རུང་སྟེ། རྟག་ཏུ་ས་བོན་དང་བཅས་པར་འགྱུར་རོ། །དེ་ལྟར་རྟག་པར་ས་བོན་དང་
བཅས་པར་གྱུར་ན་ནི་འཕགས་པ་དགྲ་བཅོམ་པའི་ཕུང་པོ་ལྟ་བུ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པས་ས་བོན་མེད་པའི་རང་བཞིན་དང་། ཕུང་པོ་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པའི་ཕུང་པོ་ཐ་མ་ཞེས་བྱ་བ་ཡང་ཡོད་མི་
སྲིད་པར་འགྱུར་རོ། །དོན་དེ་ཉིད་ཞིབ་ཏུ་བསྟན་པའི་ཕྱིར། ས་བོན་དང་ས་བོན་མེད་པའི་དངོས་པོར་སྐྱེ་བ་སྐད་ཅིག་མ་ནི་གནས་པར་མི་རུང་བའི་ཕྱིར་ཏེ་ཞེས་སྨོས་ཏེ། སྔར་ས་བོན་དང་བཅས་པར་གནས་པ་ལས་དེ་འགགས་ནས་ཕྱིས་ཀྱང་ཉོན་མོངས་པའི་ས་བོན་དང་བཅས་པའི་
སེམས་གཞན་དུ་འབྱུང་བ་དང་། སྔར་ས་བོན་དང་བཅས་པར་གནས་པ་ལས་སྐད་ཅིག་མ་དེ་འགགས་ནས་ཕྱིས་ས་བོན་མེད་པའི་དངོས་པོ་སྐད་ཅིག་མ་སྐྱེ་བ་ཡང་སྐད་ཅིག་མ་མ་ཡིན་པ་རྟག་པར་གནས་པའི་དངོས་པོ་ལ་ནི་དེ་ལྟ་བུ་འབྱུང་བར་མི་རུང་ངོ་། །དེ་ལ་རྟག་པའི་དངོས་པོ་ལ་ནི་ས་བོན་
དང་བཅས་པའི་སེམས་སྔ་མ་འགགས་ནས། ས་བོན་དང་བཅས་པའི་སེམས་ཕྱི་མ་སྐྱེ་བ་མི་རིགས་པར་བསྟན་པའི་ཕྱིར། སྐད་ཅིག་མ་རེ་རེ་ལ་རྒྱུ་འགྱུར་བ་མེད་པར་དེ་བཞིན་དུ་གནས་པ་ལ་ནི་དུས་གཞན་གྱི་ཚེ་ས་བོན་གྱི་དངོས་པོར་མི་རུང་ངོ་ཞེས་སྨོས་ཏེ། འདི་ལྟར་ས་བོན་དང་
เล่ม ๑๒๖ · หน้า 155a
བཅས་པ་ལས་ས་བོན་དང་བཅས་པར་འབྱུང་བ་ཡང་། ས་བོན་དང་བཅས་པའི་སྐད་ཅིག་མ་སྔ་མ་འགགས་པས་རྒྱུ་བྱས་ནས་ས་བོན་དང་བཅས་པ་སྐད་ཅིག་མ་ཕྱི་མ་སྐྱེ་བ་ཡིན་ན། རྟག་པའི་དངོས་པོ་དེ་བཞིན་དུ་མི་འགྱུར་བར་གནས་པ་རྣམས་ལ་ནི་
སྐད་ཅིག་མ་སྔ་མ་སྔ་མ་ནི་རྒྱུ། ཕྱི་མ་ཕྱི་མ་ནི་འབྲས་བུ་ལྟ་བུར་འབྱུང་བ་མེད་དེ། དེ་ལྟར་མ་བྱུང་ན་ས་བོན་དང་བཅས་པའི་སྐད་ཅིག་མ་སྔ་མ་འགགས་ནས་ཕྱི་མ་ས་བོན་དང་བཅས་པའི་སྐད་ཅིག་མ་གཞན་སྐྱེས་བྱར་ཡང་མི་རུང་སྟེ། རྟག་ཏུ་ཡང་རང་བཞིན་གཅིག་པ་འབའ་ཞིག་ཏུ་
གནས་པར་འགྱུར་རོ། །དེ་ཡང་དཔེར་ན་ས་བོན་ལས་མྱུ་གུ་སྐྱེ་བ་སྔར་ས་བོན་འགགས་ནས་ཕྱིས་གདོང་མྱུ་གུ་སྐྱེ་བ་ཡིན་གྱི། ས་བོན་མ་འགགས་པ་ནི་ནམ་ཡང་མྱུ་གུ་མི་སྐྱེ་བ་བཞིན་ནོ། །རྟག་པའི་དངོས་པོ་རྣམས་ལ་སྔར་ས་བོན་ཡོད་པར་གནས་པ་ལས་ཕྱིས་ས་བོན་མེད་པའི་
དངོས་པོར་འགྱུང་བར་མི་སྲིད་པར་བསྟན་པའི་ཕྱིར། སྐད་ཅིག་མ་ཐ་མ་ལ་ས་བོན་མེད་པ་ཡང་མི་རུང་སྟེ་ཞེས་སྨོས་ཏེ། གལ་ཏེ་དངོས་པོ་རྟག་པ་ཡིན་ཏེ། མི་འཇིགས་པར་རྟག་ཏུ་དེ་གཞན་དུ་གནས་ན་ནི་སྔར་ས་བོན་དང་བཅས་པ་ལས་དགྲ་བཅོམ་པ་ཐོབ་པའི་དུས་ཀྱི་སྐད་ཅིག་མ་
ཐ་མ་ལ་ས་བོན་མེད་པའི་དངོས་པོར་མི་འགྱུར་བར་མི་རུང་སྟེ། རྟག་པ་ལ་ནི་ས་བོན་དང་བཅས་པ་དང་ས་བོན་མེད་པ་རྣམ་པ་གཉིས་སུ་འགྱུར་མི་སྲིད་དོ། །རྟག་པ་ལ་སྔར་ས་བོན་དང་བཅས་པ་ལས་ཕྱིས་ས་བོན་མེད་པའི་མཚན་ཉིད་དུ་ཅིའི་ཕྱིར་འགྱུར་མི་སྲིད་པ་བསྟན་པའི་ཕྱིར།
སྔོན་ས་བོན་དང་བཅས་པ་ལ་སྐད་ཅིག་མ་ཐ་མ་ལ་ས་བོན་མེད་པར་ཁས་བླང་དུ་མི་རུང་ངོ་ཞེས་སྨོས་ཏེ། ས་བོན་ནི་ས་བོན་དང་བཅས་པའི་སྐད་ཅིག་མ་འགགས་ནས་སྐད་ཅིག་མ་ཐ་མ་ལ་ས་བོན་མེད་པའི་སྐད་ཅིག་མ་སྐྱེ་བ་ཡིན་ན། རྟག་པ་ལ་ནི་སྔར་ས་བོན་ནས་ཕྱི་མ་གཞན་སྐྱེ་བ་མེད་
པས་སོ་སོའི་སྐྱེ་བོའི་དུས་ན་ནི་སེམས་དང་སེམས་ལས་བྱུང་བ་ས་བོན་དང་བཅས་པར་གནས་པ་ལས། ཐ་མ་དགྲ་བཅོམ་པའི་ཕུང་པོའི་དུས་ན་ནི་ས་བོན་མེད་པར་འགྱུར་རོ་ཞེས་ཁས་བླང་བར་མི་ནུས་སོ། །དེ་མེད་ན་ཐ་མ་ཡང་མི་སྲིད་དེ་འདི་ལྟར་ཐ་མ་ཉིད་ཀྱང་མི་འབྱུང་ངོ་ཞེས་བྱ་བ་
เล่ม ๑๒๖ · หน้า 155b
ལ། གལ་ཏེ་ས་བོན་དང་བཅས་པའི་སྐད་ཅིག་མ་ནི་འགགས། ཕྱིས་ས་བོན་མེད་པའི་སྐད་ཅིག་མ་སྐྱེས་པ་ནི་མ་ཡིན་གྱི། དུས་ཐམས་ཅད་དུ་རྟག་པར་གནས་ན་ནི། རྟག་ཏུ་ཡང་ས་བོན་དང་བཅས་པའི་དངོས་པོར་གནས་ཀྱི་ས་བོན་མེད་པར་འགྱུར་བར་ནི་ཕྱིས་ཀྱང་མེད་པར་འགྱུར་
ཏེ། ས་བོན་མེད་པའི་དངོས་པོ་ཕྱིས་མེད་པར་གྱུར་པས་ན། དགྲ་བཅོམ་པའི་ཕུང་པོ་ཐ་མ་ཞེས་བྱ་བ་ཡང་ཡོད་མི་སྲིད་པར་འགྱུར་རོ། །དེ་ལྟར་ཕུང་པོ་ཐ་མ་མི་སྲིད་པར་གྱུར་ན། དགྲ་བཅོམ་པའི་ཕུང་པོ་ཐ་མ་འབྱུང་ངོ་ཞེས་བྱ་བ་ཡང་མི་འབྱུང་བར་གྱུར་པས་དགྲ་བཅོམ་པ་ལ་སོགས་
པ་ཡང་མེད་པར་འགྱུར་རོ། །གཟུགས་བརྙན་སྐྱེ་བ་ལ་སྐད་ཅིག་མ་ནི་སེམས་ཀྱི་རྗེས་སུ་འབྲང་བ་ལས་རིག་པར་བྱ་སྟེ་ཞེས་བྱ་བ་ལ། རྣམ་པར་ཐར་པ་བརྒྱད་བསྒོམ་པ་དག་སེམས་ལས་ཐམས་ཅད་སྔོན་པོར་སྣང་བ་དང་། ཐམས་ཅད་སེར་པོར་སྣང་བ་ལ་སོགས་པའི་གཟུགས་
བརྙན་འབྱུང་བ་ཡང་སེམས་ཀྱི་དབང་གིས་འབྱུང་བས་ན་སྐད་ཅིག་མར་རིག་པར་བྱའོ། །དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། སྐད་ཅིག་མ་རེ་རེ་ལ་ཡང་སེམས་ཀྱི་དབང་གིས་དེ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་མ་རེ་རེ་ལ་སེར་པོ་དང་སྔོན་པོ་ལ་སོགས་པ་གཟུགས་
བརྙན་སྣང་བ་ཡང་རྣལ་འབྱོར་པའི་སེམས་ཀྱིས་ཇི་ལྟ་ཇི་ལྟར་བསམས་པ་དེ་ལྟ་དེ་ལྟར་སྣང་སྟེ། སེམས་ཀྱི་དབང་གིས་སྣང་ལ་སེམས་ཀྱང་སྐད་ཅིག་མ་ཡིན་པས་ན་སེམས་ལས་སྐྱེས་པའི་སྔོན་པོ་ལ་སོགས་པའི་གཟུགས་བརྙན་ཡང་སྐད་ཅིག་མར་རིག་པར་བྱ་སྟེ། རྒྱུ་སྐད་ཅིག་མ་
ཡིན་པ་ལས་འབྲས་བུ་སྐད་ཅིག་མ་ཡིན་པར་འབྱུང་བ་མི་སྲིད་པ་ནི་གོང་དུ་སུན་ཕྱུང་བ་བཞིན་ནོ། །དེ་ལྟར་ཚིགས་སུ་བཅད་པ་ལྔས་ནང་གི་འདུ་བྱེད་རྣམས་སྐད་ཅིག་མར་བསྒྲུབས་ནས། ད་ནི་ཚིགས་སུ་བཅད་པ་གསུམ་ཞིག་ཕྱིའི་འདུ་བྱེད་རྣམས་སྐད་ཅིག་མར་བསྒྲུབ་བོ། །འབྱུང་བ་
རྣམས་དང་དོན་དྲུག་ལ། །སྐད་ཅིག་མར་ནི་བརྗོད་པར་བྱ། །ཞེས་བྱ་བ་ལ། ཕྱིའི་འདུ་བྱེད་འདི་དག་སྟེ། ས་དང་ཆུ་དང་མེ་དང་རླུང་སྟེ། འབྱུང་བ་ཆེན་པོ་དང་། ཁ་དོག་དང་དྲི་དང་རོ་དང་རེག་དང་སྒྲ་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་སོ། །དེ་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ནི་རྣམ་
เล่ม ๑๒๖ · หน้า 156a
པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ། དེ་རྣམས་སྐད་ཅིག་མར་བརྗོད་དོ། །སྐམ་དང་སྐྱེ་དང་ཞེས་བྱ་བ་ལ། འབྱུང་བ་ཆེན་པོ་བཞི་ལས་ཆུའི་ཁམས་ནི་སྐམ་པ་དང་། སྐྱེ་བའི་གཏན་ཚིགས་ཀྱིས་སྐད་ཅིག་མར་བརྗོད་དོ། །རང་བཞིན་གྱིས། གཡོ་
ཞིང་སྐྱེ་དང་འབྲི་བའི་ཕྱིར། །ཞེས་བྱ་བ་ལ། རླུང་གི་ཁམས་ནི་རང་བཞིན་གྱིས་གཡོ་བ་དང་སྐྱེ་ཞིང་འབྲི་བའི་གཏན་ཚིགས་ཀྱིས་སྐད་ཅིག་མར་བརྗོད་དོ། །ས་ནི་དེ་ལས་འབྱུང་བ་དང་། །ཞེས་བྱ་བ་ལ་སའི་ཁམས་ནི་ཆུ་དང་རླུང་ལས་འབྱུང་བའི་གཏན་ཚིགས་ཉིད་ཀྱིས་སྐད་ཅིག་མར་
བརྗོད་དོ། །ཁ་དོག་དང་དྲི་རོ་རེག་པ་ཡང་མཚུངས་པས་དེ་ཡང་དེ་བཞིན་ནོ་ཞེས་བྱ་བ་ལ། དོན་དྲུག་ལས་ཁ་དོག་དང་དྲི་དང་རོ་དང་རེག་པ་བཞི་ནི། ཆུ་དང་ས་དང་རླུང་ལ་བརྟེན་ཏེ། དེ་དག་དང་རང་བཞིན་གཅིག་པས་ན་ས་དང་ཆུ་དང་རླུང་གི་སྐབས་སྐམ་པ་དང་སྐྱེ་བ་ལ་སོགས་པའི་
གཏན་ཚིགས་ཉིད་ཀྱིས་སྐད་ཅིག་མར་བརྗོད་དོ། །འབྱུང་བ་ཤིང་ལ་རག་ལུས་ཤིང་། །ཞེས་བྱ་བ་ལ། མེའི་ཁམས་སྐད་ཅིག་མར་འབྱུང་བ་ཡང་ཤིང་ལ་རག་ལུས་པའི་གཏན་ཚིགས་ཀྱིས་སྐད་ཅིག་མར་བརྗོད་དོ། །ཇེ་ཆེ་ཇེ་ཆེར་དམིགས་པའི་ཕྱིར། །ཞེས་བྱ་བ་ལ། སྒྲ་ནི་
ཇེ་ཆེ་ཇེ་ཆེར་དམིགས་པའི་གཏན་ཚིགས་ཀྱིས་སྐད་ཅིག་མར་བརྗོད་དོ། །སེམས་ཀྱི་རྗེས་འབྲང་ཞེས་བྱ་བ་ལ། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་སེམས་ཀྱི་རྗེས་སུ་འབྲང་བའི་གཏན་ཚིགས་ཀྱིས་སྐད་ཅིག་མར་རིག་པར་བྱའོ། །འདྲི་
བ་ལ། ཕྱི་རོལ་རྣམས་ཀྱང་སྐད་ཅིག་མ། །ཞེས་བྱ་བ་ལ། སྐད་ཅིག་མར་མི་འདོད་པ་རྣམས་ལ་འདྲི་བའི་གཏན་ཚིགས་ཀྱིས་འབྱུང་བ་ཆེན་པོ་བཞི་དང་། དོན་དྲུག་པོ་ཐམས་ཅད་སྐད་ཅིག་མར་རིག་པར་བྱའོ། །ཇི་ལྟར་བརྗོད་ཅེ་ན་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་དང་།
དོན་དྲུག་པོ་རྣམས་གཏན་ཚིགས་དང་ཚད་མ་གང་གི་སྐད་ཅིག་མར་བརྗོད་ཅེས་བྱ་བའི་དོན་ཏོ། །ཆུ་ནི་སྐམ་ཞིང་སྐྱེ་སྟེ་ཞེས་བྱ་བ་ལ། ཆུའི་ཁམས་ནི་སྐམ་པ་དང་སྐྱེ་བའི་གཏན་ཚིགས་ཀྱིས་སྐད་ཅིག་མར་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བསྟན་པའི་ཕྱིར། ལྟེང་ཀ་དང་།
เล่ม ๑๒๖ · หน้า 156b
མཚོ་དང་རྫིང་བུ་ལ་སོགས་པའི་ཆུ་བགས་ཀྱིས་སྐྱེ་བ་དང་སྐམ་པར་དམིགས་ཏེ་ཞེས་སྨོས་ཏེ། ལྟེང་ཀ་དང་མཚོ་ལ་སོགས་པ་དབྱར་ལྟ་བུ་ཆར་ཆུ་ཆེ་བའི་དུས་ན་ནི་ཆར་ཞག་དུ་མའི་སྔ་རོལ་ནས་བབ་ལ། ཆུ་ཉིད་གཅིག་གིས་ལྷུག་ཅེས་ཆེན་པོར་སྣང་བར་མི་འགྱུར་གྱི། སྐད་ཅིག་མ་
རེ་རེ་ཁད་ཀྱིས་ཇེ་ཆེ་ཇེ་ཆེར་སྣང་བ་དང་། དགུན་དཔྱིད་ལ་སོགས་པ་ཆར་ཆུང་ཞིང་ཉི་མ་ཚ་བ་ལ་སོགས་པའི་དུས་ན་ཡང་ཉིན་གཅིག་ཏུ་ལྷུག་ཅེས་མི་སྐམ་གྱི་སྐད་ཅིག་མ་རེ་རེ་ཁད་ཀྱིས་ཇེ་ཆུང་ཇེ་ཆུང་དུ་སྐམ་ཞིང་འབྲི་བས་ན་ཆུ་སྐད་ཅིག་མ་ཡིན་པར་མངོན་ནོ། །སྐད་ཅིག་མ་རེ་རེ་མི་
འབྱུང་བ་མེད་ན་ཕྱིས་བྱེ་བྲག་ཏུ་འགྱུར་བའི་རྒྱུ་མེད་པའི་ཕྱིར་ཏེ་གཉི་ག་ཡང་མི་རུང་ངོ་ཞེས་བྱ་བ་ལ། གལ་ཏེ་ཆུ་འདི་རྟག་པ་ཞིག་སྟེ། སྐད་ཅིག་མ་རེ་རེ་ལ་སྔ་མ་ནི་འགགས་ནས་ཕྱི་མ་ནི་ཇེ་ཆེ་ཇེ་ཆེར་འགྱུར་བ་མེད་པ་དང་། འབྲི་བའི་དུས་ན་ཡང་ཁད་ཀྱིས་ཇེ་ཆུང་ཇེ་ཆུང་དུ་
འགྱུར་བ་མེད་ན་ནི་དུས་གཅིག་ཏུ་ཆེར་སྣང་བའི་རྒྱུ་ཡང་མེད་ལ། དུས་གཅིག་ཏུ་ཆུང་ངུ་སྣང་བའི་རྒྱུ་ཡང་མེད་པས་རྟག་པ་ཞིག་ན་ནི་ཡང་ན་རྟག་པར་ཆེན་པོ་འབའ་ཞིག་ཏུ་སྣང་བར་འགྱུར། ཡང་ན་རྟག་པར་ཆུང་ངུ་འབའ་ཞིག་ཏུ་སྣང་བར་འགྱུར་གྱི། བར་འགའ་ཇེ་ཆེར་སྣང་
བ་དང་བར་འགའ་ཇེ་ཆུང་ཇེ་ཆུང་དུ་སྣང་བ་གཉིས་འབྱུང་དུ་མི་རུང་ངོ་། །རླུང་ཡང་རང་བཞིན་གྱིས་གཡོ་བ་དང་སྐྱེ་བ་དང་འབྲི་བའི་ཕྱིར་ཏེ་ཞེས་བྱ་བ་ལ། རླུང་ཡང་སྐད་ཅིག་མར་བརྗོད་པ་ནི་རང་བཞིན་གྱིས་གཡོ་བའི་གཏན་ཚིགས་དང་། སྐྱེ་བའི་གཏན་ཚིགས་དང་། འབྲི་བའི་
གཏན་ཚིགས་ཀྱིས་སྐད་ཅིག་མར་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་དོན་རྒྱས་པར་བསྟན་པའི་ཕྱིར། གནས་པ་ལ་ནི་གཡོ་བ་མེད་པར་འགྱུར་ཏེ། འགྲོ་བ་མེད་པ་དེ་ནི་བསྒྲུབས་ཟིན་ཏོ་ཞེས་བྱ་བ་ལ། སྐད་ཅིག་མ་ནི་མ་ཡིན་གྱི། རྟག་པའི་མཚན་ཉིད་དུ་གནས་པའི་
དངོས་པོ་ལ་ནི་གནས་གཅིག་ནས་གཅིག་ཏུ་ཕྱིན་པར་བྱེད་པའི་རང་བཞིན་མེད་དེ། རྟག་པ་ལ་འགྲོ་བ་མེད་པར་ནི་སྔར་བསྒྲུབས་ཟིན་ཏེ། ཇི་ལྟར་བསྒྲུབས་ཤེ་ན། དངོས་པོ་རྣམས་སྐད་ཅིག་མའི་ངང་གིས་ཡུལ་གཞན་དུ་ཕྱིན་པ་ལ་མ་གཏོགས་པར་དངོས་པོ་ཡུལ་གཅིག་ནས་
เล่ม ๑๒๖ · หน้า 157a
གཅིག་ཏུ་ཕྱིན་པར་བྱེད་པ་ནི་གང་ཡང་མེད་དོ་ཞེས་བསྒྲུབས་ཟིན་ཏོ། །རླུང་ནི་དེ་ལྟ་མ་ཡིན་གྱི། ཤར་གྱི་ཕྱོགས་ལ་སོགས་པ་ནས་ལངས་ནས་ནུབ་ལ་སོགས་པའི་ཕྱོགས་སུ་ཕྱིན་པར་འགྲོ་བས་ན་སྐད་ཅིག་མར་རིག་པར་བྱའོ། །དེ་བཞིན་དུ་གནས་པའི་
ཕྱིར་སྐྱེ་བ་དང་འབྲི་བ་མེད་དོ་ཞེས་བྱ་བ་ལ། རྟག་པའི་དངོས་པོ་ནི་དུས་ཐམས་ཅད་དུ་ཡང་སྐྱེ་བ་དང་འབྲི་བ་མེད་པར་གནས་པའི་ཕྱིར་བར་འགའ་སྐྱེ། བར་འགའ་འབྲི་བར་མི་འགྱུར། དེ་ལྟ་ན་ནི་མ་ཡིན་གྱི་རླུང་འདི་དང་པོ་ཆུང་ངུར་ལངས་པ་ལས་ཕྱིས་ཇེ་ཆེ་ཇེ་ཆེར་ལྡང་བ་དང་། དང་
པོར་ཆེན་པོར་ལངས་པ་ལས་ཕྱིས་ཇེ་ཆུང་ཇེ་ཆུང་དུ་འགྱུར་བས་ན་སྐད་ཅིག་མར་རིག་པར་བྱའོ། །ས་ནི་དེ་ལས་སྐྱེས་པ་དང་། འགྱུར་བ་བཞིའི་ཕྱིར་ཏེ་ཞེས་བྱ་བ་ལ། ས་སྐད་ཅིག་མར་བརྗོད་པ་ཡང་དེ་ལས་སྐྱེས་པའི་གཏན་ཚིགས་དང་། འགྱུར་བ་བཞིའི་གཏན་ཚིགས་ཀྱིས་
སྐད་ཅིག་མར་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལས་སྐྱེས་ཞེས་བྱ་བའི་སྒྲ་གང་ལ་བྱ་བར་བསྟན་པའི་ཕྱིར། དེ་ཞེས་བྱ་བ་ནི་ཆུ་དང་རླུང་གཉིས་ལ་བྱའོ་ཞེས་སྨོས་ཏེ། དེ་ཞེས་བྱ་བའི་སྒྲ་ཆུ་དང་རླུང་གཉིས་ལ་བྱ་སྟེ། ཆུ་དང་རླུང་གཉིས་ལས་ས་སྐྱེས་པས་ན་སྐད་ཅིག་མར་རིག་པར་
བྱའོ། །ཆུ་དང་རླུང་གཉིས་ལས་ཇི་ལྟར་ས་སྐྱེས་པ་བསྟན་པའི་ཕྱིར། ཆགས་པ་ནི་ཆུ་དང་རླུང་དུ་བཅས་པ་ལས་འབྱུང་སྟེ། དེའི་ཕྱིར་དེའི་འབྲས་བུའོ་ཞེས་བྱ་བ་སྨོས་ཏེ། དང་པོ་འཇིག་རྟེན་ཆགས་པ་ན་ཐོག་མ་ཉིད་དུ་ལས་ཀྱི་དབང་གིས་ནམ་མཁའ་ལ་རླུང་གི་ཁམས་ཆགས་
སོ། །དེ་ནས་འཁོར་ལོའི་རྒྱུན་ཙམ་གྱི་ཆར་བབ་ནས་ཆུའི་ཁམས་ཆགས་སོ། །དེ་ནས་རླུང་གིས་ཆུ་བསྐྱོད་པས་ཆུའི་དབུ་བ་ལས་རི་རབ་དང་། གླིང་བཞི་ལ་སོགས་པར་འགྱུར་ཏེ། དེ་བས་ན་ས་ནི་ཆུ་དང་རླུང་གི་འབྲས་བུ་ཡིན་ལ། ཆུ་དང་རླུང་ནི་སའི་རྒྱུ་ཡིན་ནོ། །དེའི་
འབྲས་བུ་ཡིན་པས་ན་དེའང་སྐད་ཅིག་མར་རིག་པར་བྱའོ་ཞེས་བྱ་བ་ལས། ཆུ་དང་རླུང་གི་འབྲས་བུ་ཡིན་ལ། ཆུ་དང་རླུང་གཉིས་ནི་སྐད་ཅིག་མ་ཡིན་པར་བསྒྲུབས་པས། དེའི་འབྲས་བུ་ཡང་སྐད་ཅིག་མ་ཡིན་པར་རིག་པར་བྱ་སྟེ། རྒྱུ་སྐད་ཅིག་མ་ཡིན་པ་ལས་འབྲས་
เล่ม ๑๒๖ · หน้า 157b
བུ་སྐད་ཅིག་མ་མ་ཡིན་པར་རྟག་པ་འབྱུང་བར་ནི་མི་སྲིད་པས་གོང་དུ་བསྒྲུབས་ཟིན་ཏོ། །ས་ལ་འགྱུར་བ་རྣམ་པ་བཞི་དམིགས་ཏེ་ཞེས་བྱ་བ་ལས་འདི་ལ་སྔོན་དང་མི་འདྲ་བར་ཁ་དོག་དང་དབྱིབས་ལ་སོགས་པ་གཞན་དང་གཞན་དུ་འགྱུར་བ་རྣམ་པ་བཞི་དམིགས་པས་ན། སྐད་
ཅིག་མར་རིག་པར་བྱའོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་བྱེ་བྲག་གི་ཕྱིར། ལས་ཀྱིས་བྱས་པ་དང་ཞེས་བྱ་བ་ལ། ས་ལ་ལས་ཀྱིས་བྱས་པའི་དབང་གིས་གཞན་དུ་འགྱུར་བ་ཡོད་དེ། འདི་ལྟར་མཐོ་རིས་ལ་སོགས་པའི་གནས་ན་ལྷ་རྣམས་ཀྱི་ལས་དགེ་བའི་དབང་གིས་ས་
གཞི་ཤིང་བལ་བཞིན་དུ་འཇམ་ཞིང་མཉེན་པ་དག་འབྱུང་བ་དང་། སེམས་ཅན་དམྱལ་བ་ལ་སོགས་པའི་གནས་ན་སེམས་ཅན་དམྱལ་བ་ལས་མི་དགེ་བའི་ལས་ཀྱི་བྱེ་བྲག་གི་དབང་གིས་ས་གཞི་ལྕགས་བསྲེགས་པ་རབ་ཏུ་ཚ་བ་དང་བཅས་པ་དང་ངམ་གྲོག་དང་ཚེར་མ་ལ་སོགས་
པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བ་དག་ཀྱང་སྣང་ངོ་། །གཞན་ཡང་ས་གཞི་གཅིག་ལས་སེམས་ཅན་གྱི་རྨོ་བརྐོ་དང་ལག་བྱད་ཀྱིས་མ་ཕྱིན་པའི་དུས་ན་ནི་ལོ་ཏོག་ལ་སོགས་པ་མི་འཁྲུངས་ལ། ས་དེ་ཉིད་ལས་རྨོ་བརྐོ་བ་ལ་སོགས་པ་ལག་བྱད་ཀྱིས་ཕྱིན་པའི་དུས་ན་ལོ་ཏོག་བཟང་
དུ་སྐྱེ་བས་ན་སྐད་ཅིག་མ་སྟེ། འདི་ནི་འགྱུར་བ་རྣམ་པ་གཅིག་གོ། །བསྣུན་པ་ལ་སོགས་པ་དག་གིས་འཇིག་པ་བྱས་པ་དང་ཞེས་བྱ་བ་ལ། ཐོ་བ་དང་འཇོར་ལ་སོགས་པས་བསྣུན་ཅིང་བརྐོ་བའི་དབང་གིས་ཀྱང་ས་གཞན་དུ་འགྱུར་ཏེ། སྔོན་ཁུང་དང་གཤོང་དུ་མི་གནས་པ་ལས་
འཇོར་གྱིས་བརྐོས་པ་དང་། ཁུང་བུ་དང་གཤོང་དུ་འགྱུར་ཏེ། འདི་ནི་འགྱུར་བ་རྣམ་པ་གཉིས་སོ། །མེ་ལ་སོགས་པ་འབྱུང་བས་བྱས་པ་དང་ཞེས་བྱ་བ་ལ། མེ་ལ་སོགས་པ་འབྱུང་བ་ཆེན་པོའི་དབང་གིས་ཀྱང་ས་གཞན་དུ་འགྱུར་ཏེ། མེས་བསྲེགས་ན་ཁ་དོག་སྔོན་པོ་དང་།
དམར་པོར་འགྱུར་བ་དང་། རླུང་གིས་བདས་ནས་མཐོ་བ་ལས་དམའ་བར་འགྱུར་བ་དང་། ཆུར་བཅུག་ན་གཤེར་བ་དང་། ཞིག་པར་འགྱུར་བ་སྟེ། འདི་ནི་འགྱུར་བ་རྣམ་པ་གསུམ་མོ། །དུས་གཞན་དུ་འཕོ་བའི་ཕྱིར་དུས་ཀྱིས་བྱས་པའོ་ཞེས་བྱ་བ་ལ། སའི་དུས་ཀྱིས་
เล่ม ๑๒๖ · หน้า 158a
བྱས་ནས་གཞན་དུ་འགྱུར་བ་ཡོད་དེ། དུས་བཟང་པོའི་ཚེ་ལ་འབྲུ་ལ་སོགས་པ་བཟང་དུ་འཁྲུངས་པའི་གཞི་བྱེད་པ་ལས་དུས་ངན་པའི་ཚེ་ན་འབྲུ་ལ་སོགས་པ་ངན་དུ་འཁྲུངས་པའི་རྒྱུ་བྱེད་པ་དང་། དབྱར་གྱི་ཚེ་ན་རྩྭ་ལ་སོགས་པ་སྔོན་པོ་སྐྱེད་པར་བྱེད་ལ། དགུན་
གྱི་དུས་ན་ནི་སྐྱ་བོར་འགྱུར་ཞིང་འཁྱགས་པ་ལ་སོགས་པའི་རང་བཞིན་དུ་འགྱུར་བ་དང་། ས་ཕྱོགས་ཁ་ཅིག་ན་སྔོན་དགོན་པར་གནས་པ་ལས་ཕྱིས་གྲོང་དང་འགྲོ་བ་ལང་ལོང་དག་ན་གནས་པར་གྱུར་པ་དང་། སྔོན་གྲོང་ན་གནས་པར་གྱུར་པ་ལས། ཕྱིས་དགོན་པར་གྱུར་པ་དག་
སྣང་སྟེ་འདི་ནི་འགྱུར་བ་རྣམ་པ་བཞིའོ། །དེའང་སྐད་ཅིག་མ་རེ་རེ་ལ་འཇུག་པའི་རྒྱུ་མེད་ན་དེ་སྐྱེ་བར་མི་རུང་ངོ་ཞེས་བྱ་བ་ལ། དེ་ལྟར་འགྱུར་བ་རྣམ་པ་བཞི་པོ་དེ་ཡང་སྐད་ཅིག་མ་རེ་རེ་ལ་སྐྱེ་ཞིང་འཇིག་པར་འགྱུར་བ་མེད་དེ། རྟག་པའི་དངོས་པོ་ལ་ནི་གཞན་ནས་གཞན་དུ་འགྱུར་བ་
རྣམ་པ་བཞི་འབྱུང་བར་མི་རུང་སྟེ། དེ་ལྟ་ན་ནི་མ་ཡིན་གྱི། འགྱུར་བ་རྣམ་པ་བཞི་དམིགས་པས་ན། ས་ཡང་སྐད་ཅིག་མ་ཡིན་པ་རིག་པར་བྱའོ། །ཁ་དོག་དང་དྲི་དང་རོ་དང་རེག་པ་རྣམས་ནི་ས་ལ་སོགས་པ་དང་མཚུངས་པའི་ཕྱིར། དེ་བཞིན་དུ་སྐད་ཅིག་མར་རིག་པར་བྱའོ་
ཞེས་བྱ་བ་ལ། ཁ་དོག་དང་དྲི་དང་རོ་དང་རེག་པ་སྟེ། དོན་རྣམ་པ་བཞི་ཡང་ས་དང་ཆུ་དང་མེ་དང་རླུང་དང་རང་བཞིན་གཅིག་ཅིང་རྒྱུར་བྱས་པའི་གཟུགས་དེ་དག་འབྱུང་བ་ཆེན་པོ་བཞི་ལ་བརྟེན་པས་འབྱུང་བ་ཆེན་པོ་བཞི་སྐམ་པ་དང་། སྐྱེ་བ་དང་། རང་བཞིན་གྱིས་གཡོ་བ་
དང་། དེ་ལས་འབྱུང་བ་དང་ཡོངས་སུ་འགྱུར་བ་རྣམ་པ་བཞིའི་གཏན་ཚིགས་ཀྱིས་སྐད་ཅིག་མར་བསྒྲུབས་ཏེ། གྲུབ་ན་དེ་ལ་བརྟེན་པའི་ཁ་དོག་ལ་སོགས་པ་ཡང་སྐད་ཅིག་མར་གྲུབ་པར་རིག་པར་བྱའོ། །དཔེར་ན་ལྷ་སྦྱིན་གྱི་ལུས་བསྲེགས་པ་དང་། ལྷ་སྦྱིན་ལ་བརྟེན་པའི་
ཁ་དོག་དང་དྲི་ལ་སོགས་པ་ཡང་མ་བསྲེགས་པ་མ་ཡིན་ཏེ། བསྲེགས་པ་བཞིན་དུ་མེ་སྐད་ཅིག་མར་བསྒྲུབས་ན་མེ་ལ་ཡོད་པའི་ཁ་དོག་སེར་པོ་དང་དྲི་ལ་སོགས་པ་ཡང་སྐད་ཅིག་མར་མ་བསྒྲུབས་པ་མ་ཡིན་གྱི་སྐད་ཅིག་མར་བསྒྲུབས་པ་ཉིད་དོ། །མེ་ཡང་སྐད་ཅིག་མའི་འབྱུང་བ་
เล่ม ๑๒๖ · หน้า 158b
ཤིང་ལ་རག་ལས་པའི་ཕྱིར་ཏེ་ཞེས་བྱ་བ་ལ། མེ་སྐད་ཅིག་མར་བརྗོད་པ་ཡང་མེ་འབྱུང་བ་ཆེན་པོ་ཤིང་ལ་རག་ལས་ཤིང་འབྱུང་བའི་གཏན་ཚིགས་ཀྱིས་སྐད་ཅིག་མར་བརྗོད་དེ། ཤིང་ལ་ཇི་ལྟར་རག་ལས་ཤེ་ན། ཤིང་ཡོད་ན་ནི་མེ་འབྱུང་། ཤིང་མེད་ན་ནི་མེ་མི་འབྱུང་། ཤིང་
མང་དུ་བཅུག་ན་ནི་མེ་ཆེར་འབར། ཤིང་ཉུང་ངུ་བཅུག་ན་ནི་མེ་ཆུང་ངུ་འབར་བས་ན་སྐད་ཅིག་མར་རིག་པར་བྱའོ། །མེ་ཤིང་ལ་རག་ལས་པས་ན་རག་ལས་པའི་གཏན་ཚིགས་བསྟན་པའི་ཕྱིར། མེ་འབྱུང་ལ་མེ་དང་ལྷན་ཅིག་སྐྱེས་པའི་ཤིང་དེ་བཞིན་དུ་མི་གནས་ཏེ་ཞེས་བྱ་བ་ལ།
ཁ་ཅིག་མེ་སྐད་ཅིག་མར་འདོད་ཀྱང་། ཤིང་སྐད་ཅིག་མར་མི་འདོད་པ་དེ་སུན་འབྱིན་ཏེ། དང་པོ་ཤིང་གིས་མེ་བྱུང་ལ་མེ་དང་ལྷན་ཅིག་ཏུ་འབྲེལ་ཞིང་གནས་པའི་ཤིང་དེ་ཡང་ཇི་ཙམ་ཅི་ཙམ་དུ་མེས་ཤིང་བསྲེགས་ཏེ་མེ་འདས་ཤིང་མི་གནས་ཏེ། ཞིགས་པ་དེ་ཙམ་དུ་ཤིང་ཡང་ཞིགས་ཤིང་མི་
གནས་ཏེ། དེ་བས་ན་མེ་དང་ཤིང་ལྷན་ཅིག་ཏུ་གནས་པ་ཡང་མིན་ལ། མེ་བཞིན་དུ་ཤིང་ཡང་མི་རྟག་པ་ཡིན་ནོ། །གལ་ཏེ་གཞན་དག་འདི་སྐད་དུ་ཤིང་ནི་མི་རྟག་པ་ཡིན་ལ། མེ་ནི་རྟག་པ་ཡིན་ནོ་སྙམ་ན། དེ་ལྟར་མི་རིགས་པར་བསྟན་པའི་ཕྱིར། ཐ་མར་ཤིང་མེད་པར་ཡང་
གནས་པར་མི་རུང་བའི་ཕྱིར། ཤིང་ཚིག་པའི་ཚེ་ནི་གནས་པར་མི་ནུས་སོ་ཞེས་སྨོས་ཏེ། མེས་ཤིང་བསྲེགས་ན་ཤིང་ཟད་དེ་མེད་པར་གྱུར་པ་ན། མཇུག་ཏུ་མེ་ཡང་གནས་པར་མི་ནུས་ཏེ། ཤིང་ཚིག་སྟེ་ཟད་པ་དང་། མེ་ཡང་མི་གནས་ཏེ་མི་སྣང་བར་གྱུར་པས་ན་མེ་སྐད་ཅིག་མར་
གྲུབ་བོ། །གལ་ཏེ་མེ་རྟག་པ་ཞིག་ཡིན་ན་ནི། ཤིང་ཟད་པའི་འོག་ཏུ་ཡང་མེ་སྣང་བར་འགྱུར་བའི་རིགས་སོ། །གཞན་གྱིས་བརྒལ་བ། འབྱུང་བ་ཆེན་པོ་བཞི་རིམ་བཞིན་དུ་སྐད་ཅིག་མར་བསྒྲུབས་ནས། དེ་ནས་གདོད་ཁ་དོག་དང་དྲི་དང་རོ་དང་། རེག་སྐད་ཅིག་མར་བསྒྲུབ་
པའི་རིགས་ན། དེ་ལྟར་ནི་མ་བསྒྲུབས་ཀྱི་ས་དང་ཆུ་དང་རླུང་གསུམ་སྐད་ཅིག་མར་བསྒྲུབས་ནས། དེ་ནས་ཁ་དོག་ལ་སོགས་པའི་དོན་བཞི་ལ་སྐད་ཅིག་མར་བསྒྲུབས་ཏེ། དེའི་འོག་ཏུ་གདོད་མེ་སྐད་ཅིག་མར་བསྒྲུབ་ཅེས་རྒོལ་བ་ལ། ཚིགས་སུ་བཅད་པ་སྦྱར་བ་ལ་བདེ་བར་ཁ་
เล่ม ๑๒๖ · หน้า 159a
དོག་ལ་སོགས་པ་སྔར་བཤད་དེ། མེ་ནི་ཕྱིས་བཤད་དོ་ཞེས་སྨོས་ཏེ། ཚིགས་བཅད་སྦྱར་བ་ལ་མི་བདེ་བས་ཚིགས་བཅད་སྦྱར་བ་བདེ་བར་བྱ་བའི་ཕྱིར། ཁ་དོག་ལ་སོགས་པ་དོན་བཞི་སྔར་སྐད་ཅིག་མར་བསྒྲུབས་ནས། མེ་ཕྱིས་སྐད་ཅིག་མར་
བསྒྲུབས་ཏེ་བཤད་དོ། །ཁ་ཅིག་འདི་སྐད་དུ་སྒྲ་ནི་རྟག་པ་ཡིན་གྱི། མི་རྟག་པ་མ་ཡིན་ཏེ། གལ་ཏེ་སྒྲ་སྐད་ཅིག་མ་རེ་རེ་ལ་འཇིག་ཅིང་སྐྱེ་བ་ཡིན་ན་ནི། དྲིལ་བུ་ལ་སོགས་པའི་སྒྲ་སྐྱེས་མ་ཐག་ཏུ་འགགས་པས་ཕྱིས་སྒྲ་མི་འབྱུང་བའི་རིགས་ན། ཕྱིས་ཀྱང་སྒྲ་འབྱུང་བར་སྣང་བས་སྒྲ་
རྟག་པའོ་ཞེས་ཟེར་བ་ལ། །དེ་ལྟར་མི་རིགས་པར་བསྟན་པའི་ཕྱིར། སྒྲ་དུས་གཞན་དུ་དམིགས་པ་དེ་ཡང་སྐད་ཅིག་མར་རིག་པར་བྱ་སྟེ། ཇེ་ཆུང་ཇེ་ཆུང་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དྲིལ་བུ་ལ་སོགས་པའི་སྒྲ་དུས་གཞན་དུ་འབྱུང་ཞིང་གྲག་པ་ཡང་སྐད་ཅིག་མར་
རིག་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། དྲིལ་བུའི་སྒྲ་དང་པོ་ཆེར་གྲག་པ་ལས། དེའི་འོག་ཏུ་ཆེར་གྲག་པ་འགགས་ནས། དེ་བས་ཆུང་ངུ་གྲག་གོ། །དེ་ནས་དེའང་འགགས་ནས་ཇེ་ཆུང་ཇེ་ཆུང་དུ་གྱུར་པའི་རྗེས་ལ་མི་གྲག་པར་གྱུར་པས་ན་སྐད་ཅིག་མར་གྱུར་པར་རིག་པར་བྱའོ། །སྒྲ་
རྟག་པ་ཡིན་ན་སྐྱོན་ཡོད་པར་བསྟན་པའི་ཕྱིར། སྐད་ཅིག་མ་མེད་དུ་ཟིན་ན་ནི་སྐད་ཅིག་མ་རེ་རེ་ལ་ཇེ་ཆུང་དུ་འགྱུར་བར་དམིགས་པར་མི་འགྱུར་རོ་ཞེས་སྨོས་ཏེ། གལ་ཏེ་དྲིལ་བུ་ལ་སོགས་པའི་སྒྲ་སྐད་ཅིག་མ་མ་ཡིན་ཏེ། རྟག་པ་ཞིག་ཡིན་དུ་ཟིན་ན་ནི། སྒྲ་དེ་ཇེ་ཆུང་ཇེ་ཆུང་དུ་གྱུར་
ནས་མཇུག་ཏུ་མི་གྲག་པར་མི་འགྱུར་གྱི། དུས་ཐམས་ཅད་དུ་གྲག་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཀྱང་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་སྐད་ཅིག་མར་གྲུབ་སྟེ་ཇི་ལྟར་སྔར་བཤད་པ་བཞིན་ཏེ་ཞེས་བྱ་བ་ལ། ཆོས་ཀྱི་སྐྱེ་མཆེད་ནི་རྣམ་
པར་རིག་བྱེད་མ་ཡིན་པའི་གཟུགས་ལ་བྱ་སྟེ། དེའང་སོ་སོར་ཐར་པའི་སྡོམ་པ་དང་བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་རྣམ་པ་གསུམ་མོ། །སྡོམ་པ་དེ་གསུམ་སེམས་ཀྱི་རྗེས་སུ་འབྲང་ཞིང་སེམས་ཀྱི་རྒྱུ་ལས་སྐྱེས་པས་ནི་སེམས་སྐད་ཅིག་ཡིན་པའི་ཕྱིར།
เล่ม ๑๒๖ · หน้า 159b
དེའི་འབྲས་བུར་གྱུར་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་སྐད་ཅིག་མར་འགྱུར་ཏེ། ཆོས་གང་སེམས་ལས་སྐྱེས་པ་དེ་དག་ནི་སྐད་ཅིག་མ་ཡིན་ནོ་ཞེས་སྔར་བསྒྲུབས་ཟིན་ཏོ། །དྲི་བ་ལས་ཀྱང་འདུ་བྱེད་ཐམས་ཅད་སྐད་ཅིག་མར་གྲུབ་སྟེ་ཞེས་བྱ་བ་ལ། མུ་སྟེགས་
པ་དང་འཇིག་རྟེན་པ་དག་འདུ་བྱེད་རྣམས་མི་རྟག་པ་འདི་ནི་འདོད་ཀྱི་སྐད་ཅིག་མར་མི་འདོད་དོ། །ཇི་ལྟར་མི་རྟག་པར་འདོད་ཅེ་ན། ནང་གི་འདུ་བྱེད་རྣམས་ཀྱང་མཇུག་ཏུ་འཆི་བར་སྣང་ལ། བུམ་པ་ལ་སོགས་པ་ཡང་མཇུག་ཏུ་ཆག་པར་སྣང་བས་ན་མི་རྟག་པ་ཡིན་ནོ་ཞེས་ཟེར་རོ། །
དེ་ལྟར་མི་རྟག་པར་འདོད་ལ། སྐད་ཅིག་མར་མི་འདོད་པ་དེ་དག་ལ་ཇི་ལྟར་སྐད་ཅིག་མ་མི་འདོད་པ་དྲིས་ནས་དྲིས་པའི་ལན་མེད་པའི་གཏན་ཚིགས་ཀྱིས་ཀྱང་འདུ་བྱེད་རྣམས་སྐད་ཅིག་མར་གྲུབ་བོ། །ཇི་ལྟར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ་འདུ་བྱེད་མི་རྟག་པར་འདོད་ལ་སྐད་ཅིག་མར་མི་
འདོད་པ་དེ་དག་ལ་ཇི་ལྟར་དྲི་བར་བྱ་ཞེ་ན། དེ་དག་ལ་འདི་སྐད་དུ་དྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁྱོད་མི་རྟག་པར་འདོད་ལ། ཅིའི་ཕྱིར་འདུ་བྱེད་རྣམས་སྐད་ཅིག་མར་མི་འདོད་ཅེས་བྱ་བ་ལ། མི་རྟག་པར་འདོད་ལ་སྐད་ཅིག་མར་མི་འདོད་པ་དེ་དག་ལ་འདི་སྐད་དྲི་བར་བྱ་སྟེ། ཇི་
སྐད་དུ་དྲི་བར་བྱ་ཞེ་ན། ཁྱེད་འདུ་བྱེད་མི་རྟག་པའོ་ཞེས་ཟེར་ཞིང་མི་རྟག་པར་འདོད་ན། འདུ་བྱེད་རྣམས་སྐད་ཅིག་མར་ཅིའི་ཕྱིར་མི་འདོད་ཅེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་དུ་སྐད་ཅིག་མ་རེ་རེ་ལ་མི་རྟག་པར་མི་རིག་གོ་ཞེས་ཟེར་ན་ཞེས་བྱ་བ་ལ། དེ་སྐད་དུ་དྲིས་པ་དང་།
སྐད་ཅིག་མར་མི་འདོད་པ་དེ་དག་འདི་སྐད་དུ་འདུ་བྱེད་རྣམས་མཇུག་ཏུ་འཆི་བ་དང་། བུམ་པ་ལ་སོགས་པ་ཆག་པར་མཐོང་བས་དེའི་ཕྱིར་མི་རྟག་པར་ནི་མི་འདོད་དེ། དེ་བཞིན་དུ་འདུས་བྱས་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་པར་མཐོང་ན་ནི་སྐད་ཅིག་མར་བདག་ཅག་
འདོད་ན། དེ་ལྟར་སྐད་ཅིག་མ་རེ་རེ་ལ་མི་རྟག་ཅིང་འཇིག་པར་མི་རིག་ཅིང་མ་མཐོང་བས་ན་སྐད་ཅིག་མ་མི་འདོད་དོ་ཞེས་ཟེར་རོ། །དེ་ལ་འདི་སྐད་ཅེས་དྲི་བར་བྱའོ་ཞེས་བྱ་བ་ལ། སྐད་ཅིག་མ་རེ་རེ་ལ་འཇིག་པར་མ་མཐོང་བས་ན་སྐད་ཅིག་མར་མི་འདོད་དོ་ཞེས་ཟེར་བ་དེ་ལ་ཡང་
เล่ม ๑๒๖ · หน้า 160a
འདི་སྐད་ཅེས་དྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་དྲི་བར་བྱ་ཞེ་ན། དེའི་ཕྱིར། སྐད་ཅིག་མར་གྲུབ་པའི་མར་མེ་ལ་སོགས་པ་མི་གཡོ་བའི་ཚེ་ན་ཡང་དེ་མི་རིག་ན་ཇི་ལྟར་སྐད་ཅིག་མར་འདོད་ཅེས་སྨོས་ཏེ། གང་དང་གང་སྐད་ཅིག་མར་མི་རིག་པར་
དེ་དང་དེ་སྐད་ཅིག་མར་མི་འདོད་ན་ཞི་མར་མེ་དང་ཆུའི་རྒྱུན་ལ་སོགས་པ་སྐད་ཅིག་མ་ཡིན་པར་ནི་སངས་རྒྱས་དང་མུ་སྟེགས་པ་གཉི་ག་ལ་གྲུབ་སྟེ། དེ་ལྟར་དེ་དག་སྐད་ཅིག་མ་ཡིན་ཡང་མར་མེ་དང་ཆུ་ལ་སོགས་པ་རླུང་གིས་བསྐྱེད་དེ་མི་གཡོ་བའི་དུས་ན་སྐད་ཅིག་མ་ཡིན་པར་
རིག་ན། ཅིའི་ཕྱིར་དེ་དག་ལ་ཡང་སྐད་ཅིག་མ་ཡིན་པར་འདོད་ཅེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་དུ་སྔོན་གྱི་བཞིན་དུ་ཕྱིས་མི་མཐོང་བའི་ཕྱིར་རོ་ཞེས་ཟེར་བ་དེ་ལ་ཡང་འདི་སྐད་ཅེས་དྲི་བར་བྱའོ་ཞེས་བྱ་བ་ལ། དེ་སྐད་དུ་དྲིས་པ་དང་། གལ་ཏེ་འདི་སྐད་དུ་མར་མེ་ནི་སྔོན་ཆེ་ཞིང་
ཁ་དོག་གསལ་བ་ལས་ཕྱིས་དེ་དག་མི་སྣང་གི །མར་མེ་ཆུང་ཞིང་མི་གསལ་བར་གྱུར་ནས། ཇེ་ཆུང་ཇེ་ཆུང་བའི་མཇུག་ཏུ་མར་མེ་དེ་ཉིད་ཤི་ནས་མི་སྣང་བར་འགྱུར་བའི་ཕྱིར་སྐད་ཅིག་མར་འགྱུར་ཞེས་ཟེར་བ་ལ། དེ་ལ་མ་གཏོགས་པའི་བུམ་པ་ལ་སོགས་པ་འདུ་བྱེད་གཞན་
དག་ནི་ལོ་དང་ཟླ་བར་བཞག་ན་ཡང་། ཇེ་ཆུང་ཇེ་ཆུང་དུ་མི་འགྱུར་བས་ན་སྐད་ཅིག་མར་མི་འདོད་དོ་ཞེས་ཟེར་ན་ཡང་དེ་ལ་འདི་སྐད་དུ་དྲིའོ། །ཇི་སྐད་དུ་དྲི་བར་བྱ་ཞེ་ན། དེའི་ཕྱིར། འོ་ན་ཡང་འདུ་བྱེད་རྣམས་ལ་ཡང་ཕྱིས་དེ་ལྟར་ཅིའི་ཕྱིར་མི་འདོད་ཅེས་སྨོས་ཏེ། དེ་ལྟར་དང་པོ་
སྣང་ལ། ཕྱིས་མི་སྣང་བ་རྣམས་སྐད་ཅིག་མར་འདོད་ལ། མྱུ་གུ་དང་། ཁང་ཁྱིམ་དང་། བུམ་པ་ལ་སོགས་པ་ཡང་དང་པོ་སྣང་ལ། བར་དུ་དབྱིབས་དང་ཁ་དོག་ལ་སོགས་པ་གཞན་དུ་གྱུར་ནས། ཕྱིས་མི་སྣང་བར་གྱུར་ན། ཅིའི་ཕྱིར་སྐད་ཅིག་མར་མི་འདོད་དོ་ཞེས་དྲི་བར་
བྱའོ། །གལ་ཏེ་འདི་སྐད་དུ་མར་མེ་ལ་སོགས་པ་དང་། དེ་མ་ཡིན་པའི་འདུ་བྱེད་རྣམས་མཚན་ཉིད་ཐ་དད་པའི་ཕྱིར་རོ་ཞེས་ཟེར་ན་ཞེས་བྱ་བ་ལ། དེ་སྐད་དུ་དྲིས་པ་དང་། གལ་ཏེ་གཞན་དག་འདི་སྐད་དུ་མར་མེ་དང་། བུམ་པ་ལ་སོགས་པ་འདུ་བྱེད་གཞན་དག་མཚན་ཉིད་མི་
เล่ม ๑๒๖ · หน้า 160b
འདྲ་སྟེ། མར་མེ་ནི་སྐད་ཅིག་མའི་ངང་གིས་འབྱུང་ཞིང་། ཚ་བ་དང་སྣང་བར་བྱེད་པའི་མཚན་ཉིད་ཡིན་ལ། བུམ་པ་ལ་སོགས་པ་ནི་ནམ་ཞིག་ན་ཕྱིས་ཞིག་ཅིང་སྲ་བ་དང་། ཆུ་བླུགས་སུ་རུང་བའི་མཚན་ཉིད་ཡིན་པས་མཚན་ཉིད་མི་འདྲ་བའི་ཕྱིར། མར་མེ་ནི་སྐད་ཅིག་
མ་ཡིན་ལ། འདུ་བྱེད་གཞན་སྐད་ཅིག་མ་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་ཡང་འདི་སྐད་དུ་བསྟན་པར་བྱའོ། །ཇི་སྐད་དུ་བསྟན་པར་བྱ་ཞེ་ན། དེའི་ཕྱིར། མཚན་ཉིད་མི་མཐུན་པ་ནི་རྣམ་པ་གཉིས་ཏེ། རང་བཞིན་མི་མཐུན་པ་དང་། འཇུག་པ་མི་མཐུན་པའོ་ཞེས་སྨོས་ཏེ།
དེ་ལ་འདུ་བྱེད་རྣམས་ཕན་ཚུན་མི་མཐུན་པ་ལ་རྣམ་པ་གཉིས་ཡོད་དེ། རང་བཞིན་མི་མཐུན་པ་དང་། འཇུག་པ་མི་མཐུན་པའོ། །དེ་ལ་རང་བཞིན་མི་མཐུན་པ་ནི་མེའི་རང་བཞིན་ཚ་བ་དང་། ཆུའི་རང་བཞིན་གཤེར་བ་ལྟ་བུའོ། །འཇུག་པ་མི་མཐུན་པ་ནི་མར་མེ་ལ་སོགས་པ་སྐད་
ཅིག་མ་རེ་རེ་ལ་སྐྱེ་ཞིང་འཇིག་ལ། བུམ་པ་ལ་སོགས་པའི་འདུ་བྱེད་གཞན་རྣམས་ནི་སྐྱེས་ནས་དུས་ཐ་གི་ཟད་ཅིག་གིས་ཆོད་དེ། ཕྱིས་འཇིག་པའི་ཚུལ་འཇུག་གོ། །དེ་ལ་གལ་ཏེ་རང་བཞིན་མི་མཐུན་པར་འདོད་ན་ནི་དེའི་ཕྱིར་དཔེ་རུང་སྟེ་ཞེས་བྱ་བ་ལ། གལ་ཏེ་མར་མེ་ནི་ཚ་བ་
དང་། གསལ་བའི་རང་བཞིན་ཡིན་ལ། དེ་མ་ཡིན་པའི་བུམ་པ་ལ་སོགས་པ་འདུ་བྱེད་གཞན་ནི་སྲ་བ་དང་ཆུ་བླུགས་སུ་རུང་བའི་རང་བཞིན་ཡིན་པས། རང་བཞིན་མི་མཐུན་པར་འདོད་ན་ནི། དེ་ལྟར་ན་མར་མེ་སྐད་ཅིག་མ་དེ་འདུ་བྱེད། སྐད་ཅིག་མར་བསྒྲུབ་པའི་དཔེར་རུང་གི །མཐུན་པ་གཅིག་གི་
དཔེར་མཐུན་པ་གཅིག་སྟོན་པར་ནི་མི་རིགས་སོ། །དོན་དེ་ཉིད་བསྟན་པའི་ཕྱིར། དེ་རང་བཞིན་ཉིད་ནི་དེའི་དཔེ་མ་ཡིན་ཏེ། ཇི་ལྟར་མར་མེ་ལ་མར་མེ་དང་། བ་ལང་ལ་བ་ལང་བཞིན་ནོ་ཞེས་སྨོས་ཏེ། འདི་ལྟར་འདུ་བྱེད་འགའ་ཞིག་རྟག་པའམ། མི་རྟག་པར་བསྒྲུབ་ན། དེ་ལ་རང་བཞིན་
མི་གཅིག་པའི་དཔེ་གཞན་གྱིས་བསྒྲུབས་ཏེ། དཔེར་ན་ཉི་མའི་འོད་ཚ་བར་སྒྲུབ་པ་ལ། དེ་དང་རང་བཞིན་གཅིག་པ་མེ་དཔེར་གཞག་སྟེ། ཚ་བ་ཁྱད་མེད་བཞིན་ཞེས་བྱ་བ་དང་། བ་མེན་བསྒྲུབ་པ་ལ་དཔེར་ན་བ་ལང་གཞག་སྟེ། བ་མེན་ནི་དཔེར་ན་བ་ལང་འདྲ་སྟེ་ཞེས་དཔེར་
เล่ม ๑๒๖ · หน้า 161a
གཞག་གོ། །རང་བཞིན་གཅིག་པ་ནི་དཔེར་གཞག་པར་མི་རིགས་པ་སྟེ། དཔེར་ན་མར་མེ་དང་མར་མེ་འདྲའོ། །བ་ལང་དང་བ་ལང་འདྲའོ་ཞེས་དཔེར་མི་འཇོག་པ་བཞིན་ནོ། །དེ་སྟེ་འཇུག་པ་མི་མཐུན་ན་ཡང་དེ་བས་ན་དཔེར་བསྟན་ཏེ་ཞེས་བྱ་བ་ལ།
གལ་ཏེ་མར་མེ་དེ་ལས་གཞན་པ། བུམ་པ་ལ་སོགས་པའི་འདུ་བྱེད་སྐྱེ་ཞིང་འགགས་པའི་འཇུག་པ་མི་མཐུན་ཞེས་ཟེར་བ་ཡང་། དེའི་ཕྱིར་བུམ་པ་ལ་སོགས་པའི་དཔེར་མར་མེ་གཞག་སྟེ། འདི་ལྟར་མར་མེ་ནི་སྐད་ཅིག་མར་འཇིག་རྟེན་དུ་གྲགས་ཏེ། བུམ་པ་སྐད་ཅིག་མ་
ཡིན་ཡང་སྐད་ཅིག་མར་འཇིག་རྟེན་དུ་མ་གྲགས་ཏེ། དེ་བས་ན་མར་མེ་སྐད་ཅིག་མར་གྲགས་པ་དེས་དཔེར་བྱས་ནས། བུམ་པ་སྐད་ཅིག་མར་མ་གྲགས་པར་སྐད་ཅིག་མར་སྒྲུབ་པོ། །དེ་ལ་འདི་སྐད་ཅེས་དྲིས་ཏེ། བཞོན་པ་འདུག་ལ་ཞོན་པ་འགྲོ་བར་འདོད་དམ་ཞེས་བྱ་བ་ལ།
མི་རྟག་པར་འདོད་ལ་སྐད་ཅིག་མར་མི་འདོད་པ་དེ་དག་ལ་ཡང་འདི་སྐད་དུ་དྲི་བར་བྱ་སྟེ། ཁྱེད་སྐད་ཅིག་མར་མི་འདོད་པ་རྣམས་ལ་རྟ་ལ་མི་ཞོན་པ་རྟ་ནི་ཡུལ་གར་ཡང་མ་སོང་སྟེ་འདུག་ལ། དེ་ལ་ཞོན་པའི་མི་ཡུལ་གཞན་དུ་ཕྱིན་པར་འདོད་དམ་ཞེས་ཟེར་ཏེ། གལ་ཏེ་བཞོན་པ་
རྟ་ཡུལ་གཞན་དུ་མ་ཕྱིན་ན་དེ་ལ་ཞོན་པའི་མི་ཡང་གདོན་མི་ཟ་བར་ཡུལ་གཞན་དུ་མི་ཕྱིན་པར་འགྱུར་རོ། །གལ་ཏེ་མི་ཡུལ་གཞན་དུ་ཕྱིན་ན་གདོན་མི་ཟ་བར་བཞོན་པ་རྟ་ཡང་ཡུལ་གཞན་དུ་ཕྱིན་པར་འགྱུར་རོ། །དེ་ལྟར་མི་འདོད་དོ་ཞེས་ཟེར་ན་ཞེས་བྱ་བ་ལ། དེ་སྐད་དུ་དྲིས་པ་དང་། སྐད་
ཅིག་མར་མི་འདོད་པ་དག་འདི་སྐད་ཟེར་ཏེ། རྟ་ལ་མི་ཞོན་ལ་མི་ཡུལ་གཞན་དུ་ཕྱིན་ན། རྟ་ཡུལ་གཞན་དུ་མ་ཕྱིན་པར་མི་འདོད་ཀྱི། མི་བཞིན་དུ་རྟས་ཀྱང་ཡུལ་གཞན་དུ་ཕྱིན་པར་འདོད་དོ་ཞེས་ཟེར་ན་ཡང་། དེ་ལ་ཡང་འདི་སྐད་དུ་དྲི་བར་བྱའོ། །ཇི་སྐད་དུ་དྲི་ཞེ་ན། དེའི་ཕྱིར་མིག་ལ་སོགས་པ་
འདུག་ལ་གནས་པའི་རྣམ་པར་ཤེས་པ་རྒྱུན་དུ་འགྲོའོ་ཞེས་བྱར་མི་རུང་ངོ་ཞེས་སྨོས་ཏེ། དཔེར་ན་རྟ་ལ་ཞོན་པའི་མི་ཡུལ་གཞན་དུ་ཕྱིན་ན་རྟས་ཀྱང་ཡུལ་གཞན་དུ་ཕྱིན་པ་དང་འདྲ་བར། གལ་ཏེ་མིག་ལ་སོགས་པའི་དབང་པོ་ལ་གནས་པའི་རྣམ་པར་ཤེས་པ་རྣམས་སྐད་ཅིག་མར་འདོད་ན་ནི་
เล่ม ๑๒๖ · หน้า 161b
དེའི་གནས་སུ་གྱུར་པ་མིག་ལ་སོགས་པའི་དབང་པོ་ལྔ་ཡང་སྐད་ཅིག་མར་མི་འགྱུར་དུ་མི་རུང་ངོ་། །གལ་ཏེ་མིག་ལ་སོགས་པའི་དབང་པོ་ནི་རྟག་པར་འདུག་ན། དེ་ལ་གནས་པའི་རྣམ་པར་ཤེས་པ་རྣམས་སྐད་ཅིག་མའི་རྒྱུན་གྱིས་རྒྱུན་དུ་འགྲོ་བར་མི་རུང་སྟེ། མིག་ལ་སོགས་པའི་དབང་པོ་རྟག་
ན་ནི། དེ་ལ་གནས་པའི་རྣམ་པར་ཤེས་པ་ཡང་རྟག་པར་འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པ་མི་རྟག་ན་ནི་དབང་པོ་རྣམས་ཀྱང་མི་རྟག་པར་འགྱུར་རོ། །གལ་ཏེ་འདི་སྐད་དུ་མར་མེ་སྙིང་པོ་ལ་གནས་ལ་རྒྱུན་དུ་འགྲོ་ཡང་སྙིང་པོ་ནི་གནས་སོ་ཞེས་ཟེར་ན་ཡང་། དེ་ལ་འདི་སྐད་ཅེས་དྲི་བར་
བྱའོ་ཞེས་བྱ་བ་ལ། གལ་ཏེ་སྐད་ཅིག་མར་མི་འདོད་པ་དག་འདི་སྐད་དུ་ཟེར་ཏེ། མར་མེ་ནི་མར་མེའི་སྙིང་པོ་ལ་གནས་ཤིང་འབར་ལ་མར་མེ་ཉིད་རྒྱུན་དུ་འགྲོ་ཞིང་འཇིག་ཏུ་ཟིན་ཀྱང་དེའི་སྙིང་པོ་མི་འཇིག་ཅིང་རྟག་པར་གནས་པས་མཐོང་ངོ་། །དེ་བཞིན་དུ་རྣམ་པར་ཤེས་པ་མིག་ལ་
སོགས་པའི་དབང་པོ་ལ་གནས་ལ། རྣམ་པར་ཤེས་པ་ནི་འཇིག་ཅིང་རྒྱུན་དུ་འགྲོ་བའི་དབང་པོ་ནི་མི་འཇིག་ཅིང་རྒྱུན་དུ་གནས་སོ་ཞེས་ཟེར་ན། དེ་ལ་ཡང་འདི་སྐད་དུ་དྲི་ཞིང་ལན་གླན་པར་བྱའོ། །ཇི་སྐད་དུ་ལན་གླན་ཞེ་ན། དེའི་ཕྱིར། སྙིང་པོ་ནི་སྐད་ཅིག་མ་རེ་རེ་ལ་རྒྱུན་དུ་འགྱུར་
ཞིང་སྐྱེ་བའི་ཕྱིར་མ་མཐོང་ངོ་ཞེས་སྨོས་ཏེ། འདི་ལྟར་ཇི་སྲིད་དུ་མར་མེའི་མེ་ལྕེས་སྙིང་པོ་བསྲེགས་ནས། མར་མེའི་རྒྱུན་སྐད་ཅིག་མ་རེ་རེ་ལ་འདས་ཤིང་ཞིགས་པ་དེ་ཙམ་དུ་སྙིང་པོ་བསྲེགས་པ་ཡང་སྐད་ཅིག་མ་རེ་རེ་ཞིག་ནས་གཞན་དུ་གྱུར་བས་ན། མར་མེ་ནི་ཞིག་གི །སྙིང་པོ་
ནི་མ་ཞིག་སྟེ། ཕྱི་ན་གནས་པ་མ་མཐོང་སྟེ། དེ་དང་འདྲ་བར་རྣམ་པར་ཤེས་པ་སྐད་ཅིག་མ་ཡིན་ན། དེའི་གནས་དབང་པོ་རྣམས་སྐད་ཅིག་མར་འགྱུར་རོ། །གལ་ཏེ་འདི་སྐད་དུ་འདུ་བྱེད་རྣམས་སྐད་ཅིག་མ་ཡིན་ན། མར་མེ་ལ་སོགས་པ་བཞིན་དུ་ཅིའི་ཕྱིར། སྐད་ཅིག་མར་མ་
གྲུབ་ཅེས་ཟེར་ན་ཡང་ཞེས་བྱ་བ་ལ། གལ་ཏེ་སྐད་ཅིག་མར་མི་འདོད་པ་དག་འདི་སྐད་དུ་འདྲི་སྟེ། གལ་ཏེ་མར་མེ་སྐད་ཅིག་མ་ཡིན་པ་བཞིན་དུ་བུམ་པ་ལ་སོགས་པའི་འདུ་བྱེད་གཞན་ཡང་སྐད་ཅིག་མ་ཡིན་ན། ཇི་ལྟར་མར་མེ་སྐད་ཅིག་མ་ཡིན་པར་འཇིག་རྟེན་དུ་གྲགས་པ་བཞིན་དུ་
เล่ม ๑๒๖ · หน้า 162a
བུམ་པ་ལ་སོགས་པའི་འདུ་བྱེད་གཞན་ཡང་སྐད་ཅིག་མར་ཅིའི་ཕྱིར་འཇིག་རྟེན་དུ་མ་གྲགས་ཤིང་མ་གྲུབ་ཅེས་ཟེར་ན། འདི་སྐད་དུ་ལན་གླན་པར་བྱའོ། །ཇི་སྐད་དུ་ལན་གླན་ཞེ་ན། དེའི་ཕྱིར། ཕྱིན་ཅི་ལོག་གི་དངོས་པོའི་ཕྱིར་འདྲ་བའི་རྒྱུད་རྒྱུན་དུ་འབྱུང་
བས་དེ་དག་སྐད་ཅིག་མར་མི་ཤེས་སོ་ཞེས་བྱ་བ་སྨོས་ཏེ། བུམ་པ་ལ་སོགས་པའི་དངོས་པོ་འདི་དག་མི་རྟག་པ་ཡིན་མོད་ཀྱི། མི་གཙང་བ་ལ་གཙང་བའི་འདུ་ཤེས་དང་། མི་རྟག་པ་ལ་རྟག་པའི་འདུ་ཤེས་ཕྱིན་ཅི་ལོག་སྐྱེས་པའི་དངོས་པོ་དང་། རྒྱུ་བྱེད་པས་སྐད་ཅིག་མ་
མ་ཡིན་ཡང་རྟག་པའི་འདུ་ཤེས་སྐྱེའོ། །ཇི་ལྟར་ཞེ་ན། སྐད་ཅིག་མའི་རྒྱུན་གྱིས་འབྱུང་བས་ན། སྐད་ཅིག་མ་ཕྱི་མ་རྣམས་ཁ་དོག་དང་། དབྱིབས་ལ་སོགས་པ་སྐད་ཅིག་མ་སྔ་མ་དང་འདྲ་བ་ཤ་སྟག་རྒྱུན་དུ་འབྱུང་བས་ན། དེ་དག་གིས་སྐད་ཅིག་མར་མ་ཤེས་སོ། །དོན་དེ་ཉིད་
གསལ་བར་བསྟན་པའི་ཕྱིར། གང་གི་ཕྱིར་གཅིག་ནས་གཅིག་ཏུ་འགྱུར་བ་ཡོད་ཀྱང་དེ་ཉིད་ནི་འདི་ཡིན་ནོ་ཞེས་ཕྱིན་ཅི་ལོག་སྐྱེ་སྟེ་ཞེས་སྨོས་ཏེ། འདི་ལྟར་འདུ་བྱེད་རྣམས་སྐད་ཅིག་མའི་རྒྱུན་གྱིས་འབྱུང་བས་ན་སྐད་ཅིག་མ་སྔ་མ་སྔ་མ་ནི་འགགས། ཕྱི་མ་ཕྱི་མ་གཞན་དག་སྐྱེ་སྟེ། གཅིག་
ནས་གཅིག་ཏུ་འགྱུར་བའི་བྱེ་བྲག་ཡོད་དུ་ཟིན་ཀྱང་སྐད་ཅིག་མ་ཕྱི་མ་ཕྱི་མ་སྐྱེ་བ་རྣམས་སྔ་མ་འདྲ་བ་ཤ་སྟག་སྐྱེ་བས་ན་སྐད་ཅིག་མ་ནི་མ་ཡིན་པར་རིག་གི །སྔ་མ་མཐོང་བ་ཉིད་བདག་གིས་ཕྱིས་ཀྱང་དེ་མཐོང་ངོ་སྙམ་དུ་བློ་ཕྱིན་ཅི་ལོག་སྐྱེའོ། །དེ་ལྟ་མ་ཡིན་ན་ནི་མི་རྟག་པ་ལ་རྟག་པ་ཕྱིན་ཅི་
ལོག་པ་ཡང་མེད་པར་འགྱུར་རོ་ཞེས་བྱ་བ་ལ། གལ་ཏེ་འདུས་བྱས་རྣམས་སྐད་ཅིག་མ་ཡིན་པ་ལས། སྐད་ཅིག་མ་ཕྱི་མ་ཕྱི་མ་རྣམས་སྔ་མ་དང་འདྲ་བ་འབའ་ཞིག་སྐྱེས་པས་སྔ་མ་མ་ཡིན་ཡང་སྔ་མ་ཉིད་མཐོང་ངོ་སྙམ་པའི་བློ་ཕྱིན་ཅི་ལོག་སྐྱེས་པ་ནི་མ་ཡིན་གྱི། དངོས་པོ་རྣམས་
རྟག་ཏུ་གནས་པས་ཕྱིས་མཐོང་བའི་དུས་ན་ཡང་། སྔ་མ་ཉིད་མཐོང་བར་གྱུར་ན་ནི། དེས་དངོས་པོ་རྣམས་ཕྱིན་ཅི་མ་ལོག་པ་མཐོང་བས་མི་གཙང་བ་ལ་གཙང་བར་འཛིན་པ་དང་། མི་རྟག་པ་ལ་རྟག་པར་འཛིན་པའི་ཕྱིན་ཅི་ལོག་མེད་པར་འགྱུར་རོ། །དེ་མེད་ན་ཡང་ཀུན་ནས་ཉོན་མོངས་
เล่ม ๑๒๖ · หน้า 162b
པ་ཡང་མེད་པར་འགྱུར་ན། རྣམ་པར་བྱང་བ་ག་ལ་ཡོད་ཅེས་དྲིས་པ་ལས་ཀྱང་འདུ་བྱེད་ཐམས་ཅད་སྐད་ཅིག་མར་གྲུབ་པོ་ཞེས་བྱ་བ་ལ། གལ་ཏེ་སེམས་ཅན་རྣམས་ལ་ཕྱིན་ཅི་ལོག་མེད་པར་གྱུར་ན་ནི་ཕྱིན་ཅི་ལོག་མེད་པས་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པར་
འགྱུར་བ་ཡང་མེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཀུན་ནས་ཉོན་མོངས་པ་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་འབྱུང་ངོ་། །དེ་ལྟར་ན་ཀུན་ནས་ཉོན་མོངས་པ་མེད་པར་གྱུར་ན་སེམས་ཅན་རྣམས་རང་བཞིན་གྱིས་ཐར་པར་འགྱུར་བས་མཇུག་ཏུ་རྣམ་པར་བྱང་ཞིང་མྱ་ངན་ལས་འདས་པར་
འགྱུར་བ་ག་ལ་ཡོད་དེ། མྱ་ངན་ལས་འདས་པར་འགྱུར་བ་ཡང་མེད་པར་འགྱུར་རོ། །དེ་ལྟ་ནི་མ་ཡིན་གྱི་སྔར་ཀུན་ནས་ཉོན་མོངས་པ་ལས་ཕྱིས་མྱ་ངན་ལས་འདས་པར་གྱུར་ཏེ། དེ་ལྟར་ན་དྲིས་པ་ལས་ལན་མེད་པའི་སྒོ་ནས་ཀྱང་འདུ་བྱེད་ཐམས་ཅད་སྐད་ཅིག་མར་གྲུབ་བོ། །གང་ཟག་ལ་
བདག་མེད་པར་གྲུབ་པའི་ཕྱིར། བདག་མེད་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་བཅུ་གཉིས་སོ་ཞེས་བྱ་བ་ལ། ཆོས་ཀྱི་མདོ་བཞི་ལས་འདུས་བྱས་ཐམས་ཅད་མི་རྟག་པའི་དོན་བསྟན་ཏེ། དེའང་རྣམ་པ་གཉིས་སུ་བཤད་དོ། །གང་ཞེ་ན། མེད་པའི་དོན་ཀྱང་མི་རྟག་
པའི་དོན་དུ་བསྟན་ལ། སྐད་ཅིག་མར་འཇིག་པའི་དོན་ཀྱང་མི་རྟག་པའི་དོན་དུ་བསྟན་ཏོ། །ད་ནི་ཆོས་ཐམས་ཅད་ལ་བདག་མེད་པ་ཞེས་བྱ་བའི་ཆོས་ཀྱི་མདོའི་དོན་རྒྱ་ཆེར་སྟོན་ཏེ། ཆོས་ཐམས་ཅད་བདག་མེད་པར་ཚིགས་སུ་བཅད་པ་བཅུ་གཉིས་སྒྲུབ་པའི་སྒོ་ནས། གང་ཟག་
ལ་ཡང་བདག་མེད་པར་སྒྲུབ་བོ། །གོང་དུ་སྐད་ཅིག་མར་བསྟན་པའི་སྒོ་ནས་ཡང་གང་སྐད་ཅིག་མ་ཡིན་པ་དེས་བདག་མེད་པ་ཡིན་པས་དེའི་སྐབས་སུ་བདག་མེད་པར་བསྒྲུབས་ཟིན་མོད་ཀྱི། མུ་སྟེགས་པ་དང་། འཇིག་རྟེན་པ་དག་ཕུང་པོ་ལ་མ་གཏོགས་པའི་བདག་དང་། བྱེད་པ་
པོ་དང་། ལྟ་བ་པོ་དང་། ཚོར་བ་པོ་དང་། ཤེད་ཅན་དང་། ཤེད་བདག་ལ་སོགས་པ་ཡོད་པར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་ཏེ། དེ་དག་གི་ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར་གཏན་ཚིགས་གཞན་གྱིས་ཀྱང་གང་ཟག་ལ་བདག་མེད་པ་སྒྲུབ་བོ། །གང་ཟག་ཡོད་ཅེས་བྱ་བའམ་མེད་ཅེས་བྱ་
เล่ม ๑๒๖ · หน้า 163a
ཞེས་བྱ་བ་ལ། བདག་དང་གང་ཟག་ཡོད་པར་སྨྲ་བ་རྣམས། གང་ཟག་རང་བཞིན་མེད་པར་འདོད་པ་ལ་འདི་སྐད་དུ་འདྲི་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་སོ་སོའི་སྐྱེ་བོའི་གང་ཟག་དང་། རྒྱུན་དུ་ཞུགས་པའི་གང་ཟག་དང་། ལན་ཅིག་ཕྱིར་འོང་བའི་
གང་ཟག་དང་། ཕྱིར་མི་འོང་བའི་གང་ཟག་དང་། དགྲ་བཅོམ་པའི་གང་ཟག་དང་། བྱང་ཆུབ་སེམས་དཔའི་གང་ཟག་དང་། གང་ཟག་གཅིག་འཇིག་རྟེན་དུ་འབྱུང་བ་ན་འཇིག་རྟེན་ཀུན་ལ་ཕན་པ་དང་བདེ་བར་བྱེད་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་གང་ཟག་གོ་ཞེས་
གསུངས་ལ། རང་གི་སྡེ་པ་ལས་ཀྱང་། ཨ་སམ་བི་ཏི་པ་དག་ཕུང་པོ་དང་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པའི་གང་ཟག་རྫས་སུ་ཡོད་ལ། ཚིག་གིས་བརྗོད་དུ་མེད་པར་ཡང་འདོད་ཅིང་། མུ་སྟེགས་པ་དང་འཇིག་རྟེན་པ་དག་བདག་དང་གང་ཟག་ཡོད་པར་འདོད་ན།
ཁྱེད་གང་ཟག་མེད་པར་འདོད་པ་རྣམས་གང་ཟག་ཅེས་བྱ་བ་འདི་ཡོད་པ་ཞིག་ཏུ་འདོད་དམ། མེད་པ་ཞིག་ཏུ་འདོད་པ་སྨྲོས་ཤིག་ཅེས་དྲིའོ། །སྨྲས་པ་ཞེས་བྱ་བ་ནི་དེ་སྐད་དུ་འདྲི་བ་ལ་གང་ཟག་མེད་པར་འདོད་པ་རྣམས་ཀྱིས་ལན་སྨྲས་པ་ཞེས་བྱ་བའི་དོན་བཏགས་པར་ཡོད་པར་
བརྗོད་པ་སྟེ་ཞེས་བྱ་བ་ལ། བཏགས་པ་ཞེས་བྱ་བ་དང་། ཚིག་ཙམ་ཞེས་བྱ་བ་དང་། ཐ་སྙད་ཙམ་ཞེས་བྱ་བ་དང་། མིང་ཙམ་ཞེས་བྱ་བ་དག་དོན་གཅིག་གོ། །རྫས་སུ་ཡོད་ཅེས་བྱ་བ་ཡང་། རང་བཞིན་ཡོད་ཅེས་བྱ་བ་དང་། དོན་དམ་པར་ཡོད་ཅེས་བྱ་བ་དག་དང་དོན་གཅིག་
སྟེ། གང་ཟག་ཅེས་བྱ་བ་བཏགས་པ་དང་། མིང་ཙམ་དང་། ཐ་སྙད་ཙམ་དུ་ནི་ཡོད་ཅེས་བྱ་ལ། རྫས་དང་རང་བཞིན་དུ་ནི་ཡོད་པ་མ་ཡིན་ཏེ་མེད་པ་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། གང་ཟག་གི་སྒྲ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་
པས་ཀུན་རྫོབ་ཀྱི་ཚིག་གི་གནས་ཀྱི་སེམས་ཅན་དྲང་བའི་ཕྱིར་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གང་ཟག་ཡོད་པར་འདོད་པ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་གང་ཟག་མེད་པར་འདོད་པ་རྣམས་ཡང་ན་གང་ཟག་ཡོད་དོ་ཞེས་བྱ་བའི་ཕྱོགས་བཟུང་སྟེ།
เล่ม ๑๒๖ · หน้า 163b
གང་ཟག་ཡོད་པར་མི་སྨྲ་བ། ཡང་ན་ནི་གང་ཟག་མེད་དོ་ཞེས་བྱ་བའི་ཕྱོགས་བཟུང་སྟེ། གང་ཟག་མེད་པར་མི་སྨྲ་བར་ཅིའི་ཕྱིར་བཏགས་པར་ནི་ཡོད་པར་ཡང་སྨྲ་ལ། རྫས་སུ་མེད་པར་སྨྲ་སྟེ། ཕྱོགས་གཅིག་ཏུ་ཆད་པར་མི་སྨྲ་ཞེ་ན། ལན་དུ་ཇི་ལྟར་ཕྱོགས་གཅིག་མ་ཡིན་པར་
བཟུང་ན་ཡོད་པའི་ཉེས་པ་དང་མེད་པའི་ཉེས་པའི་སྐབས་སུ་ཡང་མི་འགྱུར་རོ་ཞེས་སྨོས་ཏེ། འདི་ལྟར་ཡོད་པའི་ཕྱོགས་འབའ་ཞིག་བཟུང་ན་ཡང་ཡོད་པའི་སྐྱོན་གྱིས་གོས་པར་འགྱུར་རོ། །མེད་པའི་ཕྱོགས་འབའ་ཞིག་བཟུང་ན་ཡང་མེད་པའི་སྐྱོན་གྱིས་གོས་པར་འགྱུར་ཏེ།
དེ་ལྟར་ཕྱོགས་གཅིག་ཁོ་ནར་ཆད་པ་མ་ཡིན་པར་བཟུང་ན་ནི་ཡོད་པའི་ཉེས་པས་ཀྱང་མི་གོས། མེད་པའི་ཉེས་པས་མི་གོས་པས་ན་ཕྱོགས་གཅིག་ཏུ་ཆད་པར་མ་བཟུང་སྟེ། ཕྱོགས་གཅིག་ཏུ་བཟུང་ན་ཉེས་པས་ཇི་ལྟར་གོས་པར་འགྱུར་བ་ནི་ཕྱིས་འཆད་དོ། །དེའང་རྫས་སུ་མེད་པར་
ཇི་ལྟར་རིག་པར་བྱ་ཞེ་ན་ཞེས་བྱ་བ་ནི་གང་ཟག་ཡོད་པར་སྨྲ་བ་རྣམས་འདི་སྐད་དུ་གང་ཟག་དེ་རྫས་ཀྱི་དངོས་པོར་མེད་ཅིང་རང་བཞིན་མེད་པར་ཅི་མངོན་ཞེ་ན་ཞེས་འདྲིའོ། །དེའི་གཏན་ཚིགས་བསྟན་པའི་ཕྱིར། མི་དམིགས་པའི་ཕྱིར་ཏེ་ཞེས་སྨོས་སོ། །ཀཱ་རི་ཀཱ་དེ་ཉིད་ཀྱི་དོན་དགྲོལ་
བའི་ཕྱིར། དེ་ནི་གཟུགས་ལ་སོགས་པ་བཞིན་དུ་རྫས་སུ་མི་དམིགས་སོ་ཞེས་སྨྲས་ཏེ། དེ་ལ་དངོས་པོ་རྣམས་རྫས་སུ་ཡོད་པར་སྒྲུབ་པའི་ཚད་མ་ནི་གཉིས་ཏེ། མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མའོ། །འདི་ལྟར་གཟུགས་ནས་ཆོས་ཀྱི་བར་དུ་ཆོས་འདི་
དག་ཡོད་པ་ཡིན་པས་མིག་གི་དབང་པོ་དང་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་དམིགས་ཤིང་མངོན་སུམ་དུ་མཐོང་སྟེ། མངོན་སུམ་གྱི་ཚད་མས་བཅད་པ་དེ་བཞིན་ཏེ་གང་ཟག་ནི་དབང་པོ་དང་རྣམ་པར་ཤེས་པ་གང་གིས་ཀྱང་མ་དམིགས་ཤིང་མ་མཐོང་སྟེ། མངོན་སུམ་གྱི་
ཚད་མས་མ་བཅད་པས་ན་གང་ཟག་རྫས་སུ་ཡོད་པ་མ་ཡིན་ནོ། །དམིགས་པ་ཞེས་བྱ་བ་ནི་བློས་རིག་པར་བྱ་སྟེ། གང་ཟག་ཏུ་སྨྲ་བ་རྣམས་ཀྱིས་གང་ཟག་ནི་བློས་མི་རིག་པ་མ་ཡིན་ནོ་ཞེས་བྱ་བ་ལ། གང་ཟག་མི་དམིགས་སོ་ཞེས་བཤད་པ་དང་། གང་ཟག་ཏུ་སྨྲ་བ་རྣམས་འདི་སྐད་
เล่ม ๑๒๖ · หน้า 164a
དུ་རྒོལ་ཏེ། གང་མིག་གིས་མཐོང་བ་དེ་འབའ་ཞིག་རྫས་སུ་ཡོད་པ་ཡིན་གྱི། གཞན་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་བྱར་ཡང་མི་རུང་སྟེ། མིག་གི་ས་མི་མཐོང་ལ་རྫས་སུ་ཡོད་ཅིང་བློས་རིག་པ་ཡང་ཡོད་དེ། འདི་ལྟར་སེམས་དང་སེམས་ལས་བྱུང་བའི་ཚོགས་
བཞིན་ནོ། །འདི་ལྟར་དམིགས་པ་ཞེས་བྱ་བ་ཡང་། མིག་གིས་མཐོང་བ་འབའ་ཞིག་ལ་དམིགས་པ་ཞེས་བྱ་བར་ཡང་མ་ཟད་ཀྱི། ཡིད་ཀྱི་རྣམ་པར་ཤེས་པས་འདི་ནི་འདི་ལྟ་བུ་ཞིག་གོ་ཞེས་བློས་རིག་ཅིང་བཅད་པ་ལ་ཡང་དམིགས་པ་ཞེས་བྱ་སྟེ། དེ་བས་ན་གང་ཟག་དེ་གཞན་དག་གིས་
མ་རིག་མ་དམིགས་སུ་ཟིན་ཀྱང་། བདག་ཅག་གང་ཟག་ཏུ་སྨྲ་བ་རྣམས་ཀྱི་བློས་ནི་གང་ཟག་མི་དམིགས་པ་དང་མི་རིག་པ་མ་ཡིན་གྱི། གང་ཟག་དག་གཅིག་གིས་རིག་ཅིང་དམིགས་ཏེ། དེ་ལྟར་ན་གང་ཟག་བློས་མངོན་སུམ་དུ་བྱས་པས་མངོན་སུམ་གྱི་ཚད་མས་བཅད་
པའི་ཕྱིར། གང་ཟག་རྫས་སུ་ཡོད་དོ་ཞེས་ཟེར་རོ། །གང་ཟག་དམིགས་སུ་རུང་བ་འཇུག་གི་ཚད་མས་ཀྱང་སྒྲུབ་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་འདི་ཉིད་ལ་བདག་ཏུ་དམིགས་ཤིང་འདོགས་སོ་ཞེས་གསུངས་ན་ཇི་ལྟར་དམིགས་པ་ཡིན་ཞེས་སྨོས་ཏེ། གང་ཟག་
རྫས་སུ་མེད་ཅིང་དམིགས་པ་ཡིན་ན། མདོ་དག་ལས་བཅོམ་ལྡན་འདས་ཀྱིས་སེམས་ཅན་དག་ཚེ་འདི་ཉིད་ལ་གང་ཟག་ཏུ་དམིགས་གང་ཟག་ཏུ་འདོགས་སོ་ཞེས་བཀའ་མི་སྩོལ་བའི་རིགས་སོ། །དེ་ལྟ་མ་ཡིན་གྱི་བཅོམ་ལྡན་འདས་ཀྱིས་ཀྱང་། སེམས་ཅན་དག་ཚེ་འདི་ཉིད་ལ་
གང་ཟག་ལ་དམིགས་ཤིང་འདོགས་སོ་ཞེས་བཀའ་སྩལ་ན། ཇི་ལྟར་གང་ཟག་མི་དམིགས་པ་ཡིན་ཞེས་ཟེར་རོ། །དེ་ལ་དམིགས་ཞེས་བྱ་བ་ནི་སེམས་ཀྱིས་མཐོང་ཞེས་བྱ་བའི་དོན་ཏོ། །འདོགས་སོ་ཞེས་བྱ་བ་ནི་ཚིག་ཏུ་ཡང་སྨྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་དེ་རུ་
དམིགས་ཀྱང་རྫས་སུ་དམིགས་པར་འགྱུར་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་གི་ཕྱིར་རོ་ཞེས་བྱ་བ་ལ། གང་ཟག་ཏུ་སྨྲ་བ་རྣམས་ཀྱིས་གང་ཟག་དམིགས་སུ་ཟིན་ཀྱང་གང་ཟག་རྫས་སུ་ཡོད་པ་ལས་དེ་དག་གིས་དམིགས་ཤིང་མཐོང་བ་ནི་མ་ཡིན་གྱི། གང་ཟག་རྫས་
เล่ม ๑๒๖ · หน้า 164b
སུ་མེད་བཞིན་དུ། དེ་དག་གིས་དམིགས་ཤིང་མཐོང་སྟེ། དེ་བས་ན་དེ་དག་གིས་གང་ཟག་དམིགས་པ་ཡང་ཕྱིན་ཅི་ལོག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་མདོ་ལས། ཚེ་འདི་ཉིད་ལ་བདག་ཏུ་དམིགས་ཤིང་འདོགས་སོ་ཞེས་བཀའ་སྩལ་པ་ཡང་། གང་ཟག་ཉིད་ཡང་དག་པར་རྫས་སུ་ཡོད་པ་
ལ་དགོངས་ཏེ་བདག་དམིགས་སོ་ཞེས་གསུངས་པ་ནི་མ་ཡིན་གྱི། སེམས་ཅན་རྣམས་ཀྱི་བདག་མེད་བཞིན་དུ་བདག་ཏུ་ལྟ་ཞིང་བདག་ཏུ་དམིགས་སོ་ཞེས་ཕྱིན་ཅི་ལོག་ཏུ་སྨྲ་བ་ལ་དགོངས་ནས། ཚེ་འདི་ཉིད་ལ་བདག་ཏུ་དམིགས་ཤིང་འདོགས་སོ་ཞེས་བཀའ་སྩལ་ཏོ། །འདི་ཇི་ལྟར་ཤེས་
ཤེ་ན་ཞེས་བྱ་བ་ལ། གང་ཟག་ཏུ་སྨྲ་བས་དྲིས་པ། གང་ཟག་འདི་ཡོད་པ་ལས་གང་ཟག་ཏུ་དམིགས་ཤིང་འདོགས་པ་ནི་མ་ཡིན་གྱི། གང་ཟག་ཏུ་དམིགས་པ་ཕྱིན་ཅི་ལོག་ཏུ་ཡིན་པར་ཅི་མངོན་ཞེ་ན་ཞེས་བྱ་བའི་དོན་ཏོ། །ལན་དུ་ཀུན་ནས་ཉོན་མོངས་པའི་ཕྱིར་ཏེ་ཞེས་སྨོས་ཏེ། གང་ཟག་དང་
བདག་ཏུ་ལྟ་བ་ཀུན་ནས་ཉོན་མོངས་པའི་རང་བཞིན་ཡིན་པས་ན་ཕྱིན་ཅི་ལོག་ཡིན་པར་མངོན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པ་རྣམ་པ་དྲུག་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་སྟེ་དྲུག་ཡོད་པ་ལས། གང་ཟག་ཏུ་ལྟ་བ་འདི་ཀུན་ནས་ཉོན་
མོངས་པ་གང་གི་རང་བཞིན་ཡིན་ཞེ་ན། དེའི་ཕྱིར། ཀུན་ནས་ཉོན་མོངས་པ་འདི་ནི་འཇིག་ཚོགས་ལ་ལྟ་བ་ཉོན་མོངས་པའི་མཚན་ཉིད་དེ་ལྟར་ང་དང་ངའི་ཞེས་བྱའོ་ཞེས་སྨོས་ཏེ། ཀུན་ནས་ཉོན་མོངས་པ་དྲུག་ཡོད་པ་ལས་ང་དང་ངའི་ཞེས་ལྟ་བའི་ཀུན་ནས་ཉོན་མོངས་པའིདི་ནི་འཇིག་ཚོགས་ལ་
ལྟ་བའི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་ནོ། །གལ་ཏེ་གང་ཟག་ཏུ་སྨྲ་བ་དག་འདི་སྐད་དུ་གང་ཟག་ཏུ་ལྟ་བ་འདི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་ཡང་ཕྱིན་ཅི་ལོག་གི་མཚན་ཉིད་མ་ཡིན་ནོ་སྙམ་པ་ལ། མི་རིགས་པར་བསྟན་པའི་ཕྱིར། ཕྱིན་ཅི་ལོག་མ་ཡིན་པ་ནི་ཀུན་
ནས་ཉོན་མོངས་པར་འགྱུར་བར་མི་འོས་སོ་ཞེས་སྨོས་ཏེ། གང་དང་གང་དུ་ཀུན་ནས་ཉོན་མོངས་པ་ཡིན་པ་དེ་དང་དེ་དག་ཕྱིན་ཅི་ལོག་ཡིན་ཏེ། དཔེར་ན་རྟག་པ་དང་གཙང་བར་འཛིན་པ་ལྟ་བུའོ། །གང་དང་གང་ཀུན་ནས་ཉོན་མོངས་པ་མེད་པ་དེ་དང་དེ་དག་ལ་ཕྱིན་ཅི་ལོག་མེད་དེ། དཔེར་ན་མི་
เล่ม ๑๒๖ · หน้า 165a
རྟག་པ་དང་མི་གཙང་བར་འཛིན་པ་ལྟ་བུའོ། །དེ་བས་ན་བདག་དང་གང་ཟག་ཏུ་འཛིན་པ་འདི་ཀུན་ནས་ཉོན་མོངས་པའི་རང་བཞིན་དུ་གྱུར་ན་ནི་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་བར་མི་རིགས་ཏེ་གདོན་མི་ཟ་བར་ཕྱིན་ཅི་ལོག་ཏུ་འགྱུར་རོ། །དེ་ཉོན་མོངས་པ་ཡིན་པར་ཇི་ལྟར་རིག་ཅེ་
ན་ཞེས་བྱ་བ་ནི་བདག་ཏུ་སྨྲ་བ་དང་། གང་ཟག་ཏུ་སྨྲ་བའི་རྣམས་འདྲི་བ་སྟེ། འཇིག་ཚོགས་ལ་ལྟ་བ་ཉིད་ཀུན་ནས་ཉོན་མོངས་པའི་རང་བཞིན་ཡིན་པར་ཅི་མངོན་ཞེས་འདྲིའོ། །ལན་དུ། ཀཱ་རི་ཀཱ་ལས། ཉོན་མོངས་རྒྱུས་ཞེས་བྱ་བ་སྨོས་སོ། །ཀཱ་རི་ཀཱ་དེ་ཉིད་ཀྱི་དོན་དགྲོལ་བར་བྱ་བའི་ཕྱིར། འདི་ལྟར་
འདིའི་རྒྱུ་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་འབྱུང་ངོ་ཞེས་སྨོས་ཏེ། འདི་ལྟར་ང་དང་བདག་ཏུ་ལྟ་བའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་རྣམས་འབྱུང་སྟེ། དེ་ལྟར་བདག་ཏུ་ལྟ་བ་འདི་ཉོན་མོངས་པའི་རྒྱུ་བྱེད་པའི་ཕྱིར་འཇིག་ཚོགས་
སུ་ལྟ་བ་ནི་ཉོན་མོངས་པའི་རང་བཞིན་ཡིན་པར་མངོན་ནོ། །གང་ཟག་ཡོད་པར་སྨྲ་བ་རྣམས་འདི་སྐད་དུ་རྒོལ་ཏེ། འདི་ལྟར་གང་ཟག་རྫས་སུ་མེད་ཀྱི་བཏགས་པར་ཡོད་དོ་ཞེས་སྨྲས་ན། བཏགས་པ་ཡང་གཞི་མེད་པར་འདོགས་མི་སྲིད་དེ། དཔེར་ན་བུམ་པ་ཞེས་བྱ་བ་བུམ་པ་མེད་པར་
འདོགས་མི་སྲིད་ཀྱི། བུམ་པ་ལ་བརྟེན་ནས་བུམ་པ་ཞེས་འདོགས་པ་དང་འདྲ་བར། གང་ཟག་འདི་ཅི་ལ་བརྟེན་ཏེ་འདོགས་ཤེ་ན། ལན་དུ་གང་ཟག་ཅེས་འདོགས་པ་འདི་ཡང་གང་ཟག་རྫས་སུ་ཡོད་པ་ལས་འདོགས་པ་ནི་མ་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདོགས་པ་ཙམ་དུ་ཟད་དོ། །དེ་
བས་ན་མདོ་ལས་ཀྱང་། དགེ་སྦྱོང་ངམ་བྲམ་ཟེའམ། གང་སུ་ཡང་རུང་བ་བདག་གམ་བདག་གི་ཞེས་འདོགས་པ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ལ་ངའམ་བདག་གི་ཞེས་ལྟ་ཞིང་འདོགས་པར་ཟད་དོ་ཞེས་གསུངས་སོ། །དེ་སྐད་དུ་ལན་གླན་པ་དང་། གཞན་དག་གིས་དྲིས་པ། གཟུགས་
ལ་སོགས་པའི་དངོས་པོ་གང་ལ། གང་ཟག་དུ་གདགས་པ་དེ་ལས་གང་ཟག་གཅིག་ཅེས་དྲིའམ། དེ་སྟེ་ཐ་དད་ཅེས་བྱ་ཞེས་སྨོས་ཏེ། ཁྱེད་གང་ཟག་མེད་པར་འདོད་པ་རྣམས་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་བར་དག་ཕུང་པོ་ལྔ་ལ་གང་ཟག་ཏུ་འདོགས་ན་ཕུང་པོ་ལྔ་དང་གང་ཟག་ཏུ་གཅིག་
เล่ม ๑๒๖ · หน้า 165b
སྟེ། ཕུང་པོ་ལྔ་གང་ཡིན་པ་གང་ཟག་ཀྱང་དེ་ཡིན། གང་ཟག་གང་ཡིན་པ་ཕུང་པོ་ལྔ་ཡང་དེ་ཡིན་ཏེ། རང་བཞིན་གཅིག་ལས་ཕུང་པོ་ལྔ་ལ་གང་ཟག་ཏུ་འདོགས་པའམ། འོན་ཏེ་ཕུང་པོ་ལྔ་དང་གང་ཟག་ཐ་དད་དེ་ཕུང་པོ་ལྔ་ལ་མ་གཏོགས་པར་གང་ཟག་ལོགས་ཤིག་ན་ཡོད་པ་ཕུང་པོ་ལྔ་ལ་གདགས་
ཞེས་འདྲིའོ། །སྨྲས་པ་ཞེས་བྱ་བ་ནི་གང་ཟག་མེད་པར་སྨྲ་བ་རྣམས་ཀྱིས་ལན་སྨྲས་སོ་ཞེས་བྱ་བའི་དོན་ཏོ། །གཅིག་དང་ཐ་དད་མི་བརྗོད་དེ། དེ་ནི་དེའི་ཕྱིར་ཞེས་བྱ་བ་ལ། གང་ཟག་དེ་ནི་གོང་དུ་བཤད་པ་ལྟར་ན་བཏགས་པ་ཙམ་དུ་ཡོད་ཀྱི་རྫས་སུ་མེད་པས་ན་གང་ཟག་དང་ཕུང་པོ་རང་བཞིན་གཅིག་པ་ཞེས་
ཀྱང་མི་བརྗོད་དེ། ཕུང་པོ་ཉིད་བདག་ཡིན་ནོ་ཞེས་མི་སྨྲའོ། །ཕུང་པོ་ལྔ་དང་གང་ཟག་ཏུ་ཐ་དད་པ་ཞེས་ཀྱང་མི་བརྗོད་དེ། ཕུང་པོ་ལ་མ་གཏོགས་པར་བདག་ལོགས་ཤིག་ན་ཡོད་དོ་ཞེས་ཀྱང་མི་སྨྲའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གང་ཟག་ཏུ་སྨྲ་བ་རྣམས་འདྲི་བའི་ཚིག་སྟེ། ཁྱེད་
ཕུང་པོ་དང་གཟུགས་གང་ཟག་ཏུ་གཅིག་བར་ཡང་ཅིའི་ཕྱིར་མི་སྨྲ་ལ། ཐ་དད་པར་ཡང་ཅིའི་ཕྱིར་མི་སྨྲ་ཞེས་བྱ་བའི་དོན་ཏོ། །སྐྱོན་གཉིས་ཀྱི་ཕྱིར་ཏེ་ཞེས་བྱ་བ་ནི་གང་ཟག་མེད་པར་འདོད་པ་རྣམས་ཀྱིས་ལན་འདེབས་པའི་ཚིག་སྟེ། ཕུང་པོ་དང་གང་ཟག་གཅིག་པར་སྨྲས་ན་ཡང་སྐྱོན་མེད་པར་འགྱུར་
ཐ་དད་ཅེས་སྨྲས་ན་ཡང་སྐྱོན་ཡོད་པར་འགྱུར་ཏེ། ཉེས་པ་གཉིས་འབྱུང་བར་འགྱུར་བས་ན་གཅིག་པར་ཡང་མི་སྨྲ། ཐ་དད་པར་ཡང་མི་སྨྲའོ་ཞེས་བྱ་བའི་དོན་ཏོ། །སྐྱོན་གཉིས་པོ་གང་ཡིན་པ་བསྟན་པའི་ཕྱིར། ཕུང་པོ་བདག་ཏུ་འགྱུར་བ་དང་། དེ་ཉིད་རྫས་སུ་འགྱུར་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཕུང་པོ་
དང་གང་ཟག་གཅིག་གོ་ཞེས་སྨྲས་ན་ནི་ཇི་ལྟར་བདག་ནི་རྟག་པའི་རང་བཞིན་ཡིན་པ་བཞིན་དུ། ཕུང་པོ་ལྔ་ཡང་རྟག་པའི་རང་བཞིན་དུ་འགྱུར་ཏེ། དེ་བས་ན་ཕུང་པོ་ལྔ་ཉིད་བདག་ཡིན་ནོ་ཞེས་མི་སྨྲ་སྟེ། ཕུང་པོ་ལྔ་ཉིད་ཀྱང་བདག་གི་རང་བཞིན་མ་ཡིན་ནོ། །གཞན་ཡང་ཕུང་པོ་ལྔ་དང་བདག་གཅིག་པར་གྱུར་
ན། ཕུང་པོ་རྫས་སུ་ཡོད་པ་བཞིན་དུ་གང་ཟག་ཀྱང་རྫས་སུ་ཡོད་པར་འགྱུར་ཏེ། གང་ཟག་ནི་རྫས་སུ་ཡོད་པ་མ་ཡིན་གྱི་བཏགས་པར་ཡོད་པའི་ཕྱིར་རོ། །འདི་ནི་ཉེས་པ་གཅིག་གོ། །གལ་ཏེ་ཕུང་པོ་ལྔ་ལ་མ་གཏོགས་པར་གང་ཟག་ལོགས་ཤིག་ན་ཡོད་དོ་ཞེས་སྨྲས་ན་ནི་ཇི་ལྟར་མུ་སྟེགས་པ་རྣམས་ཀྱིས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด